BO༄༅། ། རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་རཱ་ཏྲཱི་ནཱ་མ་སཱུ་ཏྲ། བོད་སྐད་དུ། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེའི་ཚེ་དགེ་སློང་ཞིག་རྒྱལ་པོའི་ཁབ་ཀྱི་ཆུ་ཏ་ལ་པོ་ཏའི་འགྲམ་ན་འདུག་གོ། ། དེ་ནས་ལྷ་ཁ་དོག་མཆོག་དང་ལྡན་པ་ཞིག་ནམ་སྲོས་ནས་དགེ་སློང་ དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆུ་ཏ་ལ་བོ་ཏའི་འགྲམ་ཐམས་ཅད་སྣང་བར་བྱས་ཏེ་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། ། དགེ་སློང་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ། ། ལྷ་བདག་གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལྷ་ཁྱོད་ཀྱིས་ མཚན་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན། དེས་འདི་སྐད་ཅེས་སྨྲས་སོ། ། དགེ་སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ། ། ལྷ་འོ་ན་མཚན་མོ་བཟང་པོའི་མདོ་སྡེ་འཚལ་བ་དེ་ལྟ་བུ་སུ་མཆིས། དེས་འདི་སྐད་ཅེས་སྨྲས་སོ། །
BOརྒྱལ་བོའི་ཁབ་ཀྱི་འོད་མའི་ཚལ་ བྱ་ཀ་ལན་ད་ཀ་གནས་པ་འདི་ན་བཅོམ་ལྡན་འདས་བཞུགས་ཀྱིས། ཁྱོད་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ཁྱོད་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཟུང་ལ་བརྩོན་པར་གྱིས་ཤིག་ཅེས་སྨྲས་ནས་ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། དེ་ནས་དགེ་སློང་དེ་ནང་ པར་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་མདང་དགུང་ རྨོངས་ནས་བདག་གི་དེར་ལྷ་ཁ་དོག་མཆོག་དང་ལྡན་པ་ཞིག་བདག་ག་ལ་བ་དེར་མཆིས་ཏེ། ཆབ་ཏ་ལ་པོ་ཏའི་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པས་སྣང་བར་བགྱིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། ། དགེ་སློང་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་ཤེས་སམ། བདག་གིས་ དེ་ལ་འདི་སྐད་ཅེས་བགྱིས་སོ། ། ལྷ་བདག་གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལྷ་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན། དེ་བདག་ལ་འདི་སྐད་ཅེས་མཆིའོ། །
BOདགེ་སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ། ། ལྷ་འོ་ན་མཚན་ མོ་བཟང་པོའི་མདོ་སྡེ་འཆལ་བ་དེ་ལྟ་བུ་སུ་མཆིས། དེས་འདི་སྐད་ཅེས་མཆིའོ། ། རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་འདི་ན་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ལ་ཞུས་ཏེ་བཅོམ་ལྡན་འདས་ཀྱིས་དེ་ཁྱེད་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་འདི་ཟུང་ལ་བརྩོན་པར་གྱིས་ཤིག་ ཅེས་སྨྲས་ནས་ལྷ་དེ་དེ་ཉིད་དུ་མི་གདའ་བར་གྱུར་ཏོ། ། བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ་བདག་འདི་ཡོངས་སུ་ཞུའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་ལྷ་དེ་ཤེས་སམ། དགེ་སློང་དེས་གསོལ་བ། བཙུན་པ་བདག་གིས་ལྷ་དེ་མ་འཚལ་ཏོ། ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་དེད་དཔོན་ཏེ་ཙནྡན་ཞེས་བྱའོ། ། དགེ་སློང་དེས་གསོལ་བ། བཙུན་པ་བདག་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་ཐོས་པར་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་དེའི་ཕྱིར་ལེགས་པར་ རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །
BOདགེ་སློང་ཆོས་གསུམ་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། ། གསུམ་གང་ཞེ་ན་འདི་ལྟ་སྟེ། འདས་པ་ལ་རྗེས་སུ་ཕྲད་པར་མི་བྱེད་པ་དང་། མ་འོངས་པ་ལ་རེ་བ་མེད་པ་དང་། ད་ ལྟར་བྱུང་བའི་ཆོས་རྣམས་ཀྱིས་མི་ཕྲོགས་པར་གནས་པའི་ཆོས་ཅན་ཏེ། ཆོས་གསུམ་པོ་དེ་དག་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་ཅེས་ གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་དུ་གསུང་ངོ་། ། འདས་པ་རྗེས་སུ་ཕྲད་མི་བྱེད། ། མ་འོངས་པ་ལ་རེ་བ་མེད། ། འདས་པ་གང་ཡིན་དེ་འགགས་ཏེ། ། མ་འོངས་དེ་ནི་མ་ཕྱིན་པའོ། ། གང་དག་ད་ལྟར་བྱུང་བའི་ཆོས། ། དེ་དང་དེ་ལ་རབ་བལྟས་ནས། ། རྣམ་པར་རྟོགས་ པས་མི་ཕྲོགས་པར། ། དེ་དག་མཁས་པས་ཁོང་དུ་ཆུད། ། སང་ཙམ་འཆིའམ་སུས་ཤེས་ཀྱིས། ། དེ་རིང་ཉིད་དུ་རྟུན་དེ་བྱ། ། འཆི་བདག་སྡེ་ཆེན་དེ་དང་ནི། ། བདག་ཏུ་ཤེས་པ་མ་ཡིན་ནོ། ། སེམས་ཅན་ཀུན་དང་སྲོག་ཆགས་ཀུན། ། འབྱུང་པོ་ཀུན་དང་ཐམས་ཅད་ཀྱང་། ། བདེ་བ་འབའ་ ཞིག་འགྲུབ་འགྱུར་ཏེ། ། ཐམས་ཅད་ཉོན་མོངས་མེད་པར་ཤོག །
BOཐམས་ཅད་བཟང་པོར་མཐོང་གྱུར་ཏེ། ། གང་དག་སྡིག་པར་མ་གྱུར་ཅིག ། དེ་ལྟར་གནས་ཤིང་རབ་བརྩོན་ལ། ། ཉིན་མཚན་སྙོམ་ལས་མེད་པས་ན། ། དེ་ཕྱིར་མཚན་མོ་བཟང་པོ་ཡི། ། མདོ་སྡེ་ཐུབ་པས་རྟག་ཏུ་ གསུངས། ། དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའི་ཕྱིར་མཚན་མོ་བཟང་པོའི་མདོ་སྡེ་འདི་བཤད་ནས། འགྲོ་ལྡིང་པའི་གསང་སྔགས་ཀྱི་གཞི་འདི་དག་གསུངས་སོ། ། ཏདྱ་ཐཱ། བི་ནི་བི་ར་ཎི། པ་ནི་པཱུ་ར་ནི། བུདྡྷ་མརྟེ། མ་ནི་ནི། ཎི་ཎི་ཎི་ཎི། ཊི་ཊི་ ཊི་ཊི། པ་ར་ཊི། གཽ་རི། གནྡྷ་རི། ཙཎྜ་ལི། མ་ཏཾ་གི། པུཀྐ་སི། བྷ་མ་ནི། དྲ་མི་དྲི། དྲ་མི་དྲི། ཤ་བ་རི། ས་ར་ལམྦྷེ། ཧཱི་ན་མ་དྷ་མ་དྷ་ཏྲ་ར་ནི། མ་ཧོ་ལ་ན། ད་ལ་བ་ནི། ད་ལ་བ་ནི། ད་ལ་བཏྟེ། མ་ཧཱ་ད་ལི་ནི། ཙ་ལི་ནི། མུཥྚེ་ཙ་ཀྲ་པཱ་ཏི། མ་ཧཱ་ཙཀྲ་བཱ་ཏི། ཤ་བ་རི་ཤ་བ་རི། མ་ཧཱ་ཤ་ བ་རི། བྷཱུ་ཙིདྒི་ནི། བྷཱུ་ཅི་རང་གི་ནི། ནི་མི། ནི་མོང་གི་རི། ནི་མི་ན་དྷི་རི། བྷཱུ་དྷ་ནི་སྭཱ་ཧཱ། ཏདྱ་ཐཱ། ཨེ་ཊུ་ཊུ་ཊུ་ཊུ། ན་ཊུ་མི་རྞི། ཀི་རྞི། ཨེདྐུ། སིད་ད་ཏ་རི། ཙ་ལ་ལུ། ནཾ་ཏུ། ན་ར་ལམ་ལུ། ག་ལ་ལུ། ཨཱ་བ་ཏྲ་ནོ་ནོ། ཤེ་ཀུ་ནི་ར་བ་རང་ས་ལེ། ཏ་ར་ཀེ། ཏ་རེ།
BOཏ་རོད་ཏུ། ནོར་ཏུ། ཏི་ལ་ ལ་ལུ། བྷཱུ་ཏ་བ་ཏི་ཡ། བ་ཏ་ཡི་ཡེ་སྭཱ་ཧཱ། ཏདྱ་ཐཱ། ཨ་ར་གརྜེ། ན་ར་གརྜེ། བྃ་སུ་ཀ ། པཱ་ཡི་ཡེ། ཀ་པོ་ཏ་ཀ་པ་ཡི་ཡེ་ཡེ་ཏ་བོ་དྷ་ནེ་སྭཱ་ཧཱ། དགེ་སློང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའི་ཕྱིར་མཚན་མོ་བཟང་པོའི་ མདོ་དང་། ཚིག་དང་། ཚིགས་སུ་བཅད་པ་དང་། འགྲོ་ལྡིང་བའི་གསང་སྔགས་གཞི་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ན། དེའི་ལུས་ལ་མེས་མི་ཚུགས་པར་འགྱུར། དུག་ གིས་མ་ཡིན། མཚོན་གྱིས་མ་ཡིན། ཆུས་མ་ཡིན། རྒྱལ་པོའི་ཆད་པས་མ་ཡིན། རྐུན་པོའི་ཆད་པས་མ་ཡིན་ཏེ། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་ཡང་མི་འགྱུར་ཞིང་། ངེས་པར་མྱ་ངན་ལས་འདས་པར་ཉེ་བར་འགྲོ་བར་འགྱུར་རོ། ། གང་དང་གང་དུ་སྐྱེས་པར་ཡང་། ། མཚན་ མོ་བཟང་པོའི་མདོ་བཀླགས་ན། ། སྐྱེ་བ་དྲན་དང་དགྲ་བཅོམ་དང་། ། དབང་ཕྱུག་ཏུ་ཡང་ངེས་པར་འགྱུར། ། ལན་ཅིག་གིས་ནི་གནས་ཀུན་དུ། ། དུས་མིན་འཆི་དང་བར་མ་དོར། ། བདག་གིས་བདག་ལ་མི་སྦྱོར་བར། ། དུས་མིན་འཆི་དང་ཆོས་མ་ཡིན། །
BOསེམས་ཅན་ཐམས་ཅད་སྲུང་ ཞིང་སེལ། ། ནད་དང་མྱ་ངན་འཇིགས་སྐྱེ་དང་། ། རྨི་ལམ་མི་ཤེས་མྱ་ངན་དུ། ། བརྗོད་ན་དཔལ་དུ་བྱེད་པར་འགྱུར། ། གང་གིས་བྲིས་ཏེ་སྐྱེས་པ་དང་། ། བུད་མེད་ལུས་ལ་བཏགས་ན་ནི། ། སྐལ་བ་བཟང་དང་གཟི་བརྗིད་དང་། ། དེ་ཡི་དཔལ་ཡང་སྐྱེ་བར་འགྱུར། ། ལུས་དང་ངག་དང་ཡིད་ ཀྱིས་སུ། ། མི་དགེ་ཅུང་ཟད་གང་བྱས་བ། ། དེ་དག་ཐམས་ཅད་བཟང་པོའི་མདོས། ། དུས་མ་ཡིན་པར་འཆི་ལས་སྐྱོབ། ། རྒྱལ་པོ་ཆུ་དང་མེ་དང་གློག ། ཆོམ་པོ་ནད་དང་དགྲ་དག་དང་། ། གཡུལ་སྤྲོད་པ་དང་འཐབ་པར་ཡང་། ། བཟང་པོ་དྲན་ན་སྐྱོབ་པར་བྱེད། ། རིག་པ་བཟང་པོ་འདི་དང་ ནི། ། གསང་སྔགས་འདི་དག་རྟག་བརྗོད་ན། ། མི་དག་མི་ཞུམ་གནས་ཀུན་དུ། ། དེ་བས་འདི་ནི་ཡིད་ཀྱིས་བརྗོད། ། འདས་པ་དང་། མ་བྱོན་པ་དང་། ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། ། ཕྱག་འཚལ་ ནས་རིག་སྔགས་འདི་དག་བརྗོད་པར་བྱ་སྟེ། རིག་སྔགས་འདིས་བདག་འབྱོར་པར་གྱུར་ཅིག ། ཏདྱ་ཐཱ། ནི་མི་ནི་མིན་དྷི་རེ། ཏི་མི་ཏི་མིང་གི་ལི། ཏྲཻ་ལོ་ཀི་ནི། ཨ་ལོ་ཀི་ནི། ཏྲི་ཤཱུ་ལ་དྷ་ར་ཎི།
BOཨ་ཀུ་པི་ཎི་ཀྲི་མི་ཀྲི་ཏི། ཀོ་ལི་ཀོ་ལི། ཀུད་ཏོ་ཀུད་ཏོ་ ཀུ་ཏོ་ཀི་སི། ཀུ་ཏི། ཀུ་པི་ཏི། བདག་དང་སེམས་ཅན་ཐམས་ཅད་ལག་ན་རྡོ་རྗེ་དང་ལྷན་ཅིག་ཏུ་འཇིགས་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། དུག་ཐམས་ཅད་དང་། རིམས་ཐམས་ཅད་དང་། གདོན་ཐམས་ཅད་དང་། གདུག་པས་ཟིན་པ་ཐམས་ཅད་དང་། ཆོམ་རྐུན་ ཐམས་ཅད་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དང་། འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་དང་། འཐབ་པ་དང་། རྙོག་པ་དང་། སྡིག་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་དང་། ལུས་དང་། ངག་དང་། ཡིད་ཀྱིས་ ངན་པར་སྤྱད་པ་ཐམས་ཅད་དང་། ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག ། ཏདྱ་ཐཱ། ཧི་ལི་མི་ལི། ཙི་ལི། ཨི་ལི་མི་ལི། བི་ཤཱི་ཙ་ན། པ་རྞ་ཤ་བ་རི། ཙི་ལི་ཙི་ལི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།
BOབཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ ཕབ་པ། །