BO༄༅། ། རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སིདྷ་ནཱ་ད་ན་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་གཟུངས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་རི་པོ་ཊ་ལའི་ རྩེ་མོ་ན། རིན་པོ་ཆེའི་ཁང་{བཟངས་,བཟང་}རིན་པོ་ཆེ་དང་། མུ་ཏིག་དང་། ནོར་བུ་དཔག་མེད་ཀྱིས་སྤྲས་པ། འོད་ཀྱིས་སྟོང་གསུམ་ཁྱབ་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པའི་ས་ཕྱོགས་དེ་ན་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་ མེད་པ་དང་། ཉན་ཐོས་ཆེན་པོ་ཤ་ར་དྭ་ཏིའི་བུ་ལ་སོགས་པ་དགེ་སློང་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཞིང་། བཅོམ་ལྡན་འདས་སེང་གེའི་གདན་བཤམས་པ་ལ་བཞུགས་སོ། ། འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཞེས་བྱ་བ་འདུག་ སྟེ། འདུག་པར་གྱུར་པ་དེ་རང་གི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ལྡན་འདས་ཡུལ་ མ་ག་དྷཱ་ན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི་བ་འཁོར་དང་བཙུན་མོ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོ་དེ་མཛེ་དང་། ཕོལ་མིག་དང་། དབུགས་མི་བདེ་བ་སྙིང་ནད་འབར་བ་བྱུང་སྟེ་དེ་ཇི་ལྟར་བསལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་སྔོན་འཇིག་རྟེན་གྱི་ཁམས་འདི་ཉིད་ལ་འཇམ་དཔལ་ཁྱེད་ཉིད་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཞེས་བྱ་བ་ཡིན་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་འདི་ཉིད་བྱང་ཆུབ་སེམས་དཔའ་སྙིང་རྗེའི་མཆོག་ཅེས་བྱ་བ་ ཡིན་པས། བྱང་ཆུབ་སེམས་དཔའ་དེ་གཉིས་སྟོང་གསུམ་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ་སེང་གེ་དཀར་པོ་ཅིག་དབང་དུ་བསྡུས་ཏེ་ཆིབས་པ་བྱས། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན། མདུང་རྩེ་གསུམ་པ་དང་། རལ་གྲི་དང་། པདྨ་དང་། ཨུཏྤལ་ ཐོགས་ནས་ཕྱིན་པ་ལ། རྒྱ་མཚོ་ཆེན་པོ་ལས་རྒལ་བའི་དུས་སུ་སེང་གེ་བཞག་ནས་ཁུར་རེས་བྱས་ཤིང་བྱོན་པ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཁྱོད་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་གི་རལ་གྲིས་རང་བཀུམ་མོ། །
BOབྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་ གི་བསམ་པ་ལ་སྟེང་འོག་བར་སྣང་གི་ཀླུ་དང་ལྷ་ལ་སོགས་པས་བསད་དམ་སྙམ་ནས་བཏུང་བའི་སྣོད་བྲམ་ཟེའི་ཐོད་པ་ལག་ན་ཐོགས། ཏྲི་ཤཱུ་ལ་རྩེ་གསུམ་པ་ལག་ན་ཐོགས། སེང་གེ་དཀར་པོ་ལ་ཞོན། མྱ་ངན་དུ་རལ་པ་ཐོད་དུ་བཅིངས་ནས་སྟེང་གི་ལྷ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ ཀྱིས་སེམས་ཅན་དོན་བྱས་པས། ། རང་གི་གྲོགས་པོས་སྤངས་ནས་གཅིག་པུ་ལུས། ། ལྷ་རྣམས་ཀུན་གྱིས་ཉེས་ན་ཆད་པའི་ལས། ། གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འགུམས་པར་བགྱིད། ། ཅེས་སྨྲས་ཏེ། ལྷ་རྣམས་ལ་ཏྲི་ཤཱུ་ལ་གདེངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་ དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཁམས་གསུམ་གྱི་ལྷ་དགའ་བའི་མདངས་ཕྱུང་སྟེ། ལྷའི་མེ་ཏོག་པདྨ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། ཙམ་པ་ཀ་ལ་སོགས་པ་ཕུལ་ཏེ་ཐོད་པ་བཀང་ངོ་། ། དེ་ནས་བར་སྣང་གི་ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་ དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་ལ་སོགས་པ་ལ་བསྡིགས་པ། ཏྲི་ཤཱུ་ལ་གདེངས་ནས། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །
BOརང་གི་གྲོགས་པོས་སྤངས་ནས་གཅིག་པུ་ལུས། ། སྡེ་བརྒྱད་ཚོགས་ཀྱིས་ཉེས་ན་ཆད་པའི་ ལས། ། གྲོང་ཁྱེར་འཇོམས་ཞིང་སྡེ་བརྒྱད་འགུམས་པར་བགྱིད། ། ཅེས་སྨྲས་ཏེ། སྡེ་བརྒྱད་ལ་ཏྲི་ཤཱུ་ལ་གདེངས་པ་དང་། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་མ་དང་། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་{བཟངས་,བཟང་} རིས་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་བཅས་པ་དགའ་བའི་མདངས་ཕྱུང་སྟེ། སེང་གེ་ལ་རིན་པོ་ཆེའི་རྒྱན་ཕུལ་ལོ། ། དེ་ནས་སའི་འོག་ན་ གནས་པའི་ཀླུ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། ། རང་གི་གྲོགས་པོས་སྤངས་ནས་གཅིག་པུ་ལུས། ། ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས། ། གྲོང་ཁྱེར་འཇོམས་ཤིང་ཀླུ་རྣམས་འགུམས་པར་བགྱིད། ། ཅེས་སྨྲས་ཏེ། རྒྱ་མཚོ་ཆེན་པོ་ཏྲི་ཤཱུ་ལས་ དཀྲུགས་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་བ་རུ་ཎ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་།
BOདེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པ། ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་གཡོག་དང་འཁོར་དུ་བཅས་པ་འདུས་ཏེ། དགའ་བའི་ མདངས་ཕྱུང་ནས་ཀླུའི་རྒྱལ་པོ་བ་རུ་ཎ་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཕྱག་འཚལ། བསྐོར་བ་ལན་གསུམ་བྱས་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། ། ཁྱོད་ལ་བདག་ནི་སྐྱབས་སུ་མཆི། ། ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག ། ཉམས་ན་ཀླུ་ཡི་གཤེད་མ་མཛོད། ། ཅེས་སྨྲས་ནས་ཏྲི་ཤཱུ་ལ་ལ་ལན་གསུམ་དཀྲིས་ཁ་བྱང་ཆུབ་སེམས་དཔའ་ལ་བསྒྱུར་ཕུཿཕུཿཞེས་བརྗོད་ཅིང་གུས་པས་ཁ་ནས་ཁྲག་འབྱིན་ཅིང་གནས་སོ། ། ཀླུའི་རྒྱལ་པོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས། བསྐོར་བ་ལན་གསུམ་གསུམ་བྱས་ནས། ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། ། ཁྱོད་ལ་བདག་ཅག་སྐྱབས་སུ་མཆིའོ། ། ཀླུ་རྣམས་ཐམས་ཅད་སྐྱབས་སུ་ཟུང་། ། ཉམས་ན་ཀླུ་ཡི་གཤེད་མ་མཛོད། ། ཅེས་སྨྲས་ནས་ཀླུ་ཆེན་པོ་བརྒྱད་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཚངས་སྐུད་ལ་འཁྲིས་སོ། ། ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བདག་ཅག་ནི་བྲན་བགྱིད་དོ། ། ཅི་བཀའ་ སྩལ་པ་ཉན་ནོ་ཞེས་སྨྲས་ནས་ཀླུ་རྣམས་སོ་སོའི་གནས་སུ་དེངས་སོ། །
BOའཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་སྙིང་རྗེ་ཀླུ་འདུལ་ཞེས་བྱའོ། ། སྙིང་ནད་སེལ་བ་ཞེས་བྱ་བའོ། ། འཇམ་དཔལ་དེ་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དེ་འཇམ་དཔལ་སྨྲ་བའི་སེང་གེ་ཁྱོད་ཉིད་ཡིན་ནོ། ། དེའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་དེ་ནི་ད་ལྟའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཀླུའི་དེད་དཔོན་ཆེན་པོ་འདི་ཉིད་ཡིན་ནོ། ། འཇམ་དཔལ་ངས་རྒྱལ་པོ་ཆེན་པོ་དེའི་དོན་དུ་ཐུགས་རྗེ་ཆེན་པོའི་སྔགས་བརྗོད་པར་བྱའོ། ། ཡིད་ལ་ཟུང་ཤིག ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་དྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་ཀ་རོ་ཊེ། ཙི་ཏི་ཛྭ་ལ་ཀ་རོ་ཏི་བཱི་ར་ཡེ་སྭཱ་ཧཱ། གཟུངས་འདི་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུས་གསུངས་ལ། ད་ལྟ་རང་ཉིད་ཀྱིས་བརྗོད་པའོ། ། འདིའི་ ཆོ་ག་ནི་མི་དགོས་པས་ལས་ཐམས་ཅད་འགྲུབ་པའོ། ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་སྐུ་ལུགས་མའམ་བྲིས་སྐུའི་སྤྱན་སྔར་བའི་ལྕི་བ་ས་ལ་མ་ལྷུང་བས་སོ་སོར་མ་འདྲེས་པར་མཎྜལ་བརྒྱད་བྱས་ཏེ།
BOམཎྜལ་རེ་རེ་ལ་མེ་ཏོག་ཚོམ་བུ་ལྔ་ལྔ་བཀྲམ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་ནས། མཎྜལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་གྱི་བར་དུ་བཟླས་ལ་ལྕི་བ་དེ་བསྡུས་ཏེ། ལྕི་བ་ལྷག་མ་ལ་བསྔགས་ཤིང་ནད་པ་ལ་བྱུགས་ན་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། ། ལྷ་དང་ཀླུ་ལ་སོགས་ པའི་དུག་གི་ནད་ཐམས་ཅད་ཞི་བར་འགྱུར་རོ། ། ཞག་ཉི་ཤུ་རྩ་གཅིག་ལ་གྲུབ་པར་མ་གྱུར་ན། འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་བྱས་པ་ཡིན་ནོ། ། འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དམ་བཅས་པའི་ཚིག་གོ། ། འཇམ་དཔལ་རྒྱལ་པོ་ཆེན་པོའི་ གནོད་པ་ནི་གཟུངས་འདིས་སྙིང་ནད་འབར་བ་ལས་གྲོལ་ནས་སྐྱེ་བ་ཕྱི་མ་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། ། འཇམ་དཔལ་ཉོན་ཅིག ། སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་སྙིང་པོ་འདི་གསུངས་སོ། ། ཨོྃ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ། ད་ལྟ་ང་ཉིད་ཀྱིས་བརྗོད་དེ། རིག་སྔགས་ཀྱི་སྙིང་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཀུན་ལས་གྲོལ་བར་འགྱུར་རོ། ། སྲིད་པ་ཉམ་ངར་འགྲོ་མི་འགྱུར། །
BOལུས་ལ་མཚོན་གྱིས་ཚུགས་མི་འགྱུར། ། དགྲ་དང་ཆོམ་པོས་མི་ཚུགས་ཤིང་། ། ཀླུ་ལ་སོགས་པས་འཚེ་མི་འགྱུར། ། རྟག་ཏུ་ དཔལ་དང་ལྡན་པར་འགྱུར། ། བུད་མེད་ལུས་སུ་མི་འགྱུར་ཞིང་། ། རྟག་ཏུ་སྐྱེ་བ་དྲན་པར་འགྱུར། ། ཤི་ནས་བདེ་བ་ཅན་དུ་འགྲོ། ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་ དང་། འོད་སྲུང་གིས་ཀྱང་གསང་སྔགས་འདི་གསུངས་ལ། ད་ལྟ་ཤཱཀྱ་ཐུབ་པ་ངས་ཀྱང་བརྗོད་པ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཧ་ཡ་གྲཱི་བཱ་ཡ། ན་མོ་ལོ་ཀི་ཤྭ་རཱ་ཡ། ཏདྱ་ཐཱ། ཨོྃ་ཧྲཱིཿཀུ་ལུ་ཡུ་ལུ་ནཱི་ལ་ཀདྛ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། མཱ་ར་ཡ་མཱ་ར་ཡ། ཧཱ་ཧཱ་ ཧཱ་ཧཱ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧྲཱིཿཧཱུྃ་ཕཊ། འཇམ་དཔལ་གཟུངས་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་པདྨ་ཧ་ཡ་གྲཱི་བའི་སྔགས་ཡིན་ཏེ། ལན་ཅིག་ཀློག་པར་བྱེད་པའི་མི། ། སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། ། ངན་སོང་སྒོ་རྣམས་གཅོད་པར་འགྱུར། ། ཀླུ་སོགས་ གདོན་གྱིས་འཚེ་མི་འགྱུར། ། བྱད་དང་དུག་ལས་གྲོལ་འགྱུར་ཞིང་། ། སངས་རྒྱས་ཀུན་གྱི་གསུང་ཡིན་ནོ། །
BOབྱེ་བ་གྲངས་མེད་མཐུ་ལས་བྱུང་། ། དེ་ཡི་ཡོན་ཏན་དཔག་ཏུ་མེད། ། ལན་ཅིག་བཀླགས་ན་སྡིག་པ་སེལ། ། ལན་གཉིས་བཀླགས་པས་དཔལ་དང་ལྡན། ། གསུམ་གྱིས་ཚེ་རྣམས་རིང་བར་འགྱུར། ། འབུམ་ཕྲག་བཅུ་ཡིས་ཞལ་མཐོང་འགྱུར། ། པདྨ་ཅན་གྱི་ཞིང་དེར་འགྲོ། ། འཇམ་དཔལ་མི་གཞན་དག་ལ་ནི། ། ཁྲག་དང་མཁྲིས་པ་ལས་གྱུར་པ་དང་། ། རླུང་དང་གྲང་བ་ལས་གྱུར་པ་དང་། ། ཀླུ་རྒྱལ་རིགས་ཀྱིས་ཟིན་པ་དང་། ། ཀླུ་བྲམ་ཟེའི་ རིགས་ཀྱིས་ཟིན་པ་དང་། ཀླུ་གདོལ་པ་དང་ད་{མངས་,མང་}རིགས་ཀྱིས་ཟིན་པ་ནི་སྙིང་མི་དགའ་བ་དང་། སྙིང་ན་བ་དང་། དབུགས་མི་བདེ་བ་དང་། ལྟོ་རྒྱབ་ཏུ་ན་བ་དང་། ཀླད་ཀོར་དུ་ན་བ་དང་། གཞོགས་ཕྱེད་ན་བ་དང་། མ་ཞུ་བ་དང་། སྦོས་པ་དང་། ཞ་གྲུམ་གྱིས་བཏབ་པ་དང་། སྦྲུམ་པ་ལྟ་ བུར་ན་བ་དང་། སྲོག་ཆགས་སུ་ན་བ་དང་། ཚིགས་དང་ཤ་ཁོལ་བུར་ན་བ་དང་། ཟ་ཁུ་ཅན་དང་། ལུད་པ་གློ་ཅན་དང་། རུས་ཁོལ་དུ་ན་བ་དང་། འཕྲེས་པ་དང་། ཞ་བ་དང་། ཡིག་མི་བདེ་བ་དང་། ཐོར་པ་ལྟ་བུའི་ནད་དང་། སྐྲན་ཅན་དང་། དམུ་ཆུ་ཅན་དང་། འབྲས་དང་། མེ་དཔལ་དང་། ལྷོག་པ་དང་། གག་པ་དང་། ཆུ་ཐིག་ཅན་དང་། གྲང་ལྷང་ལྷང་དང་། ཚ་ཙག་ཙག་ལ་སོགས་པའི་མཛེ་རིགས་ཅན་དང་།
BOཕོལ་མིག་དང་བཅས་པ་དང་། ལྷ་དང་། བདུད་དང་། ཚངས་པ་དང་། གཤིན་རྗེ་དང་། བྲག་སྲིན་དང་། སེམས་འཁྲུག་གི་ གདོན་དང་། ཐབ་གཞོབ་དང་། མཚོ་སྨན་དང་། ཀླུ་ལ་སོགས་པས་ཟིན་པ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། ལོག་འདྲེན་དང་། ཤ་ཟའི་གདོན་རྣམས་ཀྱིས་ཟིན་པ་དང་། ནད་སྣ་ཚོགས་འབྱུང་སྟེ། དེ་ཡང་མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་ཡིན་ནོ། ། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཉོན་ཅིག ། སྙིང་པོ་གཟུངས་ཀྱི་ཆོ་ག་འདི། ། དང་པོ་ཐུགས་རྗེ་ཆེན་པོ་ལ། ། གུས་ཤིང་དད་པའི་སེམས་བསྐྱེད་ནས། ། སྣུམ་པའི་ས་ལ་དཀྱིལ་འཁོར་བྱ། ། ལྕི་བ་དྲིར་བཅས་བྱུགས་ནས་ནི། ། ཚོན་ རྩི་ཁ་དོག་སྣ་ལྔ་ཡིས། ། དཀྱིལ་འཁོར་པདྨ་ལྟ་བུ་བྲི། ། བུམ་པ་གང་བ་ལྔ་དག་ཀྱང་། ། ཕྱོགས་བཞི་དབུས་དང་ལྔ་རུ་གཞག ། གང་བའི་གཏོར་མ་ལྔ་ཡང་བཤམས། ། སེང་ལྡེང་ཕུར་བུ་ལྔ་ཡང་དགོད། ། དར་གྱིས་དཀྲིས་པའི་མདའ་བཞི་དགོད། ། ཚོན་སྐུད་ལྔ་ཡི་དྲ་བ་བྲེ། ། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་མ་གོས་དཀར་མོ་ལ་ཕྱག་འཚལ་ལོ།
BO། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལ་ལོ། ། ཨཱ་ཧྲཱིཿཧྲི་པྃ་རྟྃ་ནོྃ། ཡི་གེ་དྲུག་པའི་སྔགས་ འདི་ནི། བརྗོད་པས་སྡིག་པ་སྡུག་བསྔལ་སེལ་སྭཱ་ཧཱ། སངས་རྒྱས་མཆོད་ལ་བརྩོན་པར་བྱ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་དང་། རྒྱན་ཐམས་ཅད་ཀྱིས་མཆོད་ནས། སེང་ལྡེང་རྒྱ་ཤུག་མེ་བཏང་ལ། ། ཚོན་ སྐུད་བཅང་ཞིང་འབྲུ་རྣམས་བསྲེག ། རྨ་བྱ་རྨག་ཤད་ལྕུག་མ་ཡིས། ། ཀླུ་ཡི་དུག་རྣམས་སེལ་བར་བྱེད། ། ཧྲཱིཿནཱ་ག་ལེ་ལེ། ནཱ་ག་དུམ་བ་ལེ་ལེ། ནཱ་ག་ཕུཏ་ཕུཏ་ཧ་ལེ་ཧ་ལེ། ཧཱ་ལ་ཧཱ་ལ། སྥུ་ཊ་སྥུ་ཊ། ནཱ་ག་ཁྲོལ་ཁྲོལ་ཤིག་ཤིག་སྭཱ་ཧཱ། ཀླུ་དང་ལོག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དུག་དང་། མཐོང་བའི་དུག་དང་། བཅིངས་པའི་དུག་དང་། ཁ་རླངས་ཀྱི་དུག་དང་། རེག་པའི་དུག་དང་། དུག་ཐམས་ཅད་ཕྱིར་ཕུད་ཅིག་སྭཱ་ཧཱ། དུག་འདིར་མ་འདུག་ཅིག ། སྦྱིན་པར་བྱེད་པའི་གན་དུ་སོང་ཤིག ། འཛིན་པའི་གན་དུ་སོང་ཤིག ། མེའི་ནང་དུ་སོང་ཤིག ། ཆུའི་ནང་དུ་སོང་ཤིག་ཞི་བར་གྱུར་ཅིག་སྭཱ་ཧཱ།
BOའཇམ་དཔལ་འདི་དག་ནི་ དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ། ། ཧྲིཿབྲུྃ་ཨོཾ་ཧཱུྃ་ཁྃ། རིགས་ལྔས་དབང་བསྐུར་བའོ། ། རྡོ་རྗེ་བསྲུང་བའི་མཆོག་ཏུ་འགྱུར། ། བཀྲ་ཤིས་ལྷ་མོ་དཔལ་དང་ལྡན། ། བསྙེན་གནས་ལ་ནི་གནས་གྱུར་ནས། ། དཀོན་མཆོག་རྗེས་དྲན་སེམས་བསྐྱེད་ནས། ། བུམ་ཆུ་དག་པས་ལས་སྒྲིབ་ སེལ། ། ལུས་ངག་སེམས་ཀྱི་དག་པ་ཐོབ། ། ཕ་རོལ་ཕྱིན་དྲུག་གནས་འགྱུར་ཞིང་། ། སངས་རྒྱས་སེམས་ཅན་མཁྱེན་པར་འགྱུར། ། ཏིང་འཛིན་ཐམས་ཅད་མངོན་དུ་འགྱུར། ། བུ་མོ་གཞོན་ནུས་བཀལ་བ་ཡི། ། སྐུད་པ་དཀར་པོ་སུམ་སྒྲིལ་ལ། ། བཟླས་བརྗོད་ཉི་ཤུ་བརྒྱད་བྱས་ནས། ། མགུལ་དུ་ བཏགས་ན་ནད་ལས་གྲོལ། ། ནད་ལ་ཕན་པའི་སྨན་རྣམས་ལ། ། གཟུངས་སྔགས་བཟླས་ཤིང་བཏབ་གྱུར་ན། ། ནད་རྣམས་ཀུན་ལས་གྲོལ་བར་འགྱུར། ། ཆུ་ལ་གཟུངས་སྔགས་མང་བཟླས་ན། ། ཀླུ་ནད་ཁོང་དུ་སེལ་བར་འགྱུར། ། ལོ་ཏོག་ཟ་བ་ཁ་བཅིངས་ན། ། བྱེ་མ་ ས་དང་ཐལ་བས་སེལ། ། ཧ་ཅང་ཆར་པ་ཆེས་པ་ན། ། ལྷ་ལ་ཕུལ་བའི་རྙིང་པ་ལ། ། ཁམ་ཕོར་སར་པའི་ནང་དུ་ཡང་། ། མེ་ཏོག་གཙང་མ་བླངས་ནས་ནི། ། བསྲེགས་ན་ཆར་པ་འཆད་པར་འགྱུར། ། སེར་བ་དྲག་པོ་འོང་བ་ན། །
BOཐལ་ཆེན་ཡུངས་ཀར་བཟླས་བརྗོད་ཀྱིས། ། སེར་བ་ཉ་ལྕིབས་ལྕུག་མ་དང་། ། ལྕུམ་པོ་བཏགས་ཏེ་བཙུགས་གྱུར་ན། ། སེར་བ་འཆད་པར་འགྱུར་བ་ཡིན། ། ལྷ་ཀླུ་དྲི་ཟ་ལ་སོགས་པའི། ། གདོན་ནི་གནོད་པར་གྱུར་པ་ལ། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ། བུམ་པ་གཙང་མ་ལྔ་བཞག་སྟེ། ། སྨན་སྦྱར་ཆུས་ནི་གང་བ་ལ། ། བཟླས་ བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། ། སློབ་མ་གོས་ཟས་དཀར་པོར་སྦྱར། ། དཀྱིལ་འཁོར་དེ་ཡི་ནང་དུ་གཞུག ། བུམ་པའི་ཆུ་ཡིས་བཀྲུ་བར་བྱ། ། ནད་དང་གནོད་པ་ཀུན་ལས་ཐར། ། ཀླུ་སོགས་གདོན་རྣམས་དཔག་མེད་ཀྱིས། ། གླགས་ཀྱང་རྙེད་པར་མི་འགྱུར་རོ། ། བུས་པ་གདོན་གྱིས་འཇིགས་ པ་ལས། ། གི་ཝང་གིས་ནི་སྲུང་འཁོར་བྲི། ། ཡུངས་ཀར་དག་དང་བཅས་ཏེ་གདགས། ། བུས་པ་གདོན་དང་ནད་ལས་ཐར། ། ལམ་དུ་ཞུགས་ཏེ་འགྲོ་བ་ན། ། ཐུ་བ་གཡས་པའི་གོས་ཀྱི་གྲྭར། ། བཟླས་བརྗོད་བདུན་བྱས་མདུད་པ་བོར། ། སོང་ན་བདེ་ཞིང་དོན་ཡང་འགྲུབ། ། རྟ་ལ་སོགས་པའི་ཕྱུགས་རྣམས་ལ། ། ཆུ་དང་ཡུངས་ཀར་བཅས་པ་ལ། ། བཟླས་ནས་གཏོར་ན་བདེ་བར་འགྱུར། ། མི་ནད་ཕྱུགས་ནད་ཐམས་ཅད་ལ། ། ཡུངས་ཀར་དང་ནི་བུམ་པའི་ཆུས། ། བཀྲུ་ཞིང་བཏགས་ན་མི་ནད་ཞི། །
BOཨ་མྲ་རི་ཡི་གཟུངས་སེལ་ལྟར། ། ལས་ རྣམས་ཐམས་ཅད་འགྲུབ་པར་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་རྒྱལ་པོ་འདིའི་ཁོང་ན་ཀླུའི་དུག་གིས་གང་ནས་འདུག་སྟེ། འདི་ནི་ཀླུའི་རྒྱལ་པོ་བ་རུ་ཎ་འདི་ཡིས་ཀླུ་ཐམས་ཅད་ལ་དབང་བྱེད་པ་ ཡིན་པས་འདིས་དབྱུང་བར་བྱའོ། ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་ཏཀྵ་ཀ་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་པདྨ་ལ་ཕྱག་འཚལ་ ལོ། ། ཀླུའི་རྒྱལ་པོ་པདྨ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་དུངསྐྱོང་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་རིགས་ལྡན་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་དགའ་བོ་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་ནོར་རྒྱས་ལ་ཕྱག་འཚལ་ལོ། ། ཨོྃ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོྃ་ཨ་ནནྟ་ཡ་ སྭཱ་ཧཱ། ཨོྃ་བཱ་སུ་ཀཱ་ཡ་སྭཱ་ཧཱ། ཨོྃ་ཏཀྵ་ཀཱ་ཡ་སྭཱ་ཧཱ། ཨོྃ་ཀར་ཀོ་ཊཱ་ཡ་སྭཱ་ཧཱ། ཨོྃ་པདྨཱ་ཡ་སྭཱ་ཧཱ། ཨོྃ་མ་ཧཱ་པདྨཱ་ཡ་སྭཱ་ཧཱ། ཨོྃ་ཤརྑ་པཱ་ལཱ་ཡ་སྭཱ་ཧཱ། ཨོྃ་ཀུ་ལི་ཀཱ་ཡ་སྭཱ་ཧཱ། ཀླུ་ཡི་གཟུགས་ནི་མང་པོ་ཡང་། །
BOདཀར་གསུམ་མངར་གསུམ་འབྲས་ཟན་ལ། ། ལེགས་བྱས་ཁ་དོག་ བསྒྱུར་བྱས་ལ། ། མེ་ཏོག་སྤོས་དང་བྱུག་པ་དང་། ། མར་མེ་ཞལ་ཟས་སྒྲ་སྙན་དང་། ། གདུགས་དང་རྒྱལ་མཚན་མེ་ཏོག་ཕྲེང་། ། ཚངས་པའི་སྐུད་པས་མཉེས་པར་བྱ། ། རྩ་བ་ལོ་མ་སྡོང་བུ་དང་། ། མེ་ཏོག་འབྲས་བུ་སྨན་གྱིས་མཆོད། ། རྨ་བྱ་གཟུངས་མོ་མེ་ལོང་གིས། ། རྒྱལ་ པོ་ཁོང་གི་དུག་ཐོན་ཅིག ། རིན་ཆེན་རྨག་ཤད་མཆོད་པའི་རྟེན། ། མི་ལྡོག་པ་ཡི་རྫས་སུ་ཆོངས། ། བུམ་པ་གཏེར་གྱིས་གང་བ་མཛེས། ། སྲོག་ཆགས་ཡིད་འོང་གཟུགས་ཀྱིས་མཆོད། ། ཞི་འགྱུར་འདི་ལ་ཐེ་ཚོམ་མེད། ། ཀླུ་ཡི་རྒྱལ་པོ་འཇོག་པོ་ཡིས། ། ཟིན་ཀྱང་སྐད་ཅིག་ གཅིག་ལ་ཐོན། ། འཇམ་དཔལ་འདི་གཞན་གྱི་མཐུ་མ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་མཐུའོ། ། སྟོབས་སོ་བྱིན་གྱིས་བརླབས་སོ། ། ཐུགས་རྗེ་དང་ལྡན་པ་འདིའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་བདག་གིས་ཆ་ཤས་ཙམ་ཞིག་བརྗོད་ན། ཨོྃ་བཅོམ་ལྡན་ འདས། བྱ་བ་བྱས་ཤིང་བྱེད་པ་བྱས། ། ཁུར་བོར་བདག་དོན་རྗེས་སུ་བརྙེས། ། སྲིད་པར་སྦྱོར་བ་ཡོངས་སུ་ཟད། ། ཡང་དག་བཀའ་ལས་རྣམ་པར་གྲོལ། ། སེམས་དཔའ་དབང་བསྒྱུར་ཐམས་ཅད་ཀྱི། ། མཆོག་ཏུ་ཕ་རོལ་ཕྱིན་ཐོབ་པ།
BO། སྲིད་ལས་རྒལ་ཞིང་ཚོགས་གཉིས་རྫོགས། ། ཨཱཿགཞན་ལ་ཕན་བརྩོན་ཐུགས་རྗེ་ཅན། ། སེམས་ཅན་ཀུན་ལ་མཆོག་ཏུ་བྱམས། ། ཁམས་གསུམ་ཀུན་གྱི་གཉེན་གཅིག་པུ། ། མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། ། ཧྲཱིཿའགྲོ་བ་ཉམ་ཐག་ཀུན་ཏུ་སྐྱོབ། ། དྲི་མ་གསུམ་སྤངས་ཕ་རོལ་ཕྱིན། ། མངོན་ཤེས་ དྲུག་བརྙེས་ནྱ་གྲོ་བུ། ། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། ། སུམ་ཅུ་རྩ་གཉིས་དག་དང་ལྡན། ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས། ། སྐུ་མདོག་ཤེལ་གྱི་ཁ་དོག་འདྲ། ། གངས་རི་ཉི་ཤར་ལྟ་བུར་མཚོན། ། སྐུ་ཚད་ཆེ་ལ་འོད་ཟེར་འབར། ། རིགས་ལྔ་སངས་རྒྱས་སྐུ་ལ་འཕྲོ། ། དབུ་སྐྲ་ཐོར་ཚུགས་གྱེན་ལ་བརྫེས། ། དབུ་ལ་འོད་དཔག་མེད་པ་བཞུགས། ། ཀླུ་རྣམས་ཐམས་ཅད་འདུལ་མཛད་པ། ། རྩེ་གསུམ་སྦྲུལ་གྱིས་རབ་ཏུ་དཀྲིས། ། རིགས་གསུམ་མགོན་པོའི་བྱིན་རླབས་འཛིན། ། དུག་གསུམ་རྩད་ནས་གཅོད་ལ་བསྟོད། ། སྐྱོན་གྱིས་མ་གོས་པདྨ་བསྣམས། ། ཤེས་རབ་ཕུན་སུམ་རལ་གྲི་འབར། ། ཉོན་མོངས་དག་པ་བྲམ་ཟེའི་མགོ། ། མེ་ཏོག་དྲི་ཞིམ་ཚོགས་ཀྱིས་བཀང་། ། ཀླུ་རྣམས་ཀུན་ནས་དབང་བསྡུས་པས། ། སྦྲུལ་གྱི་ཚངས་སྐུད་མཛེས་ལ་བསྟོད། ། སིཾ་ཧ། པདྨ་དག་གི་གདན་ལ་བཞུགས། །
BOབདུད་བཞི་ཟིལ་གྱིས་གནོན་མཛད་པ། ། སེང་གེ་དཀར་པོའི་གདན་ལ་བཞུགས། ། འདོད་པའི་དོན་རྣམས་བསྒྲུབ་པའི་ཕྱིར། ། རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། ། བ་སྤུ་ཉག་མ་རེ་རེ་ཡང་། ། སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར། ། ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད། ། ཏཱ། དམ་ཆོས་རྒྱལ་ཚབ་དབང་བསྐུར་བ། ། ལྷ་མོ་སྒྲོལ་མ་རྗེས་སུ་འབྲང་། ། འཇིགས་པ་བརྒྱད་སྐྱོབ་སྐུ་མདོག་ལྗང་། ། གནོད་པ་སེལ་བ་མི་འཇིགས་སྦྱིན། ། ཨུཏྤལ་ཐུགས་རྗེའི་བདག་ཉིད་ཅན། ། བཏུད་དེ་སྤྲུལ་པ་མང་པོ་འགྱེད། ། ཧཱུྃ། གོས་དཀར་མ་ནི་བཀའ་བཞིན་བྱེད། ། ཡིད་བཞིན་འཁོར་ལོ་བདེ་བར་བསྐོར། ། འདོད་ པའི་དོན་ཡོད་སྡུག་བསྔལ་ཞི། ། འཇིགས་པ་བརྒྱད་པོ་སེལ་བ་བསྟོད། ། ཕཊ། ཧ་ཡ་གྲཱི་བ་ཁྲོ་བོའི་སྐུ། ། འཕགས་པ་རྟ་མགྲིན་བདུད་བཞི་འཇོམས། ། ཀྲོ་དྷ་མགྲིན་སྔོན་གདུག་པ་འདུལ། ། ཀླུ་བདུད་འདུལ་མཛད་ཧཱུྃ་གིས་བསྟོད། ནཱ ། ནམ་མཁའ་ཀླུ་རྒྱལ་པ་རུ་ཎ། ། ཆུ་ལྷ་སྟོན་ པའི་ཞལ་མཐོང་ཞིང་། ། བསྟན་ལ་རབ་དགའ་ཀླུ་རྣམས་འདུལ། ། ས་དང་པོ་ཡི་བདེན་པ་མཐོང་། ། བདེ་བར་གཤེགས་པའི་རིང་བསྲེལ་འཛིན། ། ཀླུ་རྒྱལ་བྱང་ཆུབ་སེམས་ལ་བསྟོད། །
BOཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོྃ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཏཾ་ཀ་ར་སྭཱ་ཧཱ། གང་གིས་བསྟོད་ ཅིང་ཟློས་པ་དེ་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། ། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། ། གསང་སྔགས་ཐམས་ཅད་བཟླས་པར་འགྱུར་རོ། ། བསྐལ་པ་སྟོང་གི་བར་དུང་ན་སོང་དུ་མི་སྐྱེའོ། ། བུད་མེད་ལུས་སུ་མི་སྐྱེའོ། ། སུ་ཞིག་ནང་པར་ལངས་ནས་ཆུ་དྲི་ཞིམ་པོས་ཁྲུས་བྱས་ཏེ། གཙང་སྦྲ་ལ་གནས་ནས། ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་སྤྱན་སྔར་གཟུངས་འདི་ཀློག་གམ། འདྲི་འམ། འཆང་ངམ། ཀློག་ཏུ་འཇུག་གམ་ཁ་ཏོན་ཏུ་བཏོན་ནས་སྙིང་པོ་དང་གཟུངས་སྔགས་ཟློས་ན་ནི་དེའི་ལུས་ལ་མཛེ་ དང་། ཤུ་བ་དང་། ཕོལ་མིག་དང་། འབྲས་དང་། བས་ལྡགས་དང་། མེ་དཔལ་དང་། གཡན་པ་དང་། ལྷོག་པ་དང་། གག་པ་དང་། སྤོས་པ་དང་། དམུ་ཆུ་དང་། སྐེམ་པ་དང་། མཁལ་མ་རྡོལ་བ་དང་། དོན་སྣོད་འདུས་པ་དང་། བྱད་ཀྱི་དཀྱིལ་འཁོར་ལ་ ནད་སྣ་ཚོགས་འདུས་པ་དང་། གློ་བ་ན་བ་དང་། དབུགས་མི་བདེ་བ་དང་། རླུང་མཁྲིས་བད་ཀན་འདུས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །
BOའཇམ་དཔལ་གཟུངས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། ། སུ་ཞིག་གམ་རྒྱལ་པོ་ཆེན་པོ་ དེས་གཟུངས་འདི་གླེགས་བམ་ལ་བྲིས་ཏེ་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། མཆོད་པ་དང་། ཡི་གེར་འདྲི་བ་དང་། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོ་ཡུལ་འཁོར་དང་བཅས་པའམ། གཙུག་ལག་ ཁང་དུ་གླེགས་བམ་འདི་འཆང་ན། དཔལ་ནག་པོ་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་རྒྱལ་པོ་བ་རུ་ཎ་དང་། ཀླུ་ཆེན་པོ་བརྒྱད་རྣམས་སླད་བཞིན་འབྲང་ཞིང་། དཔག་ཚད་སྟོང་ཚུན་ཆད་དུ་སླར་རྒོལ་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། གདོན་མ་རུངས་པ་ ཐམས་ཅད་དང་། ལོག་པར་འདྲེན་པ་དང་། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པར་འགྱུར་རོ། ། བསྒོམ་ཉེས་པ་དང་། བྲི་ཉེས་པ་དང་། སྔགས་ནོར་བ་དང་། ཕྱག་རྒྱ་ནོར་བ་དང་། བཤད་ཉེས་པ་དང་། མཉན་པ་ནོར་བ་ཡང་གཟུངས་འདི་བཀླགས་པས་དག་པར་འགྱུར་རོ། ། གཟུངས་འདིས་སུ་ལ་བསྲུང་བ་བྱས་པ་དང་། ཡོངས་སུ་བསྐྱབ་པ་བྱས་པ་དང་། བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་བྱས་པ་དེ་ལ་མཚོན་དང་། དུག་དང་། དབྱིག་དུག་དང་། བྱད་དང་གཤེད་མ་དང་། རིམས་དང་།
BOགནོད་པ་ཐམས་ཅད་དང་། དུས་མ་ཡིན་པར་འཆི་བས་མི་ ཚུགས་སོ། ། གནོད་པར་བྱེད་པ་ཚར་གཅོད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཉན་ཐོས་ཆེན་པོ་ཤ་ར་དྭ་ཏིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཞེས་བྱ་བའི་གཟུངས་རྫོགས་སོ། ། ། ། ཁ་ཆེའི་ཡུལ་དུར་ཁྲོད་འབྲིས་ཀ་རང་བྱུང་གི་མཆོད་རྟེན་རྩར། དངོས་གྲུབ་བརྙེས་པའི་རྗེ་བཙུན་མ་རྡོ་རྗེ་སེམས་མ་དང་། སྒྲ་བསྒྱུར་གྱི་ལོཙྪ་བ་འགར་ཤེས་རབ་འབྱུང་གནས་ཞེས་བྱ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །