Summary of Empowerment

དབང་མདོར་བསྟན་པ།

Summary of Empowerment

དབང་མདོར་བསྟན་པ།

BO
༄༅། ། རྒྱ་གར་སྐད་དུ། སེ་ཀྐོདྡེ་ཤ། བོད་སྐད་དུ། དབང་མདོར་བསྟན་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། ཟླ་བ་བཟང་པོས་གསོལ་པ། སྟོན་པ་དབང་བསྐུར་རྣམ་བདུན་དང་། ། རྣམ་གསུམ་དེ་བཞིན་བླ་ན་མེད། ། འཇིག་རྟེན་འདས་ པའི་དངོས་གྲུབ་ཕྱིར། ། མདོར་བསྡུས་པ་ཡིས་བདག་ལ་གསུངས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཉོན་ཅིག་ཟླ་བཟང་དབང་བསྐུར་དོན། ། རྣམ་པ་བདུན་དང་རྣམ་གསུམ་མཆོག ། རྩ་ཡི་ཀུན་སྤྱོད་རྩོལ་བ་ནི། ། མདོར་བསྟན་པ་ཡིས་ཁྱོད་ལ་བཤད། ། རྒྱུད་དུ་མདོར་བསྟན་རྣམ་གསུམ་དང་། ། རྒྱས་པར་བཤད་པ་རྣམ་གསུམ་འགྱུར། ། རབ་ཏུ་མདོར་བསྟན་མདོར་བསྟན་ཆེ། ། རབ་ཏུ་རྒྱས་པར་བཤད་པ་གཞན། ། མདོར་བསྟན་རྒྱས་པར་བཤད་པ་ཉིད། ། རྒྱུད་ཡང་དག་པར་བསྡུས་པར་བརྗོད། ། རབ་ཏུ་མདོར་བསྟན་ རྒྱས་བཤད་པ། ། དཀའ་འགྲེལ་ཚིག་ནི་འབྱེད་པའོ། ། མདོར་བསྟན་ཆེན་པོ་རྒྱས་བཤད་པ། ། འགྲེལ་བཤད་ཐམས་ཅད་དོན་སྟོན་བྱེད། ། དེ་ནི་མངོན་ཤེས་ཐོབ་རྣམས་ཀྱིས། ། བྱ་ཡི་མཁས་རྣམས་ཀྱིས་མིན་ཉིད། ། དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག ། རྡོ་རྗེའི་ རྣལ་འབྱོར་རྣམ་བཞི་དང་། ། རྫོགས་པའི་བྱང་ཆུབ་བཞི་རྣམས་དང་། །
BO
ཕུང་ཁམས་སྐྱེ་མཆེད་རིགས་དྲུག་རྣམས། ། དག་པ་འཇིག་རྟེན་ཁམས་ལ་སོགས། ། ལེའུ་ལྔ་ཡི་གཞུང་རྣམས་ཀྱིས། ། བདེན་གཉིས་དང་པོའི་སངས་རྒྱས་འགྱུར། ། དུས་ཀྱི་འཁོར་ལོ་མངོན་ རྗོད་བྱེད། ། དང་པོར་དབང་བསྐུར་བདུན་པོ་གང་། ། བྱིས་པ་རྣམས་ནི་གཞུག་པའི་ཕྱིར། ། རྣམ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱིས། ། དམ་པའི་དོན་གྱིས་བཞི་བའོ། ། བདེན་པ་གཉིས་ཀྱི་ཆོས་རྣམས་ཀྱི། ། རྡོ་རྗེ་ཅན་བདག་གིས་བསྟན་པ། ། འཇིག་རྟེན་ཀུན་ རྫོབ་བདེན་པ་དང་། ། དམ་པའི་དོན་གྱི་བདེན་པས་སོ། ། ཆུ་དང་ཅོད་པན་དར་དཔྱངས་དང་། ། རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། ། མིང་དང་རྗེས་གནང་ཡང་དག་ལྡན། ། དབང་བསྐུར་རྣམ་བདུན་མི་ཡི་བདག ། ལུས་ངག་སེམས་ནི་ལེགས་དག་པ། ། མངོན་ པར་དབང་བསྐུར་གཉིས་གཉིས་སོ། ། རྗེས་གནང་ཡེ་ཤེས་ཡང་དག་དག ། གཞན་པ་ཁམས་སོགས་དག་པ་ལས། ། ཆུ་ནི་ཁམས་ཀྱི་དག་པ་སྟེ། ། ཅོད་པན་ཕུང་པོ་རྣམ་སྦྱོང་བྱེད། ། དར་དཔྱངས་ཕ་རོལ་ཕྱིན་པ་དག ། རྡོ་རྗེ་དྲིལ་བུ་མི་འགྱུར་ ཆེ། ། སངས་རྒྱས་སྐད་རྒྱུན་མི་འཆད་པ། ། ཉི་ཟླ་གཅིག་ཏུ་དག་པར་བྱེད། ། ཡུལ་དང་དབང་པོ་ལེགས་དག་པ། ། འཕོ་མེད་རྡོ་རྗེའི་བརྟུལ་ཞུགས་འགྱུར། །
BO
མིང་ནི་བྱམས་སོགས་ཡང་དག་དག ། རྗེས་གནང་སངས་རྒྱས་ཉིད་དག་བྱེད། ། དབང་ བསྐུར་བདུན་པོ་འདི་རྣམས་ནི། ། དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ། ། བུམ་པ་གསང་བའི་དབང་བསྐུར་དང་། ། ཤེས་རབ་ཡེ་ཤེས་མངོན་བརྗོད་པ། ། སླར་ཡང་ཤེས་རབ་ཆེན་པོ་ཉིད། ། དེ་ཡི་ཡེ་ཤེས་མངོན་རྗོད་བྱེད། ། འགྱུར་དང་འགྱུར་དང་དེ་ནས་ འཛག ། དེ་ནས་གཞན་ཡང་མི་འཛག་པའོ། ། ལུས་ངག་སེམས་ནི་ལེགས་དག་པས། ། དབང་བསྐུར་གསུམ་པོ་རིམ་པ་ཡིས། ། བཞི་པ་ཡེ་ཤེས་ཡང་དག་དག ། ལུས་ངག་སེམས་ནི་དག་པར་བྱེད། ། བྱིས་པ་དར་མ་དེ་ནས་རྒན། ། བཞི་པ་སྐྱེ་དགུའི་ བདག་པོའོ། ། ཤེས་རབ་ནུ་མར་ཡན་ལག་ནི། ། རེག་པས་བྱང་ཆུབ་སེམས་འཕོའི་བདེ། ། འོ་མ་འཛིན་པས་དབང་བསྐུར་བ། ། གང་ལས་བདེ་ཐོབ་དེ་བྱིས་པའོ། ། ཡུན་རིང་གསང་བར་སྤྲོས་ལས་སྐྱེས། ། བྱང་ཆུབ་སེམས་ནི་འཕོ་བའི་བདེ། ། གསང་ བའི་དབང་བསྐུར་གསང་བ་ནི། ། གང་ལས་བདེ་ཐོབ་དེ་དར་མ། ། ཡུན་རིང་གསང་བར་སྤྲོས་ལས་སྐྱེས། ། རྡོ་རྗེའི་རྩེ་མོར་གཡོ་བའི་བདེ། ། ཤེས་རབ་ཡེ་ཤེས་དབང་བསྐུར་བ། ། གང་ལས་གཡོ་བའི་བགྲོད་དེ་རྒན། ། ཕྱག་རྒྱ་ཆེན་པོ་རྗེས་ཆགས་ལས། ། སྐྱེས་པ་གཡོ་མེད་བདེ་བ་ནི། །
BO
ཤེས་རབ་ཆེན་པོའི་དབང་བསྐུར་བ། ། གང་ལས་གཡོ་མེད་རྟོགས་པ་དེ། ། སྐྱེ་དགུའི་བདག་པོར་རྣམ་ཤེས་བྱ། ། སྐྱོབ་པ་ཐམས་ཅད་སྐྱེད་མཛད་པ། ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། ། བྱང་སེམས་གཉིས་མེད་མི་འགྱུར་ བ། ། འདི་ནི་དམ་ཚིག་སེམས་དཔར་འགྱུར། ། རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི། ། དུས་ཀྱི་འཁོར་ལོ་འདིར་བཤད་པ། ། རྣལ་འབྱོར་པ་ཡི་ཐར་སྟེར་བྱེད། ། འདི་ཉིད་ཀྱི་ནི་སྒྲུབ་པ་བྱ། ། རབ་གསལ་བསམ་གྱིས་མི་ཁྱབ་པའི། ། དུ་སོགས་མཚན་ མ་དེ་རྣམས་ཀྱི། ། ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། ། ཡོད་དང་མེད་ལས་རྣམ་པར་འདས། ། རང་གི་སེམས་ཀྱི་རྐྱེན་གྱི་དོན། ། རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། ། ཀུན་ནས་ཡོངས་སུ་དོར་བ་ཡིས། ། དུ་བ་སྨིག་རྒྱུ་མཁའ་སྣང་དང་། ། སྒྲོན་མ་འབར་བ་ཟླ་ཉི་མ། ། མུན་ཅན་ཆ་དང་ཐིག་ལེ་ཆེ། ། སྣ་ཚོགས་གཟུགས་བརྙན་འོད་གསལ་བ། ། བཀབ་དང་མ་བཀབ་མིག་དག་གིས། ། སྟོང་པར་འདི་ནི་རྗེས་བརྟགས་མིན། ། རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། ། རྟག་ཏུ་གཟུགས་དེ་བསྒོམ་པར་ བྱ། ། དངོས་མེད་གཟུགས་ལ་སྒོམ་པ་དེ། ། རྣལ་འབྱོར་པ་ཡི་བསྒོམ་པ་མིན། ། དངོས་པོ་དངོས་མེད་སེམས་ཀྱི་མིན། །
BO
སྟོང་པར་མ་བརྟགས་མཐོང་ཕྱིར་རོ། ། ཇི་ལྟར་པྲ་ཕབ་མེ་ལོང་ལ། ། གཞོན་ནུ་མས་མཐོང་དངོས་མེད་སྐྱེས། ། དེ་བཞིན་འདས་དང་མ་ འོངས་ཆོས། ། མཁའ་ལ་དེ་ཉིད་རྣལ་འབྱོར་བས། ། འདི་ལས་དངོས་པོ་དངོས་མེད་འགྱུར། ། དངོས་པོ་སྟོང་པའི་དོན་མཐོང་ཕྱིར། ། དངོས་པོ་དངོས་མེད་དོན་ཡོད་པ། ། སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན། ། མེད་པའི་ཆོས་ཅན་དག་ལ་ཆོས། ། སྐྱེ་བ་འདི་ནི་ རབ་ཏུ་མཐོང་། ། ཡིད་བཞིན་ནོར་ལྟར་མཐའ་ཡས་པའི། ། སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། ། པྲ་ཕབ་པ་ཡི་གཞོན་ནུ་མས། ། མ་མཐོང་བ་ཡི་རྐུན་པོ་མཐོང་། ། ཉི་ཚེ་བ་ཡི་མིག་དག་གིས། ། སོང་ནས་སྒྲུབ་པ་པོ་ཡིས་མཐོང་། ། གལ་ཏེ་ཡོད་ པའི་གཟུགས་མཐོང་ན། ། རང་གི་གདོང་པ་ཅིས་མི་མཐོང་། ། གལ་ཏེ་མེད་པའི་གཟུགས་མཐོང་ན། ། རི་བོང་རྭ་ནི་ཇི་ལྟར་མིན། ། གཞན་གྱི་མིག་གིས་མི་མཐོང་ཞིང་། ། རང་གི་མིག་གིས་མཐོང་མིན་པ། ། སྐྱེ་བ་མེད་པ་མཐོང་བ་ནི། ། གཞོན་ནུ་མ་ཡི་བུ་ ཇི་བཞིན། ། གཟུགས་བརྙན་མཐོང་ན་དེ་ནས་ནི། ། བར་མ་ཆད་པར་སྲོག་རྩོལ་བྱ། ། སྟེང་འོག་རྩ་གསུམ་པོ་རྣམས་ལ། ། ལུས་ངག་སེམས་ནི་འགོག་པ་ལས། ། ཟླ་ཉི་སྒྲ་གཅན་བཤང་གཅི་དང་། །
BO
ཁུ་བ་འབབ་པའི་ལམ་རྣམས་སུ། ། ཆུ་མེ་སྟོང་ པ་ས་རླུང་དང་། ། ཡེ་ཤེས་ཁམས་རྣམས་སྐྱེད་རྣམས་ལ། ། གང་ཞིག་ཟླ་ཉི་མུན་ཅན་དང་། ། བཤང་གཅི་ཁུ་བ་འབབ་མ་རྣམས། ། སྲོག་དང་ཐུར་སེལ་རིམ་པ་ཡིས། ། ལུས་ངག་སེམས་ཀྱི་རྩ་རྣམས་སོ། ། ཟླ་བ་ཐབས་ཀྱི་སྐུ་ཡིན་ཏེ། ། ཉིན་མོར་བྱེད་པ་ ཤེས་རབ་གསུང་། ། ཤེས་རབ་སྐུ་ནི་བཤང་བའི་རྩ། ། གཅི་བ་འབབ་མ་གཙོ་བོའི་གསུང་། ། སྟེང་འོག་ཐུགས་ཀྱི་རྩ་གཉིས་དག ། མུན་ཅན་ཁུ་བ་འབབ་མའོ། ། ཐབས་ཀྱི་ཐུགས་ནི་མུན་པ་ཅན། ། ཁུ་བ་འབབ་མ་ཤེས་རབ་ཀྱི། ། སྟེང་འོག་རིགས་དྲུག་འདི་ རྣམས་ནི། ། སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། ། ཤེས་རབ་ཐབས་དངོས་ཡན་ལག་གིས། ། ལུས་ཅན་ཀུན་ལ་ཡང་དག་གནས། ། འཆི་ལྟས་ལུས་ངག་རྩ་དག་ལ། ། སྟེང་འོག་ལྷག་པའི་རླུང་རྣམས་ཀྱིས། ། མུན་ཅན་ཁུ་བ་འབབ་མ་ལ། ། སྐྱེ་བ་ དང་ནི་འཆི་བ་གནས། ། སྐྱེ་དང་འཆི་དང་འཁྲིག་པ་ཡི། ། དུས་སུ་ཁུ་བ་འབབ་པའོ། ། མུན་ཅན་མ་ཡང་སྟེང་དུ་འབབ། ། ཉི་མའི་འཕོ་བ་མཉམ་པ་ལ། ། དུས་སྦྱོར་འཆར་བའི་མངོན་མཚམས་སུ། ། དབུ་མ་ནས་ནི་མཉམ་པ་འབབ། ། རྐང་པ་དང་བཅས་ལྔ་བཅུ་ དྲུག ། འབྱུང་དང་འཇུག་པའོ་མི་ཡི་བདག །
BO
བདུན་ཅུ་རྩ་ལྔས་ལྷག་པ་ཡི། ། དྲུག་བརྒྱ་ཉིན་དང་མཚན་ལའོ། ། དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། ། སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ། ། འདི་ཡིས་དམན་པ་གང་དེ་རྣམས། ། གཡོན་དང་གཡས་པའི་རྩར་འབབ་བོ། ། ཕྱོགས་གསུམ་དང་བཅས་ལོ་གསུམ་རྣམས། ། ལོ་བརྒྱ་རྣམས་ལས་དབུ་མའོ། ། སྟེང་དུ་གཡོན་གཡས་ཟླ་ཉི་མ། ། {བརྐྱང་མ་,རྐྱང་མ་}ལུག་དང་སེར་སྐྱ་གཞན། ། ཆུ་དང་མེ་ཡི་རང་བཞིན་ཅན། ། པདྨ་རིན་ཆེན་འཛིན་པར་འདོད། ། འོག་ཏུ་བཤང་གཅི་འབབ་པ་དག ། ས་དང་ རླུང་གི་རང་བཞིན་ཅན། ། དབུ་མའི་རྩ་དང་གཡོན་པ་ཡང་། ། འཁོར་ལོ་རལ་གྲི་འཛིན་པར་འདོད། ། སྟེང་དང་འོག་ཏུ་དབུ་མ་གཡས། ། སྒྲ་གཅན་ཁུ་བ་རབ་འབབ་པ། ། སྟོང་པ་ཡེ་ཤེས་རང་བཞིན་ཅན། ། རྡོ་རྗེ་རྡོ་རྗེ་འཛིན་པར་འདོད། ། ཟླ་བའི་ ལམ་གྱིས་བཤང་བའི་རྩ། ། ཉི་མས་གཅི་བ་འབབ་པ་སྟེ། ། སྐྱེ་འཆི་མཉམ་པ་ཆགས་པ་ལ། ། སྒྲ་གཅན་ཁུ་བ་རབ་ཏུ་འབབ། ། ལྟེ་བའི་སྟེང་དུ་ཀུན་འདར་མ། ། གང་དེ་ཡིད་བཟང་མུན་པ་འབབ། ། འོག་ཏུ་ཁུ་བ་འབབ་གང་དེ། ། མཁའ་འགྲོ་གདོང་དང་དུང་ཅན་མ། ། ལྟེ་བའི་ཆུ་སྐྱེས་སྙིང་མགྲིན་དང་། ། དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ། ། ས་ཆུ་མེ་རླུང་སྟོང་པ་རྣམས། །
BO
རབ་ཏུ་འབབ་པ་སྡུད་པ་ཡིས། ། འབྱུང་འགྱུར་དེ་ནི་འཇུག་པ་དག ། བསྐྱེད་པས་འཇུག་སྟེ་ས་ལའོ། ། ལྟེ་བ་ནས་ནི་ལྟེ་བའི་དབུས། ། ཨ་བདྷཱ་ཏཱིར་འགྲོ་དང་ འོང་། ། ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། ། ལུས་ངག་སེམས་རྣམས་འབབ་པ་ནི། ། འབྱུང་དང་དེ་ནི་འཇུག་པ་དག ། སྡུད་དང་སྐྱེད་པའི་རང་བཞིན་ཅན། ། དུང་ཅན་སྐྱེ་བོ་ཐམས་ཅད་ཀྱི། ། ཐུར་སེལ་རླུང་ནི་འབབ་པའོ། ། འདི་རྣམས་བུད་མེད་བདེ་བ་ལས། ། ཁུ་ བ་ཁྲག་འབབ་དུས་དག་ཏུ། ། ཤེས་རབ་ཐབས་དངོས་ཡན་ལག་གིས། ། སྟེང་དུ་གཡས་དང་གཡོན་དག་དང་། ། འོག་ཏུ་བཤང་གཅི་འབབ་པ་དང་། ། རྔུལ་དང་ཁུ་བ་འབབ་པ་དག ། རྔུལ་འབབ་ཕྱིར་དེ་གཏུམ་མོ་སྟེ། ། ཁུ་བ་འབབ་ཕྱིར་མཁའ་འགྲོ་གདོང་། ། སྟེང་ དུ་བརྗོད་དུས་བུད་མེད་ཀྱི། ། གཡུང་མོ་སྐྱེས་བུའི་ཀུན་འདར་མའོ། ། རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ། ། རྟག་ཏུ་གཡོན་པའི་རྩ་ལའོ། ། ས་སོགས་གཡས་པའི་རྩ་ལ་སྟེ། ། དབུས་སུ་དྲུག་པ་འབབ་པའོ། ། ལྟེ་བའི་པདྨའི་འདབ་མ་ལ། ། དཀྱིལ་འཁོར་དྲུག་ཅུ་ རྣམས་རིམ་བཞིན། ། གཡོན་དང་གཡས་པའི་དུས་སྦྱོར་ནི། ། ལུག་སོགས་གླང་ལ་སོགས་པ་ལ། ། རྩ་བ་གཡོན་དང་དེ་ནས་གཡས། །
BO
སྟེང་དང་དབུས་སུ་རིམ་པས་རླུང་། ། ས་སོགས་དཀྱིལ་འཁོར་རེ་རེ་ཞིང་། ། དབྱུག་གུས་སྣ་བུག་དག་ལའོ། ། རིམ་པས་ཆུ་ཚོད་འབབ་ པ་ནི། ། དྲུག་ཅུ་དང་བཅས་སུམ་བརྒྱའི་དབུགས། ། བརྒྱ་ཕྲག་{བཅྭ་,བཅོ་}བརྒྱད་དབུགས་དེ་རྣམས། ། ཆུ་ཚོད་ལྔར་ནི་འབབ་པའོ། ། ཆུ་ཚོད་དྲུག་ཅུ་ཉིན་མཚན་དུ། ། ལུས་ལ་དཀྱིལ་འཁོར་རྣམས་ཤེས་པའོ། ། འདབ་མའི་དབུས་དང་དེ་ནས་ཤར། ། གཡས་གཡོན་ གཞན་དུ་རིམ་པ་ཡིས། ། གཡོན་པར་རྟག་ཏུ་ནམ་མཁའ་སོགས། ། གཡས་པར་ས་སོགས་གཞན་ལས་སོ། ། གཡོན་པར་རྣམ་ཤེས་སོགས་འབྱུང་བ། ། གཡས་པར་ས་སོགས་སྡུད་པའོ། ། ནུབ་དང་ཤར་དུ་འཛིན་མ་རླུང་། ། ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ། ། མཐེ་བོང་མིང་མེད་དག་གིས་ནི། ། གང་ཕྱིར་ཁ་ལ་དབང་བསྐུར་བ། ། གཡས་དང་གཡོན་དུ་མེ་དང་ཆུ། ། ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ། ། གུང་མོ་མཛུབ་མོ་གཉིས་དག་གིས། ། གང་ཕྱིར་རལ་གྲིར་འགྱུར་བའོ། ། ཟླ་ཕྱེད་རྣམ་པའི་ཕྱག་རྒྱ་ནི། ། མཆེ་བ་ གྲི་གུག་མཐེ་ཆུང་སྟེ། ། སྟོང་པ་མི་འགྱུར་སྟེང་འོག་ཏུ། ། ཕན་ཚུན་ཐབས་དང་ཤེས་རབ་བོ། ། དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། ། སོར་མོ་རྣམས་ནི་ཕན་ཚུན་དུ། ། མགོ་བོར་ལག་མཐིལ་སྦྱར་བ་ལ། །
BO
གྲི་གུག་དང་བཅས་རྩེ་གཅིག་གོ། ། དབུ་མའི་རྩ་ལ་མཉམ་ པ་དེ། ། སྐྱེད་དང་སྡུད་པའི་བྱེད་པ་པོ། ། ཕུང་པོ་ཁམས་དང་རྡོ་རྗེ་གསུམ། ། གཅིག་ཉིད་དབུ་མར་སོན་པ་ནའོ། ། ཟླ་བ་ཉི་མའི་རྩ་འགགས་ན། ། བཤང་བ་གཅི་བའི་རྩ་འགག་གོ ། སྒྲ་གཅན་རྩ་ནི་འགགས་པ་ན། ། འོག་ཏུ་ཁུ་བ་འབབ་འགག་འགྱུར། ། སྐྱེད་དང་ སྡུད་པའི་བྱེད་པ་ཅན། ། འདི་རྣམས་གྲོལ་ན་གྲོལ་བར་འགྱུར། ། སྲོག་དང་ཐུར་སེལ་ལམ་གསུམ་གྱི། ། འདི་ནི་རྩ་ཡི་ཀུན་སྤྱོད་དོ། ། གཡོན་པའམ་ནི་གཡས་པ་ལ། ། མཚན་མོ་གཅིག་དང་དེ་བཞིན་ལྔར། ། ལྷག་པའི་རླུང་ནི་རབ་འབབ་པ། ། དེ་ལས་ལོ་གསུམ་ ན་འཆིའོ། ། གཡས་པ་ཉི་མའི་འཆི་ལྟས་ལ། ། ལྔ་དང་ཕྱོགས་ཆོས་ཉི་ཤུ་དང་། ། དེ་ཉིད་གཅིག་ལྷག་གཞན་རིམ་པས། ། ཉིན་ཞག་སུམ་ཅུ་གསུམ་རྒྱུ་ན། ། གསུམ་གཉིས་གཅིག་ལོ་ཟླ་བ་ནི། ། དྲུག་གསུམ་ཟུང་ཟླ་ཉིན་ཞག་ཚེས། ། ཕྱོགས་ལྔ་ཡོན་ཏན་གཉིས་ གཅིག་གིས། ། ལུས་ཅན་རྣམས་ཀྱི་ཚེ་འགྲོའོ། ། རྩ་བ་ནས་གཅིག་ལྷག་པ་ཡིས། ། གཡོན་པར་ཟླ་བའི་རྒྱུ་བར་འགྱུར། ། ཉི་ཟླ་ཉིན་ཞག་ཟླ་བ་དག ། ཉིན་ཞག་གསུམ་རྣམས་ཟླ་བ་གསུམ། ། ཉིན་ལ་འཆི་ལྟས་ཟླ་བར་དགེ། ། འཕེལ་འགྲིབ་དེ་ནས་ འདི་དག་ལ། །
BO
དབུ་མའི་འཆི་བའི་རྒྱུ་བ་ནི། ། ལོ་བརྒྱ་ཡོངས་སུ་རྫོགས་པ་ཡིས། ། མཉམ་དང་མི་མཉམ་ཉིན་ཞག་རྣམས། ། སྐྱེ་བར་སྐྱེས་པའི་དཀྱིལ་འཁོར་གྱིས། ། དེ་རྒྱུ་གཡས་དང་གཡོན་ལ་ཡང་། ། ཕྱོགས་གཉིས་རྣམ་པར་ཉམས་པ་ལས། ། གཞན་དུ་འཆི་ བར་མི་འགྱུར་ཏེ། ། ཕྱོགས་གཉིས་ཡང་དག་གནས་པ་ན། ། གཡས་དང་གཡོན་པའི་ཀུན་སྤྱོད་དང་། ། དཀྱིལ་འཁོར་ལྔ་རྣམས་འབབ་པའི་ཕྱིར། ། འཆི་ལྟས་མཚན་ཉིད་ཤེས་ནས་ནི། ། སྲོག་ནི་ཐིག་ལེར་གཞུག་པར་བྱ། ། ཨ་བ་དྷཱུ་ཏཱིའི་ཞབས་བརྟེན་ནས། ། མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། ། རྟག་ཏུ་རྡོ་རྗེ་བསླང་བར་བྱ། ། ཟླ་ཉིའི་བགྲོད་པ་འཇོམས་པ་ལས། ། གཞན་དུ་ཀུན་འདར་ཡན་ལག་ལ། ། སྲོག་གི་རླུང་ནི་འཇུག་པ་མེད། ། འོག་ཏུའང་དུང་ཅན་མ་ཐུར་སེལ། ། དེ་མ་ཞུགས་ལས་འཆི་བའོ། ། འཆི་ལྟས་ བསླུ་བ་རྣལ་འབྱོར་པའི། ། འདི་ནི་དགའ་བ་རྣམས་ཀྱིས་འགྱུར། ། མགོ་བོའི་པདྨ་གཙུག་ཏོར་ལས། ། ཁུ་བ་འོངས་པ་དགའ་བ་སྟེ། ། མགྲིན་པ་སྙིང་ཁར་མཆོག་དགའོ། ། དགའ་བྲལ་དགའ་བ་དེ་ནས་འགྱུར། ། སྣ་ཚོགས་དགའ་བ་ལྟེ་བ་དང་། ། གསང་བའི་ པདྨར་གང་འོངས་པའོ། ། གསང་གནས་རྡོ་རྗེ་ནོར་བུའི་བར། ། ལྷན་ཅིག་སྐྱེས་དགའ་མི་འཕོ་བ། །
BO
རབ་གནས་མྱ་ངན་འདས་པ་མིན། ། ཆགས་ཆེན་མི་འགྱུར་ཁྱབ་བདག་པོ། ། འདོད་ཆགས་བྲལ་ལས་འཕོ་མེད་བདེ། ། དེ་ནི་མྱ་ངན་འདས་རབ་གནས། ། ཁུ་བ་ཟླ་ ཆར་གཙུག་ཏོར་དུ། ། རྫོགས་པ་གསང་བའི་མཚོ་སྐྱེས་ལ། ། བཅུ་དྲུག་ཆ་གང་དེ་ནོར་བུའི། ། པདྨར་རྡོ་རྗེའི་རྩེ་མོར་གནས། ། དེ་སྟེང་འཕོ་བའི་དུས་སུ་འགྱུར། ། ནག་པོའི་ཚེས་གཅིག་འོངས་པ་ན། ། འདོད་ཆགས་བྲལ་བས་གནམ་སྟོང་ལ། ། ཉི་མ་མཛོད་སྤུའི་ གནས་སུ་འགྲོ། ། དེ་ཡི་ཆ་ཤས་བཅུ་དྲུག་ལ། ། གཙུག་ཏོར་པདྨར་སོན་པའོ། ། ཟླ་བ་ཉམས་པ་ཞེས་བརྗོད་དེ། ། ཆགས་པའི་བདེ་ལ་ཆགས་བྲལ་ཕྱིར། ། ལུས་ཅན་ཐམས་ཅད་འཆི་བ་ན། ། ཟླ་བ་བདུད་རྩིའི་འོག་ཏུ་འགྲོ། ། སྟེང་དུ་ཉི་མ་རྡུལ་སྒྲ་གཅན། ། རྣམ་ ཤེས་དངོས་པོའི་མཚན་ཉིད་ལ། ། དེ་ཕྱིར་ཟླ་བ་བདུད་རྩི་ནི། ། སྟེང་དུ་བགྲོད་བྱ་མི་ཡི་བདག ། འོག་ཏུ་ཉི་མ་རྡུལ་སྒྲ་གཅན། ། རྣམ་ཤེས་འགྱུར་མེད་བདེ་བ་ལ། ། སངས་རྒྱས་ཀུན་གྱི་མཛོད་སྤུ་ཡི། ། པདྨར་ཟླ་བ་བདུད་རྩི་ཉ། ། ཉི་རྡུལ་གནམ་སྟོང་གསང་བར་ཏེ། ། གཙུག་ཏོར་ནོར་བུར་དེ་དག་གོ ། ཞེས་པ་སྟོན་པའི་རྡོ་རྗེའི་ཚིག ། ལུས་ཅན་ཀུན་གྱི་ཕྱིན་ཅི་ལོག ། རབ་གནས་མྱ་ངན་འདས་པ་མིན། །
BO
ཁམས་རྣམས་ཕྱིན་ཅི་ལོག་ཏུ་འགྱུར། ། ནོར་བུར་ཐུགས་དང་གསང་བར་གསུང་། ། ལྟེ་བར་སྐུ་སྟེ་བདེ་ཆེན་ལས། ། ཆོས་དང་ ལོངས་སྤྱོད་རྫོགས་སྤྲུལ་པ། ། འདི་རྣམས་དག་པའི་སྐུ་ལས་སྤྲོ། ། ཐབས་ཀྱི་འོག་ཏུ་རྒྱལ་པོའི་དབང་། ། ཤེས་རབ་ཀྱི་ནི་སྟེང་དུ་འགྱུར། ། འདི་ཡི་དཔྲལ་བར་སྐུ་རྡོ་རྗེ། ། མགྲིན་སྙིང་ལྟེ་བའི་འདམ་སྐྱེས་ལ། ། གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས། ། སྤྲུལ་པ་ལ་ སོགས་འདི་རྣམས་སྤྲོ། ། ཕུང་པོ་ཁམས་རྣམས་སྤྲོ་བ་ནི། ། སྒྲིབ་པ་མེད་པའི་བདེ་བ་ལས། ། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། ། ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། ། ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། ། མི་འགྱུར་བ་དེ་འཕེལ་བར་འགྱུར། ། འཕེལ་བའི་འཕེལ་ བར་འགྱུར་བ་མེད། ། ཉམས་པའི་ཉམས་པ་ཉིད་ཀྱང་མེད། ། ནུབ་པ་དེ་ཡི་ནུབ་པ་མེད། ། འཆར་བ་ཡི་ནི་འཆར་བ་མེད། ། རབ་ཏུ་གསལ་བའི་རབ་གསལ་མེད། ། བཀབ་པའི་བཀབ་པ་ཡང་མེད་དོ། ། སྐྱེ་བའི་སྐྱེ་བར་འགྱུར་ཉིད་མེད། ། འཆི་བའི་འཆི་བ་ཡང་མེད་ དོ། ། གྲོལ་བའི་གྲོལ་བར་འགྱུར་བའང་མེད། ། མི་གནས་པ་ཡི་མི་གནས་མེད། ། དངོས་པོ་མེད་པའི་དངོས་མེད་མེད། ། དངོས་པོའི་པོ་ཉིད་ཀྱང་མེད། །
BO
འགྱུར་བའི་འགྱུར་བར་འགྱུར་བའང་མེད། ། མི་འགྱུར་བའི་ཡང་མི་འགྱུར་མེད། ། རང་བཞིན་མེད་པའི་ ཆོས་རྣམས་ཀྱི། ། སྐྱེ་འཇིག་སྒྱུ་མ་དེ་བཞིན་ནོ། ། འབྱུང་རྣམས་འཇིག་པར་འགྱུར་མིན་ཏེ། ། རང་བཞིན་ཉིད་ཀྱིས་སྐྱེ་མི་འགྱུར། ། སྣ་ཚོགས་འདི་ནི་རང་བཞིན་མེད། ། དངོས་པོ་དངོས་མེད་མཚན་ཉིད་གཅིག ། རང་གི་ཤེས་རབ་ལ་འཁྱུད་ སེམས། ། རྡོ་རྗེ་ནོར་བུའི་པདྨར་སོན། ། དེར་སོན་ཟླ་བ་གཡོ་བ་དང་། ། མི་གཡོ་བ་དང་མི་འགྱུར་བསྒོམ། ། ལུས་ངག་སེམས་ཀྱི་རྩ་རྣམས་སུ། ། སྐུ་གསུང་ཐུགས་རྣམས་བསྒོམ་པ་སྟེ། ། རྡོ་རྗེ་གསུམ་རྣམས་ལེགས་བསྡུས་པ། ། ཡེ་ཤེས་དུང་ཅན་མར་བསྒོམ་ པའོ། ། ཤེས་རབ་ཆགས་པས་ཞུ་བ་ཡི། ། ཐིག་ལེ་རིམ་པས་མགོ་བོ་ལས། ། རྫོགས་པའི་གནས་སུ་ཞུགས་རྣམས་ཀྱང་། ། འཆིང་བ་དམ་པའི་དོན་གྱིས་སོ། ། ཇི་ལྟར་ཟླ་ཤར་རིམ་པ་ཡིས། ། ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། ། གྲིབ་མ་ཉམས་པ་རྫོགས་པ་ སྟེ། ། ཟླ་བ་ཆད་དང་རྫོགས་པ་མིན། ། དེ་བཞིན་ཡེ་ཤེས་ཤར་རིམ་པས། ། ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། ། ཉོན་མོངས་ལ་སོགས་ཉམས་པ་རྫོགས། ། ཡེ་ཤེས་ཆད་དང་རྫོགས་པ་མིན། ། ཇི་ལྟར་རི་བོང་མཚན་མས་དབུས། །
BO
རྫོགས་པར་རི་བོང་ ཅན་མི་གནས། ། དེ་བཞིན་འགྱུར་མེད་བདེ་བར་སེམས། ། འཁོར་བའི་བག་ཆགས་མཚན་མ་ཡིས། ། སྐྱེད་དང་རབ་ཏུ་ཉམས་པའི་ཕྱོགས། ། དཀར་པོ་ནག་པོར་རབ་ཏུ་གནས། ། དེ་དག་དབུས་སུ་རྫོགས་པ་གང་། ། དེ་ནི་རྫོགས་པར་མི་གནས་སོ། ། སྐད་ ཅིག་གཅིག་མངོན་རྫོགས་སངས་རྒྱས། ། རྫོགས་པ་ལ་ནི་གཡོ་མི་འགྱུར། ། གང་ཚེ་རྡོ་རྗེ་ནོར་བུར་སེམས། ། དེ་ནི་སྐད་ཅིག་ཐམས་ཅད་རྫོགས། ། དཀར་པོའི་ཕྱོགས་ལ་འདི་མི་གནས། ། རེས་འགའ་དཀར་མིན་ལ་མི་འགྲོ། ། ཕྱོགས་གཉིས་པོ་ཡི་དབུས་ གནས་པ། ། རྫོགས་པ་ལ་གནས་གཉིས་སུ་མེད། ། གཙུག་ཏོར་ལས་ནི་ཤར་བ་དེའི། ། རྡོ་རྗེ་ནོར་བུར་རྫོགས་པར་འགྱུར། ། དེ་ཆགས་བྲལ་ལས་ཆ་ཉམས་པ། ། རྡོ་རྗེ་ནས་ཉམས་ལ་རབ་རྫོགས། ། སླར་ཡང་གཙུག་ཏོར་དུ་ཤར་བ། ། སླར་ཡང་རྡོ་རྗེ་ནོར་བུར་རྫོགས། ། དེ་ཆགས་བྲལ་ལས་ཆ་ཉམས་པ། ། ལུས་ཅན་ཡེ་ཤེས་ཉམས་པ་མིན། ། འདི་ཡི་བདེ་བ་ཆེ་རང་བཞིན། ། རྫོགས་པའི་སྒྲ་ཡིས་བརྗོད་པར་བྱ། ། དངོས་པོ་བར་མ་གཞན་ཐམས་ཅད། ། འབྱུང་དང་སྡུད་པའི་རྒྱུ་ཡིན་ནོ། ། སྲིད་ལས་མྱ་ངན་འདས་པར་འགྲོ། ། དེ་ལས་སླར་ཡང་སྲིད་པར་འོང་། ། རང་ཕྱོགས་དག་ལས་ཟླ་བཞིན་དང་། །
BO
བགྲོད་པ་དག་ལས་སྣང་བྱེད་བཞིན། ། རྫོགས་པར་མི་གཡོ་བ་འདི་ནི། ། ས་རྣམས་ཀྱིས་ནི་ཡོངས་རྫོགས་ཉིད། ། ཉི་ཁྲི་བརྒྱད་གཉིས་བརྒྱ་ཡི་དབུགས། ། འགྱུར་མེད་སྐད་ཅིག་ཟོས་རྣམས་ ཀྱིས། ། ཕྱོགས་གཉིས་ཡང་དག་གནོན་པ་ནི། ། ས་རྣམས་ཀྱིས་ནི་ཡོངས་སུ་རྫོགས། ། བདེན་དོན་རྣམ་པ་བཅུ་གཉིས་པ། ། རྣམ་པ་བཅུ་དྲུག་འགྱུར་བ་མེད། ། རྣམ་པ་བཅུ་གཉིས་ས་རྣམས་ཀྱིས། ། རྫོགས་པ་གཉིས་སུ་མེད་པ་མཆོག ། ཆ་ཤས་རྣམས་ ཀྱིས་རྫོགས་པའི་སེམས། ། རྣམ་པ་བཅུ་དྲུག་མི་འགྱུར་བ། ། དོན་གཅིག་གཉིས་སུ་མེད་པ་ཆོས། ། དམ་པའི་དོན་ཏེ་འཇིག་པ་མེད། ། རྫོགས་པའི་གནས་སྐབས་སོན་པའི་སེམས། ། ཀུན་ནས་རབ་ཏུ་རྫོགས་པའོ། ། ཆགས་བྲལ་དང་པོ་ཆགས་པ་ཆེ། ། རྡོ་རྗེ་ ལུས་མེད་མི་འགྱུར་ཆེ། ། ཡོངས་སུ་རྫོགས་པ་ཕྱོགས་གཉིས་ཀྱི། ། བག་ཆགས་རྣམས་ཀྱིས་འཁྱུད་པའོ། ། ཇི་ལྟར་ཆུ་བོའི་ཆུ་ཞུགས་པ། ། དེ་ནི་རྒྱ་མཚོར་ཆུར་མཚུངས་པ། ། དེ་བཞིན་དངོས་པོའི་ཚོགས་འདི་དེ། ། འགྱུར་བ་མེད་པར་འགྱུར་མེད་མཚུངས། ། ཇི་ ལྟར་ཁམས་ཀྱི་ཚོགས་པ་འདིས། ། ཟོས་པ་ལས་ནི་རོ་ཉིད་འགྱུར། ། ས་བོན་རང་བཞིན་ས་བོན་གྱིས། ། འབྲས་བུའི་དུས་སུ་ང་རྒྱལ་སྤངས། །
BO
དེ་ལྟར་དངོས་པོའི་ཚོགས་པ་ཡང་། ། མཆོག་ཏུ་མི་འགྱུར་ཟོས་པ་ཡིས། ། མཆོག་ཏུ་མི་འགྱུར་བ་ཉིད་འགྱུར། ། རྣམ་པ་ཐམས་ཅད་རང་བཞིན་འཛིན། ། མཆེ་བའི་ཚོར་བ་སྡུག་བསྔལ་ནི། ། དུག་རྫོགས་གནས་སྐབས་གྱུར་པ་ན། ། རྨ་ལ་རིག་མིན་གཞན་དུ་མིན། ། ཡུལ་དང་དབང་པོའི་སྒོ་རྣམས་ཀྱིས། ། དེ་བཞིན་རྣལ་འབྱོར་དམ་པའི་བདེ། ། སེམས་རྫོགས་ཆར་གྱུར་ན་ རྡོ་རྗེ། ། ནོར་བུར་རིག་མིན་གཞན་དུ་མིན། ། ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས། ། ཇི་ལྟར་རོ་ཆེན་ལྕགས་རྣམས་ཀྱི། ། ཕྱོགས་གཅིག་ཡང་དག་གནས་པ་ནི། ། ལྕགས་ལ་དྲག་པོའི་མེས་གདུངས་ན། ། ཀུན་ནས་ཀུན་ཏུ་འབིགས་པར་བྱེད། ། དེ་བཞིན་ཉིད་དུ་འགྱུར་མེད་བདེ། ། ཕྱོགས་གཅིག་ཡང་དག་གནས་པ་ཡང་། ། སེམས་ལ་འདོད་པའི་མེས་གདུངས་ན། ། ཀུན་ནས་ཀུན་ཏུ་འབིགས་པར་བྱེད། ། ཇི་ལྟར་ཕུག་པའི་ལྕགས་རྣམས་ནི། ། འགའ་ཞིག་ཏུ་ཡང་དྲི་མ་མེད། ། དེ་བཞིན་དུ་ནི་ཕུག་ པའི་སེམས། ། འགའ་ཞིག་ཏུ་ཡང་བག་ཆགས་མེད། ། ལྕགས་ནི་གསེར་ཉིད་དུ་གྱུར་པ། ། མེ་ཡིས་དྲི་མ་མེད་པར་འགྱུར། ། དེ་བཞིན་ཡང་དང་ཡང་དུ་སེམས། ། འདོད་ཆགས་མེ་ཡིས་དྲི་མ་མེད། ། ཇི་ལྟར་ནོར་བུ་ཆེ་རེག་ལས། །
BO
རྡོ་ནི་རབ་ཏུ་འབར་བར་ འགྱུར། ། དེ་བཞིན་འགྱུར་མེད་བདེ་རེག་ལས། ། སེམས་ནི་བདེ་བ་ཉིད་དུ་འགྱུར། ། འདིར་ནི་མང་པོ་བརྗོད་པས་ཅི། ། འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། ། ལྕགས་རྣམས་རབ་ཏུ་འབིགས་བྱེད་པ། ། རོ་ཡི་མཐུ་ནི་བརྟག་བྱ་མིན། ། ཅི་ཞིག་སླར་ཡང་དོན་ དམ་པས། ། བློ་བུར་དྲི་མས་གཡོགས་པ་ཡི། ། སེམས་ནི་རབ་ཏུ་འབིགས་བྱེད་པ། ། ཡེ་ཤེས་མཐུ་ནི་བརྟག་བྱ་མིན། ། སེམས་ལ་བློ་བུར་དྲི་མ་མེད། ། སེམས་ལས་ཡུན་རིང་དུས་ཅན་མིན། ། སེམས་མེད་པར་ནི་སྐྱེ་བ་མེད། ། སེམས་ལ་མི་ཟད་གནས་པ་མིན། ། གལ་ཏེ་འདི་ཉིད་བློ་བུར་པ། ། དེ་ཚེ་སྔོན་དུ་སེམས་དྲི་མེད། ། གང་ཚེ་སེམས་ལས་དུས་རིང་ཅན། ། དེ་ཚེ་དེ་ནི་ཅི་ལས་སྐྱེ། ། གལ་ཏེ་སེམས་མེད་པར་སྐྱེ་ན། ། དེ་ཚེ་ནམ་མཁའི་མེ་ཏོག་མཚུངས། ། གལ་ཏེ་སེམས་ལ་རྟག་ཏུ་གནས། ། དེ་ཚེ་ཀུན་ཏུ་ཐར་པ་མིན། ། ཇི་ ལྟར་ཟངས་ཀྱི་དྲི་མ་ནི། ། རོ་ཡི་སྦྱོར་བས་ཉམས་པར་འགྱུར། ། དེ་ཡི་ཡོད་ཉིད་ཉམས་པ་མེད། ། དྲི་མེད་ཉིད་ཀྱིས་ཡང་དག་གནས། ། དེ་བཞིན་སེམས་ཀྱི་དྲི་མ་ནི། ། སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར། ། དེ་ཡི་ཡེ་ཤེས་ཉིད་ཉམས་མེད། ། དྲི་མེད་ཉིད་ཀྱིས་ཡང་དག་གནས།
BO
། ཇི་ལྟར་བཅུད་ཀྱིས་ཕུག་པའི་ལྕགས། ། ལྕགས་ཉིད་དུ་ནི་རྗེས་འགྲོ་མིན། ། དེ་བཞིན་བདེ་བས་ཕུག་པའི་སེམས། ། སྡུག་བསྔལ་ཉིད་དུ་རྗེས་འགྲོ་མིན། ། ཆགས་བྲལ་ལས་གཞན་སྡིག་པ་མེད། ། བདེ་བ་ལས་གཞན་བསོད་ནམས་མེད། ། དེ་ཕྱིར་འགྱུར་མེད་བདེ་བར་ སེམས། ། མི་བདག་རྟག་ཏུ་གནས་པར་བྱ། ། གཞོན་ནུ་མ་ཡི་དགའ་བ་ནི། ། མེད་པར་བདེ་བ་སྨྲ་མི་ནུས། ། ལང་ཚོའི་དགའ་བ་ཐོབ་པ་ན། ། བདེ་བ་ཆེན་པོ་རང་གིས་རིག ། དེ་བཞིན་ཏིང་འཛིན་དང་བྲལ་བའི། ། བདེ་བ་སྨྲ་བར་ནུས་མ་ཡིན། ། འགྱུར་མེད་ཏིང་ འཛིན་ཐོབ་པ་ན། ། རྣལ་འབྱོར་པ་ཡིས་རང་རིག་འགྱུར། ། འགྱུར་མེད་ལས་སྐྱེས་བདེ་རིག་པ། ། ཐམས་ཅད་མཁྱེན་ལའང་ཐེ་ཙོམ་ཟ། ། དེ་ལྟ་ན་ཡང་ཡིད་བདེ་མིན། ། ཆགས་བྲལ་ཉིད་དུ་མི་བྱའོ། ། འཕོས་པ་ལས་ནི་ཆགས་བྲལ་འགྱུར། ། ཆགས་བྲལ་ ལས་ནི་སྡུག་བསྔལ་འབྱུང་། ། སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། ། ཟད་པ་ལས་ནི་འཆི་བར་བརྗོད། ། ཤི་ལས་སླར་ཡང་དེ་རྣམས་ཀྱི། ། སྲིད་པའོ་སྲིད་ལས་སླར་འཆི་འཕོ། ། དེ་ལྟར་སེམས་ཅན་གྱི་སྲིད་པ། ། ཆགས་བྲལ་ལས་འབྱུང་གཞན་དུ་མིན། ། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། ། འཕོ་བའི་ཆགས་པ་རྣམ་པར་སྤངས། །
BO
གང་གིས་འགྱུར་མེད་བདེ་བར་འགྱུར། ། རྣལ་འབྱོར་འཁོར་བར་བཅིངས་པ་ཡིས། ། འདོད་ལྡན་ཡང་ནི་ཆགས་བྲལ་བར། ། འདོད་པའི་བསྟན་བཅོས་སུ་མི་འདོད། ། བདག་གིས་བརྗོད་པའི་ རྒྱུད་དུ་སླར། ། རྣལ་འབྱོར་པ་ཅིས་སྡུག་བསྔལ་འདོད། ། ཁུ་བ་མི་འགྱུར་རང་བཞིན་གྱིས། ། མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། ། རྟེན་ནི་འཕོ་བ་ཐོབ་པ་ན། ། བརྟེན་པའི་འདོད་ཆགས་བྲལ་བ་ཉིད། ། རྟེན་དང་བརྟེན་པ་ལེགས་རྫོགས་པ། ། ཇི་སྲིད་འགྱུར་མེད་ཉིད་ དུ་འགྲོ། ། སེམས་ཀྱི་འགྱུར་མེད་ཉིད་ཐོབ་ན། ། རྟེན་དང་བརྟེན་པའི་མཚན་ཉིད་མེད། ། འགྱུར་མེད་ལས་བྱུང་སྐུ་ཡི་ནི། ། མཛོད་སྤུའི་འཁོར་ལོར་སོན་པའི་ཡང་། ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། ། ཧཱུྃ་ཡིག་མི་འདོད་མི་ཡི་བདག ། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། ། མི་འགྱུར་ལས་སྐྱེས་བདེ་བ་འབྲས། ། རྒྱུ་ནི་འབྲས་བུས་རྒྱས་བཏབ་པ། ། འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ། ། སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ། ། སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ། བྱང་ཆུབ་སེམས་དེ་ མི་འཕོ་བའོ། ། མྱ་ངན་འདས་པ་བྲལ་བའི་གཟུགས། ། འཁོར་བ་ལས་འདས་མི་འགྱུར་བ། །
BO
དེ་དག་སྦྱོར་བ་གཉིས་མེད་མཆོག ། རྟག་དང་ཆད་ལས་ངེས་པར་གྲོལ། ། དངོས་མེད་ལས་བྱུང་མཚན་ཉིད་ཕྱིར། ། གཟུགས་ནི་དངོས་པོ་མེད་པ་མིན། ། དངོས་ པོ་ལས་བྱུང་མཚན་ཉིད་ཕྱིར། ། འགྱུར་བ་མེད་པ་དངོས་པོ་མིན། ། དངོས་པོ་དངོས་མེད་ཡང་དག་སྦྱོར། ། རྡོ་རྗེའི་རྣལ་འབྱོར་གཉིས་མེད་མཆོག ། གཟུགས་དང་གཟུགས་མིན་རྣམ་པར་གྲོལ། ། པྲ་ཕབ་མེ་ལོང་ལ་བཞིན་ནོ། ། གཟུགས་ནི་སྲིད་པར་མི་འོང་སྟེ། ། འགྱུར་མེད་མྱ་ངན་འདས་མི་འགྲོ། ། ཕན་ཚུན་འཁྱུད་པས་ཞི་བ་སྟེ། ། མ་ནིང་གི་ནི་གོ་འཕང་མཆོག ། ཤེས་རབ་རྒྱུ་ལས་མ་བྱུང་ཞིང་། ། ཤེས་རབ་རྒྱུ་ལས་བྱུང་བ་འབྲས། ། ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། ། ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། ། དེ་ཕྱིར་ཡེ་ ཤེས་རྒྱུ་སྐྱེས་མིན། ། ཤེས་རབ་ཡེ་ཤེས་བླ་ན་མེད། ། འབྲས་བུ་རྒྱུ་ཡིས་གཞན་དང་གཞན། ། ཕན་ཚུན་དུ་ནི་རྒྱས་བཏབ་མེད། ། རྒྱུ་དང་འབྲས་བུ་ཐམས་ཅད་གང་། ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་། ། ཕན་ཚུན་རྒྱ་ཡིས་བཏབ་པའི་གཟུགས། ། སྐྱེ་མིན་མྱ་ངན་ འདས་པའང་མིན། ། ཤེས་རབ་ཀུན་ནས་མྱ་ངན་འདས། ། སྐྱེ་བ་མཆོག་ཏུ་འགྱུར་བ་མེད། ། རྒྱུ་དང་འབྲས་བུ་རྣམ་ངེས་གྲོལ། །
BO
ཕན་ཚུན་དུ་ནི་རྒྱས་བཏབ་མེད། ། མ་སྐྱེས་པ་དང་མ་འགགས་པའི། ། ཤེས་བྱ་གང་ཞིག་འདིར་མཐོང་བ། ། དེ་ནི་རང་སེམས་གཞན་མ་ ཡིན། ། ཕྱི་ཡི་ཤེས་བྱ་རྣམ་འབྱེད་ཕྱིར། ། དེ་ཕྱིར་བདག་གིས་བདག་ཉིད་ལ། ། འགར་ཡང་རྒྱས་གདབ་ནུས་མ་ཡིན། ། རལ་གྲི་ཆེན་པོ་བདག་ཉིད་ལ། ། བདག་ཉིད་སོ་ཡིས་གཅོད་དམ་ཅི། ། མོ་གཤམ་བུ་མོ་དང་འགྲོགས་པས། ། རྨི་ལམ་དུ་ནི་བདེ་འགྱུར་ལྟར། ། ནམ་མཁའ་ལས་བྱུང་གཟུགས་བརྙན་ནི། ། བསྟེན་པས་བདག་ལ་དེ་བཞིན་ནོ། ། ཤེས་རབ་མ་ཡིན་ཐབས་ཀྱང་མིན། ། འདི་ནི་ལྷན་སྐྱེས་ཤེས་རབ་བཅས། ། ཀུན་ནས་བདེ་བ་རྫོགས་པ་ལས། ། སྒྲིབ་པ་ཐམས་ཅད་སྤངས་པ་སྟེ། ། ནམ་མཁའ་བཞིན་དུ་གོས་ པ་མེད། ། ཡུལ་དང་དབང་པོ་སྤངས་པ་ནི། ། ཀུན་ནས་འབྱུང་བ་ཀུན་ལ་གནས། ། གཅད་དུ་མེད་པ་དབྱེ་བ་སྤངས། ། རང་བྱུང་རྡོ་རྗེ་སེམས་དཔའ་ནི། ། དོན་ཆེན་མཆོག་ཏུ་མི་འགྱུར་བ། ། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། ། སེམས་ཅན་ ཐམས་ཅད་དགའ་བར་བྱེད། ། བྱང་ཆུབ་སེམས་དཔའ་ཞེ་སྡང་ཆེ། ། ཉོན་མོངས་ཟད་པ་དགྲ་ཆེན་པོ། ། དམ་ཚིག་སེམས་དཔའ་གཏི་མུག་ཆེ། ། གཏི་མུག་བློ་སྟེ་གཏི་མུག་སེལ། ། རྡོ་རྗེའི་རྣལ་འབྱོར་ཁྲོ་བ་ཆེ། །
BO
ལྷ་མིན་ཁྲོ་བོ་དགྲ་ཆེན་པོ། ། དུས་ཀྱི་འཁོར་ལོ་ཆགས་པ་ཆེ། ། འཕོ་བའི་ཆགས་པ་སེལ་བར་བྱེད། ། རྡོ་རྗེ་མི་ཕྱེད་ཅེས་པར་བརྗོད། ། འདི་ནི་དོན་ཆེན་བཅོམ་ལྡན་འདས། ། སེམས་དཔའ་སྲིད་གསུམ་གཅིག་པ་ཉིད། ། མཆོག་ཏུ་མི་འགྱུར་བརྗོད་པར་བྱ། ། མཆོག་ཏུ་ མི་འགྱུར་བདེ་བ་རྫོགས། ། ས་རྣམས་ཡོངས་སུ་རྫོགས་པ་ཡིས། ། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། ། སེམས་ཅན་ཐམས་ཅད་དགའ་བར་བྱེད། ། བྱང་ཆུབ་ལ་གནས་སེམས་དཔའ་ནི། ། མི་གཡོ་དེ་ཕྱིར་བྱང་ཆུབ་སེམས། ། ཉོན་མོངས་ལ་ སོགས་ཞེ་སྡང་ཚོགས། ། ཞེ་སྡང་ཆེན་པོ་དགྲ་ཆེ་བ། ། དམ་ཚིག་ཟླ་བ་བདུད་རྩི་ཡི། ། ཁུ་བ་འཕོ་མེད་དེ་ཟ་བ། ། དམ་ཚིག་སེམས་དཔའོ་རིགས་པ་འདིས། ། གཏི་མུག་བློ་སྟེ་གཏི་མུག་སེལ། ། རྡོ་རྗེ་ཐམས་ཅད་གཅིག་པ་ཉིད། ། ཤེས་རབ་སྐུ་དང་མི་འགྱུར་བཅས། ། ཁྲོ་བོ་ཆེན་པོ་དགྲ་ཆེན་པོ། ། ཁྲོ་བོའི་གཟུགས་ཅན་བདུད་རྣམས་ཀྱིས། ། འགྱུར་མེད་བདེ་བ་ཆེ་ཐབས་ལས། ། ནམ་ཡང་སེམས་ཅན་དོན་མི་འདོར། ། སེམས་ཅན་གྲོལ་ནས་ཆགས་ཆེན་པོ། ། འགྱུར་ བའི་ཆགས་པ་སེལ་བར་བྱེད། ། འདི་རྣམས་རྣམ་པ་དྲུག་ཏུ་བརྗོད། ། མི་འགྱུར་ཡེ་ཤེས་ཚོར་བ་དང་། །
BO
རྣམ་ཤེས་གཟུགས་དང་འདུ་བྱེད་དང་། ། འདུ་ཤེས་དེ་རྣམས་ཕུང་པོའི་རིགས། ། ཡེ་ཤེས་མེ་དང་ནམ་ མཁའ་ས། ། རླུང་ཆུ་རྣམས་ཀྱི་རིམ་པ་བཞིན། ། ཡིད་མིག་རྣ་བ་ལུས་དང་སྣ། ། ལྕེ་རྣམས་ཀྱི་ཡང་དེ་བཞིན་ཉིད། ། སྒྲ་རོ་ཆོས་ཀྱི་དབྱིངས་དང་དྲི། ། རེག་བྱ་ཁ་དོག་རྣམས་ཀྱི་ཡང་། ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་ འཇིགས། ། རིགས་དྲུག་རྣམས་ཀྱིས་ཡོངས་དག་པ། ། ལུས་དང་གསང་བ་དབང་པོ་སེམས། ། རྟག་ཏུ་དཀྱིལ་འཁོར་རྣམ་པ་གསུམ། ། ཤེས་རབ་ཐབས་ཀྱི་རྡོ་རྗེ་གསུམ། ། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། ། འདི་ནི་དབང་གི་སྒྲུབ་ཐབས་ཏེ། ། མཆོག་ཏུ་མི་འགྱུར་སྒྲུབ་པའི་ཐབས། ། རྩ་དང་རིགས་དང་ཡང་དག་ལྡན། ། ཟླ་བ་མདོར་བསྟན་པ་ཡིས་བཤད། ། ཅེས་པ་འཇིག་རྟེན་ཁམས་ཀྱི་ལེའུར་ལེའུ་ལྔ་པའི་མཆོག་ཏུ་མི་འགྱུར་ བའི་དབང་གི་སྒྲུབ་ཐབས་མདོར་བསྟན་པ་རྫོགས་སོ། ། ། ། འདི་ནི་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། ། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་པས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླར་ཡང་སྒྲ་ ཚད་པ་རིན་ཆེན་རྒྱལ་མཚན་གྱིས་དཔལ་ནཱ་རོ་པའི་འགྲེལ་བཤད་དང་མཐུན་པར་བསྒྱུར་ཞིང་ཞུས་ཏེ་དག་པར་བྱས་པའོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source