The Three Distinctive Aspects of the Supreme Path of the Glorious Buddha

དཔལ་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པ་ཞེས་བྱ་བ།

The Three Distinctive Aspects of the Supreme Path of the Glorious Buddha

དཔལ་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པ་ཞེས་བྱ་བ།

BO
༄༅༅། ། རྒྱ་གར་སྐད་དུ། ཤྲཱི་ཀྲི་ཥྞ་ཡ་མཱ་ རི་ཏ་ནྟྲ་རཱ་ཛ་ཏྲི་ཀལྤ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་པོ་ལ་ཕྱག་འཚལ་ལོ། ། དོན་དམ་ཆོས་སྐུ་ཞི་བ་ཉིད། ། གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ། ། གཤིན་རྗེའི་དགྲ་ཞེས་གྲགས་པ་ཡི། ། འཁོར་ལོ་བསྐོར་བའི་ཆོ་ག་བཤད། ། ཡོན་ཏན་ལྡན་པའི་སྔགས་པ་ཡིས། ། ཆོ་ག་བཞིན་དུ་བསྙེན་བྱས་ནས། ། དུར་ཁྲོད་དབེན་པ་ལ་སོགས་པར། ། མཎྜལ་ཁྲུ་དོའི་ཚད་དུ་བྱ། ། དྲི་དང་བ་ཡི་རྣམ་ལྔ་དང་། ། ཉི་ཟླ་སོགས་པས་ བྱི་དོར་བྱ། ། བ་ལང་ལ་སོགས་དམ་རྫས་ལྔ། ། གཞན་ཡང་ཚོགས་ཀྱི་འཁོར་ལོ་དང་། ། ཕྱི་ནང་མཆོད་པའི་བྱེ་བྲག་གིས། ། ལེགས་པར་མཆོད་པ་བྱས་ནས་ནི། ། འཁོར་ལོ་བྲི་དང་བཏུ་བ་དང་། ། དྲང་དང་བསྲེ་དང་སྤོ་བ་བརྩམ། ། སྔགས་པ་རྣལ་འབྱོར་ལྡན་པ་ཡིས། ། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། ། དམ་ཚིག་རྗེས་སུ་དྲན་པ་ཡིས། ། ཨོྃ་བཛྲ་ས་མ་ཡ་སྟྭཾ། གསང་སྔགས་འདི་ནི་དྲན་བྱེད་ཅིང་། ། འཁོར་ལོ་བྲི་བ་བརྩམ་པར་བྱ། ། དབུས་ནས་སོར་ཚད་བཅུ་དྲུག་པར། ། ཀུན་ནས་ཟླུམ་པོར་བསྐོར་བ་ནི། །
BO
འདི་ནི་ནང་གི་འཁོར་ ལོ་སྟེ། ། རིམ་པ་གསུམ་དུ་བསྐོར་བ་ལ། ། སྒོ་མེད་ལྕགས་མཁར་བཅུ་དྲུག་བྱ། ། འདི་ནི་གཤིན་རྗེའི་གྲོང་ཁྱེར་ཏེ། ། སྲིད་པ་གསུམ་གྱི་འཇུག་ས་ཡིན། ། དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ། ། ཀུན་ཏུ་ལྕགས་རིས་བསྐོར་བ་སྟེ། ། མུ་ཁྱུད་དེ་དག་རེ་རེ་ལའང་། ། ཁང་ པ་སུམ་ཅུ་རྩ་གཉིས་མཛེས། ། འགྲོ་བ་ཆོས་བཞིན་སྤྱོད་པ་ཡི། ། འཁོར་ལོ་འདི་ལྟར་བྲིས་ནས་ནི། ། ཕྱི་རིམ་མུ་ཁྱུད་ཐ་མ་ལ། ། ཡི་གེ་ཀ་སོགས་ད་ཡིག་མཐའ། ། ང་ཉ་བསལ་ནས་དགོད་པར་བྱ། ། ཡི་གེ་དྷ་སོགས་ཀྵཿཡིག་མཐར། ། དེ་ཡི་རྗེས་སུ་བྲི་བར་བྱ། ། མུ་ཁྱུད་དབུས་མ་དག་ལ་ནི། ། དབྱངས་ཡིག་བཅུ་དྲུག་ཉིས་འགྱུར་དགོད། ། བཏུ་དང་དགོད་སོགས་བརྩམ་པ་ན། ། མཚན་མ་འདི་དག་ཤེས་པར་བྱ། ། ཟླ་བ་མིག་དང་ཡོན་ཏན་དང་། ། རིག་བྱེད་མདའ་དང་དབང་པོ་དང་། ། རྒྱ་མཚོ་བཀྲ་ཤིས་གཟའ་དང་ཕྱོགས། ། དྲག་ པོ་ཉི་མ་ཡན་ལག་ས། ། ཚེས་ཞེས་བྱ་བར་རབ་ཏུ་གྲགས། ། ཕྱི་རོལ་མུ་ཁྱུད་ཐ་མ་ལ། ། ཤར་གྱི་ཚངས་ཐིག་ནས་བརྩམས་ཏེ། ། རིམ་མིན་གཟའ་ཅན་ཁང་པ་ནས། ། ཡི་གེ་བཀྲ་ཤིས་ཙམ་བླངས་ཏེ། ། ནང་གི་ངོས་ཀྱི་མུ་ཁྱུད་ཀྱི། ། ཚངས་ཐིག་གི་ནི་ངོས་དག་ ལ། །
BO
ཕྱོགས་བཞིར་མིག་གི་ཚད་དུ་སྦྱིན། ། རིམ་མིན་ཕྱོགས་ཅན་ཁང་པ་ནས། ། ཡི་གེ་མིག་གི་ཚད་བླངས་ཏེ། ། ཤར་དུ་དེ་ཡི་གཡས་གཡོན་གཞག ། རིམ་མིན་བཀྲ་ཤིས་ཁང་བ་ནས། ། དབྱངས་ཡིག་གཉིས་པ་ཅན་བླངས་ཏེ། ། མིག་གི་ཚད་དུ་བྱས་ ནས་ནི། ། དེ་ཡི་ངོས་ལ་རེ་རེ་གཞག ། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི། ། རྒྱ་མཚོ་ཅན་གྱི་ཁང་པ་ནས། ། དབྱངས་ཡིག་བཅུ་གཅིག་དང་ལྡན་པ། ། མིག་གི་ཚད་དུ་བླངས་ནས་ནི། ། ལྷོ་ཕྱོགས་དེ་ཡི་གཡས་གཡོན་གཞག ། ནུབ་ནས་རིམ་པ་མིན་པ་ ཡི། ། ཟླ་བ་ཅན་གྱི་ཁང་པ་ནས། ། དབྱངས་ཡིག་བཅུ་གསུམ་དང་ལྡན་པ། ། མིག་གི་ཚད་དུ་བླངས་ནས་ནི། ། ལྷོ་ངོས་དེ་རྗེས་སྦྱིན་པར་བྱ། ། དེ་ཉིད་དབྱངས་ཡིག་གསལ་བ་ནི། ། མིག་གི་ཚད་དུ་བླངས་ནས་ནི། ། སྔོན་བཞིན་ནུབ་ཀྱི་ངོས་སུ་སྦྱིན། ། ནུབ་ནས་ བཀྲ་ཤིས་ཁང་པ་ནས། ། དབྱངས་ཡིག་བཅུ་གསུམ་པར་ལྡན་པ། ། མིག་གི་ཚད་དུ་བླངས་ནས་ནི། ། ནུབ་ཀྱི་ངོས་ལ་དེ་བཞིན་སྦྱིན། ། བྱང་ནས་བཀྲ་ཤིས་ཁང་པ་ནས། ། དབྱངས་ཡིག་བཅུ་གཅིག་པར་ལྡན་པ། ། མིག་གི་ཚད་དུ་བླངས་ནས་ནི། ། བྱང་གི་ ངོས་ལ་དེ་བཞིན་སྦྱིན། ། རླུང་གི་ས་བོན་ཞེས་བྱ་བ། ། མིག་གི་ཚད་བླངས་དེ་རྗེས་སྦྱིན། །
BO
མདའ་ཅན་ཁང་པ་ནང་གནས་པ། ། འོད་ཀྱི་གོང་བུར་བྱས་པ་དང་། ། དེ་ཉིད་ནས་ནི་བགྲངས་པ་ཡི། ། གཟའ་ཅན་ཁང་པ་ལ་གནས་པ། ། དབྱངས་ཡིག་གསུམ་པར་ ལྡན་པ་དག ། ཟླ་བའི་ཚད་དུ་བླངས་ནས་ནི། ། བྱང་ཤར་མཚམས་སུ་རེ་རེ་སྦྱིན། ། རྒྱ་མཚོའི་ཁང་པ་ན་གནས་པ། ། དབྱངས་ཡིག་གཉིས་པ་དང་ལྡན་དག ། རིམ་མིན་ཡོན་ཏན་ཁང་པ་ནས། ། ཟླ་བའི་ཚད་དུ་བླངས་ནས་ནི། ། ཤར་ལྷོའི་ མཚམས་སུ་དེ་བཞིན་སྦྱིན། ། རིམ་མིན་བཀྲ་ཤིས་ཁང་པ་ནས། ། དབྱངས་ཡིག་ལྔ་པ་ལྡན་པ་དག ། ཡན་ལག་ཅན་གྱི་ཁང་པ་ནས། ། ཟླ་བའི་ཚད་དུ་བླངས་ནས་ནི། ། ལྷོ་ནུབ་མཚམས་སུ་དེ་བཞིན་སྦྱིན། ། རིམ་མིན་ཚེས་ཅན་ཁང་པ་ནས། ། དབྱངས་ཡིག་ གསུམ་དང་ལྡན་པ་དང་། ། རིམ་མིན་བཀྲ་ཤིས་ཁང་པ་ནས། ། ཟླ་བའི་ཚད་དུ་བླངས་ནས་ནི། ། ནུབ་བྱང་མཚམས་སུ་དེ་བཞིན་སྦྱིན། ། དེ་ལྟར་དགོད་པ་བྱས་ནས་ནི། ། དེ་ནས་དྲང་བ་བརྩམ་པར་བྱ། ། དམ་ཚིག་རྗེས་སུ་དྲན་བྱེད་ཅིང་། ། རྡོ་རྗེ་ཤུགས་དང་ལྡན་པ་ ཡིས། ། ཤར་གྱི་ཚངས་ཐིག་ངོས་གཉིས་ནས། ། ཡི་གེ་ཟུང་ལྡན་དྲངས་ནས་ནི། ། དབུས་ཀྱི་ཁང་པར་གཞག་པར་བྱ། ། ཕྱོགས་གཞན་ཚངས་ཐིག་ངོས་དག་ནས། ། དེ་བཞིན་ཟུང་ལྡན་དྲངས་ནས་ནི། །
BO
དེ་བཞིན་དབུས་ཀྱི་ཁང་པར་གཞག ། དེ་ནས་ཤར་གྱི་ཡི་གེ་ ཡང་། ། ཟུང་ལྡན་གཉིས་པ་དྲངས་ནས་ནི། ། རིམ་པ་གཉིས་པའི་ཁང་པར་གཞག ། ཕྱོགས་གཞན་དུ་ཡང་དེ་བཞིན་ནོ། ། ཤར་གྱི་ཟུང་ལྡན་གསུམ་པ་ཡང་། ། རིམ་པ་གསུམ་པའི་ཁང་པར་དྲང་། ། ཕྱོགས་གཞན་དུ་ཡང་དེ་བཞིན་ནོ། ། མཚམས་ཀྱི་ཡི་གེ་ ཡ་བྲལ་ནི། ། རང་རང་ནང་གི་མཚམས་སུ་དྲང་། ། དེ་དག་ཕྱུང་བའི་ཁང་སྟེང་དུ། ། དབྱངས་ཀྱི་ཡི་གེ་དྲང་བར་བྱ། ། དབྱངས་ཀྱི་ཡི་གེའི་གཞི་ལ་ནི། ། མིང་གི་ཡི་གེ་དྲང་བར་བྱ། ། མིང་གི་ཡི་གེའི་གཞི་ལ་ནི། ། སོ་སོ་ལས་དང་མཐུན་པ་ཡི། ། བསྐུལ་བའི་ཡི་གེ་ དགོད་པར་བྱ། ། གསད་དང་བསྐྲད་དང་དབྱེ་བ་ལ། ། ཡི་གེ་ཕཊ་ནི་གཞག་པར་བྱ། ། མནན་པ་ལ་ནི་ཡི་གེ་ལྃ། ། ཞི་བ་ལ་ནི་ཡི་གེ་ཨོཾ། ། རྒྱས་པ་དེ་བཞིན་ཡི་གེ་སྭ། ། དབང་ལ་བྃ་གྱིས་བརྒྱན་པ་སྟེ། ། དགུག་པ་ལ་ནི་ཡི་གེ་ཛཿ། ། དེ་ལ་ལས་ཀྱི་འོད་ཟེར་ནི། ། ཞི་བ་ཆུ་སྟེ་རྒྱས་པ་ས། ། དབང་ནི་རླུང་སྟེ་དྲག་པོ་མེ། ། དབྱེ་དགུག་བསྐྲད་པ་དབང་དང་མཐུན། ། མནན་པ་ལ་ནི་རྒྱས་པ་བཞིན། ། དྲང་བའི་སྦྱོར་བ་བྱས་ནས་ནི། ། བསྲེ་བའི་སྦྱོར་བ་བརྩམ་པར་བྱ། ། གཉིས་མེད་སྔགས་དང་ལྡན་པ་ཡིས། །
BO
དབུས་ཀྱི་བཀྲ་ཤིས་ཡི་ གེ་ཡང་། ། ཟླ་ལྟར་འོད་ཀྱི་གོང་བུར་བྱ། ། སྔགས་ཀྱི་རྒྱལ་པོ་བཅུ་པ་ཡང་། ། འོད་ཀྱི་གོང་བུར་དེ་ནང་དུ། ། འདོད་པའི་བསྒྲུབ་བྱ་གཞག་པར་བྱ། ། དེ་དཀྱིལ་རང་མིང་དང་པོར་གཞག ། ཕྱོགས་ཀྱི་ཁྱིམ་ན་གནས་པ་ཡི། ། ཡི་གེ་ཟུང་མ་ཐམས་ཅད་ཀྱང་། ། དེ་ཚེ་འོད་ཀྱི་གོང་བུར་བྱ། ། སྔགས་ཀྱི་རྒྱལ་པོ་བཅུ་པ་ཡང་། ། བཅུ་གཉིས་ཁྱིམ་དུ་སྤེལ་ཏེ་བྲི། ། བྱིན་རློབ་ཧཱུྃ་ཞེས་བྱ་བ་ཡང་། ། ཁང་པ་བཞི་ལ་ཟུར་རེ་མཛེས། ། ཡོངས་སུ་དག་པར་དགོད་བྱས་ནས། ། མཆོད་དང་གཏོར་མ་བྱས་ནས་ནི། ། སྤོ་པ་དག་ནི་བརྩམ་ པར་བྱ། ། ལས་ཀྱི་དབྱེ་བ་ཇི་ལྟ་བར། ། འཁོར་ལོའི་རས་ནི་བླང་བྱ་སྟེ། ། ཞི་བ་དང་ནི་རྒྱས་པ་ལ། ། ཤིན་ཏུ་དགེ་བའི་རས་ལ་བྱ། ། དབང་དང་དགུག་པ་སྨད་འཚོང་སོགས། ། གསད་དང་དབྱེ་དང་བསྐྲད་པ་དང་། ། མནན་པ་ལ་ནི་དུར་ཁྲོད་རས། ། གི་ཝང་གུར་ གུམ་ཞི་རྒྱས་ལ། ། དབང་དང་དགུག་ལ་ཙནྡན་དམར། ། མནན་པ་ལ་ནི་ལྡོང་རོས་སོགས། ། བསྐྲད་ལ་བྱ་རོག་ཁྲག་གིས་ཏེ། ། དབྱེ་ལ་རྟ་དང་མ་ཧེའི་འོ། ། གསད་ལ་དུག་ལ་སོགས་པས་བྲི། ། དགེ་བའི་རས་ལ་བཟང་པོའི་ཤིང་། ། དགེ་མིན་ལ་ནི་རུས་པ་དང་། །
BO
ལྕགས་ལ་སོགས་པས་བྲི་བར་བྱ། ། ཞི་བ་ཤར་བལྟས་དབང་ལ་ནུབ། ། རྒྱས་པ་བྱང་སྟེ་དྲག་པོ་ལྷོ། ། གཞན་ཡང་ཅི་རིགས་སྦྱར་བར་བྱ། ། ཞི་རྒྱས་དབང་དང་དགུག་པ་ལ། ། ས་བསྐོར་རིམ་བཞིན་དགོད་བྱས་ཏེ། ། གནས་བསྐོར་དག་ནི་རིམ་ལས་བཟློག ། གསད་ བསྐྲད་དབྱེ་དང་མནན་པ་ལ། ། ས་བསྐོར་རིམ་ལས་བཟློག་པ་སྟེ། ། གནམ་བསྐོར་དག་ནི་རིམ་བཞིན་བྲི། ། འདི་ལྟར་ལེགས་པར་མ་བྲིས་ན། ། འཁོར་ལོ་རང་ལ་ལྡོག་པར་འགྱུར། ། དེ་བས་ནན་ཏན་བསྐྱེད་དེ་བྱ། ། རས་ཀྱི་འཁོར་ལོ་ལེགས་ཟིན་ནས། ། མཎྜལ་ལ་གནས་ འཁོར་ལོ་དེ། ། རས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། ། རྡོ་རྗེ་བསྡུ་བའི་སྦྱོར་བ་ཡིས། ། མཎྜལ་འཁོར་ལོ་བསྡུ་བར་བྱ། ། རས་ཀྱི་འཁོར་ལོ་མཆོད་ནས་ནི། ། བདེན་པའི་བྱིན་བརླབས་དམིགས་པར་བྱ། ། ཇི་ལྟར་གསུངས་པའི་ཆོ་ག་བཞིན། ། འཁོར་ ལོ་སྤོ་བ་བྱས་ནས་ནི། ། གསང་སྔགས་བཟླས་པ་བརྩམ་པར་བྱ། ། ཨོྃ་བཛྲ་ས་མ་ཡ་སྟྭྃ། དམ་ཚིག་གི་སྔགས་སོ། ། ཨོྃ་བཛྲ་བེ་ག་ཧཱུྃ། རྡོ་རྗེ་ཤུགས་ཀྱི་སྔགས་སོ། ། ཨོྃ་ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཡི་གེ་བསྲེ་བའི་སྔགས་སོ། ། ཨོྃ་བཛྲ་ས་མཱ་ཛཿ། འཁོར་ལོ་སྤོ་བའི་སྔགས་སོ། ། ཨོྃ་ཡ་མ་རཱ་ཛཱ་ས་དོ་མེ་ཡ།
BO
ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཕཊ་ཕཊ། འདི་ནི་རྩ་བའི་གསང་སྔགས་ཏེ་ལས་ཐམས་ཅད་པའོ། ། ཨོྃ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏ་ནན་ཧུྃ་ཕཊ། འདི་ནི་ལས་ཀྱི་གསང་སྔགས་ཏེ་ལས་ ཐམས་ཅད་པའོ། ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ། ཞི་བར་བསྐུལ་བའོ། ། པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱས་པའིའོ། ། བ་ཤཾ་ཀུ་རུ་སྭཱ་ཧཱ། དབང་གིའོ། ། མཱ་ར་ཡ་ཕཊ། གསད་པའི་འོ། བི་དྭེ་ཥ་ཡ་ཕཊ། དབྱེ་བའི་འོ། ། ཨུཙྪ་ཊ་ཡ་ཕཊ། བསྐྲད་པའི་འོ། ། སྟྭཾ་བྷ་ཡ་ཧཱུྃ་ལྃ། མནན་པའི་འོ། ། ཨཱ་ཀཪྵ་ཡ་ཧཱུྃ་ཛཿ། དགུག་པའི་འོ། ། ཨོྃ་མུྃཿ། སླར་དགྲོལ་བའི་འོ། ། ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནི། ། གསང་སྔགས་འབྱུང་བའི་རྩ་བ་སྟེ། ། ལས་ཀྱི་བཙོན་རར་དག་ཀྱང་ཡིན། ། ཡི་གེ་བཏུ་བ་མེད་ན་ནི། ། གསང་སྔགས་སྒྲ་ནི་ལོག་པར་འགྱུར། ། ཡི་གེ་ཚང་བར་ མ་བཀོད་ན། ། གསང་སྔགས་སྒྲ་ནི་ཉམས་པར་འགྱུར། ། གསང་སྔགས་བརྡ་ཡིས་མ་བརྗོད་ན། ། སྔགས་ནི་དངོས་གྲུབ་མེད་པར་འགྱུར། ། དྲང་བ་དག་ནི་མ་བྱས་ན། ། ཤིན་ཏུ་འཁོར་བར་མི་འགྱུར་རོ། ། ཡི་གེ་བསྲེ་བ་མ་བྱས་ན། ། བཅུ་དྲུག་ཁང་པ་དོན་མེད་འགྱུར། ། བསྐོར་ཕྱོགས་ལོག་ན་དོན་མི་འགྲུབ། །
BO
རིག་སྔགས་ཉམས་དང་ལོག་པ་ནི། ། ལྷ་མིན་གཡུལ་ལས་ཕམ་པ་དང་། ། དབང་པོའི་དགྲ་ཡིས་དགྲ་བསད་བཞིན། ། འཁོར་ལོ་སྤོ་བ་མ་བྱས་ན། ། ཆོ་ག་དག་ནི་ཉམས་པར་འགྱུར། ། རྒྱུ་ཡིན་པ་དང་སྦྱོར་བ་དང་། ། དད་པ་བརྟན་ པས་འགྲུབ་པར་འགྱུར། ། དེ་བས་ནན་ཏན་བསྐྱེད་དེ་བྱ། ། དཔལ་གཤིན་རྗེའི་གཤེད་ནག་པོའི་འཁོར་ལོ་བྲི་བའི་ཆོ་ག་རྒྱས་པའི་རྟོག་པ་སྟེ་དང་པོའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། སྔགས་པས་རྟག་ཏུ་བསྟེན་པ་ནི། ། རུ་སྦལ་འོ་མ་ཞེས་བྱ་དང་། ། དེ་བཞིན་འོད་ཀྱི་ལོ་མ་དང་། ། འཇིམ་པ་སྐམ་པོ་ཉིད་དང་ནི། ། དེ་བཞིན་མེ་ཡི་ཁུ་བ་དང་། ། སྒྲ་བརྙན་གྱི་ནི་རྫས་དག་སྟེ། ། འདི་རྣམས་རྟག་ཏུ་སྤྱད་ན་ནི། ། རང་བཞིན་གྱིས་ནི་ནད་མེད་ཅིང་། ། ཚེ་རིང་དབང་པོ་རྒྱས་པ་དང་། ། རྟག་ཏུ་ལང་ཚོ་དར་ལ་བབ། ། ལྷ་རྣམས་ཀུན་གྱིས་བྱིན་ གྱིས་རློབ། ། འདི་ལ་དཔྱད་པར་མི་བྱ་སྟེ། ། མཐུ་དང་ངོ་བོ་ཉིད་ཀྱིས་འགྲུབ། ། ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ན། ། ལས་ཀྱི་རྣམ་སྨིན་སྦྱོང་བར་བྱེད། ། རིག་པ་འཛིན་པའི་ས་ལ་གནས། ། དེ་ཕྱིར་ཆོ་ག་བཞིན་དུ་བསྟེན། ། ཚེས་གཅིག་སྐྱ་རེངས་ཤར་ཙམ་ན། ། སྣོད་ མ་རེག་ལ་རུ་སྦལ་ཞོ། །
BO
དྲོད་མ་ཡལ་བར་བཏུང་བའམ། ། ཡང་ན་ཉི་མའི་སྦུ་གུས་བཏུང་། ། མར་གྱི་ངོ་ཡི་ཚེས་གཅིག་ལ། ། འོད་ཀྱི་ལོ་མ་བཙལ་ནས་ནི། ། དེ་ཉིད་ནས་ནི་བཟུང་ནས་ཀྱང་། ། ཞག་གསུམ་སྐྱ་རེངས་ཤར་བ་ན། ། ལོ་མ་དེ་བཅང་བཟའ་བར་བྱ། ། ཡང་ན་ཉི་མའི་སྦུ་ གུས་བྱ། ། འཇིམ་པ་བཟང་པོ་སྦྱར་ནས་ནི། ། ཞག་གསུམ་ཆུ་ཡི་ནང་དུ་སྦང་། ། དེ་བླངས་ནས་ནི་ཡང་བསྐམས་ནས། ། ཕྱེ་མ་བྱི་ལའི་སྦར་ཚད་རེ། ། བ་ཡི་འོ་མ་དང་སྦྱར་ནས། ། སྔགས་པས་རྟག་ཏུ་བཏུང་བར་བྱ། ། མེ་ཡི་སྡོང་པོ་སར་པ་ནི། ། ས་ཡི་མར་གྱིས་དྲིལ་ནས་ ནི། ། ཁ་སྦྱར་སྣོད་དང་ལྡན་བྱས་ནས། ། མེ་ཆུ་ས་ཡིས་བཙིར་ནས་ནི། ། བཏུང་ངམ་ཉི་མའི་སྦུ་གུས་བཏུང་། ། ལན་ཚྭ་བྲལ་བའི་སྒྲ་ལས་ནི། ། ཞག་གསུམ་བཅིངས་པའི་སྒྲ་བརྙན་རྫས། ། ནམ་གྱི་གུང་ལ་སྔགས་པས་བླངས། ། ཆ་གསུམ་སྣོད་དུ་ཞག་གསུམ་གཞག ། རྩེ་མོའི་ཆ་ནི་བྱུག་པ་སྟེ། ། དབུས་མའི་ཆ་ནི་བདུད་རྩི་ཡིན། ། རྩ་བའི་ཆ་ནི་དོར་བར་བྱ། ། འདི་རྣམས་སོ་སོར་བསྟེན་པ་ན། ། ཐ་མར་འབྲས་བུ་གསུམ་གྱི་ཕྱེ། ། བྱི་ལའི་སྦར་ཚད་རེ་དང་སྦྱར། ། མ་སྦྱར་ན་ཡང་ཉེས་པ་མེད། ། ཚོགས་པར་བསྟེན་ན་བཟང་བར་བཤད། ། རེ་རེ་བསྟེན་ ཀྱང་ཉེས་པ་མེད། །
BO
འཇམ་དཔལ་གྱི་རྟོག་པ་ལས་དམ་རྫས་སྨན་དུ་བསྒྱུར་ཏེ་བསྟན་པའི་ཆོ་གའི་རྟོག་པ་སྟེ་གཉིས་པའོ། ། ། ། དེ་ནས་གཞན་ཡང་བཤད་པ་ནི། ། ལས་ཀྱི་གྲོགས་ཀྱི་བྱེ་བྲག་སྟེ། ། ཞི་བའི་ལས་ནི་ཟླ་བ་ཡིན། ། རྒྱས་པ་དེ་བཞིན་མིག་ཏུ་ བསྒྲགས། ། དབྱེ་བ་ཡོན་ཏན་ཞེས་བྱ་སྟེ། ། དབང་དུ་བྱ་བ་རིག་བྱེད་ཡིན། ། དགུག་པའི་ལས་ནི་དེ་བཞིན་མདའ། ། བསྐྲད་དང་མནན་པ་དབང་པོ་ཡིན། ། མནན་པ་རྗེས་སུ་འབྲང་བ་ཡིས། ། གསད་པའི་ལས་ནི་རྒྱ་མཚོར་འདོད། ། ལས་རྣམས་དེ་དག་རེ་རེ་ཡང་། ། འཕགས་ སོགས་མཆོད་སྦྱིན་དང་པོ་སྟེ། ། ཉི་མ་གཉིས་པ་གཏོར་མ་སྦྱིན། ། གསུམ་པ་བཟླས་པ་རྣམ་པར་འབད། ། བཞི་པ་སྦྱིན་སྲེག་ཚང་བར་བྱ། ། ལྔ་པ་ལས་ཀྱི་འཁོར་ལོ་བསྐོར། ། དྲུག་པ་བསམ་གཏན་རྩེ་གཅིག་བྱ། ། བདུན་པ་ལས་ཀྱི་ལྷག་ཆད་བསྐང་། ། གྲོགས་ཀྱི་ལས་ལ་ཁྱད་ པར་དུ། ། ལས་ཀྱི་གཙོར་ནི་གང་བསྒྲུབ་དེའི། ། འཁོར་ལོ་བསྐོར་བ་ཉི་མ་བཞི། ། ལས་ཀྱི་བྱེ་བྲག་འདི་ཤེས་ན། ། ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ། ། རྒྱས་པས་ཡོན་ཏན་དྲུག་དང་སྦྱོར། ། དབང་གིས་མོས་པ་རྣམ་བཞིར་འགྱུར། ། དབྱེ་བས་གསང་སྡེ་བརྒྱད་དང་འབྱེད། ། མནན་པས་ དབང་པོ་དྲུག་འཆིང་བྱེད། །
BO
གཞན་ནི་ཇི་ལྟར་དེ་བཞིན་ནོ། ། སྔགས་དང་རྫས་ཀྱི་སྦྱོར་བ་ལ། ། དཔྱད་ན་དངོས་གྲུབ་མི་འགྲུབ་སྟེ། ། གལ་ཏེ་ཡིད་གཉིས་ཟ་གྱུར་ཏམ། ། བསམ་པར་འགྱུར་རམ་དད་པ་ཉམས། ། དེ་ཚེ་དངོས་གྲུབ་ཉེ་བ་ཡང་། ། ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། ། དད་པ་བརྟན་པོས་བསྒྲུབ་པ་ ན། ། ནམ་མཁའ་མེད་པར་གྱུར་ན་ཡང་། ། སྔགས་ཀྱི་དངོས་གྲུབ་མེད་མི་སྲིད ། ལྷ་དང་དྲང་སྲོང་གིས་བཤད་པའི། ། རིག་སྔགས་བསླུ་བ་མི་སྲིད་ན། ། འདོད་ཆགས་བྲལ་བས་བཤད་པ་ཡི། ། གསང་སྔགས་སྦྱོར་བས་བསླུ་བ་ནི། ། མ་བྱུང་འབྱུང་བར་མི་འགྱུར་རོ། ། ཆོས་ཉིད་བསམ་གྱིས་ མི་ཁྱབ་པའི། ། དོན་ལ་ཐེ་ཚོམ་མེད་པ་ཡི། ། མཁས་པ་ལ་ནི་དངོས་གྲུབ་ཉེ། ། ཡང་ན་བླུན་པོ་དད་པ་བརྟན། ། དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། ། རྟོག་ཅིང་དཔྱོད་པའི་རྟོག་གེ་པ། ། དེ་ལ་སྦྱོར་བའི་དངོས་གྲུབ་རིང་། ། བླ་མས་མན་ངག་བསྟན་བྱས་ཀྱང་། ། སློབ་མ་ཡིད་གཉིས་ཡོད་པ་ན། ། དེ་ལ་དངོས་གྲུབ་རིང་བར་བཤད། ། བླ་མས་མན་ངག་སྦས་བྱས་ཀྱང་། ། སློབ་མ་ཡིད་གཉིས་མི་ཟ་ཞིང་། ། བླ་མའི་མན་ངག་དམ་པ་ཞེས། ། གཅེས་སྤྲས་བྱས་ན་འགྲུབ་པར་ངེས། ། དེ་ཡི་ཕྱིར་ན་སྔགས་པ་ཡིས། །
BO
རང་གི་ཡིད་གཉིས་སྤང་བའི་ཕྱིར། ། བླ་མ་མཉེས་པར་བྱ་བ་གཅེས། ། བསྙེན་བཀུར་བྱས་ན་ནུས་མཐུ་ཆེ། ། གསང་སྟེ་བརྗོད་པས་བར་ཆད་མེད། ། ཡོན་ཆེན་ཕུལ་བ་བྱས་པས་ནི། ། རང་སེམས་རིན་ཆེན་རྣམ་གཉིས་འགྱུར། ། རིན་ཆེན་གཉིས་ལས་གྲུབ་པ་འབྱུང་། ། དཀོན་པར་གྱུར་པས་བསྔགས་པ་བརྗོད། ། བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ། ། བསྔགས་པ་དག་ནི་མ་བྱས་ན། ། ཇི་ལྟར་ཡིད་བཞིན་ནོར་བུ་ཡང་། ། གང་གིས་བསྔགས་པ་མ་བྱས་པ། ། དེ་ལ་འདོད་དོན་མི་སྟེར་རོ། ། དད་པ་སངས་རྒྱས་དད་བ་ཆོས། ། དད་པ་དགེ་འདུན་དད་པ་མ། ། དད་པ་བླ་མ་དད་པ་ཕ། ། དད་པ་ལམ་ཆེན་དད་པ་གྲུ། ། དད་པ་ཡིད་བཞིན་ ནོར་བུ་སྟེ། ། དད་པ་གསང་སྔགས་དངོས་གྲུབ་ཉིད། ། དད་པ་བསོད་ནམས་ནོར་ཉིད་དེ། ། དེ་ཡི་ཕྱིར་ན་སྔགས་པ་ཡིས། ། རང་སེམས་དད་པ་བསྐྱེད་པའི་ཕྱིར། ། གཞན་ལ་གུས་པས་མཆོག་ཏུ་བཀུར། ། དཔལ་གཤིན་རྗེའི་གཤེད་ནག་པོའི་འཁོར་ལོ་བསྐོར་བའི་ཆོ་ག་ལས། ། ལས་ ཀྱི་རྒྱུད་དང་གྲོགས་བསྟེན་པའི་རྟོག་པ་སྟེ་གསུམ་པའོ། ། ། ། དཔལ་གཤིན་རྗེའི་གཤེད་ནག་པོའི་རྒྱུད་རྟོག་པ་གསུམ་པ་རྫོགས་སོ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source