The Practice of the Yoginīs

Yoginīsaṃcārya · རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ

The Practice of the Yoginīs

Yoginīsaṃcārya

རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ

BO
༄༅༅། ། རྒྱ་གར་སྐད་དུ། ། ཡོ་གི་ནཱི་སཉྩཱ་རྱཾ། ། བོད་སྐད་དུ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། གང་གི་དྲིན་གྱིས་བདེ་ཆེན་གནས། ། སྐད་ཅིག་གིས་ནི་འཐོབ་འགྱུར་བ། ། བླ་མ་རིན་ཆེན་ལྟ་བུ་ ཡི། ། རྡོ་རྗེ་ཅན་ཞབས་པད་ལ་འདུད། ། དེ་ནས་ཡང་དག་བཤད་བྱ་བ། ། ཀུན་ཏུ་སྤྱོད་པའི་ཆོ་ག་མཆོག ། འཁོར་ལོ་གསུམ་བདག་འདི་སྒོམ་པ། ། རྣལ་འབྱོར་ལམ་ལ་གནས་པ་ཡིན། ། ལུགས་འབྱུང་ལུགས་ལས་བཟློག་པར་ནི། ། རྒྱུད་དུ་སྦས་པར་གནས་ གང་དེ། ། བསྟན་པ་རུ་ནི་ཇི་སྐད་གསུངས། ། བཤད་པ་ཡང་ནི་དེ་བཞིན་ནོ། ། སོ་སོར་བསྟན་པ་མ་ལུས་ཉིད། ། བརྡ་ཡི་ཆོ་ག་རྒྱས་པ་ཡིན། ། གང་གིས་ཤེས་པ་ཙམ་གྱིས་ནི། ། སྒྲུབ་པ་པོ་ཡིས་གྲུབ་ཐོབ་པ། ། སུམ་ཅུ་རྩ་བདུན་ཚུལ་གྱིས་ནི། ། བྱང་ཆུབ་ཕྱོགས་ལ་ གནས་པ་ཡིན། ། འཇིག་རྟེན་དུ་ནི་བསྒོམ་བྱར་བཤད། ། ཧེ་རུ་ཀ་དཔལ་འགྲོ་བའི་མཆོག ། དེ་ལ་ཐོག་མར་རྣལ་འབྱོར་གྱི་དབང་ཕྱུག་གིས་ཕུང་པོ་ལྔ་ལ་ལྷའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། ། ཚོར་བའི་ཕུང་པོ་ལ་ནི་རྡོ་རྗེ་ཉི་མའོ། །
BO
འདུ་ཤེས་ཀྱི་ཕུང་པོ་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ། ། འདུ་བྱེད་ཀྱི་ཕུང་པོ་ལ་ནི་རྡོ་རྗེ་རྒྱལ་པོའོ། ། རྣམ་པར་ཤེས་པའི་ཕུང་པོ་ལ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་ཤྲཱི་ཧེ་རུ་ཀ་རྡོ་རྗེའོ། ། མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། ། རྣ་བ་གཉིས་ ལ་ནི་ཞེ་སྡང་རྡོ་རྗེའོ། ། སྣ་དག་ལ་ནི་ཕྲག་དོག་རྡོ་རྗེའོ། ། ལྕེ་ལ་ནི་འདོད་ཆགས་རྡོ་རྗེའོ། ། ལུས་ལ་ནི་སེར་སྣ་རྡོ་རྗེའོ། ། སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའི་དབྱིངས་སོ། ། སའི་ཁམས་ལ་ནི་ལྟུང་བྱེད་མའོ། ། ཆུའི་ཁམས་ལ་ནི་གསོད་བྱེད་མའོ། ། མེའི་ཁམས་ལ་ནི་ འགུགས་མའོ། ། རླུང་གི་ཁམས་ལ་ནི་གར་དབང་མའོ། ། ནམ་མཁའི་ཁམས་ལ་ནི་པདྨའི་དྲ་བ་མོ་སྟེ། དེ་ལྟར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ལ་ལྷའི་ང་རྒྱལ་བསྐྱེད་པར་བྱའོ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་ལྷ་རྣམས་ཀྱི་གནས་ཀྱི་རྣམ་པར་དག་པ་ གནས་པ་སྟེ་དང་པོའོ། ། ། ། དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷའི་སྦྱོར་བས་སྦྱར་བར་བྱ་སྟེ། དེ་ཐམས་ཅད་ཀྱང་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་།
BO
ཆོས་དྲན་པ་ཉེ་བར་གཞག་པ་དང་། སེམས་ དྲན་པ་ཉེ་བར་གཞག་པ་དང་། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་ དབང་པོ་དང་། ། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དྲན་པ་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་ རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་།
BO
དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་དང་། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། མི་དགེ་བའི་ཆོས་མ་ སྐྱེས་པ་རྣམས་མི་སྐྱེད་པའོ། ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཐར་ཐུག་པ་རྣམས་ནི་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན་ནོ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྟན་པ་སྟེ་གཉིས་པའོ། ། ། ། དེ་ལ་དེ་རྣམས་ཀྱི་ལྷའི་སྦྱོར་བའི་གྲངས་ཇི་ལྟ་བར་མདོར་བསྡུས་ནས་བཤད་པར་བྱ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། ། ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མཱའོ། ། ཆོས་དྲན་པ་ཉེ་བར་གཞག་པ་ནི་ཁཎྜ་རོ་ཧཱའོ། ། སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མོའོ། ། བརྩོན་ འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །
BO
སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། ། དད་པའི་དབང་པོ་ནི་དཔའ་བོའི་བློ་གྲོས་མའོ། ། བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། ། དྲན་ པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། ། ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། ། ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ། ། དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། ། བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། ། དྲན་པའི་སྟོབས་ནི་ཆང་ འཐུང་མའོ། ། ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་མའོ། ། ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ། ། དགའ་བ་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧཱའོ། ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཙཀྲ་ཝར་ཏི་ནཱིའོ། ། བཏང་སྙོམས་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། ། ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །
BO
ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། ། ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། ། ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། ། ཡང་དག་པའི་ འཚོ་བ་ནི་འུག་གདོང་མའོ། ། ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། ། ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། ། ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། ། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། ། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་མཆེ་བ་མའོ། ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷ་རྣམས་ཀྱི་རྣམ་པར་དག་པ་བསྟན་པ་སྟེ་གསུམ་པའོ། ། ། ། དེ་ནས་ཡང་དག་བཤང་བྱ་བ། ། དཔའ་བོ་གཉིས་མེད་དམ་པ་སྟེ། ། ཧེ་རུ་ཀ་དཔལ་སྐུའི་ཡན་ལག ། ཡན་ལག་ཀུན་ནི་ཆ་ཤས་གནས། ། སེན་མོ་དང་ སོ་ལ་ནི་ཐོད་པ་ཕྱེད་པའོ། ། སྐུ་དང་སྤུ་ལ་ནི་ཀེང་རུས་ཆེན་པོའོ། ། པགས་པ་དང་དྲི་མ་ལ་ནི་ཀེང་རུས་སོ། ། ཤ་ལ་ནི་མཆེ་བ་རྣམ་པར་གཙིགས་པའོ། །
BO
རྒྱུས་པ་ལ་ནི་ལྷ་དགྲའོ། ། རུས་པ་ལ་ནི་འོད་དཔག་མེད་དོ། ། མཁལ་མ་ལ་ནི་རྡོ་རྗེའི་འོད་དོ། ། སྙིང་ལ་ནི་ རྡོ་རྗེའི་སྐུའོ། ། མིག་གཉིས་ལ་ནི་མྱུ་གུ་ཅན་ནོ། ། མཁྲིས་པ་ལ་ནི་རྡོ་རྗེའི་རལ་པ་ཅན་ནོ། ། གློ་བ་ལ་ནི་དཔའ་བོ་ཆེན་པོའོ། ། རྒྱུ་མ་ལ་ནི་རྡོ་རྗེ་ཧ་མཛད་དོ། ། གཉེ་མ་ལ་ནི་རབ་བཟང་ངོ་། ། ལྟོ་བ་ལ་ནི་རྡོ་རྗེ་བཟང་པོའོ། ། བཤང་བ་ལ་ནི་འཇིགས་བྱེད་ཆེན་པོའོ། ། མཚོག་ མའི་སྦུབས་ལ་ནི་མིག་མི་བཟང་ངོ་། ། བད་ཀན་ལ་ནི་སྟོབས་པོ་ཆེའོ། ། རྣག་ལ་ནི་རིན་ཆེན་རྡོ་རྗེའོ། ། ཁྲག་ལ་ནི་རྟ་མགྲིན་ནོ། ། རྡུལ་ལ་ནི་ནམ་མཁའི་སྙིང་པོའོ། ། ཚིལ་ལ་ནི་དཔལ་ཧེ་རུ་ཀའོ། ། མཆི་མ་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ། ། མཆིལ་མ་ལ་ནི་རྣམ་པར་སྣང་ མཛད་དོ། ། སྣབས་ལ་ནི་རྡོ་རྗེ་སེམས་དཔའོ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་དཔའ་བོའི་རྣམ་པར་དག་པ་བསྟན་པ་སྟེ་བཞི་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པ། ། གང་ཞིག་ཤེས་པ་ཙམ་གྱིས་ནི། ། སྒྲུབ་པོས་དངོས་གྲུབ་ ཐོབ་འགྱུར་བའོ། ། ཇི་ལྟར་ནང་གི་བདག་ཉིད་ཤེས། ། ཕྱི་ཡི་དཀྱིལ་འཁོར་དམ་པ་ཡིན། ། རྣམ་དགོད་ཇི་ལྟར་སྦྱར་བ་ནི།
BO
། སྙིང་པོ་ཐམས་ཅད་བསྡུས་པ་སྟེ། ། རྟེན་དང་བརྟེན་པའི་ཚུལ་གྱིས་ནི། ། བྷཻ་རཾ་བྷ་སོགས་ཡང་དག་ག་གནས། ། བླ་མ་ ལས་བརྒྱུད་རིམ་བཞིན་དུ། ། གང་ཞིག་ཆོ་ག་འདི་ཤེས་པས། ། རི་སྟེང་པདྨ་གེ་སར་གྱི། ། སྣ་ཚོགས་འདབ་མ་འཇམ་པ་ལ། ། དེ་ཡི་དབུས་བཞུགས་དཔའ་བོ་ནི། ། འདོད་པའི་དོན་ཀུན་སྒྲུབ་མཛད་པ། ། མཁའ་འགྲོ་མ་དང་ལཱ་མ་དང་། ། ཁཎྜ་རོ་ཧཱ་གཟུགས་ཅན་མ། ། པདྨའི་ཕྱོགས་ཀྱི་གནས་ལ་དགོད། ། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། ། ཕྱག་གཉིས་པ་ལ་ཞལ་གཅིག་པ། ། སྣ་ཚོགས་གཟུགས་དང་རྣམ་རོལ་མའོ། ། མཚམས་ཀྱི་བཞི་པོ་དག་ལ་ནི། ། ལྔ་པས་གང་བའི་ཐོད་པ་གཞག ། པཱུལླ་སོགས་དང་ཡང་དག་སྦྱར། ། ཡུལ་དང་ཡུལ་དུ་གནས་པ་ཡིན། ། སྤྱན་དྲང་འཁོར་ལོའི་དབུས་གནས་ལ། ། རྣལ་འབྱོར་རིག་པས་རྟག་ཏུ་མཆོད། ། པུ་ཞེས་བྱ་བ་ནི་པུལླཱི་ར་མ་ལ་ཡ་ན་ཁཎྜ་ཀ་པཱ་ལ་དང་པྲ་ཙཎྜཱའོ། ། ཛཱ་ཞེས་བྱ་བ་ནི་ཛཱ་ལན་དྷ་ར་ན་མ་ཧཱ་ཀང་ཀཱ་ལ་དང་ཙཎྜཱ་ཀྵཱིའོ། ། ཨོ་ཞེས་བྱ་བ་ནི་ཨཽ་ ཌྻིན་ན་ཀང་ཀཱ་ལ་དང་པྲ་བྷཱ་བ་ཏཱིའོ། ། ཨ་ཞེས་བྱ་བ་ནི་ཨར་བུ་ད་ན་བི་ཀ་ཊ་དཾ་ཥྚྲ་དང་མ་ཧཱ་ན་སཱི་སྟེ་གནས་སོ། །
BO
གོ་ཞེས་བྱ་བ་ནི་གོ་དཱ་བ་རཱི་ན་སུ་རཱ་བཻ་རི་ཎ་དང་བཱི་ར་མ་ཏཱིའོ། ། རཱ་ཞེས་བྱ་བ་ནི་ར་མེ་ཤྭ་རི་ན་ཨ་མི་ཏཱ་བྷ་དང་ཁར་ཝ་རཱིའོ། ། དེ་ཞེས་བྱ་བ་ནི་དེ་ཝི་ཀོཊ་ན་བཛྲ་པྲ་བྷ་དང་ལང་ ཀེ་ཤཱ་རཱིའོ། མཱ་ཞེས་བྱ་བ་ནི་མ་ལ་བ་ན་བཛྲ་དེ་ཧ་དང་དྲུ་མཙྪ་ཡཱའོ། ། ཉེ་བའི་གནས་སོ། ། ཐུགས་ཀྱི་འཁོར་ལོ་སྟེ་ནམ་མཁའ་ལ་རྒྱུ་བའོ། ། ཀཱ་ཞེས་བྱ་བ་ནི་ཀ་མ་རཱུ་པ་ན་ཨང་གུ་རི་དང་ཨི་རཱ་བ་ཏཱིའོ། ། ཨོ་ཞེས་བྱ་བ་ནི་ཨོ་ཌི་ན་བཛྲ་ཛ་ཊི་ལ་དང་མ་ཧཱ་བྷཻ་ར་བཱའོ། ། ཞིང་ངོ་། ། ཏྲི་ ཞེས་བྱ་བ་ནི་ཏྲི་ཤ་ཀུ་ནི་ན་མ་ཧཱ་བྷཻ་ར་བ་དང་བཱ་ཡུ་བེ་གཱའོ། ། ཀོ་ཞེས་བྱ་བ་ནི་ཀོ་ས་ལ་ན་བཛྲ་ཧཱུཾ་ཀཱ་ར་དང་། སུ་ར་བྷ་ཀྵཱའོ་ཉེ་བའི་ཞིང་ངོ་། ། ཀ་ཞེས་བྱ་བ་ནི་ཀ་ལིང་ག་ན་སུ་བྷ་དྲ་དང་ཤྱཱ་མ་དེ་བཱིའོ། ། ལ་ཞེས་བྱ་བ་ནི་ལམ་བ་ཀ་ན་བཛྲ་བྷ་དྲ་དང་། ། སུ་བྷ་དྲཱའོ་ཚན་དོ་ཧའོ། ། ཀཱ་ཞེས་བྱ་བ་ ནི་ཀཱཉྩི་ན་མ་ཧཱ་བྷཻ་ར་བ་དང་ཧ་ཡ་ཀརྞཱའོ། ། ཧི་ཞེས་བྱ་བ་ནི་ཧི་མཱ་ལ་ཡ་ན་བི་རཱུ་པཱ་ཀྵ་དང་ཁ་གཱ་ན་ནཱིའོ། ། ཉེ་བའི་ཚན་དོ་ཧའོ། ། གསུང་གི་འཁོར་ལོ་སྟེ་ས་ལ་རྒྱུ་བའོ། ། པྲེ་ཞེས་བྱ་བ་ནི་པྲེ་ཏ་པུ་རི་ན་མ་ཧ་བ་ལ་དང་ཙཀྲ་བེ་གཱའོ། །
BO
གྲྀ་ཞེས་བྱ་བ་ནི་གྲྀ་ཧ་དེ་བ་ཏཱ་ན་རཏྣ་བཛྲ་དང་ཁཎྜ་རོ་ཧཱའོ། ། འདུ་བ་ཅན་ནོ། ། སཽ་ཞེས་བྱ་བ་ནི་སཽ་རཱཥྚ་ན་ཧ་ཡ་གྲཱི་བ་དང་། ཤཽཎྜི་ནཱིའོ། ། སུ་ཞེས་བྱ་བ་ནི་སུ་པརྞ་དྭཱི་པ་ན་ཨཱ་ཀཱ་ཤ་གར་བྷ་དང་ཙཀྲ་བ་ར་མཱི་ཎཱིའོ། ། ཉེ་བར་འདུ་བ་ཅན་ནོ། ། ནཱ་ཞེས་བྱ་བ་ནི་ནཱ་ག་ར་ན་ཤྲཱི་ཧེ་རུ་ཀ་དང་སུ་བཱི་རཱའོ། ། སི་ཞེས་བྱ་བ་ནི་སི་ནདྷུ་དེ་ཤ་ན། པདྨ་ན་རྟྟེ་ཤྭ་ར་ དང་། མ་ཧཱ་བ་ལཱའོ། ། དུར་ཁྲོད་དོ། ། མ་ཞེས་བྱ་བ་ནི་མ་རུ་དེ་ཤ་ན་བ་རོ་ཙ་ན་དང་ཙ་ཀྲ་བར་ཏི་ནཱིའོ། ། ཀུ་ཞེས་བྱ་བ་ནི་ཀུ་ལུ་ཏཱ་ན་བཛྲ་ས་ཏྭ་དང་མ་ཧཱ་བཱི་རྱཱ་འོ། ། ཉེ་བའི་དུར་ཁྲོད་དོ། ། སྐུའི་འཁོར་ལོ་སྟེ་ས་འོག་ན་སྤྱོད་པའོ། ། ཀཱ་ཀཱ་སྱཱ་དང་ཨུ་ལཱུ་ཀཱ་སྱཱ་དང་ཤྭ་ནཱ་སྱཱ་དང་སཱུ་ཀ་ རཱ་སྱཱ་ནི་ཕྱོགས་སུའོ། ། ཡ་མ་དཱ་དྷི་དང་ཡ་མ་དཱུ་ཏཱི་དང་ཡ་མ་དཾཥྚི་ཎཱི་དང་། ཡ་མ་མ་ཐ་ནཱི་ནི་མཚམས་སུའོ། ། དེ་ལྟར་ཕྱི་དང་ནང་གི་བདག་ཉིད་ཇི་སྲིད་ངེས་པར་རྟོག་པའི་སྤྱོད་ཡུལ་དུ་གྱུར་གྱི་བར་དུ་དམིགས་པར་བྱའོ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་ལྷའི་གནས་ཀྱིས་ བསྟན་པ་སྟེ་ལྔ་པའོ། ། ། ། དེ་ནས་བདག་པོ་སོགས་ཀུན་གྱི། །
BO
མཚན་མ་ཕྱག་རྒྱའི་ཚོགས་རྣམས་དང་། ། རང་མདོག་ཕྱག་མཚན་བཞུགས་ཚུལ་རྣམས། ། རྒྱུད་དུ་སྦས་པ་ངེས་པར་བྱ། ། རྒྱལ་ཆེན་ཤྲཱི་ཧེ་རུ་ཀ་ནི། ། གདུག་པ་ཐམས་ཅད་རབ་འཇོམས་པ། ། ཕྱག་ གཉིས་ཡང་དག་འཁྱུད་པ་དང་། ། གཉིས་ཀྱིས་གླང་པོའི་པགས་པ་འཛིན། ། གཡས་པའི་ལྷག་མར་དགྲ་སྟ་མདུང་། ། རྩེ་གསུམ་གྲི་གུག་ཌཱ་མ་རུ། ། གཡོན་གྱི་ལྷག་མར་ཁ་ཊྭཱཾ་བསྒྲེང་། ། ཐོད་པ་དམར་ཆེན་ཞགས་པ་དང་། ། ཚངས་པའི་མགོ་བོ་རྣམས་བཤད་དོ། ། བཅུ་གཉིས་ ཀྱིས་ནི་བརྒྱན་པ་ཡིན། ། ཐོད་པའི་ཕྲེང་བའི་མཆོད་ཕྱིར་ཐོགས། ། བརྒྱ་ཕྱེད་པར་ནི་ཤེས་པར་བྱ། ། བཅོམ་ལྡན་ཡུམ་ནི་མདུན་དུ་བཞུགས། ། ཞལ་གཅིག་འབར་བ་ཆེན་པོ་སྟེ། ། འཁྱུད་པ་ཡིས་ནི་ཐོད་པ་དག ། གདུག་པའི་བདུད་ཀྱི་ཁྲག་བཀང་བསྣམས། ། གཡས་ པས་རྟག་ཏུ་སྡིགས་མཛུབ་དང་། ། མ་རུངས་པ་ཡི་གྲི་གུག་བསྣམས། ། སྐུ་མདོག་དམར་ཞིང་ཆེར་འབར་བ། ། ཐོད་དུམ་བརྒྱན་པའི་སྐུ་རགས་ཅན། ། དབུ་སྐྲ་གྲོལ་ཞིང་སྤྱན་གསུམ་སྐུ། ། མཆེ་བ་གཙིགས་པ་འཇིགས་སུ་རུང་། ། བྱིན་པ་ ཞབས་ཀྱིས་ལེགས་པར་འཁྱུད། ། གཉིས་ཀ་ཁ་སྦྱར་ཚུལ་གྱིས་བཞུགས། ། མཁའ་འགྲོ་མ་སོགས་བཞི་པོ་ནི། ། ཁ་ཊྭཱཾ་ག་སྣོད་གྲི་གུག་བསྣམས། །
BO
སྐུ་ལ་སྤྱན་གསུམ་རྒྱ་ལྔ་སོགས། ། སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། ། དཔའ་བོ་ཉི་ཤུ་རྩ་བཞི་ནི། ། ཕྱག་ རྒྱ་ལྔ་ལ་སོགས་པས་བརྒྱན། ། ཕྱག་གཉིས་ཞལ་གཅིག་སྤྱན་གསུམ་པ། ། རལ་པའི་ཅོད་པན་དར་གྱིས་བཅིངས། ། རྡོ་རྗེ་དྲིལ་བུས་ལེགས་འཁྱུད་ཅིང་། ། ཆགས་པ་ཆེན་པོ་རྗེས་ཆགས་མཛད། ། རྣལ་འབྱོར་མ་ནི་ཉི་ཤུ་བཞི། ། དབུ་སྐྲ་གྲོལ་བས་རྣམ་པར་ བརྒྱན། ། ཕྱག་རྒྱ་ལྔ་ལ་སོགས་པ་དང་། ། སྤྱི་བོར་ནོར་བུས་རྣམ་པར་བརྒྱན། ། རྣལ་འབྱོར་སྣོད་དང་བཅས་པས་འཁྱུད། ། སྡིགས་མཛུབ་ཀྱིས་ནི་གྲི་གུག་བསྣམས། ། ཧེ་རུ་ཀ་དཔལ་ལ་སོགས་ཀུན། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། མགུར་ཆུ་དཔུང་རྒྱན་རྣ་ཆ་དང་། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། མཆོད་ཕྱིར་ཐོགས་དང་ཐལ་བ་ནི། ། ཕྱག་རྒྱ་དྲུག་པར་རབ་ཏུ་བཤད། ། ཕ་རོལ་ཕྱིན་དྲུག་རྣམ་དག་པས། ། ཕྱག་རྒྱ་དྲུག་གིས་བརྒྱན་པ་ཡིན། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། ། སྤྱན་གསུམ་འོག་ པག་དག་གིས་བརྒྱན། ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། ། ཡི་གེ་གསུམ་གྱི་དངོས་གྲུབ་ཀྱི། ། ངོ་བོར་བདག་ཉིད་བསྒོམ་བྱ་ཞིང་། ། དངོས་གྲུབ་འདོད་པས་གཞན་མི་བྱ། ། དེ་ཡི་བསོད་ནམས་གང་འགྱུར་བ། །
BO
སྒྲུབ་པའི་ཡོན་ཏན་རྒྱ་ཆེན་པོ། ། ལྕེ་ནི་བརྒྱ་སྟོང་དུ་མ་ཡིས། ། བསོད་ནམས་བརྗོད་པར་ནུས་མ་ཡིན། ། ཁྭ་གདོང་ལ་སོགས་རྣམ་པ་བཞི། ། ཐམས་ཅད་ཀྱང་ནི་སྒོ་སྐྱོང་སྟེ། ། ཁ་ཊྭཱཾ་ག་དང་ཐོད་པ་ཐོགས། ། སྐུ་ལ་ཕྱག་རྒྱ་ལྔ་སོགས་ལྡན། ། གཤིན་རྗེ་བརྟན་སོགས་མཚམས་བཞིར་ཏེ། ། དེ་དག་ཞབས་གཉིས་བརྐྱང་པ་དང་། ། གཟུགས་གཉིས་ལྡན་ཞིང་ཡིད་འཕྲོག་མ། ། མཁའ་འགྲོ་མ་སྐྱེད་ཇི་བཞིན་དུ། ། ཁྭ་གདོང་ལ་སོགས་དབྱེ་བ་ཉིད། ། དེ་ལྟར་མ་ལུས་འཁོར་ལོར་གནས། ། མདོག་དབྱེའི་ཆོ་གའི་རིམ་བཞིན་ནོ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་རང་གི་མཚན་མ་དང་། ། ཞལ་ དང་ཕྱག་རྒྱ་དང་། སྐུ་མདོག་དང་མཚོན་ཆ་བསྟན་པ་སྟེ་དྲུག་པའོ། ། ། ། དེ་ནས་གོ་ཆ་གཉིས་པོ་ནི། ། གང་ཤེས་པས་ནི་མྱུར་བ་རུ། ། སྒྲུབ་པ་པོ་ཡིས་གྲུབ་ཐོབ་པ། ། རྒྱུད་དུ་སྦས་པ་ངེས་བཤད་བྱ། ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ། སྙིང་ག་སྤྱི་བོ་སྤྱི་གཙུག་དང་། ། དཔུང་པ་མིག་གཉིས་གོ་ཆ་སྦྱར། ། དང་པོ་རྡོ་རྗེ་སེམས་དཔའ་སྟེ། ། གཉིས་པ་རྣམ་པར་སྣང་མཛད་གནས། ། གསུམ་པ་པདྨ་གར་དབང་རྒྱལ། ། བཞི་པ་ཧེ་རུ་ཀ་དཔལ་བཤད། །
BO
ལྔ་པ་རྡོ་རྗེ་ཉི་མ་སྟེ། ། དྲུག་པ་ལ་ནི་ རྟ་མཆོག་ཡིན། ། དེ་ནི་གོ་ཆ་རྣམ་དྲུག་གིས། ། ཤིན་ཏུ་བསྲུངས་པ་ཉིད་ཡིན་ནོ། ། ཨོྃ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ལྟེ་བ་སྙིང་ག་དེ་བཞིན་ཁ། ། སྤྱི་བོ་སྤྱི་གཙུག་གོ་ཆ་ཉིད། ། དང་པོ་རྡོ་རྗེ་ཕག་མོའོ། ། གཉིས་པ་ཡ་མི་ནཱི་རུ་བརྗོད། ། གསུམ་པ་ རྨོངས་བྱེད་མ་ཉིད་དེ། ། བཞི་པ་སྦྱིན་མ་ཡིན་པར་བཤད། ། ལྔ་པ་ཀུན་ཏུ་སྐྲག་པར་གྲགས། ། དྲུག་པ་གཏུམ་མོ་ཡིན་པར་བཤད། ། གོ་ཆ་དྲུག་ཉིད་ཕག་མོ་དང་། ། དཔའ་བོ་གཉིས་མེད་རྣལ་འབྱོར་མའོ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་གོ་ཆ་གཉིས་བསྟན་པ་ སྟེ་བདུན་པའོ། ། ། ། དེ་ནས་པོ་ཆ་གཉིས་ཤེས་ནས། ། ཡེ་ཤེས་འཁོར་ལོ་རྣམ་བསྒོམས་ནས། ། སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། ། དམ་ཚིག་འཁོར་ལོར་མྱུར་གཞུག་བྱ། ། རྐང་པ་མནན་ལ་སྟེང་དུ་བལྟ། ། སྟེང་དུ་ཕེཾ་གྱི་སྒྲ་བསྒྲགས་ལ། ། ཕྱོགས་བཅུའི་ འཇིག་རྟེན་ཁམས་གནས་པའི། ། དཔའ་བོ་རྣལ་འབྱོར་མ་རྣམས་དགུག ། སྔགས་ཀྱིས་ཡང་དག་བསྐུལ་བ་དང་། ། སྐད་ཅིག་དེ་ལ་སྤྱན་དྲང་བྱ། ། མཛུབ་མོ་དགུག་བྱས་གུང་མོ་ངེས་པར་སྦྱར། །
BO
མཐེ་བོང་རྡོ་རྗེ་བརྙན་པོར་ཡང་དག་སྦྱར། ། དེ་ནི་དཔྲལ་བའི་ཕྱོགས་ཀྱི་དབུས་ གཞག་ལ། ། གཅུ་ཞིང་གཅུ་ཞིང་བསྐོར་བ་བྱས་པ་ཡིས། ། སྔགས་པས་དཔའ་བོ་རྣལ་འབྱོར་མ་བྱིན་བརླབ། ། ཡི་གེ་དྱཱ་ནི་སྣ་རྩེར་ཡང་དག་སྦྱར། ། བྱཱ་ནི་མཚན་གྱི་ལྟེ་བར་ཡང་དག་དགོད། ། ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། ། སྔགས་ཀྱི་ ཚོགས་དང་བཅས་པས་བྱིན་གྱིས་བརླབ། ། ལྟེ་བ་སྙིང་ག་དག་ཏུ་རྣལ་འབྱོར་མ། ། སངས་རྒྱས་མཁའ་འགྲོ་མ་ཡི་སྔགས་ཀྱིས་ནི། ། ཨ་བ་དྷཱུ་ཏཱི་གཉིས་ཀྱིས་དཔའ་བྱིན་བརླབ། ། རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཡིན། ། དང་པོར་དགའ་བ་དཔའ་བོ་སྟེ། ། མཆོག་ཏུ་དགའ་བ་རྣལ་འབྱོར་མ། ། རབ་ཏུ་དགའ་བ་མ་ལུས་ཉིད། ། བདེ་བའི་ཐབས་དེ་ཀུན་རིག་པའོ། ། ལྷ་ཡུལ་ས་སྟེང་ས་འོག་ཏུ། ། སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར། ། སྒོམ་པ་བདག་གིས་བཤད་པ་ཡི། ། བསྡུ་བ་དེ་ཉིད་བཤད་པ་ནི། ། གཡས་དང་ གཡོན་གྱི་ལག་གཉིས་ཀྱིས། ། བསྐོར་བ་མཁའ་འགྲོའི་བདེ་དེ་ཡིན། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་དང་བསྡུ་བ་བསྟན་པ་སྟེ་བརྒྱད་པའོ། ། ། ། དེ་ནས་སྤྲུལ་པར་ཤེས་བྱ་དང་། །
BO
ལོངས་སྤྱོད་རྫོགས་པར་འདོད་པ་ ཉོན། ། ཐེག་པ་ཆེན་པོ་ཕྱག་རྒྱ་ཆེ། ། རྣལ་འབྱོར་མ་ཡི་གྲུབ་སྟེར་བཤད། ། ཕྱག་རྒྱ་ཆེན་པོ་ལས་ལྷག་པའི། ། རྣལ་འབྱོར་ཀུན་ལས་མཆོག་གཞན་མེད། ། ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། ། རྣལ་འབྱོར་ཀུན་དབང་དབང་ཕྱུག་ཡིན། ། མཁའ་འགྲོ་མ་ཡི་དྲ་བ་སྡོམ། ། ནམ་ མཁའ་དང་མཉམ་ལས་བླངས་པ། ། ཀུན་མཁྱེན་ཡེ་ཤེས་དེའི་རང་བཞིན། ། ཧེ་རུ་ཀ་དཔལ་དཔའ་བོ་མཆོག ། སྐྱེ་བོ་དམ་པ་ཀུན་འདུས་པ། ། ཞི་བའི་བཏུང་བས་གྲུབ་འགྱུར་བ། ། རྟག་པའི་གོ་འཕང་མཆོག་ཡིན་ཏེ། ། སྐྱོན་མེད་པ་ནི་རྟག་པའི་གནས། ། བུ་ལ་སོགས་ པ་ཡང་དག་སྦྱར། ། ཡུལ་དང་ཡུལ་དུ་རྣམ་པར་གནས། ། ཧེ་རུ་ཀ་དཔལ་བདག་ཉིད་དགོད། ། ཡི་གེ་ཉི་ཤུ་རྩ་བཞི་ནི། ། ལོངས་སྤྱོད་རྫོགས་པར་ཤེས་བྱ་སྟེ། ། རྣལ་འབྱོར་ཆེ་ལ་གནས་པ་ཡིན། ། མདོར་བསྡུས་ནས་ནི་རབ་འཇུག་པ། ། བློ་གྲོས་བརྩོན་པས་ཤེས་ པར་བྱ། ། ལྡོག་པའང་ཇི་ལྟར་བསྟན་པ་ནི། ། བཤད་བྱ་སྒྲུབ་པ་པོ་རྣམས་ཉོན། ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། ། རུ་ནི་བཀོད་དང་བྲལ་བ་སྟེ། ། ཀ་ནི་གང་དུའང་མི་གནས་པའོ། ། དེ་ནི་རང་བཞིན་སྟོང་བ་སྟེ། །
BO
ཀུན་ཏུ་འགྲོ་ཞིང་མི་ཤིགས་ པར། ། མདོར་བསྡུས་ནས་ནི་སྒོམ་བྱེད་པ། ། འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། ། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། ། སྐུ་གསུམ་དག་ནི་རྣམ་སྒོམ་པ། ། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། ། དེར་ནི་ངེས་པར་བསྒོམ་པར་བྱ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་འཇུག་པ་ བསྟན་པ་སྟེ་དགུ་པའོ། ། ། ། དེ་ནས་བསྒོམས་པས་དུབ་གྱུར་ན། ། བསྡུས་པ་སྤྱོད་ཚུལ་ཁྱད་པར་གྱིས། ། སྦྱོར་དང་བྲལ་བར་མི་བྱ་སྟེ། ། སྤྱོད་པའི་རྣལ་འབྱོར་པ་འདི་ཡིན། ། སྔར་ནི་ཇི་སྐད་བཤད་པ་བཞིན། ། བསམ་གཏན་ཆོ་ག་རྒྱས་བྱས་ལ། ། རང་འདོད་ ལས་ལ་གཏོར་མ་ནི། ། ཁྱད་པར་དུ་ཡང་སྦྱིན་པར་བྱ། ། ཟླ་བ་མར་ངོའི་ཚེས་བཅུ་དང་། ། ཟླ་བ་ཡར་ངོའི་དེ་ཉིད་ལ། ། འབད་པས་དཔའ་བོ་ཆང་སོགས་དང་། ། རྡོ་རྗེ་ལྷ་མོ་རབ་མཆོད་ཅིང་། ། སྔར་བཤད་སྔགས་དང་རྒྱ་སྦྱར་བ། ། ཆོ་ག་བཞིན་དུ་ཡང་དག་བསྲུང་། ། ཨོཾ་ཨཱ་ར་ལླི་ཧོཿཛཿཧཱུྃ་བཾ་ཧོཿ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། དེ་ལྟར་ལན་གསུམ་བཞི་ལྔར་བརྗོད། ། དམ་ཚིག་སོགས་རྫས་ལེགས་གནས་པར། ། རྡོ་རྗེ་ཐལ་མོ་ཁ་གྱེན་ཕྱེ། ། དཔའ་བོ་རྣལ་འབྱོར་མས་མངོན་བཟླ། །
BO
ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ། སརྦ་ཡཀྵ་རཱཀྵ་ ས། བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོནྨཱ་དཱ། པ་སྨཱ་ར་བཛྲ་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལཾ་གྲྀ་ཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐཻ་བྃ། ཡ་ཐེཥྚཾ་བྷུཉྫ་ཐ་ཛི་གྷྲ་ཐ། པི་བ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡཱ། ། སཏྶུ་ཁཾ་བི་ཤུད་དྷ་ཡེ། ས་ཧ་ཡི་ཀ་བྷ་བནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་ སྭཱ་ཧཱ། དཔའ་བོའི་འཁོར་ལོ་ལ་སོགས་སྔགས། ། དུར་ཁྲོད་ལ་སོགས་ཀྱིས་ཀྱང་བརྒྱན། ། ལྷོ་ཕྱོགས་ཁ་བལྟས་རྣལ་འབྱོར་པས། ། གནས་ནི་མཐོན་པོར་རབ་ཏུ་མཆོད། ། ཉེ་བར་མཚོན་པ་ཇི་ལྟ་བར། ། བདག་གིས་ནུས་པས་དབུལ་བར་བྱ། ། དགུན་ཟླ་འབྲིང་ པོ་ལ་སོགས་པའི། ། ཚེས་བཅུ་ལ་ནི་དད་པས་མཆོད། ། སྐྱེ་བོ་དམ་པ་ཀུན་འདུལ་ལ། ། བདེ་བ་ཐམས་ཅད་དབུལ་བར་བྱ། ། དེར་ནི་བཤོས་རྣམས་བཟའ་བྱ་སྟེ། ། ལྷག་མ་སྣོད་དུ་གཞག་པར་བྱ། ། དེ་ཡི་ལག་ཏུ་འོངས་པའི་དཔལ། ། གང་གིས་ཀྱང་ནི་གཞོམ་མི་ནུས། ། དེ་ནི་སྐྱེ་བོ་དད་ལྡན་རྣམས་ཀྱིས་མཆོད། ། ཧེ་རུ་ཀ་དཔལ་མངོན་པར་དགྱེས་གྱུར་ནས། ། ཀུན་ཏུ་དགྱེས་པའི་མཆོག་ནི་སྩོལ་འགྱུར་ཏེ། ། གང་ཕྱིར་མཆོག་ནི་དེ་ཡི་ལག་ན་གནས། ། མཚན་མོ་སྐྲ་ནི་གྲོལ་གྱུར་པས། །
BO
བརྟུལ་ཞུགས་གོས་མེད་གཏོར་སྦྱིན་ན། ། ཧེ་རུ་ཀ་དཔལ་རྣལ་འབྱོར་བདག ། དེས་ནི་མ་མོ་དགའ་བར་འགྱུར། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་གཏོར་མ་དང་། ། མཆོད་པ་ཚེས་བཅུར་བྱ་བ་སྲུང་བ་བསྟན་པ་སྟེ་བཅུ་པའོ། ། ། ། དེ་ནས་ཕ་རོལ་ཕྱིན་ དྲུག་དང་། ། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། ། གནས་སོགས་ས་ནི་བཅུ་པོ་རྣམས། ། ཆེ་མཆོག་ལྷ་ཡི་བདག་ཉིད་ཅན། ། དངོས་པོ་གང་དང་གང་གིས་ནི། ། མི་རྣམས་ཡིད་ནི་ཡང་དག་སྦྱོར། ། དེ་ཡིས་དེ་ཡི་དངོས་འགྱུར་ཏེ། ། སྣ་ཚོགས་གཟུགས་ ཅན་ནོར་བུ་འདྲ། ། དེ་བཞིན་འཇིགས་དང་བཅས་པའམ། ། འཇིགས་མེད་ཇི་ལྟ་ཇི་ལྟར་གནས། ། བསམ་གཏན་དག་གམ་སྒོམ་པ་ཡིས། ། ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། ། སྤྱོད་དང་གྲོལ་བའི་འབྲས་རབ་སྩལ། ། ཚེ་འདི་ཉིད་ལ་ཐོབ་འགྱུར་བ། ། བསྒོམ་ པ་བདག་གིས་བཤད་པར་བགྱི། ། སྙིང་པོ་ཀུན་ལས་བཏུས་པ་ཡིན། ། ལོག་པའི་ཤེས་པའི་ཤེས་པ་ཅན། ། གང་ཡང་ཁྱོད་ཀྱིས་བཤད་མི་བྱ། ། བླ་མའི་རིམ་ལས་ཇི་ལྟར་བསྟན། ། གང་གིས་མྱུར་དུ་ཤེས་འགྱུར་བ། ། སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། ། སྒྱུ་འཕྲུལ་ཡེ་ཤེས་ ཀྱིས་བསྐུལ་བ། ། དད་པ་ཡང་དག་བསྐྱེད་པ་དང་། །
BO
རྣལ་འབྱོར་སྤྱོད་ཚུལ་གནས་པ་ཡིན། ། ལྐུགས་ཤིང་གླེན་ལ་ཐབས་ངན་ལྡན། ། བྱིས་པའི་ཤེས་པའི་ཤེས་པ་ཅན། ། སེམས་ཅན་ཡོངས་སུ་མ་སྨིན་དང་། ། ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་པ། ། དེ་དག་ཀུན་གྱིས་ མི་ཤེས་ཏེ། ། མི་ཤེས་མུན་པས་ཁེབས་པ་དང་། ། ཁེངས་པ་ལ་ནི་རྟེན་པར་དགའ། ། ང་རྒྱལ་ལ་སོགས་བདུན་སེམས་ལྡན། ། དེ་ཀུན་གྱིས་ཀྱང་སངས་རྒྱས་ཀྱི། ། སྦྱོང་ཡུལ་གསང་བ་མི་ཤེས་སོ། ། ཧེ་རུ་ཀ་དཔལ་ཡང་དག་འཇུག ། སློབ་དཔོན་ བདག་ཉིད་ཆེན་པོ་ཡིས། ། མྱུར་དུ་དངོས་གྲུབ་སྐྱེད་བྱེད་དེ། ། འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན། ། ཀུན་སྦྱོང་ཆོ་གའི་རྣལ་འབྱོར་ཤེས། ། ཆོ་གའི་བྱ་བ་བསྟན་པར་བྱ། ། སྲིད་པ་གསུམ་པོ་མ་ལུས་ན། ། དེ་ནི་ཀུན་མཁྱེན་བསྟན་པ་ཤེས། ། མཐོང་བ་དང་ནི་ རེག་པ་དང་། ། ཐོས་པ་དང་ནི་དྲན་པ་ཡིས། ། སྡིག་པ་ཀུན་ལས་གྲོལ་འགྱུར་བ། ། དེ་ལྟར་དེ་ནི་ཐེ་ཚོམ་མེད། ། ལྷ་རྣམས་བཟློག་སྟེ་དགོད་པ་དང་། ། སྔགས་ཀྱི་དབྱེ་བ་བཟློག་པ་དང་། ། བསྒོམ་པ་གསང་བ་བཟློག་པ་ནི། ། སྙིང་པོ་ཐམས་ཅད་བསྒྲུབ་པ་ ཡིན། ། རྒྱུད་རྣམས་ཀུན་གྱི་སྤྱི་ཡི་ནི། ། སེམས་ནི་ཡོངས་སུ་སྨིན་པ་དག ། འདིར་ནི་སྦྱོར་སོགས་སྔགས་རྣམས་ཀྱི། །
BO
དམ་ཚིག་དེ་ལྟར་བསྟན་པ་ཡིན། ། བདེ་གཤེགས་དབུགས་འབྱིན་གསུངས་པ་ནི། ། དག་པའི་ལུས་ནི་སྐྱོན་མེད་པ། ། བསོད་ནམས་ ཆུང་བའི་སྔགས་པས་ཀྱང་། ། ང་དགའ་བས་ནི་རྙེད་པར་འགྱུར། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་ཐམས་ཅད་རྣམ་པར་དག་པ་བསྟན་པ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་བསྲུང་མིན་བཟའ་མིན་དང་། ། དཀྱིལ་འཁོར་པ་མིན་དཀྱིལ་འཁོར་མིན། ། བཟླས་ བརྟུལ་སྦྱིན་སྲེག་མེད་མོད་ཀྱི། ། མདོར་ན་སེམས་འདུས་ཚུལ་ཅན་ཡིན། ། གཟུང་བྱ་རྣམ་ཤེས་ཡེ་ཤེས་ནི། ། བླ་མས་བསྟན་ལས་རྩོལ་བྱ་སྟེ། ། ཕྱི་རོལ་གྱི་ནི་བསྟན་བཅོས་པ། ། ལམ་དེ་ཤིན་ཏུ་རིང་བ་ཡིན། ། རྣལ་འབྱོར་པ་རྣམས་ཐབས་ཀྱིས་ནི། ། བླ་མའི་བསྙེན་ བཀུར་ལ་བརྩོན་པ། ། སྟོན་པའི་མཚན་ཉིད་བསྟན་པ་དང་། ། དཔའ་བོས་དེ་ཉིད་བསྟན་པ་ཡིན། ། སྐད་ཅིག་རྣམ་པའི་རྣལ་འབྱོར་བདག ། སྐད་ཅིག་རྣམ་པའི་ཕྱག་རྒྱར་ལྡན། ། ཀུན་ནས་ཐམས་ཅད་སྐད་ཅིག་སྟེ། ། སྐད་ཅིག་གིས་ནི་གསང་སྔགས་བརྗོད། ། སྨྲས་དང་ལྟ་ དང་ལག་བཅངས་དང་། ། འཁྱུད་དང་གཉིས་གཉིས་ལ་སོགས་པ། ། དེ་བཞིན་གཤེགས་པས་དབུགས་འབྱིན་གསུངས། ། གོང་ནས་གོང་དུ་བསྟེན་པར་བྱ། ། ཐམས་ཅད་འདིར་ནི་བསྟན་པ་ཡིན། །
BO
རྣམ་པ་གཞན་དག་རྩྭ་དང་འདྲ། ། དེ་ཉིད་སྲོག་ ཆགས་རྣམས་ཀྱི་སྲོག ། དེ་ཉིད་མི་འགྱུར་དམ་པ་ཡིན། ། དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། ། ལུས་ཀུན་ལ་ནི་རྣམ་པར་གནས། ། དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། ། ཧེ་རུ་ཀ་དཔལ་ཡིན་པར་བཤད། ། སྐྱེས་པ་མ་ནིང་ལ་སོགས་ཉིད། ། ཕྲ་བའི་སྙིང་པོའང་འཛིན་པ་ ཡིན། ། ཡེ་ཤེས་བདག་ཏུ་བྱུང་དེ་ལ། ། གང་ཞིག་ས་ལ་གནས་རྣམས་དང་། ། བསྟན་བཅོས་དག་ནི་མ་ལུས་དང་། ། རིག་བྱེད་གྲུབ་མཐར་གནས་པ་རྣམས། ། འཇིག་རྟེན་འདི་དང་གཞན་དག་ཏུ། ། དེ་མེད་པར་ནི་གྲུབ་མི་འགྱུར། ། རིག་བྱེད་གྲུབ་པའི་མཐའ་རྣམས་ ལས། ། འདི་ནི་སྙིང་པོར་རབ་ཏུ་བཤད། ། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། ། གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། ། གཅིག་པུའི་ཉམས་ནི་དུ་མས་གར་མཛད་དོ། ། འདུག་དང་ལྡང་བ་ཉིད་ངག་དང་། ། འཇུག་དང་རྫོགས་པ་ཉིད་དག་དང་། ། བྱིན་གྱིས་བརླབ་དང་དབང་བསྐུར་དང་། ། ཏིང་འཛིན་མཆོད་པ་བསྡུས་པ་ཡིན། ། དེ་ནས་ཆོ་གའི་མིང་གཞན་པ། ། ཐབས་དང་ཤེས་རབ་གཉིས་མེད་པ། ། དེ་ཉིད་དུ་ནི་ཀུན་སྐྱེས་པ། ། འབྱིན་དང་སྡུད་པར་བྱེད་པ་ཡིན། ། ཨ་ཨཱ། ཨི་ཨཱི།
BO
ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ། འདི་ནི་བཅོམ་ལྡན་ལྷ་དེ་ཡིན། ། མཆོག་ཉིད་ལྷག་པར་གནས་པ་ཡིན། ། ལྷ་ ཀུན་གྱི་ནི་སྐྱེད་པ་དང་། ། སྔགས་རྣམས་ཀྱི་ནི་རྒྱུད་ཉིད་ཡིན། ། གང་ཞིག་འདི་རྟག་སྒོམ་པ་དང་། ། རྟག་ཏུ་ཀློག་ཅིང་སེམས་པ་དང་། ། རྣལ་འབྱོར་པ་ཡིས་དང་པོར་བརྗོད། ། ཧེ་རུ་ཀ་དཔལ་གཉིས་མེད་འགྱུར། ། དེར་ནི་ལག་སོགས་རྒྱན་ཡིན་ཏེ། ། སྐ་རགས་གནས་ རྣམས་ཐམས་ཅད་ཡིན། ། འདི་ནི་རྟག་ཏུ་འཛིན་བྱེད་པ། ། ཆོས་ཀུན་རྟོགས་པར་བྱེད་པ་ཡིན། ། ཨཱ་ལི་ཀཱ་ལི་མདུན་བསམས་ཏེ། ། རྣལ་འབྱོར་ཆེན་པོས་རྣམ་གནས་ལ། ། ཟླ་བའི་དཀྱིལ་འཁོར་ལེགས་རྫོགས་པ། ། ལྟེ་བའི་རྩ་བར་གནས་པར་བསྒོམ། ། དེ་ཡི་དབུས་ གནས་བསམ་པ་ནི། ། དམ་པའི་གནས་མཆོག་ཡི་གེ་སྟེ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ། ལྷ་ཡི་སྐུ་ནི་བསྒོམ་པར་བྱ། ། དེ་ནི་གཟུགས་ལས་འདས་པ་སྟེ། ། དངོས་པོ་མེད་པའི་སེམས་ཉིད་ཡིན། ། བསམ་མི་ཁྱབ་པ་ཉིད་བསམས་ཏེ། ། བསམ་དེ་མཚན་ མར་བརྟག་མི་བྱ། ། ཡང་ན་བདག་ཉིད་སེམས་བསམ་པ། །
BO
དེ་ལས་གཟུངས་ནི་འཐོབ་པར་འགྱུར། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་རྒྱུད་ཐམས་ཅད་ལས་ངེས་པར་བྱས་པའི་དེ་ཁོ་ན་ཉིད་ཀྱི་གནས་གཅིག་པུ་བསྟན་པ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་ གཞན་ཡང་བཤད་བྱ་བ། ། དཔའ་བོ་རྣལ་འབྱོར་མ་གཉིས་མེད། ། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེའི། ། གནས་ནི་ཡི་གེའི་ས་པ་ཡིན། ། པུལླཱིར་མ་ཡ་མགོ་བོ་ལ། ཛཱ་ལན་དྷ་ར་སྤྱི་གཙུག་ཉིད། ། ཨཽ་ཏྱན་རྣ་བ་གཡས་པ་སྟེ། ། ཨར་བུ་ད་ནི་རྒྱབ་ཕྱོགས་ ལའོ། ། གནས་སོ། ། གོ་དཱ་བ་རཱི་རྣ་བ་གཡོན། ། རཱ་མེ་ཤྭ་ར་སྨིན་མའི་མཚམས། ། དེ་བཱི་ཀོ་ཊ་མིག་གཉིས་ཏེ། ། མཱ་ལ་ཡ་ནི་དཔུང་མགོར་རོ། ། ཉེ་བའི་གནས་སོ། ། ཀཱ་མ་རཱུ་པ་མཆན་ཁུང་དགོད། ། ཨོ་ཊེ་ནུ་མ་གཉིས་ལའོ། ། ཞིང་ངོ་། ། ཏྲི་ཤ་ཀུ་ནི་ ལྟེ་བའི་དབུས། ། ཀོ་ས་ལ་ནི་སྣ་རྩེར་རོ། ། ཉེ་བའི་ཞིང་ངོ་། ། ཀ་ལིང་ཀ་ནི་ཁ་ལ་དགོད། ། ལྃ་བ་ཀ་ནི་མགྲིན་དབུས་ཉིད། ། ཚན་དོ་ཧའོ། ། ཀཱ་ཉྩི་སྙིང་ལ་དགོད་པར་བྱ། ། ཧི་མཱ་ལ་ཡ་མཆན་རྩར་རོ། ། ཨུ་པ་ཚན་དོ་ཧའོ། ། པྲེ་ཏ་པུ་རི་མཚན་ལ་སྟེ། ། གྲྀ་ཧ་དེ་ བ་བཤང་ལམ་ལའོ། ། འདུ་བ་ཅན་ནོ། ། སཽ་རཱ་ཥྚ་བརླ་གཉིས་བསམ། ། གསེར་གླིང་རྗེ་ངར་གཉིས་ལའོ། །
BO
ཉེ་བར་འདུ་བ་ཅན་ནོ། ། ནཱ་གར་ནི་སོར་མོར་རོ། ། སིན་དྷུ་རྐང་པའི་བོལ་གཉིས་ལའོ། ། དུར་ཁྲོད་དོ། ། མ་རུ་མཐེ་བོང་གཉིས་ལ་དགོད། ། ཀུ་ལུ་ཏཱ་ནི་ པུས་མོར་གནས། ། ཉེ་བའི་དུར་ཁྲོད་དོ། ། པུ་ཛཱ་ཨོ་ཨ་གོ་ར་དེ་མཱ། ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། ། པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུ། ། གཉིད་ལོག་མ་ལོག་ལྡང་བ་དང་། ། བཟའ་འམ་འགྲོ་བའི་ཆོས་སྤྱོད་པའམ། ། གང་ཡིན་དེར་ནི་རྣམ་བཀོད་ན། ། འཇིག་རྟེན་ གསུམ་གྱིས་མི་གཡོའོ། ། མིང་གི་རྒྱུད་ནི་འབུམ་སྡེ་ལས། ། སྙིང་པོ་བསྡུས་པར་གྱུར་པ་ཡིན། ། ནམ་མཁའ་དང་ནི་མཉམ་པའི་རྒྱུད། ། འབུམ་གཅིག་ནང་ནས་དེ་བཞིན་བཤད། ། ཤེས་རབ་རྒྱུད་ནི་གསང་བ་སྟེ། ། མིང་འབྱུང་བ་ལས་གནས་པ་ཡིན། ། བསྟན་པ་ ཡིས་ནི་སྤྲུལ་པ་ཡིན། ། བཤད་པས་ལོངས་སྤྱོད་རྫོགས་པར་འདོད། ། སོ་སོར་བསྟན་པ་མ་ལུས་ཉིད། ། མྱ་ངན་འདས་པའི་དེ་ཉིད་བསྟན། ། སྐུ་གསུམ་འཁོར་ལོ་གསུམ་དུ་བཤད། ། ཆོས་སོགས་ལོངས་སྤྱོད་རྫོགས་པ་ཉིད། ། བསོད་ནམས་ཡེ་ཤེས་ཚོགས་ དག་ནི། ། བདེན་པ་གཉིས་ལ་གནས་པ་ཡིན། ། བློ་ངན་གླེན་ཞིང་ལྐུགས་པ་དང་། ། ཤེས་རབ་དམན་ཞིང་ལོག་ལྟ་ཅན། ། ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་པ། །
BO
བླ་མ་ལ་ནི་སུན་འབྱིན་ཡིན། ། དེ་དག་ཀུན་ཀྱང་རྣམ་སྤངས་ཏེ། ། གུས་ཀྱང་བཤད་པར་མི་བྱའོ། ། ཆ་དང་ཆ་ཡི་ཁྱད་པར་ལ། ། དེར་ནི་གཉིས་སུ་མེད་པར་བཤད། ། དག་བྱེད་དབང་གི་ལྷ་མོ་དང་། ། བཀའ་བསྒོའི་ལྷ་མོ་དཔའ་བོ་སྐྱེས། ། དེ་འོག་མ་ལུས་ཀུན་སྤྱོད་པ། ། འཁོར་བ་ལས་གྲོལ་གཙོ་བོ་ཡིན། ། མ་ལུས་རིག་བྱེད་ལས་སྤྲུལ་པ། ། གྲུབ་པའི་མཐར་ནི་ དེ་རབ་བསྒྲགས། ། དཔའ་བོ་ཁྱོད་ཀྱིས་ང་ལ་བཤད། ། སངས་རྒྱས་མུ་སྟེགས་ཅན་ལ་སྦ། ། སྒྲ་དང་སྒྲ་ཉམས་བརྡ་རྣམས་ཀྱི། ། ལམ་འདི་ཉིད་ཀྱི་རྗེས་སུ་འབྲང་། ། བསྡུས་དོན་ཡང་དག་བླངས་པ་དང་། ། བརྡ་ཡི་ཚིག་ནི་རྒྱས་པ་ཡིན། ། གང་གིས་ཀུན་སྤྱོད་མི་ ཤེས་པར། ། རྣལ་འབྱོར་པ་ནི་རྣལ་འབྱོར་སྟོན། ། དེ་ཡི་ངལ་བ་དོན་མེད་དེ། ། འབྲས་བུ་དེ་ནི་ཐོབ་མི་འགྱུར། ། འགྲོ་ལ་འཕགས་པས་སྔོན་གསུངས་པ། ། སྦས་ཏེ་གཞན་དུ་གསུངས་པ་ཡིན། ། ཀུན་སྤྱོད་འདིར་ནི་བཤད་པ་ལས། ། སྒྲུབ་པ་པོས་ནི་རབ་མཉམ་གཞག ། རྒྱལ་བས་སྔོན་ནི་རྒྱུད་ཆེན་པོའི། ། སྔགས་ཀྱི་ཡི་གེ་སྒྲུབ་མཛད་པ། ། ལས་ཀྱི་བྱ་བ་གང་ཡང་རུང་། ། དགེ་དང་མི་དགེ་བརྟགས་ཏེ་བྱ། ། ཡི་གེ་མཐའ་དང་དབུས་དག་ཏུ། ། དེར་ནི་ཐམས་ཅད་རབ་ཏུ་གྲུབ།
BO
། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་ཨཱ་ལི་ཀཱ་ལི་ དང་། ལས་ཐམས་ཅད་ཀྱི་ངེས་པ་གཉིས་སུ་མེད་པར་བསྟན་པ་སྟེ་བཅུ་གསུམ་པའོ། ། ། ། དེ་ནས་རྒྱུད་རྣམས་ཐམས་ཅད་དུ། ། སྦས་གསང་ཆོ་ག་བཤད་བྱ་སྟེ། ། སངས་རྒྱས་བཞི་ཡི་གདན་བཞུགས་པ། ། རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར། ། མཁའ་ འགྲོ་ལ་སོགས་རྡོ་རྗེ་ཡི། ། དཔའ་བོ་རྣལ་འབྱོར་དབང་ཕྱུག་གཙོ། ། མེ་ལོང་ལ་སོགས་རྣམ་པ་བཞི། ། གཉིས་མེད་གཉིས་སུ་མེད་སྦྱོར་ཉིད། ། གཉིས་མེད་རྫས་ནི་མེ་ཏོག་སོགས། ། རེ་རེ་ནས་ནི་དབུལ་བར་བྱ། ། ཕྱག་རྒྱ་ལྔ་སོགས་མཆོག་ལུས་ཀྱི། ། ཕ་རོལ་སོན་པས་ཕར་ཕྱིན་དྲུག ། ལག་པའི་མཆོད་སོགས་ཡེ་ཤེས་ཅན། ། བློ་ལྡན་དཔའ་བོས་ཤེས་པར་བྱ། ། རྣལ་འབྱོར་མ་དྲུག་{གོ་རིམས་,གོ་རིམ་}བཞིན། ། རྡོ་རྗེ་སེམས་སོགས་བཅུ་གཉིས་དང་། ། དཔའ་བོ་ཆེན་པོར་སྦྱར་བྱ་ལ། ། ལག་པའི་མཆོད་ ལ་སོགས་པས་བསྟོད། ། ལྔ་པོ་ལྔ་དང་ཡང་དག་བསྲེ། ། འོ་མ་དང་ཡང་བསྲེ་བར་བྱ། ། མཆོད་པ་ངེས་ནི་ལེགས་གནས་ལ། ། སྤྱོད་དང་གྲོལ་བའི་འདོད་དང་ལྡན། ། ལག་པའི་མཆོད་པས་རྣལ་འབྱོར་པ། ། དབུལ་བའི་འདོད་དོན་འགྲུབ་པར་འགྱུར། ། སེམས་ ནི་གཞན་དུ་གྱུར་པ་དང་། །
BO
བཟའ་བཏུང་གོས་སོགས་ཐོབ་པར་འགྱུར། ། ལྷ་ཡི་མཆོད་པ་བྱས་ན་ནི། ། དེ་ལ་བསམ་པ་རྣམ་གྲུབ་འགྱུར། ། དཔའ་བོ་འདི་ནི་དཔའ་ཆེན་པོ། ། ས་སྟེང་རྣལ་འབྱོར་མ་རྙེད་དཀའ། ། རྣལ་འབྱོར་པ་ཡི་སྤྱོད་བརྟུལ་ཞུགས། ། རྣལ་ འབྱོར་དབང་ཕྱུག་ཀུན་གྱི་གཙོ། ། གང་ཞིག་རྟག་ཏུ་འདིར་རང་མཆོད། ། འདོད་པའི་འབྲས་བུ་ཀུན་རབ་སྟེར། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས། ། དཔའ་བོ་བཞི་དང་ཡང་དག་པར་སྦྱོར་བའི་ལག་པའི་མཆོད་པ་བསྟན་པ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་དཔའ་ བོ་རྣལ་འབྱོར་མ། ། གཉིས་མེད་སྤྱོད་པའི་ཆོ་ག་བཤད། ། དང་པོར་མཉམ་གཞག་རྣལ་འབྱོར་པས། ། འབད་དེ་ནུས་པ་བསྐྱེད་པར་བྱ། ། ནུས་པ་བསྐྱེད་པའི་རྗེས་ཐོགས་ལ། ། ཡིད་ལ་འདོད་པའི་བརྟུལ་ཞུགས་སྤྱད། ། སེམས་ཅན་རྗེས་ གཟུང་དོན་གྱི་ཕྱིར། ། དཔའ་བོ་ཆེན་པོ་འགྲོ་བྱ་ཞིང་། ། སྲོག་ཆགས་ཡན་ལག་གོ་བགོས་ལ། ། བདེ་དོན་གཉེར་བས་བདེ་བ་བསྲུང་། ། མཆོད་ཕྱིར་ཐོགས་ནི་ཀུན་སྤངས་ལ། ། ཧེ་རུ་ཀ་དཔལ་གཙང་སྦྲར་གནས། ། གྲོལ་བའི་འབྲས་བུ་འདོད་པ་ཡིས། ། རྣལ་འབྱོར་མ་ཀུན་མཉེས་པར་བྱ། ། རྩ་བའི་སྔགས་ཀྱིས་དཔའ་བོ་གང་། ། ཚངས་པའི་སྐུད་པ་ལ་སོགས་བརྟག །
BO
ལྷ་ཡི་སྙིང་པོའི་གསང་སྔགས་ཀྱི། ། བརྒྱ་ཕྱེད་ཕྲེང་བས་བརྒྱན་པ་ཡིན། ། ཐོད་པའི་དུམ་བུ་ལ་སོགས་ཀུན། ། ལུས་ཀྱི་ཁམས་སུ་ བརྟག་པར་བྱ། ། དཔའ་བོའི་གོ་ཆ་དྲུག་གི་ནི། ། རྒྱ་འདིས་ལུས་ནི་མཛེས་པ་ཡིན། ། རྡོ་རྗེ་ཕག་མོ་སོགས་སྔགས་གང་། ། མགུར་ཆུས་སྐེ་བ་མཛེས་པ་ཡིན། ། སངས་རྒྱས་ཀུན་གྱི་མཁའ་འགྲོ་མའི། ། པགས་པའི་གོས་ནི་འཛིན་པའི་མཆོག ། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། ། ཤེས་རབ་ཌཱ་མ་རུ་རུ་བརྟག ། ཐོད་པ་དྲིལ་བུ་ལ་སོགས་ཀུན། ། ལུས་ཀྱི་ཁམས་སུ་བརྟག་པར་བྱ། ། ཡི་གེ་བདུན་གྱི་གསང་སྔགས་ཀྱི། ། རྣ་ཆས་སྙན་ནི་མཛེས་པ་ཡིན། ། རྣལ་འབྱོར་མ་དྲུག་གསང་སྔགས་གང་། ། སྐ་རགས་བྱས་པ་བརྒྱན་པ་ཡིན། ། འཁོར་ལོ་ ཀུན་གྱི་རྣལ་འབྱོར་མའི། ། སྔགས་ནི་ལག་པའི་ཐོད་པ་ཡིན། ། རྣམ་པར་སྣང་མཛད་ཡུམ་སྔགས་དང་། ། ཐོད་པས་མགོ་བོ་བརྒྱན་པ་ཡིན། ། དེ་ལྟར་བདག་ཉིད་རྣམ་བསམས་ནས། ། ཚམ་ངམ་སྔགས་ཀྱིས་ལེགས་པར་བསྲུང་། ། རྟག་ཏུ་ཚངས་པར་སྤྱོད་འགྱུར་བ། ། གསང་སྔགས་རྐང་པ་བརྒྱད་མཆོད་པའོ། ། ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། ། མཚན་མོ་བཅོམ་ལྡན་མ་བརྟག་བྱ། ། མི་བྱ་ཅི་ཡང་ཡོད་མིན་ཏེ། ། རྟག་ཏུ་མི་བསམ་ཡོད་མ་ཡིན། །
BO
མི་བཟའ་ཅི་ཡང་ཡོད་མིན་ལ། ། དགེ་དང་མི་དགེ་མི་སྨྲ་མེད། ། བདག་ཉིད་ཇི་བཞིན་ འགྲོ་དེ་བཞིན། ། བདག་ཅི་འདྲ་བར་གཞན་དེ་བཞིན། ། དེ་ལྟར་རྣམ་བསམ་རྣལ་འབྱོར་བདག ། འཇིགས་པ་ཐམས་ཅད་ཡོངས་སྤངས་ཏེ། ། དཔའ་བོ་སེང་གེ་བཞིན་དུ་སྤྱོད། ། བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། ། ཧེ་རུ་ཀ་དཔལ་གཞིར་གནས་པའི། ། ཡན་ ལག་བསྐྱོད་པ་ཇི་སྙེད་དང་། ། ཚིག་ཏུ་བརྗོད་པ་ཇི་སྙེད་པ། ། དེ་སྙེད་ཕྱག་རྒྱ་གསང་སྔགས་ཡིན། ། རིགས་ལྔའི་ཀུན་ཏུ་སྤྱོད་པ་ནི། ། རིགས་གཅིག་ཉིད་དུ་སྤྱད་པར་བྱ། ། དེ་ལྟར་ཤེས་པའི་བདག་ཉིད་ཅན། ། གོ་འཕང་མཆོག་ཏུ་འགྲོ་བར་འགྱུར། ། གཉིས་མེད་ཡེ་ ཤེས་སེམས་ལྡན་ལ། ། མི་བྱ་བ་ནི་ཅི་ཡང་མེད། ། མི་རྟོག་བདག་ཉིད་སེམས་ཀྱིས་ནི། ། འདོད་པའི་ཡོན་ཏན་ལྔ་རྣམས་སྤྱད། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་གཉིས་སུ་མེད་པའི་བརྟུལ་ཞུགས་དང་གསང་སྔགས་བསྟན་པ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། ། གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། ། དུས་མཐར་དངོས་གྲུབ་མི་ཐོབ་སྟེ། ། བློ་ནི་གཞན་དུ་རྣམ་འཁྲུགས་པས། ། ཕྱག་རྒྱ་དཀྱིལ་འཁོར་བཟླས་པ་ཡིས། ། བདེ་བར་འགྲུབ་པར་མི་འགྱུར་གྱི། ། བཀྲེས་དང་སྐོམ་གྱི་སྡུག་བསྔལ་འགྱུར།
BO
། འབད་དེ་འདོད་བྱ་དམིགས་ནས་ནི། ། དེ་ཉིད་ཀྱིས་བདག་རྣལ་འབྱོར་པ། ། ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས། ། ཇི་འདོད་པར་ནི་ཡོངས་སུ་རྒྱུ། ། རྣ་བས་རིང་ནས་ཐོས་པ་དང་། ། སྐད་ཅིག་གིས་མཐོང་རྣལ་འབྱོར་པས། ། ཆོས་འདི་དེ་ལྟར་ཤེས་ནས་ནི། ། བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། ། ཤེས་རབ་ཆེན་ པོར་བྱས་པ་ཉིད། ། གཉིས་མེད་ཡེ་ཤེས་བརྟུལ་ཞུགས་བཟང་། ། ཨཱ་ལི་ཀཱ་ལི་མ་གཏོགས་པར། ། གལ་ཏེ་ཆོས་འདི་འདོད་ན་ནི། ། དེ་ཡི་ངལ་བ་དོན་མེད་དེ། ། འབྲས་བུ་ཐོབ་པར་མི་འགྱུར་རོ། ། མདོ་དང་བྱ་བའི་སྤྱོད་པ་རྣམས། ། རྣལ་འབྱོར་གསང་སོགས་དབྱེ་བ་ ཉིད། ། འཇིག་རྟེན་ཀུན་ལ་བཤད་པ་ནི། ། བྱང་ཆུབ་དོན་གྱི་རྒྱུ་ཉིད་ཡིན། ། ང་ཡིས་འཇུག་པར་བཤད་པ་ནི། ། ཚོགས་གཉིས་གཉིས་སུ་མེད་པ་ཡིན། ། དེ་ཉིད་ཆོས་ཀྱི་རང་བཞིན་ཞེས། ། མྱ་ངན་འདས་པ་འབའ་ཞིག་འདོད། ། ཐམས་ཅད་བདེན་པ་གཉིས་ལ་ནི། ། བརྟེན་པར་ངས་ནི་སྔོན་བཤད་པ། ། རྣལ་འབྱོར་པ་ཡིས་དངོས་གྲུབ་ཀྱིས། ། སྒོམ་པ་མངོན་དགར་གྱུར་པ་ཡིན། ། སྤྲོས་པ་ཀུན་ལ་དམིགས་ནས་ནི། ། སྤྲོས་པས་སྤྲོས་པ་མེད་པར་བྱ། ། རྒྱུད་རྣམས་ཀུན་ཏུ་གསང་བ་གང་། ། སྤྲུལ་པ་རྣམས་ཀྱི་ དེ་ཉིད་བསྟན། །
BO
རྒྱུད་འདི་ཡིས་ནི་རྣལ་འབྱོར་པ། ། བདེན་པ་གཉིས་ལ་ཡང་དག་བརྟེན། ། སེམས་རྣམས་ཐམས་ཅད་བསལ་ནས་ནི། ། ལོངས་སྤྱོད་ཀུན་ལ་ཉེར་སྤྱད་བྱ། ། བློ་ལྡན་ཆེན་པོ་འཁོར་ལོ་སྡོམ། ། སྡོམ་པ་ལ་ནི་རྣམ་པར་སྤྱོད། ། རྣལ་འབྱོར་མ་ཡི་ མཚན་མ་གང་། ། གཟུགས་དང་བརྡ་དང་ཐ་སྙད་དག ། ཁྱིམ་ལྔ་ལ་སོགས་ཡུལ་རྣམས་སུ། ། རྣལ་འབྱོར་མ་ནི་ལྔ་ཉིད་གནས། ། བསྒྲུབ་པར་བྱ་བའི་གནས་ཀུན་ཏུ། ། གཡོན་ནས་བསྐོར་བ་ལ་རབ་བརྩོན། ། ཇི་ལྟར་སྔར་བཤད་འཁོར་ལོ་ཡི། ། གྲངས་ཀྱི་ཆོ་ གས་བརྟུལ་ཞུགས་ཅན། ། དཔའ་བོའི་སྔགས་སོགས་རྣལ་འབྱོར་མའི། ། ཡིད་ལ་འདོད་པ་དགོད་པར་བྱ། ། ཤར་གྱི་འདབ་མར་མཁའ་འགྲོ་མ། ། བོང་བུའི་རྣམ་པར་བསྒོམ་པར་བྱ། ། ཧེ་རུ་ཀ་དཔལ་ཞེས་བྱ་བ། ། ལས་རྣམས་ཐམས་ཅད་བྱེད་པ་ཡིན། ། ཧེ་རུ་ཀ་དཔལ་གོ་འཕང་གནས། ། ལུས་ངག་ཡིད་ཀྱི་ལས་རྣམས་ལ། ། བཤད་དང་མ་བཤད་གང་བསམ་པ། ། དེ་དག་ཐམས་ཅད་མྱུར་དུ་འགྲུབ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་དངོས་གྲུབ་ཀྱི་ངེས་པ་དང་དཔལ་ཧེ་རུ་ཀའི་མཛད་པ་བསྟན་པ་སྟེ་བཅུ་དྲུག་པའོ། ། ། ། དེ་ ནས་ཧེ་རུ་ཀ་དཔལ་རྒྱུད། ། སེམས་ནི་དྲི་མེད་ཡིན་པར་བཤད། ། དག་པའི་ཆོས་ཀྱི་སྤྲུལ་པ་ནི། །
BO
ཕག་མོའི་གཟུགས་སུ་བསྟན་པ་ཡིན། ། ཐབས་དང་ཤེས་རབ་སྦྱོར་བ་ལས། ། དེ་ཉིད་དང་ནི་ཐམས་ཅད་འབྱུང་། ། མེ་ལོང་ལ་སོགས་རྣམ་པ་བཞི། ། པདྨའི་འདབ་གནས་རྣལ་ འབྱོར་མ། ། མཁའ་འགྲོ་མ་བཞི་པདྨར་གནས། ། མཱ་མ་ཀཱི་སོགས་བཟང་མོ་ཡིན། ། ཐོད་པའི་དུམ་སོགས་འཁོར་ལོར་གནས། ། ཉི་ཤུ་རྩ་བཞི་གཉིས་མེད་ཡིན། ། སེམས་ཅན་འཁོར་བ་ལས་གྲོལ་བ། ། དཔའ་བོ་ཉིད་ནི་ཡིན་པར་བརྟག ། ཁྲོ་བོ་རྣམ་རྒྱལ་ལ་སོགས་ཀུན། ། སྒོ་དང་མཐའ་ཡི་མཚམས་རྣམས་སུ། ། སྣ་ཚོགས་གདུལ་བའི་ཐབས་ཅན་གྱིས། ། སེམས་ཅན་དོན་ལ་བརྩོན་པར་མཛད། ། གསང་བའི་གནས་ཀྱི་རྣམ་གནས་པ། ། རབ་ཏུ་འབད་དེ་སྦ་བར་བྱ། ། རྣལ་འབྱོར་མ་དང་དཔའ་བོ་ཡིས། ། ཇི་ལྟར་འདོད་པའི་དངོས་གྲུབ་སྟེར། ། རྣལ་ འབྱོར་འབྲས་བུ་ཐོབ་ནས་ནི། ། སྲིད་མཚོར་ལྟུང་བར་མི་འགྱུར་རོ། ། འཁོར་བ་ལས་ནི་སྒྲོལ་བའི་ཐབས། ། རྒྱུད་ཀྱི་སྙིང་པོ་བསྡུས་པ་ཡིན། ། བླ་མ་སློབ་མས་རྟོགས་སླའི་ཕྱིར། ། ཆོ་ག་རྒྱ་ཆེར་མ་བཤད་དེ། ། སེམས་ནི་ངལ་སོ་རྣལ་འབྱོར་བ། ། མྱ་ངན་འདས་པ་བསྟན་ མི་བྱ། ། དེ་ལྟར་སྤྱོད་པའི་སྐྱེས་མཆོག་འདི། ། སྡིག་པ་ཐམས་ཅད་རྣམ་དག་འགྱུར། ། འཇིག་རྟེན་འདི་འམ་ཕ་རོལ་ཏུ། །
BO
འདིས་ནི་སངས་རྒྱས་ཉིད་མཐོང་འགྱུར། ། ཇི་ལྟར་སྔར་བཤད་སྡིག་པ་རྣམས། ། སྤང་བར་བྱ་བའི་མཚན་ཉིད་ཡིན། ། གང་ཞིག་འདི་སྒོམ་ རྣལ་འབྱོར་པ། ། འདོད་པའི་བདེ་བ་ཐམས་ཅད་སྟེར། ། ཧེ་རུ་ཀ་དཔལ་མཚན་བརྗོད་པས། ། ལྷ་སོགས་ཀུན་གྱི་གསང་གང་དང་། ། མི་ལ་སོགས་ལ་གང་ཞིག་ཡོད། ། དེ་ཡི་བསོད་ནམས་དེས་འཐོབ་བོ། ། བསམ་གཏན་གྱིས་ནི་བསམས་ཙམ་མམ། ། འདོན་ ཅིང་ཀློག་གམ་བྲིས་པ་ཡིས། ། མཐོ་རིས་ལོངས་སྤྱོད་འཐོབ་འགྱུར་ཏེ། ། ཡང་ན་འཁོར་ལོས་སྒྱུར་ཉིད་འགྱུར། ། རྣལ་འབྱོར་པ་ནི་འཕོ་བའི་ཚེ། ། དཔལ་ལྡན་ཧེ་རུ་ཀ་ལ་སོགས། ། དཔའ་བོ་དག་ནི་ཐམས་ཅད་དང་། ། རྣལ་འབྱོར་མ་ནི་ཇི་སྙེད་པ། ། ལག་ན་སྣ་ཚོགས་མེ་ ཏོག་བསྣམས། ། བ་དན་རྒྱལ་མཚན་སྣ་ཚོགས་དང་། ། རོལ་མོའི་སྒྲ་ནི་སྣ་ཚོགས་དང་། ། སྣ་ཚོགས་གླུས་ནི་ཉེ་བར་མཆོད། ། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། ། མཁའ་ལ་སྤྱོད་པའི་གནས་སུ་འཁྱེར། ། དེ་ལྟའི་དཔའ་བོ་ཆེན་པོ་དང་། ། རྣལ་འབྱོར་མ་ནི་ས་སྟེང་དཀོན། ། ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང་། ། ཀུན་སྨྲ་བསྟེན་པའི་གཏམ་ཡང་རྗོད་པར་བྱེད། ། ལམ་ཡང་བཤད་ཅིང་འཆི་བར་འགྱུར་བ་ཡིན། ། རྣལ་འབྱོར་ལམ་ངན་དེ་དང་འདྲ་བར་བཤད།
BO
། དེ་ནས་གཞན་ཡང་བཤད་བྱ་བ། ། གནས་སོགས་རྣལ་འབྱོར་མ་ཡི་གནས། ། ཧེ་རུ་ཀ་ དཔལ་སོགས་རྣལ་འབྱོར། ། དཔའ་བོ་གཉིས་མེད་རྣལ་འབྱོར་མ། ། པུལླཱིར་མ་ལ་ཡར་རབ་གཏུམ། ། ཛཱ་ལན་དྷ་རར་གཏུམ་པའི་མིག ། ཨཽ་ཌྱན་ནི་འོད་ལྡན་མ། ། ཨར་བུ་དར་ནི་སྣ་ཆེན་མོ། ། གོ་དཱ་བ་རིར་དཔའ་བློ་མ། ། རཱ་མེ་ཤྭ་རང་ མིའུ་ཐུང་མ། ། དེ་བཱི་ཀོ་ཊར་ལང་དབང་ཕྱུག ། མཱ་ལ་པར་ནི་ཤིང་གྲིབ་མ། ། ཀཱ་མ་རཱུ་པར་ས་སྲུང་མོ། ། ཨོ་ཊིར་འཇིགས་བྱེད་ཆེན་མོ་ཡིན། ། ཏྲི་ཤ་ཀུ་ནིར་རླུང་ཤུགས་མ། ། ཀོ་ས་ལར་ནི་ཆང་འཐུང་མ། ། ཀ་ལིང་ལྷ་མོ་སྔོ་བསངས་མ། ། ལམ་པཱ་ཀར་ནི་རབ་ བཟང་མོ། ། ཀཱཉྩི་ཀར་ནི་རྟ་རྣ་མ། ། ཧི་མ་ལ་ཡར་བྱ་གདོང་མ། ། པྲེ་ཏ་པུ་རིར་འཁོར་ལོའི་ཤུགས། ། གྲྀ་ཧ་དེ་བར་དུམ་སྐྱེས་མ། ། སཽ་རཱཥྚར་ཆང་འཚོང་མོ། ། གསེར་གླིང་འཁོར་ལོའི་གོ་ཆ་མོ། ། ནཱ་ག་རར་ནི་རབ་དཔའ་མོ། ། སིན་དྷུའི་ཡུལ་དུ་སྟོབས་ཆེན་མོ། ། མྱ་ངན་ཡུལ་དུ་འཁོར་སྒྱུར་མ། ། ཀུ་ལུ་ཏཱར་ནི་བརྩོན་ཆེན་མོ། ། ཡུལ་འདི་རྣམས་ཀྱི་བུ་མོ་གང་། ། དཔའ་བོ་གཉིས་མེད་རྣལ་འབྱོར་མའོ། ། གསང་བའི་སྔགས་ལ་རྟག་གནས་ནས། ། རབ་ཏུ་འབད་དེ་བསྒྲུབ་པར་བྱ། །
BO
རྣལ་འབྱོར་མ་ནི་རེ་རེ་ཞིང་། ། བྱེ་བ་གྲངས་ སྙེད་དག་གིས་བསྐོར། ། མཚན་མ་མཚན་ཉིད་ཕྱག་རྒྱ་སོགས། ། གཡོན་པའི་སྒྲུབ་པ་པོ་ཡིས་སྦ། ། མི་བཟད་ལས་ནི་གང་གང་གིས། ། སྐྱེ་བོ་རྣམས་ནི་འཆིང་འགྱུར་བ། ། ཐབས་དང་བཅས་ན་དེ་ཉིད་ཀྱིས། ། སྲིད་པའི་འཆིང་བ་ལས་གྲོལ་འགྱུར། ། འཁོར་བའི་ཕ་རོལ་ བརྒལ་ནས་འདི། ། ཅི་འདོད་ཡེ་ཤེས་ཅན་དུ་འགྱུར། ། མགུར་ཆུ་གཙུག་རྒྱན་དཔུང་རྒྱན་དང་། ། རྣ་རྒྱན་ཚངས་པའི་སྐུད་པ་དང་། ། མགུལ་པ་བརྒྱན་ཅིང་སྤྱི་བོར་ཕྲེང་། ། སྐ་རགས་རྐང་གདུབ་སྒྲ་ཉིད་དོ། ། རི་སྟེང་སྣ་ཚོགས་པདྨ་ཡི། ། གེ་སར་ཨ་ལི་ཀ་ལི་ལས། ། ཉི་ཤུ་རྩ་ བཞིར་ཡང་དག་ལྡན། ། དཔའ་བོ་རྣལ་འབྱོར་མ་ཚོགས་བཅས། ། ཨུ་མའི་བདག་པོ་ཡང་དག་མནན། ། རྡོ་རྗེ་དྲིལ་བུ་སྐུ་ལ་འཁྱུད། ། ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། ། གོ་འཕང་མཆོག་ནི་བསྒོམ་པར་བྱ། ། དེ་ནས་རྟག་ཏུ་སྤོས་ཆུས་འདིར། ། རྟག་ཏུ་ལུས་ནི་ཡན་ལག་དྲིལ། ། དྲི་ ཞིམ་ཡན་ལག་གིས་བརྒྱན་ཅིང་། ། ཐལ་བའི་ཕྱག་རྒྱ་སོགས་པས་བསྒོས། ། ཁ་དོག་ལ་སོགས་གཡོགས་པའི་གཟུགས། ། རང་གི་ལུས་ནི་ཡོངས་སུ་བསྒྱུར། ། སྤྱོད་པའི་བརྟུལ་ཞུགས་ལ་ཞུགས་པར། །
BO
ཤེས་ནས་རྣལ་འབྱོར་ལ་ལེགས་གནས། ། ཡན་ལག་ ཅན་དང་ཚིགས་ཅན་དང་། ། སྡུད་དང་དེ་བཞིན་སྙིང་སྟོབས་དང་། ། གར་གྱི་ཚུལ་ནི་བཞི་པོ་འདི། ། དེ་ཉིད་མཐོང་བས་ཤེས་པར་བྱ། ། གདུང་བའི་ཚུལ་ཞེས་བྱ་བ་ནི། ། རྣལ་འབྱོར་ཤེས་པ་ཡིན་པར་བཤད། ། དེ་ལ་འབད་དེ་བྱ་བ་ནི། ། སྐལ་བ་བཟང་པོའི་གར་ཆེན་ཡིན། ། གར་གྱི་གནས་སུ་གནས་པ་ཀུན། ། རྒྱན་རྣམས་དེ་ནི་ཡིན་ཞེས་བྱ། ། ཀུན་ཏུ་དགུག་དང་བཅིང་བྱ་དང་། ། གཞུག་དང་དེ་བཞིན་བསྐྱོད་པ་དང་། ། འབེབས་དང་འདི་ནི་འཁྱིལ་པ་དང་། ། དེ་བཞིན་འདིར་ནི་བརྒྱན་པ་དང་། ། ཚངས་སྐུད་ལུས་ལས་དགྲོལ་བ་དང་། ། རྣམ་པ་ཀུན་ཏུ་བཅིང་བ་དང་། ། རྐང་གདུབ་རབ་ཏུ་གཞུག་པ་དང་། ། ལག་པའི་རྒྱན་ནི་ཉིད་དག་དང་། ། སྲོག་ཤིང་གཅིག་གྱུར་སྲད་བུ་ཡིན། ། འོག་པག་དྲུག་ཅུ་རྩ་བརྒྱད་དང་། ། རོལ་ལྡན་བཅུ་དྲུག་པར་ཤེས་བྱ། ། ཕྲེང་བ་ཉི་ཤུ་རྩ་ལྔ་ཡིན། ། རྣལ་འབྱོར་མའི་ཀུན་ཏུ་ སྤྱོད་པ་ལས་དེ་ཁོ་ན་ཉིད་དག་པ་ལ་སོགས་པ་བསྟན་པ་སྟེ་བཅུ་བདུན་པའོ། ། ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་རྫོགས་སོ། ། ། ། ཞུ་ཆེན་གྱི་ལོ་ཙྪ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source