BOའཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས་ལེའུ་བདུན་པ་སྟེ་གོ་ཆའི་བཀོད་པ་བསྟན་པ། བམ་པོ་དང་པོ། ། རྒྱ་གར་སྐད་དུ། ཨཱརྱ་ཝརྨ་(བྱཱུ,བྱཱུ)་ཧ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གོ་ཆའི་བཀོད་པ་བསྟན་པ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་ཀ་ལན་ད་ཀའི་གནས་འོད་མའི་ཚལ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ་འཁོར་མང་པོ་བརྒྱ་སྟོང་ཚད་མེད་པས་ཡོངས་སུ་བསྐོར་ཅིང་གུས་པས་རིམ་གྲོ་དང་། བཀུར་སྟི་བྱས་པར་གྱུར་ཏོ། ། དེའི་ཚེ་འཁོར་འདུས་པ་དེར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཞེས་བྱ་བ་འདུས་པར་གྱུར་བ་དེ་འདུག་པའི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།
BOཔུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སྤྱི་བོ་བཏུད་དེ་ཕྱག་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བདག་ལ་ཐེ་ ཚོམ་ཅུང་ཟད་ཅིག་མཆིས་ཏེ། དེ་བཞིན་གཤེགས་པ་ལ་ཞུ་བར་འཚལ་ན་ཐུགས་རྗེས་གནང་བར་མཛད་ཅིང་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཀྱིས་ཚིགས་སུ་བཅད་དེ་གསོལ་པ། དཔའ་ཆེན་སྐྱེས་བུ་ ཆེན་པོ་སྟེ། ། འཇིག་རྟེན་དག་ན་མཚུངས་མ་མཆིས། ། བདག་ནི་སེམས་ཅན་དག་གི་སླད། ། ཐེ་ཚོམ་ཅུང་ཟད་ཞུ་བ་ལགས། ། སེང་གེའི་གདན་ལས་མ་བཞེངས་པར། ། སྐུ་ནི་ཕྱོགས་བཅུ་ཀུན་ཏུ་ཁྱབ། ། ཐ་དད་སྨྲ་བ་ཐམས་ཅད་ཀྱིས། ། གང་ཡང་བསྒུལ་བར་མི་འགྱུར་བར། ། མཁྱེན་པའི་གཏེར་ནི་ མཐའ་མི་མངའ། ། སྟོབས་རྣམས་ཀྱང་ནི་ཚད་མ་མཆིས། ། བཅོམ་ལྡན་སྟོབས་ནི་རེ་རེས་ཀྱང་། ། འཇིག་རྟེན་མ་ལུས་སྒྲོལ་བར་མཛད། ། ཐམས་ཅད་མཁྱེན་ལ་རབ་གནས་ཤིང་། ། སྟོབས་བཅུ་ལ་ནི་གང་གནས་པ། ། མི་འཇིགས་སེང་གེ་ཆེན་པོ་སྟེ། ། རྒྱལ་བ་བླ་ན་མེད་པའི་གཙོ། ། མ་འདྲེས་ཆོས་ནི་ {བཅྭ་,བཅོ་}བརྒྱད་དག ། དེ་བཞིན་གཤེགས་ལ་མངའ་བས་ན། །
BOའཇིག་རྟེན་རྣམས་ནི་གསལ་མཛད་ཅིང་། ། མུ་སྟེགས་རྣམས་ནི་ཕམ་པར་མཛད། ། ཆོས་རྣམས་ཐམས་ཅད་རབ་མཁྱེན་པས། ། དེ་སླད་མཐའ་མེད་མཆོག་ཅེས་བགྱི། ། ཉམས་པ་མི་མངའི་འདྲེན་པ་ལ། ། བདག་ནི་ཐེ་ ཚོམ་ཞུ་བ་ལགས། ། དྲི་མེད་མཁྱེན་པ་མཐའ་མེད་པ། ། མཁྱེན་པ་མི་གཡོ་རྒྱ་མཚོ་བཞིན། ། མཁྱེན་པ་ཡུལ་ལ་ཐོགས་མི་མངའ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། བཅོམ་ལྡན་ལེགས་པར་བསྒོམས་པས་ན། ། ལམ་ལ་ཐེ་ཚོམ་ཡོང་མི་མངའ། ། བདེར་གནས་འདྲེན་པ་ཆེན་པོ་ལ། ། བདག་ནི་ཐེ་ཚོམ་ ཞུ་བ་ལགས། ། ཆུ་བོ་དག་ནི་རབ་རྒལ་ཅིང་། ། མཚམས་སྦྱོར་འཆིང་བ་ཡོངས་བཅད་པ། ། གདུག་པའི་ཟུག་རྔུ་འབྱིན་པ་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། མ་རིག་སྒོ་ངའི་སྦུབས་བཅོམ་ཞིང་། ། ཉོན་མོངས་གདུང་བ་ཉེར་ཞི་བ། ། ཤིན་ཏུ་བསིལ་ལ་རབ་གནས་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། འཇིགས་མེད་ཡེ་ཤེས་བླ་མེད་དང་། ། ཡེ་ཤེས་ཆགས་དང་ཐོགས་མེད་པ། ། ཆོས་ཀྱི་རྒྱ་མཚོའི་མཁྱེན་པ་རྣམས། ། དེ་བཞིན་གཤེགས་པས་མངོན་སུམ་བརྙེས། ། སངས་རྒྱས་ཡོན་ཏན་ཚད་མེད་པས། ། མངོན་སུམ་མཁྱེན་པ་ཡོངས་སུ་རྫོགས། ། ཟག་པ་ཐམས་ཅད་ཟད་གྱུར་ཅིང་། ། ཉོན་མོངས་ལྟ་བ་རབ་ བཅོམ་པ། །
BOབཅོམ་ལྡན་ཡོན་ཏན་ཚད་མེད་པ། ། མང་པོ་དག་ནི་རབ་ཏུ་བསགས། ། བསམ་གྱིས་མི་ཁྱབ་ཆོས་རྗེ་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། བཅོམ་ལྡན་མཆོག་གི་མཁྱེན་པ་ཡིས། ། འཇིག་རྟེན་ཀུན་ནི་གསལ་བར་མཛད། ། ཆོས་ཀྱི་སྣང་བ་སྟོན་མཛད་པས། ། ཡོན་ཏན་རྒྱ་མཚོ་མཐའ་ མི་མངའ། ། འདྲེན་པའི་ཆོས་ཀྱི་འོད་ཟེར་གྱིས། ། འཇིག་རྟེན་ཀུན་ཏུ་གསལ་བར་མཛད། ། དེ་སླད་འཇིག་རྟེན་སངས་རྒྱས་ཀྱི། ། ཆོས་ཀྱི་འོད་ཟེར་སྣང་བ་ལགས། ། ཆོས་ཀྱི་རྒྱ་མཚོ་ཐམས་ཅད་མཁྱེན། ། སྤོབས་པ་དག་ནི་བླ་ན་མེད། ། བརྩོན་འགྲུས་བསམ་གྱིས་མི་ཁྱབ་ཅིང་། ། རྣམ་དག་ལྟ་བ་རབ་སྤངས་པ། ། སངས་རྒྱས་སྤྱན་ནི་མཐའ་མེད་པས། ། མཁྱེན་པའི་ཡུལ་ལ་མཐའ་མི་མངའ། ། འཇིག་རྟེན་མཚུངས་མེད་གཙོ་བོ་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། ཆོས་རྒྱལ་ཐུབ་པ་ཆེན་པོ་ཡིས། ། སེམས་ཅན་ཐེ་ཚོམ་གཅོད་པར་མཛད། ། འདྲེན་པ་ལ་ནི་བདག་ཞུ་ན། ། མོས་པ་ཇི་བཞིན་བཀས་བཤད་ གསོལ། ། ལྷ་དང་མི་ཡི་འཇིག་རྟེན་ཀུན། ། ཐམས་ཅད་བདག་གིས་རབ་བརྟགས་ན། ། དེ་བཞིན་གཤེགས་དང་མཚུངས་མེད་པས། ། ཐམས་ཅད་མ་ལུས་གསལ་བར་མཛད། ། ཡོན་ཏན་རྣམས་ལ་རབ་གནས་ཤིང་། ། རྒྱན་དང་ལྡན་པའི་སྐྱེས་ཆེན་ལགས། །
BOབསམ་གྱིས་མི་ཁྱབ་ཆོས་ཀྱི་རྒྱལ། ། དྲང་ སྲོང་ནང་ན་གསལ་བ་པོ། ། དཔེར་ན་གངས་རི་ཆེན་པོ་ནི། ། རིན་ཆེན་ཀུན་གྱིས་བཀོད་པའི་གནས། ། བཅོམ་ལྡན་ཆོས་གདན་བཞུགས་པ་ཡི། ། བཀོད་པ་དག་ཀྱང་དེ་བཞིན་ནོ། ། རབ་ཡངས་བརྩོན་འགྲུས་ཆེན་པོ་ཡིས། ། ཡིད་འོང་སྒྲ་ནི་སྟོན་མཛད་པས། ། སེམས་ཅན་གང་དག་ཐོས་གྱུར་ན། ། དགེ་ བའི་རྩ་བ་རྣམ་དག་འགྱུར། ། བཅོམ་ལྡན་མི་གཡོ་མཆོག་ལགས་པས། ། ཆོས་ཀྱི་སྣང་བ་སྟོན་པར་མཛད། ། དེས་ནི་སེམས་ཅན་ཐམས་ཅད་ཀྱི། ། ཡིད་བཞིན་བློ་ནི་བདེ་བར་འགྱུར། ། དུས་དང་འཁོར་ནི་རབ་མཁྱེན་ཅིང་། ། གང་ཟག་མཁྱེན་པ་འདྲེན་པ་ཡིས། ། ཆོས་ཀྱི་སྣང་བ་སྟོན་མཛད་པས། ། དུས་མཁྱེན་པ་ཡི་བློ་ལྡན་ལགས། ། ཚངས་སྐད་བརྩོན་འགྲུས་ཆེན་པོ་ཡིས། ། རྣམ་དག་གསུང་ནི་བཀས་བཤད་གསོལ། ། ཆར་ཆེན་ས་ལ་བབས་པ་ལྟར། ། ཆོས་ཀྱི་རླན་གྱིས་ཁྱབ་པར་མཛོད། ། བཅོམ་ལྡན་འཁོར་འདུས་ནང་བཞུགས་ཏེ། ། ཀུན་ཏུ་ཆོས་ཀྱི་ཆར་ཕབ་ནས། ། ཆོས་འདི་ ལ་ནི་གང་རེ་བ། ། སེམས་ཅན་རྣམས་ནི་ཚིམ་པར་མཛོད། ། མཆོག་ཏུ་བདེ་ལ་རབ་གནས་པས། ། རྒྱལ་པོ་རི་རབ་ཇི་ལྟ་བཞིན། ། སེམས་ཅན་རྣམས་ལ་སྦྱིན་མཛད་ཅིང་། ། མང་པོ་རྣམས་ནི་དགའ་བར་མཛོད། །
BOདཔའ་ཆེན་རྐང་གཉིས་གཙོ་དག་ནི། ། སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པས། ། སེམས་ཅན་དག་ནི་ཐམས་ཅད་ཀྱིས། ། གང་ཡང་འཚལ་བར་མི་འགྱུར་རོ། ། སྐྱེས་བུ་ཆེན་པོ་ཚད་མ་མཆིས། ། འཁོར་འདུས་འཐུན་པར་གྱུར་བ་དག ། ཐུབ་པ་ཆེ་ལ་བརྟེན་ནས་ནི། ། སངས་རྒྱས་སྤྱོད་ཡུལ་ཚོལ་བ་ལགས། ། བདག་ནི་སངས་རྒྱས་སྤྱོད་ཡུལ་ལ། ། གཞོལ་བའི་སླད་དུ་འདིར་མཆིས་ ན། ། འདྲེན་པ་མཁྱེན་པ་ཐོགས་མི་མངའ། ། ཇི་ལྟར་མྱུར་དུ་དབྱེ་མི་མཛད། ། བདག་ནི་དེ་ཡི་མོས་པ་བཞིན། ། ཞལ་དུ་བལྟས་ནས་ཞུ་ལགས་ན། ། བཅོམ་ལྡན་ཐུགས་རྗེས་རབ་ཕྱེ་ནས། ། ཐེ་ཚོམ་རྣམས་ནི་བཅད་དུ་གསོལ། ། བླ་མེད་ཆོས་ནི་ཐོས་གྱུར་ན། ། སེམས་ནི་རབ་ཏུ་དགའ་བར་འགྱུར། ། ལུས་ ནི་དགའ་བས་ཁྱབ་གྱུར་ནས། ། ཐེ་ཚོམ་དྲ་བ་ཆད་པར་འགྱུར། ། ཆོས་ཀྱི་རྒྱལ་པོ་བླ་མེད་གཙོ། ། ཐམས་ཅད་མཁྱེན་པ་འཇིགས་མི་མངའ། ། ཐམས་ཅད་མཁྱེན་ཅིང་གཟིགས་པ་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། སངས་རྒྱས་ཆོས་ནི་ཐམས་ཅད་ལ། ། ཐེ་ཚོམ་ཅུང་ཟད་ཡོང་མི་ མངའ། ། རབ་བརྩོན་འདྲེན་པ་ཆེན་པོ་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། བླ་མེད་ཐེ་ཚོམ་ཆད་པ་པོ། ། ཆོས་ལ་ཐེ་ཚོམ་མི་མངའ་བ། ། ཡོན་ཏན་རྒྱ་མཚོ་དཔག་མེད་ལ། །
BOབདག་ནི་ཐེ་ཚོམ་ཞུ་བ་ལགས། ། སྣང་བ་ཆེན་པོ་དཔག་མེད་དང་། ། ཡོན་ཏན་ཆེན་པོ་དཔག་མེད་དང་། ། རྣམ་དག་མཁྱེན་ པ་དཔག་མེད་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། བརྩོན་འགྲུས་མཁྱེན་པ་དཔག་མེད་དང་། ། སྤྱོད་ཡུལ་མཁྱེན་པ་དཔག་མེད་དང་། ། ཕན་འདོགས་མཁྱེན་པ་དཔག་མེད་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། བཅོམ་ལྡན་མཁྱེན་པ་མཐའ་མེད་ཀྱང་། ། མཐའ་དང་མཐའ་མེད་རབ་ཏུ་སྤངས། ། ཐེ་ཚོམ་ཐམས་ཅད་གཅོད་པ་ལ། ། བདག་ནི་ཐེ་ཚོམ་ཞུ་བ་ལགས། ། བསམ་གྱིས་མི་ཁྱབ་ཆོས་ཀྱི་རྒྱལ། ། ཐུགས་རྗེས་ཞུ་བ་གསན་དུ་གསོལ། ། གནང་བར་མཛད་ན་བདག་ཞུ་ན། ། ཐུབ་པ་ཆེན་པོས་བཤད་དུ་གསོལ། ། ཐམས་ཅད་མཁྱེན་པ་ཤཱཀྱའི་གཙོ། ། གྲགས་ཆེན་ལ་ནི་ཞུ་བ་ལགས། ། གལ་ཏེ་ཐུགས་རྗེས་གནང་གྱུར་ན། ། ཐེ་ཚོམ་དྲ་བ་གཅད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་བཀའ་སྩལ་པ། བློ་གྲོས་མཐའ་ཡས་དེང་ཁྱོད་ཀྱིས་ངའི་ཞལ་དུ་བལྟས་ནས་སེམས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་འདིས་དེ་ བཞིན་གཤེགས་པ་ལ་ཞུ་བ་དུ་ཞིག་ཞུ་བར་སེམས། ། གལ་ཏེ་ཞུ་བ་ཡོད་ན་ངས་བཤད་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་།
BOདེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། བློ་གྲོས་མཐའ་ཡས་ཁྱོད་ཀྱིས་ནི། ། ང་ལ་ཅི་ཞིག་འདྲི་བར་སེམས། ། དེ་བཞིན་ དུ་ནི་ཞུས་ཤིག་དང་། ། ངས་ནི་རབ་ཏུ་བཤད་པར་བྱ། ། ཁྱོད་ཀྱིས་ཇི་སྐད་དྲིས་པ་བཞིན། ། རེ་རེ་ནས་ནི་གསལ་ཕྱེ་ནས། ། ཇི་ལྟར་མོས་དང་འདུན་པ་བཞིན་དུ། ། མྱུར་དུ་ཕྱེ་སྟེ་རབ་བཤད་དོ། ། ངས་ནི་ཁྱོད་ལ་རབ་བཤད་ཀྱིས། ། ཐམས་ཅད་ཐེ་ཚོམ་མེད་པར་བྱོས། ། ཇི་ལྟར་ཁྱོད་ཀྱི་འདོད་པ་བཞིན། ། ཁྱོད་ཀྱིས་ཞུས་དང་འཚམ་པར་བཤད། ། དེང་ཁྱོད་དུས་བཞིན་ཞུ་བར་གྱིས། ། དུས་དང་དོན་ནི་ཇི་ལྟ་བཞིན། ། དུས་བཞིན་དུ་ནི་ཞུས་པའི་ཕྱིར། ། ངས་ནི་ངེས་པར་རབ་བཤད་དོ། ། ཇི་ལྟར་ཁྱོད་ཀྱི་མོས་པ་བཞིན། ། ཞུ་བ་དག་ནི་ཞུས་ཤིག་དང་། ། ངས་ནི་ཐམས་ཅད་རྗེས་འཐུན་པར། ། ཁྱོད་ལ་རབ་ ཏུ་བཤད་པར་བྱ། ། དེང་ཁྱོད་དུས་སུ་ཞུས་ཤིག་དང་། ། ངས་ཀྱང་དུས་བཞིན་བཤད་པར་བྱ། ། ཐེ་ཚོམ་དྲ་བ་བཅད་པས་ན། ། ཐེ་ཚོམ་མེད་པ་འཐོབ་པར་འགྱུར། ། ང་ནི་ཆོས་ཀྱི་རྗེར་གྱུར་པས། ། དོན་ནི་མཐར་ཕྱིན་ཐུགས་སུ་ཆུད། ། ཆོས་རྣམས་ཐམས་ཅད་དག་ལ་ཡང་། ། ཐེ་ཚོམ་མེད་པ་ བརྙེས་པ་ཡིན། ། ང་ནི་ཆོས་རྣམས་ཐམས་ཅད་ལས། །
BOམངོན་སངས་རྒྱས་པས་བསམ་དཀའ་ཡིན། ། སེམས་ཅན་མོས་པ་ཇི་བཞིན་དུ། ། ཞུས་པ་དག་ནི་སྟོང་པར་མཛད། ། ང་ནི་ཆོས་རྣམས་ཐམས་ཅད་ལ། ། ཐོགས་པ་དག་ནི་མི་མངའ་བས། ། དུས་བཞིན་དུ་ནི་ཞུས་པ་ལ། ། མྱུར་དུ་ བཤད་པ་མཛད་པ་ཡིན། ། ངས་ནི་དུས་བཞིན་རབ་བཤད་ཅིང་། ། ཐེ་ཚོམ་དག་ནི་མི་མངའ་བས། ། དེ་ཡི་མོས་པ་ཇི་ལྟ་བར། ། དེ་ཡི་ཐེ་ཚོམ་གཅོད་པར་མཛད། ། ང་ནི་རྟག་ཏུ་དུས་རྣམས་དང་། ། འཁོར་འདུས་པ་ཡི་བསམ་པ་དང་། ། སེམས་ཅན་དག་ནི་ཐམས་ཅད་ཀྱི། ། བསམ་པ་ཐ་དད་ མཁྱེན་པ་ཡིན། ། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི། ། འདོད་པ་དང་ནི་འདོད་མེད་པ། ། སོ་སོར་རབ་ཏུ་བརྟགས་ནས་ནི། ། དེ་དག་གསལ་བར་གཟིགས་པ་ཡིན། ། གལ་ཏེ་བློ་དང་ལྡན་པ་རྣམས། ། ལེགས་པ་ཉིད་དུ་སྒྲུབ་བྱེད་ན། ། ང་ཡི་དུས་དང་སྦྱར་ནས་ནི། ། ཡང་དག་ཆོས་སྟོན་གོ་བར་མཛད། ། བློ་དང་མི་ལྡན་དེ་དག་ནི། ། གཏི་མུག་དག་གིས་རྨོངས་དཀྲུགས་ཤིང་། ། དེ་དག་ཤེས་རབ་སྣང་མེད་པས། ། ཡང་དག་ཆོས་ལ་གུས་མི་འགྱུར། ། གལ་ཏེ་གུས་པ་མེད་གྱུར་ན། ། ཡང་དག་ཆོས་ནི་ཚོལ་མི་བྱེད། ། ཆོས་འདི་ཐོས་པར་གྱུར་ཀྱང་ནི། ། སྣང་བ་ཆེན་པོའི་ཤེས་མི་སྐྱེ། ། གང་ཞིག་ ཆོས་ལ་མཁས་གྱུར་པ། །
BOཆོས་ལ་མོས་ཤིང་ཚོལ་བར་བྱེད། ། གལ་ཏེ་ཆོས་འདི་ཐོས་གྱུར་ན། ། རབ་སྣང་ཡེ་ཤེས་ཐོབ་པར་འགྱུར། ། ཐེག་ཆེན་དག་ལ་མོས་པ་ནི། ། མི་ཡི་གཙོ་བོ་ཚོལ་བྱེད་པས། ། རབ་སྣང་ཡེ་ཤེས་ཐོབ་པར་འགྱུར། ། བསམ་གྱིས་མི་ཁྱབ་གཉེར་བ་དག ། བསམ་གྱིས་མི་ ཁྱབ་ཡེ་ཤེས་ལ། ། གཞོལ་བ་གང་ཡིན་དེ་དག་ནི། ། ཐོས་པས་ཡོངས་སུ་རྫོགས་པར་འགྱུར། ། དཔག་མེད་ཡེ་ཤེས་ལ་མོས་དང་། ། བསམ་གྱིས་མི་ཁྱབ་གཉེར་བ་དག ། དེས་ནི་ཆོས་འདི་ཐོས་གྱུར་ན། ། བླ་མེད་ཡེ་ཤེས་ཐོབ་པར་འགྱུར། ། སེམས་ཅན་དག་ནི་ལ་ལ་ ཞིག ། བྱང་ཆུབ་སྙིང་པོ་ཚོལ་བ་དང་། ། བླ་མེད་འཁོར་ལོ་བསྐོར་འདོད་པས། ། ཆོས་འདི་ཐོས་ནས་དགའ་བར་འགྱུར། ། མོས་ཤིང་རབ་ཏུ་བརྩོན་པ་དང་། ། ཆོས་ལ་གཙོ་བོར་གང་འཛིན་པ། ། དྲི་མེད་ཆོས་ནི་ཐོས་གྱུར་ན། ། མོས་ཤིང་རབ་ཏུ་དགའ་བར་འགྱུར། ། གལ་ཏེ་སེམས་ཅན་ལ་ལ་དག ། ལེགས་པར་བསྒྲུབ་པར་མོས་གྱུར་པ། ། ཆོས་ཀྱི་འོད་ཟེར་སྣང་བ་ཡི། ། བླ་མེད་ཆོས་འདི་བསྟན་པར་བྱ། ། ཁུར་ལྕི་རྣམས་ནི་ཁྱེར་བ་དང་། ། ནན་ཏན་བསྒྲུབ་པ་ལ་མོས་པ། ། དེས་ནི་ཆོས་འདི་ཐོས་གྱུར་ན། ། དགའ་བས་ཀུན་ཏུ་ཁྱབ་པར་འགྱུར། ། གང་ཞིག་རབ་ཏུ་མོས་པ་ཡིས། །
BOདགེ་བའི་ཆོས་ནི་ སེམས་བྱེད་ན། ། དེ་ལ་སྙིང་བརྩེ་བསམ་བཞག་ནས། ། རབ་ཏུ་ཕྱེ་ནས་བསྟན་པར་བྱ། ། ཁྱོད་ལ་སོགས་ལ་ཐུགས་བརྩེའི་ཕྱིར། ། ཁྱོད་ཀྱིས་ཇི་སྐད་ཞུས་པ་བཞིན། ། ངས་ཀྱང་ཡང་དག་ངེས་པར་ནི། ། ཁྱོད་ཀྱི་ཐེ་ཚོམ་གཅད་པར་བྱ། ། ངས་ནི་ལོ་མང་སྟོང་ཕྲག་ཏུ། ། ཐབས་མཁས་དག་ནི་རབ་ བསྒོམས་ཤིང་། ། ཐེ་ཚོམ་དག་ནི་བསལ་བས་ན། ། ཁྱོད་ཀྱི་མོས་པ་རབ་ཏུ་མཁྱེན། ། གལ་ཏེ་ཐེ་ཚོམ་ཡོད་གྱུར་ན། ། ཇི་ལྟར་འདོད་བཞིན་ཞུ་བར་གྱིས། ། ཁྱོད་ལ་རབ་ཏུ་བསྟན་པས་ན། ། ཐེ་ཚོམ་རྣམས་ནི་གཅད་པར་བྱ། ། གལ་ཏེ་ཐེ་ཚོམ་ཡོད་གྱུར་ན། ། ཇི་ལྟར་འདོད་བཞིན་ཞུ་བར་གྱིས། ། ཇི་ལྟར་མོས་པ་བཞིན་དུ་ནི། ། ངས་ནི་རབ་ཏུ་བཤད་པར་བྱ། ། གལ་ཏེ་ཐེ་ཚོམ་ཡོད་གྱུར་ན། ། ཇི་ལྟར་འདོད་བཞིན་ཞུ་བར་གྱིས། ། ང་ནི་ཆོས་ལ་རབ་གནས་པས། ། གཡོ་བ་མེད་པ་བརྙེས་པ་ཡིན། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཐེ་ཚོམ་ཅུང་ཟད་ཅིག་མཆིས་པ་དེང་ཞུ་བ་ལགས་ན།
BOཇི་ལྟར་ན་སྐྱེས་བུ་དམ་པ་འཇིགས་པ་སྤངས་ནས་ཡང་དག་པར་ སེམས་རྩེ་གཅིག་ཏུ་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་ཆེན་པོ་བགོས་ནས་གོ་ཆ་ཆེན་པོས་རབ་ཏུ་བརྒྱན་པ་དང་། མོས་པ་ཆེན་པོ་བསྐྱེད་ནས་གུས་པར་བགྱིད་པ་དང་། བག་ཡོད་པ་དང་བཅས་པས་ཐེག་པ་ཆེན་པོ་འདི་ལ་འཚལ་ནས་ཤིན་ཏུ་རྣམ་པར་དག་པ་ཆེན་པོ་མཉམ་པ་ཉིད་ཀྱི་ཤུལ་མཐོ་ དམན་དང་། གྱོ་མོ་དང་། གསེག་མ་དང་། ཚེར་མ་དང་། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་ལྟ་བའི་ཐིབས་པོ་རྣམས་མ་མཆིས་པ། ཟུག་རྔུ་གདུག་པའི་སྡུག་བསྔལ་དང་། ཉོན་མོངས་པའི་གཡང་ས་མ་མཆིས་པ། འཆི་བ་དང་། འཇིགས་ཤིང་སྐྲག་པ་དང་། བར་ཆད་མ་མཆིས་པ། དྲང་ཞིང་ གྱ་གྱུ་མ་མཆིས་པ་དང་། དེ་ཁོ་ན་ཉིད་ཀྱི་མཉམ་པ་ཉིད་ཀྱི་ཤུལ་དང་། ཐོགས་པ་མ་མཆིས་པའི་ཤུལ་དུ་ཞུགས་ནས་ལྟ་བའི་ཐིབས་པོ་རྣམས་བཅད་པ་དང་། དྲ་བ་ཐམས་ཅད་དྲལ་བ་དང་། མུན་ནག་རྣམས་བསལ་བ་དང་། སྲིད་པའི་མངོན་པར་ཞེན་པ་རྣམས་སྤང་བ་དང་། འདུ་འཕྲོ་བ་རྣམས་ སྤང་བའི་སླད་དུ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞོལ་བ་ལགས།
BOབཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་དོན་འདིའི་སླད་དུ་ཞུ་བ་གསོལ་བ་ལགས་སོ། ། སྐྱེས་བུ་དམ་པ་ཇི་ལྟ་བུས་གོ་ཆ་ཆེན་པོ་ཇི་ལྟ་བུ་ བགོས་ན་གོ་ཆ་ཆེན་པོ་བགོས་པ་དེས་ཐེག་པ་ཆེན་པོ་ལ་འཚལ་ནས་ལམ་ཆེན་པོ་འདིས་གཞོལ་ཞིང་ཡང་དག་པར་འཇུག་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གོ་ཆའི་བཀོད་པ་གང་ལགས་པ་དང་། ལམ་གང་ལ་གནས་པ་ དང་། ཆོས་རྣམས་ཀྱི་ཚུལ་ལ་མཁས་པ་ལ་གནས་པ་གང་ལགས་པ་བཀས་བཤད་དུ་གསོལ། ཆོས་ཀྱི་ཚུལ་ལ་མཁས་པ་ལ་རབ་ཏུ་གནས་པས་ནི་ཆོས་རྣམས་ཀྱི་ཚུལ་ལ་མཁས་པའི་སྣང་བ་སྐྱེད་པར་འགྱུར་ལ། ཆོས་ཀྱི་སྣང་བའི་དབང་གིས་ནི་གོ་ཆ་མི་སྤོང་བར་ཐེག་པ་ཆེན་པོ་ལ་འཚལ་ ནས་ནུར་བ་མ་མཆིས་པའི་བརྩོན་འགྲུས་ཀྱི་སྟོབས་དང་། བརྗེད་ངས་པ་མ་མཆིས་པའི་དབང་པོ་དང་། རྒྱུན་ཆགས་པ་མ་མཆིས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་མྱུར་དུ་ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་གསལ་བར་མཁས་པ་མངོན་པར་བསྒྲུབས་ནས། བྱང་ཆུབ་ཀྱི་སྙིང་པོར་བགྲོད་པ་དང་།
BOཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་རྣམས་ལ་ཡང་དག་པར་ཆོས་སྟོན་པའི་སླད་དུ་སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་དང་། ཇི་ལྟར་གཞོལ་བ་བཞིན་དུ་མ་གྲོལ་བ་ལས་རྣམ་པར་གྲོལ་བར་འགྱུར་ལགས་སོ། ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་འདིས་སེམས་ ཅན་རྣམས་ལ་སྨན་པ་དང་། བདེ་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་དོན་འདི་ཞུ་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ལགས་ན་ཆོས་གང་གིས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་མངོན་པར་བསྒྲུབས་པ་དང་། ཏིང་ངེ་འཛིན་ཐོབ་པའི་དབང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཕྱིར་ལྡོག་པར་མི་འགྱུར་བ་གང་ལགས་པ་བཀས་བཤད་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཁྱེན་པ་དང་།
BOགཟིགས་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡོངས་སུ་རྫོགས་ཤིང་སེམས་ཅན་རྣམས་ཀྱི་ཤེས་རབ་ཀྱི་སྨན་ རབ་ཏུ་མཁྱེན་པ་ལགས་པས་དེའི་སླད་དུ་བདག་ཞུ་བ་གསོལ་ལགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཀྱིས་ཚིགས་སུ་བཅད་དེ་གསོལ་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སླད། ། སངས་རྒྱས་ཆོས་དོན་ཟབ་མོ་དག ། ཐམས་ཅད་ མཁྱེན་ཅིང་གཟིགས་པ་པོ། ། རྐང་གཉིས་གཙོ་ལ་བདག་ཞུ་ལགས། ། ཐེག་པ་ཆེན་པོའི་རྣལ་འབྱོར་པ། ། ཏིང་འཛིན་གང་གིས་གཞོལ་གྱུར་པ། ། སེམས་ཅན་རྣམས་ལ་སྨན་སླད་དུ། ། དེ་དག་ཞུ་བ་གསོལ་བ་ལགས། ། ཇི་ལྟར་སྐྱེས་བུ་དམ་པ་ཡིས། ། གོ་ཆ་དཔག་མེད་བགོ་ བར་འགྱུར། ། དེ་ལྟར་གོ་ཆ་བགོས་ནས་ཀྱང་། ། ཇི་ལྟར་རབ་ཏུ་གཞོལ་བར་འགྱུར། ། ཇི་ལྟར་འདུན་པ་སློང་བར་འགྱུར། ། ཇི་ལྟར་དེ་ལ་སྲེད་པར་འགྱུར། ། ཇི་ལྟར་བརྩོན་འགྲུས་ཆེན་པོར་འགྱུར། ། ཇི་ལྟར་བག་ཡོད་ལྡན་པར་འགྱུར། ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། ཐེག་ཆེན་འདི་ལ་གཞོལ་བར་བགྱི། ། དེ་ལ་འཚལ་ནས་ཅི་བགྱིད་པ། ། དངོས་པོ་འདི་ཡང་བཀས་བཤད་གསོལ། ། ཇི་ལྟར་ཐེག་ཆེན་བཏེག་ནས་ནི། ། བྱང་ཆུབ་སེམས་ལ་གཞོལ་གྱུར་པ། །
BOའཇིག་རྟེན་འདྲེན་པའི་ཐུགས་རྗེ་ཡིས། ། མྱུར་དུ་བདག་ལ་བཀས་བཤད་གསོལ། ། ཇི་ལྟར་ཡང་དག་མཉམ་ལམ་གྱིས། ། མཉམ་པ་ཉིད་དུ་གཞོལ་བར་འགྱུར། ། ལྟ་བ་རྣམས་ཀྱི་ཐིབས་པོ་དག ། གཅོད་པར་བགྱིད་ལ་སྐྱོན་མེད་འགྱུར། ། སྤྱོད་ཡུལ་དག་ནི་ཐམས་ཅད་ལས། ། ཇི་ལྟར་བགྱིས་ན་འདའ་བར་འགྱུར། ། ཇི་ལྟར་མཉམ་པ་ཉིད་དག་གིས། ། འདོད་ ཆགས་དྲ་བ་དྲལ་བར་འགྱུར། ། ཇི་ལྟར་མུན་ནག་རབ་བསལ་ནས། ། ཡེ་ཤེས་སྣང་ཆེན་ཐོབ་པར་འགྱུར། ། བྱང་ཆུབ་སེམས་དཔའ་དེ་དག་གིས། ། ཇི་ལྟར་བགྱིས་ན་གཞོལ་བར་འགྱུར། ། ཇི་ལྟར་སོ་སོར་རབ་བརྟགས་པས། ། འཆིང་བ་མང་པོ་སྤོང་བར་འགྱུར། ། ཇི་ལྟར་ བྱང་ཆུབ་སེམས་དཔའ་རྣམས། ། འཆིང་བ་སྤངས་ནས་བདེ་བར་གནས། ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། འཇིགས་པ་ཆེ་ལས་འདའ་བར་འགྱུར། ། ཆོས་ཀྱི་དོན་ལ་མཁས་གྱུར་ནས། ། བླ་མེད་ལ་ནི་གཞོལ་བར་འགྱུར། ། བྱང་ཆུབ་སེམས་དཔའ་ཇི་ལྟ་བུའི། ། དཔག་མེད་གོ་ཆ་བགོ་བར་བགྱིད། ། གོ་ཆ་དེ་དག་བགོས་ནས་ཀྱང་། ། ཐེག་ཆེན་ལ་ནི་འཚལ་བར་བགྱིད། ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། མཉམ་ཉིད་ལམ་ལ་གཞོལ་བར་བགྱིད། ། བདག་གིས་དེང་འདིར་ཞུས་པ་འདི། །
BOབཅོམ་ལྡན་འདས་ཀྱིས་བཀས་ བཤད་གསོལ། ། བྱང་ཆུབ་སེམས་དཔའ་ཇི་ལྟ་བུར། ། གོ་ཆ་བཀོད་པ་ཐོབ་འགྱུར་དང་། ། བླ་མེད་ཐེག་པ་རབ་བརྒྱན་པ། ། བཅོམ་ལྡན་འདས་ཀྱིས་བཀས་བཤད་གསོལ། ། ལམ་འདི་ལ་ནི་གནས་པ་དང་། ། ལམ་དེའི་བཀོད་པ་གང་ལགས་དང་། ། ཆོས་རྣམས་ལ་ནི་མཁས་ གྱུར་པ། ། བཅོམ་ལྡན་འདས་ཀྱིས་བཀས་བཤད་གསོལ། ། ཆོས་ཀྱི་དབྱིངས་ཀྱི་ཚུལ་རྣམས་དང་། ། ཆོས་ལ་མཁས་པའི་སྣང་བ་དག ། ཇི་ལྟ་བུར་ནི་རྟོག་གྱུར་པ། ། བཅོམ་ལྡན་འདས་ཀྱིས་བཀས་བཤད་གསོལ། ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། ཆོས་ཀྱི་སྣང་བ་དེ་ཐོས་ ནས། ། ཆོས་རྣམས་ཐམས་ཅད་མཐར་ཕྱིན་པ། ། བཅོམ་ལྡན་འདས་ཀྱིས་བཀས་བཤད་གསོལ། ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། ཆོས་ཀྱི་སྣང་བ་ཐོབ་གྱུར་ནས། ། གོ་ཆ་ཆེན་པོ་མི་སྤོང་ཞིང་། ། དེ་ཡི་དབང་གིས་གཞོལ་འགྱུར་ལགས། ། ཇི་ལྟར་བྱང་ཆུབ་ སེམས་དཔའ་རྣམས། ། ཐེག་ཆེན་འདི་ལ་འཚལ་ནས་ནི། ། བརྩོན་འགྲུས་ལྡོག་པར་མི་འགྱུར་ཞིང་། ། དེ་ཡི་དབང་གིས་གཞོལ་འགྱུར་ལགས། ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། བསམ་པ་དག་ནི་རབ་བརྟན་ཞིང་། ། འདི་ལྟར་ཤེས་རབ་སྟོབས་དག་གིས། ། ཤིན་ཏུ་ འདུལ་བ་ཐོབ་འགྱུར་ལགས། །
BOཇི་ལྟར་ཆོས་ཀྱི་དབྱིངས་རྣམས་ཀྱི། ། ཚུལ་ལ་མཁས་པས་ཐོབ་པར་འགྱུར། ། ཆོས་ཀྱི་རྒྱལ་པོ་བསམ་མི་ཁྱབ། ། བཅོམ་ལྡན་འདས་ཀྱིས་བཀས་བཤད་གསོལ། ། ཇི་ལྟར་མྱུར་བ་ཁོ་ནར་ནི། ། བྱང་ཆུབ་སྙིང་པོར་བགྲོད་གྱུར་ནས། ། སུ་ཡང་སྐོར་བར་མི་འགྱུར་ བ། ། ཚངས་པའི་འཁོར་ལོ་སྐོར་འགྱུར་ལགས། ། ཇི་ལྟར་གཡོ་བ་མ་མཆིས་པར། ། སྔོན་གྱི་སྨོན་ལམ་ཇི་ལྟ་བཞིན། ། སེམས་ཅན་ཐམས་ཅད་ཀུན་ལ་ནི། ། ཆོས་རྣམས་ཡང་དག་སྟོན་འགྱུར་ལགས། ། ཆོས་རྣམས་ཡང་དག་བསྟན་པས་ན། ། འཁོར་བ་ལས་ནི་གྲོལ་འགྱུར་ལགས། ། ཇི་ལྟར་བགྱིས་ན་སེམས་ཅན་ རྣམས། ། གཏན་དུ་བདེ་བ་འཐོབ་འགྱུར་ལགས། ། སེམས་ཅན་རྣམས་ལ་སྨན་སླད་དུ། ། འཇིག་རྟེན་འདྲེན་ལ་བདག་ཞུ་ན། ། ཐམས་ཅད་མཁྱེན་ཅིང་གཟིགས་པ་པོའི། ། ཐུགས་རྗེས་བདག་ལ་བཀས་བཤད་གསོལ། ། ཆོས་ནི་གང་དང་གང་དག་གིས། ། བྱང་ཆུབ་སེམས་དཔའ་སྨིན་བགྱིད་པ། ། ཆོས་ཀྱི་རྒྱ་མཚོ་ཐམས་ཅད་ཀྱིས། ། ཏིང་འཛིན་ཕྱག་རྒྱ་མཛད་དུ་གསོལ། ། སངས་རྒྱས་ཆོས་ལ་རབ་མོས་ཤིང་། ། བྱང་ཆུབ་ཆེ་ལ་གང་ལྟ་བ། ། ཆོས་ཀྱི་སྒྲ་འདི་ཐོས་གྱུར་ན། ། ལུས་ཀུན་ཁྱབ་པར་དགའ་བར་འགྱུར། །
BOདེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བློ་གྲོས་མཐའ་ཡས་ལ་བཀའ་སྩལ་པ། བློ་གྲོས་མཐའ་ཡས་ཁྱོད་ཀྱིས་སྔོན་སངས་རྒྱས་ཚད་མེད་པ་རྣམས་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང་། དགེ་བའི་རྩ་བ་རྣམས་བསྐྱེད་ཅིང་ཡོན་ཏན་གཞལ་དུ་མེད་པ་བསགས་པས་ན་ཆོས་ཟབ་མོ་འདི་ལ་རབ་ཏུ་གདུང་བས་མོས་པར་གྱུར་པ་དང་། བསམ་པ་རྒྱ་ཆེན་པོས་ སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་བསྐྱེད་ནས་དེ་བཞིན་གཤེགས་པ་ལ་ཞུ་བ་ཞུས་པ་ལེགས་སོ་ལེགས་སོ། ། ཁྱོད་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་མངོན་པར་བསྒྲུབ་པ་དང་། ཇི་ལྟར་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་འགྱུར་བ་ཡང་དག་པར་བཤད་པར་བྱའོ། ། བཅོམ་ལྡན་འདས་དེ་བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །
BOབློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་དེས་སེམས་ཅན་རྣམས་ཡོངས་སུ་བསྡུ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་སྦྱིན་པ་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་ཚུལ་ཁྲིམས་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་བཟོད་པ་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་བརྩོན་འགྲུས་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་ བགོ་བར་བྱའོ། ། སེམས་ཅན་རྣམས་བསམ་གཏན་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་ཤེས་རབ་རྣམ་པར་དག་པ་ལ་དགོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་བདེ་བ་ཐོབ་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་ལ་ཕན་གདགས་པའི་དངོས་པོ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་།
BOགཏི་མུག་གི་ནད་ཀྱི་གཉེན་པོར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། ཡོན་ཏན་ཆེན་པོ་མངོན་པར་བསྒྲུབ་ པ་ལ་མཁས་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། བླ་ན་མེད་པའི་ཡེ་ཤེས་ལེགས་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སེམས་ཅན་རྣམས་འཁོར་བའི་འཇིགས་པ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། མཚུངས་པ་མེད་པའི་ཡེ་ ཤེས་ལེགས་པར་ཡོངས་སུ་རྫོགས་པར་རབ་ཏུ་བསྟན་པར་འདོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་དང་། བདུད་ཀྱི་འཁོར་དང་། བདུད་ཀྱི་ཕོ་ཉ་དང་། བདུད་ཀྱི་ལས་ལ་གནས་པ་དང་། ལྟ་བ་རྣམས་ཀྱི་ཐིབས་པོ་ དང་། ལམ་ཡ་ང་བར་ཞུགས་པའི་མུ་སྟེགས་ཅན་གྱི་བསྟན་པ་ལས་རབ་ཏུ་བྱུང་བ་ཐམས་ཅད་དང་། འཇིག་རྟེན་རྒྱང་པན་དང་། མུ་སྟེགས་ཅན་དང་འཐུན་པ་ཇི་སྙེད་པ་དག་དང་འཐབ་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་གོ་ཆ་ཆེན་ པོ་བགོ་ཞིང་། གོ་ཆ་མི་སྤོང་བར་བརྩོན་འགྲུས་ཆེན་པོ་བསྐྱེད་ནས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཞུགས་ཏེ།
BOབཟོད་པ་ལ་གནས་ནས་འཇིགས་པ་རྣམས་སྤངས་ཏེ། མི་སྐྲག་མི་དངང་། མི་གཡོ་མི་འཁྲུག་པར་བྱས་ནས་གོ་ཆ་དཔག་ཏུ་མེད་པ་དག་བགོ་བར་བྱའོ། ། དེ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་གོ་ཆ་དང་། ལྟ་བའི་ཐིབས་པོ་ཐམས་ཅད་གཅོད་པའི་གོ་ཆ་དང་། བདུད་ཀྱི་དཔུང་རྣམས་རྣམ་པར་འཇིག་པར་བྱེད་པའི་གོ་ཆ་དང་། ཤེས་རབ་ཡང་དག་པར་ལེན་པའི་གོ་ཆ་དང་། ཚོགས་དཔག་ཏུ་མེད་པ་སོགས་པའི་གོ་ཆ་དང་། ཁུར་ལྕི་བ་རྣམས་སྒྲོལ་བའི་ གོ་ཆ་དང་། མངོན་པར་ཡིད་ཆེས་པ་འཕེལ་བར་བྱེད་པའི་གོ་ཆ་དང་། ཚུལ་ཁྲིམས་ལ་གནས་པའི་གོ་ཆ་དང་། ལས་ཀྱི་ཀུན་གཞི་ཡོངས་སུ་སྦྱོང་བའི་གོ་ཆ་དང་། ཐམས་ཅད་རྣམ་པར་དག་པར་བྱེད་པའི་སྟོབས་ཀྱི་གཏེར་གྱི་གོ་ཆ་དང་། ཐབས་མཁས་པའི་གཏེར་གྱི་གོ་ཆ་དང་། མངོན་པར་ཞེན་པ་ཐམས་ ཅད་ཡོངས་སུ་སྤོང་བའི་གོ་ཆ་དང་། ལྡོག་པ་དང་། འགྱེད་པ་མེད་པའི་ཤེས་རབ་ཀྱི་གོ་ཆ་གང་ཡིན་པའོ། །
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གོ་ཆ་ཆེན་པོ་དེ་ལྟ་བུ་བགོས་ནས་འཁོར་བའི་མཐའ་ཇི་སྲིད་པ་དེའི་བར་དུ་ཤིན་ཏུ་བརྟན་པའི་བརྩོན་འགྲུས་ཀྱི་སྟོབས་གཡོ་བ་མེད་པ་མི་སྤོང་བར་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས། ། བསྡུ་ཕྱིར་གོ་ཆ་བགོ་བར་བྱ། ། སེམས་ཅན་རྣམས་ནི་ཚད་མེད་ཕྱིར། ། གོ་ཆ་བགོས་པ་ཚད་མེད་དོ། ། སྦྱིན་ པ་རྣམ་པར་དག་པའི་ཕྱིར། ། ཐམས་ཅད་རབ་ཏུ་དགའ་བར་བྱེད། ། སེམས་ཅན་ལ་ནི་ཕན་གདགས་ཕྱིར། ། གོ་ཆ་འདི་ནི་བགོ་བར་བྱ། ། ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར། ། གོ་ཆ་འདི་ནི་བགོ་བར་བྱ། ། འཇིག་རྟེན་ལ་ནི་ཕན་འདོགས་བྱེད། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། གོ་ཆ་ འདི་ནི་བགོ་བར་བྱ། ། བཟོད་པ་རྣམ་པར་དག་པའི་ཕྱིར། ། དར་ཞིང་བདེ་བར་གནས་པར་བྱེད། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། གོ་ཆ་འདི་ནི་བགོ་བར་བྱ། ། བརྩོན་འགྲུས་རྣམ་པར་དག་པའི་ཕྱིར། ། ཕྱིར་མི་ལྡོག་པར་འགྲུབ་པར་བྱེད། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། གོ་ཆ་འདི་ནི་བགོ་བར་བྱ། །
BOབསམ་གཏན་རྣམ་པར་དག་པའི་ཕྱིར། ། སྤྱོད་ཡུལ་དག་ཀྱང་དེ་བཞིན་ནོ། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། གོ་ཆ་འདི་ནི་བགོ་བར་བྱ། ། ཤེས་རབ་རྣམ་པར་དག་པའི་ཕྱིར། ། ཟག་མེད་བླ་ན་མེད་པ་ཡིན། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། གོ་ཆ་འདི་ནི་བགོ་བར་བྱ། ། སེམས་ཅན་དག་ནི་ཐམས་ཅད་ལ། ། བདེ་བའི་ཡོ་བྱད་སྦྱིན་དགོས་པས། ། དོན་དེ་ལེགས་པར་ཤེས་པའི་ཕྱིར། ། གོ་ཆ་འདི་ནི་བགོ་བར་བྱ། ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས། ། ཕན་པའི་དངོས་པོ་བྱ་དགོས་པས། ། བསྡུ་བ་རྣམ་དག་བཞི་པོ་ཡིས། ། སྲིད་པ་ཀུན་ ཏུ་འཇུག་པར་བྱེད། ། འདོད་ཆགས་ཞེ་སྡང་གཏི་མུག་ནད། ། གཉེན་པོ་དག་ནི་བསྟེན་པའི་ཕྱིར། ། སེམས་ཅན་ལ་ནི་སྨན་གཏོང་བས། ། ནད་རྣམས་རབ་ཏུ་སེལ་བར་བྱེད། ། དེས་ན་བྱང་ཆུབ་སེམས་དཔའ་རྣམས། ། གོ་ཆ་ལེགས་པར་བགོས་ནས་ནི། ། ཡོན་ཏན་རྣམས་ཀྱི་ཚོགས་དག་ན། ། མཁས་ བ་དཔག་མེད་ཐོབ་པ་ཡིན། ། སེམས་ཅན་འཁོར་བའི་སྡུག་བསྔལ་གྱི། ། ཉམས་ཐག་ཤིན་ཏུ་མི་བདེ་བས། ། བདག་གིས་ཡོངས་སུ་བསྐྱབ་སྙམ་ནས། ། གོ་ཆ་དཔག་མེད་བགོ་བར་བྱ། ། འཁོར་བའི་སྡུག་བསྔལ་ཚད་མེད་རྣམས། ། བདག་གིས་རྣམ་པར་དགྲོལ་སྙམ་ནས། །
BOསྲིད་ལྟའི་དྲ་བས་ཀླགས་ པ་དག ། ཐམས་ཅད་ཡོངས་སུ་གཅད་པར་བྱ། ། གང་གིས་ཉོན་མོངས་དྲ་བ་འདི། ། ཐམས་ཅད་གཅོད་པར་གང་ནུས་པ། ། བརྟན་པའི་བརྩོན་འགྲུས་སྟོབས་དག་གིས། ། དཔའ་བོའི་གོ་ཆ་བགོ་བ་ཡིན། ། སེམས་ཅན་དག་ནི་ཐམས་ཅད་ཀུན། ། བདེ་བའི་ལམ་ལ་རབ་བཀོད་ཅིང་། ། མྱ་ངན་འདས་ ལ་གཞོལ་བ་དང་། ། བླ་མེད་བདེ་ལ་དགོད་པར་བྱ། ། གང་ཞིག་བརྩོན་འགྲུས་ཆེན་པོའི་སྟོབས། ། གོ་ཆ་འདི་ནི་བགོ་བར་བྱེད་པ། ། བདུད་རྣམས་ཐམས་ཅད་དག་དང་ནི། ། རྟག་ཏུ་འཐབ་ཀྱང་ངལ་མི་འགྱུར། ། གང་ཞིག་ལྟ་ལ་རབ་གནས་ནས། ། ཐིབས་པོ་དག་ཏུ་གང་ཞུགས་དང་། ། འཇིག་རྟེན་རྒྱང་པན་བ་དག་ལ། ། གོ་ཆ་བགོས་ནས་ཕན་གདགས་བྱ། ། གཞན་ཡང་འཁོར་ནི་ཚད་མེད་པ། ། ལམ་གོལ་དག་ཏུ་ཞུགས་པ་རྣམས། ། དེ་དག་ལ་ནི་ཕན་གདགས་ཕྱིར། ། གོ་ཆ་དཔག་མེད་བགོ་བར་བྱ། ། དེ་ལྟར་གོ་ཆ་བགོས་ནས་ནི། ། གོ་ཆ་ཆེན་པོ་མི་སྤོང་བར། ། བརྩོན་འགྲུས་ཆེན་ པོའི་སྟོབས་བསྐྱེད་ན། ། གོ་བགོས་རབ་བརྟགས་ཁྱད་པར་འཕགས། ། སེམས་ཅན་ཁམས་ལ་རབ་ཞུགས་ཏེ། ། བཟོད་པ་ལ་ནི་གནས་གྱུར་ནས། ། བརྟན་པའི་བཟོད་པ་སྒྲུབ་བྱེད་པ། ། གོ་བགོས་གོང་ན་མེད་པ་ཡིན། ། འཇིགས་པ་དག་ནི་རབ་སྤངས་ཤིང་། །
BOསྐྲག་པ་དག་ནི་མེད་པར་ཡང་། ། གོ་ཆ་དཔག་མེད་བགོས་ནས་ནི། ། ཐམས་ཅད་རབ་བརྩོན་འགྲུས་པར་བྱ། ། གང་ཞིག་གོ་ཆ་རབ་གནས་པ། ། རྟག་ཏུ་ཡང་དག་རྟོགས་གྱུར་ཅིང་། ། རབ་དབེན་གཡོ་བ་མེད་པས་ན། ། མི་འཁྲུགས་ལྡོག་པར་མི་འགྱུར་རོ། ། དེ་ལྟའི་གོ་ཆ་རབ་བགོས་ནས། ། བློ་དང་ལྡན་པས་གཞན་ཡང་ནི། ། སེམས་ཅན་སྐྱོབ་པའི་གོ་བགོས་ཏེ། ། བདུད་ཀྱི་གོ་ཆ་གཞོམ་པར་བྱ། ། ཡོན་ཏན་དཔག་མེད་གོ་ཆ་དག ། ཐམས་ཅད་རབ་ཏུ་བགོ་བར་བྱ། ། དབང་པོ་ཤེས་མཆོག་གང་ཟག་གིས། ། བགོས་ནས་བདེ་བ་ཐོབ་པར་འགྱུར། ། ཁུར་ལྕི་རབ་ཏུ་སྤང་བའི་ཕྱིར། ། བླ་མེད་གོ་ཆ་བགོས་ནས་སུ། ། སེམས་ ཅན་ཐམས་ཅད་ཡོངས་བཟླས་ནས། ། སྡུག་བསྔལ་ཁུར་ལས་ཐར་བར་བྱ། ། རྣམ་དག་དད་པ་འཕེལ་བྱེད་ཅིང་། ། དབང་པོ་དྲུག་ནི་རབ་སྡོམ་པ། ། ཚུལ་ཁྲིམས་གང་དག་ལྡན་པ་ནི། ། གོ་བགོས་གོང་ན་མེད་པ་ཡིན། ། དཔའ་བོ་ཡེ་ཤེས་བསྒྲུབ་པ་ལ། ། བྱང་ཆུབ་སེམས་དཔའ་རབ་ གནས་པས། ། སྤྱོད་ལ་ཚུལ་ཁྲིམས་ལྡན་པས་ན། ། གོ་བགོས་གཡོ་བ་མེད་པ་ཡིན། ། སྔོན་གྱི་རྒྱལ་བ་མང་པོ་ལས། ། རྣམ་དག་ལས་ནི་བསྒྲུབས་པས་ན། ། དེ་ཕྱིར་གོ་ཆ་རབ་བགོས་ནས། ། རྟག་ཏུ་འཇིགས་པ་མེད་པ་ཡིན། །
BOསེམས་ཅན་ལ་ནི་སྲེད་པའི་བློས། ། འཇིག་རྟེན་ལ་ནི་ཕན་ འདོགས་པས། ། ཐབས་ནི་རབ་ཏུ་རྟོགས་པས་ན། ། གོ་བགོས་ལེགས་པར་གནས་པ་ཡིན། ། ཐབས་མཁས་ཡེ་ཤེས་གང་ཡིན་པ། ། བྱང་ཆུབ་སེམས་དཔས་རབ་རྟོགས་པས། ། དེ་ལྟར་གོ་ཆ་བགོས་ནས་ནི། ། འཆིང་བ་མཐའ་དག་གཅོད་པར་བྱེད། ། མངོན་ཞེན་ཐམས་ཅད་རབ་སྤོང་ཞིང་། ། ཡིད་ཆེས་རྒྱབ་ཀྱིས་མི་ཕྱོགས་པ། ། གོ་བགོས་བློ་དང་ལྡན་པ་ནི། ། བླ་མེད་བྱང་ཆུབ་བགྲོད་པར་འགྱུར། ། བྱང་ཆུབ་སེམས་དཔའ་ངེས་པར་ནི། ། བདག་དང་གཞན་ལ་ཕན་འདོགས་གང་། ། བརྩོན་འགྲུས་སྟོབས་ལ་རབ་གནས་པ། ། བརྟན་ཞིང་ཕྱིར་ལྡོག་མི་འགྱུར་རོ། ། ། ། བམ་པོ་གཉིས་པ། གཞན་ཡང་བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསྐལ་པ་ཚད་མེད་པ་ནས་ཁུར་ཆེན་པོ་ཁྱེར་ཞིང་གོ་ཆ་ཆེན་པོ་བགོས་པའི་གོ་ཆ་དེ་ལྟ་བུ་དེ་ནི་བདུད་དམ། ། བདུད་ཀྱི་འཁོར་རམ། བདུད་ཀྱི་ཕོ་ཉ་འམ། ལོག་པར་ལྟ་བའི་ཐིབས་པོ་དགོན་དུང་མ་རུངས་པར་ཞུགས་པའི་ སེམས་ཅན་རྣམས་ཀྱིས་མཐོང་བར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་ཅིང་བསྟན་དུ་མེད་པ་དང་། ལྟོས་པ་མེད་ཅིང་མཚན་མ་མེད་པ་དང་། མཚན་མ་སྤངས་པས་མཚན་མ་དང་བྲལ་བ་དང་།
BOམིང་དང་ཡི་གེ་མེད་པའི་ཕྱིར་རོ། ། བློ་གྲོས་མཐའ་ཡས་གལ་ཏེ་ལ་ལ་ཞིག་མདའི་ ཚད་རི་རབ་ཙམ་ཤ་སྟག་འཕངས་ན་ཡང་ཕོག་པར་མི་འགྱུར་ལ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་ཐམས་ཅད་བདུད་ཀྱི་རྒྱལ་པོར་གྱུར་ལ། རེ་རེ་ལ་ཡང་བདུད་ཀྱི་དམག་རྣམ་པ་སྣ་ཚོགས་འཁོར་དང་བཅས་པར་གྱུར་པ་དེ་དག་དུས་གཅིག་ཏུ་མདའ་རྣོན་ པོ་ཚད་རི་རབ་ཙམ་ཤ་སྟག་འཕངས་ན་ཡང་ནམ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་གོ་ཆ་བགོས་པ་ལ་རྣམ་པར་གཞིགས་པ་འམ། ཐ་ན་སྤུ་ཉག་མ་གཅིག་ཙམ་ཡང་ཉམས་པར་བྱེད་པར་མི་ནུས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སེམས་ཀྱིས་ ཀྱང་ཐ་དད་པའི་འདུ་ཤེས་སྐྱེད་པར་མི་ནུས་ན་ལུས་ཀྱིས་གནོད་པ་བྱ་བ་ལྟ་སྨོས་ཀྱང་ཅི་དགོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་རྩེ་གཅིག་ཏུ་དེ་དག་འདུལ་བར་བྱེད་པ་གང་ཡིན་པ་དེ་དག་ནི་བདུད་མང་པོ་ཕམ་པར་བྱེད་ཅིང་ཉེ་བར་ཞི་བར་ཡང་བྱེད་ལ། གོ་ཆ་དེ་ལྟ་བུ་ལ་གནས་ ཤིང་གཡོ་བ་མེད་པས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་རྣམ་པར་འཇིག་པར་བྱེད་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མཚན་མ་མེད་པའི་ཕྱིར་དང་།
BOསེམས་ཅན་རྣམས་ཀྱིས་བལྟ་བར་བྱ་བའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་ཤེས་པར་ མི་ནུས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་རྟོགས་པའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་གོ་ཆ་ཆེན་པོ་བགོས་པ་དེ་དག་ཤེས་ཤིང་མཐོང་ངོ་། ། སེམས་ཅན་རྣམས་ཡོངས་སུ་བསྐྱབ་པའི་ཕྱིར་ཆོས་ཐམས་ཅད་ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ། ། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ཆོས་ཐམས་ཅད་ལ་ཡང་དམིགས་པར་མི་བྱེད་དེ། དེ་ལྟ་བས་ན་སེམས་ཅན་རྣམས་ཀྱིས་མཐོང་ཞིང་ཤེས་པར་མི་ནུས་སོ། ། གོ་ཆ་དེ་ལྟ་བུ་བགོས་པ་དེ་དག་ལ་ནི་ཁ་དོག་གི་མཚན་མ་མེད་ཅིང་བསྟན་དུ་མེད་པ་དང་། ཚིག་གི་བརྗོད་པ་མེད་པའི་ ཕྱིར་གཟུགས་དང་ཡང་མཚུངས་པར་ལྡན་པར་མི་འགྱུར་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར་རོ། ། ནང་དང་མཚུངས་པར་ལྡན་པར་མི་འགྱུར། ཕྱི་རོལ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། ནང་ དང་ཕྱི་རོལ་གཉིས་ཀ་དང་མཚུངས་པར་ལྡན་པར་མི་འགྱུར། ནང་ཡང་མ་ཡིན་ཕྱི་རོལ་ཡང་མ་ཡིན་པ་དང་མཚུངས་པར་ལྡན་པར་མི་འགྱུར། ཁམས་དང་ཡང་མཚུངས་པར་ལྡན་པར་མི་འགྱུར།
BOསྐྱེ་མཆེད་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། སའི་ཁམས་དང་ཡང་མཚུངས་ པར་ལྡན་པར་མི་འགྱུར། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། འདོད་པའི་ཁམས་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། གཟུགས་དང་གཟུགས་མེད་པའི་ཁམས་དང་ཡང་མཚུངས་པར་ ལྡན་པར་མི་འགྱུར། མངོན་པར་འདུ་བྱེད་པ་དང་བཅས་པ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། མངོན་པར་འདུ་བྱེད་པ་མེད་པ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་ཡང་མཚུངས་པར་ལྡན་པར་ མི་འགྱུར། མངོན་པར་འདུ་བྱེད་པ་དང་བཅས་པ་ཡང་མ་ཡིན། མངོན་པར་འདུ་བྱེད་པ་མེད་པ་ཡང་མ་ཡིན་པ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། ཉན་ཐོས་ཀྱི་ས་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། རང་སངས་རྒྱས་ཀྱི་ས་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། སངས་རྒྱས་ཀྱི་ས་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། ཚིག་གི་ལམ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། གཟུགས་ཀྱི་རྒྱུ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། གཟུགས་ཀྱི་མཚན་ཉིད་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། ཚོར་བ་དང་། འདུ་ཤེས་དང་།
BOའདུ་ བྱེད་དང་། རྣམ་པར་ཤེས་པའི་རྒྱུ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་ཉིད་དང་ཡང་མཚུངས་པར་ལྡན་པར་མི་འགྱུར། མཚན་ཉིད་དང་། མཚན་ཉིད་མ་ཡིན་པ་དང་ཡང་མཚུངས་བར་ལྡན་པར་མི་འགྱུར། ཆོས་ ཐམས་ཅད་དང་མཚུངས་བར་ལྡན་པར་ཡང་མི་འགྱུར། མཚུངས་པར་ལྡན་པར་མི་འགྱུར་བ་ཡང་མ་ཡིན་ཏེ། འཆིང་བ་མེད་པ། གྲོལ་བ་མེད་པ་བགྲང་བ་དང་། དཔེ་དག་གིས་ཤེས་པར་བྱ་བ་མ་ཡིན་པ་སྟེ། འདི་ལྟར་ཆོས་ཐམས་ཅད་ནི་བགྲང་བ་ལས་ཡང་དག་པར་འདས་པའི་ཕྱིར་རོ། ། དེ་ལྟ་བུའི་གོ་ ཆ་དང་ལྡན་པ་དེ་དག་ནི་ཆོས་ཐམས་ཅད་དུ་ལྟ་བ་ཡང་དག་པར་མི་དམིགས་ཏེ། གཟུགས་སུ་ལྟ་བ་ཡང་དག་པར་མི་དམིགས་སོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་ལྟ་བར་ཡང་དག་པར་མི་དམིགས་སོ། ། ཐ་ན་ཆོས་ཅུང་ཟད་ཙམ་དུ་ལྟ་བ་ཡང་དག་པར་མི་དམིགས་ སོ། ། དེ་བཞིན་དུ་གོ་ཆ་དེ་ལྟ་བུ་བགོས་པ་དེ་དག་ནི་ཆོས་ཐམས་ཅད་དང་མཚུངས་པར་ལྡན་པ་ཡང་མ་ཡིན། མཚུངས་པར་མི་ལྡན་པ་ཡང་མ་ཡིན་ནོ། ། གཟུགས་དང་མཚུངས་པར་ལྡན་པ་ཡང་མ་ཡིན། མཚུངས་པར་མི་ལྡན་པ་ཡང་མ་ཡིན་ནོ། ། ཚོར་བ་དང་། འདུ་ཤེས་དང་།
BOའདུ་བྱེད་དང་། རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཡང་མ་ཡིན། མཚུངས་པར་མི་ལྡན་པ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་མཚུངས་པར་ལྡན་པ་དང་། མཚུངས་པར་མི་ལྡན་པ་དེ་དག་ཐག་བསྲིངས་པ་ཡིན་ནོ། ། དེ་བཞིན་དུ་གོ་ཆ་དེ་ལྟ་བུ་བགོས་པ་དེ་དག་ལ་ནི་མངོན་པར་འདུ་བྱ་བ་མེད་དེ། བྱེད་པ་མེད་ པའི་ཕྱིར་རོ། ། མཚན་མ་ཡང་མེད་དེ། མཚན་མ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། ། གནས་ཀྱི་མཚན་མ་མེད་པ། འདུས་པའི་མཚན་མ་མེད་པ། རྣམ་པར་རྟོག་པ་མེད་པ། གཡོ་བ་མེད་པ། དམིགས་པ་མེད་པ། ངོ་བོ་ཉིད་དུ་བལྟ་བ་མེད་པ་སྟེ། གོ་ཆ་བགོས་བ་ཉིད་ཀྱང་ དམིགས་སུ་མེད་པའོ། ། དེ་བཞིན་དུ་གོ་ཆ་བགོས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གོ་ཆ་ཡང་དག་པར་བགོས་པ་ན་གང་གིས་གོ་ཆ་བགོས་པ་དང་། གང་དུ་གོ་ཆ་བགོས་པ་དང་། གང་ལས་གོ་ཆ་བགོས་པ་ ཡང་དག་པར་རྗེས་སུ་མི་མཐོང་བ་དང་། བདག་གིས་གོ་ཆ་བགོས་པ་དང་། བདག་གིས་གོ་ཆ་བགོས་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དང་། འདིར་གོ་ཆ་བགོས་པ་དང་། གཞན་དུ་གོ་ཆ་བགོས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དང་།
BOགོ་ཆ་དེ་ལྟ་བུ་བགོས་པའི་སེམས་ཅན་ ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པའི་ཕྱིར་དང་ཡོད་པ་མ་ཡིན་པའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་དེ་ལྟ་བུ་བགོས་པ་དེ་དག་ནི་དེ་བཞིན་གཤེགས་པའི་གོ་ཆ་བགོས་པ་ཡིན་པས་ལུས་ཀྱང་མི་དམིགས། ངག་ཀྱང་ མི་དམིགས། ཡིད་ཀྱང་མི་དམིགས་ཏེ་དམིགས་སུ་མེད་པའི་ཕྱིར་རྣམ་པར་རྟོག་པ་རབ་ཏུ་སྤངས་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གལ་ཏེ་ཆོས་ཅུང་ཟད་ཙམ་ལ་གནས་པར་གྱུར་ཏམ། གལ་ཏེ་ཆོས་ཅུང་ཟད་ཙམ་ལ་དམིགས་ནས་གོ་ཆ་བགོས་སམ། གོ་ཆ་བགོ་ འམ། གོ་ཆ་བགོ་བར་འགྱུར་བ་དེ་དག་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་མི་བྱ་སྟེ། གལ་ཏེ་སེམས་དེ་དག་ལས་ཡང་དག་པར་འདས་པར་གྱུར་པ་ན་གདོད་བསམ་གྱིས་མི་ཁྱབ་པའི་གོ་ཆ་ཆེན་པོ་བགོས་པ་ཞེས་བརྗོད་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་འགའ་ ཙམ་གྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་མ་ཡིན། བསྐལ་པ་གཅིག་གི་སེམས་ཅན་ཙམ་གྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་མ་ཡིན། བསྐལ་པ་བརྒྱ་སྟོང་དང་བསྐལ་པ་བྱེ་བ་བརྒྱ་སྟོང་དང་།
BOབསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སེམས་ཅན་ཙམ་གྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་མ་ཡིན་གྱི། བསྐལ་པ་ཚད་མེད་པ་གྲངས་མེད་པའི་སེམས་ཅན་གྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཡིན་པས་དེའི་ཕྱིར་གོ་ཆ་ཆེན་པོ་ཚད་མེད་པ་བགོས་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གོ་ཆ་ཡང་དག་པར་བགོས་པ་ན་སེམས་ཅན་གྱི་འདུ་ཤེས་ལ་མི་གནས་པའི་གོ་ཆ་གྱོན་ པར་བྱེད་དོ། ། སེམས་ཅན་གྱི་འདུ་ཤེས་མི་སྐྱེད་པའི་གོ་ཆ་དང་། སེམས་ཅན་གྱི་འདུ་ཤེས་སྤོང་བའི་གོ་ཆ་དང་། བདག་གི་འདུ་ཤེས་ཟློག་པའི་གོ་ཆ་དང་། སེམས་ཅན་གྱི་ངོ་བོ་ཉིད་ཤེས་པའི་གོ་ཆ་དང་། བདག་གི་ངོ་བོ་ཉིད་ཤེས་པའི་གོ་ཆ་དང་། འདུ་ཤེས་དང་། ཚོར་བ་ལས་ཡང་དག་པར་ འདས་པའི་གོ་ཆ་དང་། ཆོས་ཐམས་ཅད་ལ་བྱེད་པའི་འདུ་ཤེས་མེད་པར་ཤེས་པའི་གོ་ཆ་དང་། མཚན་མའི་གོ་ཆ་དང་། མཚན་མ་མེད་པའི་མཚན་ཉིད་ཀྱི་གོ་ཆ་དང་། སྨོན་པ་མེད་པའི་མཚན་ཉིད་ཀྱི་གོ་ཆ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པའི་མཚན་ཉིད་ཤེས་པའི་གོ་ཆ་དང་། འགག་པ་ མེད་པའི་མཚན་ཉིད་ཤེས་པའི་གོ་ཆ་དང་།
BOཆོས་ཐམས་ཅད་ཀྱི་བྱེ་བྲག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཤེས་པའི་གོ་ཆ་དང་བྱེ་བྲག་གི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཤེས་པའི་གོ་ཆ་དང་། ཆོས་ཐམས་ཅད་ཀྱི་དངོས་པོའི་མཚན་ཉིད་ཤེས་པའི་གོ་ཆ་དང་། དངོས་པོ་མེད་པའི་མཚན་ཉིད་ཀྱི་གོ་ཆ་གྱོན་པར་བྱེད་དོ། ། བློ་གྲོས་མཐའ་ཡས་གལ་ཏེ་དངོས་པོ་མེད་པ་ལ་གནས་ནས་གོ་ཆ་གྱོན་པར་བྱེད་ལ་གོ་ཆ་ཆེན་པོ་བགོས་པ་ཞེས་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དངོས་པོ་ལ་མི་གནས་པར་ཡེ་ཤེས་ཆེན་པོ་ཡོངས་སུ་ཚོལ་བ་ཡིན་པས་དེའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཞེས་བརྗོད་པ་ ཡིན་ནོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བསྐལ་པ་སྟོང་ཕྲག་ཚད་མེད་དུ། གོ་ཆ་དཔག་མེད་བགོས་ནས་ནི། ། སེམས་ཅན་དག་ནི་ཐམས་ཅད་ཀུན། ། སྡུག་བསྔལ་རྣམས་ལས་གྲོལ་བར་བྱེད། ། དེ་ལྟའི་གོ་ཆ་ཆེ་བགོས་པ། ། བདུད་དམ་བདུད་ཀྱི་ མངགས་པ་དང་། ། བདུད་ཀྱི་ལས་རྣམས་བྱེད་པ་དག ། མིག་གིས་མཐོང་བར་མི་འགྱུར་རོ། ། དེ་ལས་གཞན་པའི་སེམས་ཅན་གང་། ། ལྟ་བའི་ཐིབས་པོར་ཞུགས་པ་དག ། བསམ་གྱིས་མི་ཁྱབ་གོ་ཆ་འདི། ། དེས་ཀྱང་ཐོབ་པར་འགྱུར་མ་ཡིན། །
BOགཟུགས་མེད་ཅིང་ནི་ཁ་དོག་མེད། ། བསྟན་ དུ་མེད་ཅིང་ལྟོས་མེད་པ། ། གོ་ཆ་བསམ་གྱིས་མི་ཁྱབ་པ། ། དེ་ཕྱིར་མིག་གིས་བལྟ་བྱ་མིན། ། མིང་མེད་མཚན་མ་མེད་པ་དང་། ། མཚན་མ་ཐམས་ཅད་སྤངས་པས་ན། ། གོ་ཆ་བགོས་པ་དཔག་ཏུ་མེད། ། དེ་ཕྱིར་ཕན་ཚུན་མཐོང་བ་མེད། ། གལ་ཏེ་མདའ་ནི་རི་རབ་ཚད། ། ཤིན་ཏུ་ རྣོན་པོ་འཕངས་ན་ཡང་། ། བསམ་གྱིས་མི་ཁྱབ་གོ་བགོས་པས། ། མདའ་ནི་རང་ཉིད་ཆག་པར་འགྱུར། ། འཇིག་རྟེན་བདུད་ནི་ཇི་སྙེད་པས། ། རི་རབ་ཚད་ནི་མདའ་རྣམས་ཀྱིས། ། གོ་ཆ་ཆེན་པོ་བགོས་པ་ལ། ། དུས་གཅིག་འོངས་ཏེ་འཕངས་ན་ཡང་། ། གོ་ཆ་ཆེན་པོ་བགོས་པ་ཡི། ། སྤུ་ཉག་ གཅིག་ནི་ཉམས་མི་འགྱུར། ། བསམ་གྱིས་མི་ཁྱབ་གོ་བགོས་པས། ། གང་ཡང་ཕམ་བྱེད་གཞིག་མི་ནུས། ། དེས་ན་བྱང་ཆུབ་སེམས་དཔའ་རྣམས། ། ལུས་དང་སེམས་ནི་འགྱུར་བ་མེད། ། བསམ་གྱིས་མི་ཁྱབ་གོ་བགོས་ལ། ། སུ་ཞིག་བསྒུལ་ཞིང་གཡོ་བར་ནུས། ། སེམས་བསྐྱེད་ཐང་ཅིག་ཙམ་ གྱིས་ཀྱང་། ། བདུད་ནི་མང་པོ་ཕམ་བྱེད་པས། ། བྱང་ཆུབ་སེམས་དཔའ་བསམ་མི་ཁྱབ། ། བདུད་དཔུང་དག་ནི་འཇིལ་བར་བྱེད། ། དེ་ལྟའི་གོ་ཆ་ཆེ་བགོས་པ། ། ནམས་ཀྱང་གཡོ་བར་མི་འགྱུར་བས། །
BOསེམས་ཅན་དག་ནི་ཐམས་ཅད་ཀྱིས། ། མཐོང་བར་ནུས་པ་གང་ཡང་མེད། ། སེམས་ཅན་ དག་ནི་ཐམས་ཅད་ཀྱིས། ། གོ་ཆ་མཚན་ཉིད་མི་ཤེས་པས། ། དེ་ཕྱིར་སེམས་ཅན་ཐམས་ཅད་ཀྱིས། ། མིག་གིས་མཐོང་བར་མི་ནུས་སོ། ། བྱང་ཆུབ་སེམས་དཔའ་སྐྱབས་བྱེད་ཅིང་། ། ཆོས་རྣམས་ཐམས་ཅད་ཤེས་པས་ནི། ། རྡོ་རྗེ་མཆོག་དང་འདྲ་བས་ན། ། དེ་ནི་ལེགས་པར་གོ་བགོས་ཡིན། ། ཆོས་རྣམས་ཐམས་ཅད་མི་ལེན་ཅིང་། ། སེམས་ཅན་རྣམས་ནི་སྐྱོབ་བྱེད་པས། ། སངས་རྒྱས་ཆོས་ཀྱི་རྗེས་འབྲང་ཕྱིར། ། དེ་ནི་ལེགས་པར་གོ་བགོས་ཡིན། ། གོ་ཆར་འཛིན་པ་མེད་པ་ནི། ། ཆོས་རྣམས་ཀུན་གྱི་རྗེས་འབྲང་བ། ། བསམ་གྱིས་མི་ཁྱབ་གོ་བགོས་པས། ། དེ་ནི་ལེགས་པར་ གོ་བགོས་ཡིན། ། གོ་ཆ་བསྟན་པ་མེད་པར་ཡང་། ། ཆོས་ནི་ཐམས་ཅད་གང་སྦྱོང་བ། ། ཆོས་རྣམས་ཚིག་དང་བྲལ་བས་ན། ། སྟོན་པར་ནུས་པ་གང་ཡང་མེད། ། གཟུགས་དང་མཚུངས་པར་མི་ལྡན་ཞིང་། ། ཚོར་བ་དང་ཡང་མཚུངས་མི་ལྡན། ། འདུ་ཤེས་འདུ་བྱེད་རྣམ་ཤེས་དང་། ། མཚུངས་ལྡན་འདུས་པ་ཡང་མ་ཡིན། ། ནང་དུ་མཚུངས་པར་མི་ལྡན་ཞིང་། ། ཕྱི་རོལ་དུ་ཡང་མཚུངས་ལྡན་མིན། ། ནང་དང་ཕྱི་རོལ་གཉི་གར་ཡང་། ། མཚུངས་ལྡན་འདུས་པ་ཡང་མ་ཡིན། །
BOཁམས་དང་མཚུངས་པར་མི་ལྡན་ཞིང་། ། སྐྱེ་མཆེད་དང་ཡང་མཚུངས་ལྡན་མིན། ། ཁམས་ དང་སྐྱེ་མཆེད་དག་དང་ཡང་། ། འདུས་པར་གྱུར་པར་ཡོད་མ་ཡིན། ། ས་དང་མཚུངས་པར་མི་ལྡན་ཞིང་། ། ཆུ་དང་མཚུངས་པར་ལྡན་པ་མིན། ། མེ་རླུང་ནམ་མཁའ་རྣམ་ཤེས་དང་། ། མཚུངས་ལྡན་འདུས་པ་ཡང་མ་ཡིན། ། འདོད་དང་མཚུངས་པར་མི་ལྡན་ཞིང་། ། གཟུགས་དང་ མཚུངས་པར་ལྡན་པའང་མིན། ། གཟུགས་མེད་པ་ཡི་ཁམས་རྣམས་དང་། ། མཚུངས་ལྡན་འདུས་པ་ཡང་མ་ཡིན། ། ཐམས་ཅད་དམིགས་སུ་མེད་པས་ན། ། མངོན་པར་འདུས་བྱས་རྣམས་དང་ནི། ། མངོན་པར་འདུས་བྱས་མེད་པ་དང་། ། མཚུངས་ལྡན་འདུས་པ་ཡང་མ་ཡིན། ། བསམ་ གྱིས་མི་ཁྱབ་གོ་བགོས་པས། ། གནས་པ་མེད་ཅིང་འདུས་པ་མེད། ། འཆིང་བ་མེད་ཅིང་གྲོལ་བ་མེད། ། མཚུངས་པར་མི་ལྡན་ཡོད་མ་ཡིན། ། གོ་ཆ་མཐའ་ནི་དཔག་མེད་པས། ། ཉན་ཐོས་དག་གི་ས་དག་དང་། ། རང་སངས་རྒྱས་ཀྱི་ས་དང་ཡང་། ། མཚུངས་ལྡན་འདུས་པ་ཡང་མ་ཡིན། ། སངས་རྒྱས་ཀྱི་ནི་ས་རྣམས་དང་། ། ཆོས་རྣམས་ཐམས་ཅད་ཀུན་དང་ནི། ། ཐམས་ཅད་མཚུངས་པར་མི་ལྡན་ཞིང་། ། ཐམས་ཅད་འདུས་པར་གྱུར་མ་ཡིན། ། ཚིག་གི་ལམ་ནི་སྣ་ཚོགས་ཀྱིས། ། གང་ཡང་རེག་པར་མི་འགྱུར་བས། །
BOདཔག་ཏུ་མེད་པའི་གོ་ཆ་འདི། ། ངོ་བོ་མེད་ཅིང་བསམ་དཀའ་ ཡིན། ། ཆོས་རྣམས་ཐམས་ཅད་བདག་དང་ནི། ། མཚུངས་ལྡན་མཚུངས་མིན་ལྡན་མིན་པས། ། བསམ་གྱིས་མི་ཁྱབ་གོ་ཆ་ནི། ། བགྲང་བ་ཀུན་ལས་འདས་པ་ཡིན། ། གོ་ཆ་བླ་ན་མེད་པས་ན། ། འཆིང་བ་མེད་ཅིང་གྲོལ་བ་མེད། ། གཟུགས་དང་ཚོར་བ་འདུ་ཤེས་དང་། ། འདུ་བྱེད་རྣམ་ཤེས་ མཚན་ཉིད་མེད། ། དེ་དག་གི་ནི་མཚན་ཉིད་དང་། ། མཚུངས་ལྡན་འདུས་པ་ཡང་མ་ཡིན། ། ཆོས་རྣམས་ཀུན་གྱི་མཚན་ཉིད་དང་། ། མཚུངས་ལྡན་མཚུངས་མིན་ལྡན་པའང་མིན། ། མཚན་མ་མེད་པ་དག་དང་ཡང་། ། མཚུངས་ལྡན་འདུས་པ་ཡང་མ་ཡིན། ། གོ་ཆ་བླ་ན་མེད་པས་ནི། ། འཆིང་བ་ མེད་ཅིང་གྲོལ་བ་མེད། ། ཆོས་རྣམས་དག་ནི་ཐམས་ཅད་ལས། ། ཆོས་གཅིག་གྲངས་སུའང་བགྲང་བ་མེད། ། ཆོས་རྣམས་ཐམས་ཅད་དག་ལས་ནི། ། གོ་ཆ་དམིགས་པར་མི་འགྱུར་བས། ། དེ་ཕྱིར་བླ་ན་མེད་འགྱུར་ཞིང་། ། བསམ་གྱིས་མི་ཁྱབ་པ་ཞེས་བརྗོད། ། གོ་ ཆ་ལ་ནི་གཟུགས་མེད་ཅིང་། ། ཚོར་བ་འདུ་ཤེས་ཡོད་མ་ཡིན། ། འདུ་བྱེད་མེད་ཅིང་རྣམ་ཤེས་མེད། ། ཕུང་པོ་རྣམས་ཀྱིས་བསྡུས་པའང་མིན། ། དེ་ལྟའི་དཔའ་བོ་གང་དག་གིས། ། གོ་ཆ་ཆེན་པོ་འདི་བགོས་པས། །
BOལུས་དང་སེམས་ནི་མི་དམིགས་པས། ། ཆོས་ནི་ཅུང་ཟད་མཐོང་མི་འགྱུར། ། བསམ་པ་རྣམས་ལས་འདས་པའི་ཕྱིར། ། རྣམ་དག་སེམས་ལ་རབ་གནས་ཤིང་། ། རྟག་ཏུ་ཞུམ་པ་མེད་པས་ན། ། བསམ་གྱིས་མི་ཁྱབ་པ་ཞེས་བརྗོད། ། ཤིན་ཏུ་བརྟན་པས་གོ་བགོས་པ། ། དེ་ཡི་སེམས་ནི་མི་སྒུལ་ཞིང་། ། བསྐལ་པའི་ཚད་ནི་མི་འཛིན་པས། ། བསམ་གྱིས་མི་ཁྱབ་པ་ཞེས་ བརྗོད། ། གོ་ཆ་ལ་ནི་ཚད་མེད་ཅིང་། ། ཆོས་དང་ཆོས་མིན་མི་ལེན་པས། ། དུས་ཀྱི་ཚད་ནི་མེད་པའི་ཕྱིར། ། གཞལ་དུ་མེད་པ་ཞེས་བྱའོ། ། སེམས་ཅན་འདུ་ཤེས་མི་སྐྱེད་ཅིང་། ། བདག་གི་འདུ་ཤེས་ཡོད་མ་ཡིན། ། འདུ་ཤེས་འདི་ནི་ཤེས་པའི་ཕྱིར། ། འདུ་ཤེས་ཐམས་ཅད་སྐྱེ་མི་འགྱུར། ། ཆོས་རྣམས་ཐམས་ཅད་ཤེས་ཀྱང་ནི། ། ཆོས་དེའི་འདུ་ཤེས་སྐྱེ་མི་འགྱུར། ། དེ་ལྟར་གོ་ཆ་གང་བགོས་པས། ། བསམ་གྱིས་མི་ཁྱབ་པ་ཞེས་བརྗོད། ། གཞན་ཡང་བློ་གྲོས་མཐའ་ཡས་གོ་ཆ་ཆེན་པོ་འདི་ནི་ཆོས་གྱ་ནོམ་པའི་བཀོད་པའི་ཡོ་བྱད་ཅེས་ཀྱང་བྱ། ། མཆོག་ཏུ་གྱུར་པ་ཞེས་ཀྱང་བྱ་ སྟེ། རྣམ་པར་གཞིག་པར་མི་ནུས་པའི་ཕྱིར་རོ། ། ཆོས་ཐམས་ཅད་དབྱེར་མེད་པ་ཞེས་བྱ་སྟེ། ཆོས་ཅུང་ཟད་ཙམ་ལ་ཡང་བྱེ་བྲག་ཏུ་འབྱེད་པ་མེད་པའི་ཕྱིར་རོ། །
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གོ་ཆ་འདི་ལྟ་བུ་བགོས་པ་དེ་ནི་ཤེས་རབ་ཆེན་པོའི་སྟོབས་འཛིན་ཅིང་ ཐེག་པ་ཆེན་པོ་དང་ཐེག་པ་མཆོག་དང་མཚུངས་པ་མེད་པའི་ཐེག་པ་དང་། ཡོངས་སུ་སྡུད་པ་ཆེན་པོའི་ཐེག་པ་དང་དཔག་ཏུ་མེད་པ་སྡུད་པའི་ཐེག་པ་ལ་ཞོན་ནས་སེམས་ཅན་ཐམས་ཅད་ཐེག་པ་འདིས་འདེགས་པར་བྱེད་ཀྱང་ཐེག་པ་འདི་ལ་མི་ཤོང་བ་གང་ཡང་མེད་ལ། ཐེག་པ་དེ་ཡང་ འཕེལ་བ་མེད་ཅིང་འགྲིབ་པ་མེད་པར་སེམས་ཅན་རྣམས་བདེ་བ་ལ་དགོད་པར་བྱེད་ཅིང་སེམས་ཅན་རྣམས་བདེ་བར་ངེས་པར་བྱུང་བར་བྱེད་དོ། ། སེམས་ཅན་གང་ངེས་པར་བདེ་བར་བྱེད་པའི་ཐེག་པ་འདི་ལ་ཞོན་པ་གང་ཡིན་པ་དེ་དག་ལ་ནི་ལུས་དང་སེམས་ངལ་ཞིང་ཉོན་མོངས་པར་གྱུར་པ་ཡོད་པར་མི་འགྱུར་ རོ། ། བློ་གྲོས་མཐའ་ཡས་ཐེག་པ་འདི་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་གཞན་གྱིས་ངེས་པར་འབྱུང་བར་བྱེད་པ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ། ། ཐེག་པ་འདི་ནི་འགྲོ་བ་མེད་པ་འོང་བ་མེད་པ་ གནས་པ་མེད་པ་བལྟར་མེད་པ་ཤེས་པ་མེད་པ་སྔོན་གྱི་མཐའ་མི་དམིགས་པ་ཕྱི་མའི་མཐའ་མི་དམིགས་པ་དབུས་ཀྱི་མཐའ་མི་དམིགས་པ།
BOདུས་གསུམ་མཉམ་པ་ཉིད་དུ་གྱུར་ཅིང་། ནམ་མཁའ་དང་མཚུངས་པ། ཀུན་ནས་ཉོན་མོངས་པའི་རྡུལ་མི་གོས་པ། བལྟས་པ་མེད་པ། ཐོགས་པ་མེད་པ་མངོན་པར་ཞེན་པ་མེད་པ་ ཡིན་པས། ཐེག་པ་འདིས་ངེས་པར་འབྱུང་བར་བྱའོ། ། ཐེག་པ་འདི་ནི་ཚད་མེད་པ་ཡིན་ཏེ་གཞལ་དུ་མེད་པའི་ཕྱིར་རོ། ། རང་བཞིན་གྱིས་ཐོགས་པའི་མཚན་མ་མེད་པ་ཡང་ཡིན་ཏེ། མཚན་མ་ལ་མི་གནས་པའི་ཕྱིར་རོ། ། ཐེག་པ་མཆོག་འདི་ལ་ཞོན་པ་གང་ཡིན་པ་དེ་དག་ནི་སེམས་ལ་ཞུམ་པ་མེད་ པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གཞོལ་ཞིང་འཇུག་པར་འགྱུར་རོ། ། བློ་གྲོས་མཐའ་ཡས་འདི་ལྟ་སྟེ། དཔེར་ན་མར་མེ་དང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནི་སེམས་ཅན་རྣམས་ཀྱི་སྣང་བ་ཆེན་པོར་བྱེད་དོ། ། དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་འོད་ཟེར་གྱིས་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གསལ་བར་བྱེད་ཅིང་གང་གིས་ཀྱང་ཟིལ་གྱིས་གནོན་པ་འམ་བར་ཆད་བྱེད་མི་ནུས་པས་ཡོན་ཏན་ཆེན་པོའི་རྒྱ་མཚོ་དཔག་ཏུ་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །
BOབློ་གྲོས་མཐའ་ཡས་ཐེག་པ་འདི་ནི་མུན་གནག་སྤོང་བར་བྱེད་ཅིང་འཇིག་ རྟེན་གྱི་ནད་ཐམས་ཅད་རབ་ཏུ་སེལ་བ་དང་། འཇིག་རྟེན་པའི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་ཤིང་སེམས་ཅན་ཆེན་པོ་ཡོངས་སུ་སྡུད་པ་ཡིན་པས་དམན་པ་རྣམས་ཀྱིས་བཞོན་པར་བྱ་བ་མ་ཡིན་ཏེ། གོ་ཆ་ཆེན་པོ་བགོས་པ་ནི་མ་གཏོགས་སོ། ། ངས་ཇི་སྐད་དུ་འདི་ནི་བསྐལ་པ་ཚད་མེད་པ་ ནས་སེམས་ཅན་རྣམས་ཡོངས་སུ་བསྐྱབས་པ། སངས་རྒྱས་མང་པོ་ལ་མཆོད་ཅིང་རིམ་གྲོ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ། ཚོགས་ཡོངས་སུ་དག་པ་རྣམས་ཀྱིས་བཞོན་པར་བྱ་བ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་དང་དེ་ལས་གཞན་པ་འཇིག་རྟེན་གྱིས་ བཅིངས་པ་འཇིག་རྟེན་དང་མཚུངས་པར་ལྡན་པ་དང་། མངོན་པའི་ང་རྒྱལ་ཅན་དང་། མུ་སྟེགས་ཅན་ལ་མངོན་པར་ཡིད་ཆེས་པར་བྱེད་པ་དམན་པ་ཐམས་ཅད་ཐེག་པ་འདིའི་མིང་ཐོས་པར་ཡང་མི་འདོད་ན་ཐེག་པ་འདི་ལ་བཞོན་པར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་ལྟ་བུའོ། །
BOགལ་ཏེ་སེམས་ཅན་ གང་ལ་ལ་ཞིག་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་རྣམ་པར་རྩེན་ཅིང་ཐེག་པ་འདི་ལ་ཞོན་པར་བྱེད་ན་སྨོན་ལམ་ཁྱད་པར་དུ་འཕགས་པ་ཇི་ལྟ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། ། བློ་གྲོས་མཐའ་ཡས་ཐེག་པ་འདི་ནི་མཐའ་མེད་དེ། སྔོན་དང་། དབུས་དང་། ཐ་མའི་མཐའ་རྟོགས་པར་མི་ནུས་སོ། ། ཐེག་པ་འདི་ནི་མཐའ་ཡོངས་སུ་ཆད་པ་ཡིན་ཏེ། མཐའ་མི་དམིགས་པས་མཐའ་དཔག་ཏུ་མེད་དོ། ། ཐེག་པ་འདིའི་མཐའ་ནི་ཚད་མེད་པའི་མཐའ་ཡིན་ནོ། ། བློ་གྲོས་མཐའ་ཡས་ཐེག་པ་འདི་ལ་ནི་མཐའ་དཔག་ཏུ་མེད་པས་དབུས་ཀྱི་ མཐའ་ཡང་མེད་ལ་སྤང་བར་བྱ་བའི་མཐའ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ནོ། ། དེ་ལ་མཐའ་སྤངས་པ་ཞེས་བྱ་བ་ནི་མཐའ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པས་མཐའ་སྤངས་པ་ཞེས་བཤད་དོ། ། རྣམ་པར་མི་རྟོག་པའི་མཐའ་ལ་མཐའ་སྤངས་པ་ཞེས་བཤད་དེ། དེ་ནི་ཐེག་པ་འདིའི་མཐའ་ སྤངས་པ་ཞེས་བྱའོ། ། མཐའ་ཡོད་པ་མ་ཡིན་པས་དབུས་ཀྱི་མཐའ་ཞེས་བྱའོ། ། མཐའ་ཡོད་པ་མ་ཡིན་པས་མཐའི་མཐའ་ཞེས་བྱའོ། ། མཐའ་ཡོད་པ་མ་ཡིན་པས་མཐའ་ཞེས་བཤད་དོ། ། མཐའ་དེ་ལ་ནི་མཐའ་དམིགས་སུ་མེད་དོ། ། དམིགས་སུ་མེད་པའི་ཕྱིར་མཐའི་མཐའ་དང་།
BOདབུས་ཀྱི་མཐའ་དང་། མཐའ་མེད་པས་རྒྱུན་མི་ཆད་པར་མཐའི་སྒོར་འཇུག་པར་འགྱུར་རོ། ། མཐའི་སྒོར་ཞུགས་པའི་ཕྱིར་ཐེག་པ་འདི་དེ་ལས་ཡང་དག་པར་འདས་པ་ཡིན་ཡང་ཡང་དག་པར་འདས་པ་ཉིད་དམིགས་སུ་མེད་དོ། ། བློ་གྲོས་མཐའ་ཡས་མཐའ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཆད་པ་དང་། རྟག་པའི་མཐའ་གང་ཡིན་པའོ། ། ཚིག་གི་རྗེས་སུ་ཞུགས་པའི་ཕྱིར་མཐའ་ཉིད་མཐའ་མ་ཡིན་ནོ། ། དེས་རྟག་པའི་མཐའ་སྤངས་ན་མཐའི་མཐའ་ཡང་ཡོད་པར་མི་འགྱུར་ཏེ། མཐའ་དེའི་མཚན་ཉིད་མཐའ་མེད་པའི་ཕྱིར་རོ། ། དེ་ལ་མཐའ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་ ཅིང་རྣམ་པར་རྟོག་པ་ཆད་པའི་ཕྱིར་མཐའ་ལས་ཡང་དག་པར་འདས་ཤིང་ཆད་པ་དང་། རྟག་པར་རབ་ཏུ་སྤངས་པ་ཡིན་ནོ། ། བློ་གྲོས་མཐའ་ཡས་གང་འཇིག་ཚོགས་ལ་ལྟ་བ་དང་བཅས་པ་དེ་ནི་མཐའི་སྒོ་ལ་གནས་པར་བྱེད་ཀྱི། གང་འཇིག་ཚོགས་ལ་བལྟ་བ་མེད་པ་དེ་དག་ནི་མཐའི་སྒོ་ལ་ མངོན་པར་ཞེན་པར་མི་བྱེད་དོ། ། མངོན་པར་ཞེན་པ་མེད་པའི་ཕྱིར་ཆད་པ་དང་། རྟག་པའི་མཐའ་ལས་ཡང་དག་པར་འདས་པ་ཡིན་ནོ། ། བློ་གྲོས་མཐའ་ཡས་ཆད་པ་དང་།
BOརྟག་པའི་མཐའ་དེ་དག་ནི་ཡང་དག་པར་ཡོད་པ་མ་ཡིན་གྱི་སླུ་བའི་ཚིག་སྲིད་པ་གསུམ་པོ་དག་ན་མཐའ་རྣམ་པ་ གཉིས་སུ་རྣམ་པར་རྟོག་པར་བྱེད་པ་ཡིན་པས་མཐའ་གཉིས་པོ་དེ་དག་གིས་ཡོངས་སུ་བསྡུས་ཤིང་མཚུངས་པར་ལྡན་པར་མ་གྱུར་ན་ཡང་དག་པར་འདས་ཤིང་འཇིག་ཚོགས་ལ་ལྟ་བ་སྤང་བའི་ཕྱིར་མཐའ་གཉིས་ཀྱི་སྒོ་ལ་མངོན་པར་ཞེན་པར་མི་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་འཇིག་ཚོགས་ལ་ལྟ་བ་ད་དུང་མ་སྤངས་པ་གང་ཡིན་པ་དེ་དག་ནི་གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་ལ་ཞོན་པ་ཞེས་མི་བྱ་སྟེ། མཐའི་སྒོ་དེ་དག་ལ་མངོན་པར་ཞེན་པར་གྱུར་པས་གལ་ཏེ་མཐའ་སྤོང་བར་འདོད་པར་གྱུར་ན་ཡང་མཐའ་སྤོང་བའི་འདུ་ཤེས་སྐྱེད་པར་བྱེད་ པས་སྔོན་དང་ཕྱི་མའི་མཐའ་ལ་རྣམ་པར་རྟོག་པར་བྱེད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཇིག་ཚོགས་ལ་ལྟ་བ་སྤངས་པ་གང་ཡིན་པ་དེ་དག་ནི་གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་ལ་བཞོན་པ་ཞེས་བྱ་སྟེ། མཐའི་སྒོ་དེ་དག་ལ་མངོན་པར་ཞེན་པ་མེད་པས་མཐའ་ གཉིས་པོ་དག་ལས་ཡང་དག་པར་འདས་ནས་རབ་ཏུ་བདེ་བའི་ཐེག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་འགྱུར་རོ། །
BOབློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བློ་གྲོས་ཆེན་པོའི་སྟོབས་ཀྱིས་མཐའི་ཆོས་ལ་གནས་པ་ ཐམས་ཅད་མི་སྤོང་མི་གཞིག་པའི་ཐབས་ལ་མཁས་པས་ཞི་གནས་དང་། ལྷག་མཐོང་ཡོངས་སུ་བསྡུས་ནས་མཚན་མ་མེད་པ་མངོན་པར་བསྒྲུབས་ཏེ། མཚན་མ་མེད་པ་མངོན་སུམ་དུ་གྱུར་ན་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་སྣང་བ་སྦྱིན་པར་འགྱུར་ལ། ཆོས་ཀྱི་སྣང་བ་ཐོབ་པའི་ དབང་གིས་མཐའ་ཐམས་ཅད་ཡོངས་སུ་སྤོང་ཞིང་མཐའ་སྤོང་བ་དེ་དག་ལ་ཡང་མངོན་པར་ཞེན་པ་མེད་པས་མཐའ་ཅུང་ཟད་ཙམ་ལ་ཡང་མཐའི་སྒོ་དེ་དག་དང་མཚུངས་པར་ལྡན་པ་འམ། མཚུངས་པར་མི་ལྡན་པ་འམ། ཡིད་ལ་བྱེད་པ་འམ། ཡིད་ལ་མི་བྱེད་པ་ཡང་མེད་པར་ཆོས་ཐམས་ཅད་ལ་ ཐབས་མཁས་པས་ཞི་གནས་དང་། ལྷག་མཐོང་དེ་ལ་རབ་ཏུ་གནས་ཤིང་ཆོས་ཀྱི་སྣང་བ་ཆེན་པོ་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ། ། ཆོས་ཀྱི་སྣང་བ་ཐོབ་པའི་ཕྱིར་ནི་མུན་ནག་དང་། སྤུ་ཟིང་ཞེས་བྱེད་པའི་འཇིགས་པ་དག་ཡོངས་སུ་སྤངས་ནས་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བ་ དང་། ཚངས་པའི་སྒྲ་ཆེན་པོ་འབྱིན་པ་དང་།
BOསེང་གེའི་སྒྲ་ཆེན་པོ་བསྒྲགས་ནས་སེམས་ཅན་རྣམས་ལ་འདི་སྐད་དུ་ཀྱེ་ཁྱེད་རྣམས་མྱུར་དུ་འདིར་ཤོག་ལ་ཐེག་པ་ཆེན་པོ་རབ་ཏུ་བདེ་བའི་ཐེག་པ་དང་། ཁ་ལོ་སྒྱུར་བ་ཆེན་པོའི་ཐེག་པ་དང་། རབ་ཏུ་གཞོལ་བ་ཆེན་པོའི་ཐེག་པ་འདིས་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ནས་སེམས་ཅན་རྣམས་ལ་ཆོས་ཀྱི་སྣང་བ་རབ་ཏུ་སྟོན་ལ། ཆོས་ཀྱི་སྣང་བའི་དབང་གིས་སེམས་ཅན་རྣམས་གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་བཞོན་པ་ལ་དགོད་པར་བྱའོ། ། ཞེས་སྒྲོགས་པར་བྱེད་དོ། ། བློ་གྲོས་མཐའ་ ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐེག་པ་ཆེན་པོ་འདི་དང་། གོ་ཆ་ཆེན་པོ་འདི་ལ་སེར་སྣ་མི་སྐྱེད་པར་སེམས་ཅན་རྣམས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། གོ་ཆ་འདི་བགོས་ནས་ཐེག་པ་ཆེན་པོ་འདི་ལ་ཞོན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པར་བྱའོ། ། ཐེག་པ་ཆེན་པོ་འདི་དང་གོ་ཆ་ཆེན་པོ་འདི་ལ་སེར་སྣ་མི་བྱ་བར་སེམས་ཅན་རྣམས་ལ་བརྒྱུད་ཅིང་སྤེལ་བར་བྱའོ། ། གཞན་ཡང་སེམས་ཅན་རྣམས་གོ་ཆ་འདི་བགོས་ནས་ཐེག་པ་ཆེན་པོ་འདི་ལ་ཞོན་ཏེ་ངེས་པར་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་གདབ་པར་བྱའོ། །
BOབྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་སྤྱོད་པ་འདི་ལྟ་བུ་ལ་གནས་པའི་ཚེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་ཡོངས་སུ་སྡུད་པར་བྱེད་ལ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་ཡང་སྡུད་པར་འགྱུར་བས་ཡོན་ཏན་གྱི་རྒྱ་ མཚོ་ཆེན་པོ་དཔག་ཏུ་མེད་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱའོ། ། བློ་གྲོས་མཐའ་ཡས་ཐེག་པ་ཆེན་པོ་འདི་ནི་ཆོས་ཀྱི་དབྱིངས་དང་མཉམ་པས་ཚུ་རོལ་གྱི་འགྲམ་དང་། ཕ་རོལ་གྱི་འགྲམ་དམིགས་སུ་མེད་མོད་ཀྱི། འོན་ཀྱང་རང་གི་ངང་གིས་ སེམས་ཅན་ཐམས་ཅད་བཏེག་སྟེ། འདི་ནས་ཆོས་ཀྱི་དབྱིངས་སུ་ཕྱིན་པར་བྱེད་པས་གནས་པ་མེད་པའི་རྗེས་སུ་འཐུན་པ་དང་། ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་འཐུན་པ་དང་། གོ་ཆའི་རྗེས་སུ་འཐུན་པར་འགྱུར་རོ། ། གང་གིས་ཐེག་པ་ཆེན་པོའི་ཆོས་ཀྱི་དབྱིངས་དང་མཉམ་པ་འདི་ལ་ནན་ཏན་ གྱིས་སྒྲུབ་པར་བྱེད་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་རབ་ཏུ་ཞུགས་པ་ཡིན་ནོ། ། བློ་གྲོས་མཐའ་ཡས་འདི་ལྟ་སྟེ།
BOདཔེར་ན་ཆོས་ཀྱི་དབྱིངས་ནི་རྡུལ་གྱིས་གོས་པ་མེད་པས་གང་གིས་ཀྱང་རྣམ་པར་གཞིག་པའམ་གོས་པར་བྱར་མེད་དོ། ། ཐེག་པ་ཆེན་ པོ་འདི་ཡང་དེ་བཞིན་དུ་རྣམ་པར་འཇིག་པ་མེད་ཅིང་གོས་པ་མེད་དེ། རྣམ་པར་འཇིག་པ་དང་། གོས་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་གཞོལ་བར་འགྱུར་ཏེ། དེའི་ཕྱིར་ཐེག་པ་འདི་ནི་ཐེག་པ་ཆེན་པོ་ཞེས་བྱའོ། ། ཐེག་པ་འདི་ནི་ཐོགས་པ་མེད་པས་ལྷ་དང་། མི་དང་ ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་གང་གིས་ཀྱང་བསྐོར་མི་ནུས་ཤིང་མངོན་པར་ཞེན་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་གཞོལ་བ་ཡིན་པས་དེའི་ཕྱིར་ཐེག་པ་འདི་ནི་ཐེག་པ་ཆེན་པོ་ཞེས་བྱའོ། ། དེ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་བཀོད་པ་ཆེན་པོ་གང་ཡིན་པ་སྟེ། བཀོད་པ་ ཐམས་ཅད་གང་ཡང་ཐེག་པ་ཆེན་པོ་འདིར་མི་འཇུག་པ་མེད་པས་སོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཐེག་པ་འདི་ལ་ཡང་འདུས་བྱས་ཀྱི་བཀོད་པ་ཞེས་བགྱི་བ་ལྟ་ཅི་མཆིས་ལགས་སམ།
BOདེ་ནས་ བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་མཐའ་ཡས་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ང་ནི་འཇིག་རྟེན་པའི་རྗེས་སུ་ཐེག་པ་འདིར་ཡང་འདུས་བྱས་ཀྱི་བཀོད་པ་ཐམས་ཅད་རབ་ཏུ་སྟོན་པར་མཛད་དོ། ། བློ་གྲོས་མཐའ་ཡས་འཁོར་ལོས་སྒྱུར་བའི་རྒྱལ་པོ་འམ། ལྷའི་དབང་པོ་བརྒྱ་བྱིན་ནམ། ཚངས་པའི་རྒྱལ་པོ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་འདི་ལས་བྱུང་ངོ་། ། འབྱུང་ངོ་། ། འབྱུང་བར་འགྱུར་ཏེ། འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པའི་འབྱོར་པའི་ས་ལ་ གནས་པར་བྱེད་ཀྱང་འཁོར་བའི་ཉོན་མོངས་པའི་སྐྱོན་རྣམས་ཀྱིས་གོས་པར་མི་འགྱུར་བས་འདོད་པ་རྣམས་ཀྱི་ཉེས་དམིགས་རེ་རེ་ནས་འཇལ་བར་བྱེད་ཅིང་གཞལ་ནས་ཀྱང་ཡོངས་སུ་སྐྱོ་བར་གྱུར་པས་ངེས་པར་འབྱུང་བའི་ལམ་རབ་ཏུ་རྟོགས་པར་འགྱུར་རོ། །
BOབློ་གྲོས་མཐའ་ཡས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་ཐེག་པ་འདི་ལ་ཞོན་པར་བྱེད་པ་གང་ཡིན་པ་དེ་དག་ནི་འཁོར་བ་ལེན་པར་བྱེད་ཀྱང་གནས་ཐམས་ཅད་དུ་སྐྱོན་གྱིས་གོས་པར་མི་འགྱུར་ཞིང་ཉེས་དམིགས་ཀྱང་མཐོང་ལ་ངེས་པར་འབྱུང་བ་ཡང་རབ་ཏུ་ཤེས་པས་ངས་འདིར་མ་བསྟན་པའི་ཆོས་རྣམས་དང་། བཀོད་ པ་གང་ཡིན་པ་དེ་དག་ཀྱང་ཐེག་པ་འདིའི་མཚན་ཉིད་ཀྱི་དབང་གིས་ཆོས་དེ་དག་དང་། བཀོད་པ་དེ་དག་ཀྱང་རབ་ཏུ་རྟོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཐེག་ ཆེན་བླ་ན་མེད་པའི་ཐེག ། ཐེག་པ་འདི་ནི་བསམ་མི་ཁྱབ། ། གང་ཞིག་ཐེག་པ་འདི་ཞོན་པ། ། དེ་དག་ངེས་པར་འབྱུང་བར་འགྱུར། ། བརྟེན་པའི་གནས་ཆེན་ཡིན་པས་ན། ། ཐེག་པ་འདི་ནི་བསམ་མི་ཁྱབ། ། མཐའ་ནི་དཔག་མེད་ཚད་མེད་པས། ། དེ་ཕྱིར་ཐེག་ཆེན་ཞེས་བྱའོ། ། སེམས་ ཅན་དག་ནི་ཐམས་ཅད་ཀྱིས། ། ཐེག་པ་འདི་ལ་གཞོལ་བྱེད་ཀྱང་། ། ཐེག་པ་འདི་ལ་འགྲིབ་པ་མེད། ། འཕེལ་བར་ཡང་ནི་མི་འགྱུར་རོ། ། སེམས་ཅན་དག་ནི་ཐམས་ཅད་ལས། ། གང་ཞིག་ཐེག་པ་འདི་ཞོན་པ། ། བདེ་བར་གཞོལ་བ་འགྱུར་བས་ན།
BO། དེ་ན་སྡུག་བསྔལ་ཅི་ཡང་མེད། ། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས། ། ཐེག་པ་འདི་ལ་གཞོལ་བྱེད་ན། ། དྲང་པོར་འགྲོ་ཞིང་གཞན་སྤྱོད་མེད། ། ལུས་དང་སེམས་ནི་ངལ་མི་འགྱུར། ། འཇིག་རྟེན་རྣམས་ནི་གསལ་བྱེད་པས། ། ལྷ་མི་ལྷ་མ་ཡིན་རྣམས་ཀྱི། ། ཐེག་ཆེན་བླ་མེད་འདི་ལ་ནི། ། སེམས་བསྐྱེད་རབ་ ཏུ་གཞོལ་བར་བྱ། ། རང་སངས་རྒྱས་དང་ཉན་ཐོས་ཀྱི། ། ཐེག་པ་ཟིལ་གནོན་གང་འདོད་པ། ། ཐེག་ཆེན་བླ་མེད་འདི་ལ་ནི། ། སེམས་བསྐྱེད་རབ་ཏུ་གཞོལ་བར་བྱ། ། འགྲོ་བ་མེད་ཅིང་འོང་བ་མེད། ། གནས་པ་མེད་ཅིང་སྔོན་མཐའ་མེད། ། ཕྱི་དང་དབུས་ཀྱི་མཐའ་ཡང་མེད། ། ཐོབ་ མེད་མཐོང་བ་མེད་པས་ན། ། དུས་གསུམ་དག་ནི་མཉམ་པ་ཉིད། ། ཇི་ལྟར་ནམ་མཁའ་དག་པ་ལྟར། ། ཐེག་པ་འདི་ཡང་དེ་བཞིན་ཏེ། ། ཉོན་མོངས་དག་ནི་རབ་ཏུ་སྤངས། ། ཐེག་པ་འདི་ནི་ལྟོས་པ་མེད། ། སྒྲིབ་མེད་ཐོགས་པ་མེད་པས་ན། ། ཐམས་ཅད་ཡོངས་སུ་སྐྱོབ་པར་ནུས། ། གཞོལ་བར་བྱེད་ཀྱང་མངོན་ཞེན་མེད། ། ཐེག་པ་འདི་ནི་ཚད་མེད་པས། ། མཚན་མ་ཐམས་ཅད་ཡོད་མ་ཡིན། ། རང་བཞིན་དག་ནི་མི་དམིགས་པར། ། འཇིགས་མེད་བསམ་གྱིས་མི་ཁྱབ་ཡིན། ། གང་ཞིག་ཐེག་པ་འདི་ཞོན་ནས། ། འཇིགས་པ་མེད་པ་ཐོབ་པས་ནི།
BO། དེ་ཡིས་ སངས་རྒྱས་ཆོས་དག་ལ། ། སྒྲིབ་མེད་ཐོགས་པ་མེད་པར་འགྱུར། ། ཐེག་པ་འདི་ལ་གང་ཞོན་པ། ། འཇིག་རྟེན་ཀུན་ནི་སྣང་བྱེད་པར། ། ཉི་མའི་འོད་ཟེར་བརྒྱ་སྟོང་ལྟར། ། ཐམས་ཅད་དུ་ནི་གསལ་བར་བྱེད། ། ཐེག་པ་འདི་ནི་མི་འཇིགས་ཤིང་། ། ཟིལ་གྱིས་གནོན་པ་མེད་པས་ ན། ། ཡོན་ཏན་ཚོགས་ནི་དཔག་མེད་ལྡན། ། བླ་མེད་འདི་ལ་གཞོལ་བར་བྱ། ། ཐེག་པ་འདི་ནི་འཇིག་རྟེན་འདས། ། ཁམས་དང་ལས་ནི་ངེས་པར་འབྱུང་། ། མུན་ནག་དག་ནི་རབ་ཏུ་སྤངས། ། ཟག་པ་མེད་ལ་གཞོལ་བར་བྱེད། ། ཐེག་འདི་བྱང་ཆུབ་སེམས་དཔའ་རྣམས། ། འབའ་ཞིག་ ཡོངས་སུ་འཛིན་པས་ན། ། དེ་ལས་གཞན་པའི་སེམས་ཅན་རྣམས། ། དེར་ནི་ཤོང་བར་མི་འགྱུར་རོ། ། བློ་དང་ལྡན་པ་གང་ཞིག་གིས། ། བསྐལ་པ་སྟོང་ཕྲག་ཚད་མེད་དུ། ། ཐབས་མཁས་ནན་ཏན་སྒྲུབ་བྱེད་པ། ། དེས་གདོད་ཐེག་པ་འདི་བཞོན་འགྱུར། ། ཉན་ཐོས་ཀྱི་ནི་ཚོགས་རྣམས་དང་། ། རང་རྒྱལ་དག་གི་ཚོགས་དག་དང་། ། མུ་སྟེགས་དག་ནི་ཐམས་ཅད་ཀྱིས། ། ཐེག་པ་འདི་ལ་གཞོལ་མི་ནུས། ། གལ་ཏེ་སེམས་ཅན་གང་ཞིག་གིས། ། བསམ་གྱིས་མི་ཁྱབ་ཆོས་འདི་ལ། ། ཐབས་མཁས་རྣམ་པར་གང་རྩེན་པ། ། ཐེག་པ་འདི་ལ་གནས་པར་འགྱུར། །
BOམོས་པ་དག་ནི་ཇི་ལྟ་བཞིན། ། ཁྱབ་པའི་སྨོན་ལམ་རྣམ་གཞག་ནས། ། ཡང་དག་ལམ་ལ་རབ་གནས་ཤིང་། ། བླ་མེད་འདི་ལ་གཞོལ་བར་བྱ། ། ཐེག་པ་འདི་ནི་མཐའ་མེད་པས། ། དབུས་ཀྱི་མཐའ་ཡང་ཡོད་མ་ཡིན། ། མཐའ་ཡི་མཐའ་དང་དབུས་ཀྱི་མཐའ། ། ཐམས་ཅད་ དམིགས་པར་མི་འགྱུར་རོ། ། མཐའ་ནི་དམིགས་སུ་མེད་པས་ན། ། ཐེག་པ་ཆེ་ལ་མཐའ་ཡོད་མིན། ། མཐའ་ནི་ཐམས་ཅད་སྤངས་པའི་ཕྱིར། ། བདེ་བར་ཡང་དག་གཞོལ་བར་བྱ། ། ཐེག་མཐའ་དག་ནི་དཔག་མེད་པས། ། དཔག་མེད་གང་ཡིན་ཐེག་མཐའ་ཡིན། ། ཐེག་འདི་མཐའ་ནི་ ཚད་མེད་པས། ། ཚད་མེད་གང་ཡིན་ཐེག་མཐའ་ཡིན། ། ཐེག་འདི་མཐའ་སྤངས་མེད་པས་ན། ། མཐའ་མེད་གང་ཡིན་སྤོང་མཐའ་ཡིན། ། མཐའ་ནི་གང་ཞིག་མི་རྟོག་ན། ། སྤོང་བ་ཡང་ནི་དམིགས་མི་འགྱུར། ། ཐེག་པའི་མཐའ་ནི་དཔག་མེད་པས། ། དབུས་ཀྱི་མཐའ་ཡང་ཡོད་མ་ཡིན། ། མཐའ་མེད་མཐའ་ནི་མེད་པས་ན། ། མཐའ་ཡི་ངོ་བོ་ཅི་ཡང་མེད། ། མཐའ་དང་མཐའ་མེད་མཚན་ཉིད་ནི། ། མཐའ་མིན་མཐའ་ཡི་མཚན་ཉིད་མིན། ། མཐའ་རྣམས་དེ་དག་ལ་ཡང་ནི། ། མཐའ་ཡི་མཚན་ཉིད་ཅི་ཡང་མེད། ། མཐའ་མིན་ལ་ནི་མཐའ་སྒོར་བཤད། ། ཐེག་པ་འདི་ནི་ཡང་དག་འདས། ། དེ་ཡི་ཚད་ལས་འདས་པས་ན། །
BOམཚུངས་པར་ལྡན་པར་དམིགས་སུ་མེད། ། ངས་ནི་རྟག་དང་ཆད་པའི་མཐའ། ། མཐའ་རྣམས་དེ་དག་ཐམས་ཅད་ནི། ། མཐའ་མིན་པར་ཡང་རབ་ཏུ་བསྟན། ། མཐའ་ནི་ཐམས་ཅད་མཐའ་མེད་པས། ། མཐའ་ཡི་མཚན་ཉིད་ཡོད་མ་ཡིན། ། རང་བཞིན་ངོ་བོ་ ཐམས་ཅད་ནི། ། དེ་ན་རྟོག་པ་ཅི་ཡང་མེད། ། མཐའ་རྣམས་དེ་དག་ཐམས་ཅད་ལ། ། རྣམ་པར་རྟོག་པ་གང་སྤངས་པ། ། མཐའ་ཡོད་དང་ནི་མཐའ་མེད་རྣམས། ། ཐམས་ཅད་རབ་ཏུ་སྤོང་བར་འགྱུར། ། གང་ཞིག་འཇིག་རྟེན་ལྟ་ལྡན་པ། ། དེས་ནི་མཐའ་སྒོ་རབ་སྟོན་ཅིང་། ། མཐའ་རྣམས་ལ་ ནི་རབ་ཞེན་པས། ། སྐྱབས་མེད་པར་ནི་གྱུར་པ་ཡིན། ། གང་ཞིག་འཇིག་ཚོགས་ལྟ་མིན་ལྡན། ། མཐའ་སྒོ་རྣམས་ལ་མ་ཆགས་པ། ། མཐའ་རྣམས་ཐམས་ཅད་མི་འཛིན་པས། ། སྣང་བ་དག་ནི་བྱེད་པར་འགྱུར། ། ཐམས་ཅད་མཐའ་ནི་མཐའ་མིན་པས། ། མཐའ་རྣམས་ཡང་དག་ཡོད་ མ་ཡིན། ། མཐའ་ཡི་མཚན་ཉིད་ཐམས་ཅད་ནི། ། དེ་དག་ཡོད་པར་མི་འགྱུར་རོ། ། མཐའ་རྣམས་ཐམས་ཅད་མི་ལེན་ཅིང་། ། མཐའ་དག་ལས་ནི་གང་འདས་པ། ། མཐའ་སྒོ་དག་ལ་ཆགས་མེད་པས། ། འཇིག་ཚོགས་ལྟ་བཅས་སྤོང་བར་བྱེད། ། གང་ཞིག་འཇིག་ཚོགས་ལྟ་བ་དག ། མི་གཅོད་སྤོང་བར་མི་བྱེད་པ། ། གོ་ཆ་ཆེན་པོ་མ་བགོས་པས། །
BOཐེག་ཆེན་ལ་ནི་མོས་མི་འགྱུར། ། མཐའ་རྣམས་དག་ནི་ལེན་བྱེད་ཅིང་། ། མཐའ་ཡི་མཚན་ཉིད་སྔོན་གྱི་མཐའ། ། ཕྱི་མའི་མཐའ་ནི་གང་རྟོགས་པ། ། དེ་དག་ཐམས་ཅད་རྣམ་རྟོག་ཡིན། ། གང་ཞིག་འཇིག་ཚོགས་ལྟ་ བ་དག ། ཐམས་ཅད་རབ་ཏུ་གང་སྤངས་པ། ། གོ་ཆ་དཔག་མེད་བགོས་ནས་ནི། ། བླ་མེད་ཐེག་པ་ཞོན་པ་ཡིན། ། མཐའ་སྒོ་རྣམས་ལ་མ་ཆགས་པས། ། འཇིག་རྟེན་བློར་ནི་གྱུར་པས་ན། ། མཐའ་རྣམས་སྣ་ཚོགས་དག་ལ་ནི། ། ཐམས་ཅད་ཡང་དག་འདས་པར་འགྱུར། ། དེས་ན་ སངས་རྒྱས་ཆོས་རྣམས་ལ། ། བདེ་བར་ཡང་དག་ཞུགས་པ་ཡིན། ། བྱང་ཆུབ་སེམས་དཔའ་རབ་བརྟགས་ན། ། ཤེས་རབ་ཆེན་པོ་སྟོབས་དག་གིས། ། ཆོས་འགའ་ཡང་ནི་མི་དམིགས་པས། ། སྤང་ཞིང་བསལ་དུ་ཅི་ཡང་མེད། ། རྟག་ཏུ་ཐབས་ལ་མཁས་པ་ཡིས། ། ཞི་གནས་ ལྷག་མཐོང་ལེགས་བསྡུས་པ། ། མཚན་ཉིད་གཅིག་ཏུ་རྟོགས་པའི་ཕྱིར། ། མཚན་ཉིད་རྣམས་ནི་རབ་ཏུ་རྟོགས། ། ཡང་དག་ཆོས་ལ་རབ་གནས་ཤིང་། ། ཆོས་ཀྱི་སྣང་ཆེན་ཐོབ་པས་ན། ། ཆོས་ཀྱི་སྣང་བ་དེ་ཡིས་ནི། ། མཐའ་རྣམས་དེ་དག་ཁོང་དུ་ཆུད། ། མཐའ་ནི་ཅུང་ཟད་ཙམ་ དག་དང་། ། མཐའ་དང་མཐའ་མིན་དེ་དག་ནི། ། མཚུངས་པར་ལྡན་པར་མི་མཐོང་བས། ། ཐམས་ཅད་ལ་ནི་ཆགས་པ་མེད། །
BOསེམས་ཅན་སྡུག་བསྔལ་མཐོང་འགྱུར་ན། ། སྤྲོ་བསྐྱེད་ཚིག་ནི་འདི་སྐད་དུ། ། ཁྱེད་འདིར་ཤོག་ལ་ཐེག་འདི་ལ། ། ངེས་པར་འབྱུང་བར་གྱིས་ཤེས་ སྨྲོས། ། སྐྱེ་བ་ལེན་པ་ཐམས་ཅད་དུ། ། ཆོས་ཀྱི་སྣང་བ་བྱེད་པར་འགྱུར། ། གོ་བགོས་ཐེག་ཆེན་ཞོན་ནས་ནི། ། འདི་ཉིད་རབ་ཏུ་བསྟན་པར་བྱ། ། ཐེག་པ་འདི་དང་གོ་ཆ་འདི། ། དེ་དག་ལ་ནི་ཕངས་མི་བྱ། ། སེམས་ཅན་རྣམས་ནི་ཐམས་ཅད་ཀྱིས། ། གོ་བགོས་ཐེག་པ་ ཆེན་པོ་དང་། ། རབ་བདེ་ཐེག་པ་འདི་ཞོན་ནས། ། བླ་མེད་བགྲོད་ལ་དགོད་པར་བྱ། ། བྱང་ཆུབ་སེམས་དཔའ་དེ་དག་ནི། ། རྣལ་འབྱོར་འདི་ལ་གནས་གྱུར་ནས། ། སངས་རྒྱས་ཀྱི་ནི་ཆོས་དག་ལ། ། མྱུར་བ་ཁོ་ནར་གཞོལ་བར་འགྱུར། ། སངས་རྒྱས་ཞིང་ནི་རྣམ་དག་དང་། ། ཉན་ཐོས་བྱང་ཆུབ་སེམས་དཔའ་ཡི། ། ཡོན་ཏན་བཀོད་པ་གང་ཡིན་པ། ། དངོས་པོ་དེ་དག་འཛིན་པར་འགྱུར། ། ། ། བམ་པོ་གསུམ་པ། གཞན་ཡང་བློ་གྲོས་མཐའ་ཡས་ངས་མངོན་པར་དྲན་ཏེ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གོ་ཆ་འདི་ལྟ་བུ་ བགོས་ཤིང་ཐེག་པ་ཆེན་པོ་འདི་ལྟ་བུ་ལ་ཞོན་པས་ན་མཐའ་རྣམས་ལས་ཡང་དག་པར་འདས་ཤིང་མུན་པ་རྣམས་རབ་ཏུ་བསལ་བ་དང་།
BOའཇིགས་པ་རྣམས་རབ་ཏུ་བསྐྱབས་ཤིང་བརྩོན་འགྲུས་ཆེན་པོས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དག་ལས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་གོ་ཆའི་བཀོད་པ་དང་། ཐེག་པ་ཆེན་པོའི་བཀོད་པ་འདི་ཐོས་པས་རབ་ཏུ་དགའ་བར་གྱུར་ཏེ། ཆོས་འདི་སྒོམ་པ་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་གུས་པས་རིམ་གྲོ་དང་། བཀུར་སྟི་བྱེད་ཀྱང་འདི་སྙམ་དུ་བདག་ནི་གོ་ཆ་འདི་ལྟ་བུ་བགོས་པའོ། ། བདག་ནི་གོ་ཆ་ འདི་ལྟ་བུ་དང་ལྡན་པའོ། ། བདག་ནི་ཆོས་འདི་ལྟ་བུ་ཐོབ་པ་ཡིན་ནོ། ། བདག་ནི་ཆོས་འདི་ལྟ་བུ་དང་ལྡན་པ་ཡིན་ནོ། ། བདག་ནི་ཆོས་ཀྱི་རྣམ་པ་འདི་ལྟ་བུ་དང་ལྡན་པ་ཡིན་ནོ་སྙམ་པའི་བསམ་པ་མ་བྱུང་ངོ་། ། ང་ལ་དེའི་ཚེ་བདག་ཏུ་འདུ་ཤེས་པ་མེད་པས་འཇིག་ཚོགས་ལ་ལྟ་བ་སྤངས་ཤིང་། བདག་ཏུ་ང་རྒྱལ་བ་ཡང་སྤངས་སོ། ། སེམས་ལ་མཐོ་དམན་མེད་ཅིང་རྣམ་པར་རྟོག་པ་ཡང་མེད་པར་གྱུར་ཏོ། ། སེམས་ཅན་ཐམས་ཅད་བསྡུ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྡེ་སྣོད་རབ་ཏུ་བསྲུང་བ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་རྣམས་ཡོངས་སུ་ སྨིན་པར་བྱ་བའི་ཕྱིར་སྐད་ཅིག་ཙམ་དུ་ཡང་སེམས་ཡོངས་སུ་སྐྱོ་ཞིང་ངལ་བར་མ་གྱུར་ཏོ།
BO། ང་དེའི་ཚེ་གོ་ཆ་མ་སྤངས་ཤིང་ཐེག་པ་དཔག་ཏུ་མེད་པ་ལ་ཞོན་པར་གྱུར་པས་ཚེ་རབས་ཐམས་ཅད་དུ་བདུད་ཀྱི་དཔུང་དང་། བདུད་ཀྱི་འཁོར་དང་། བདུད་ཀྱི་དམག་རྣམས་བཅོམ་ཞིང་ཕམ་པར་བྱས་ སོ། ། ལམ་ཐ་དད་པར་གྱུར་བ་ཙ་ར་ཀ་དང་། འཇིག་རྟེན་རྒྱང་ཕན་པ་དང་། པ་རི་པ་ར་ཙ་ཀ་རྣམ་པར་གཡེང་བར་གྱུར་པ་ཐམས་ཅད་དང་། གཞན་ཡང་མུ་སྟེགས་ཅན་འདི་དང་འདྲ་བ་རྣམས་ངས་རབ་ཏུ་བཏུལ་ཏེ་བདེ་བ་ལ་བཀོད་དོ། ། ཐ་དད་པར་སྨྲ་བ་ཐམས་ཅད་ཚར་བཅད་དོ། ། མུ་ སྟེགས་ཅན་ཐམས་ཅད་རབ་ཏུ་བཏུལ་ཏོ། ། ལོག་པར་སོང་བའི་སེམས་ཅན་རྣམས་ཐེག་པ་འདིའི་དབང་གིས་དགེ་བའི་སྡོམ་པ་སྣ་ཚོགས་ལ་གནས་པར་བྱས་སོ། ། སེམས་ཅན་རྣམས་ལ་གོ་ཆ་དང་གོ་ཆའི་བཀོད་པ་རྣམ་པར་ཕྱེ་སྟེ་བསྟན་ཏོ། ། སེམས་ཅན་རྣམས་ལ་རབ་ཏུ་བདེ་བ་ཐེག་པ་ ཆེན་པོའི་ཆོས་ཀྱི་རྣམ་པ་དེ་ལྟ་བུ་དག་བསྟན་པས། གང་ཐེག་པ་འདི་ལ་གནས་པར་གྱུར་པ་དེ་དག་བདེ་བའི་ཡོ་བྱད་ཐམས་ཅད་ཐོབ་པར་བྱས་ཏེ། འདི་ལྟ་སྟེ། འདུས་བྱས་ཀྱི་བདེ་བའི་ཡོ་བྱད་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བའི་ཡོ་བྱད་དང་། བརྒྱ་བྱིན་དང་། ཚངས་པའི་རྒྱལ་ པོའི་བདེ་བའི་ཡོ་བྱད་དང་།
BOའདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་ཐོབ་པར་བྱས་པ་གང་ཡིན་པའོ། ། སེམས་ཅན་རྣམས་ལ་ཆོས་འདི་བསྟན་པར་གྱུར་བ་ན་དེ་དག་ཆོས་འདི་ལ་ཡང་དག་པར་ཞུགས་པས། འཕགས་པའི་རིགས་སུ་སྐྱེས་པས། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་ཞིང་སེང་ གེའི་སྒྲ་བསྒྲགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གཞོལ་བར་གྱུར་ཏོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་དེ་ལྟ་བུ་བགོས་ནས་ཚུལ་བཞིན་དུ་སོ་སོར་བརྟགས་ཤིང་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དེ་ དག་ནི་ཆོས་གང་གིས་རབ་ཏུ་གཞོལ་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མ་ལུས་པར་ཤེས་ཤིང་མཐོང་བར་གྱུར་ཀྱང་རྣམ་པར་རྟོག་པར་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ལམ་ཡང་དག་པ་ལ་གནས་པས་ཚུལ་བཞིན་དུ་ཤེས་པར་ གྱུར་པའི་ཕྱིར་དང་། ཡང་དག་པའི་ལམ་ལ་རབ་ཏུ་ཞུགས་པས་ཚུལ་བཞིན་དུ་མཐོང་བའི་ཕྱིར་རོ། ། ཚུལ་བཞིན་དུ་རྣམ་པར་དག་པར་གྱུར་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཡང་མ་ཡིན་རྣམ་པར་མི་རྟོག་པ་ཡང་མ་ཡིན་པས་རྣམ་པར་རྟོག་པ་དང་།
BOརྣམ་པར་མི་རྟོག་ པ་དག་མཉམ་པ་ཉིད་དུ་ཤེས་ཤིང་མཐོང་བར་འགྱུར་རོ། ། གང་གིས་ཆོས་རྣམས་བཙལ་ཞིང་གཉེར་དུ་ཡོད་པར་མཐོང་བ་དེ་དག་ནི་མཉམ་པ་ཉིད་མ་ཡིན་པས་ཚུལ་བཞིན་དུ་རྣམ་པར་དག་པའི་ཤེས་པ་དང་། མཐོང་བ་ལ་གནས་པར་མི་འགྱུར་རོ། ། རྣམ་པར་རྟོག་པ་དང་། རྣམ་པར་ མི་རྟོག་པ་མེད་པ་གང་ཡིན་པ་དེ་དག་ནི་རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་པ་དེ་དག་ལ་མངོན་པར་ཞེན་ཅིང་འཛིན་པར་མི་བྱེད་ལ། མངོན་པར་ཞེན་ཅིང་འཛིན་པ་མེད་པས་རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་པ་ཡང་ཡོངས་སུ་སྤོང་བར་བྱེད་དོ། ། ལམ་འདི་ལ་ནི་སྙིང་བརྩེ་བ་ ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད། སྒྲོ་འདོགས་པ་ཡང་མེད། བླང་ཞིང་དོར་བ་ཡང་མེད་དོ། ། མཉམ་པ་ཉིད་ཀྱི་ལམ་ཡང་དག་པ་ལ་གནས་པ་ནི་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་ལ་རྣམ་པར་རྟོག་པར་མི་བྱེད་པས་རྣམ་པར་རྟོག་པ་ཐམས་ཅད་དང་། བག་ལ་ཉལ་ཇི་སྙེད་པ་དག་ མ་ལུས་པར་ཁོང་དུ་ཆུད་ཅིང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཕྱིན་ཅི་མ་ལོག་པའི་དོན་ལ་རབ་ཏུ་གནས་པར་བྱེད་པས་ལམ་ཡང་དག་པ་ལ་གནས་པ་ཞེས་བྱའོ། ། བློ་གྲོས་མཐའ་ཡས་ལམ་དང་། རྣམ་པར་དག་པའི་ལམ་གང་ཞེ་ན།
BOའཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་ སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། ། ཡང་དག་པའི་ལྟ་བས་ནི་འཇིག་ཚོགས་ལ་ལྟ་བ་སྤོང་ ཞིང་ལྟ་བར་གྱུར་པའི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱེད་པས་ལྟ་བ་ཐམས་ཅད་གནས་དང་། དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཡང་འཐོབ་པར་འགྱུར་ལ། རྣམ་པར་རྟོག་པ་དང་ཁྱད་པར་དུ་རྣམ་པར་རྟོག་པ་དང་། ཀུན་ཏུ་རྣམ་པར་རྟོག་པ་ཐམས་ཅད་རབ་ཏུ་ རྟོགས་པས་རྣམ་པར་རྟོག་པ་དང་། ཁྱད་པར་དུ་རྣམ་པར་རྟོག་པ་དང་། ཀུན་ཏུ་རྣམ་པར་རྟོག་པ་ཡང་མེད་པར་འགྱུར་རོ། ། ལོག་པར་རྟོག་པ་ལ་མི་གནས་ཤིང་ལོག་པར་རྟོག་པ་རབ་ཏུ་སྤངས་པས་ཡང་དག་པའི་འཚོ་བ་དང་། ཡང་དག་པའི་འཚོ་བའི་འདུ་ཤེས་ཀྱང་འཐོབ་པར་འགྱུར་རོ། ། འཚོ་བ་ རྣམ་པར་དག་པ་མཐོང་ཞིང་འཚོ་བ་རྣམ་པར་དག་པ་ལ་གནས་པས་ལུས་ཀྱི་ལས་རྣམ་པར་དག་པ་དང་། ངག་གི་ལས་རྣམ་པར་དག་པ་དང་། ཡིད་ཀྱི་ལས་རྣམ་པར་དག་པ་མཐོང་ཞིང་ཡང་དག་པའི་ལས་ཀྱི་མཐའ་ལ་གནས་པར་འགྱུར་རོ། །
BOཡང་དག་པའི་ལྟ་བའི་ངག་གི་ལས་ཀྱིས་ནི་ཚིག་དང་། སྨྲ་བ་མང་པོ་དག་རབ་ཏུ་ཤེས་ཤིང་མཐོང་བས་ཡང་དག་པའི་ངག་ལ་གནས་ནས་མི་འཐུན་པའི་ཕྱོགས་ཡོངས་སུ་དག་པར་བྱེད་དོ། ། ཡང་དག་པའི་རྩོལ་བའི་ལྟ་བས་ནི་བརྩོན་འགྲུས་རབ་ཏུ་སྡུད་ཅིང་། ཡང་དག་པའི་བརྩོན་འགྲུས་ལ་གནས་པར་བྱེད་དོ། ། ཡང་དག་པའི་ལྟ་བའི་དྲན་པས་ནི་ རྗེས་སུ་དྲན་པ་ཡང་མེད། ཡིད་ལ་བྱེད་པ་ཡང་མེད། འཛིན་པ་ཡང་མེད་པར་རྣམ་པར་དག་པའི་དྲན་པས་ཡང་དག་པའི་དྲན་པ་ལ་གནས་པར་བྱེད་དོ། ། ཡང་དག་པའི་ལྟ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ལ་གནས་པ་མེད་པར་ཏིང་ངེ་འཛིན་དུ་ལྟ་བ་རབ་ཏུ་སྦྱངས་ནས་ཡང་དག་པའི་ཏིང་ངེ་ འཛིན་ལ་རབ་ཏུ་གནས་པར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་མཐོང་བའི་ཚེ་ཐམས་ཅད་དུ་རྣམ་པར་དག་པའི་ཡང་དག་པའི་ལྟ་བ་ཐོབ་པས་ཤིན་ཏུ་རྣམ་པར་དག་པའི་ལམ་ལ་གནས་པར་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་ལམ་ འདི་ནི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྒོམ་པར་བྱ་བ། བློ་དང་ལྡན་པ་རྣམས་ཀྱིས་བཀུར་བར་བྱ་བ། འཕགས་པ་རྣམས་དགའ་བར་བྱེད་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པ་ཡིན་པས། བདུད་དང་།
BOབདུད་ཀྱི་འཁོར་དང་། བདུད་ཀྱི་མངག་པ་དང་། བདུད་ཀྱི་ རིས་ཀྱི་ལྷ་ཐམས་ཅད་ཀྱི་བགྲོད་པར་བྱ་བའི་གནས་མ་ཡིན་ནོ། ། ཕྱི་རོལ་པའི་ལམ་ལ་སྲེད་ཅིང་མངོན་པར་ཞེན་པ་ཐམས་ཅད་དང་། རྩོད་པའི་སྨྲ་བ་ལ་གནས་པ་དང་། ལྟ་བའི་ཐིབས་པོར་ཞུགས་པ་དང་། ལམ་མ་ཡིན་པར་སོང་བ་དང་། འཇིག་རྟེན་རྒྱང་པན་པ་ལ་སོགས་པས་བགྲོད་ པར་བྱ་བའི་སྤྱོད་ཡུལ་ཡང་མ་ཡིན་ནོ། ། མྱ་ངན་ལས་འདས་པ་ལ་སྲེད་པ་ཐམས་ཅད་ཀྱིས་བགྲོད་པར་བྱ་བའི་སྤྱོད་ཡུལ་ཡང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདུས་མ་བྱས་ལ་གནས་པ་གང་ཡིན་པ་དེ་དག་ནི་མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་དང་བཅས་པས་ན། མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་གང་ཡིན་པ་དེ་ཉིད་འདུ་བྱེད་རྣམས་སུ་རྣམ་པར་རྟོག་པ་ཡིན་པས་སོ། ། དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པའི་དབྱིངས་སུ་རྣམ་པར་རྟོག་པའི་གཡོ་བ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པས་འདུས་མ་བྱས་ཀྱང་ཡོད་པ་མ་ཡིན་ན། འདུས་བྱས་ཡོད་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལམ་འདི་ནི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པས་ཐ་ན་འདུས་མ་བྱས་སུ་རྟོག་པ་ཅུང་ཟད་ཙམ་ཡང་མེད་ན། འདུས་བྱས་སུ་རྟོག་པ་ཐམས་ཅད་ལྟ་ཡོད་པར་ག་ལ་འགྱུར།
BOགང་གིས་ཇི་ཙམ་དུ་འཕགས་པའི་ལམ་ ལ་རྣམ་པར་རྟོག་པ་དང་བཅས་པ་དེ་དག་ནི་འཕགས་པའི་ལམ་ལ་གནས་པ་ཞེས་མི་བྱའོ། ། གང་གིས་རྣམ་པར་རྟོག་པའི་གཡོ་བ་ཐམས་ཅད་སྤངས་པ་གང་ཡིན་པ་དེ་ནི་འཕགས་པའི་ལམ་ལ་གནས་པ་དང་། འཇིགས་པ་མེད་པའི་ལམ་ལ་གནས་པ་དང་། རབ་ཏུ་ཞི་བའི་ལམ་ལ་ གནས་པ་དང་། རབ་ཏུ་བདེ་བའི་ལམ་ལ་གནས་པ་ཞེས་བྱའོ། ། ལམ་འདིས་ནི་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྡུག་བསྔལ་མེད་པའི་གནས་སུ་ཕྱིན་པར་བྱེད་དོ། ། ལམ་འདིས་ནི་ངོ་བོ་ཉིད་མེད་པར་ཕྱིན་པར་བྱེད་ཅིང་ངོ་བོ་ཉིད་ཀྱི་གནས་ལས་ཡང་དག་པར་འདའ་བར་ བྱེད་དོ། ། ལམ་འདིས་ནི་ངོ་བོ་ཉིད་དང་། ངོ་བོ་ཉིད་མ་ཡིན་པ་ཐམས་ཅད་སྤངས་བའི་གནས་སུ་ཕྱིན་པར་བྱེད་དོ། ། ལམ་འདིས་ནི་མཚན་ཉིད་བསྟན་དུ་མེད་པ་དང་། གཟུགས་ཅན་གྱི་མཚན་ཉིད་མ་ཡིན་པའི་གནས་སུ་ཕྱིན་པར་བྱེད་དོ། ། ལམ་འདིས་ནི་ནམ་མཁའ་བཞིན་དུ་ཐམས་ཅད་དུ་ ཁྱབ་པས་བླ་ན་མེད་པའི་གཞལ་མེད་ཁང་ཆེན་པོར་ཕྱིན་པར་བྱེད་དེ། དེ་ལྟར་སོང་བ་གང་ཡིན་པ་དེ་དག་ནི་ཕྱིར་ལྡོག་པར་མི་འགྱུར་བས་བདེ་བ་རྣམ་པ་སྣ་ཚོགས་རབ་ཏུ་འཐོབ་པར་འགྱུར་རོ། །
BOགཞལ་མེད་ཁང་ཆེན་པོ་དེ་ཡང་བསྟན་དུ་མེད་ཅིང་དངོས་པོའི་མཚན་མ་ཅི་ཡང་མེད་པས་འདུས་ བྱས་ཅུང་ཟད་ཙམ་ཡང་མེད་ལ། འདུས་མ་བྱས་ཅུང་ཟད་ཙམ་ཡང་མེད་དེ། འདུས་བྱས་བཀག་ཅིང་འདུས་མ་བྱས་སྤངས་པ་ཡིན་པས་སེམས་ཅན་རྣམས་ལ་འདུས་བྱས་ཀྱི་བདེ་བ་འམ་འདུས་མ་བྱས་ཀྱི་བདེ་བ་གང་ཡང་སྦྱིན་པར་མི་བྱེད་དོ། ། བློ་གྲོས་མཐའ་ཡས་ཇི་ཙམ་དུ་འདུས་བྱས་ཀྱི་མྱ་ངན་ ལས་འདས་པ་ལ་མོས་པ་དེ་དག་ཀྱང་འདུས་བྱས་ཀྱི་བདེ་བ་ཡོངས་སུ་ཚོལ་བར་མི་བྱེད་ན་གཞལ་མེད་ཁང་ཆེན་པོར་ཞུགས་པ་ལྟ་སྨོས་ཀྱང་ཅི་དགོས། གཞལ་མེད་ཁང་ཆེན་པོ་དེ་ནི་མངོན་པར་འདུ་བྱ་བ་མེད་པ་དང་། རབ་ཏུ་བསིལ་ཞིང་དབེན་པར་གྱུར་བའི་ཕྱིར་མྱ་ངན་ལས་འདས་པ་ཞེས་ བྱའོ། ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འགོག་པ་དང་། བག་ལ་ཉལ་རྣམས་སྤངས་པ་དང་། སྲིད་པའི་ལྟ་བའི་དྲ་བ་དྲལ་བ་དང་། མ་རིག་པའི་ཆུ་བོ་བསྐམས་པ་དང་། ཟུག་རྔུ་གདུག་པ་རྩ་བ་ནས་བཏོན་པ་དང་། མི་དགེ་བའི་ཆོས་རྣམས་ཟད་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་ བྱའོ། ། ང་རྒྱལ་གྱི་ནད་དང་། སྡུག་བསྔལ་མང་པོས་ཉོན་མོངས་པ་ཐམས་ཅད་ཐག་བསྲིངས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། ། སེམས་དང་། ཡིད་དང་།
BOརྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། ། རྩོད་པའི་སྨྲ་བ་རྣམས་དང་། མཚམས་སྦྱོར་ བ་ཐམས་ཅད་ནས་ཆོས་ཀྱི་འདུ་ཤེས་ཀྱི་བར་དུ་ཉེ་བར་ཞི་བར་གྱུར་བའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། ། ཡིད་ཀྱི་མོས་པ་རྣམས་དང་། ཡིད་ཀྱི་མོས་པས་ཡོངས་སུ་ཚོལ་བ་གཅོད་ཅིང་། རྣམ་པར་བརྟག་པ་དང་། རྣམ་པར་བརྟག་པར་བྱ་བའི་མཚན་མ་མེད་པའི་ཕྱིར་མྱ་ངན་ལས་ འདས་པ་ཞེས་བྱའོ། ། བློ་གྲོས་མཐའ་ཡས་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ངོ་བོ་ཉིད་ཡིན་ཏེ། མྱ་ངན་ལས་འདས་པ་ལ་མཐའ་མེད་པས་བརྗོད་ཀྱིས་མི་ལང་ངོ་། ། གལ་ཏེ་བགྲོད་པར་བྱ་བ་དང་བཅས་པར་གྱུར་ན་དེ་ནི་ལམ་མ་ཡིན་ཏེ། ལམ་ལ་ཡང་ཚིག་མེད་པས་ བརྗོད་པར་མི་ནུས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལམ་འདིས་མྱ་ངན་ལས་འདས་པའི་གཞལ་མེད་ཁང་ཆེན་པོར་བགྲོད་པར་གྱུར་པ་ན་སེམས་ཅན་བརྒྱ་སྟོང་ཚད་མེད་པ་རྣམས་ཀྱང་ལམ་འདི་ལ་འགོད་པར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ལམ་འདི་ལ་གཞོལ་བར་གྱུར་པའི་ཚེ་ཡོངས་སུ་ངལ་བ་དང་། གདུང་བ་མེད་པར་ཇི་ལྟ་ཇི་ལྟར་ཡོངས་སུ་ཚོལ་བ་དང་།
BOཇི་ལྟ་ཇི་ལྟར་རབ་ཏུ་བཀོད་པ་དང་། འདུན་པ་དེ་ལྟ་དེ་ལྟར་རབ་ཏུ་བཀོད་ནས་བཀོད་པ་རེ་རེས་ཀྱང་སེམས་ཅན་ཡོངས་སུ་ བསྡུས་ནས་ཆོས་སྟོན་པར་བྱེད་པས་སེམས་ཅན་རྣམས་རབ་ཏུ་དགའ་བར་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ལམ་འདི་ནི་མཚུངས་པ་མེད་པས་མི་འཐུན་པའི་ཕྱོགས་ཡོངས་སུ་དག་པར་བྱེད་པ་དང་། བྱ་བ་རྣམས་མཐར་ཕྱིན་པར་བྱེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ ཐོས་དང་། རང་སངས་རྒྱས་དག་ཀྱང་ལམ་འདི་ལ་གཞོལ་ཞིང་འགལ་བར་མི་མཛད་པ་དང་། ས་དེ་དག་ཏུ་མ་བྱོན་ཅིང་སྨོན་པ་རྣམས་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་ནམས་ཀྱང་སྤོང་བར་མི་མཛད་པས་སོ། ། དེ་ལས་གང་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདས་པའི་ས་དང་། གཞལ་མེད་ཁང་ཆེན་པོའི་ས་གང་ཡིན་པའོ། ། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་དཔེར་བྱར་མེད་ཀྱང་ནམ་མཁའ་མ་གཏོགས་པར་དཔེ་གཞན་གྱིས་ནམ་མཁའ་མཚོན་པར་མི་ནུས་པས་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་ནམ་མཁའ་དབེན་པ་ལ་ནམ་མཁའ་ཞེས་བརྗོད་དོ། ། མྱ་ངན་ལས་ འདས་པའི་གཞལ་མེད་ཁང་ཡང་དེ་བཞིན་དུ་སྟོང་པ་ཉིད་ཀྱི་དབེན་པ་ཆེན་པོ་བདག་པོ་མེད་པ།
BOབདག་གི་བ་མེད་པ་ཡིན་པས་སེམས་ཅན་ཐམས་ཅད་དེར་ཞུགས་པར་གྱུར་ཀྱང་སྤུ་ཉག་མ་གཅིག་ཙམ་གྱི་ཚད་ཀྱང་ཡོངས་སུ་གཟུང་དུ་མེད་དེ། ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་སྟོང་པ་ཉིད་ རབ་ཏུ་དབེན་པ། རྒྱ་ཆེ་ཞིང་ཚད་མེད་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་ཀྱང་བྱའོ། ། གཞལ་མེད་ཁང་ཆེན་པོ་ཞེས་ཀྱང་བྱའོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལམ་ཁྱད་པར་དུ་འཕགས་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ ལས་ཡོད་པ་མ་ཡིན་ནོ་སྙམ་ནས་ལམ་འདི་ལ་གནས་པ་གང་ཡིན་པ་དེ་དག་ནི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་པར་སྒྲུབ་ཅིང་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་པས་སེམས་ཅན་རྣམས་ལ་ཕན་འདོགས་པ་ཆེན་པོ་བྱེད་པར་འགྱུར་རོ། ། སྤྱོད་པ་ཁྱད་པར་དུ་འཕགས་པས་བཀོད་པ་ བྱས་ནས་ལམ་འདིས་སེམས་བསྐྱེད་དེ་གཞོལ་བར་གྱུར་པས་ན་དེའི་བཀོད་པ་དེ་ལྟ་བུ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཡོད་པ་མ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ལམ་འདི་ལ་གནས་པའི་ཚེ་གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ བྱས་པར་གྱུར་པ་ན་ཡང་ཆགས་ཤིང་ལྟ་བ་མེད་པར་མཐུ་ཆེན་པོ་དང་ལྡན་ཞིང་རྫུ་འཕྲུལ་སྟོན་པར་བྱེད་པ་དང་།
BOའཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡང་རབ་ཏུ་རྟོགས་པར་འགྱུར་རོ། ། གལ་ཏེ་བརྒྱ་བྱིན་དང་། ཚངས་པའི་རྒྱལ་པོ་བྱས་པར་གྱུར་ན་ཡང་ཆགས་ཤིང་ཞེན་པ་ མེད་པས་ང་རྒྱལ་སྤངས་ནས་སངས་རྒྱས་རྣམས་ལ་བལྟ་བར་མོས་པ་དང་། ཡང་དག་པའི་ཆོས་ཉན་པར་དགའ་བ་དང་། ལྷ་བརྒྱ་སྟོང་ཚད་མེད་པ་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱེད་དོ། ། དེ་ནས་དེའི་ཚེ་བཅོམ་ལྡན་ འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། བྱང་ཆུབ་སེམས་དཔའི་ཁྱད་པར་ལམ། ། འཇིག་རྟེན་དག་ན་མཆོག་གྱུར་པས། ། འཕགས་པ་ཐེག་པ་པ་གཉིས་དག ། ཐམས་ཅད་ལམ་འདིར་འཇུག་པར་འགྱུར། ། བྱང་ཆུབ་སེམས་དཔའ་ཐམས་ཅད་གང་། ། བྱང་ཆུབ་ཆེན་པོར་ བགྲོད་པ་དང་། ། ལམ་གྱི་བཀོད་པ་ཐོབ་འདོད་པ། ། ལམ་འདིར་རབ་ཏུ་དབྱེ་བར་བྱ། ། གང་ཞིག་ལམ་འདི་དག་ལ་ནི། ། བགྲོད་དང་བགྲོད་པར་འགྱུར་བ་དག ། དེ་དག་ཡང་དག་ལྟ་བ་ཡིས། ། ལམ་འདི་ལ་ནི་གནས་པར་བྱ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་གང་། ། མཉམ་པའི་ལྟ་ ལ་གང་གནས་པ། ། ལམ་འདིར་རབ་ཏུ་ཞུགས་ནས་ནི། ། བདེ་བས་ངེས་པར་འབྱུང་བར་བྱ། ། ལམ་འདི་མཆོག་ཏུ་ཁྱད་པར་འཕགས། །
BOལམ་འདི་བླ་ན་མེད་པས་ན། ། ཡང་དག་ཇི་བཞིན་འདྲེན་བྱེད་ཀྱང་། ། གཟུང་བར་བྱ་བ་ཅི་ཡང་མེད། ། གང་ཞིག་ལམ་འདིར་གནས་པ་དང་། ། ལམ་འདིར་ ཡང་དག་ཞུགས་པ་ཡི། ། བློ་ལྡན་གང་ཟག་ཐམས་ཅད་ཀྱི། ། སེམས་ནི་གཡོ་བར་མི་འགྱུར་རོ། ། ལམ་འདི་ལ་ནི་ཅུང་ཟད་ཀྱང་། ། གཡོ་བ་ཡོད་པར་མི་སྟོན་པས། ། དེས་ནི་གཡོ་བ་ཡོད་མི་འགྱུར། ། གཡོ་བ་དག་ནི་རྟག་ཏུ་སྤོང་། ། ང་ཡིས་ལམ་འདི་དག་ལ་ནི། ། གཡོ་བ་མེད་ཅིང་བྱེད་པ་ མེད། ། སྒྲོ་འདོགས་མེད་པར་རབ་བསྟན་པས། ། ལམ་འདི་དེ་ཕྱིར་བླ་ན་མེད། ། བྱང་ཆུབ་དག་ནི་ཐམས་ཅད་ཀུན། ། ལམ་འདི་ལ་ནི་རབ་གནས་ཀྱང་། ། ལམ་འདི་ལ་ནི་སྲེད་མེད་ཅིང་། ། ཁོང་ཁྲོ་བ་ཡང་ཡོད་པ་མིན། ། ལམ་འདི་འདས་པ་མ་ཡིན་ཏེ། ། ལམ་འདི་མ་འོངས་ པ་ཡང་མིན། ། དེ་ཡིས་རྣམ་རྟོག་རབ་བསལ་ནས། ། དེ་བཞིན་དུ་ནི་བསྒོམ་པར་བྱ། ། ལམ་འདི་ལ་ནི་ཉོན་མོངས་མེད། ། ལམ་འདི་ལ་ནི་རྣམ་རྟོག་མེད། ། དོན་དག་དང་ནི་མི་འགལ་བར། ། དེ་བཞིན་དུ་ནི་གནས་པར་བྱ། ། ལམ་མཆོག་ལ་ནི་གང་གནས་པ། ། གནས་པ་མེད་པར་གནས་ པར་བྱ། ། ལམ་འདི་ལ་ནི་གང་གནས་པ། ། རྣམ་དག་རང་བཞིན་འཐོབ་པར་འགྱུར། ། ང་ཡིས་ཡན་ལག་བརྒྱད་པའི་ལམ། །
BOའཕགས་པའི་བགྲོད་པ་ཡིན་པར་བཤད། ། ལམ་འདི་ལ་ནི་གང་གནས་པ། ། བྱང་ཆུབ་ཐོབ་པ་དཀའ་མི་འགྱུར། ། བྱང་ཆུབ་སེམས་དཔའ་མགོན་མེད་པས། ། དེ་བཞིན་ལམ་འདིར་གནས་པར་བྱ། ། རྣམ་དག་ལམ་འདི་ཐོབ་གྱུར་ནས། ། རེ་རེ་ནས་ནི་བགྲོད་པར་བྱ། ། ལམ་རབ་མཆོག་ཏུ་གྱུར་པ་འདི། ། སྐྱེས་བུ་དམ་པ་སྒྲུབ་བྱེད་ཅིང་། ། དེ་བཞིན་གཤེགས་པས་བསྔགས་པས་ན། ། ཡེ་ཤེས་འདི་ནི་བླ་ན་མེད། ། བདུད་དང་བདུད་ཀྱི་དམག་རྣམས་ དང་། ། བདུད་ཀྱིས་ཡོངས་སུ་བཟུང་བ་དང་། ། མུ་སྟེགས་ཅན་ནི་གཞན་རྣམས་ཀྱིས། ། བགྲོད་པར་བྱ་བའི་ཡུལ་མ་ཡིན། ། མྱ་ངན་འདས་ལ་གང་རྟོག་པ། ། ལམ་མཆོག་འདི་ལ་གནས་མི་འགྱུར། ། བྱིས་པ་རྣམ་རྟོག་གཙེས་པས་ན། ། མྱ་ངན་འདས་ལ་ཕྱོགས་མི་འགྱུར། ། རྣམ་རྟོག་ ལས་ནི་གང་འདས་པ། ། འདུ་ཤེས་རྣམ་རྟོག་མེད་པས་ན། ། ལམ་ནི་ཆེན་པོ་འདི་དག་ལ། ། དེས་ན་རབ་ཏུ་ཞུགས་པར་འགྱུར། ། འཕགས་པ་རྣམས་ཀྱི་ལམ་མཆོག་འདི། ། བྱིས་པ་སྐྱེ་བོ་སྤོང་བར་བྱེད། ། ཆོས་འདི་ལ་ནི་གང་ཞུགས་པ། ། ལམ་འདི་བླ་ན་མེད་པ་ཡིན། ། ཁྱད་པར་འཕགས་ པའི་ལམ་མཆོག་འདི། ། བླ་མེད་གནས་སུ་ཕྱིན་པར་བྱེད། ། དེ་ནི་གནོད་དང་མྱ་ངན་མེད། །
BOའཇིགས་པ་མེད་ཅིང་བགེགས་ཀྱང་མེད། ། བླ་ན་མེད་པའི་ལམ་འདི་ནི། ། གཟུགས་མེད་ཁ་དོག་མཚན་ཉིད་མེད། ། གཟུགས་ཀྱི་མཚན་ཉིད་དག་གིས་ཀྱང་། ། བསྟན་པར་ཡང་ནི་མི་ནུས་སོ། ། ཤིན་ཏུ་བདེ་བའི་ལམ་འདི་ནི། ། ཡང་དག་ཡིན་པས་འཇིགས་པ་མེད། ། ལམ་འདི་ལ་ནི་གང་ཞུགས་པ། ། མཐར་ནི་མྱ་ངན་འདའ་བར་འགྱུར། ། མཆོག་ཏུ་རྣམ་དག་ལམ་འདི་ནི། ། ནམ་མཁའ་སྟོང་པ་འདྲ་བས་ན། ། ཐམས་ཅད་དུ་ནི་ཐོགས་པ་མེད། ། རྟག་ཏུ་མྱ་ངན་འདས་ལ་ གཞོལ། ། གལ་ཏེ་མྱ་ངན་འདས་ཕྱིན་ན། ། ཕྱིར་མི་ལྡོག་པར་མི་འགྱུར་བས། ། མྱ་ངན་འདས་པ་ཆེན་པོ་འདི། ། བླ་མེད་མཆོག་ཏུ་བདེ་བ་ཡིན། ། མྱ་ངན་འདས་ཆེན་གཞལ་མེད་ཁང་། ། སྟོང་དབེན་ཚད་ནི་གཞལ་དུ་མེད། ། དེ་ཕྱིར་མྱ་ངན་འདས་ཆེན་ཡིན། ། གཞལ་མེད་ཁང་ཆེན་ཞེས་ ཀྱང་བྱ། ། མྱ་ངན་འདས་པ་ཆེན་པོ་འདིར། ། དུག་གསུམ་ཉོན་མོངས་རབ་ཏུ་ཞི། ། གལ་ཏེ་དེར་ནི་ཕྱིན་གྱུར་ན། ། ལྡོག་པ་མེད་ཅིང་སྐྱེ་ལེན་མེད། ། མྱ་ངན་འདས་ཆེན་སྟོང་དབེན་འདི། ། དཔེར་ན་ནམ་མཁའ་ཇི་ལྟ་བཞིན། ། སྟོང་དབེན་རྒྱ་ནི་ཆེ་བའི་ཕྱིར། ། དེ་ན་ཐོགས་པ་ཅི་ཡང་མེད། ། མྱ་ ངན་འདས་ཆེན་གཞལ་མེད་ཁང་། ། སྡུག་བསྔལ་མྱ་ངན་གནས་སྤངས་ཤིང་། །
BOསྤྱོད་ཡུལ་གནས་ནི་དཔག་མེད་པས། ། མྱ་ངན་འདས་པ་ཞེས་བརྗོད་དོ། ། མྱ་ངན་འདས་ལ་གྲངས་མེད་པས། ། གྲངས་ཀྱི་ཚད་ནི་དམིགས་སུ་མེད། ། རབ་ཞི་བསིལ་བའི་རང་བཞིན་ལ། ། མྱ་ངན་འདས་ པ་ཞེས་བརྗོད་དོ། ། མྱ་ངན་འདས་ལ་བྱ་མེད་པས། ། ལམ་ཞུགས་པ་ཡང་བླ་ན་མེད། ། ཚད་མེད་རྣམ་རྟོག་མེད་པས་ན། ། རྣམ་པར་རྟོག་པ་དམིགས་སུ་མེད། ། ངས་ནི་བྱང་ཆུབ་སེམས་དཔའི་ཕྱིར། ། ལམ་འདི་རབ་ཏུ་བསྟན་པའི་ཕྱིར། ། ལམ་འདི་ལ་ནི་གང་གནས་པ། ། དེ་ནི་མྱ་ངན་འདས་ དང་ཉེ། ། ལམ་འདི་ལ་ནི་གང་གནས་པ། ། འཇིག་རྟེན་པ་ཡི་བདེ་བའི་མཆོག ། ཐམས་ཅད་རབ་ཏུ་འཐོབ་འགྱུར་བས། ། འཇིགས་པ་མེད་པ་ཞེས་བྱའོ། ། ལམ་འདི་ལ་ནི་རབ་གནས་ན། ། སེམས་ནི་ཉོན་མོངས་མེད་པར་འགྱུར། ། དེས་ན་ལམ་ནི་རྣམ་དག་པས། ། འཇིགས་པ་མེད་པ་ཞེས་ བྱའོ། ། མཉམ་ཉིད་ཡང་དག་ལམ་མཐོང་པས། ། ཐམས་ཅད་རྗེས་སུ་རྟོགས་པར་འགྱུར། ། འཚོ་བའི་ཡོ་བྱད་ཐམས་ཅད་ལ། ། ཐམས་ཅད་དུ་ནི་ཆགས་མི་འགྱུར། ། བྱང་ཆུབ་སེམས་དཔའི་གནས་མེད་པ། ། ཡང་དག་ཁྱད་པར་འཕགས་པའི་ལམ། ། སེམས་ཅན་རྣམས་ལ་ཕན་ འདོགས་པ། ། རབ་ཏུ་རྩོལ་བས་གཞོལ་བར་བྱ། ། བླ་མེད་ལམ་ནི་ཐོབ་གྱུར་ན། ། ལམ་མཆོག་བཀོད་པ་འདི་དག་གིས།
BO། འཇིག་རྟེན་རྣམས་ནི་མགུ་བྱེད་པས། ། ལམ་འདི་ལ་ནི་གཞོལ་བར་བྱ། ། ལམ་འདི་མཆོག་ཏུ་ཁྱད་པར་འཕགས། ། ཡིད་ནི་ཡོངས་སུ་དག་པར་ བྱེད། ། ཇི་ལྟར་མོས་བཞིན་ཚོལ་བ་དག ། ཐམས་ཅད་རབ་ཏུ་གཞོལ་བར་བྱ། ། གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ། ། དཔུང་ཆེན་ཐོབ་པར་གྱུར་ན་ཡང་། ། རྒྱལ་ཐབས་དག་ནི་རབ་སྤངས་ནས། ། རབ་བྱུང་ལམ་ནི་སློབ་པར་བྱེད། ། གལ་ཏེ་བརྒྱ་བྱིན་ཚངས་པ་ཡི། ། རྒྱལ་ཐབས་ཐོབ་ པར་གྱུར་ན་ཡང་། ། དེ་དག་ལ་ནི་ཆགས་མེད་པས། ། དེ་ནི་ལེགས་པར་རྗེས་འབྲང་ཡིན། ། འཇིག་རྟེན་བསླབ་པའི་གནས་རྣམས་ཀྱང་། ། ཐམས་ཅད་གསལ་བར་ཁོང་དུ་ཆུད། ། ལམ་འདི་ལ་ནི་གང་གནས་པ། ། བདེན་ཚིག་སྨྲ་བ་ཞེས་བྱའོ། ། གཞན་ཡང་བློ་གྲོས་མཐའ་ཡས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལམ་འདི་ལ་ཡང་དག་པར་གཞོལ་བར་གྱུར་པ་ན་ཡང་དག་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བསྡུ་བར་འདོད་པའི་ཕྱིར་ཆོས་གཅིག་མངོན་པར་སྒྲུབ་པར་བྱེད་དེ། འདི་ལྟ་སྟེ། མི་དགེ་བའི་ཆོས་རྣམས་མི་བྱེད་པ་གང་ཡིན་པའོ། ། གཞན་ཡང་ཡང་དག་ པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བསྡུ་བའི་ཕྱིར་ཆོས་རྣམ་པ་གཉིས་མངོན་པར་སྒྲུབ་པར་བྱེད་དེ།
BOནང་དུ་དགེ་བའི་ཆོས་གང་ཡིན་ཞེས་ཚུལ་བཞིན་དུ་སེམས་པ་དང་། ཕྱི་རོལ་དུ་དགེ་བའི་ཆོས་གང་ཡིན་ཞེས་ཚུལ་བཞིན་དུ་འདྲི་བར་བྱེད་པ་གང་ཡིན་པའོ། ། གཞན་ཡང་ཡང་དག་པའི་ལམ་ཡན་ ལག་བརྒྱད་པ་ཡོངས་སུ་བསྡུ་བའི་ཕྱིར་ཆོས་རྣམ་པ་གཉིས་མངོན་པར་སྒྲུབ་པར་བྱེད་དེ། དངོས་པོ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་རྟོགས་པར་ཁོང་དུ་ཆུད་པ་དང་། དངོས་པོ་མེད་པ་དང་། རྣམ་པར་རྟོགས་པ་མེད་པར་ཁོང་དུ་ཆུད་པ་གང་ཡིན་པའོ། ། གཞན་ཡང་ཡང་དག་པའི་ལམ་ཡན་ ལག་བརྒྱད་པ་ཡོངས་སུ་བསྡུ་བའི་ཕྱིར་ཆོས་རྣམ་པ་གཉིས་མངོན་པར་སྒྲུབ་པར་བྱེད་དེ། ནང་དུ་རྟོགས་པའི་རྗེས་སུ་འབྲང་བར་བྱེད་པ་དང་། ཕྱི་རོལ་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ། ། གཞན་ཡང་ཡང་དག་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བསྡུ་བའི་ཕྱིར་ཆོས་རྣམ་པ་གཉིས་ མངོན་པར་སྒྲུབ་པར་བྱེད་དེ། རྣམ་པར་རྟོག་པར་བྱ་བ་མེད་པར་བདག་ཉིད་མངོན་པར་ཡིད་ཆེས་པ་དང་། སེམས་ཅན་གང་ད་དུང་མངོན་པར་ཡིད་ཆེས་པར་མ་གྱུར་པ་དེ་དག་བདག་གིས་ལམ་འདི་ལ་དགོད་པར་བྱའོ་སྙམ་དུ་སེམས་པ་གང་ཡིན་པའོ། །
BOགཞན་ཡང་ཡང་དག་པའི་ལམ་ཡན་ལག་ བརྒྱད་པ་ཡོངས་སུ་བསྡུ་བའི་ཕྱིར་ཆོས་རྣམ་པ་གཉིས་མངོན་པར་སྒྲུབ་པར་བྱེད་དེ། ལས་སུ་བྱ་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བ་དང་། ལས་སུ་བྱ་བ་རྣམས་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ། ། གཞན་ཡང་ཡང་དག་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་ བསྡུ་བའི་ཕྱིར་ཆོས་རྣམ་པ་གསུམ་མངོན་པར་སྒྲུབ་པར་བྱེད་དེ། ཉེ་བར་ལེན་པའི་ཕུང་པོ་སྡུག་བསྔལ་དང་བཅས་པ་རྣམས་རེ་རེ་ནས་རྟོགས་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཉེ་བར་ལེན་པའི་ཕུང་པོ་སྡུག་བསྔལ་མེད་པ་རྣམས་ནན་ཏན་གྱིས་ཡོངས་སུ་ཚོལ་ཞིང་མོས་པར་བྱེད་པ་དང་། འདུས་ པའི་ཆོས་རྣམས་ཡོངས་སུ་སྤོང་བར་བརྩོན་པ་གང་ཡིན་པའོ། ། གཞན་ཡང་ཡང་དག་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བསྡུ་བའི་ཕྱིར་ཆོས་རྣམ་པ་གསུམ་མངོན་པར་སྒྲུབ་པར་བྱེད་དེ། ཆོས་མཆོག་ཏུ་གྱུར་པ་ཡང་དག་པར་སྟོན་པ་ན་ཚིག་འགལ་བ་མེད་པར་ཆོས་ཀྱི་དོན་རྗེས་སུ་འཐུན་པར་ སྟོན་ཅིང་སེམས་ལ་རྩོད་པ་མེད་པ་དང་། ཚིག་འབྲུ་དང་། ཡི་གེ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། ཆོས་ཐམས་ཅད་ཡོངས་སུ་སྡུད་པར་བྱེད་པ་གང་ཡིན་པའོ། །
BOགཞན་ཡང་ཡང་དག་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བསྡུ་བའི་ཕྱིར་ཆོས་རྣམ་པ་བཞི་མངོན་པར་སྒྲུབ་པར་ བྱེད་དེ། དོན་ལ་ཡང་དག་པར་སྦྱོར་བའི་དངོས་པོ་མངོན་པར་སྒྲུབ་པར་བྱེད་པ་དང་། དོན་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་ཡང་དག་པར་སྦྱོར་བའི་དངོས་པོ་མངོན་པར་སྒྲུབ་པར་བྱེད་པ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་སོ་སོར་རྟོག་པ་ལ་ཡང་དག་པར་སྦྱོར་བའི་དངོས་པོ་མངོན་ པར་སྒྲུབ་པར་བྱེད་པ་དང་། ཐམས་ཅད་ལ་མངོན་པར་ཞོན་པ་མི་སྐྱེད་པར་ཡང་དག་པར་སྦྱོར་བའི་དངོས་པོ་མངོན་པར་སྒྲུབ་པར་བྱེད་པ་གང་ཡིན་པའོ། ། གཞན་ཡང་ཡང་དག་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བསྡུ་བའི་ཕྱིར་ཆོས་རྣམ་པ་བཞི་མངོན་པར་སྒྲུབ་པར་བྱེད་དེ། ཤིན་ཏུ་བརྟན་ པའི་ཡི་དམ་གྱིས་བདག་ཉིད་སྲུང་ཞིང་ཇི་སྐད་བསྟན་པ་ཁོ་ན་བཞིན་དུ་སྒྲུབ་པར་བྱེད་པ་དང་། དབང་པོ་དྲུག་ལ་མཁས་ཤིང་ལམ་ལ་གཞོལ་བར་བྱེད་པ་དང་། བསམ་པ་རྣམ་པར་དག་པར་བྱེད་པ་དང་། བག་ཡོད་པ་ལ་གནས་པར་བྱེད་པ་གང་ཡིན་པའོ། ། བློ་གྲོས་ མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཀྱི་སྤྱོད་པ་འདིས་ལམ་ཡོངས་སུ་སྡུད་པར་བྱེད་པའི་ཕྱིར་ལམ་གྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ།
BOཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་དུ་བལྟ་བའི་ཕྱིར་དང་། མིང་མེད་པའི་ཕྱིར་དང་། མཚན་མ་མེད་པའི་ཕྱིར་དང་། སྨོན་པ་མེད་པའི་ཕྱིར་དང་། སྐྱེ་བ་མེད་པའི་ཕྱིར་དང་། མངོན་པར་འདུ་བྱ་བ་མེད་པའི་ཕྱིར་དང་། ཡོངས་སུ་སྐྱོ་བར་གྱུར་པའི་ཕྱིར་དང་། སྤངས་པར་གྱུར་པའི་ཕྱིར་དང་། འགགས་པའི་ཕྱིར་དང་། ངེས་པར་འབྱུང་བའི་ཕྱིར་ཆོས་ཀྱི་སྣང་བ་ཐོབ་པ་ཡིན་ནོ། ། སྐྱེ་བ་རྣམས་ཟད་པར་སོ་སོར་རྟོག་ པ་ན་ཡང་སྐྱེ་བ་མེད་པ་ལ་ཡང་སྐྱེ་བའི་འདུ་ཤེས་སྐྱེད་པར་མི་བྱེད་པས་དེའི་ཚེ་སྐྱེ་བ་ལས་ཡང་དག་པར་འདས་ནས་ཆོས་མ་ཡིན་པ་ལས་ངེས་པར་འབྱུང་བ་དང་། རྣམ་པར་དག་པའི་ལམ་ཐོབ་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། ། ལམ་རྣམ་པར་དག་པར་གྱུར་པའི་ཕྱིར་འདུ་ ཤེས་ཐམས་ཅད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་པ་ལ་མི་གནས་པ་དང་། ལམ་གྱི་འདུ་ཤེས་བཀག་ནས་ཆོས་ཀྱི་འདུ་ཤེས་སྤོང་བ་དང་། མ་རིག་པའི་དྲ་བ་ལས་ངེས་པར་འབྱུང་ཞིང་རིག་པས་བསྒོམས་པས་འཐོབ་པར་བྱ་བའི་ཆོས་རྣམས་ཀྱང་རབ་ཏུ་འཐོབ་པར་འགྱུར་རོ། ། རིག་ པས་བསྒོམས་པས་ཆོས་གང་ཞིག་འཐོབ་པར་འགྱུར་ཞེ་ན། འདི་ལྟ་སྟེ། རིག་པས་བསྒོམས་པས་འདུ་ཤེས་དང་།
BOཚོར་བ་འགོག་པ་འཐོབ་པ་དང་། ཆོས་ཐམས་ཅད་ལ་ངེས་པར་མཁས་པ་འཐོབ་པ་དང་། གསང་སྟེ་གསུངས་པ་རྟོགས་པས་ཆོས་ཉིད་ཀྱི་རྗེས་སུ་འབྲང་བར་འགྱུར་བ་འཐོབ་པར་འགྱུར་རོ། ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལམ་འདིར་ཞུགས་པར་གྱུར་པའི་ཚེ་ཡུལ་ལ་མི་གནས་ཤིང་མཚན་མས་བསྒྲིབས་པར་མི་འགྱུར་ཏེ། ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་དང་། སྐྱེ་བ་ནམ་མཁའ་དང་མཚུངས་པ་དང་། སྐྱེ་བའི་ངོ་བོ་ཉིད་ནམ་མཁའི་ངོ་བོ་ཉིད་དང་ མཚུངས་པར་ཤེས་པས་མཚན་མ་ཅུང་ཟད་ཙམ་གྱིས་ཀྱང་བར་ཆད་བྱེད་པར་མི་འགྱུར་རོ། ། ལམ་འདི་ཤིན་ཏུ་རྣམ་པར་དག་པས་གནོད་པས་འཇིགས་པ་ཡང་མེད་དོ། ། གོ་ཆ་ཆེན་པོ་བགོས་པས་འཛིན་པས་འཆིང་བར་ཡང་མི་འགྱུར་ལ། ཐེག་པ་ཆེན་པོ་ལ་ཞོན་པས་རྨོངས་པར་ཡང་མི་ འགྱུར་རོ། ། བསྒྲིབས་པ་རྣམས་སྤངས་པས་ནམ་མཁའ་ལྟ་བུར་གྱུར་ནས་འདིར་ཞུགས་ཏེ། སེམས་ཅན་རྣམས་ཀྱི་སྣང་བ་ཆེན་པོ་བྱེད་པར་འགྱུར་རོ། ། བློ་གྲོས་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་ ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །
BOདེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཡང་དག་ལམ་བརྒྱད་བསྡུ་བའི་ཕྱིར། ། ཆོས་སྤྱོད་རྣམས་ནི་སྟོན་པ་ཡི། ། ལམ་འདི་ལ་ནི་གང་གནས་པ། ། དེ་ནི་བརྩོན་འགྲུས་ཆེན་པོ་ཡིན། ། དགེ་བའི་ཆོས་ ཀྱིས་ལམ་བསྒྲུབས་ཤིང་། ། དུས་ནི་ཐམས་ཅད་དག་ཏུ་ཡང་། ། མི་དགེའི་ཆོས་ནི་མི་བྱེད་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་རྣལ་འབྱོར་པས། ། ནང་དུ་ཚུལ་བཞིན་ཡིད་བྱེད་ཅིང་། ། ཕྱི་རོལ་དུ་ནི་འདྲི་བྱེད་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་ སེམས་དཔའ་གང་རྟོག་པ། ། དངོས་པོ་ཇི་བཞིན་རབ་ཤེས་ཤིང་། ། ཚུལ་བཞིན་ཆོས་བཞིན་གང་གནས་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་སྐྱབས་བྱེད་པས། ། ནང་དུ་རྗེས་སུ་རྟོག་བྱེད་ཅིང་། ། ཕྱི་རོལ་དུ་ནི་ཞེན་བྱེད་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ ཆུབ་སེམས་དཔའ་འཇིགས་མེད་པས། ། བདག་ཉིད་རྟོག་མེད་ཡིད་ཆེས་ཤིང་། ། གཞན་དག་ཡིད་ཆེས་གནས་བྱེད་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་ཡིད་བྱེད་པས། ། བྱ་བའི་ལས་རྣམས་དག་བྱེད་ཅིང་། ། ལས་རྣམས་ལ་ནི་འཛིན་བྱེད་པ།
BO། སྤྱོད་པ་འདིས་ ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་འཆིང་མེད་པས། ། རྟག་ཏུ་སྡུག་བསྔལ་ཉེར་ལེན་ཤེས། ། ཉེར་ལེན་སྡུག་བསྔལ་མེད་ཚོལ་བ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་རབ་ཤེས་པས། ། འདུས་པ་སྤྱོད་པ་སྤྱོད་སྒྲུབ་ཅིང་། ། འདུ་འཕྲོད་དག་ནི་གང་ སྤོང་བ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་དོན་སེམས་པས། ། དོན་གྱི་རྗེས་སུ་རབ་རྟོགས་ཤིང་། ། རྩོད་པ་མེད་པར་གང་སྟོན་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་བློ་ལྡན་པས། ། ཚིག་འབྲུ་ཡི་གེ་ཞེན་མེད་པར། ། ཆོས་རྣམས་ཐམས་ཅད་སྡུད་བྱེད་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་ཆོས་སྤྱོད་པས། ། ཆོས་ཀྱི་རྗེས་སུ་འཐུན་བྱེད་ཅིང་། ། དོན་གྱི་རྗེས་སུ་འཐུན་གྱུར་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་ལམ་འབྲང་བས། ། བརྟན་པའི་ཡི་ དམ་ཡང་དག་གནས། ། ཇི་སྐད་བསྟན་བཞིན་གང་སྒྲུབ་པ། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་ལམ་དག་པས། ། ཡིད་ལ་མོས་པ་རབ་སྦྱངས་ནས། ། ཆོས་ལ་གནས་ཤིང་བག་ཡོད་པ། །
BOསྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་ ཐམས་ཅད་དུ། ། སྤྱོད་པ་འདི་རྣམས་རབ་བསྒྲུབས་ནས། ། ལུས་དང་སེམས་ནི་བདེ་ཐོབ་ན། ། སྤྱོད་པ་འདིས་ནི་ལམ་སྡུད་འགྱུར། ། བྱང་ཆུབ་སེམས་དཔའ་ཡང་དག་དྲན། ། རྣམ་དག་ལམ་ལ་གང་གནས་པ། ། ཆོས་རྣམས་སྟོང་ཞིང་མཚན་མེད་པར། ། ཐམས་ཅད་རབ་ཏུ་རྟོགས་ པར་འགྱུར། ། བྱང་ཆུབ་སེམས་དཔའ་རབ་བརྟགས་ན། ། སྨོན་ལམ་རྣམ་པར་དག་བྱེད་ཅིང་། ། སྨོན་ལམ་མེད་ལ་མི་གནས་པས། ། མཚན་མ་རྣམས་ནི་སྤོང་བར་འགྱུར། ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ། ། དོན་ཚུལ་མཉམ་པར་རབ་བརྟགས་ན། ། ཆོས་རྣམས་སྐྱེ་བར་མི་ འགྱུར་བས། ། ཐེ་ཚོམ་ཅུང་ཟད་ཡོང་མི་འགྱུར། ། བྱང་ཆུབ་སེམས་དཔའ་བློ་ལྡན་དག ། ཐམས་ཅད་ཆོས་ནི་རབ་བརྟགས་ན། ། སྐྱེ་ཞིང་ཞི་བར་འགྱུར་བའི་ཕྱིར། ། གསལ་བར་མཐོང་ནས་གཞོལ་བར་འགྱུར། ། བྱང་ཆུབ་སེམས་དཔའ་ཆོས་རྟོགས་པས། ། ཚུལ་བཞིན་ཆོས་སྐྱེ་མཐོང་བས་ ན། ། སྐྱེ་བ་ལས་ནི་སྐྱེ་མི་མཐོང་། ། ཟད་པ་ལས་ནི་ཟད་མི་མཐོང་། ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལྡན། ། དེ་ལྟར་སོ་སོར་རྟོག་བྱེད་ན། ། ཆོས་མིན་པ་ལས་ངེས་འབྱུང་ཞིང་། ། ཡང་དག་གནས་ལ་གནས་པར་འགྱུར། །
BOབྱང་ཆུབ་སེམས་དཔའ་བློ་དམ་པས། ། ལམ་འདི་རྣམ་ པར་དག་པས་ན། ། མྱུར་དུ་བདེ་གནས་ཕྱིན་སེམས་པ། ། བླ་མེད་བཟོད་པ་འགྲུབ་པར་འགྱུར། ། བྱང་ཆུབ་སེམས་དཔའ་བློ་དམ་པས། ། ཚུལ་བཞིན་ཆོས་རྣམས་རྟོག་བྱེད་ཅིང་། ། འདུ་ཤེས་རྣམས་ལས་གང་འདས་པ། ། འདུ་ཤེས་མེད་ལ་རྟག་གནས་འགྱུར། ། བྱང་ཆུབ་སེམས་ དཔའ་བློ་དམ་པས། ། ལམ་འདི་རབ་སྦྱོར་འགྱུར་རོ་ཞེས། ། ལམ་གྱི་འདུ་ཤེས་གང་སྤོང་བ། ། ཆོས་ཀྱི་འདུ་ཤེས་ལ་མི་གནས། ། བྱང་ཆུབ་སེམས་དཔའ་བློ་དམ་པས། ། ལམ་འདི་རབ་ཏུ་སྤྱོད་པའི་ཕྱིར། ། མ་རིག་དྲ་བ་དྲལ་སེམས་པ། ། ཆོས་ཀྱི་སྣང་ཆེན་ཐོབ་པར་འགྱུར། ། བྱང་ཆུབ་ སེམས་དཔའ་བློ་དམ་པས། ། རིག་པས་སྒོམ་པར་བྱེད་པས་ནི། ། སེམས་ཅན་རྣམས་ལ་སྟོན་བྱེད་པས། ། དེས་ན་རབ་ཏུ་གཞོལ་བར་འགྱུར། ། བྱང་ཆུབ་སེམས་དཔའ་རིག་སྒོམ་པ། ། ཆོས་རྣམས་ཐམས་ཅད་རབ་རྟོགས་ཕྱིར། ། དོན་ཟབ་ལ་ནི་ངེས་འགྱུར་ཞིང་། ། ཐབས་མཁས་ ཆེན་པོ་ཐོབ་པར་འགྱུར། ། བྱང་ཆུབ་སེམས་དཔའ་རིག་སྒོམ་པ། ། ཐབས་ཀྱིས་འདུ་ཤེས་ཀུན་སྤངས་བས། ། གསང་བའི་ཆོས་ཀྱི་རྗེས་འབྲང་ཞིང་། ། ངེས་པའི་དོན་ནི་རྟོགས་པར་འགྱུར། ། བྱང་ཆུབ་སེམས་དཔའ་བློ་དམ་པས། །
BOཆོས་ཀྱི་སྣང་བ་ཆེན་པོ་ཡིས། ། འདུ་ཤེས་ཚོར་བ་འགོག་བྱེད་ན། ། དེས་ན་ ཡང་དག་གཞོལ་བར་འགྱུར། ། བྱང་ཆུབ་སེམས་དཔའ་བློ་དམ་པས། ། ལམ་འདི་ལ་ནི་མི་གནས་ཕྱིར། ། ལམ་ལ་ཡང་དག་གཞོལ་བར་འགྱུར། ། བྱང་ཆུབ་སེམས་དཔའ་འཇིགས་མེད་པས། ། ཆོས་རྣམས་དག་ནི་ཐམས་ཅད་ཀྱང་། ། ནམ་མཁའ་དག་པ་ལྟར་ཤེས་པས། ། མཚན་མ་རྣམས་ཀྱིས་སྒྲིབ་མི་ འགྱུར། ། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི། ། རང་བཞིན་ནམ་མཁའ་འདྲར་ཤེས་ཏེ། ། ཆོས་རྣམས་ནམ་མཁའ་འདྲ་བའི་ཕྱིར། ། རྣམ་དག་དྲི་མ་མེད་པར་ཤེས། ། བྱང་ཆུབ་སེམས་དཔའ་དེ་ལྟ་བུར། ། གནས་པས་མཚན་མ་སྒྲིབ་པར་འགྱུར། ། མྱུར་དུ་སེམས་ཅན་རྣམས་ལ་ ནི། ། གདམས་ངག་རྗེས་སུ་སྟོན་པར་འགྱུར། ། བྱང་ཆུབ་སེམས་དཔའ་བློ་དམ་པའི། ། ལམ་རྣམས་ཐམས་ཅད་རྣམ་དག་པས། ། ལམ་ལ་བར་ཆད་ཅི་ཡང་མེད། ། ཐོགས་པ་མེད་པར་གཞོལ་བར་འགྱུར། ། རྣམ་པར་དག་པའི་ལམ་འདི་ནི། ། བྱང་ཆུབ་ཆེན་པོར་མྱུར་དུ་འགྲོ། ། འདུས་མ་ བྱས་ནི་མངོན་དུ་བྱེད། ། མཉམ་པ་ཉིད་དུ་གཞོལ་བར་འགྱུར། ། བྱང་ཆུབ་སེམས་དཔའ་གོ་ཆེན་པོ། ། ཐེག་ཆེན་ལམ་ནི་ཆེན་པོ་དག ། ནམ་མཁའ་འདྲ་བར་ཐོགས་མེད་ཅིང་། ། རྣམ་པར་དག་པར་གཞོལ་བར་བྱ། །
BOཐེག་དང་ལམ་འདི་གང་སྐྱེས་པ། ། ནམ་མཁའ་བསྐྱེད་ པ་ལྟ་བུར་ནི། ། མཚན་མ་མང་པོ་རབ་སྤངས་ནས། ། མཚན་མ་མེད་པས་བགྲོད་པར་བྱ། ། ཐེག་པ་ཆེན་པོ་མཉམ་པའི་ཐེག ། རྒྱ་ཆེན་ནམ་མཁའ་འདྲ་བས་ན། ། ཤིན་ཏུ་རྣམ་དག་ལམ་འདི་ལ། ། ཐེག་པ་འདིས་ནི་བགྲོད་པར་བྱ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། ། ཆོས་འདི་ལས་ནི་གུས་བྱེད་པས། ། སེམས་ཅན་རྣམས་ནི་ཀུན་གྱི་ཕྱིར། ། དཔའ་བོས་རབ་ཏུ་བགྲོད་པར་བྱ། ། བྱང་ཆུབ་ཆེན་པོར་བགྲོད་བྱེད་ཅིང་། ། ཁྱད་པར་ལམ་འདིར་གང་གནས་པ། ། ཐེག་པ་པ་གཉིས་ལ་སོགས་པས། ། བགྲོད་པར་བྱ་བའི་ཡུལ་མ་ཡིན། ། བྱང་ཆུབ་སེམས་ དཔའ་ཡང་དག་དྲན། ། ལམ་འདི་དག་པར་གང་བྱེད་པ། ། རྣམ་པར་དག་པའི་ལམ་འདི་ཡིས། ། བླ་མེད་མཆོག་ཏུ་བགྲོད་པར་འགྱུར། ། གཞན་ཡང་བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དེ་ལྟར་ཡང་དག་པར་ཞུགས་ཤིང་གཞོལ་བར་གྱུར་པའི་ཚེ་དྲན་པ་ཉེ་ བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ། ཞི་གནས་དང་།
BOལྷག་མཐོང་ཚད་མེད་པ་རྣམས་ཡང་དག་པར་ཁོང་དུ་ ཆུད་པས་ཡོན་ཏན་ཁྱད་པར་དུ་འཕགས་པ་ཚད་མེད་པས་བརྒྱན་ནས་འཇིག་རྟེན་པ་རྣམས་རབ་ཏུ་གདུལ་བའི་ཕྱིར་དང་། གོ་ཆ་ཆེན་པོ་བགོས་ནས་ཁམས་གསུམ་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་དང་། ཐེག་པ་ཆེན་པོ་ལ་ཞོན་ནས་ལྷ་དང་། མི་དང་། ལྷ་མ་ཡིན་རྣམས་ཡོངས་ སུ་གཟུང་བར་བྱ་བའི་ཕྱིར་ལམ་འདི་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གཞོལ་བར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གོ་ཆ་ཆེན་པོ་བགོས་ཏེ། ཐེག་པ་ཆེན་པོ་ལ་ཞོན་ནས་ལམ་འདི་ལ་ གནས་པའི་ཚེ་གལ་ཏེ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་སེམས་ཅན་ཀུན་ལ་ཁྱབ་པར་མི་བྱེད་དམ། སེམས་ཅན་རྣམས་ལ་བདག་དང་འདྲ་བར་ཕངས་པར་མི་བྱེད་ན་ནི་དེ་ལྟ་བུའི་གོ་ཆ་དང་། ཐེག་པ་ཆེན་པོའི་ལམ་ཆེན་པོ་འདི་དག་ནི་ས་ཆེན་པོས་ཀྱང་ ཐེག་པར་མི་འགྱུར་ལ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྟོན་པར་མི་འགྱུར་བ་ཞིག་ན་འདི་ལྟར་སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང་ཕན་གདགས་པའི་ཕྱིར་གོ་ཆ་ཆེན་པོ་བགོས་ཏེ། ཐེག་པ་ཆེན་པོ་ལ་ཞོན་ནས་ལམ་འདི་ལ་གནས་པ་ཡིན་པས་གོ་ཆ་དང་།
BOཐེག་པ་ཆེན་པོའི་ལམ་ ཆེན་པོ་འདི་དག་ཏུ་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་བགྲོད་པར་མི་ནུས་ལ། བྱིས་པ་སོ་སོའི་སྐྱེ་བོ་འཇིག་རྟེན་ལ་མངོན་པར་ཞེན་པ་དང་། འཇིག་རྟེན་ན་གནས་པར་མོས་པ་ཐམས་ཅད་ཀྱིས་ཀྱང་མཐོང་བར་མི་ནུས་པ་ཡིན་ནོ། ། གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཡིན་པས་འདི་ལྟར་གོ་ཆའི་མཐུས་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་བྱིན་གྱིས་བརླབས་པས་སའི་ཁམས་འདི་གཡོ་ཞིང་འཁྲུག་པ་མེད་པ་དང་། སེམས་ཅན་ཐམས་ཅད་འཇིགས་པ་མི་སྐྱེ་བ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་རྣམས་ཀྱང་དེ་དག་གི་རྗེས་སུ་ཅི་རིགས་པར་བྱ་བ་རྣམས་བྱེད་པ་ཡིན་ནོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་པོ་སེམས་བསྐྱེད་དེ་གོ་ཆ་བགོས་ ནས་དེང་གོ་ཆ་ཆེན་པོ་འདི་བགོས་ཏེ། ཐེག་པ་ཆེན་པོ་འདི་ལ་ཞོན་ནས་རྣམ་པར་དག་པའི་ལམ་གྱིས་སྐྱེ་བ་གཅིག་གིས་ཐོགས་པ་ལ་གཞོལ་ཞིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་བགྲོད་པ་དང་།
BOབྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པར་གྱུར་པའི་བར་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ རྡོ་རྗེ་ལས་མངོན་པར་གྲུབ་པའི་སའི་དཀྱིལ་འཁོར་ཤིན་ཏུ་བརྟན་པ་འདི་གལ་ཏེ་བྱིན་གྱིས་མ་བརླབས་ན་འཁྲུག་ཅིང་གཡོ་བར་འགྱུར་ཏེ། ཤིན་ཏུ་བརྟན་པའི་རྡོ་རྗེ་ལས་མངོན་པར་གྲུབ་པ་ཡིན་ཡང་གོ་ཆ་ཆེན་པོ་དང་། ཐེག་པ་ཆེན་པོའི་ལམ་ཆེན་པོ་འདི་འདེགས་པའི་འོས་སུ་མི་འགྱུར་རོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྔོན་གྱི་སྨོན་ལམ་གྱིས་སེམས་ཅན་རྣམས་ལ་བྱམས་པ་དང་། སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཐབས་ཅིག་ཏུ་བསྔགས་པ་བརྗོད་ནས་ གལ་ཏེ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་དང་། རི་རབ་དང་། རིན་པོ་ཆེའི་རི་ཐམས་ཅད་དང་། དེ་ལས་གཞན་པའི་རིའི་རྒྱལ་པོ་རྣམས་བྱིན་གྱིས་བརླབས་པར་མ་གྱུར་ན་གོ་ཆ་ཆེན་པོ་དང་། ཐེག་པ་ཆེན་པོའི་ལམ་ཆེན་པོ་འདི་དག་འདེགས་པའི་འོས་སུ་མི་འགྱུར་རོ། ། གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྔོན་གྱི་སྨོན་ལམ་གྱི་མཐུའི་ཕྱིར་དང་།
BOདེ་བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱི་མཐུས་བྱིན་གྱིས་བརླབས་པའི་ཕྱིར་དང་། སེམས་ཅན་རྣམས་ལ་རྣམ་པར་མི་འཚེ་བའི་ཕྱིར་དང་། གནོད་པ་མི་བྱེད་པའི་ཕྱིར་དང་། མཉམ་ པར་མི་བྱེད་པའི་ཕྱིར་དང་། སྐྲག་པར་མི་བྱེད་པའི་ཕྱིར་དང་། འཁོན་དུ་མི་འཛིན་པའི་ཕྱིར་དང་། མནར་བར་མི་བྱེད་པའི་ཕྱིར་དང་། ཉོན་མོངས་པར་མི་བྱེད་པའི་ཕྱིར་དང་། སེམས་ཅན་རྣམས་བདེ་བ་ཐོབ་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་ལ་ཞོན་ཏེ། ལམ་འདི་ ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གོ་ཆ་ཆེན་པོ་བགོས་པ་ན་ཤེས་རབ་ཀྱི་གོ་ཆ་བགོས་ནས་ཤེས་རབ་ཀྱི་མཚོན་ཆ་ཐོགས་ཏེ། ཤེས་རབ་ཆེན་པོས་ཡོངས་ སུ་སྔོ་བར་བྱེད་དོ། ། ཡོངས་སུ་སྔོ་བའི་ཐེག་པ་ལ་ཞོན་ནས། ཤེས་རབ་ཀྱི་སྣང་བ་སྐྱེད་པར་བྱེད་དོ། ། སྣང་བའི་ལམ་ལ་གནས་ནས་ཤེས་རབ་ཀྱི་སྣང་བའི་མིག་གིས་ཆོས་རྣམས་སོ་སོར་བརྟགས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་གཞོལ་བར་བྱེད་དོ། ། ཐམས་ཅད་མཁྱེན་པའི་ ཡེ་ཤེས་དང་།
BOསེམས་ཅན་རྣམས་ཡོངས་སུ་བསྡུ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པར་བྱེད་དེ། ཐམས་ཅད་ཀྱང་ཤེས་རབ་སྔོན་དུ་འགྲོ་ཞིང་ཤེས་རབ་ཀྱིས་མངོན་པར་བསྒྲུབ་པ་དང་། ཤེས་རབ་ཀྱིས་ཡོངས་སུ་བསྡུས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་རྣམ་པ་སྣ་ཚོགས་ཐམས་ཅད་དུ་ཁྱབ་ཅིང་སངས་རྒྱས་ཀྱི་ཆོས་ཚད་མ་མཆིས་པ་རྣམས་ཡོངས་སུ་སྡུད་ཅིང་མངོན་པར་སྒྲུབ་པར་བགྱིད་པ་ནི་ཤིན་ཏུ་ངོ་ མཚར་ཆེ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་བཀའ་སྩལ་པ། བློ་གྲོས་མཐའ་ཡས་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ།
BOཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ ཤེས་རབ་རྣམ་པ་སྣ་ཚོགས་ཀྱིས་ཀུན་ཏུ་ཁྱབ་ཅིང་ཆོས་ཐམས་ཅད་ཡོངས་སུ་བསྡུས་ཏེ། གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་ལ་ཞོན་ཏེ། ལམ་ཆེན་པོ་འདི་ལ་གནས་ནས་ཐམས་ཅད་ཀྱང་ཤེས་རབ་སྔོན་དུ་འགྲོ་བས་རབ་ཏུ་གཞོལ་བར་བྱེད་དོ། ། བློ་གྲོས་མཐའ་ཡས་གལ་ཏེ་ཤེས་རབ་དང་ལྡན་ ཡང་ཤེས་རབ་སྔོན་དུ་འགྲོ་བ་མེད་ན་ལམ་འདི་ལ་རབ་ཏུ་གཞོལ་བར་མི་འགྱུར་གྱི། གལ་ཏེ་ཤེས་རབ་དང་ལྡན་ཞིང་ཤེས་རབ་སྔོན་དུ་འགྲོ་བས་ཐམས་ཅད་དུ་ཁྱབ་པར་གྱུར་ན་རྗེས་སུ་འཇུག་པ་དང་། རྗེས་སུ་སྤྱོད་པ་དང་། ཤེས་རབ་ཀྱིས་ཡོངས་སུ་བསྡུས་ཤིང་། ཤེས་རབ་ཀྱིས་རབ་ཏུ་ བསྡམས་པར་གྱུར་ནས་གདོད་གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་ལ་ཞོན་པ་དང་། ལམ་ཆེན་པོ་འདི་ལ་གནས་པ་ཞེས་བྱ་སྟེ། རབ་ཏུ་བདེ་བའི་ཆོས་ཀྱིས་འཇིག་རྟེན་ལ་ཕན་འདོགས་ཤིང་ཤེས་རབ་ཀྱི་མིག་འབྱེད་པར་བྱེད་དོ། ། ཤེས་རབ་ཀྱི་མིག་གིས་སོ་སོར་བརྟགས་ནས་ཤེས་རབ་ཀྱིས་ ལུས་གསལ་བར་གྱུར་པས་འོད་ཟེར་ཆེན་པོ་བཀྱེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱེད་དེ།
BOབློ་གྲོས་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བགོ་བར་བྱ་བའི་གོ་ཆ་དང་། གོ་ཆའི་བཀོད་པ་དང་། བཞོན་པར་བྱ་བའི་ ཐེག་པ་ཆེན་པོ་དང་། ཐེག་པ་ཆེན་པོའི་བཀོད་པ་དང་། བགྲོད་པར་བྱ་བའི་ལམ་ཆེན་པོ་དང་། ལམ་ཆེན་པོའི་བཀོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་འགྱུར་བ་ཡིན་ནོ། ། བློ་གྲོས་མཐའ་ཡས་སྐྱེས་བུ་དམ་པ་གང་གོ་ ཆའི་བཀོད་པ་དང་། ཐེག་པ་ཆེན་པོའི་བཀོད་པ་དང་། ལམ་ཆེན་པོའི་བཀོད་པ་དང་། ཡོན་ཏན་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པར་གྱུར་པ་གང་ཡིན་པ་དེ་དག་ངས་ཡོངས་སུ་རྫོགས་པར་བརྗོད་པར་གྱུར་ན་བསྐལ་པ་ཚད་མེད་པ་རྣམས་སུ་བརྗོད་ཀྱང་མཐར་ཐུག་ པར་མི་འགྱུར་མོད་ཀྱི། འོན་ཀྱང་ཁྱེད་ལ་སོགས་པས་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་དང་། མ་འོངས་པའི་སྐྱེས་བུ་དམ་པ་རྣམས་གོ་ཆའི་བཀོད་པ་དང་། ཐེག་པ་ཆེན་པོའི་བཀོད་པ་དང་། ལམ་ཆེན་པོའི་བཀོད་པ་དང་། ཡོན་ཏན་དཔག་ཏུ་མེད་པའི་ཚོགས་ཀྱི་བཀོད་པ་ཐོབ་ པར་བྱ་བའི་ཕྱིར་ངས་དེང་འདིར་ཕྱོགས་ཅུང་ཟད་ཙམ་ཞིག་མདོར་བསྟན་པར་བྱ་སྟེ།
BOསྐྱེས་བུ་དམ་པ་དེ་དག་གལ་ཏེ་ངས་བསྟན་པའི་ཆོས་ཐོས་པར་གྱུར་ན་གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་ལ་ཞོན་ཏེ། ལམ་ཆེན་པོ་འདི་ལ་གནས་པར་འགྱུར་ཞིང་ཡོན་ཏན་གྱིས་རབ་ཏུ་བརྒྱན་ནས་རབ་ཏུ་ གཞོལ་བར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། ངས་ནི་ཡང་དག་སྤོང་བ་དང་། ། དྲན་པ་ཉེར་གཞག་རྣམ་བཞི་དང་། ། ཐབས་མཁས་ཐམས་ཅད་བཤད་པས་ན། ། དེ་ཕྱིར་བག་ཡོད་བཅས་པར་འགྱུར། ། ཡང་དག་དྲན་པ་ཕུན་ ཚོགས་ཤིང་། ། ཆོས་མཁས་མཚུངས་པར་ལྡན་པ་དང་། ། རབ་བརྩོན་ངེས་པར་འབྱུང་བྱེད་པས། ། དེ་ཕྱིར་བག་ཡོད་བཅས་པར་འགྱུར། ། དབང་པོ་སྟོབས་དང་བྱང་ཆུབ་ཕྱོགས། ། གོ་བགོས་ཐེག་ཆེན་བཞོན་བྱས་ཏེ། ། འདི་ཡིས་བསྲུང་བ་རབ་བྱས་ནས། ། བྱང་ཆུབ་སེམས་ དཔའ་གཞོལ་བར་བྱ། ། བསམ་གཏན་ཟིལ་གནོན་རྣམ་ཐར་དང་། ། ཏིང་འཛིན་སྙོམས་པར་རབ་ཞུགས་ཏེ། ། འདི་ཡིས་བསྲུང་བ་རབ་བྱས་ནས། ། བྱང་ཆུབ་སེམས་དཔའ་གཞོལ་བར་བྱ། ། སྙིང་རྗེ་བྱམས་དང་དགའ་བཏང་སྙོམས། ། གོ་བགོས་ཐེག་ཆེན་བཞོན་བྱས་ཏེ། ། འདི་ ཡིས་བསྲུང་བ་རབ་བྱས་ནས། ། བྱང་ཆུབ་སེམས་དཔའ་གཞོལ་བར་བྱ། ། ཞི་གནས་ལྷག་མཐོང་རྫུ་འཕྲུལ་རྐང་། །
BOཆོ་འཕྲུལ་དག་ནི་རྫོགས་བྱས་ཏེ། ། འདི་ཡིས་བསྲུང་བ་རབ་བྱས་ནས། ། བྱང་ཆུབ་སེམས་དཔའ་གཞོལ་བར་བྱ། ། ཚད་མེད་ཡོན་ཏན་རྣམས་དང་ནི། ། གོ་བགོས་ ཐེག་ཆེན་བཞོན་བྱས་ཏེ། ། ལམ་ལ་ངལ་བ་མེད་བྱས་ནས། ། བྱང་ཆུབ་སེམས་དཔའ་གཞོལ་བར་བྱ། ། བརྩོན་འགྲུས་དང་ནི་བག་ཡོད་དང་། ། གོ་བགོས་ཐེག་ཆེན་བཞོན་བྱས་ཏེ། ། དྲན་ནས་དེ་དག་ཤེས་བྱས་ནས། ། བྱང་ཆུབ་སེམས་དཔའ་གཞོལ་བར་བྱ། ། སྣང་བ་གོ་ཆ་ཆེན་པོ་ ཡིས། ། འཇིག་རྟེན་དག་ནི་རབ་བཏུལ་ཏེ། ། གོ་ཆ་འདི་ནི་བགོ་བྱས་པ། ། འདི་ནི་བློ་ལྡན་ཞེས་བྱའོ། ། ཐམས་ཅད་མཁྱེན་ལ་ཡང་དག་ཕྱོགས། ། ཁམས་གསུམ་ལས་ནི་ངེས་འབྱུང་ཕྱིར། ། ཐེག་ཆེན་འདི་ལ་གང་ཞོན་པ། ། འདི་ནི་བློ་ལྡན་ཞེས་བྱའོ། ། ལམ་ཆེན་རྣམ་པར་དག་པའི་ལམ། ། ལྷ་དང་མི་དང་ལྷ་མ་ཡིན། ། འཇིག་རྟེན་ཟིལ་གྱིས་མནན་པ་ནི། ། ཀུན་ཏུ་གྲགས་པ་ཞེས་བྱའོ། ། འདི་འདྲའི་བྱང་ཆུབ་སེམས་དཔའ་ནི། ། སེམས་ཅན་རྣམས་ནི་ཀུན་གྱི་ཕྱིར། ། དུས་རྣམས་ཐམས་ཅད་དག་ཏུ་ཡང་། ། གོ་ཆ་བརྩོན་འགྲུས་བགོ་བར་བྱེད། ། གལ་ཏེ་བྱང་ཆུབ་སེམས་དཔའ་ རྣམས། ། བྱམས་དང་སྙིང་རྗེ་དགའ་བ་དང་། ། བཏང་སྙོམས་ཆེན་པོ་མི་སྒོམ་ན། །
BOས་ཆེན་དག་ནི་ཤོང་མི་འགྱུར། ། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས། ། སེམས་ཅན་རྣམས་ནི་དེ་དག་ལ། ། དུས་རིག་ཕན་འདོགས་མི་བྱེད་ན། ། ས་ཆེན་དག་ནི་ཤོང་མི་འགྱུར། ། གལ་ཏེ་བྱང་ ཆུབ་སེམས་དཔའ་རྣམས། ། སྙིང་རྗེ་ཐེག་ཆེན་མི་ཞོན་ན། ། རི་དང་རྒྱ་མཚོ་ཆེན་པོ་རྣམས། ། ས་ཆེན་དག་ནི་ཤོང་མི་འགྱུར། ། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས། ། བྱམས་པས་སེམས་ཅན་དྲན་བྱེད་ཅིང་། ། ཐེག་ཆེན་འདི་ལ་མི་ཞོན་ན། ། སེམས་ཅན་གང་ཡང་བསྟེན་མི་འགྱུར། ། གལ་ཏེ་གོ་ཆ་འདི་བགོས་ནས། ། བྱམས་འོད་གསལ་བར་མ་བྱས་ན། ། གོ་ཆ་ཆེན་པོ་དེ་དག་ལ། ། སེམས་ཅན་གང་ཡང་བསྟེན་མི་འགྱུར། ། གོ་ཆ་འདི་ནི་རབ་བགོས་ནས། ། ཡོན་ཏན་རྒྱ་མཚོ་དཔག་མེད་ཀྱིས། ། འབྱུང་ཆེན་ཁམས་བཞི་བྱིན་བརླབས་པས། ། དེ་འདེག་འོས་སུ་གྱུར་པ་ ཡིན། ། སེམས་ཅན་ཡོངས་སུ་བསྡུ་བའི་ཕྱིར། ། སྙིང་རྗེའི་འོད་ཀྱིས་ཀུན་ཁྱབ་ཅིང་། ། འབྱུང་ཆེན་ཁམས་བཞི་བྱིན་བརླབས་པས། ། དེ་འདེག་འོས་སུ་གྱུར་པ་ཡིན། ། སེམས་ཅན་ཡོངས་སུ་བསྡུ་བའི་ཕྱིར། ། བྱང་ཆུབ་ཆེན་པོ་མངོན་བསྒྲུབས་ནས། ། འབྱུང་ཆེན་ ཁམས་བཞི་བྱིན་བརླབས་པས། ། དེ་འདེག་འོས་སུ་གྱུར་པ་ཡིན། །
BOསེམས་ཅན་མི་སྨོད་གནོད་མི་བྱེད། ། གོ་ཆ་ཆེན་པོ་འདི་བགོས་ནས། ། ཐེག་ཆེན་གྱིས་ནི་ངེས་འབྱུང་བ། ། འདི་ནི་བློ་ལྡན་ཞེས་བྱའོ། ། ཐབས་ལ་མཁས་པ་ཆེན་པོ་ཡིས། ། ཐམས་ཅད་བྱིན་གྱིས་རབ་བརླབས་ནས། ། བླ་ན་མེད་པར་ངེས་འབྱུང་བ། ། འདི་ནི་བློ་ལྡན་ཞེས་བྱའོ། ། དེས་ནས་ནི་ཆེན་པོ་འདི། ། མི་འབྱིང་རབ་ཏུ་མི་གཡོ་ཞིང་། ། ཆུ་དང་མེ་དང་རླུང་གི་ཁམས། ། བྱ་བ་དག་ནི་བྱེད་པ་ཡིན། ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། ། གོ་ཆ་དཔག་མེད་བགོས་ནས་ནི། ། ཐེག་ཆེན་འདི་ལ་བཞོན་བྱས་ ནས། ། ལམ་གྱིས་རབ་ཏུ་གཞོལ་བར་བྱེད། ། ཚེ་གཅིག་ཐོགས་པ་མངོན་བསྒྲུབས་ཏེ། ། ཐ་མའི་ལུས་ནི་ཐོབ་གྱུར་ནས། ། བྱང་ཆུབ་ཤིང་རྒྱལ་དྲུང་སོང་སྟེ། ། རབ་བརྟན་ས་ལ་འདུག་ནས་ནི། ། བྱང་ཆུབ་སྙིང་པོ་དེ་དག་ཏུ། ། རྡོ་རྗེ་བཞིན་དུ་རབ་གནས་ནས། ། ལུས་དང་སེམས་ནི་ངལ་མེད་པར། ། ཐམས་ཅད་མཁྱེན་པ་མངོན་དུ་བྱེད། ། བྱང་ཆུབ་སེམས་དཔའ་འཇིགས་མེད་པས། ། གལ་ཏེ་བྱིན་གྱིས་མ་བརླབས་ན། ། ས་ཆེན་པོ་དག་གཡོ་འགྱུར་ཞིང་། ། ཞི་གནས་ཕྱིར་ཡང་ཆགས་མི་འགྱུར། ། ས་ཆེན་ཁམས་ནི་ཐམས་ཅད་ཀུན། ། གལ་ཏེ་བྱིན་གྱིས་མ་བརླབས་ན། ། རྡོ་རྗེ་ལས་ནི་གྲུབ་ གྱུར་ཀྱང་།
BO། མི་གཡོ་མི་འཁྲུག་གང་ཡང་མེད། ། བྱང་ཆུབ་སེམས་དཔའ་འདས་པའི་དུས། ། སྨོན་ལམ་ཆེན་པོས་རབ་བརྒྱན་པས། ། སེམས་ཅན་རྣམས་ནི་དེ་དག་ལ། ། བྱམས་པ་ཆེན་པོས་དྲན་པར་བྱེད། ། མངོན་སུམ་ཕྱོགས་བཅུའི་ཞིང་ཁམས་ན། ། སངས་རྒྱས་དག་ནི་ཐམས་ཅད་ མཁྱེན། ། རྐང་གཉིས་གཙོ་བོ་གང་བཞུགས་པ། ། ཐམས་ཅད་སྲུང་ཞིང་དགོངས་པར་འགྱུར། ། གལ་ཏེ་དེ་ལས་གཞན་པའི་རི། ། རི་རབ་རིན་པོ་ཆེ་ཡི་རི། ། རྡོ་རྗེའི་དཀྱིལ་འཁོར་ཁོར་ཡུག་རི། ། ཤིན་ཏུ་བརྟན་པར་གང་གནས་པ། ། བྱང་ཆུབ་སེམས་དཔའ་བློ་ལྡན་དག ། གལ་ཏེ་ བྱིན་གྱིས་མ་བརླབས་ན། ། གོ་ཆ་ཆེན་པོ་འདི་བགོས་པ། ། འདེག་པའི་འོས་སུ་མི་འགྱུར་རོ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། ། རྫུ་འཕྲུལ་སྟོབས་ཀྱིས་བྱིན་བརླབས་པ། ། སེམས་ཅན་དང་ནི་ས་ཆེན་པོ། ། བརྟེན་འདེག་འོས་སུ་གྱུར་པ་ཡིན། ། གོ་ཆ་ཆེན་པོ་གང་བགོས་ པ། ། སེམས་ཅན་འཚེ་བ་མི་བྱེད་པས། ། གོ་ཆ་དག་ནི་གོང་ན་མེད། ། ཐེག་པ་དག་གིས་གཞོལ་བར་བྱ། ། གོ་ཆ་ཆེན་པོ་གང་བགོས་པ། ། སེམས་ཅན་གནོད་པ་མི་བྱེད་པས། ། གོ་ཆ་དག་ནི་བསམ་མི་ཁྱབ། ། ཐེག་པ་དག་གིས་གཞོལ་བར་བྱ། ། གོ་ཆ་ཆེན་པོ་གང་བགོས་པ། །
BOསེམས་ཅན་དག་ལ་འཁོན་མི་འཛིན། ། སེམས་ཅན་ནད་ནི་བསལ་བའི་ཕྱིར། ། ཐེག་པ་དག་གིས་གཞོལ་བར་བྱ། ། ལམ་མཆོག་དག་ནི་ཕུན་ཚོགས་པ། ། བླ་མེད་མཆོག་ཏུ་སྦྱོང་བས་ན། ། མི་འཚེ་འཁོན་འཛིན་མེད་པ་དང་། ། གནོད་མི་བྱེད་པ་ཡང་དག་གནས། ། ཤེས་རབ་ཆེན་ པོའི་གོ་བགོས་ཏེ། ། ཤེས་རབ་བསྔོ་བའི་ཐེག་ཞོན་པ། ། གོ་ཆ་འཛིན་པར་མི་འགྱུར་བས། ། བསྔོ་བའི་ནང་ན་མཆོག་ཏུ་འགྱུར། ། བྱང་ཆུབ་སེམས་དཔའ་སྐྱབས་བྱེད་པས། ། ཤེས་རབ་སྣང་བ་ལ་གནས་ཏེ། ། ཤེས་རབ་ཆོས་རྣམས་རབ་བརྟགས་ནས། ། བླ་ན་མེད་པར་གཞོལ་བར་ འགྱུར། ། བྱང་ཆུབ་སེམས་དཔའ་ལམ་མཆོག་དང་། ། གོ་ཆ་དང་ནི་ཐེག་ཆེན་དག ། ཤེས་རབ་འོད་ལས་བྱུང་བས་ན། ། དེ་ཕྱིར་སེམས་ནི་རྣམ་པར་དག ། ཕ་རོལ་ཕྱིན་ལ་རབ་ཞོན་ནས། ། བྱང་ཆུབ་ཆེན་པོར་བགྲོད་བྱེད་ཅིང་། ། ཤེས་རབ་ཡོངས་སྡུད་ཤེས་རབ་གཙང་། ། ཤེས་ རབ་དག་ནི་སྔོན་དུ་འགྲོ། ། ཕ་རོལ་ཕྱིན་པ་ཐམས་ཅད་ཀྱི། ། ཤེས་རབ་འདི་ནི་སྔོན་དུ་འགྲོ། ། ཤེས་རབ་ཡོངས་སྡུད་ཤེས་རབ་གཙང་། ། བླ་མེད་ཡེ་ཤེས་ལེན་པར་བྱེད། ། བྱང་ཆུབ་སེམས་དཔའ་བསམ་མི་ཁྱབ། ། ཤེས་རབ་སྣང་བ་སྐྱེད་བྱེད་ཅིང་། ། ཤེས་རབ་སྒྲོན་ཆེན་ སྦར་བྱེད་པས། །
BOབདེ་བར་རབ་ཏུ་གཞོལ་བར་འགྱུར། ། ཤེས་རབ་སྣང་བ་བསྐྱེད་པའི་ཕྱིར། ། དེས་ན་ཤེས་རབ་མིག་ཀྱང་འབྱེད། ། སངས་རྒྱས་བླ་མེད་ཡེ་ཤེས་དག ། གསལ་མཐོང་རབ་ཏུ་གཞོལ་བར་འགྱུར། ། བྱང་ཆུབ་སེམས་དཔའ་དཔའ་བོ་དག ། གོ་ཆ་དཔག་ཏུ་ མེད་པ་ཡིས། ། ཚད་མེད་པར་ནི་བརྒྱན་པའི་ཕྱིར། ། གོ་ཆ་བགོས་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་བློ་ཆེན་དག ། ཐེག་ཆེན་རབ་ཏུ་བརྒྱན་པས་ན། ། སངས་རྒྱས་ཐམས་ཅད་མཁྱེན་པ་ལ། ། གོས་པ་མེད་པར་གཞོལ་བར་བྱེད། ། བྱང་ཆུབ་སེམས་ དཔའ་བློ་ཆེན་དག ། ལམ་ཆེན་རབ་ཏུ་བརྒྱན་པས་ན། ། བསམ་གྱིས་མི་ཁྱབ་མཆོག་དག་ལ། ། རྣམ་པར་དག་པས་གཞོལ་བར་བྱེད། ། ། ། བམ་པོ་བཞི་པ། གཞན་ཡང་བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱིས་གོ་ཆའི་སྤྱོད་ཡུལ་དཔག་ཏུ་མེད་པ་དང་། ཐེག་པ་ཆེན་པོའི་སྤྱོད་ཡུལ་དཔག་ཏུ་མེད་པ་དང་། ལམ་ཆེན་པོའི་སྤྱོད་ཡུལ་དཔག་ཏུ་མེད་པ་དག་ལ་རབ་ཏུ་གཞོལ་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་རྗེས་སུ་འཇུག་པར་འགྱུར་བའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འདོད་པའི་ཕྱིར་གོ་ཆ་ཆེན་པོ་བགོ་བར་བྱེད་དོ། །
BOཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འདོད་པའི་ཕྱིར་ཐེག་པ་ཆེན་པོ་ལ་བཞོན་པར་བྱེད་དོ། ། ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འདོད་པའི་ཕྱིར་ལམ་ཆེན་པོ་ལ་ རབ་ཏུ་གནས་པར་བྱེད་དོ། ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་གཞོལ་བར་བྱེད་དོ། ། འོན་ཀྱང་གོ་ཆ་དེས་ཆོས་ཅུང་ཟད་ཙམ་ཡང་ནང་ངམ། ཕྱི་རོལ་ལམ། རགས་པ་འམ། ཕྲ་བ་འམ། ཐག་རིང་བ་འམ། ཐག་ཉེ་བ་འམ། འདས་པ་འམ། ད་ལྟར་ བྱུང་བ་འམ། མ་འོངས་པ་འམ། འདུས་བྱས་སམ། འདུས་མ་བྱས་སམ། གནས་པ་འམ། མི་གནས་པ་ཞེས་བྱ་བ་ཡང་དག་པར་རྗེས་སུ་མི་དམིགས་སོ། ། གལ་ཏེ་གོ་ཆ་འདིས་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་མི་ནུས་སམ། གཏན་ལ་འབེབས་པར་མི་ནུས་སམ། ཡོངས་ སུ་མི་ཤེས་སམ། རྗེས་སུ་འཇུག་པར་མི་ནུས་སམ། མངོན་སུམ་དུ་བྱེད་མི་ནུས་སམ། ཡང་དག་པར་འདའ་བར་མི་ནུས་ན། གོ་ཆ་ཆེན་པོ་བགོས་པ་ཞེས་མི་བྱའོ། ། ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པར་བྱེད་དམ། གཏན་ལ་འབེབས་སམ། ཡོངས་སུ་ཤེས་པར་གྱུར་ ཏམ། རྗེས་སུ་འཇུག་པར་བྱེད་དམ། མངོན་སུམ་དུ་བྱེད་དམ། ཡང་དག་པར་འདའ་བར་བྱེད་ན་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །
BOཐེག་པ་ཆེན་པོ་དེས་ཀྱང་ཆོས་འགའ་ཙམ་ཡང་ནང་ངམ་ཕྱི་རོལ་ཞེས་བྱ་བ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོ་བ་ཞེས་བྱ་བའི་བར་དུ་ཡང་ དག་པར་མི་དམིགས་ཤིང་ཡོངས་སུ་ཤེས་པ་དང་། རྗེས་སུ་འཇུག་པ་དང་། མངོན་སུམ་དུ་བྱེད་པ་དང་། ཡང་དག་པར་འདའ་བར་བྱེད་པས་དེའི་ཕྱིར་ཐེག་པ་འདི་ནི་ཐེག་པ་ཆེན་པོ་དང་། ཆོས་ལ་རབ་ཏུ་མཁས་པའི་ཐེག་པ་དང་། མྱ་ངན་ལས་འདས་བར་ཕྱིན་པར་བྱེད་པའི་ཐེག་པ་དང་། གོང་ན་མེད་པའི་ཐེག་པ་དང་། མཚུངས་པ་མེད་པའི་ཐེག་པ་ཞེས་བྱའོ། ། ལམ་ཆེན་པོ་དེས་ཀྱང་ཅུང་ཟད་ཙམ་ནང་ངམ་ཕྱི་རོལ་ཞེས་བྱ་བ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ལམ་ཆེན་པོར་གྱུར་ནས་གཞོལ་བར་བྱེད་པ་ཞེས་བྱ་བའི་བར་དུ་ཡང་དག་པར་མི་དམིགས་ཤིང་མཉམ་པ་ཉིད་ ཀྱི་ལམ་འདིས་ཆོས་འགའ་ཙམ་ཡང་ཡོངས་སུ་མི་ཤེས་པ་མེད་པས་དེའི་ཕྱིར་ལམ་འདི་ནི་བླ་ན་མེད་པའི་ལམ་དང་། གྲངས་དང་། ཚད་མེད་པའི་ལམ་དང་། མཚུངས་པ་མེད་པའི་ལམ་ཞེས་བྱའོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་སྤྱོད་པ་ཀུན་གྱི་རྗེས་སུ་ཡང་དག་པར་འཇུག་པར་བྱེད་དོ། །
BOསེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤོང་ཞིང་ཡོངས་སུ་དག་པར་བྱེད་དོ། ། ཐེག་པ་ཆེན་པོ་ལ་ཞོན་ནས་སེམས་ཅན་རྣམས་ཀྱི་དགེ་ བའི་རྩ་བ་ཐམས་ཅད་ཡང་དག་པར་འཕེལ་བར་བྱེད་དོ། ། ལམ་ཆེན་པོ་འདི་ལ་གནས་ནས་སེམས་ཅན་རྣམས་དགེ་བའི་རྩ་བ་ཐམས་ཅད་སྒྲུབ་པར་ཡང་དག་པར་སྐུལ་བར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་རེ་རེའི་ཕྱིར་ སེམས་ཀྱི་སྤྱོད་པ་རེ་རེའི་ཕྱིར་ཡང་འཁོར་བའི་མཐའ་ཇི་སྲིད་པ་དེ་སྲིད་དུ་ཡུན་རིང་པོར་འཁོར་བ་ན་འཁོར་ཞིང་། ཤེས་རབ་ཀྱི་སྨན་ཡོངས་སུ་ཚོལ་བ་དང་། གོ་ཆ་མི་སྤོང་བར་ཤིན་ཏུ་བརྟན་པར་བྱས་ནས་གོ་ཆ་ཆེན་པོ་དང་། ཚད་མེད་པའི་གོ་ཆ་དང་། བསམ་པར་དཀའ་བའི་གོ་ཆ་དང་། རྣམ་ པར་དག་པའི་གོ་ཆ་དང་། དཔག་ཏུ་མེད་པའི་གོ་ཆ་དང་། བླང་བ་མེད་པའི་གོ་ཆ་དང་། སེམས་ཅན་གྱི་འདུ་ཤེས་རིག་པའི་གོ་ཆ་དང་། སེམས་ཅན་མེད་པར་ཤེས་པའི་གོ་ཆ་དང་། བདག་མེད་པར་ཤེས་པའི་གོ་ཆ་དང་། སེམས་ཅན་གྱི་རང་བཞིན་ཤེས་པའི་གོ་ཆ་དང་། སེམས་ཅན་གྱི་རང་བཞིན་རྗེས་སུ་རྟོགས་པའི་གོ་ཆ་དང་། བདག་གི་རང་བཞིན་ཤེས་པའི་གོ་ཆ་དང་།
BOནང་གི་རང་བཞིན་ཤེས་པའི་གོ་ཆ་དང་། ནང་གི་རང་བཞིན་རྗེས་སུ་རྟོགས་པའི་གོ་ཆ་དང་། ཕྱི་རོལ་གྱི་རང་བཞིན་ཤེས་པའི་གོ་ཆ་དང་། ཕྱི་རོལ་གྱི་རང་བཞིན་རྗེས་སུ་རྟོགས་པའི་གོ་ཆ་དང་། ནང་དང་ཕྱི་རོལ་གཉི་གའི་རང་བཞིན་ཤེས་པའི་གོ་ཆ་དང་། ནང་དང་ཕྱི་རོལ་གཉི་གའི་རང་བཞིན་རྗེས་སུ་རྟོགས་པའི་གོ་ཆ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པའི་གོ་ཆ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་རྟོགས་པའི་གོ་ཆ་དང་། ཆོས་ཐམས་ཅད་དམིགས་སུ་མེད་པར་ ཤེས་པའི་གོ་ཆ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པར་ཤེས་པའི་གོ་ཆ་དང་། ཆོས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པའི་གོ་ཆ་དང་མཐའ་མེད་པའི་གོ་ཆ་དང་། དབུས་མེད་པའི་གོ་ཆ་དང་། དབུས་དང་། མཐའ་མེད་པའི་གོ་ཆ་དང་། འདས་པ་མ་ཡིན་པའི་གོ་ཆ་དང་། མ་འོངས་པ་མ་ཡིན་པའི་གོ་ཆ་དང་། ད་ལྟར་བྱུང་བ་མ་ཡིན་པའི་གོ་ཆ་དང་། བྱ་བ་མེད་པའི་གོ་ཆ་དང་། བྱེད་པ་མེད་པའི་གོ་ཆ་ཡང་དག་པར་བགོ་བར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གོ་ཆ་འདི་ལ་བགོ་བར་ཡང་མི་བྱེད། རྗེས་སུ་ རྟོགས་པར་ཡང་མི་བྱེད། གཏན་ལ་འབེབས་པར་ཡང་མི་བྱེད།
BOངེས་པར་འབྱུང་བར་ཡང་མི་བྱེད། མངོན་སུམ་དུ་ཡང་མི་བྱེད་དེ། གོ་ཆ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། ། གོ་ཆ་བགོས་པ་གང་ཡིན་པ་དེ་དག་ནི་རྗེས་སུ་རྟོགས་པར་མི་བྱེད་པའི་ཕྱིར་རྗེས་སུ་རྟོགས་པར་བྱེད་དོ། ། གཏན་ལ་འབེབས་པར་མི་བྱེད་པའི་ཕྱིར་གཏན་ལ་འབེབས་པར་བྱེད་དོ། ། ངེས་པར་འབྱུང་བར་མི་བྱེད་པའི་ཕྱིར་ངེས་པར་འབྱུང་བར་བྱེད་དོ། ། མངོན་སུམ་དུ་མི་བྱེད་པའི་ཕྱིར་མངོན་སུམ་དུ་བྱེད་དོ། ། གདེག་པར་བྱ་བ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཞོན་པར་བྱེད་དོ། ། ཐེག་པ་ཆེན་པོ་ ལ་གདགས་པར་མི་བྱེད་དེ། གདགས་པ་མེད་པའི་གདགས་པས་གདགས་པར་བྱེད་ཀྱང་ཐེག་པ་ཆེན་པོ་ལ་ནི་གདགས་པར་བྱ་བ་ཅི་ཡང་མེད་དོ། ། གལ་ཏེ་གདགས་པ་དང་བཅས་པར་གྱུར་ན་དེ་ཉིད་གདགས་པ་མ་ཡིན་ཏེ། གདགས་པ་དེ་དག་དམིགས་སུ་མེད་པའི་ཕྱིར་དང་། བལྟར་ མེད་པའི་ཕྱིར་རོ། ། ཐེག་པ་ཡང་ཡོད་པ་མ་ཡིན་པ་སྟེ། ཐེག་པ་ལ་གནས་པ་དག་ནི་དམིགས་སུ་མེད་པས་ཐེག་པ་ཆེན་པོ་ལ་གནས་པར་བྱས་པས་གཞོལ་བར་བྱས་པ་སྤོང་ཞིང་མཐར་ཕྱིན་པར་ཡང་མི་བྱེད་ལ། མྱ་ངན་ལས་འདས་པར་ཕྱིན་པར་ཡང་མི་བྱེད་དེ། དམིགས་སུ་མེད་པའི་ ཕྱིར་རོ། ། ལམ་མ་ཡིན་པས་ལམ་མེད་དེ།
BOལམ་ལ་གཞོལ་བར་བྱེད་པ་ཉིད་ཡང་དག་པར་མཉམ་པའི་ཕྱིར་རོ། ། ཡང་དག་པའི་ལམ་འདི་ནི་གདགས་སུ་མེད་པས་སུ་ཞིག་གང་དུ་གང་ལས་གདགས་པར་བྱེད་དེ། བྱ་བ་ཡང་མེད། བྱེད་པ་ཡང་མེད། འདུས་པ་ཡང་མ་ཡིན། འདུས་པ་མེད་པ་ཡང་མ་ཡིན། ཐམས་ཅད་ལ་སྐྱོ་ཞིང་ཐམས་ཅད་ཡོངས་སུ་མི་འཚལ་བ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་མཉམ་པའི་ལམ་འདི་ནི་ཆོས་ཐམས་ཅད་དང་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ཞིང་མཚུངས་པར་མི་ལྡན་པའི་ཕྱིར་རོ། ། ཆོས་ཀྱི་འདུ་ ཤེས་མི་སྐྱེད་ཅིང་ཆོས་ཐམས་ཅད་སྤོང་བར་བྱེད་པས་གཙང་བ་ཡང་མེད་མི་གཙང་བ་ཡང་མེད་དོ། ། ཆོས་ཉིད་ཀྱང་དེ་བཞིན་ཏེ། གཙང་བ་མེད། མི་གཙང་བ་མེད་པས་དེའི་ཕྱིར་ལམ་འདི་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ལམ་ཞེས་བྱ་སྟེ། བགྲོད་པ་མེད་པས་བགྲོད་པར་བྱེད་དོ། ། ཡོངས་སུ་བཟུང་བ་མེད་པས་ཡོངས་སུ་གཟུང་བར་བྱེད་དོ། ། ལམ་འདི་ནི་ཤིན་ཏུ་ཟབ་པས་སྐྱེ་བ་མེད་པ། འབྱུང་བ་མེད་པ། བྱེད་པ་མེད་པ། ཐོབ་པ་མེད་པ། མངོན་པར་འདུ་བྱེད་པ་མེད་པ། གནས་མེད་པ། སྒྲིབ་པ་མེད་པ། དངོས་པོ་མེད་པ་དངོས་པོ་ཐམས་ཅད་རབ་ཏུ་སྟོན་པ། དངོས་པོ་ཐམས་ཅད་དབྱེར་མེད་པ། དངོས་པོའི་རྗེས་སུ་མི་འཇུག་པ་ཡིན་ཏེ།
BOདངོས་པོ་མེད་པའི་ཕྱིར་བླ་ན་མེད་པའི་གནས་སུ་ཕྱིན་པར་བྱེད་པ་ཡིན་ནོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གོ་ཆ་འདི་དང་། ཐེག་པ་འདི་དང་། ལམ་འདི་ དེ་ལྟར་རིག་པར་བྱའོ། ། འོན་ཀྱང་གོ་ཆ་འདི་དང་། ཐེག་པ་འདི་དང་། ལམ་འདི་ནི་བལྟར་མེད་ཅིང་ཤེས་པར་བྱར་མེད་པ་དང་། དམིགས་སུ་མེད་པའི་ཕྱིར་སུ་ཞིག་གོ་ཆ་བགོ་བར་བྱེད། སུ་ཞིག་ཐེག་པ་འདི་ལ་ཞོན་པར་བྱེད། སུ་ཞིག་ལམ་འདི་ལ་སྤྱོད་པར་བྱེད་དེ། བལྟར་མེད་ཅིང་ཤེས་པར་བྱར་མེད་པ། དམིགས་སུ་མེད་པས་སོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཆོས་འདི་ཐོས་ནས་མི་སྐྲག་མི་དངང་བར་ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དང་། ཆོས་ཀྱི་ཚུལ་དང་ འགལ་བ་མེད་ཅིང་རྗེས་སུ་འཐུན་པར་བསྒྲུབས་པ་དང་། རབ་ཏུ་དགའ་བར་མོས་པར་བྱེད་པ་དང་། ཆོས་འདིའི་ཕྱིར་རབ་ཏུ་བརྩོན་པར་བྱེད་པ་དང་། ཆོས་ཀྱི་ཚུལ་ངེས་པ་འདི་ལ་ཐབས་མཁས་པའི་ནུས་པ་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་དག་ནི་གོ་ཆ་འདི་བགོས་ཏེ། ཐེག་པ་འདི་ ལ་ཞོན་ནས་ལམ་འདིར་ཞུགས་ཏེ།
BOཆོས་ཟབ་མོ་དམིགས་སུ་མེད་པ་འདི་ལ་གཞོལ་བར་བྱེད་པས་འཁོར་བའི་མཐའ་གཏུགས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་ཡོན་ཏན་དཔག་ཏུ་མེད་པས་རབ་ཏུ་བརྒྱན་ནས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་འདི་ལ་རབ་ཏུ་དགའ་བས་བརྩོན་འགྲུས་བསྐྱེད་ནས་བག་ཡོད་པར་བསྒྲུབ་པར་བྱའོ། ། སེམས་ཅན་གང་ལ་ལ་ཞིག་ཆོས་ཟབ་མོ་འདི་ཐོས་མ་ཐག་ཏུ་དགའ་བ་བསྐྱེད་པ་གང་ཡིན་པ་དེ་དག་ཀྱང་ངས་ཕན་ པ་ཆེན་པོ་ཐོབ་པར་རབ་ཏུ་བསྟན་ན་གང་ཞིག་ནན་ཏན་བརྩོན་འགྲུས་ཀྱིས་བག་ཡོད་པ་དང་བཅས་པ་དང་། ཚུལ་ཁྲིམས་ཀྱི་སྤྱོད་པ་རྣམ་པར་དག་པས་གཞོལ་བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ། བློ་གྲོས་མཐའ་ཡས་ཁྱོད་ཀྱིས་ཆོས་འདི་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་རྣམ་པ་དུ་མ་དང་། ཁྱད་ པར་དུ་འཕགས་པ་རྣམ་པ་དུ་མ་དང་། རྣམ་པར་དག་པ་དུ་མ་དང་ལྡན་པ་ལ་ལྟོས། ངས་ཆོས་འདི་ལ་ནན་ཏན་གྱིས་བསྔགས་པ་རབ་ཏུ་བརྗོད་པ་ནི་སེམས་ཅན་རྣམས་རབ་ཏུ་དགའ་བ་བསྐྱེད་པས་ཡུན་རིང་པོའི་ཕན་པ་དང་། བདེ་བ་ཐོབ་ནས་ཡོངས་སུ་སྐྱོ་བར་བྱ་བའི་ཕྱིར་དང་།
BOརབ་ཏུ་ཞི་བར་བྱ་ བའི་ཕྱིར་དང་། ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། ། བློ་གྲོས་མཐའ་ཡས་ཡང་ཁྱོད་ཀྱིས་ཆོས་འདི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་བདེ་བ་སྦྱིན་པ་བྱེད་པ་ཡིན་ཡང་སྲིད་པ་རྣམས་སུ་དབུལ་ཕོངས་པ་སྣ་ཚོགས་སྣང་བར་གྱུར་པ་ནི་སེམས་ཅན་རྣམས་ཆོས་ ཟབ་མོ་འདི་ལས་རབ་ཏུ་ཉམས་པར་གྱུར་པའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དང་། འབྱོར་པ་དང་། བདེ་བ་རྣམས་སྤངས་བ་ཡིན་པར་བལྟ་བར་བྱའོ། ། བློ་གྲོས་མཐའ་ཡས་ཡང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པས། ཆོས་རིན་པོ་ ཆེ་ཟབ་མོ་འདི་འབྱོར་པ་དུ་མ་རྙེད་སླ་བར་གྱུར་ཏོ་སྙམ་དུ་བལྟ་བར་བྱ་ཞིང་། ཁྱོད་ཀྱིས་ཆོས་ཟབ་མོ་འདི་ལ་ནན་ཏན་གྱིས་རབ་ཏུ་བསྒྲུབ་པར་བྱའོ། ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ངས་ཆོས་རིན་པོ་ཆེ་འདི་ཡང་དག་པར་བསྟན་པ་ན་ཐོས་པར་ཡང་མི་འདོད་ན། ལེན་པ་དང་འཛིན་པ་ལྟ་སྨོས་ཀྱང་ཅི་ དགོས། དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་ཤིང་ཆོས་རིན་པོ་ཆེ་འབྱོར་བའི་དུས་སུ་ཡང་མཉན་པར་མོས་པ་དང་།
BOའདྲི་བར་ཡང་འདུན་པར་མི་འགྱུར་ན་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་ཡང་དག་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་ཚེ་སངས་རྒྱས་དང་། ཆོས་དཀོན་མཆོག་དང་། ཆོས་འཛིན་པར་བྱེད་པ་རྣམ་པ་གསུམ་མངོན་དུ་མི་འགྱུར་བའི་དུས་སུ་མཉན་པ་དང་། འདྲི་བར་མོས་པར་ལྟ་ག་ལ་འགྱུར། བློ་གྲོས་མཐའ་ཡས་འོན་ཀྱང་མ་འོངས་པའི་དུས་ན་གལ་ཏེ་དེ་བཞིན་གཤེགས་པས་ལེགས་པར་བྱིན་གྱིས་བརླབས་པར་གྱུར་ན་ཆོས་རིན་པོ་ཆེ་ཟབ་མོ་འདི་རྙེད་པར་ འགྱུར་རོ། ། བློ་གྲོས་མཐའ་ཡས་ཤིན་ཏུ་འཇིགས་པའི་དུས་དེའི་ཚེ་ཆོས་རིན་པོ་ཆེ་ཟབ་མོ་འདི་ཡང་དག་པར་ཉམས་ཤིང་འགྲིབ་པ་འམ་ཟད་པར་གྱུར་བ་མེད་མོད་ཀྱི། འོན་ཀྱང་ཆོས་འདི་ལ་ཉན་པ་དང་འཛིན་པར་བྱེད་པ་མེད་དེ། ངའི་སྤྱན་སྔར་སེམས་རྩེ་གཅིག་ཏུ་མཉན་པར་ མོས་པ་དང་། གོ་ཆ་བགོས་པ་ནི་མ་གཏོགས་ཏེ། དེ་དག་དེའི་ཚེ་ཆོས་འདི་ལ་རབ་ཏུ་དགའ་བས་ཉན་པ་དང་། ལེན་པར་འགྱུར་བས་སོ། ། དེའི་ཚེ་སེམས་ཅན་གང་དག་ཆོས་འདི་ཐོས་ནས་རབ་ཏུ་དད་པ་ཙམ་སྐྱེད་པར་བྱེད་ན་ཡང་།
BOངས་དེ་དག་ཆོས་རྒྱ་ཆེན་པོ་འདི་ མངོན་པར་བསྒྲུབ་པར་འགྱུར་བར་བསྟན་པ་ཡིན་ན་ད་ལྟར་ཆོས་འདི་ལ་ཡོངས་སུ་དད་པ་བསྐྱེད་ནས་ནན་ཏན་གྱིས་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བླ་ན་མེད་པའི་གོ་ཆ་དང་། ། གོ་ཆ་ཆེན་ པོ་ཚད་མེད་པ་རྣམས་ཡང་དག་པར་བགོས་པ་ན། འདི་སྙམ་དུ་སེམས་ཏེ། བདག་ནི་སེམས་ཅན་དབུལ་ཕོངས་པར་གྱུར་པ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱིས་རྒུད་པ་དང་། ཐོས་པས་རྒུད་པ་དང་། ཤེས་རབ་ཀྱིས་རྒུད་པ་དང་། རྣམ་པར་གྲོལ་བས་རྒུད་པ་དང་། རྣམ་པར་གྲོལ་བའི་ ཡེ་ཤེས་མཐོང་བས་རྒུད་པ་དེ་དག་ཐམས་ཅད་ལ་ཆོས་ཆེན་པོ་འདིས་ཕོངས་པ་མེད་པར་བྱའོ། ། ཆོས་ཆེན་པོ་འདིས་ཕོངས་པ་མེད་པར་བྱ་བའི་ཕྱིར་རྒུད་པ་ཐམས་ཅད་སྤངས་ནས། ཚུལ་ཁྲིམས་ཀྱི་ནོར་དང་། ཐོས་པའི་ནོར་དང་། ཤེས་རབ་ཀྱི་ནོར་དང་། རྣམ་པར་གྲོལ་བའི་ནོར་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ནོར་གྱིས་ཕྱུག་པར་བྱའོ། ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་རྣམས་རབ་ཏུ་ཞི་བར་བྱའོ། ། ནད་ཐམས་ཅད་ལས་སོས་པར་བྱའོ། ། བླ་ན་མེད་པའི་སྨན་གྱ་ནོམ་པ་གཏང་བར་བྱའོ། །
BOསྨན་འདིའི་དབང་གིས་ནད་རྣམ་པ་སྣ་ཚོགས་ བསལ་ནས་བདེ་བ་ཆེན་པོ་ཐོབ་པར་བྱའོ། ། ལྷག་མ་དང་བཅས་པ་གཏན་དུ་སྤངས་ཏེ། ཤིན་ཏུ་བསིལ་བའི་ངོ་བོ་ཉིད་བླ་ན་མེད་པའི་མྱ་ངན་ལས་འདས་པ་མངོན་དུ་བྱས་ནས་ཡིད་ལ་སེམས་པ་དང་། སོ་སོར་རྟོག་པའི་ལྷག་མ་ཅི་ཡང་ལུས་པ་མེད་པ་དང་། འདུས་བྱས་དང་། འདུས་མ་ བྱས་ཐམས་ཅད་ཡོངས་སུ་ཚོལ་བ་མེད་པ་ལ་དགོད་པར་བྱའོ་སྙམ་མོ། ། དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་འདི་ནི་མཆོག་ཏུ་བདེ་ཞིང་ཡོངས་སུ་ཚོལ་བ་ཐམས་ཅད་ལུས་པ་མེད་པའི་ཕྱིར་དང་། ཡོངས་སུ་ཚོལ་བ་གཏན་དུ་ཞི་ཞིང་ཡོངས་སུ་ཟད་པའི་ཕྱིར་རོ། ། བློ་གྲོས་མཐའ་ཡས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གོ་ཆ་ཆེན་པོ་དེ་ལྟ་བུ་བགོས་ནས་གཞན་ཡང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་ཡོངས་སུ་བསྡུ་བའི་ཕྱིར། ཐེག་པ་ཆེན་པོ་ལ་ཞོན་ནས་འདི་སྙམ་དུ་ཐེག་པ་ཆེན་པོ་འདི་ལ་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ བཅིབས་ནས་ངེས་པར་བྱུང་བར་གྱུར་ཏོ། ། མ་བྱོན་པའི་སངས་རྒྱས་རྣམས་ཀྱང་འདི་ལ་བཅིབས་ནས་ངེས་པར་འབྱུང་བར་འགྱུར་རོ། །
BOད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་འདི་ལ་བཅིབས་ནས་ངེས་པར་བྱུང་བར་གྱུར་ཀྱང་གཤེགས་པར་གྱུར་པ་ཡང་མེད་ལ། བཅིབས་ པ་དང་། ངེས་པར་འབྱུང་བ་ཡང་མེད་དོ་སྙམ་མོ། ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། བྱེད་པ་མེད་པའི་ཕྱིར་ངེས་པར་བྱུང་བར་གྱུར་བ་ཡང་མ་ཡིན། ངེས་པར་འབྱུང་བ་ཡང་མ་ཡིན། ངེས་པར་འབྱུང་བར་ འགྱུར་བ་ཡང་མ་ཡིན་ནོ། ། ཐེག་པ་འདི་ལ་ཞོན་ནས་དེ་ལྟར་ངེས་པར་འབྱུང་བ་གང་ཡིན་པ་དེ་དག་ནི་ལེགས་པར་བྱུང་བ་ཡིན་ཏེ། མངོན་པར་ཞེན་པ་མེད་པས་ཆོས་ཐམས་ཅད་འདུས་པ་ཡང་མ་ཡིན། འདུས་པ་མེད་པ་ཡང་མ་ཡིན་པས་འོང་བ་མེད་པ་འགྲོ་བ་མེད་པ་ཡིན་ནོ། ། ཐེག་ པ་འདི་ལམ་གང་གིས་ངེས་པར་འབྱུང་བའི་ཚེ་ཡང་འདུས་པ་མ་ཡིན་པས་འོང་བ་མེད་པ་འགྲོ་བ་མེད་པ་ཡིན་ནོ། ། ཐེག་པ་འདི་དང་། ལམ་འདིས་གོ་ཆ་ཆེན་པོ་བྱས་ནས་ངེས་པར་འབྱུང་བའི་ཚེ་ཡང་འདུས་པ་ཡང་མ་ཡིན། འདུས་པ་མེད་པ་ཡང་མ་ཡིན་པས་འོང་བ་མེད་པ་འགྲོ་བ་མེད་པ་ ཡིན་ཏེ། དམིགས་སུ་མེད་པའི་ཕྱིར་རོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གོ་ཆ་འདི་དང་།
BOཐེག་པ་འདི་དང་ལམ་འདིས་དེ་ལྟར་གཞོལ་བར་བྱེད་དོ། ། གཞན་ཡང་གོ་ཆ་འདི་དང་། ཐེག་པ་འདི་དང་ལམ་འདིས་གཞོལ་བར་བྱེད་པའི་ཚེ་ འདི་སྙམ་དུ་སོ་སོའི་སྐྱེ་བོའི་ཆོས་གང་ཡིན་པ་དང་། ཉན་ཐོས་ཀྱི་ཆོས་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ཆོས་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་ཡིན་པའི་ཆོས་དེ་དག་བདག་དང་ཉེ་བ་ཞིག་གམ། འོན་ཏེ་ཐག་རིང་བ་ཞིག་ཅེས་ཡོངས་སུ་རྟོག་པར་མི་བྱེད་དོ། ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པའི་ཆོས་གང་ཡིན་པ་དེ་དག་བདག་དང་ཉེ་བ་ཞིག་གམ། འོན་ཏེ་ཐག་རིང་བ་ཞིག་ཅེས་ཡོངས་སུ་རྟོག་པར་མི་བྱེད་དོ། ། ཡོངས་སུ་སྐྱེ་བ་དང་བྲལ་བ་དང་འགག་པར་འགྱུར་ བ་ནས། མྱ་ངན་ལས་འདས་པ་ཆེན་པོའི་བར་གྱི་གོ་ཆ་དེ་དག་ལ་ཡང་བདག་དང་ཉེ་བ་ཞིག་གམ། འོན་ཏེ་ཐག་རིང་བ་ཞིག་ཅེས་ཡོངས་སུ་རྟོག་པར་མི་བྱེད་དོ། ། བློ་གྲོས་མཐའ་ཡས་གོ་ཆ་ཆེན་པོ་འདི་དང་། ཐེག་པ་འདི་དང་། ལམ་འདི་དག་ལ་ནི་བྱང་ཆུབ་སེམས་དཔའ་ ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་།
BOསེམས་ཅན་ཐམས་ཅད་གང་གིས་ཀྱང་བསྒུལ་བར་མི་ནུས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱེད་དོ། ། བློ་གྲོས་མཐའ་ཡས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ གོ་ཆ་འདི་དང་། ཐེག་པ་འདི་དང་། ལམ་འདི་ལ་གཡོ་བ་མི་མངའ་བ་བརྙེས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། ཆོས་ཉིད་ཀྱི་མཚན་ཉིད་མི་འཐུན་པ་དང་བྲལ་བའི་ ཕྱིར་དང་། མཚན་མ་རྣམ་པར་དག་པའི་ཕྱིར་དང་། ཡོངས་སུ་རྣམ་པར་དག་པའི་ཕྱིར་དང་། མཚན་མ་དག་གིས་སོ་སོར་བརྟག་པ་དང་། མཆོག་ཏུ་སོ་སོར་བརྟག་པ་དང་། ཀུན་ཏུ་སོ་སོར་བརྟག་པར་བྱ་བ་མ་ཡིན་ནོ། ། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ ཀྱིས་སོ་སོར་བརྟག་པ་དང་། མཆོག་ཏུ་སོ་སོར་བརྟག་པ་དང་། ཀུན་ཏུ་སོ་སོར་བརྟག་པར་བྱ་བ་མ་ཡིན་ནོ། ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་དང་། མཚན་མ་མེད་པ་དང་། བསྟན་དུ་མེད་པ་དང་། བརྗོད་དུ་མེད་པ་གང་ཡིན་པ་འདི་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། ། བློ་གྲོས་ མཐའ་ཡས་གོ་ཆ་འདི་དང་། ཐེག་པ་འདི་དང་།
BOལམ་འདི་ལྟ་བུ་འདི་དག་གིས་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱང་དེ་བཞིན་དུ་བསྟན་དུ་མེད་ཅིང་བརྗོད་དུ་མེད་པ་ཡིན་ཡང་སེམས་ཅན་རྣམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་ཀྱི་སྣང་བ་འཕེལ་བར་བྱ་བའི་ཕྱིར་གོ་ཆ་འདི་དང་། ཐེག་པ་ འདི་དང་། ལམ་འདི་དག་བཏགས་པ་ཙམ་དུ་མདོར་བསྟན་པ་ཡིན་ནོ། ། དེང་ཁྱོད་ཀྱིས་གལ་ཏེ་གོ་ཆ་འདི་དང་། ཐེག་པ་འདི་དང་། ལམ་འདིའི་དོན་གྱི་རྗེས་སུ་འཇུག་ཅིང་སྤྱོད་པར་འདོད་ན་གདགས་པ་མེད་པ་དང་། བསྟན་པ་མེད་པ་དང་། བརྗོད་པ་མེད་པར་དོན་གྱི་རྗེས་སུ་འབྲང་བར་བྱའོ། ། དོན་གྱི་རྗེས་སུ་འབྲང་བ་གང་ཡིན་པ་དེ་དག་ལ་ནི་འདི་ནི་སྤྱད་པར་བྱའོ། ། ཞེས་བྱ་བ་ཡང་ཅུང་ཟད་ཀྱང་མེད་ལ། འདི་ནི་རྗེས་སུ་འབྲང་བར་བྱའོ་ཞེས་བྱ་བ་ཡང་ཅུང་ཟད་ཀྱང་མེད་པས་དོན་མ་ཡིན་པ་དེ་དག་གི་རྗེས་སུ་ནི་འབྲང་བར་མི་བྱེད་ལ་དོན་གང་ཡིན་པ་དེ་དག་གི་རྗེས་སུ་འབྲང་བར་བྱེད་དོ། ། དོན་གྱི་རྗེས་ སུ་འབྲང་བའི་ཚེ་སྒྲའི་རྗེས་སུ་འབྲང་བར་མི་བྱེད་དོ། ། ཡི་གེའི་རྗེས་སུ་འབྲང་བར་མི་བྱེད་དོ། ། ངག་གི་རྗེས་སུ་འབྲང་བར་མི་བྱེད་དེ། རྗེས་སུ་མི་འབྲང་བ་དེའི་རྗེས་སུ་མི་འཇུག་པ་གང་ཡིན་པའོ། །
BOདེ་ལ་དོན་གང་ཡིན་ཞེ་ན། འདི་ལྟ་སྟེ། གསང་སྟེ་བསྟན་པ་གང་ཡིན་པ་དག་ཡིན་པས་གསང་སྟེ། བསྟན་པ་རྣམས་རྗེས་སུ་རྟོགས་པར་བྱས་ནས་མངོན་པར་ཡིད་ཆེས་པས་སྤྱོད་པར་བྱའོ། ། མངོན་པར་ཡིད་ཆེས་པས་སྤྱོད་པ་གང་ཡིན་པ་དེ་དག་ནི་དོན་དེ་དག་ལ་རྣམ་པར་རྟོག་པར་མི་བྱེད་པས་རྣམ་པར་མི་རྟོག་པའི་རྗེས་སུ་འབྲང་བར་བྱེད་དེ། རྗེས་སུ་འབྲང་བར་བྱེད་པ་གང་ཡིན་པ་དེ་ནི་སྤྱོད་པ། མེད་ པ་དང་། རྗེས་སུ་འབྲང་བ་མེད་པ་ཞེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དོན་དེ་དག་ལ་སྤྱོད་པ་ཞེས་བྱ་བ་ཡང་ཅུང་ཟད་ཀྱང་མེད་ལ། རྗེས་སུ་འབྲང་བ་དང་། ཀུན་ཏུ་འགྲོ་བ་ཞེས་བྱ་བ་ཡང་ཅུང་ཟད་ཀྱང་མེད་དེ། སྤྱོད་པ་ཡོངས་སུ་སྤངས་པའི་ཕྱིར་རྗེས་སུ་འབྲང་བར་མི་བྱེད་དོ། ། བྱང་ཆུབ་ཀྱི་རྗེས་སུ་ འཐུན་པར་ཡང་མི་སྤྱོད་ལ་འཁོར་བའི་རྗེས་སུ་འཐུན་པར་ཡང་མི་སྤྱོད་དེ། རྗེས་སུ་འཐུན་པ་དང་། རྗེས་སུ་མི་འཐུན་པ་དེ་དག་ནི་ཡིད་ལ་བྱེད་པ་ཡང་མ་ཡིན། ཡང་དག་པའི་དྲན་པ་ཡང་མ་ཡིན་ཏེ། བསམ་པ་ཡོངས་སུ་དག་པར་གྱུར་པའི་ཕྱིར་ཏེ། རྗེས་སུ་འབྲང་བར་མི་བྱེད་དོ། །
BOབློ་གྲོས་མཐའ་ཡས་ཁྱོད་ཀྱིས་དོན་འདིའི་རྗེས་སུ་འབྲང་བར་བྱའི་ཐ་དད་པའི་སྤྱོད་པ་དང་ལྡན་པར་མི་བྱའོ། ། གལ་ཏེ་ཐ་དད་པའི་རྗེས་སུ་འབྲང་བར་བྱེད་ན་དེ་ནི་བརྗེད་ངས་པ་ཡིན་པས་སྒྲའི་རྗེས་སུ་འབྲང་བ་དང་། ཚིག་འབྲུ་དང་། ཡི་གེའི་རྗེས་སུ་འབྲང་བ་དང་། ངག་གི་རྗེས་སུ་འབྲང་བར་འགྱུར་ཏེ། ཚིག་གི་བརྗོད་པ་དེ་དག་ཀྱང་ཡོངས་སུ་སྤོང་བར་མི་འགྱུར་རོ། ། སྒྲ་ཡོངས་སུ་ཤེས་པ་དང་། ཚིག་འབྲུ་དང་། ཡི་གེ་ལས་ཡང་དག་པར་འདས་པ་དང་། ཚིག་གི་བརྗོད་པ་རྗེས་སུ་རྟོགས་པ་གང་ཡིན་པ་དེ་དག་ནི་དེ་ལྟར་རྗེས་སུ་འབྲང་བར་མི་བྱེད་པས། འཁོར་བར་འཇུག་པར་མི་འགྱུར་རོ། ། དོན་ འདི་ལ་དེ་ལྟར་རྗེས་སུ་འབྲང་བ་དང་། དེ་ལྟར་རྗེས་སུ་འཇུག་པ་གང་ཡིན་པ་དེ་དག་ལ་ནི་སྤྱོད་པ་ཅུང་ཟད་ཀྱང་མེད་དེ། སྤྱོད་པ་ཉེ་བར་ཞི་བར་གྱུར་པའི་ཕྱིར་རོ། ། བློ་གྲོས་མཐའ་ཡས་དོན་གྱི་རྗེས་སུ་འཇུག་པའི་ཚེ་མངོན་པར་འདུས་བྱས་པ་དང་བཅས་པས་དོན་གྱི་ རྗེས་སུ་འབྲང་བར་མི་བྱའོ། ། གལ་ཏེ་མངོན་པར་འདུ་བྱེད་པ་མེད་པར་དོན་གྱི་རྗེས་སུ་འབྲང་བར་བྱེད་ན་དེ་ནི་འོང་བ་མེད་པ་དང་། ཕྱིར་མི་ལྡོག་པར་མི་འགྱུར་བ་ཞེས་བྱ་སྟེ། འོང་བ་མེད་པ་དང་།
BOཕྱིར་ལྡོག་པར་མི་འགྱུར་བ་གང་ཡིན་པ་དེ་དག་ནི་གོ་ཆ་འདི་དང་ཐེག་པ་འདི་དང་། ལམ་འདི་ དང་། རྗེས་སུ་འཐུན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་བྱེད་པ་ཡིན་པས་སེམས་ཅན་རྣམས་ལ་ཕན་པ་ཆེན་པོ་བྱེད་པར་འགྱུར་རོ། ། བློ་གྲོས་མཐའ་ཡས་གང་གིས་ཆོས་འདི་དེ་ལྟར་སྟོན་པ་དང་། དོན་གྱི་རྗེས་སུ་འབྲང་བར་བྱེད་པ་དང་། རྗེས་སུ་ འཇུག་པར་བྱེད་པ་གང་ཡིན་པ་དེ་དག་ནི་སེམས་ཕྱིན་ཅི་ལོག་མེད་པ་དང་། ཐེ་ཚོམ་མེད་པའི་མོས་པ་ཡོངས་སུ་བསྒྲུབ་པ་ཡིན་པས་གོ་ཆ་འདི་དང་། ཐེག་པ་འདི་དང་། ལམ་འདི་ཡོངས་སུ་མ་བསྡུས་པ་གང་ཡིན་པ་དེ་དག་ནི་ཡོངས་སུ་བསྡུས་ནས་མྱུར་དུ་གཞོལ་བར་བྱེད་པས་གོ་ཆ་འདི་མ་ བགོས་པར་ཡང་མྱུར་དུ་བགོ་བར་བྱེད་དོ། ། ཐེག་པ་འདི་ལ་ད་དུང་ཞོན་པར་མ་གྱུར་པ་ཡང་མྱུར་དུ་ཞོན་པར་བྱེད་དོ། ། ལམ་འདི་ལ་གནས་པར་མ་གྱུར་པ་ཡང་མྱུར་དུ་གནས་པར་བྱེད་དོ། ། བློ་གྲོས་མཐའ་ཡས་སེམས་ཅན་དེ་དག་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡོངས་སུ་སྡུད་ པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྗེས་སུ་བསྲུང་ཞིང་དགོངས་པར་འགྱུར་བས་ཆོས་དང་འགལ་བ་མེད་པ་དང་། དགེ་འདུན་དང་འཐུན་པར་སྤྱོད་པར་འགྱུར་རོ།
BO། བློ་གྲོས་མཐའ་ཡས་ཁྱོད་ནི་དགེ་བའི་རྩ་བ་ཚད་མེད་པ་རྣམས་ཡོངས་སུ་བསྡུས་པ་ཡིན་པས་མ་འོངས་པའི་ དུས་སུ་ཆོས་འདིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ནས་སེམས་ཅན་རྣམས་ཀྱི་ཆེད་དུ་ཁུར་ལྕི་བ་བསྐུར་བར་བྱའོ། ། དེས་ན་བསོད་ནམས་ཀྱི་ཚད་ཤིན་ཏུ་བརྗོད་པར་དཀའ་བ་དག་རབ་ཏུ་འཐོབ་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་ པ། བྱང་ཆུབ་སེམས་དཔའ་འཇིགས་མེད་པས། ། དེ་ལྟར་གོ་ཆ་བགོས་པའི་ཚེ། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། གོ་ཆ་དཔག་མེད་བགོ་བར་བྱེད། ། སེམས་ཅན་གལ་ཏེ་ཕོངས་གྱུར་ཏམ། ། སྡུག་བསྔལ་ཆོས་ནི་མེད་པའི་ཚེ། ། ཚུལ་ཁྲིམས་དང་ནི་མང་དུ་ཐོས། ། ཤེས་རབ་ རྣམ་གྲོལ་ཚད་མེད་པ། ། གོ་ཆ་དཔག་མེད་རབ་བགོས་ནས། ། ཆོས་ཀྱིས་རབ་ཏུ་ཕྱུག་པོར་བྱེད། ། ཆོས་ཀྱིས་ཕྱུག་པོར་གྱུར་པའི་ཕྱིར། ། ཐམས་ཅད་བདེ་བ་ཐོབ་པར་བྱེད། ། དབུལ་བའི་སྡུག་བསྔལ་སྤངས་པའི་ཕྱིར། ། བླ་མེད་ཆོས་ནི་སྟོན་བྱེད་པས། ། ཐོས་པ་དག་ནི་རྡུལ་སྤངས་ནས། ། བདེ་ལམ་འདི་ལ་བཀོད་པར་བྱེད། ། ཚུལ་ཁྲིམས་ཕུང་པོ་རབ་རྒྱས་ཤིང་། ། མང་དུ་ཐོས་པ་རྒྱ་མཚོ་འདྲ། ། ཤེས་རབ་མཆོག་ནི་ཐོབ་པས་ན། །
BOདེས་ན་འཆིང་བ་གཅོད་པར་བྱེད། ། རྣམ་གྲོལ་ཀུན་ཏུ་གསལ་བྱེད་དང་། ། རྣམ་གྲོལ་ཡང་དག་ཤེས་མཐོང་བ། ། གང་གིས་མངོན་སུམ་ བྱེད་པ་ནི། ། ཐམས་ཅད་བདེ་བ་འཐོབ་པར་འགྱུར། ། འདོད་ཆགས་ཞེ་སྡང་གཏི་མུག་མེས། ། རྟག་ཏུ་སྲེག་ཅིང་ཀུན་གདུངས་པས། ། དེས་ན་སེམས་ཅན་སྡུག་བསྔལ་འགྱུར། ། མེ་དེ་བདག་གིས་གསད་པར་བྱ། ། སེམས་ཅན་རྣམས་ལ་སྨན་བཏང་ནས། ། ནད་རྣམས་ཐམས་ཅད་ བསལ་བར་བྱ། ། གལ་ཏེ་ནད་ནི་ཞི་གྱུར་ན། ། མྱ་ངན་འདས་དབྱིངས་ཕྱིན་པར་འགྱུར། ། ལྷག་མ་ཐམས་ཅད་གཏན་སྤངས་ནས། ། བདེ་གནས་ལ་ནི་གཞོལ་བར་བྱེད། ། བདེ་བའི་གནས་སུ་བཞག་པས་ན། ། ལྡོག་པར་གྱུར་པ་གང་ཡང་མེད། ། འདུས་བྱས་བདེ་བ་ཐམས་ཅད་ལ། ། ཡོངས་སུ་འཚོལ་བར་མི་བྱེད་ཅིང་། ། བླ་ན་མེད་པའི་བདེ་ཆེན་དག ། ཐམས་ཅད་མངོན་སུམ་བྱེད་པར་འགྱུར། ། སྤྲོས་པ་མེད་པའི་ཆོས་དག་གིས། ། སེམས་ཅན་ཡོངས་སུ་སྨིན་བྱེད་པས། ། མཐར་ཕྱིན་པ་ཡི་བདེ་བ་དག ། ཐམས་ཅད་རབ་ཏུ་འཐོབ་པར་བྱེད། ། དེ་ལྟ་བུར་ནི་གང་ གཞོལ་བ། ། ལན་ཅིག་སོང་ནས་ཕྱིར་མི་ལྡོག ། གཞོལ་བ་ལས་ནི་ཡང་དག་འདས། ། མཆོག་ཏུ་བདེ་བ་རྟག་ཏུ་ཐོབ། ། བདེ་བ་ཆེན་པོ་དག་གིས་ནི། ། མོས་པ་དང་ནི་མི་མོས་པ། །
BOགཞོལ་བ་དང་ནི་གཞོལ་མེད་པ། ། ཐམས་ཅད་རབ་ཏུ་སྤོང་བར་བྱེད། ། དེ་ལྟར་གོ་ཆ་བགོས་ནས་ཀྱང་། ། ཐེག་པ་འདི་ལ་ཞོན་ནས་ནི། ། སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། ། ཐམས་ཅད་ཡོངས་སུ་གཟུང་བར་བྱ། ། འདས་པའི་ཐམས་ཅད་མཁྱེན་པ་རྣམས། ། ཐེག་པ་འདི་ཡིས་ངེས་བྱུང་གྱུར། ། མ་བྱོན་ཐམས་ཅད་མཁྱེན་རྣམས་ཀྱང་། ། ཐེག་པ་འདི་དབང་ངེས་ འབྱུང་འགྱུར། ། ད་ལྟར་སངས་རྒྱས་བཅོམ་ལྡན་འདས། ། ཐེག་པ་འདི་དབང་ངེས་འབྱུང་བརྙེས། ། དེ་ཕྱིར་ཐེག་པ་འདི་ལ་ནི། ། མ་བཅིབས་པ་ནི་གང་ཡང་མེད། ། འཇིག་རྟེན་དག་ལ་མགོན་མཛད་པས། ། རྒྱལ་བ་དག་ནི་ཐམས་ཅད་ཀུན། ། ཐེག་པ་འདི་ཡིས་ངེས་འབྱུང་ཡང་། ། ཐེག་པའི་འདུ་ཤེས་སྐྱེད་མི་མཛད། ། ཐེག་པ་མེད་པས་ཐེག་པ་མཛད། ། ལམ་མེད་པ་ལ་ལམ་དུ་མཛད། ། ངེས་འབྱུང་མེད་པར་ངེས་པར་བྱུང་། ། དེ་ཕྱིར་ངེས་འབྱུང་བླ་ན་མེད། ། ཐེག་པ་འདི་ནི་ངེས་འབྱུང་ཚེ། ། ངེས་འབྱུང་ཅུང་ཟད་ཡོད་མ་ཡིན། ། སྟོང་པ་མཚན་མ་མེད་པ་དང་། ། སྨོན་ མེད་བྱེད་པ་མེད་ཕྱིར་རོ། ། ཐེག་མིན་ངེས་བྱུང་མ་ཡིན་པ། ། དེ་ནི་ཐེག་ཆེན་ཞེས་བྱའོ། ། ཐམས་ཅད་རབ་ཏུ་མཉམ་པས་ན། ། དེས་ན་ཡང་དག་གཞོལ་བར་བྱེད། ། ཐེག་པ་འདི་ལ་འདུས་པ་མེད། །
BOམ་འདུས་པ་ཡང་ཡོད་མ་ཡིན། ། བླ་མེད་ལམ་ལ་གཞོལ་བྱེད་པས། ། བདེ་བ་ཆེན་པོ་ མངོན་དུ་བྱེད། ། ཐེག་པ་འདི་ལ་མཚུངས་ལྡན་མེད། ། མཚུངས་མི་ལྡན་པ་ཡོང་མ་ཡིན། ། གནས་པ་མེད་ཅིང་རྟེན་པ་མེད། ། དེས་ན་རབ་ཏུ་གཞོལ་བར་བྱེད། ། ལམ་འདི་ལ་ནི་འོང་བ་མེད། ། ལམ་འདི་ལ་ནི་བགྲོད་པ་མེད། ། ཡང་དག་ལམ་འདི་གང་སྤྱོད་པ། ། རབ་དབེན་ཡང་དག་གཞོལ་བར་ འགྱུར། ། ངས་ནི་ལམ་འདི་ཐེག་འདི་དང་། ། གོ་ཆ་ཆེན་པོ་འདི་དག་ནི། ། ཆོས་ལ་རྟེན་པར་མི་བྱེད་པས། ། རབ་དབེན་བླ་མེད་མཆོག་ཏུ་བསྟན། ། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། ། ཉན་ཐོས་ཆོས་ནི་ཐམས་ཅད་དང་། ། རང་རྒྱལ་ཆོས་རྣམས་ཐམས་ཅད་ཀྱང་། ། ཐམས་ཅད་ དམིགས་སུ་མེད་པ་ཡིན། ། སངས་རྒྱས་ཆོས་ནི་ཐམས་ཅད་དང་། ། དྲི་མེད་བླ་ན་མེད་པའི་ཆོས། ། རིང་བ་མ་ཡིན་ཉེ་མིན་པས། ། ཐམས་ཅད་དམིགས་སུ་མེད་པ་ཡིན། ། སྟོད་དང་མཚན་མ་མེད་པའི་ཆོས། ། སྨོན་དང་བྱེད་པ་མེད་ཆོས་ཀྱང་། ། རིང་བ་མ་ཡིན་ཉེ་མིན་པས། ། ཐམས་ཅད་ དམིགས་སུ་མེད་པ་ཡིན། ། སྐྱོན་བྲལ་དང་ནི་འགགས་པའི་ཆོས། ། རབ་དབེན་མྱ་ངན་འདས་པའི་ཆོས། ། རིང་བ་མ་ཡིན་ཉེ་མིན་པས། ། ཐམས་ཅད་དམིགས་སུ་མེད་པ་ཡིན། །
BOཐེག་པ་འདི་དང་གོ་ཆ་འདི། ། ལམ་འདི་ལ་ནི་འཛིན་མེད་ཅིང་། ། བླ་མེད་གཡོ་བ་མེད་པས་ན། ། མཐར་ནི་ གང་ཡང་དམིགས་སུ་མེད། ། ཆོས་ཀྱི་རང་བཞིན་ཐམས་ཅད་དང་། ། དེ་ཁོ་ན་ཡི་མཚན་ཉིད་ནི། ། གདགས་སུ་རུང་བ་མ་ཡིན་ཏེ། ། ཆོས་ཉིད་རྣམས་ནི་སྟོང་ཕྱིར་རོ། ། ཐེག་པ་འདི་དང་གོ་ཆ་འདི། ། ལམ་འདི་བསྟན་དུ་མེད་པ་ཡིན། ། ཆོས་རྣམས་རང་བཞིན་ཇི་ལྟ་བ། ། དེ་ཡི་རང་བཞིན་དེ་ བཞིན་ནོ། ། ཆོས་རྣམས་དག་ནི་ཐམས་ཅད་ལ། ། མཚན་ཉིད་རང་བཞིན་མེད་པའི་ཆོས། ། ང་ཡིས་མདོར་ནི་བསྟན་པ་ཡིན། ། ཆོས་རྣམས་ཐམས་ཅད་དག་ལ་ནི། ། རང་བཞིན་མཚན་ཉིད་ཐམས་ཅད་ཀུན། ། ཇི་ལྟར་ངས་ནི་བཤད་པ་བཞིན། ། མཐར་ནི་ཡོད་པར་མི་འགྱུར་རོ། ། ཐེག་པ་ འདི་དང་ལམ་འདི་དང་། ། གོ་ཆའི་རང་བཞིན་མཚན་ཉིད་ལ། ། ཚིག་གིས་བརྗོད་པ་རབ་བསལ་ནས། ། མཐར་ནི་དམིགས་པར་འགྱུར་མ་ཡིན། ། ཚིག་ནི་ཡོད་པ་མ་ཡིན་ཕྱིར། ། ངོ་མཚར་རབ་ཏུ་གྱུར་པ་ཡིན། ། ཚིག་གི་བརྗོད་པ་དེ་དག་ལ། ། ངག་གི་མཚན་ཉིད་ཡོད་མ་ཡིན། ། ཆོས་ རྣམས་དག་ནི་གཞལ་དུ་མེད། ། མཆོག་དང་ཀུན་ཏུ་གཞལ་དུ་མེད། ། ཐམས་ཅད་དཔག་ཏུ་མེད་པས་ན། ། དེ་ཕྱིར་ཆོས་ནི་བླ་ན་མེད། ། ཐེག་པ་འདི་དང་གོ་ཆ་འདི། །
BOལམ་འདི་ཡང་ནི་དེ་བཞིན་དུ། ། མཚན་མ་མེད་པ་དེ་དག་ལ། ། དེ་ལྟར་རྗེས་སུ་འཇུག་པར་བྱ། ། སེམས་ཅན་རྣམས་ ནི་ཀུན་གྱིས་ཀྱང་། ། ཡོངས་ཤེས་ནན་ཏན་བསྒྲུབ་པ་དང་། ། མྱུར་དུ་ཆོས་སྣང་ཐོབ་བྱའི་ཕྱིར། ། དེ་ཕྱིར་ངས་ནི་དེ་སྐད་བསྟན། ། ཆོས་རྣམས་ལ་ནི་ཚིག་མེད་པས། ། ཐམས་ཅད་བརྗོད་དུ་མེད་པ་ཡིན། ། ཆོས་རྣམས་དེ་དག་ཀུན་ལ་ནི། ། ཐམས་ཅད་རྗེས་སུ་འཇུག་པར་བྱ། ། ཆོས་ ལ་ཚིག་ནི་མེད་པའི་ཕྱིར། ། དེ་ཡི་རྗེས་སུ་འབྲང་བར་བྱ། ། སྤྱོད་ཀྱང་སྤྱད་པ་ཅུང་ཟད་མེད། ། ཐམས་ཅད་ཆོས་ནི་སྤྱོད་པ་མེད། ། ཚོལ་བ་མེད་ཅིང་མོས་ཚོལ་མེད། ། འགྲོ་བ་མེད་པས་རྗེས་སུ་འབྲང་། ། དེ་ལྟར་རྗེས་སུ་གང་འབྲང་བ། ། དོན་ལ་སོ་སོར་རྟོག་མི་བྱེད། ། ཁྱོད་ ཀྱིས་ཡང་དག་བདེན་པའི་དོན། ། ཐམས་ཅད་རྗེས་སུ་འབྲང་བར་བྱ། ། སྒྲ་རྣམས་དང་ནི་ཚིག་གི་ནི། ། རྗེས་སུ་འཇུག་པར་མི་བྱའོ། ། སྒྲ་རྣམས་དང་ནི་ཚིག་དག་གི ། རྗེས་སུ་གལ་ཏེ་མི་འཇུག་ན། ། དོན་གྱི་རྗེས་སུ་འབྲང་བྱེད་པས། ། འདི་ནི་དོན་ ཚོལ་ཞེས་ཀྱང་བྱ། ། དོན་ཅེས་བྱ་བ་གང་ཞེ་ན། ། གསང་སྟེ་གསུངས་པར་རིག་པར་བྱ། ། རྣམ་རྟོག་མེད་ལ་ཡིད་ཆེས་པས། ། དོན་དེའི་རྗེས་སུ་འབྲང་བར་བྱ། །
BOདོན་དེ་གསལ་བར་རབ་རྟོགས་ན། ། གསང་སྟེ་གསུངས་པ་དེ་དག་ལ། ། འཛིན་མེད་ཞེན་པ་མེད་པ་དང་། ། འབྲང་དང་རྗེས་སུ་འཇུག་མི་འགྱུར། ། གལ་ཏེ་རྗེས་སུ་འབྲང་བྱེད་ན། ། མངོན་ཤེས་རྗེས་སུ་འབྲང་བར་བྱེད། ། གལ་ཏེ་རྗེས་སུ་མི་འབྲང་ན། ། ཐམས་ཅད་རྗེས་སུ་འཇུག་མི་འགྱུར། ། ཡང་དག་དྲན་པ་དེ་དབང་གིས། ། རྗེས་སུ་འཇུག་པ་སྤོང་བར་བྱེད། ། བྱང་ཆུབ་ དང་ནི་འཁོར་བ་དང་། ། གཉི་ག་ཡང་ནི་མཚུངས་མི་ལྡན། ། དེ་ལ་བསམ་པར་མི་བྱེད་པས། ། བསམ་མེད་ཡང་དག་དྲན་པ་ཡིན། ། བསམ་པ་ཡོངས་སུ་དག་པའི་ཕྱིར། ། རྣམ་པར་དག་པ་ཞེས་བྱའོ། ། འདི་དང་ཐ་དད་སྒྲུབ་བྱེད་ན། ། བླ་མེད་ཆོས་ནི་སྤོང་བར་ འགྱུར། ། ཁྱོད་ཀྱིས་དོན་དེ་དག་ལ་ནི། ། ཇི་སྐད་བསྟན་བཞིན་བསྒྲུབ་པར་བྱ། ། གལ་ཏེ་ཚིག་གི་རྗེས་འབྲང་ན། ། དེ་ནི་སྒྲ་ཡི་རྗེས་འབྲང་བས། ། དེ་ལས་ཡང་དག་མི་འདའ་ཞིང་། ། འཇིག་རྟེན་ཆོས་དང་མཚུངས་པར་འགྱུར། ། སྒྲ་དང་ཚིག་འབྲུ་ཡི་གེ་རྣམས། ། དེ་དག་རྗེས་སུ་འཇུག་མི་བྱ། ། ཡང་དག་དོན་ནི་རྟོགས་བྱས་ཏེ། ། བགྲོད་པ་མེད་པས་རྗེས་འབྲང་བྱ། ། ཡང་དག་དོན་ལ་སྒྲ་ཡང་མེད། ། ཚིག་འབྲུ་ཡི་གེ་ཡོད་མ་ཡིན། ། ཚིག་ལས་ཡང་དག་འདས་པའི་ཕྱིར། །
BOཡང་དག་དོན་ཅེས་བྱ་བ་ཡིན། ། དོན་དེའི་རྗེས་སུ་འབྲང་ བྱེད་ཀྱང་། ། རྗེས་སུ་འབྲང་བ་ཅི་ཡང་མེད། ། འབྲང་བར་བྱ་བ་ཞི་བའི་ཕྱིར། ། ཡང་དག་དོན་ཅེས་བྱ་བ་ཡིན། ། ཡང་དག་དོན་ནི་དེ་དག་ལ། ། འབྲང་བ་མེད་པ་འབྲང་མེད་པས། ། དེ་ནི་ཕྱིར་ལྡོག་མི་འགྱུར་ཞིང་། ། གོ་ཆ་སྤོང་བར་མི་བྱེད་དོ། ། གོ་ཆ་ཆེན་པོ་ཐེག་ཆེན་དང་། ། ལམ་ཆེན་རྗེས་སུ་གང་འབྲང་བ། ། བདེ་བའི་གནས་སུ་བགྲོད་བྱས་ནས། ། སེམས་ཅན་རྣམས་ལ་ཕན་བྱེད་འགྱུར། ། རབ་ཏུ་བདེ་བའི་ཆོས་འདི་དག ། ངས་ནི་ཁྱོད་ལ་རབ་ཏུ་བཤད། ། ཁྱོད་དོན་རྗེས་སུ་འབྲང་བྱེད་ན། ། ཁྱོད་ཀྱི་ཐེ་ཚོམ་ཆད་པར་འགྱུར། ། ཐེག་པ་འདི་ལ་གང་ ཞོན་པ། ། ཞོན་ནས་རབ་ཏུ་བགྲོད་བྱེད་ན། ། བྱང་ཆུབ་ཆེན་པོར་མྱུར་ཕྱིན་ནས། ། བླ་མེད་སངས་རྒྱས་མངོན་སུམ་བྱེད། ། ཐེག་པ་མཆོག་ཏུ་གྱུར་པ་འདི། ། བཞོན་བྱེད་གང་ཡིན་མྱུར་ཞོན་བྱེད། ། ལམ་དང་གོ་ཆ་ཆེན་པོ་ཡི། ། དོན་དག་ཀྱང་ནི་དེ་བཞིན་ནོ། ། བླ་ན་མེད་པའི་ ཆོས་འདི་ལ། ། ནན་ཏན་གྱིས་ནི་གང་སྒྲུབ་པ། ། སེམས་ཅན་དེ་དག་ཐམས་ཅད་ལ། ། སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར། ། མ་འོངས་འཇིག་པའི་དུས་ཀྱི་ཚེ། ། ཁྱོད་ཀྱིས་ཆོས་འདི་རབ་ཕྱེ་ནས།
BO། སེམས་ཅན་རྣམས་ལ་རྒྱ་ཆེར་ནི། ། ཕན་པ་དག་ནི་རབ་ཏུ་བྱོས། ། མ་འོངས་འཇིག་པའི་དུས་ཀྱི་ཚེ། ། གལ་ཏེ་ཆོས་འདི་རབ་ཕྱེ་ནས། ། བླ་མེད་བསོད་ནམས་སྐྱེ་འགྱུར་བས། ། དེ་ཡི་གྲངས་ནི་གཞལ་མི་ནུས། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བགོས་པའི་གོ་ཆ་གང་ཡིན་པ་དེ་ནི་རྒྱལ་པོ་ཆེན་པོ་ཞེས་ བྱའོ། ། དཔག་ཏུ་མེད་པའི་རྒྱལ་པོ་ཞེས་ཀྱང་བྱའོ། ། བཀོད་པ་ཆེན་པོ་དང་ལྡན་པས་བཞོན་པའི་ཐེག་པ་ཞེས་ཀྱང་བྱའོ། ། དེད་དཔོན་ཆེན་པོ་ཞེས་ཀྱང་བྱའོ། ། དཔག་ཏུ་མེད་པའི་འོད་ཅེས་ཀྱང་བྱའོ། ། བཀོད་པ་དམ་པ་དང་ལྡན་པ་བགྲོད་པར་བྱ་བའི་ལམ་ཞེས་ཀྱང་བྱའོ། ། བཀོད་པ་ཚད་མེད་པའི་ཚོགས་ཞེས་ཀྱང་བྱའོ། ། ཐབས་ཚད་མེད་པའི་ཚོགས་ཞེས་ཀྱང་བྱ་སྟེ། ལམ་འདིའི་དབང་གིས་སྐྱེས་བུ་དམ་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱའོ། ། གཞན་ཡང་བློ་གྲོས་མཐའ་ཡས་སྔོན་འདས་ པའི་དུས་ཀྱི་བསྐལ་པ་ཚད་མེད་ཅིང་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
BOབླ་ན་མེད་པའི་སྐྱེས་བུ་འདུལ་བ་ཁ་ ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཙན་དན་སྤོས་ཀྱི་འོད་ཟེར་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བསྐལ་པའི་མིང་ནི་གློག་གི་འོད་ཅེས་བྱའོ། ། འཇིག་རྟེན་གྱི་ཁམས་ནི་རབ་ཏུ་སྣང་བ་ཞེས་བྱ་སྟེ། དེའི་ཚེ་ ཞིང་དེས་གཞི་ལག་མཐིལ་ལྟར་མཉམ་ཞིང་མི་གཙང་བ་རྣམ་པ་སྣ་ཚོགས་དང་། གྱོ་མོ་དང་། གསེག་མ་དང་། ཚེར་མ་དང་། སྡོང་དུམ་ལ་སོགས་པ་མེད་དེ་གསེར་དང་། དངུལ་གྱི་བྱེ་མ་གཅལ་དུ་བཀྲམ་པས་འཇིག་རྟེན་གྱི་ཁམས་དེ་གང་གིས་མཐོང་བ་རབ་ཏུ་དགའ་བར་ གྱུར་ཏོ། ། དེའི་ཚེ་གླིང་བཞི་པོ་རྣམས་ཡངས་ཤིང་རྒྱ་ཆེ་བས་ཐམས་ཅད་ཀྱང་དཔག་ཚད་འབུམ་ཕྲག་གཉིས་གཉིས་ཀྱིས་འཁོར་བར་གྱུར་ཏེ། གླིང་རེ་རེ་ན་ཡང་གྲོང་ཁྱེར་ཆེན་པོ་བཞི་ཁྲི་བརྒྱད་སྟོང་ཡོད་དེ། ། གྲོང་ཁྱེར་རེ་རེའི་ཚད་ཀྱང་ཞེང་དུ་དཔག་ཚད་བཅུ་དང་། སྲིད་དུ་ དཔག་ཚད་བཅུ་གཉིས་ཡོད་དེ། ཐ་མའི་ར་བ་ཡང་ཤིན་ཏུ་མཐོ་ཞིང་བཀོད་པ་དང་ལྡན་པར་གྱུར་ཏོ། ། གྲོང་ཁྱེར་རེ་རེ་ན་ཡང་མི་བྱེ་བ་ཕྲག་བརྒྱད་བརྒྱད་གནས་ཏེ། དེ་ཡང་གྲོང་རྡལ་ཁྲི་དང་། སྐྱེད་མོས་ཚལ་སྟོང་གིས་བསྐོར་ནས་རབ་ཏུ་བརྒྱན་པར་གྱུར་ཏོ། །
BOགཞན་ཡང་ཞིང་ ཁམས་དེ་ན་མེ་ཏོག་གི་ལྗོན་ཤིང་དང་། འབྲས་བུའི་ལྗོན་ཤིང་དང་། སྤོས་ཀྱི་ལྗོན་ཤིང་དང་། གོས་ཀྱི་ལྗོན་ཤིང་དང་། རོ་མཆོག་ཏུ་གྱུར་པའི་ལྗོན་ཤིང་དང་། རྡོ་རྗེའི་ལྗོན་ཤིང་རྣམ་པ་སྣ་ཚོགས་ཀྱི་བཀོད་པ་དང་། རྫིང་དང་། རྫིང་བུ་དང་། ཆུ་མིག་དང་། འབབ་ཆུ་རྣམས་ ཀྱང་གཡས་གཡོན་གྱི་འགྲམ་དྲང་ཞིང་མཛེས་པ་དང་། ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་རབ་ཏུ་གང་བ་དང་། དེ་ན་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་ཁ་དོག་སྣ་ཚོགས་ཀྱི་འོད་དང་ལྡན་པས་ཀུན་ཏུ་ཁྱབ་པར་གྱུར་ཏོ། ། དེ་བཞིན་གཤེགས་ པ་ཙན་དན་སྤོས་ཀྱི་འོད་ཟེར་དེའི་སྐུའི་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་བརྒྱད་ཐུབ་པར་གྱུར་ཏོ། ། ཉན་ཐོས་ཀྱི་འཁོར་ནི་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་མངའ་བར་གྱུར་ཏོ། ། དེའི་ཚེ་མི་རྣམས་བྱད་བཞིན་སྡུག་ཅིང་མཛེས་པ་དང་། རབ་ཏུ་བདེ་བ་དང་ལྡན་པ་དང་། འདོད་ ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པས་གདུལ་སླ་བ་དང་། ཅུང་ཟད་ཙམ་ཞིག་བཤད་ཅིང་བསྟན་པས་ཀྱང་ཆོས་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་ཡོངས་སུ་ཤེས་པར་གྱུར་ཏོ། །
BOབློ་གྲོས་མཐའ་ཡས་གཞན་ཡང་དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དོན་ ཐམས་ཅད་གྲུབ་པ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། གླིང་བཞི་པ་རྣམས་སྐྱབས་སུ་དོང་བ་ཞིག་བྱུང་སྟེ། འཛམ་བུའི་གླིང་དེ་ན་གྲོང་ཁྱེར་ཆེན་པོ་ཆུ་ཞེང་དུ་དཔག་ཚད་བཞི་བཅུས་འཁོར་བ་ཞིག་ཡོད་དེ། མིས་རབ་ཏུ་གང་བ། བདེ་ཞིང་འབྱོར་པ་དང་ལྡན་པ། གྲོང་ ཁྱེར་གྱི་ནང་དུ་དཔག་ཚད་ལྔ་ཚུན་ཆད་རིན་པོ་ཆེ་སྣ་བདུན་གྱིས་གཅལ་དུ་བཀྲམ་པ། ཤིང་ཏ་ལ་མཆོག་རྣམས་ཀྱང་དྲིལ་བུ་གཡེར་ཀ་སྤྱངས་ཤིང་གསེར་ཡང་དག་པའི་དྲ་བས་གཡོགས་པ་དག་གིས་ཀུན་ཏུ་གང་བར་གྱུར་ཏོ། ། རྒྱལ་པོ་དེའི་ཕོ་བྲང་ནི་བཻཌཱུ་རྱ་འབའ་ཞིག་ལས་ བྱས་ཤིང་ཞེང་དུ་དཔག་ཚད་གཅིག་ཡོད་དེ། ངོས་བཞི་ན་ཀ་བ་སྟོང་སྟོང་ཡོད་དོ། ། ཕོ་བྲང་གཞལ་མེད་ཁང་དེའི་སྟེང་ན་ཡང་ཁང་པ་བརྩེག་མ་ཤིན་ཏུ་མཐོ་ཞིང་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་སྟོང་ཡོད་དོ། ། ཕོ་བྲང་གཞལ་མེད་ཁང་དེའི་མདུན་ན་སྤོས་ཀྱི་རྫིང་ ཆེན་པོ་ཤིན་ཏུ་དང་བ་ཞིག་ཡོད་དེ། དེའི་ཉེ་འཁོར་ན་གཞན་ཡང་སྤོས་ཀྱི་འོད་དང་ལྡན་པའི་རྫིང་བུ་ཕྲ་མོ་རིན་པོ་ཆེ་སྣ་བདུན་ལས་མངོན་པར་གྲུབ་པ་བཅུ་དྲུག་ཡོད་དེ།
BOདེ་དག་གིས་མཐའ་མ་འཁོར་བར་བསྐོར་ཏོ། ། རྫིང་བུ་རེ་རེ་ལས་ཀྱང་འབབ་ཆུ་དག་རབ་ཏུ་འབབ་པས་དེ་ ལས་དཔེར་ན་རོལ་མོ་མང་པོ་བྱས་པ་ལྟ་བུའི་སྒྲ་སྙན་པ་དག་བྱུང་བར་གྱུར་ཏོ། ། རྫིང་བུ་ཕྲ་མོ་རེ་རེ་ལ་ཡང་ལམ་སྟེགས་བརྒྱད་བརྒྱད་ཡོད་དོ། ། སྤོས་ཀྱི་འོད་ཀྱི་རྫིང་ཆེན་པོ་ལ་ནི་ལམ་སྟེགས་སུམ་ཅུ་རྩ་གཉིས་ཡོད་དེ། ལམ་སྟེགས་ཐམས་ཅད་ཀྱང་གསེར་འབའ་ཞིག་ལས་ མངོན་པར་གྲུབ་པ། རིན་པོ་ཆེའི་ཤིང་ལྗོན་པ་ཕྲེང་དུ་དཀྲིགས་པ། རིན་པོ་ཆེའི་དྲ་བས་གཡོགས་པ། སྤོས་མཆོག་དམ་པའི་དྲིས་གྲོང་ཁྱེར་ཀུན་ཏུ་གང་བར་བྱེད་པའི་ཕྱིར་རྫིང་དེ་དག་སྤོས་ཀྱི་འོད་ལྡན་ཞེས་བྱའོ། ། བློ་གྲོས་མཐའ་ཡས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ ལ་བཙུན་མོ་བཞི་ཡོད་དེ། དཔག་མེད་སྤོས་དང་། ལེགས་པའི་དབྱངས་དང་། དམ་པ་སྣ་ཚོགས་ཀྱི་དབྱངས་དང་། ངང་པའི་རྒྱལ་པོ་ལྟ་བུའི་དབྱངས་ཞེས་བྱ་བ་དག་ཡིན་ནོ། ། བཙུན་མོ་རེ་རེ་ལ་ཡང་བུ་གཉིས་གཉིས་ཡོད་དེ། གདོན་མི་ཟ་བའི་མཆོག་ དང་། བཟང་པོའི་མཆོག་དང་། ཀླུའི་མཆོག་དང་། མཆོག་གི་དབྱངས་དང་། དམ་པའི་དབྱངས་དང་། ཚངས་པའི་དབྱངས་དང་། མཆོག་གི་སྤྲིན་དང་། སྤྲིན་གྱི་དབྱངས་ཞེས་བྱ་བ་དག་ཡིན་ནོ། །
BOདེ་ལ་སླས་ནི་འབུམ་ཕྲག་དྲུག་ཡོད་དེ། བུ་ནི་སྟོང་ཕྲག་བཅུ་ཡོད་དོ། ། དེའི་ཚེ་ རྒྱལ་པོའི་ཕོ་བྲང་གི་ནང་དུ་འཁོར་རྣམས་དང་ལྷན་ཅིག་ཏུ་དགའ་བ་མྱོང་ཞིང་རྩེ་བ་ལས་ནམ་མཁའ་ལས་དེ་བཞིན་གཤེགས་པའི་སྐུ་ཤིན་ཏུ་མཛེས་པ་ཞིག་མཐོང་ངོ་། ། དེ་ནས་དེ་བཞིན་གཤེགས་པ་དེས་རྒྱལ་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀྱེ་རྒྱལ་པོ་ཆེན་པོ་བླ་ན་མེད་པའི་གོ་ ཆ་བགོས་ཏེ། བླ་ན་མེད་པའི་ཐེག་པ་ལ་ཞོན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞོལ་ཞིང་སེམས་ཅན་རྣམས་ལ་ཤེས་རབ་ཀྱི་སྨན་གཏང་བར་བྱའི། ལྷ་དང་མིའི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མངོན་པར་ཞེན་པར་མི་བྱའོ། ། གོ་ཆ་ཆེན་པོ་འདིས་ནི་ བླ་ན་མེད་པའི་བདེ་བ་ཡོངས་སུ་སྡུད་པར་བྱེད་དོ། ། བླ་ན་མེད་པའི་ཐེག་པ་འདིས་ཀྱང་སྐྱེ་དགུ་རྣམས་བླ་ན་མེད་པའི་སྐྱེད་མོས་ཚལ་དུ་རབ་ཏུ་འདྲེན་པར་བྱེད་དེ། གང་གིས་དེར་ཞུགས་པས་དེ་དག་ནི་ཕྱིར་ལྡོག་པར་མི་འགྱུར་རོ། ། ལྷ་དང་མི་ཐམས་ཅད་ཀྱི་འདོད་པ་རྣམ་པ་སྣ་ ཚོགས་ནི་མི་རྟག་པ། རྣམ་པར་འཇིག་ཅིང་ཡོངས་སུ་འགྱུར་བའི་ཆོས་ཅན། མཐུ་ཡུན་རིང་དུ་མི་གནས་པ། དེ་མ་ཐག་ཏུ་འགག་པའི་ཆོས་ཅན་ཡིན་ནོ་ཞེས་གསུངས་སོ། །
BOབློ་གྲོས་མཐའ་ཡས་དེའི་ཚེ་རྒྱལ་པོ་ཆེན་པོ་དོན་ཐམས་ཅད་གྲུབ་པས་དེ་སྐད་ཅེས་བཀའ་ སྩལ་པ་ཐོས་པ་དང་། དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། སུ་ཞིག་གོ་ཆ་ཆེན་པོ་དེ་ལྟ་བུ་རབ་ཏུ་སྟོན་པར་བགྱིད། གོ་ཆ་དེ་ཇི་ལྟ་བ་བཞིན་དུ་རབ་ཏུ་བགོ་བར་བགྱིའོ། ། སུ་ཞིག་ཐེག་པ་ཆེན་པོ་དེ་ལྟ་བུ་རབ་ཏུ་སྟོན་པར་བགྱིད། ཐེག་པ་ཆེན་པོ་དེ་ཇི་ལྟ་ བ་བཞིན་དུ་དེ་ལ་འཚལ་བར་བགྱིའོ། ། སུ་ཞིག་ལམ་ཆེན་པོ་དེ་ལྟ་བུ་རབ་ཏུ་སྟོན་པར་བགྱིད། ལམ་ཆེན་པོ་དེ་ཇི་ལྟ་བ་བཞིན་དུ་རབ་ཏུ་གཞོལ་བར་བགྱིའོ། ། དེ་སྐད་ཅེས་གསོལ་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་དེས་རྒྱལ་པོ་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། ། ཀྱེ་རྒྱལ་པོ་ཆེན་པོ་འདི་ལྟར་ཤེས་པར་གྱིས་ཤིག ། དེ་བཞིན་གཤེགས་པ་ཙན་དན་སྤོས་ཀྱི་འོད་ཟེར་ཞེས་བྱ་བ་ཡོད་ཀྱིས། རྒྱལ་པོ་དེའི་ཐད་དུ་སོང་ཤིག་དང་། རྒྱལ་པོ་ཆེན་པོ་ལ་ཇི་ལྟར་གོ་ཆ་ཆེན་པོ་བགོ་བ་དང་། ཐེག་པ་ཆེན་པོ་ལ་ཞོན་པ་དང་། ལམ་ཆེན་པོ་ལ་གཞོལ་བར་བྱ་བའི་ཆོས་དེ་ཡང་དག་པར་སྟོན་པར་འགྱུར་རོ། ། དེ་ནས་དེ་བཞིན་གཤེགས་པ་དེས་དེ་སྐད་ཅེས་བཀའ་སྩལ་ནས་མི་སྣང་བར་གྱུར་ཏོ། །
BOབློ་གྲོས་མཐའ་ཡས་དེའི་ཚེ་རྒྱལ་པོ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དངོས་པོ་དེ་ལྟ་བུ་མཐོང་བ་དང་། བ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་ངོ་མཚར་གྱི་བསམ་པ་དང་། འཇིགས་པའི་སེམས་སྐྱེས་པས་ལྷ་དང་། མིའི་འདོད་པའི་བདེ་བ་སྣ་ཚོགས་ལ་མ་མོས་ཤིང་འདུས་བྱས་ཐམས་ཅད་ལ་ཡོངས་སུ་སྐྱོ་བར་གྱུར་ནས། གོ་ཆ་ཆེན་པོ་དང་། ཐེག་པ་ཆེན་པོ་དང་། ལམ་ཆེན་པོ་ ཡོངས་སུ་གཉེར་བའི་ཕྱིར་རྒྱལ་བུ་བརྒྱད་དང་། བཙུན་མོ་བཞི་དང་། བུ་གཞན་རྣམས་དང་། སླས་དང་། གཡོག་འཁོར་རྣམས་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ཙན་དན་སྤོས་ཀྱི་འོད་ཟེར་ག་ལ་བ་དེ་ལོགས་སུ་དོང་ངོ་། ། དེར་ཕྱིན་པ་དང་། འཁོར་དང་བཅས་ཏེ་ གུས་པས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་རྣམ་པ་སྣ་ཚོགས་བརྒྱ་སྟོང་དུ་མས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མངོན་པར་གཏོར་ཏོ། ། གཞན་ཡང་ན་བཟའ་ ཚད་མེད་པ་སྙེད་དེ། དེ་བཞིན་གཤེགས་པ་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕུལ་ལོ། ། གཞན་ཡང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ལོ་སྟོང་ཕྲག་བཅུའི་བར་དུ་བསྙེན་བཀུར་བ་དང་། རིམ་གྲོ་དང་། མཆོད་པ་བྱས་སོ། །
BOདེའི་འོག་ཏུ་རྒྱལ་ ཐབས་སྤངས་ནས་འཁོར་དང་བཅས་དེ། དེ་བཞིན་གཤེགས་པ་ཙན་དན་སྤོས་ཀྱི་འོད་ཟེར་གྱི་གསུང་རབ་ལས་རབ་ཏུ་བྱུང་ངོ་། ། བློ་གྲོས་མཐའ་ཡས་དེ་བཞིན་གཤེགས་པ་ཙན་དན་སྤོས་ཀྱི་འོད་ཟེར་དེས་དགེ་སློང་དོན་ཐམས་ཅད་གྲུབ་པ་དང་། འཁོར་རྣམས་ཀྱི་མོས་པའི་བསམ་པ་ཐུགས་སུ་ཆུད་ནས་གོ་ཆའི་བཀོད་པ་དང་། ཐེག་པ་ཆེན་པོའི་བཀོད་པ་གང་ཡིན་པ་རྣམ་པར་ཕྱེ་སྟེ། དེ་དག་ལ་ཡང་དག་པར་བསྟན་ཏོ། ། དེ་དག་གིས་ཐོས་པར་གྱུར་པ་དང་། ཤིན་ཏུ་བརྟན་པའི་སེམས་བསྐྱེད་ ནས་ཆོས་ཟབ་མོའི་ཕྱིར་ཇི་སྲིད་འཚོའི་བར་དུ་ལུས་དྲང་པོར་བསྲང་སྟེ། ནན་ཏན་གྱིས་ནུར་བ་མེད་པར་བསྒོམས་པ་དང་། རྟག་ཏུ་དེ་བཞིན་གཤེགས་པ་ལ་བརྟེན་པས་འཇིག་རྟེན་པའི་འདོད་པ་ཐམས་ཅད་ཀྱིས་མི་གཡོས་པའི་ཡིད་ལ་བྱེད་པ་ཐོབ་པར་ གྱུར་ཏོ། ། བློ་གྲོས་མཐའ་ཡས་དེའི་ཚེ་དེ་བཞིན་གཤེགས་པ་དེས་དགེ་སློང་དོན་ཐམས་ཅད་གྲུབ་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེང་ཁྱོད་གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་ལ་ཞོན་ཏེ། ལམ་ལ་ཡང་དག་པར་གཞོལ་བར་བྱེད་ན་ལམ་འདིའི་དབང་ གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མཚུངས་པ་མེད་པའི་ཡེ་ཤེས་མངོན་པར་འགྲུབ་པར་འགྱུར་གྱིས།
BOཁྱོད་ཀྱིས་ཚུལ་བཞིན་དུ་ནན་ཏན་བརྩོན་འགྲུས་ཀྱིས་བསྒོམ་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དོན་ཐམས་ཅད་གྲུབ་པ་དེས་དེ་ བཞིན་གཤེགས་པ་ཙན་དན་སྤོས་ཀྱི་འོད་ཟེར་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ནི་ད་ལྟར་གོ་ཆ་ཞེས་བགྱི་བའི་ཆོས་ཡང་དག་པར་རྗེས་སུ་མ་མཐོང་། གོ་ཆ་བགོས་པར་བགྱིད་པ་ཡང་ཡང་དག་པར་རྗེས་སུ་མ་མཐོང་། གོ་ཆ་བགོས་ ནས་བགྲོད་པར་བགྱིད་པའི་ཕྱོགས་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། ། གོ་ཆ་བགོས་པའི་གནས་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། ། བཅོམ་ལྡན་འདས་བདག་གིས་ནི་ཐེག་པ་ཞེས་བགྱི་བའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་། ཐེག་པ་ ཆེན་པོ་ལ་བཞོན་པར་བགྱིད་པ་ཡང་ཡང་དག་པར་རྗེས་སུ་མ་མཐོང་། ཐེག་པས་བགྲོད་པར་བགྱིད་པའི་ཕྱོགས་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་། ཐེག་པ་ཆེན་པོ་ལ་འཚལ་བའི་གནས་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། ། བཅོམ་ལྡན་འདས་ བདག་གིས་ནི་ལམ་ཞེས་བགྱི་བའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་། ལམ་འདིའི་དབང་གིས་གཞོལ་བར་གྱུར་པ་དང་། གཞོལ་བར་འགྱུར་བ་དང་། གཞོལ་བར་བགྱི་བ་ཡང་དག་པར་རྗེས་སུ་མ་མཐོང་།
BOལམ་གྱིས་བགྲོད་པར་བགྱི་ བའི་ཕྱོགས་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་། ལམ་གྱིས་གནས་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། ། བཅོམ་ལྡན་འདས་བདག་གིས་ནི་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐག་རིང་བ་ཞེས་བགྱི་བ་འམ། ཐག་ཉེ་བ་ཞེས་བགྱི་ བ་འམ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བགྱི་བ་ཡང་དག་པར་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། ། བདག་དེ་ལྟར་རྣམ་པར་ལྟ་བ་ན་ཆོས་ཅུང་ཟད་ཙམ་ཡང་རྙེད་པར་བགྱི་བའམ་མངོན་དུ་བགྱི་བ་ཡང་དག་པར་ མ་མཐོང་ལགས་སོ། ། བདག་ལ་ནི་མངོན་དུ་བགྱི་བ་ཅི་ཡང་མ་མཆིས་ན། བཅོམ་ལྡན་འདས་ཅིའི་སླད་དུ་བདག་ལ་གོ་ཆ་ཆེན་པོ་བགོས་ནས་ཐེག་པ་ཆེན་པོ་ལ་ཞོན་ཏེ་ལམ་ལ་ཡང་དག་པར་གཞོལ་བར་བྱེད་དམ་ཞེས་བཀའ་སྩལ་ལགས། བཅོམ་ལྡན་འདས་ ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ལགས་པས་ཇི་ལྟར་བདག་ཅག་ལ་སོགས་པས་ཆོས་ལ་མངོན་པར་བསྒྲུབ་པར་བགྱིད་པ་ནི་དེ་བཞིན་གཤེགས་པ་ཉག་གཅིག་གིས་ཐུགས་སུ་ཆུད་ཀྱི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་མ་ ལགས་སོ་ཞེས་གསོལ་ཏོ། །
BOབློ་གྲོས་མཐའ་ཡས་དགེ་སློང་དོན་ཐམས་ཅད་གྲུབ་པས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་དེ་སྐད་སྨྲས་པའི་ཚེ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། ཆོས་ཀྱི་བཟོད་པ་ ཐོབ་པའི་ཕྱིར་ཐམས་ཅད་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཙན་དན་སྤོས་ཀྱི་འོད་ཟེར་གྱིས་ཀྱང་ཁྱོད་བསྐལ་བ་གྲངས་མེད་པ་ལྔ་བརྒྱ་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། ། དེ་དག་གིས་ལུང་བསྟན་པ་ཐོས་པས་རབ་ཏུ་དགའ་བར་གྱུར་ནས་ནམ་མཁའ་ལ་ཏ་ལ་བདུན་ཙམ་དུ་འཕགས་ཏེ། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ། གྲགས་པ་ཆེན་པོ་ཚད་མེད་པས། ། རི་རྒྱལ་བཞིན་དུ་མངོན་པར་འཕགས། ། བཅོམ་ལྡན་ཐམས་ཅད་མཁྱེན་པ་ཡིས། ། ཡོན་ཏན་རྣམས་ནི་སྟོན་པར་མཛད། ། སངས་རྒྱས་སྤྱན་ནི་གསལ་གཟིགས་པས། ། ཉི་མ་བཞིན་དུ་སྣང་བར་མཛད། ། གཙོ་བོ་འཁོར་འདུས་བཞུགས་པ་ཡི། ། ཞབས་ ལ་བདག་ནི་ཕྱག་འཚལ་ལོ། ། ཡོན་ཏན་ཚོགས་ནི་ཚད་མེད་ཅིང་། ། སངས་རྒྱས་མཁྱེན་པ་ཡོངས་རྫོགས་པས། ། བདག་ལ་སོགས་པས་སངས་རྒྱས་ཀྱི། །
BOབླ་མེད་ཡེ་ཤེས་ཐོབ་པར་འགྱུར། ། བླ་མེད་སྣང་བ་ཆེན་པོ་ཡིས། ། ལྷ་མི་མ་ལུས་གསལ་མཛད་པས། ། ཆོས་ཀྱི་གཏེར་ནི་རབ་ཕྱེ་ནས། ། ཡོན་ཏན་རྒྱ་མཚོ་དཔག་མེད་སྟོན། ། མཁྱེན་པ་རྟག་ཏུ་མི་ཉམས་ཤིང་། ། ཡང་དག་སངས་རྒྱས་ཉོན་མོངས་སྤངས། ། ཤེས་རབ་འོད་ལྡན་བརྩོན་འགྲུས་ཆེ། ། ཡོན་ཏན་ཟབ་ལ་བདག་ཕྱག་འཚལ། ། ཀླུ་ཆེན་བཀོད་པ་ཆེན་པོ་སྟེ། ། མཚན་མང་དག་གིས་སྐུ་རབ་བརྒྱན། ། བཞུགས་པ་དག་ནི་རི་རབ་འདྲ། ། འཁོར་བཞུགས་དཔེ་ཟླ་ཡོང་མ་མཆིས། ། འཇིག་རྟེན་འདྲེན་པ་རབ་མཛད་པས། ། ལྷ་མི་འཁོར་ནི་ཟིལ་གྱིས་གནོན། ། ཆོས་སྟོན་པ་ལ་བསྙེངས་མི་མངའ། ། སྐྱེས་མཆོག་ལ་ནི་བདག་ ཕྱག་འཚལ། ། བཅོམ་ལྡན་ཐུབ་པ་ཆེན་པོ་ནི། ། ཡོན་ཏན་དཔག་མེད་མཚོ་ལགས་པས། ། བདག་ཅག་ཆོས་མིག་རྣམ་པར་ཕྱེ། ། བདག་ཅག་གོ་ཆ་རབ་ཏུ་བཀོན། ། བདག་ཅག་དུས་ནི་ཐམས་ཅད་དུ། ། ཐེག་པ་ཆེ་ལ་རབ་འཚལ་ནས། ། རྟག་ཏུ་ལམ་མཆོག་འདི་དག་ ལ། ། གཞོལ་བགྱིད་གཞན་དུ་མི་མཆིའོ། ། ཐུབ་པ་ཆེན་པོ་དཔའ་བོའི་གཙོ། ། ཆོས་རྣམས་ཐམས་ཅད་ཐུགས་སུ་ཆུད། ། འཇིག་རྟེན་དག་ན་ལྷག་མ་མཆིས། ། བདག་ཅག་སྲོག་ཕྱོགས་སྐྱབས་སུ་མཆི། །
BOབློ་གྲོས་མཐའ་ཡས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་སྤོས་ཀྱི་འོད་ཟེར་དེས་ཆོས་འདི་བསྟན་པས། སེམས་ཅན་ཚད་མེད་གྲངས་མེད་པ་རྣམས་ཡོངས་སུ་སྨིན་པར་མཛད་དོ། ། དགེ་སློང་དོན་ཐམས་ཅད་གྲུབ་པ་དེ་ཕྱིན་ཅད་འཁོར་དང་བཅས་ཏེ། སངས་རྒྱས་ བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་སྙེད་ལ་རིམ་གྲོ་དང་། མཆོད་པ་བྱས་པས་བསྐལ་པ་གྲངས་མེད་པ་ལྔ་བརྒྱ་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏེ། མཚན་ཡང་དེ་བཞིན་གཤེགས་པ་སྤྱོད་ ཡུལ་དཔག་ཏུ་མེད་པ་ལས་ཡང་དག་པར་འདས་པའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ། ། སངས་རྒྱས་ངའི་ཞིང་གི་ཡོན་ཏན་དང་། ཆུ་ཞིང་གི་མཚན་ཉིད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་སྤོས་ཀྱི་འོད་ཟེར་གྱི་ཞིང་ཁམས་ རབ་ཏུ་སྣང་བ་དང་ཐ་དད་པ་མེད་པར་གྱུར་ཏོ། ། ཉན་ཐོས་རྣམས་ཀྱི་གྲངས་ཀྱང་ཚད་མེད་པར་གྱུར་ཏོ། ། རྒྱལ་པོའི་བཙུན་མོ་དང་། རྒྱལ་བུ་དང་འཁོར་རྣམས་ཀྱང་བསྐལ་པ་གྲངས་མེད་པ་ལྔ་བརྒྱ་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་པར་གྱུར་ཏོ། །
BOབློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གོ་ཆ་ཆེན་པོ་བགོས་པས་ཐེག་པ་ཆེན་པོ་ལ་ཞོན་ཏེ། ལམ་འདིས་ཆོས་ཀྱི་སྒྲོན་མ་ཆེན་པོ་བཟུང་ནས་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པ་དང་། ཆོས་ཀྱི་འོད་ཟེར་ཆེན་པོ་འགྱེད་པ་ དང་། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བ་དང་། ཆོས་ཀྱི་རྔ་ཆེན་པོ་རྡུང་བ་དང་། ཆོས་ཀྱི་གྲུ་ཆེན་པོར་ཞུགས་ནས་ཆོས་ཆེན་པོ་ཡོངས་སུ་བསྡུས་ཏེ། རབ་ཏུ་གཞོལ་བར་བྱེད་པ་དང་། སྐྱེས་བུ་དམ་པའི་རྣམ་པར་རྩེན་པས་རྣམ་པར་རྩེ་བ་དང་། ཆོས་ཀྱི་ཆར་ གྱིས་སེམས་ཅན་རྣམས་ཚིམ་པར་བྱས་ནས་རབ་ཏུ་དགའ་བར་བྱེད་པ་དང་། ནན་ཏན་བརྩོན་འགྲུས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ལམ་འདི་ལ་གནས་པའི་ཚེ་ཆོས་ཀྱི་སྣང་བ་ཆེན་པོ་འཐོབ་པར་འགྱུར་ཏེ། སྣང་བ་འཐོབ་པར་འགྱུར་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཐམས་ཅད་རང་བཞིན་གྱིས་གཟོད་མ་ཉིད་ནས་སྟོང་པ་དང་། རང་བཞིན་གྱིས་མཚན་མ་མེད་པ་དང་། རང་བཞིན་གྱིས་འབྱུང་བ་མེད་པར་མཐོང་བས་གཟུགས་ལ་གཟུགས་ཉིད་དུ་མི་མཐོང་སྟེ། ཚོར་བ་དང་།
BOའདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཡང་དེ་བཞིན་ནོ། ། རྣམ་པར་ཤེས་པ་ལ་ཡང་རྣམ་པར་ཤེས་པ་ཉིད་དུ་མི་མཐོང་བས་རྣམ་པར་ཤེས་ པ་ཐ་དད་པའི་རྐྱེན་ལས་འབྱུང་བ་དང་། རྣམ་པར་ཤེས་པའི་མཚན་ཉིད་རང་བཞིན་གྱིས་གཟོད་མ་ཉིད་ནས་སྟོང་བ་དང་། རང་བཞིན་གྱིས་མཚན་མ་མེད་པ་དང་། རང་བཞིན་གྱིས་འབྱུང་བ་མེད་དེ་རྒྱུ་རྐྱེན་མང་པོར་གཏོགས་པ་ཙམ་ཡིན་པར་རབ་ཏུ་རྟོགས་སོ། ། རྒྱུ་ རྐྱེན་འདུས་པར་མཐོང་བ་ན་རྒྱུ་རྐྱེན་ཉིད་ཀྱང་སྟོང་པ་དང་། མཚན་མ་མེད་པ་དང་། འབྱུང་བ་མེད་པར་རབ་ཏུ་ཤེས་སོ། ། དེ་ལྟར་མཐོང་བའི་ཚེ་མིག་ལ་མིག་ཉིད་དུ་མི་ལྟ་སྟེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ཡང་དེ་བཞིན་ནོ། ། ཡིད་ལ་ ཡང་ཡིད་ཉིད་དུ་མི་མཐོང་བས་ཡིད་ཐ་དད་པའི་རྐྱེན་ལས་བྱུང་བ་དག་ཡིད་ཀྱི་མཚན་ཉིད་རང་བཞིན་གྱིས་གཟོད་མ་ཉིད་ནས་སྟོང་པ་དང་། རང་བཞིན་གྱིས་མཚན་མ་མེད་པ་དང་། རང་བཞིན་གྱིས་འབྱུང་བ་མེད་པར་རབ་ཏུ་རྟོགས་སོ། ། སའི་ཁམས་དང་། ཆའི་ཁམས་ དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་བར་ལ་ཡང་བྱེད་པ་མེད་པ་དང་།
BOམྱོང་བ་མེད་པར་རབ་ཏུ་ཤེས་སོ། ། ཆོས་ཅུང་ཟད་ཙམ་ལ་ཡང་ ཆོས་ཅུང་ཟད་ཙམ་དུ་མི་མཐོང་སྟེ། ཐ་དད་པའི་རྐྱེན་ལས་བྱུང་ཞིང་རྒྱུ་དང་རྐྱེན་མང་པོར་གཏོགས་པས་རང་བཞིན་གྱིས་མཚན་མ་མེད་པ་དང་། རང་བཞིན་གྱིས་འབྱུང་བ་མེད་པ་ཞེས་བྱའོ། ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱང་སྟོང་པ་དང་། མཚན་མ་མེད་པ་དང་། འབྱུང་བ་མེད་པར་རབ་ཏུ་ཤེས་སོ། ། བློ་གྲོས་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལམ་དེ་ལ་གནས་པའི་ཚེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་པར་བྱེད་པ་ཡིན་ཏེ། དེ་ལྟར་བརྟགས་པས་ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་ བར་འབྱུང་བའི་དེ་ཁོ་ན་ཉིད་ཀྱི་མཐའ་མངོན་སུམ་དུ་རྟོགས་པར་འགྱུར་ཏེ། ཆོས་ཀྱི་སྣང་བ་དེ་དག་ཐམས་ཅད་ཀྱི་དབང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་དང་། བྱམས་ པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ནས་སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་ཀྱི་བར་རྣམས་ཀྱང་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །
BOདེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། བྱང་ ཆུབ་སེམས་དཔའ་འཇིགས་མེད་པས། ། དེ་ལྟར་གནས་པ་མེད་པས་ན། ། ཆོས་ཀྱི་སྣང་ཆེན་རབ་བྱས་ནས། ། ཤེས་པ་དམ་པས་གཞོལ་བར་བྱེད། ། ཆོས་ཆེན་རྒྱལ་མཚན་འཛུགས་བྱེད་པས། ། རྒྱལ་མཚན་འདི་ནི་བླ་ན་མེད། ། སངས་རྒྱས་ཆོས་ནི་ཐམས་ ཅད་ལ། ། ཡང་དག་དྲན་པས་གཞོལ་བར་བྱེད། ། ཤེས་རབ་ལེགས་པས་རྣམ་པར་རྩེན། ། ཆོས་ཀྱིས་སེམས་ཅན་སྦྱིན་པ་གཏོང་། ། ཆོས་ཆེན་ཆར་ནི་རབ་འབེབས་ཤིང་། ། འཇིགས་པ་མེད་པས་གཞོལ་བར་བྱེད། ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། ཆོས་ཀྱི་སྣང་ཆེན་ཐོབ་པས་ན། ། ཡང་དག་པ་ཡི་ཆོས་དག་ལ། ། དཔའ་བོས་ལེགས་པར་གནས་པར་བྱེད། ། ཆོས་ཀྱི་སྣང་བ་དེ་དབང་གིས། ། ཆོས་རྣམས་ཐམས་ཅད་རྟོགས་པར་བྱེད། ། རྐྱེན་ནི་མང་ལས་བྱུང་བའི་ཕྱིར། ། ཐམས་ཅད་བརྟན་བདེན་གང་ ཡང་མེད། ། ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་། ། རང་བཞིན་ཉིད་ཀྱིས་མཚན་མ་མེད། ། རང་བཞིན་ཉིད་ཀྱིས་སྐྱེ་བ་མེད། ། རང་བཞིན་ཉིད་ཀྱིས་ངོ་བོ་མེད། ། ཆོས་རྣམས་རྐྱེན་ནི་མང་པོ་དག ། ལྷན་ཅིག་འདུས་ལས་བྱུང་བ་ཡིན། ། རྐྱེན་ནི་མང་པོ་འདུས་པའི་ཕྱིར། །
BOརང་བཞིན་གྱིས་ནི་མེད་པ་ཡིན། ། བྱང་ཆུབ་སེམས་དཔའི་རྐྱེན་རྣམས་ལ། ། སོ་སོར་རྟོག་པས་སྟོང་པར་རིག ། རྐྱེན་རྣམས་རང་བཞིན་གྱིས་སྟོང་བས། ། རང་བཞིན་གྱིས་ནི་མཚན་མ་མེད། ། སྐྱེ་བ་དག་ནི་ཡོད་མ་ཡིན། ། བྱ་ བ་དག་ཀྱང་ཡོད་པ་མིན། ། དེ་ལྟར་སོ་སོར་གང་རྟོགས་པ། ། ཆོས་ལ་ནན་ཏན་སྒྲུབ་པར་བྱེད། ། རྟེན་འབྲེལ་ངོ་བོ་ཉིད་མེད་ཕྱིར། ། རྐྱེན་རྣམས་ཀྱང་ནི་རྐྱེན་མ་ཡིན། ། དེ་ལྟར་ཚུལ་བཞིན་གང་རྟོག་པ། ། ཆོས་རྣམས་ཐམས་ཅད་ཤེས་པར་འགྱུར། ། གཟུགས་དང་ ཚོར་བ་འདུ་ཤེས་དང་། ། འདུ་བྱེད་རྣམ་ཤེས་དེ་བཞིན་རྟོག ། རྒྱུ་དང་རྐྱེན་ནི་མང་པོ་ལས། ། ཕུང་པོ་རྣམས་ནི་བྱུང་བ་ཡིན། ། ཕུང་པོ་ཡང་དག་མེད་པས་ན། ། རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་། ། ངོ་བོ་སྟོང་ཕྱིར་མཚན་མ་མེད། ། ཐམས་ཅད་སྐྱེ་བ་གང་ཡང་མེད། ། ཕུང་པོ་རྣམས་ནི་མཚན་མ་སྤངས། ། མཚན་མ་སྤངས་པས་སྐྱེ་བ་མེད། ། སྐྱེ་བ་མེད་པས་འགག་པ་མེད། ། ཕུང་པོ་མཚན་ཉིད་དེ་འདྲའོ། ། མཚན་མེད་མི་བདེན་མཚན་མར་མཐོང་། ། མཚན་མ་དེ་ནི་གང་ལས་ཡོད། ། ཆོས་རྣམས་ངོ་བོ་ཉིད་མེད་ཕྱིར། ། ཕུང་ པོ་འདི་ཡང་རང་བཞིན་མེད། ། དེ་བཞིན་ཁམས་དང་སྐྱེ་མཆེད་ཀྱང་། །
BOཐམས་ཅད་རྐྱེན་ལས་བྱུང་བས་ན། ། རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་། ། མཚན་མ་མེད་ཅིང་ངོ་བོ་མེད། ། ཆོས་རྣམས་དག་ནི་ཐམས་ཅད་ལ། ། ཆོས་ཀྱི་ངོ་བོ་མི་དམིགས་པར། ། ཆོས་ རྣམས་ཐམས་ཅད་གང་ཤེས་པ། ། དེ་ནི་དོན་སེམས་པ་ཞེས་བྱ། ། འདོད་དང་གཟུགས་དང་གཟུགས་མེད་ཁམས། ། ཐམས་ཅད་རྐྱེན་ལས་བྱུང་བས་ན། ། རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་། ། མཚན་མ་མེད་ཅིང་ངོ་བོ་མེད། ། འདི་ལ་རྟོག་པའི་ཡེ་ཤེས་དེ། ། ཇི་ ལྟར་ཡུལ་དེ་ཤེས་པར་འགྱུར། ། ཡེ་ཤེས་འདི་དང་ཡུལ་དེ་དག ། རང་བཞིན་རྟག་ཏུ་སྤངས་པས་ན། ། སྐྱེ་བ་དང་ནི་རྐྱེན་མང་པོ། ། འདི་གཉིས་ལ་ཡང་བྱེད་པ་མེད། ། བྱེད་མེད་དེ་ལྟར་གང་ཤེས་པ། ། དེ་ནི་ཡང་དག་མཚན་ཉིད་ཡིན། ། མཚན་ཉིད་མེད་ཀྱང་མཚན་ཉིད་བཤད། ། བྱང་ ཆུབ་སེམས་དཔའ་དེར་ཞུགས་ཀྱང་། ། མཚན་ཉིད་མཚན་ཉིད་མེད་པར་ཡང་། ། རྣམ་པར་རྟོག་པར་མི་བྱེད་དོ། ། དེ་ལྟར་རབ་ཏུ་གང་ཤེས་པ། ། ཡང་དག་མཚན་ཉིད་མཐོང་བས་ན། ། ཆོས་རྣམས་ཀྱི་ནི་དབྱིངས་དག་ལ། ། ཆོས་ཀྱི་འདུ་ཤེས་ཅུང་ཟད་མེད། ། ཆོས་རྣམས་དང་ནི་ཆོས་ཀྱི་ དབྱིངས། ། འདི་གཉིས་ལ་ཡང་མཚན་མ་མེད། ། ཆོས་རྣམས་མཚན་མ་སྤངས་པས་ན། །
BOཆོས་ཀྱི་དབྱིངས་ཞེས་བཤད་པ་ཡིན། ། ཆོས་ཀྱི་དབྱིངས་ཞེས་གང་བཤད་པ། ། དབྱིངས་མེད་དབྱིངས་མེད་པ་ཡང་མིན། ། ཆོས་ཀྱི་དབྱིངས་ཞེས་རབ་བསྟན་ཀྱང་། ། ཡང་དག་པར་ནི་དམིགས་སུ་ མེད། ། དོན་འདི་རབ་ཏུ་སེམས་པའི་ཚེ། ། དམིགས་སུ་མེད་པར་མི་སེམས་ཤིང་། ། རྣམ་རྟོག་རྣམས་ནི་སྤངས་བའི་ཕྱིར། ། ཆོས་ཀྱི་སྣང་ཆེན་ཐོབ་པར་འགྱུར། ། ཆོས་རྣམས་རང་བཞིན་མེད་པའི་ཕྱིར། ། སྣང་བ་ལ་ཡང་རང་བཞིན་མེད། ། དེ་ལྟར་སོ་སོར་རྟོག་པའི་ཕྱིར། ། ཆོས་ཀྱི་སྣང་བ་ཐོབ་པ་ཡིན། ། རྟོག་མེད་ཡེ་ཤེས་མི་མཐོང་ཞིང་། ། ལྟ་བ་འདི་ཡང་མི་མཐོང་བ། ། ཆོས་རྣམས་མི་བདེན་མཐོང་བའི་ཕྱིར། ། འདི་ལ་རྟོག་པར་བྱེད་ཅེས་བསྟན། ། ཆོས་ཀྱི་སྣང་བ་བསམ་མི་ཁྱབ། ། མཐའ་མེད་ཅིང་ནི་ཚད་ཀྱང་མེད། ། ཆོས་རྣམས་སྟོང་པར་མཐོང་བས་ན། ། རྣམ་པར་མི་རྟོག་པ་ཞེས་བཤད། ། ཆོས་རྣམས་ དང་ནི་མཚན་ཉིད་རྣམས། ། རྟག་ཏུ་ཐོབ་དང་འཇུག་མེད་པའི། ། རྣམ་དག་ཆོས་སྒྲ་འདི་ཐོས་ན། ། དགའ་བ་ཆེན་པོ་རབ་ཏུ་བསྐྱེད། ། གལ་ཏེ་ཆོས་ནི་སྐྱེ་མེད་དང་། ། རྟག་ཏུ་རྣམ་རྟོག་མེད་པ་ཡི། ། རྣམ་དག་ཆོས་སྒྲ་འདི་ཐོས་ནས། ། རབ་དབེན་བདེ་བ་ཐོབ་པར་འགྱུར། །
BOགལ་ཏེ་མ་འོངས་དུས་ཀྱི་ཚེ། ། བླ་མེད་ ཆོས་ནི་ཐོས་གྱུར་ན། ། སེམས་ཅན་དེ་དག་ཡུན་རིང་ནས། ། ཡོན་ཏན་བསགས་པ་བཤད་པར་བྱ། ། གལ་ཏེ་མ་འོངས་དུས་ཀྱི་ཚེ། ། བླ་མེད་ཆོས་འདི་ཐོས་གྱུར་ན། ། དེ་ནི་ཡང་དག་ཆོས་འདི་ལ། ། མྱུར་བ་ཁོ་ནར་གཞོལ་བར་འགྱུར། ། ། ། བམ་པོ་ལྔ་པ། གཞན་ཡང་བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དེ་ལྟར་ཆོས་ཐམས་ཅད་ལ་སོ་སོར་རབ་ཏུ་རྟོག་པར་བྱེད་པའི་ཚེ་ཆོས་རྣམས་ལ་ཆོས་ཀྱི་སྣང་བ་ཐོབ་པས་སྟོང་པ་ཉིད་ལ་སྟོང་པ་ཉིད་དུ་མི་བལྟའོ། ། སྟོང་པ་ཉིད་ལས་ལོགས་ཤིག་ན་ཡང་སྟོང་པ་ཉིད་དུ་མི་ བལྟའོ། ། ཆོས་འགའ་ཙམ་ཡང་སྟོང་པ་ཉིད་དང་མཚུངས་པར་ལྡན་པ་འམ། མཚུངས་པར་མི་ལྡན་པར་ཡང་དག་པར་རྗེས་སུ་མི་བལྟའོ། ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་སྟོང་པ་འམ་མི་སྟོང་པར་ཡང་ཡང་དག་པར་རྗེས་སུ་མི་བལྟའོ། ། ལྟ་བ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ལྟ་བར་ཡང་མི་བྱེད་དོ། ། དེ་ ལྟར་ལྟ་བའི་ཚེ་མཚན་མ་མེད་པ་ལ་མཚན་མ་མེད་པར་ཡང་དག་པར་རྗེས་སུ་མི་བལྟའོ། ། མཚན་མ་མེད་པ་ལས་ལོགས་ཤིག་ན་ཡང་མཚན་མ་མེད་པར་ཡང་དག་པར་རྗེས་སུ་མི་བལྟའོ། །
BOཆོས་འགའ་ཙམ་ཡང་མཚན་མ་མེད་པ་དང་མཚུངས་པར་ལྡན་པ་འམ་མཚུངས་པར་མི་ལྡན་པར་ཡང་དག་པར་རྗེས་སུ་ མི་བལྟའོ། ། མཚན་མ་མེད་པས་མཚན་མ་མེད་པར་ཡང་དག་པར་རྗེས་སུ་མི་བལྟའོ། ། མཚན་མ་དང་བཅས་པས་མཚན་མ་དང་བཅས་པའི་ལྟ་བ་དང་། མཚན་མ་མེད་པའི་ལྟ་བ་དང་། མཚན་མ་མེད་པ་མ་ཡིན་པ་ཡང་མ་ཡིན་པའི་ལྟ་བར་ཡང་དག་པར་རྗེས་སུ་ལྟ་བར་མི་བྱེད་དེ། སྐྱེ་བ་མེད་པ་དང་། བྱེད་པ་ མེད་པ་ལ་ཡང་དེ་བཞིན་ནོ། ། ཟད་པ་ལ་ཡང་ཟད་པར་ཡང་དག་པར་རྗེས་སུ་མི་བལྟའོ། ། ཟད་པ་ལས་ལོགས་ཤིག་ན་ཡང་ཟད་པར་ཡང་དག་པར་རྗེས་སུ་མི་བལྟའོ། ། ཆོས་འགའ་ཙམ་ཡང་ཟད་པ་དང་མཚུངས་པར་ལྡན་པ་འམ་མཚུངས་པར་མི་ལྡན་པར་ཡང་ཡང་དག་པར་རྗེས་སུ་མི་བལྟའོ། ། ཟད་པས་ ཟད་པར་ཡང་དག་པར་རྗེས་སུ་མི་བལྟའོ། ། ཟད་པ་ལ་ཟད་པ་མེད་པར་ཡང་ཡང་དག་པར་རྗེས་སུ་མི་བལྟའོ། ། ཟད་པ་ཡང་མ་ཡིན། ཟད་པ་མེད་པ་ཡང་མ་ཡིན་པར་ཡང་དག་པར་རྗེས་སུ་མི་བལྟའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ལྟ་བའི་ཚེ་ཆོས་ཅུང་ཟད་ཙམ་ཡང་བལྟར་ཡོད་ པ་འམ། བལྟར་མེད་པ་འམ། བསྟན་དུ་ཡོད་པ་འམ། བསྟན་དུ་མེད་པ་འམ། འཇུག་ཏུ་རུང་བ་འམ། འཇུག་ཏུ་མི་རུང་བ་འམ། རྟོགས་པར་བྱར་རུང་བ་འམ།
BOརྟོགས་པར་བྱར་མི་རུང་བ་ཞེས་བྱ་བ་གང་ཡང་མི་དམིགས་ཏེ། བློ་གྲོས་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ལམ་འདི་ལ་གནས་པའི་ཆོས་ཀྱི་སྣང་བ་ཆེན་པོ་ཞེས་བྱའོ། ། ཆོས་ཀྱི་སྣང་བ་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ལ་མཐའ་ཅི་ཡང་མེད་པར་མཐོང་ཞིང་མཐའ་དང་དབུས་ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ། ། མངོན་པར་ཞེན་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ལ་ཡང་རབ་ཏུ་གཞོལ་བར་འགྱུར་ རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྟོང་པ་ཉིད་ལ་སྟོང་མི་ལྟ། ། སྟོང་ལས་གུད་ན་སྟོང་མི་ལྟ། ། དེ་ལྟ་བུར་ནི་གང་ལྟ་བ། ། སྟོང་པ་མཐོང་བ་ཞེས་བྱའོ། ། ཆོས་འགའ་ལ་ཡང་མི་གནས་ཤིང་། ། ཆོས་འགའ་ཙམ་ཡང་སྟོང་དེ་དང་། ། མཚུངས་པར་ལྡན་དང་ མཚུངས་མི་ལྡན། ། གང་ཡང་དམིགས་པར་མི་བྱེད་དོ། ། སྟོང་པ་ཉིད་ནི་རང་བཞིན་སྟོང་། ། སྟོང་པ་ཉིད་ལ་འཛིན་མི་བྱེད། ། ཡོངས་སུ་འཛིན་པ་མེད་པའི་ཕྱིར། ། ཆོས་རྣམས་ཐམས་ཅད་ཤེས་པར་འགྱུར། ། ལྟ་བ་དག་ལ་ལེན་མེད་ཅིང་། ། སོ་སོར་རྟོག་ལ་འཛིན་མི་བྱེད། ། ལྟ་དང་རྟོག་པ་རབ་ཤེས་པས། ། དེ་གཉིས་ལེན་པར་མི་བྱེད་དོ། ། ལྟ་བ་དག་ནི་རྣམ་དག་ཅིང་། །
BOརྟོག་པ་དག་ནི་མི་དམིགས་པར། ། དེ་ལྟར་ཆོས་རྣམས་གང་རྟོག་པ། ། མཐར་ནི་གང་ཡང་འཛིན་མི་བྱེད། ། མཚན་མ་མེད་པར་མི་ལྟ་ཞིང་། ། མཚན་མ་མེད་པར་རྟོག་མི་བྱེད། ། མཚན་མ་མེད་པ་དག་ལ་ཡང་། ། མཚན་མ་མེད་པར་སྒོམ་ མི་བྱེད། ། མཚན་མ་མེད་ཅིང་བསྟན་དུ་མེད། ། སྨོན་པ་མེད་ཅིང་མི་དམིགས་པས། ། ཆོས་ཀྱི་ངོ་བོ་འགའ་ཙམ་ཡང་། ། བསྒོམ་པར་བྱ་བ་ཅི་ཡང་མེད། ། མཚན་མ་མེད་པ་མི་སེམས་ཤིང་། ། སྨོན་པ་མེད་པའང་སེམས་མི་བྱེད། ། དེ་ལྟར་རྣམ་པར་མི་རྟོག་པས། ། མཚན་དང་མཚན་མེད་རབ་རྟོགས་ འགྱུར། ། མཚན་མ་མེད་ལ་མི་གཞོལ་ཞིང་། ། མཚན་མ་མེད་ལ་འཇུག་མི་བྱེད། ། གཞོལ་དང་འཇུག་པ་མེད་པས་ན། ། རབ་རྟོགས་མཉམ་ཉིད་གནས་པར་འགྱུར། ། བློ་ལྡན་མཚན་མ་མི་མཐོང་ཞིང་། ། མཚན་མ་མེད་པའང་མཐོང་མི་འགྱུར། ། གང་ཞིག་མི་མཐོང་མི་སེམས་པ། ། ཐམས་ཅད་མེད་པར་རབ་ཏུ་ རྟོགས། ། གང་ཞིག་རྟག་ཏུ་འདི་སྙམ་དུ། ། བསམ་མེད་བརྟན་མེད་གང་སེམས་པ། ། བསམ་དང་བརྟན་པ་དག་ལ་ནི། ། མཉམ་དང་མཉམ་པར་རབ་ཏུ་གནས། ། མཚན་མ་མེད་པ་ཇི་ལྟ་བ། ། བྱས་པ་མེད་པའང་དེ་བཞིན་ཏེ། ། རབ་ཏུ་བསྟན་ཀྱང་བསྟན་དུ་མེད། ། བསམས་ནས་རབ་ཏུ་རྟོགས་ཕྱིར་རོ། །
BOསྐྱེ་བ་མེད་ པའང་དེ་བཞིན་དུ། ། ཆོས་འགའ་ཙམ་ཡང་སྐྱེ་བ་མེད། ། རང་བཞིན་ཅི་ཡང་མེད་པས་ན། ། ངོ་བོ་མེད་པར་རབ་ཏུ་རྟོགས། ། སྐྱེ་བ་དང་ནི་སྐྱེ་བ་མེད། ། བྱེད་བཅས་བྱེད་པ་མེད་པ་ཡང་། ། གཟུང་བར་བྱ་བ་ཅུང་ཟད་མེད། ། བློ་ལྡན་རྣམ་པར་རྟོག་མི་བྱེད། ། དྲན་དང་ཤེས་རབ་གཡོ་བ་མེད། ། རྣམ་འབྱེད་མེད་པར་རབ་རྟོགས་པས། ། ངོ་བོ་ཡོད་དང་ངོ་བོ་མེད། ། མཉམ་པ་ངོ་བོ་རྣམས་དང་བྲལ། ། ཟད་པ་ལ་ཡང་ཟད་མི་ལྟ། ། ཟད་པ་མེད་པར་ཡང་མི་ལྟ། ། ལྟ་བ་མེད་པར་རབ་རྟོགས་པས། ། ཟད་པའི་ཡེ་ཤེས་གོང་ན་མེད། ། ཟད་པ་དང་ནི་མི་ཟད་པ། ། གཉི་ག་ལ་ཡང་རྟོག་མི་བྱེད། ། རྣམ་པར་རྟོག་པ་མེད་ པའི་ཕྱིར། ། བསམ་མེད་མཉམ་པར་རབ་ཏུ་གནས། ། ཟད་པ་ལ་ཡང་ཟད་ལྟ་མེད། ། ཟད་མེད་ལྟ་བའང་ཡོད་མ་ཡིན། ། དེ་ལྟར་ལྟ་བ་ཟད་པའི་ཕྱིར། ། ཟད་དང་མ་ཟད་འཛིན་མི་བྱེད། ། གལ་ཏེ་ཟད་དང་མ་ཟད་ལ། ། ཐམས་ཅད་འཛིན་པར་མི་བྱེད་ན། ། ཡོངས་སུ་འཛིན་པ་མེད་པའི་ཕྱིར། ། ཟད་པའི་ཡེ་ཤེས་ གསལ་རྟོགས་འགྱུར། ། ཟད་པའི་ཡེ་ཤེས་སྤྱོད་ཡུལ་ནི། ། འཇིགས་པ་མེད་པས་འཐོབ་པར་འགྱུར། ། ཆོས་འདི་རབ་ཏུ་རྟོགས་པའི་ཕྱིར། ། བྱང་ཆུབ་སེམས་དཔའ་བདེ་བར་གནས། །
BOདེ་ནས་འཁོར་འདུས་པ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་འཕགས་པ་ཞེས་བྱ་བ་འདུས་པར་གྱུར་པ་ དེ་འདུག་པའི་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ནི་ཆོས་རྣམས་ཀྱི་ཡེ་ཤེས་ཡོངས་སུ་བསྡུ་བར་འཚལ་བའི་སླད་དུ་བསྒྲུབ་པ་བསྐྱེད་པས་ཆོས་ཀྱི་སྣང་བ་ཆེན་པོ་དེ་ཐོབ་པར་འགྱུར་བ་ལགས་ཀྱིས་ཀྱང་ཆོས་ཀྱི་སྣང་བ་དེ་ལ་ལྟ་བ་ཅུང་ཟད་ཙམ་ཡང་མ་མཆིས་ཏེ། ཆོས་ཀྱི་སྣང་བའི་དབང་གིས་འདུས་བྱས་དང་འདུས་མ་བྱས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ ལས་འདས་པ་དང་། རྗེས་སུ་འཐུན་པ་དང་། རྗེས་སུ་མི་འཐུན་པ་དང་། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མ་མཆིས་པའི་ཆོས་ཐམས་ཅད་རྟོགས་པར་གྱུར་པ་ལགས་ན་བཅོམ་ལྡན་འདས་ཆོས་ཀྱི་སྣང་བ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསྒྲུབ་པ་མ་མཆིས་པར་མཐོང་བར་འགྱུར་བ་ལྟ་མཆིས་ ལགས་སམ།
BOདེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་འཕགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བསྒྲུབ་པ་ཅུང་ཟད་ཀྱང་མེད། ཁྱད་པར་དུ་བསྒྲུབ་པ་ཡང་མེད། བསྒྲུབ་ པའི་རྗེས་སུ་འབྲང་བ་ཡང་མེད། ཀུན་ཏུ་ཁྱབ་པར་བསྒྲུབ་པ་ཡང་མེད་པར་ཆོས་ཀྱི་སྣང་བ་ཆེན་པོ་དཔག་ཏུ་མེད་པ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིད་ཀྱང་དམིགས་སུ་མེད་ཅིང་མཐོང་བར་མི་འགྱུར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་མི་དམིགས་ཤིང་མཐོང་བར་མི་འགྱུར་བ་ ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་བསྐལ་པ་དུ་མར་མངོན་པར་བསྒྲུབས་པས་ཆོས་ཀྱི་སྣང་བ་ཆེན་པོ་དཔག་ཏུ་མེད་པ་འཐོབ་པར་འགྱུར་བར་ལྟ་བར་བྱེད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤྱོད་པ་ཐམས་ཅད་ཉེ་བར་ཞི་ཞིང་སྤྱོད་པ་རྣམ་པར་དག་པར་གྱུར་པས་ན་ཆོས་ཀྱི་སྣང་བ་འཐོབ་པ་ ཡིན་ནོ། ། ཆོས་ཀྱི་སྣང་བའི་སྤྱོད་པ་ནི་གྲངས་ཀྱི་ཚད་དང་ལྡན་པའི་སྤྱོད་པ་ཡང་མ་ཡིན། མཚན་མའི་རྗེས་སུ་འབྲང་བའི་སྤྱོད་པ་ཡང་མ་ཡིན་ན་གང་ལས་སྤྱོད་པ་ཐམས་ཅད་ཅེས་ཉེ་བར་འདོགས།
BOམངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་ཉེ་བར་འདོད་པའི་སྤྱོད་པ་ཡང་མ་ཡིན་ལ། དེ་དང་བྲལ་བ་ཡང་མ་ ཡིན་ནོ། ། བློ་གྲོས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤྱོད་པ་འདི་ལ་གནས་པའི་ཚེ་སྤྱོད་པ་ཐམས་ཅད་སྤོང་བར་བྱེད་པས་ཡོངས་སུ་འཛིན་པར་མི་བྱེད་དོ། ། སྤྱོད་པ་འདི་དང་ལྡན་པ་ནི་གྲངས་ཀྱི་ཚད་དང་ལྡན་པའི་སྤྱོད་པ་ཡང་མ་ཡིན། མཚན་མའི་རྗེས་སུ་འབྲང་ བའི་སྤྱོད་པ་ཡང་མ་ཡིན་པས་མཚན་མ་མེད་པ་དང་སྤྱོད་པ་མེད་པས་ཆོས་ཀྱི་སྣང་བ་ཆེན་པོ་འདི་ཐོབ་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། བྱང་ཆུབ་སེམས་དཔའ་སྤྱོད་མེད་ལ། ། སྤྱོད་པ་དག་ནི་ཅི་ཡང་མེད། ། སྤྱོད་པ་མེད་པ་གང་ཐོབ་པ། ། འཇིགས་པ་མེད་པས་གཞོལ་བར་བྱེད། ། ཁྱད་པར་བསྒྲུབ་པ་ཡོད་མ་ཡིན། ། ཀུན་ཏུ་བསྒྲུབ་པ་ཅི་ཡང་མེད། ། སྤྱོད་མེད་ཁྱད་པར་བསྒྲུབ་མེད་པས། ། མཉམ་པ་ཉིད་དུ་གཞོལ་བར་བྱེད། ། སྤྱོད་པ་འདི་ནི་བསྟན་དུ་མེད། ། མཚན་མ་རྣམས་ཀྱང་ཡོད་མ་ཡིན། ། སྤྱོད་དང་མཚན་མ་མེད་གྱུར་པ། ། འདི་ ནི་སྤྱོད་པའི་མཚན་ཉིད་ཡིན། ། བྱང་ཆུབ་སེམས་དཔའི་མཚན་མེད་སྤྱོད། ། དངོས་པོ་རྣམས་ལ་ཡོངས་མི་གནས།
BO། སྤྱོད་མེད་གནས་པ་མེད་པས་ན། ། བློ་ལྡན་མངོན་པར་སྒྲུབ་པར་བྱེད། ། སྤྱོད་པ་མེད་པས་གཡོ་བ་མེད། ། སྤྱོད་པ་འདི་ནི་བླ་ན་མེད། ། གཡོ་མེད་སྤྱོད་ལ་གང་སྤྱོད་ པ། ། འབད་པས་རབ་ཏུ་གཞོལ་བར་བྱེད། ། བྱང་ཆུབ་སེམས་དཔའ་དམིགས་སུ་མེད། ། སྤྱོད་པ་དག་ནི་བལྟར་མི་མཐོང་། ། གཟུགས་ཀྱི་ལུས་ཀྱང་མི་མཐོང་བ། ། འདི་ནི་ལེགས་པར་རྗེས་འབྲང་ཡིན། ། གཟུགས་མེད་ཁ་དོག་མཚན་མ་མེད། ། དེ་ཕྱིར་སྤྱོད་པ་ཐམས་ཅད་མེད། ། ལྟ་བ་ དག་ལ་འཛིན་པ་མེད། ། འདི་ནི་སྤྱོད་པ་དཔེ་མེད་ཡིན། ། བྱང་ཆུབ་སེམས་དཔའི་བླ་མེད་སྤྱོད། ། གདགས་པ་དག་ཏུ་མི་ལྟུང་ཞིང་། ། རྣམ་པར་འགྱུར་བའང་མེད་པས་ན། ། དེ་ན་འཛིན་པ་ཅི་ཡང་མེད། ། སྤྱོད་ལ་གདགས་པ་མེད་པའི་ཕྱིར། ། བླ་མེད་སྤྱོད་པ་ཞེས་བྱའོ། ། གལ་ཏེ་སྤྱོད་པ་ འདི་ཐོབ་ན། ། ཆོས་ཀྱི་སྣང་ཆེན་འཐོབ་པར་འགྱུར། ། བྱང་ཆུབ་སེམས་དཔའ་སྤྱོད་གྲུབ་པ། ། ཚིག་མེད་བསྐལ་པའི་ཚད་ཀྱང་མེད། ། བསྐལ་པ་ཚད་མེད་སྙེད་དུ་ཡང་། ། སྤྱོད་པ་རྣམས་ནི་སྟོན་པར་བྱེད། ། བྱང་ཆུབ་སེམས་དཔའི་སྤྱོད་གཙང་བས། ། རྣམ་པར་དག་ལ་རབ་ཏུ་གནས། ། སྤྱོད་པ་ ཐམས་ཅད་སྤངས་པས་ན། ། གཟུང་བར་བྱ་བ་ཅི་ཡང་མེད། །
BOབྱང་ཆུབ་སེམས་དཔའ་བཏང་སྙོམས་གནས། ། སྤྱོད་པ་རྣམས་ནི་སྲུང་བར་བྱེད། ། སྤྱོད་པ་ཐམས་ཅད་སྤངས་པས་ན། ། བཏང་སྙོམས་ལ་ནི་རབ་ཏུ་གནས། ། བྱང་ཆུབ་སེམས་དཔའི་སྤྱོད་དཔག་མེད། ། མཐའ་དང་མཐའ་མེད་རབ་ཏུ་ སྤངས། ། སྤྱོད་པ་དེ་ལ་གཡོ་མེད་པས། ། སྤྱོད་པ་བླ་ན་མེད་ཅེས་བྱ། ། བྱང་ཆུབ་སེམས་དཔའི་མཚན་མེད་སྤྱོད། ། སྤྱོད་པ་འདི་ནི་བླ་ན་མེད། ། སྤྱོད་པ་འདི་ནི་སྤྱོད་པ་ན། ། བདུད་ཀྱི་སྤྱོད་ཡུལ་ཡང་དག་འདས། ། བྱང་ཆུབ་སེམས་དཔའི་མཚན་མེད་སྤྱོད། ། མཚན་མ་མེད་པ་གསལ་རྟོགས་པས། ། མཚན་མ་དང་ནི་མཚན་མ་མེད། ། ཐམས་ཅད་ལ་ནི་རྟེན་མི་བྱེད། ། བྱང་ཆུབ་སེམས་དཔའ་ཤེས་འདི་གནས། ། སྤྱོད་པ་འདི་ནི་ལེགས་པར་གྲུབ། ། སྤྱོད་པ་ཅུང་ཟད་མེད་པས་ན། ། སྤྱོད་པ་མེད་པ་ཞེས་བརྗོད་དོ། ། བྱང་ཆུབ་སེམས་དཔའ་རྣམ་དག་པ། ། སྤྱོད་པ་དག་ལ་འཇིགས་པ་མེད། ། ཡང་དག་ དྲན་པས་གཞོལ་བྱེད་པས། ། འདི་ནི་ལེགས་པར་གནས་པ་ཡིན། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་འཕགས་པས་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ལྡན་འདས་སྐྱེས་བུ་དམ་པ་རྣམས་སྤྱོད་པ་རྣམ་པ་དུ་མ་མངོན་པར་བསྒྲུབ་པར་བགྱིད་པ་གང་ལགས་ པ་འདི་ཤིན་ཏུ་ཟབ་པས་བྱིས་པ་སོ་སོའི་སྐྱེ་བོ་མཚན་མ་དང་བཅས་ཤིང་མངོན་པར་འདུ་བགྱི་བ་དང་བཅས་པའི་མངོན་པར་བསྒྲུབ་པ་དག་གིས་ཅུང་ཟད་ཙམ་ཡང་སྤྱོད་པར་མི་འགྱུར་བ་ནི་ངོ་མཚར་ཆེ་ལགས་སོ། ། བཅོམ་ལྡན་འདས་ཆོས་འགའ་ཙམ་ཡང་སྤྱོད་པ་འདིའི་ནང་དུ་འཇུག་པར་འགྱུར་བ་གང་ ཡང་མ་མཆིས་པས་དེའི་སླད་དུ་སྤྱོད་པ་འདི་ནི་སྐྱེས་བུ་དམ་པ་རྣམས་ཀྱི་མཉམ་པ་ཉིད་ཀྱི་སྤྱོད་པར་གྱུར་པ་ལགས་སོ། ། བཅོམ་ལྡན་འདས་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་གང་ལགས་པ་དེ་ནི་ཚད་མ་རྣམས་ཀྱིས་མཐའ་དཔག་པར་བགྱི་བ་མ་ལགས་སོ། ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བློ་གྲོས་འཕགས་པས་ཚིགས་སུ་བཅད་པ་འདི་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་པ། ། དཔའ་ཆེན་ཡང་དག་སངས་རྒྱས་ཏེ། ། བླ་མེད་རྐང་གཉིས་ཀུན་གྱི་གཙོ། ། སྤྱོད་པ་ཟབ་མོ་རབ་བསྟན་ནས། ། བྱང་ཆུབ་སེམས་དཔའ་ཕན་འདོགས་མཛད། ། བཅོམ་ལྡན་སྤོབས་པ་གྱ་ནོམ་པ། ། དེ་ཡི་ཚད་ནི་དཔག་པར་དཀའ། ། སྤོབས་པ་དག་ནི་མཐའ་མེད་པས། ། སྐྱེས་བུ་ཆེན་པོ་མཆོག་ལགས་སོ། །
BOཆོས་རྗེ་གཏམ་གྱི་ཚུལ་མཁྱེན་པས། ། དེས་ན་ཡང་དག་མ་ལུས་མཁྱེན། ། བྱང་ཆུབ་སེམས་དཔའ་རྣམས་ལ་ནི། ། བླ་མེད་སྤྱོད་པ་འདི་རབ་ བཤད། ། བཅོམ་ལྡན་མགོན་པོར་འགྱུར་བ་ཡི། ། སྤྱོད་པའི་ཐབས་ནི་སྟོན་མཛད་ཅིང་། ། སྤྱོད་པ་དག་ལས་འདས་པས་ན། ། བློ་ལྡན་གང་ཟག་གཞོལ་བར་བགྱིད། ། ཀླུ་ཆེན་བསམ་གྱིས་མི་ཁྱབ་པ། ། མཁྱེན་པའི་སྤྱོད་ཡུལ་མཐའ་མ་མཆིས། ། ཐམས་ཅད་མཁྱེན་པ་རྐང་གཉིས་ གཙོ། ། སྤྱོད་པ་དམ་པ་འདི་རབ་ཕྱེ། ། བཅོམ་ལྡན་ཐུབ་པ་མི་གཡོ་བའི། ། སྤྱོད་པ་དག་ནི་གང་ཕྱེ་བ། ། སྤྱོད་པ་འདི་ནི་མི་སྒུལ་བས། ། དེ་སླད་དཔེ་མེད་སྤྱོད་ཅེས་བགྱི། ། དཔའ་ཆེན་ཐུབ་པ་ཆེན་པོ་སྟེ། ། སྔོན་ཆད་བསྐལ་པ་མང་པོར་ནི། ། སྤྱོད་པ་དག་ནི་གང་བསྒྲུབས་པས། ། སུ་ཡང་དེར་ ནི་ཕྱིན་མི་འགྱུར། ། བྱང་ཆུབ་སེམས་དཔའ་ཆོས་སྟོན་པས། ། འཇིག་རྟེན་དག་ན་གནས་བགྱིད་ཀྱང་། ། རྣམ་པ་ཐམས་ཅད་མཁྱེན་པ་དག ། རིང་པོར་མི་ཐོགས་འཐོབ་པར་འགྱུར། ། བདག་ཅག་སེམས་ཅན་སྙིང་བརྩེའི་སླད། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། བླ་ན་མ་ མཆིས་ཆོས་འདི་ནི། ། སྲུང་ཞིང་རབ་ཏུ་འཛིན་པར་བགྱིད། ། བདག་ཅག་ཆོས་འདི་ཐོས་གྱུར་ནས། ། མ་འོངས་ཐ་མ་དུས་ཀྱི་ཚེ། །
BOསེམས་ཅན་རྣམས་ནི་ཀུན་གྱི་སླད། ། སྤྱོད་ཅིང་རབ་ཏུ་སྟོན་པར་བགྱིད། ། བདག་ཅག་ཆོས་ཀྱི་སྣང་བ་ཡིས། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། ཆོས་ རྣམས་ཡོངས་སུ་ཚོལ་བ་ལ། ། ཕན་འདོགས་ཆེན་པོ་རབ་ཏུ་བགྱིད། ། བདག་ཅག་ཡི་དམ་རབ་བསྐྱེད་ནས། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། སེམས་ཅན་རྣམས་ནི་ཀུན་གྱི་སླད། ། བསྲུང་བ་འཛིན་དང་འཇོག་པར་བགྱིད། ། བདག་ཅག་རྟག་ཏུ་འདི་སྙམ་དུ། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། སངས་རྒྱས་ཆོས་མཚོ་མཆོད་བགྱིས་ནས། ། བླ་མེད་ཆོས་ནི་འཛིན་པར་སྨོན། ། བདག་ཅག་ཆོས་ཀྱི་སྡེ་སྣོད་ཀྱི། ། སྐྱེས་བུ་མཆོག་ནི་བགྱིས་འགྱུར་ནས། ། ཆོས་ཀྱི་སྒོ་འདི་རབ་བཟུང་སྟེ། ། བསྲུངས་ནས་ཡུན་རིང་གནས་པར་སྨོན། ། བདག་ཅག་ཆོས་ཀྱི་ཆུ་དག་ལ། ། ཡི་དམ་བླངས་ ཏེ་རབ་འཐུངས་ནས། ། ཆོས་ཀྱི་སྒོ་མོ་འདི་དག་ལ། ། བསྲུང་བ་དག་ནི་བགྱིད་འགྱུར་ཞིང་། ། བདག་ཅག་ཆོས་འདི་ཐོས་གྱུར་ནས། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། སྐྱེས་བུ་ཆེན་པོ་རབ་བགྱིས་ནས། ། ཡང་དག་ཆོས་ནི་འཛིན་པར་ཤོག ། བདག་ཅག་སྲོག་ནི་ཉམས་གྱུར་ཀྱང་། ། བླ་མེད་ཆོས་ ནི་མི་སྤོང་ཞིང་། ། ཡང་དག་ཆོས་ནི་འདི་དག་གི ། ཆོས་འཛིན་པ་ནི་བགྱིད་པར་ཤོག །
BOབདག་ཅག་ཆོས་འཛིན་པ་ལ་ཡང་། ། ཆོས་སེམས་དག་ནི་མི་སྐྱེད་པར། ། རབ་གདུང་ཟབ་མོས་འདི་ཐོས་ནས། ། ངེས་པར་འདོད་དང་འཐུན་པར་ཤོག ། བདག་ཅག་མ་འོངས་དུས་ཀྱི་ཚེ། ། ཆོས་ རྣམས་ཡོངས་སུ་ཚོལ་བ་ལ། ། ཡང་དག་ཆོས་འདི་རབ་བསྟན་ནས། ། དེ་དག་ཀུན་ཀྱང་དགའ་བར་བགྱིད། ། ཆོས་ཀྱི་མངའ་བདག་བསམ་མི་ཁྱབ། ། སྐྱབས་ཆེན་དག་ནི་མཛད་པས་ན། ། ཐུགས་རྗེས་བདག་ལ་བྱིན་བརླབས་ཏེ། ། བདག་ཆོས་འཛིན་ལ་དགོངས་པར་སྨོན། ། དེ་ནས་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་འཕགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་འཕགས་པ་ཁྱོད་ཀྱིས་མ་འོངས་པའི་དུས་ཐ་མ་ལ་ཡང་དག་པའི་ཆོས་བསྲུང་ཞིང་ཡོངས་སུ་གཟུང་བའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ནི་ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྒྱལ་བ་རྣམས་ལ་མཆོད་པ་དང་། རིམ་གྲོ་བྱས་ནས་དགེ་བའི་རྩ་བ་རྣམས་བསྐྱེད་དེ། ཡུན་རིང་པོར་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་ནས་གོ་ཆ་ཆེན་པོ་བགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྲུང་ཞིང་ཡོངས་སུ་གཟུང་བར་ འགྱུར་བ་དག་དང་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་པས་ལེགས་སོ་ལེགས་སོ། །
BOདེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། མ་འོངས་འཇིག་པའི་དུས་ཀྱི་ཚེ། ། ཁྱེད་ཀྱིས་ཆོས་འདི་རབ་བཟུང་སྟེ། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། ཆོས་འདི་ རྣམ་པར་དབྱེ་བར་བྱ། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། ཁྱེད་ཀྱིས་རྒྱལ་བའི་ཆོས་ཟུང་ཤིག ། གལ་ཏེ་ཆོས་འདི་ཐོས་གྱུར་ན། ། རབ་ཏུ་དགའ་བ་སྐྱེད་པར་འགྱུར། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། ཁྱོད་ནི་ཆོས་འཛིན་པར་འགྱུར་བས། ། ངས་ནི་ཆོས་ཟབ་བཤད་པར་བྱ། ། ཁྱེད་ཀྱིས་དེ་བཞིན་ གཟུང་བར་གྱིས། ། གསང་སྟེ་གསུངས་པའི་མདོ་སྡེ་དག ། ཁྱོད་ཐོས་གྱུར་ན་ཡིད་ལ་ཟུང་། ། དོན་གྱི་ཚུལ་ནི་འདི་དག་ལ། ། ཐེ་ཚོམ་དག་ནི་མེད་པར་གྱིས། ། རྣམ་པར་ངེས་པའི་དོན་ཟབ་དག ། ཁྱོད་ཐོས་གྱུར་ན་ཡིད་ལ་ཟུང་། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། ཆོས་ཀྱི་གཏེར་ནི་ རབ་ཟུང་ཤིག ། ཆོས་ཀྱི་སྦྱིན་པ་ཡོངས་བཏང་ནས། ། སེམས་ཅན་རྣམས་ནི་ཚིམ་པར་གྱིས། ། ཐོས་པར་གྱུར་ན་ལུས་དང་སེམས། ། ཀུན་དུ་ཁྱབ་པར་དགའ་བར་འགྱུར། ། བྱང་ཆུབ་སེམས་དཔའི་ལམ་རྣམས་དང་། ། སྤྱོད་པ་རྣམས་ཀྱི་ཚུལ་དག་དང་། ། དེ་དག་གི་ནི་མདོ་སྡེ་རྣམས། ། མཐར་ཕྱིན་ཡོངས་སུ་འཛིན་པའི་ཕྱིར། །
BOཁྱེད་ཀྱིས་སེམས་ཅན་ཚད་མེད་རྣམས། ། རྒྱ་ཆེར་རབ་ཏུ་སྒྲོལ་བར་འགྱུར། ། འཇིག་རྟེན་དག་ནི་ཐམས་ཅད་དུ། ། ཡོངས་སུ་མི་ཟློགས་གང་ཡང་མེད། ། ཁྱེད་ཀྱིས་ཆོས་འདི་གཟུང་བའི་ཕྱིར། ། འཇིག་རྟེན་རྣམས་ལ་ཕན་འདོགས་པས། ། བསོད་ ནམས་ཕུང་པོ་མཆོག་ཐོབ་འགྱུར། ། དེ་ཕྱིར་རབ་ཏུ་གཞོལ་བར་བྱ། ། ངས་འདིར་ཆོས་ནི་གང་བསྟན་པ། ། ཁྱེད་ཀྱིས་ཐམས་ཅད་རབ་བཟུང་སྟེ། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། བློ་ལྡན་རྣམས་ལ་བཤད་པར་བྱ། ། ད་ལྟར་མ་འོངས་དུས་ཀྱི་ཚེ། ། ཆོས་འདི་གང་ཞིག་འཛིན་བྱེད་ པ། ། དེས་ནི་སངས་རྒྱས་སྟོང་རྣམས་ཀྱི། ། ཡང་དག་ཆོས་ནི་འཛིན་པར་འགྱུར། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། ཆོས་ཀྱི་སྒོ་འདི་བསྲུང་བར་བྱ། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། ཕན་པ་ཆེན་པོ་བྱེད་པར་འགྱུར། ། གལ་ཏེ་མ་འོངས་དུས་ཀྱི་ཚེ། ། གང་ཞིག་ཆོས་འདི་འཛིན་བྱེད་ པ། ། དེ་ནི་སངས་རྒྱས་གཅིག་འགའ་ལས། ། བསྙེན་ཅིང་རིམ་གྲོ་བྱས་པ་མིན། ། གལ་ཏེ་མ་འོངས་དུས་ཀྱི་ཚེ། ། གང་ཞིག་ཆོས་འདི་སྲུང་བྱེད་པས། ། དེས་ནི་ཆོས་འདི་ལེགས་སྟོན་པས། ། མང་པོ་རིམ་གྲོ་བྱས་པ་ཡིན། ། གང་ཞིག་ཆོས་ནི་འདི་དག་ལ། ། ཐེ་ཚོམ་ཅུང་ཟད་མི་སྐྱེད་ཅིང་། །
BOམ་འོངས་ཆོས་ནི་སྲུང་བྱེད་པ། ། དེ་ནི་བློ་དང་ལྡན་པ་ཡིན། ། གོ་ཆ་དཔག་མེད་བགོས་ནས་ནི། ། རྒོལ་བའི་དགྲ་ལས་གང་རྒྱལ་བ། ། མ་འོངས་ཐ་མ་དུས་ཀྱི་ཚེ། ། ཡང་དག་ཆོས་འདི་འཛིན་པར་འགྱུར། ། སངས་རྒྱས་ཡང་དག་ཆོས་འདི་ལ། ། ཐེ་ཚོམ་དྲ་བ་རབ་བསལ་ཏེ། ། ཆོས་ཐོས་གང་ཞིག་ འཇིགས་མེད་པ། ། ཡང་དག་ཆོས་འདི་འཛིན་པར་འགྱུར། ། དེ་ལྟ་བས་ན་བློ་གྲོས་འཕགས་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ནན་ཏན་གྱིས་ཡོན་ཏན་ཁྱད་པར་དུ་འཕགས་པ་ཆེན་པོ་ཡོངས་སུ་ཚོལ་བ་རྣམས་ཀྱིས་མ་འོངས་པའི་དུས་ཐ་མའི་ཚེ་ཆོས་ཟབ་མོའི་ཕྱིར་གོ་ཆ་བགོས་ནས་ ཡོངས་སུ་གཟུང་བར་བྱ། ། བཀླག་པར་བྱ། ཁ་ཏོན་དུ་གདོན་པར་བྱ། གཞན་དག་ལ་ཡང་དེའི་དོན་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། ། གཞན་ཡང་བློ་གྲོས་འཕགས་པ་ངས་མངོན་པར་དྲན་ཏེ། སྔོན་འདས་པའི་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།
BOལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀུན་དུ་སྣང་མཛད་ཅེས་བྱ་བ་ཞིག་ འཇིག་རྟེན་དུ་བྱུང་སྟེ། བསྐལ་པའི་མིང་ནི་ཡང་དག་པར་རྒྱལ་བ་ཞེས་བྱའོ། ། འཇིག་རྟེན་གྱི་ཁམས་ནི་དྲི་མ་མེད་པ་ཞེས་བྱ་སྟེ། ས་གཞི་ཡངས་ལ་ཤིན་ཏུ་མཛེས་པ་རིན་པོ་ཆེ་སྣ་བདུན་ལས་མངོན་པར་གྲུབ་པའོ། ། དེའི་ཚེ་གླིང་ཆེན་པོ་དེ་ཆུ་ཞེང་འདྲ་སྟེ། དཔག་ཚད་བདུན་ཁྲི་བདུན་ཁྲི་ ཡོད་དོ། ། དེ་ན་ཡང་གྲོང་ཁྱེར་ཆེན་པོ་དྲུག་ཁྲི་དྲུག་ཁྲི་ཡོད་དེ། གྲོང་ཁྱེར་རེ་རེའི་ཚད་ཀྱང་ཆུ་ཞེང་འདྲ་སྟེ། དཔག་ཚད་བཅུ་དྲུག་བཅུ་དྲུག་ཡོད་དོ། ། དེ་དག་ཀྱང་མཐའ་མ་ར་བས་འཁོར་བར་བསྐོར་ཅིང་། བ་གམ་གྱིས་བརྒྱན་པ། སྒོ་རབ་ཏུ་མཛེས་ཤིང་མཐོང་ན་དགའ་བ་དང་། ཤིང་ ཏ་ལ་མཆོག་རྣམས་ཕྲེང་དུ་དཀྲིགས་པས་བསྐོར་བ། སྐྱེད་མོས་ཚལ་བརྒྱ་སྟོང་དུ་མས་རབ་ཏུ་བརྒྱན་པ། སྐྱེད་མོས་ཚལ་ཀུན་དུ་ཁྲི་དང་སྟན་ལེགས་པར་བཤམས་པ། རྫིང་དང་། རྫིང་བུ་དང་། འབབ་ཆུ་རྣམས་རབ་ཏུ་གང་ཞིང་འགྲམ་གྱི་སྟེགས་དང་། ལམ་རྣམས་རིན་པོ་ཆེ་སྣ་ཚོགས་ གཅལ་དུ་བཀྲམ་པ། མཐའ་མའི་ས་གཞི་མཉམ་པ་འབྱུང་ཞིང་འཇུག་པའི་ཚེ་ཉམ་ང་བ་མེད་པ། ། འགྲམ་གྱི་འོབས་རྣམས་སུ་ཙན་དན་དང་།
BOཏ་མ་ལ་ལ་སོགས་པ་སྤོས་སྣ་ཚོགས་ཀྱི་ལྗོན་ཤིང་རྣམས་ཕྲེང་དུ་དཀྲིགས་པར་གྱུར་ཏོ། ། གྲོང་ཁྱེར་རེ་རེ་ན་ཡང་མི་བྱེ་བ་སྟོང་ཕྲག་བཅུ་བཅུ་ གནས་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་རྫོགས་པར་གྱུར་བའི་ཕྱིར། དེ་ལྟ་བུའི་བདེ་བ་རབ་ཏུ་མྱོང་པར་གྱུར་ཏོ། ། དེའི་ཚེ་དེ་བཞིན་གཤེགས་པ་དེ་བསྐལ་པ་དང་པོ་ནས་བསྐལ་པ་ཉིས་བརྒྱ་འདས་ནས་དེར་བྱུང་བས་དེའི་ཕྱིར་བསྐལ་པ་ དེའི་མིང་ཡང་ཡང་དག་པར་རྒྱལ་བ་ཞེས་བྱའོ། ། བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་ལྔ་བརྒྱ་རིམ་བཞིན་དུ་བྱུང་སྟེ། དེ་རེ་རེའི་ཞིང་ཡང་རིན་པོ་ཆེ་སྣ་བདུན་ལས་མངོན་པར་གྲུབ་པ་ཤ་སྟག་གོ ། དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཀུན་ཀྱང་འདྲ་ སྟེ། ཡང་དག་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་པར་གྱུར་ཏོ། ། དེ་ལྟར་དེ་བཞིན་གཤེགས་པ་ལྔ་བརྒྱ་པོ་དག་འཇིག་རྟེན་དུ་བྱུང་བ་དེ་དག་ལ་ཡང་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་འཁོར་འདུས་པ་རབ་ཏུ་མང་སྟེ། འདུས་པ་རེ་རེའི་ཚེ་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ ཚད་མེད་པ་སྙེད་ཐེག་པ་གཅིག་གི་ལམ་དུ་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །
BOདེའི་ཚེ་བསྐལ་པ་དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔའ་བོའི་སྡེ་ཞེས་བྱ་བ་རིན་པོ་ཆེ་བདུན་དང་ལྡན་པ། གླིང་བཞི་ལ་དབང་བྱེད་པ་ཞིག་བྱུང་ངོ་། དེའི་ཚེ་འཛམ་ བུའི་གླིང་ན་གྲོང་ཁྱེར་ཆེན་པོ་དཔག་ཚད་བཅུ་དྲུག་གིས་འཁོར་བ་ཞིག་ཡོད་དེ། མི་བྱེ་བ་ཕྲག་བརྒྱད་ཁྲི་གནས་པ། རབ་ཏུ་བདེ་ཞིང་དགའ་བ། འབྱོར་པ་རྒྱས་པ། འོབས་རིམ་པ་བདུན་དང་། ལྗོན་ཤིང་དཀྲིགས་པ་རིམ་པ་བདུན་དང་། ལམ་སྲང་རིམ་པ་བདུན་དང་། དྲིལ་བུའི་དྲ་བ་རིམ་པ་བདུན་ དང་། སྐྱེད་མོས་ཚལ་སྟོང་གིས་གྲོང་ཁྱེར་དེ་ཡོངས་སུ་བསྐོར་ཅིང་རབ་ཏུ་བརྒྱན་པར་གྱུར་ཏོ། ། སྐྱེད་མོས་ཚལ་རེ་རེའི་ཚད་ཀྱང་ཆུ་ཞེང་འདྲ་སྟེ། དཔག་ཚད་ཉི་ཤུ་ཉི་ཤུ་ཡོད་དོ། ། དེ་རེ་རེ་ཡང་ར་བ་རིམ་བདུན་དང་། དྲ་བ་རིམ་བདུན་དང་། བཀོད་པ་རྣམ་པ་སྣ་ཚོགས་དང་། རིན་པོ་ཆེ་ སྣ་ཚོགས་ཤིན་ཏུ་གྱ་ནོམ་པ་དག་གིས་རབ་ཏུ་མཛེས་པར་བྱས་པས་དཔེར་ན་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་ཇི་ལྟ་བ་བཞིན་ནོ། ། དེ་དག་རེ་རེ་ལ་ཡང་རྫིང་དང་རྫིང་བུ་རིན་པོ་ཆེ་བཻ་དཱུརྱས་འོག་གཞི་དང་འགྲམ་བྱས་པ། རྡོའི་སྙིང་པོ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་ལམ་སྟེགས་བྱས་ཤིང་གཅལ་དུ་ བཀྲམ་པ།
BOརིན་པོ་ཆེའི་ལྗོན་ཤིང་མེ་ཏོག་སྣ་ཚོགས་རབ་ཏུ་རྒྱས་པ་ཕྲེང་དུ་དཀྲིགས་པ་བརྒྱ་བརྒྱ་ཡོད་དོ། ། གྲོང་ཁྱེར་ཆེན་པོ་དེའི་ནང་ན་རྒྱལ་པོ་དེའི་ཕོ་བྲང་དཔག་ཚད་བདུན་གྱིས་འཁོར་བ་ཡོད་དེ་གསེར་དང་རིན་པོ་ཆེ་སྣ་ཚོགས་ལས་མངོན་པར་གྲུབ་པ། མཐའ་མ་རིན་པོ་ཆེས་ རབ་ཏུ་བརྒྱན་པ། བཻ་དཱུརྱ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དྲ་བས་གཡོགས་པ། ཤིང་ཏ་ལ་རྣམས་ཀྱིས་རབ་ཏུ་མཛེས་པར་བརྒྱན་པ། རྫིང་བུ་བཅུ་གཉིས་ཀྱིས་རབ་ཏུ་བསྐོར་བ། འོག་གཞི་གསེར་ཡང་དག་པས་གཅལ་དུ་བཀྲམ་པ། བཻ་དཱུརྱ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཟམ་ པ་བཏགས་པ། གསེར་ཤིན་ཏུ་གྱ་ནོམ་པ་འབའ་ཞིག་གིས་ལམ་སྟེགས་དང་ལམ་བྱས་པར་གྱུར་ཏེ། རྫིང་བུ་དེ་དག་གི་ནང་ན་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རབ་ཏུ་རྒྱས་པ་དག་གིས་གང་བར་གྱུར་ཏོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ལ་བཙུན་མོ་ནི་ཉིས་ སྟོང་ཡོད་དོ། ། བུ་ནི་དྲུག་ཁྲི་ཡོད་དེ།
BOའཁོར་རྣམས་དང་སྐྱེད་མོས་ཚལ་དེ་དག་ཏུ་འདོད་པ་ལྔའི་བདེ་བ་མྱོང་ཞིང་རབ་ཏུ་རྩེ་བ་ལས་རྒྱལ་པོ་དེ་འདི་སྙམ་དུ་འདོད་པ་རྣམས་ནི་མི་རྟག་ཅིང་རིང་པོར་མི་ཐོགས་པར་རྣམ་པར་འགྱུར་བ་ཡིན་པས་བདག་གིས་གདོན་མི་ཟ་བར་སེམས་རྩེ་གཅིག་ཏུ་སངས་རྒྱས་ ཀྱི་ཆོས་ཡོངས་སུ་བཙལ་བར་བྱའོ། ། གལ་ཏེ་ཆོས་ཐོས་ནས་བསྟན་པ་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་གྱུར་ན་བདག་ལ་ཡུན་རིང་པོའི་ཕན་པ་དང་། བདེ་བ་བྱེད་པར་འགྱུར་རོ། ། སྙམ་དུ་བསམས་མ་ཐག་ཏུ་ནམ་མཁའ་ལས་ལྷ་ཞིག་གིས་རྒྱལ་པོ་དེ་ལ་སྨྲས་པ། ཀྱེ་སྐྱེས་བུ་ཆེན་པོ་ ལེགས་སོ་ལེགས་སོ། ། ད་ལྟར་དེ་བཞིན་གཤེགས་པ་ཀུན་དུ་སྣང་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་ཡང་དག་པར་རབ་ཏུ་སྟོན་པར་མཛད་ཀྱིས། རྒྱལ་པོ་མྱུར་དུ་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་སོང་ལ་ཡང་དག་པའི་ཆོས་ ཞུས་ཤིག་དང་རྒྱལ་པོས་ཡུན་རིང་པོའི་ཕན་པ་དང་། བདེ་བ་ཡང་འཐོབ་པར་འགྱུར་ལ། སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་ཅིང་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པར་ཡང་འགྱུར་རོ། ། རྒྱལ་པོ་དེ་ལྷས་དེ་སྐད་སྨྲས་པ་ཐོས་པ་དང་།
BOརབ་ཏུ་དགའ་བར་གྱུར་ནས་གཡོག་ འཁོར་རྣམས་ཀྱིས་བསྐོར་ཏེ། དེ་བཞིན་གཤེགས་པ་ཀུན་ཏུ་སྣང་མཛད་ག་ལ་བ་དེ་ལོགས་སུ་དོང་ནས་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་བྱས་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཇི་ལྟ་བུ་ཞིག་གིས་ཆོས་རྣམས་ཀྱི་ཐབས་མཁས་པ་ཡོངས་ སུ་སྡུད་པ་དང་། ཚངས་པར་སྤྱོད་པ་མྱུར་དུ་ཡོངས་སུ་རྫོགས་པར་བགྱིས་པར་འགྱུར། བདག་དེ་བཞིན་དུ་བསྒྲུབ་པར་འཚལ་ལོ། ། དེ་སྐད་ཅེས་གསོལ་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་རྒྱ་ཆེར་རྣམ་པར་ཕྱེ་སྟེ་རབ་ཏུ་བསྟན་ཏོ། ། རྒྱལ་པོ་དེས་ཆོས་ཐོས་པས་འཁོར་དང་བཅས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཀུན་དུ་སྣང་མཛད་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ལོ་ཉི་ཁྲིའི་བར་དུ་གུས་པས་རིམ་གྲོ་དང་། མཆོད་པ་བྱས་སོ། ། དེ་བཞིན་གཤེགས་པ་ཀུན་དུ་སྣང་མཛད་ཀྱི་གསུང་རབ་ལས་རབ་ཏུ་བྱུང་ནས་ཡང་དག་པའི་ཆོས་ཐོས་ཏེ། མངོན་པར་བསྒྲུབ་པའི་ཕྱིར་དེའི་ཚེ་ཆོས་ཡང་དག་པར་བླངས་པའི་དགེ་བའི་རྩ་བ་དང་། ཆོས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དང་།
BOཆོས་ཡང་དག་པར་བསྟན་པའི་དགེ་བའི་རྩ་བ་ཐོབ་པར་གྱུར་པས་ཆོས་ཇི་སྙེད་ཐོས་པ་རྣམས་རབ་ཏུ་སེམས་ཤིང་མི་བརྗེད་པ་དང་། ཡོན་ཏན་ཚད་མེད་པ་རྣམས་ནན་ཏན་བརྩོན་འགྲུས་ཀྱིས་མངོན་པར་བསྒྲུབས་པར་གྱུར་ཏེ། དེ་བཞིན་གཤེགས་པས་དུས་གསུམ་དུ་གསུངས་པའི་ཡང་དག་པའི་ཆོས་རྣམས་སེམས་ཅན་རྣམས་ལ་རྣམ་པ་སྣ་ཚོགས་སུ་རབ་ཏུ་ཕྱེ་སྟེ། སྟོན་པར་གྱུར་ཅིག་ཅེས་ཀྱང་སྨོན་ལམ་བཏབ་བོ། ། དེ་ལྟར་སྨོན་ལམ་བཏབ་ནས་ཀྱང་བསྐལ་པ་ཡང་དག་པར་རྒྱལ་བ་ལས་བྱུང་བའི་དེ་བཞིན་གཤེགས་པ་ཇི་སྙེད་པ་དེ་དག་རེ་རེ་ལ་ཡང་རིམ་གྲོ་དང་། མཆོད་པ་བྱས་ནས་དེ་བཞིན་གཤེགས་པ་དེ་དག་གིས་དུས་དང་པོར་གསུངས་པའི་ཆོས་ཡང་དག་པར་མངོན་སུམ་དུ་གསུངས་པ་དང་། དུས་ བར་མར་གསུངས་པའི་ཆོས་ཡང་དག་པ་དང་། དུས་ཐ་མར་གསུངས་པའི་ཆོས་ཡང་དག་པ་རྣམས་ཀྱང་མ་ལུས་པར་ཡང་དག་པར་བཟུང་ནས་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་བཞི་ཁྲི་བརྒྱ་སྟོང་སྙེད་ཡོངས་སུ་སྨིན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ རབ་ཏུ་གཞོལ་བར་བྱས་སོ། ། སེམས་ཅན་ཚད་མེད་པ་སྙེད་ཐབས་མཁས་པས་བཏུལ་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་བཀོད་དོ། །
BOབསྐལ་པ་དེ་ལས་ནང་གི་ཐ་མར་དེ་བཞིན་གཤེགས་པ་གློག་གི་འོད་ཅེས་བྱ་བ་བྱུང་སྟེ། དགེ་སློང་དཔའ་བོའི་སྡེས་དེ་བཞིན་ གཤེགས་པ་གློག་གི་འོད་ལས་ཆོས་ཡང་དག་པར་གསུངས་པ་ཐོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། དེ་བཞིན་གཤེགས་པ་གློག་གི་འོད་ཀྱིས་ཀྱང་དཔའ་བོའི་སྡེ་ཁྱོད་མ་འོངས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་ཚད་མེད་པ་སྙེད་ལ་རིམ་གྲོ་དང་། མཆོད་ པ་བྱས་ནས་དེ་བཞིན་གཤེགས་པས་དུས་གསུམ་དུ་གསུངས་པའི་ཆོས་ཡང་དག་པ་རྣམས་ཡོངས་སུ་བཟུང་སྟེ། སེམས་ཅན་ཚད་མེད་གྲངས་མེད་པ་སྙེད་ལ་ཕན་གདགས་པ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་ བཀོད་པ་དང་། སེམས་ཅན་ཚད་མེད་པ་རྣམས་ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་བཀོད་དེ། དེའི་འོག་ཏུ་བསྐལ་པ་གྲངས་མེད་པ་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་བརྩོན་འགྲུས་དཔག་ཏུ་མེད་པའི་ འོད་ཟེར་ཡོན་ཏན་རྣམ་པར་རྒྱལ་བའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། ། ཞེས་ལུང་བསྟན་ཏེ།
BOསངས་རྒྱས་དེའི་ཞིང་ནི་རྣམ་པར་དག་པའི་ཡོན་ཏན་ཚད་མེད་པ་བསགས་པ་ལས་མངོན་པར་གྲུབ་པས་མི་རྣམས་ཀྱིས་རབ་ཏུ་གང་ཞིང་བདེ་བ་དང་འབྱོར་བ་རབ་ཏུ་ལྡན་པ་ཉན་ཐོས་དང་བྱང་ཆུབ་སེམས་ དཔའི་ཚོགས་རབ་ཏུ་མང་པོར་གྱུར་ཏོ། ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་ཆུང་ངུ་ལྔ་ཐུབ་པར་གྱུར་ཏོ། ། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དག་པའི་ཆོས་ནི་བསྐལ་པ་ཆུང་ངུ་ལྔའི་བར་དུ་གནས་པར་གྱུར་ཏེ། བསྟན་པ་གནས་པའི་ཆོས་ཀྱང་ལྷ་དང་། མི་རྣམས་ ཀྱིས་ཡོངས་སུ་བཟུང་བར་གྱུར་ཏོ། ། རིང་བསྲེལ་གྱི་མཆོད་རྟེན་ཡང་ཞིང་ཁམས་ཀུན་དུ་གང་བར་གྱུར་ཏོ། ། དེ་ལྟ་བས་ན་བློ་གྲོས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཟབ་མོ་འདི་ལ་གུས་པས་ཡང་དག་པར་བཟུང་ཞིང་བསྒོམས་ནས་ ཆོས་ཀྱི་རྒྱན་གྱི་ཡོ་བྱད་ཀྱིས་ལུས་རབ་ཏུ་བརྒྱན་པར་བྱའོ་ཆོས་ཀྱི་རབ་ཏུ་བརྒྱན་པར་གྱུར་ན་དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་ལས་མངོན་པར་གྲུབ་པ་མཐུ་བོ་ཆེ་ཤིན་ཏུ་བརྟན་པ་འཐོབ་པར་འགྱུར་ཏེ།
BOགལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་ ཐམས་ཅད་ལུས་ཀྱི་མཐུ་སྟོབས་གཏུགས་ཏེ། ཤིན་ཏུ་བརྟན་པའི་སྐུ་དེ་རྣམ་པར་གཞིག་པར་འདོད་ན་ཡང་གང་གིས་ཀྱང་རྣམ་པར་གཞིག་པར་མི་ནུས་སོ། ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་འཁོར་གྱི་ནང་དུ་ཆོས་ཀྱི་སྣང་བ་རབ་ཏུ་བསྟན་ན་ཡང་གང་གིས་ཀྱང་བརྒལ་ དུ་མེད་པར་འགྱུར་རོ། ། སེམས་ཅན་གང་གིས་ཆོས་ཟབ་མོ་འདི་ལེན་ཏམ། ཀློག་གམ་ཁ་ཏོན་དུ་འདོན་ཏམ། ནན་ཏན་བརྩོན་འགྲུས་ཀྱིས་སྒྲུབ་པར་བྱེད་ན་ཇི་ལྟར་མོས་པ་བཞིན་དུ་རིགས་ཤིན་ཏུ་མཐོ་བའི་རིགས་སུ་སྐྱེ་བར་འགྱུར་བ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་རྫོགས་པར་ སངས་རྒྱས་པའི་བར་དུ་ཡང་ཐོབ་ནས་གྲགས་པ་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་གྱི་ཁམས་ཁྱད་པར་དུ་འཕགས་ཤིང་ལམ་ཐ་དད་པ་དང་། འདྲེས་པ་མེད་པ་དང་། བྲམ་ཟེ་དང་མུ་སྟེགས་ཅན་གྱི་མིང་ཡང་མེད་ན་ལྟ་བ་ངན་པས་ལོག་པར་ཡོངས་སུ་ཚོལ་བ་ལྟ་སྨོས་ཀྱང་ཅི་ དགོས་པ་དང་། མི་དགེ་བའི་ཆོས་རྣམས་ཀྱི་མིང་ཡང་མི་ཐོས་ན་མི་དགེ་བའི་རྩ་བ་མངོན་པར་བསྒྲུབ་པ་ལྟ་ཡོད་པར་ག་ལ་འགྱུར་བ་དང་། ལག་པ་དང་།
BOརྐང་པའི་སོར་མོ་ལས་འོད་ཟེར་བཀྱེ་ནས་འཇིག་རྟེན་གྱི་ཁམས་ཚད་མེད་པ་རྣམས་སྣང་བར་བྱེད་དེ། སེམས་ཅན་གང་གི་ལུས་ལ་རེག་ པ་དེ་དག་ཐམས་ཅད་བདེ་བ་ཐོབ་པར་བྱེད་པ་དང་། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་སུམ་དུ་བྱེད་པར་འགྱུར་རོ། ། བློ་གྲོས་འཕགས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ངའི་བསྟན་པ་ལ་ནན་ཏན་གྱིས་སྒྲུབ་པར་བྱེད་པ་དེ་དག་ནི་ཡོན་ཏན་ ཁྱད་པར་དུ་འཕགས་པ་དེ་ལྟ་བུ་དག་འཐོབ་པར་འགྱུར་ཏེ། གལ་ཏེ་ངས་ཡོངས་སུ་རྫོགས་པར་བརྗོད་པར་གྱུར་ན་ནམས་ཀྱང་མཐར་ཐུག་པར་མི་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་འཕགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་འཕགས་པ་གང་དག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་གནས་པ་དེ་དག་གིས་ནི་རྣམ་པར་དག་པའི་ཆོས་ཟབ་མོ་འདི་ནན་ཏན་གྱིས་མངོན་པར་བསྒྲུབས་ནས་སྟོང་པ་ཉིད་དང་རྗེས་སུ་འཐུན་པ་དང་། རབ་ཏུ་དབེན་པ་དང་རྗེས་སུ་འཐུན་པར་གྱུར་ན་ཆོས་ཀྱི་སྣང་བ་རབ་ཏུ་འཐོབ་པར་འགྱུར་ རོ། ། ཆོས་ཀྱི་སྣང་བའི་དབང་གིས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཐ་དད་པ་མེད་པ་མཐོང་བར་འགྱུར་རོ། །
BOངོ་བོ་ཉིད་ཐ་དད་པ་མེད་པ་མཐོང་བའི་ཕྱིར་ནི་ལྟ་བ་རྣམ་པར་དག་པར་འགྱུར་རོ། ། ལྟ་བ་རྣམ་པར་དག་པའི་ཕྱིར་ནི་ཆོས་སུ་ལྟ་བ་ཡང་མེད་ལ། ཆོས་གང་ཡང་རང་བཞིན་དང་བྲལ་བར་ལྟ་བ་ ཡང་མེད་དོ། ། ཆོས་སུ་ལྟ་བ་རྣམ་པར་དག་པས་རྣམ་པར་དག་པ་ཡང་མེད་དོ། ། རྣམ་པར་དག་པ་ཡང་མེད་པ་གང་ཡིན་པ་དེ་ལ་ནི་རྣམ་པར་དག་པའི་ལུས་ཀྱང་མེད་པས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཐོབ་ནས་ཆོས་ཀྱི་དབྱིངས་རྣམས་དབྱིངས་ཀྱང་མ་ཡིན། དབྱིངས་ མ་ཡིན་པ་ཡང་མ་ཡིན་པར་ཡང་ཡང་དག་པར་འཐོབ་པར་འགྱུར་རོ། ། དབྱིངས་སུ་ལྟ་བ་རྣམ་པར་དག་པར་གྱུར་པས་དབྱིངས་རྣམ་པ་སྣ་ཚོགས་ཀྱི་ངོ་བོ་ཉིད་དུ་འདུ་ཤེས་པ་ཡོངས་སུ་སྤོང་བར་འགྱུར་རོ། ། ངོ་བོ་ཉིད་དུ་འདུ་ཤེས་པ་ཡོངས་སུ་སྤངས་པའི་ཕྱིར་དབྱིངས་ཀྱི་ཚུལ་གྱི་གསང་ཚིག་གང་ཡིན་ པ་རྟོགས་པར་གྱུར་ནས་ཆོས་རྣམས་དབྱིངས་མ་ཡིན་པར་ཡོངས་སུ་ཤེས་པར་གྱུར་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ལ་ཐ་དད་པ་མེད་པར་མཐོང་བའི་ཕྱིར་དང་། རྣམ་པར་འཇིག་པ་མེད་པར་མཐོང་བའི་ཕྱིར་དང་། འགྱུར་བ་མེད་པར་མཐོང་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ ལ་ཐབས་མཁས་པ་རབ་ཏུ་འཐོབ་པར་འགྱུར་རོ། །
BOཐབས་མཁས་པའི་དབང་གིས་ནི། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཡོངས་སུ་ཤེས་ཤིང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་རྣམས་ཀྱི་བྱེ་བྲག་གི་ཚུལ་གང་ཡིན་པ་དེ་དག་ལ་ཡང་རྗེས་སུ་འཇུག་པར་འགྱུར་རོ། ། སྤྱོད་པ་འདི་ལ་གནས་པའི་ཚེ་ ཆོས་ཐམས་ཅད་ལ་ཐབས་མཁས་པས་ཆོས་ཐམས་ཅད་ལ་གནས་པ་མེད་པ་དང་། མངོན་པར་ཞེན་པ་མེད་པར་འགྱུར་རོ། ། མངོན་པར་ཞེན་པ་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ཅི་རིགས་པར་རྣམ་པ་སྣ་ཚོགས་སུ་རབ་ཏུ་ཕྱེ་ནས་སྟོན་པར་འགྱུར་རོ། ། ཏིང་ངེ་འཛིན་གྱི་ མཐུའི་དབང་གིས་གཞན་ཡང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་རྣམ་པར་རྩེན་པའི་རྫུ་འཕྲུལ་གྱིས་གཅིག་ལས་མང་པོར་སྒྱུར་བ་དང་། མང་པོ་ལས་གཅིག་ཏུ་སྒྱུར་བ་དང་། རི་དང་བྲག་དང་། རྩིག་པ་དག་ལ་ཐོགས་པ་མེད་པར་འགྲོ་ བ་དང་། འཕུར་བ་ལ་དབང་འཐོབ་པར་འགྱུར་རོ། ། ཁམས་བཞི་པོ་དག་འདུས་པ་ལ་རབ་ཏུ་མཁས་པར་འགྱུར་རོ། ། ཁམས་ལ་མི་གནས་པར་ཁམས་ཐམས་ཅད་རབ་ཏུ་ཤེས་པར་འགྱུར་རོ། ། ནམ་མཁའི་ཁམས་དང་གཅིག་ཏུ་གྱུར་ཀྱང་ནམ་མཁའི་ཁམས་ལ་མངོན་པར་ ཞེན་པ་དང་། ཐོགས་པ་ཅི་ཡང་མེད་དོ། །
BOཁམས་འདུས་པ་ལ་རབ་ཏུ་མཁས་པར་གྱུར་པའི་ཕྱིར་ཁམས་ཐམས་ཅད་ཐབས་མཁས་པས་མངོན་པར་སྒྲུབ་པར་བྱེད་དོ། ། མངོན་པར་བསྒྲུབས་པའི་ཕྱིར་ཆུའི་ཁམས་རབ་ཏུ་རྟོགས་པར་གྱུར་ནས་ཆུའི་ཁམས་ལས་དུད་པ་འཐུལ་བ་ དང་། མེ་རབ་ཏུ་འབར་བ་དང་། དུད་པ་འཐུལ་བ་དང་། མེ་རབ་ཏུ་འབར་བ་གཉིས་ཀ་སྟོན་པར་བྱེད་པས་རྣམ་པ་སྣ་ཚོགས་སུ་སྟོན་པའི་བར་དུ་བྱས་ནས་སེམས་ཅན་རྣམས་ལ་ཕན་གདགས་པ་ཆེན་པོ་བྱེད་དོ། ། ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་ཐབས་མཁས་པ་ལ་རབ་ ཏུ་གནས་ནས་གཡོ་བ་མེད་པར་ཇི་ལྟར་མོས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་གང་དུ་མོས་པ་དེ་བཞིན་དུ་སྐྱེ་བར་འགྱུར་བས་སྲིད་པ་རྣམས་སུ་མངལ་དུ་སྐྱེ་བའི་ལུས་བཟློག་སྟེ། སྤྲུལ་པས་སྐྱེ་བའི་ལུས་བླངས་ནས་རྟག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་ བཞིན་གཤེགས་པ་རྣམས་མཐོང་ཞིང་དེ་བཞིན་གཤེགས་པ་དེ་དག་ཀྱང་མཚན་ནི་འདི་ལྟ་བུའོ། ། རིགས་ནི་འདི་ལྟ་བུའོ། ། འཁོར་འདུས་པ་ནི་འདི་ལྟ་བུའོ། ། ཆོས་སྟོན་པ་ནི་འདི་ལྟ་བུའོ། ། ཞེས་མ་འདྲེས་པར་རབ་ཏུ་ཤེས་སོ། །
BOདེ་ནས་འཁོར་དེ་ཉིད་དུ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་པའི་རྒྱལ་བ་ཞེས་བྱ་བ་འདུས་པར་གྱུར་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཇི་ལྟ་བུ་ཞིག་ལ་གནས་པར་གྱུར་ན་བཅོམ་ལྡན་འདས་ ཀྱིས་ཇི་སྐད་གསུངས་པའི་ཡོན་ཏན་མཆོག་དེ་དག་འཐོབ་པར་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་པའི་རྒྱལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཐམས་ ཅད་ལ་གནས་པ་མེད་པ་གང་ཡིན་པ་དེས་ངས་ཇི་སྐད་བསྟན་པའི་ཡོན་ཏན་མཆོག་ཏུ་གྱུར་པ་དེ་དག་འཐོབ་པར་འགྱུར་རོ། ། དཔག་ཏུ་མེད་པའི་རྒྱལ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གལ་ཏེ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ པར་ཤེས་པ་ལ་གནས་པར་གྱུར་ཏམ། གལ་ཏེ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་ལ་གནས་པར་གྱུར་ཏམ། གལ་ཏེ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་།
BOགཟུགས་མེད་པའི་ཁམས་ལ་ གནས་པར་གྱུར་ན་ངས་མདོ་སྡེ་འདི་ལས་བསྟན་པའི་ཡོན་ཏན་དེ་དག་དང་ལྡན་པར་མི་སྟོན་ཏོ། ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་གནས་པ་མེད་ཅིང་འབྱུང་བ་དང་། འཇུག་པ་མེད་པར་གྱུར་ན་ངས་དེ་དག་གི་ཡོན་ཏན་གྱིས་རྒྱ་མཚོ་ཆེན་པོ་ དཔག་ཏུ་མེད་པ་ཐོབ་པར་འགྱུར་བར་རབ་ཏུ་བསྟན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་ཆོས་ཅུང་ཟད་ཙམ་ཡང་དམིགས་པར་བྱ་བ་དང་། གནས་པར་བྱ་བ་ཡང་མེད་ལ་ཆོས་ཅུང་ཟད་ཙམ་ཡང་འཇུག་པར་བྱ་བ་འམ། འབྱུང་བར་བྱ་བ་ ཡང་མེད་པར་ཆོས་རྣམས་ཀྱི་ཚུལ་ལ་ལེགས་པར་གནས་ཤིང་གཡོ་བ་མེད་པས་སོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་གནས་པ་དང་། གཡོ་བ་མེད་དེ་གཡོ་བ་མེད་པའི་ཕྱིར་མཐོ་བ་ཡང་མེད། དམའ་བ་ཡང་མེད་དོ། ། མཐོ་བ་དང་དམའ་ བ་མེད་པའི་ཕྱིར་མཐོ་བ་དང་། དམའ་བ་ལ་གནས་པ་ཡོངས་སུ་སྤོང་བར་བྱེད་དོ། ། མཐོ་དམའ་ལ་མི་གནས་པའི་ཕྱིར་དགེ་བའི་གནས་སུ་གནས་པ་ཞེས་བྱའོ། ། དགེ་བའི་གནས་སུ་གནས་པ་གང་ཡིན་པ་དེ་ནི་གནས་པ་མེད་པ་ལ་གནས་པ་ཡིན་ནོ། །
BOགནས་པ་མེད་པ་ལ་གནས་པ་ གང་ཡིན་པ་དེ་ནི་ཅི་ལ་ཡང་གནས་པ་མེད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་འགའ་ཙམ་ཡང་རྣམ་པར་གཞག་པ་འམ། རྫོགས་པར་བྱེད་པ་མེད་པས་གནས་མེད་པ། གནས་པ་མེད་པ། འབྱུང་བ་མེད་པ། བྱེད་པ་མེད་པར་གྱུར་བ་ཡིན་ནོ། ། དེ་ཅིའི་ ཕྱིར་ཞེ་ན། གནས་མི་དམིགས་པས་སོ། ། གནས་མེད་པའི་ཕྱིར་རྣམ་པར་རྟོག་པ་ཡང་མེད་དོ། ། རྣམ་པར་རྟོག་པ་མེད་པའི་ཕྱིར་མི་གཡོ་བའི་གནས་སུ་གནས་པར་བྱེད་དོ། ། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་གནས་པར་བྱེད་དོ། ། གནས་མེད་པ་ལ་གནས་པར་བྱེད་པས་གནས་ པ་ཅི་ཡང་མེད་དེ། གནས་དང་། གནས་མེད་པ་ལ་མངོན་པར་ཞེན་པ་མེད་པས་ལེགས་པར་གནས་པ་ཞེས་བྱའོ། ། དཔག་ཏུ་མེད་པའི་རྒྱལ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་ཚུལ་ལ་རབ་ཏུ་གནས་པ་ནི་དེ་ལྟར་གནས་པ་མེད་པ་རྣམ་པར་གཞག་ནས་ གནས་མེད་པ་ལ་གནས་པར་བྱེད་པས་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པར་མཐོང་ཞིང་རྣམ་པར་མི་རྟོག་པའི་སྤྱོད་པ་དེ་ལྟ་བུ་ལ་གནས་པར་བྱེད་དེ། སྤྱོད་པ་དེས་ཆོས་ཐམས་ཅད་གཡོ་བ་མེད་པར་མཐོང་བས་ཚུལ་བཞིན་དུ་གནས་པའི་རྗེས་སུ་འཐུན་པ་དང་།
BOཚུལ་བཞིན་དུ་མི་གཡོ་བའི་རྗེས་སུ་འཐུན་པ་དང་། ཚུལ་བཞིན་དུ་མི་ལེན་པའི་རྗེས་སུ་འཐུན་པར་གྱུར་པ་ཡིན་ནོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། བྱང་ཆུབ་སེམས་དཔའ་ཡང་དག་དྲན། ། དོན་ལ་ལེགས་པར་སེམས་བྱེད་ཅིང་། ། ཆོས་ རྣམས་ལ་ནི་མི་གནས་པས། ། བློ་དང་ལྡན་པ་ཞེས་བྱའོ། ། ཆོས་ནི་ཅུང་ཟད་འགའ་ཙམ་ཡང་། ། རྣམ་པར་གཞག་པར་བྱ་བ་མེད། ། རྣམ་པར་གཞག་པ་མེད་པའི་ཕྱིར། ། འཇིགས་པ་མེད་པར་གཞོལ་བར་བྱེད། ། གཟུགས་ནི་རྣམ་པར་མི་གཞག་ཅིང་། ། ཚོར་བ་རྣམས་ཀྱང་ གཞག་པ་མེད། ། འདུ་ཤེས་དང་ནི་འདུ་བྱེད་དང་། ། རྣམ་པར་ཤེས་པ་འང་དེ་བཞིན་ནོ། ། ཕུང་པོ་རྣམས་ལ་མི་གནས་ཤིང་། ། ཁམས་རྣམས་དང་ནི་སྐྱེ་མཆེད་དང་། ། གནས་དང་གནས་མ་ཡིན་ལ་ཡང་། ། རྟག་ཏུ་གནས་པ་མེད་པ་ཡིན། ། ས་ཡི་ཁམས་ལ་མི་གནས་ཤིང་། ། ཆུ་ ཡི་ཁམས་ལའང་གནས་པ་མིན། ། མེ་དང་རླུང་གི་ཁམས་ལ་ཡང་། ། རྟག་ཏུ་གནས་པ་མེད་པ་ཡིན། ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས། ། གཟུགས་མེད་ཁམས་ལ་མི་གནས་ཏེ། ། རྣམ་གཞག་མེད་པ་ཐོབ་པའི་ཕྱིར། ། ཁམས་གསུམ་དག་ལ་གནས་མི་བྱེད། ། ནམ་ མཁའི་ཁམས་ནི་དེ་དག་ལ། ། གནས་པར་ཡང་ནི་མི་བྱེད་དེ།
BO། གནས་པར་བྱེད་པ་མེད་པས་ན། ། མཉམ་པ་ཉིད་དུ་གཞོལ་བར་བྱེད། ། དེ་ཕྱིར་ཆོས་ནི་ཅུང་ཟད་ཙམ། ། གནས་པར་བྱ་བ་ཅི་ཡང་མེད། ། གནས་པ་མེད་པ་གང་ཐོབ་པ། ། དེ་ནི་ཡེ་ཤེས་དམ་པ་ཡིན། ། ཡེ་ཤེས་དམ་པ་ གནས་པ་མེད། ། གནས་པ་མེད་པས་ལེགས་གནས་ཡིན། ། དེ་ལྟའི་གནས་པ་གང་ཐོབ་པ། ། ཆོས་ཀྱི་དབྱིངས་ལ་གནས་པ་ཡིན། ། གནས་པ་མེད་དང་མཚུངས་ལྡན་ཕྱིར། ། དེ་ནི་རྟག་ཏུ་ལེགས་གནས་འགྱུར། ། གནས་པ་མེད་ཅིང་རྟེན་པ་མེད། ། ཆོས་ལ་གནས་པ་འཐོབ་པར་ འགྱུར། ། གལ་ཏེ་རྟེན་མེད་ཐོབ་གྱུར་ན། ། རྟག་ཏུ་གཡོ་བ་མེད་པར་འགྱུར། ། འཇུག་པ་མེད་ཅིང་འབྱུང་བ་མེད། ། མཉམ་པ་ཉིད་དུ་རབ་ཏུ་གནས། ། ཆོས་ལ་དེ་ལྟར་གང་གནས་པ། ། དེ་ནི་དཔའ་བོ་ཞེས་བྱའོ། ། ཆོས་རྣམས་ཀུན་ལ་མཐོ་བ་མེད། ། ཆོས་རྣམས་ཀུན་ལ་དམའ་བ་ མེད། ། དེ་ལྟར་གཡོ་བ་མེད་གྱུར་པས། ། ཆོས་ཀྱི་དབྱིངས་ལ་རབ་ཏུ་གནས། ། གཡོ་བ་མེད་ལ་གནས་པའི་ཕྱིར། ། བླ་མེད་གནས་པ་འཐོབ་པར་འགྱུར། ། མི་གནས་གནས་དང་རྗེས་འཐུན་པ། ། དེ་ནི་དཔའ་བོ་ཞེས་བྱའོ། ། གནས་པ་ལ་ནི་མི་གནས་ཤིང་། ། གནས་ལ་གཡོ་བ་མེད་གྱུར་ པ། ། གནས་པ་མེད་པས་གྲུབ་པས་ན། ། ལེགས་པར་གནས་པ་འཐོབ་པར་འགྱུར། །
BOགནས་དང་གནས་མ་ཡིན་ལ་ཡང་། ། ཐམས་ཅད་དུ་ནི་གཡོ་བ་མེད། ། གཡོ་བ་མེད་ལ་གནས་པས་ན། ། གཡོ་བ་མེད་པ་ཞེས་བྱའོ། ། གལ་ཏེ་མི་གཡོ་གནས་འགྱུར་ན། ། ཐམས་ཅད་ལ་ཡང་ གནས་མི་འགྱུར། ། གནས་དང་གནས་མིན་མི་སེམས་པས། ། རྣམ་རྟོག་མེད་ལ་རྟག་ཏུ་གནས། ། གནས་ལ་གནས་པར་མི་བྱེད་ཕྱིར། ། གཡོ་བར་གྱུར་པ་ཅི་ཡང་མེད། ། གནས་ཀྱིས་གཡོ་བ་མེད་པས་ན། ། ཐམས་ཅད་ལ་ཡང་གནས་མི་འགྱུར། ། གལ་ཏེ་མི་གནས་ཐོབ་འགྱུར་ན། ། གནས་དང་གནས་མིན་གྱིས་མི་གཡོས། ། གནས་ཀྱིས་མི་གཡོས་གང་ཡིན་པ། ། གནས་ལ་རབ་གནས་ཞེས་བྱའོ། ། གནས་ལ་རབ་ཏུ་གང་གནས་པ། ། གནས་པ་མེད་ལ་གནས་པས་ན། ། ཆོས་རྣམས་ཐམས་ཅད་མཐོང་འགྱུར་ཞིང་། ། ཆོས་ཀྱི་རྗེས་སུ་འཐུན་ལ་གནས། ། དེ་ལྟར་ཆོས་ རྣམས་མཐོང་བས་ན། ། སྣ་ཚོགས་དག་ལ་མི་གནས་ཤིང་། ། གནས་མེད་རབ་ཏུ་གནས་པ་མེད། ། ཆོས་གནས་པ་ལ་མཁས་པར་འགྱུར། ། རྟག་ཏུ་ཆོས་ལ་རབ་གནས་པས། ། རྣམ་པར་རྟོག་པ་ཅི་ཡང་མེད། ། རྣམ་པར་རྟོག་པ་སྤངས་པའི་ཕྱིར། ། འདི་ནི་མི་གཡོས་པ་ཞེས་བྱ། ། གལ་ ཏེ་མི་གཡོས་གནས་གྱུར་ན། ། སྤྱོད་པ་དག་ལ་རྣམ་མི་རྟོག ། གནས་དང་གནས་མིན་ཡོངས་སུ་སྤོང་། ། འདི་ནི་སོ་སོར་རྟོག་བྱེད་ཡིན། །
BOགལ་ཏེ་མིག་ཡོར་རབ་རྟོག་ན། ། ཐམས་ཅད་གཡོ་བ་མེད་པར་འགྱུར། ། ཆོས་རྣམས་རྟག་ཏུ་མཉམ་པ་ལ། ། དེ་བཞིན་རབ་ཏུ་གཞོལ་བར་འགྱུར། ། ཚུལ་ བཞིན་རྗེས་འཐུན་གནས་པ་དང་། ། ཚུལ་བཞིན་རྣམ་པར་མི་གཡོ་དང་། ། མི་གཡོ་གནས་ནི་གང་ཐོབ་པ། ། གནས་མེད་ལ་ནི་རྟག་ཏུ་གནས། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཀྱིས་ཡང་འདི་སྐད་ཅེས་གསོལ་ ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་ཚུལ་འཆིང་བ་མ་མཆིས་པ་དང་། གྲོལ་བ་མ་མཆིས་པ་ལ་རབ་ཏུ་འགོད་པར་མཛད་པ་ཤིན་ཏུ་ངོ་མཚར་ཆེ་ལགས་སོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ ཀྱི་ཚུལ་རྣམ་པར་གཞག་པ་ལ་རབ་ཏུ་མཁས་པ་ནི་ཆོས་ཅུང་ཟད་ཙམ་ཡང་མཚུངས་པར་ལྡན་པའམ། མཚུངས་པར་མི་ལྡན་པ་འམ། འཐུན་པར་གྱུར་པ་འམ། ཡོངས་སུ་བསྡུས་པ་འམ། ཡོངས་སུ་མ་བསྡུས་པ་འམ། སྐྱབས་སུ་འགྲོ་བ་དང་མི་ལྡན་པ་འམ། འདོད་ཆགས་དང་ བཅས་པ་འམ་འདོད་ཆགས་དང་བྲལ་བ་འམ། ཞེ་སྡང་དང་བཅས་པ་འམ། ཞེ་སྡང་དང་བྲལ་བ་ཞེས་བགྱི་བ་ཡང་དག་པར་རྗེས་སུ་མི་དམིགས་ལགས་སོ། །
BOབཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཀྱི་ཚུལ་ཐམས་ཅད་རྣམ་པར་གཞག་པ་ལ་རབ་ཏུ་མཁས་ པ་ནི་གལ་ཏེ་སེམས་ཅན་རྣམས་ཀྱིས་གུས་པས་མཆོད་པ་བགྱིས་པ་ན་ཡང་འདོད་ཆགས་ཀྱི་སྲེད་པ་སྐྱེ་བར་མི་འགྱུར་ལ། ། སྨོད་ཅིང་གནོད་པར་བགྱིད་ན་ཡང་ཞེ་སྡང་སྐྱེ་བར་མི་འགྱུར་ཏེ། འདུ་ཤེས་སྣ་ཚོགས་མ་མཆིས་ཤིང་ཆོས་སུ་ལྟ་བ་ཐམས་ཅད་ཡོངས་སུ་སྤངས་པས་ཆོས་འགའ་ ཙམ་ཡང་ཆོས་འགའ་ཙམ་དང་མཚུངས་པར་ལྡན་པ་འམ་མཚུངས་པར་མི་ལྡན་པར་ཡང་དག་པར་རྗེས་སུ་མི་དམིགས་ལགས་སོ། ། མཚུངས་པར་ལྡན་པ་དང་། མཚུངས་པར་མི་ལྡན་པ་ལས་ཀྱང་ཡང་དག་པར་འདས་པའི་སླད་དུ་མཚུངས་པར་ལྡན་པ་དང་། མཚུངས་པར་མི་ ལྡན་པའི་འདུ་ཤེས་སྤོང་ཞིང་མཚུངས་པར་ལྡན་པ་དང་། མཚུངས་པར་མི་ལྡན་པའི་འདུ་ཤེས་ཀྱང་ཡང་དག་པར་ཁོང་དུ་ཆུད་པར་འགྱུར་ལགས་སོ། ། ཁོང་དུ་ཆུད་པ་ལས་ཡང་དག་པར་འདས་ནས་ཀྱང་ཆོས་འགའ་ཙམ་ལ་ཡང་རྩོལ་བ་འམ། ལྡོག་པ་འམ། བགྲོད་པར་བགྱི་བ་དང་ བཅས་པའམ། བགྲོད་པར་བགྱི་བ་མ་མཆིས་པ་ཞེས་མཚུངས་པར་ལྡན་པར་བགྱིད་ལགས་སོ། །
BOཆོས་ཐམས་ཅད་ཀྱི་ཚུལ་ཡང་ཡང་དག་པ་མ་ལགས་པའི་བསམ་པ་མ་མཆིས་ཤིང་ཡོངས་སུ་འཛིན་པ་མ་མཆིས་པས་ཐབས་མཁས་པས་ཆོས་ཀྱི་ངོ་བོ་ཉིད་རྣམ་པར་འཇིག་པར་མི་ བགྱིད་ལགས་སོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་ལ་དེ་ལྟར་གནས་པའི་ཚེ་ཐབས་མཁས་པས་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་ཚུལ་ཡང་དག་པར་སྟོན་པར་བགྱིད་ལགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མྱུར་དུ་ཡོངས་ སུ་རྫོགས་པར་བགྱིད་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་བཀའ་སྩལ་བ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་ལ་རྣམ་པར་གཞག་པར་བྱ་ བ་མེད་ཅིང་གནས་པར་བྱ་བ་མེད་པར་མཐོང་བར་གྱུར་ན། སངས་རྒྱས་ཀྱི་ཆོས་ལ་རྣམ་པར་གཞག་པར་བྱ་བ་མེད་པ་དང་། གནས་པར་བྱ་བ་མེད་པ་དང་། ཁྱད་པར་དུ་གནས་པ་མེད་པར་ཡང་དག་པར་མཐོང་བར་གྱུར་ཏེ། སངས་རྒྱས་ཀྱི་ཆོས་གནས་པ་མི་གཡོ་བར་མཐོང་བའི་ཕྱིར་ དང་། འཁོར་བར་མི་འཇུག་པའི་ཕྱིར་དང་།
BOཡོངས་སུ་མི་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་དབྱིངས་དང་རྗེས་སུ་འཐུན་པར་གནས་པར་གྱུར་བས་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་ཚུལ་རྣམ་པར་གཞག་པ་ལ་མཁས་པ་ཞེས་བྱའོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཆོས་ལ་གནས་པ་མེད་པ་དང་། མི་གནས་པ་མེད་པ་དང་། ཁྱད་པར་དུ་གནས་པ་མེད་པ་དང་། ཁྱད་པར་མེད་པར་གནས་པ་མེད་པ་དང་། གནས་པའི་གནས་པ་མེད་པ་དང་། གནས་པ་མ་ཡིན་པར་གནས་པ་མེད་པ་དང་། གཡོ་བ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཁྱད་པར་དུ་རྣམ་པར་རྟོག་པ་མེད་པ་དང་། ཀུན་དུ་རྟོག་པ་མེད་པར་གྱུར་ན། གདོད་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་ཚུལ་རྣམ་པར་གཞག་པ་ལ་རབ་ཏུ་མཁས་པ་ཞེས་བྱའོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་ཆོས་འགའ་ཙམ་ཡང་རྣམ་པར་གཞག་པ་མི་མཐོང་ལ། ཆོས་ཐམས་ཅད་ཀྱི་གནས་མཆོག་ཏུ་རྣམ་པར་གཞག་ཏུ་ཡོད་པར་ཡང་མི་མཐོང་ཞིང་རྣམ་པར་རྟོག་པ་མེད་པ་དང་། མཆོག་ཏུ་རྣམ་པར་རྟོག་པ་མེད་པ་དང་། ཀུན་ཏུ་རྣམ་པར་རྟོག་པ་མེད་ པར་གྱུར་ན། གདོད་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་ཚུལ་རྣམ་པར་གཞག་པ་ལ་མཁས་པ་ཞེས་བྱའོ། །
BOབློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་འགའ་ཙམ་ཡང་འདུག་པ་འམ། འགྲོ་བ་ཞེས་བྱ་བ་ཡང་དག་པར་མི་མཐོང་ལ་རྣམ་པར་རྟོག་ པ་ཡང་མེད། ཁྱད་པར་དུ་རྣམ་པར་རྟོག་པ་ཡང་མེད། ཀུན་དུ་རྣམ་པར་རྟོག་པ་ཡང་མེད་དེ། ཆོས་ཐམས་ཅད་ནམ་མཁའ་ཡོངས་སུ་དག་པ་ལྟར་མཐོང་ཞིང་འོད་ཀྱིས་རབ་ཏུ་གསལ་བར་གྱུར་བས་ཉོན་མོངས་པ་ཡོངས་སུ་སྤོང་བ་དང་། ཆོས་ཐམས་ཅད་འོད་ཀྱིས་རབ་ཏུ་སྣང་བར་ བྱེད་པའི་ཕྱིར་གདོད་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་ཚུལ་ལ་ཐབས་མཁས་པ་ཐོབ་པ་ཞེས་བྱ་སྟེ། རྣམ་པར་གཞག་པས་ཆོས་ཀྱི་དབྱིངས་ལ་སོ་སོར་རྟོག་པར་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ལ་རྣམ་པར་གཞག་པ་ཅུང་ཟད་ཙམ་ཡང་མེད་པའི་ཕྱིར་རོ། ། འདི་ལྟ་སྟེ། དཔེར་ན་ནམ་མཁའ་དང་། རླུང་གི་ཁམས་ལ་ནི་གནས་ཀྱང་མེད། བལྟར་ཡང་མི་མཐོང་རྣམ་པར་གཞག་པའི་གནས་ཀྱང་མེད། རྟེན་པའི་གནས་ཀྱང་མེད། བསྟན་དུ་ཡང་མེད་དོ། ། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་འཇུག་པར་བྱ་བའི་གནས་ཀྱང་མེད། བལྟ་བར་བྱ་བའི་གནས་ ཀྱང་མེད། རྣམ་པར་གཞག་པའི་གནས་ཀྱང་མེད། རྟེན་པའི་གནས་ཀྱང་མེད། ཁོང་དུ་ཆུད་པར་བྱ་བ་ཡང་མེད། བསྟན་དུ་ཡང་མེད་དེ།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་བསྟན་པར་བྱ་བ་མེད་པའི་ཕྱིར། དེ་བཞིན་ཉིད་ཀྱི་དབྱིངས་དང་མཚུངས་པར་ལྡན་ པར་གནས་སོ། ། བློ་གྲོས་མཐའ་ཡས་ཆོས་ཐམས་ཅད་ཀྱི་དབྱིངས་ནི་སྐྱེ་བ་མེད་པ། སྲོག་མེད་པ། རྒ་བ་མེད་པ། འཆི་བ་མེད་པ། རྒོད་པ་མེད་པ། བྱིང་བ་མེད་པ། བསྟན་དུ་མེད་པའི་དབྱིངས་ཡིན་པས་ཆོས་ཀྱི་དབྱིངས་ཤེས་བྱའོ། ། རྣམ་པར་འགྱུར་བ་མེད་པའི་དབྱིངས་ ཡིན་པས་ཆོས་ཀྱི་དབྱིངས་ཤེས་བྱ་སྟེ། ཆོས་ཀྱི་དབྱིངས་ནི་གནས་ཐམས་ཅད་དུ་ཁྱབ་པ་ཡིན་ནོ། ། བློ་གྲོས་མཐའ་ཡས་ཆོས་ཀྱི་དབྱིངས་ནི་འགྲོ་བ་མེད་ཅིང་འགྲོ་བའི་གནས་མེད་དེ། འགྲོ་བ་དང་། གནས་པ་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་དང་མཚུངས་པར་ལྡན་པར་གནས་པ་ཞེས་ བྱའོ། ། དེ་བཞིན་ཉིད་ཀྱི་ཆོས་ཀྱི་དབྱིངས་ལ་ནི་གནས་ཀྱང་མེད། གནས་མ་ཡིན་པ་ཡང་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ཀྱི་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །
BOབློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱིས་ངས་བསྟན་པ་འདི་ཐོས་པར་གྱུར་ན་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་ཚུལ་གྱི་ཆོས་ཀྱི་སྣང་བ་ཆེན་པོ་འཐོབ་པར་འགྱུར་ལ། ཆོས་ཀྱི་སྣང་བ་ཐོབ་པའི་དབང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་མྱུར་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མ་འདྲེས་པ་{བཅྭ་,བཅོ་}བརྒྱད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྒྱ་ཆེན་པོ་དང་། ཚོགས་ཁྱད་པར་དུ་འཕགས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆད་པར་བྱ་ བའི་ཕྱིར་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་སོང་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་ཀྱི་གནས་རྣམས་ཟིལ་གྱིས་གནོན་པ་དང་། ཐ་དད་པར་སྨྲ་བ་རྣམས་ཚར་གཅོད་པ་དང་། སྐྱེས་བུ་དམ་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཤིང་སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་དང་། སྨོན་ལམ་ཇི་ལྟ་བ་དང་།
BOསེམས་བསྐྱེད་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དམ་པའི་ཆོས་བསྟན་ནས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་པར་བྱེད་དོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་ དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་རྣམས་ཀུན་ལ་མི་གནས་པས། ། སངས་རྒྱས་ཀྱི་ནི་ཆོས་དག་ལ། ། རྣམ་པར་གཞག་པ་ཅི་ཡང་མེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། རྣམ་པར་གཞག་པ་མེད་པའི་ཕྱིར། ། སངས་རྒྱས་ཀྱི་ནི་ ཆོས་དག་ལ། ། འཇིགས་པ་མེད་པར་གཞོལ་བར་བྱེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། སངས་རྒྱས་ཆོས་ལ་གནས་པ་དང་། ། གནས་ཀྱང་མེད་པར་མཐོང་བས་ན། ། ཤིན་ཏུ་ལེགས་པར་གནས་པར་བྱེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ ནི། ། གནས་དག་ལ་ནི་མི་གནས་པར། ། ཆོས་རྣམས་རབ་ཏུ་མཐོང་བས་ན། ། གནས་པ་མེད་ཅིང་ལྡོག་པ་མེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་ལ་གནས་པ་མེད་མཐོང་བས། ། སངས་རྒྱས་ཆོས་ལ་མི་གཡོས་ཤིང་། ། སངས་རྒྱས་ཆོས་ཀྱང་ཚོལ་མི་བྱེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་ནི་ཐ་དད་མི་མཐོང་བས། ། སངས་རྒྱས་ཆོས་ལས་མ་གཡོས་ཤིང་། །
BOཡོངས་སུ་འཚོལ་བར་མི་བྱེད་དོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་རྣམས་དེ་ལྟར་མཐོང་བས་ན། ། ཆོས་རྣམས་མཁས་པར་བྱ་བ་ལ། ། ཐབས་མཁས་པས་ནི་གནས་པར་བྱེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། རྟག་ཏུ་མཉམ་པར་མཐོང་བས་ན། ། སངས་རྒྱས་ཆོས་ལ་མི་གནས་ཤིང་། ། མི་གནས་པ་ཡང་མ་ཡིན་ནོ། ། རྟག་ཏུ་གནས་མེད་པ་ལ་གནས། ། གནས་མེད་པ་ཡང་མ་ཡིན་ནོ། ། རྟག་ཏུ་རྣམ་པར་རྟོག་མི་བྱེད། ། རྣམ་པར་མི་རྟོག་པ་ཡང་མིན། ། རྣམ་པར་རྟོག་པ་སྣ་ཚོགས་དག ། རྟག་ཏུ་མེད་པར་གྱུར་པ་ཡིན། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། གནས་པ་མེད་དང་མཚུངས་ལྡན་པས། ། དུས་དང་གནས་རྣམས་ཀུན་དུ་ཡང་། ། གཡོ་བ་མེད་ པར་གྱུར་པ་ཡིན། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། ། ནམ་ཞིག་ཆོས་ཀྱི་ཚུལ་དག་ལ། ། མཉམ་པ་ཉིད་དུ་གནས་པའི་ཚེ། ། ལེགས་པར་གནས་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། ། ནམ་ཞིག་ཆོས་ཀྱི་ཚུལ་དག་ལ། ། ཆོས་འགའ་ ཙམ་ཡང་མི་མཐོང་ན། ། མཉམ་པ་ཉིད་ལ་གནས་པ་ཡིན། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་རྣམས་ཀུན་ལ་གནས་མེད་པར། ། རབ་ཏུ་མཐོང་བར་གྱུར་ཀྱང་ནི། ། གནས་ནི་ཡོངས་སུ་སྤོང་མི་བྱེད། ། གཡོ་བ་མེད་པ་ཐོབ་པས་ན།
BO། བསྟན་པར་བྱ་བ་ཅི་ཡང་ མེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་རྣམས་ཀུན་གྱི་ཚུལ་དག་ལ། ། རབ་ཏུ་མཁས་པར་གྱུར་པས་ན། ། ཐབས་མཁས་པས་ནི་གནས་པར་བྱེད། ། གནས་པ་མེད་ལ་གནས་པས་ན། ། བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་ ཐམས་ཅད་ནི། ། ཆོས་ནི་ཅུང་ཟད་ཙམ་ལ་ཡང་། ། འགྲོ་འམ་འོང་ཞེས་བྱ་བ་ཡི། ། རྣམ་རྟོག་དག་ལ་མི་གནས་པ། ། དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། ། ཚུལ་ལ་རབ་ཏུ་གནས་པ་ཡིན། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་ཀྱི་ཚུལ་ནི་ཀུན་ལ་ཡང་། ། རྣམ་པ་སྣ་ཚོགས་གནས་བྱེད་པས། ། ཆོས་ཀྱི་སྣང་བ་ཆེན་པོ་ནི། ། དཔག་ཏུ་མེད་པ་སྐྱེད་པར་བྱེད། ། ཆོས་ཀྱི་སྣང་བའི་དབང་གིས་ནི། ། མཉམ་པའི་ལྟ་བ་རབ་གནས་པས། ། ཆོས་རྣམས་ཐམས་ཅད་ཀུན་ལ་ནི། ། ཆོས་རྣམས་ཀུན་གྱི་ཚུལ་རྣམས་ཀྱང་། ། ནམ་མཁའ་དག་པ་ ལྟ་བུ་དང་། ། གྲིབ་མ་དང་ནི་གཟུགས་བརྙན་དང་། ། མཉམ་ཞིང་དྲི་མ་མེད་པར་མཐོང་། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ལྟ་བ་དག་ནི་རྟོགས་གྱུར་ཀྱང་། ། རྟོགས་པ་དག་ནི་མེད་པས་ན། ། རང་བཞིན་ཡོངས་སུ་སྤོང་བར་བྱེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ ནི། ། ཇི་ལྟར་མཐོང་ཞིང་རྟོགས་བྱེད་པས། །
BOཆོས་ཀྱི་ཚུལ་ནི་ཐམས་ཅད་ལ། ། རབ་ཏུ་གནས་པར་གྱུར་པ་ཡིན། ། ཆོས་རྣམས་ཀུན་གྱི་དབྱིངས་དག་ལ། ། བརྟན་པས་ནན་ཏན་བསྒྲུབས་པས་ན། ། ཆོས་ཀྱི་དབྱིངས་ཀྱི་ཚུལ་དག་ལ། ། ཐབས་མཁས་པ་ཞེས་བརྗོད་པ་ཡིན། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་ཀྱི་དབྱིངས་ལ་མི་གནས་པས། ། ཆོས་ཀྱི་དབྱིངས་རྣམས་ཐམས་ཅད་ཀུན། ། གཏན་དུ་ཡོད་མིན་ལྟ་བར་བྱེད། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ། ཆོས་ཀྱི་དབྱིངས་རྣམས་རྟོགས་པས་ན། ། ཆོས་རྣམས་ནམ་མཁའ་རླུང་ ཁམས་ལ། ། རྣམ་གཞག་མེད་ཅིང་ཐམས་ཅད་དུ། ། ཁྱབ་པར་གྱུར་པ་བཞིན་དུ་མཐོང་། ། ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ཏེ། ། ཐམས་ཅད་དུ་ནི་ཁྱབ་པ་ཡིན། ། ཆོས་ཀྱི་དབྱིངས་ནི་བསམ་དཀའ་བས། ། བསྟན་པར་བྱ་བར་རུང་མ་ཡིན། ། བློ་ལྡན་དག་ནི་ཐམས་ཅད་ ཀུན། ། རྟེན་པར་ཡང་ནི་མི་བྱེད་དོ། ། བསྟན་མེད་དབྱིངས་ནི་གང་ཡིན་པ། ། དེ་ནི་ཆོས་ཀྱི་དབྱིངས་ཤེས་བྱ། ། གནས་པའི་གནས་ནི་མེད་པས་ན། ། དེ་ནི་གནས་པ་ཞེས་བྱའོ། ། ཆོས་ཀྱི་དབྱིངས་ལ་སྐྱེ་བ་མེད། ། སྲོག་ཀྱང་མེད་ལ་རྒ་བའང་མེད། ། འཆི་བ་མེད་ཅིང་ བྱིང་བ་མེད། ། ངེས་པར་འབྱུང་བའང་ཡོད་མ་ཡིན། ། ཆོས་ཀྱི་དབྱིངས་ནི་བསམ་དཀའ་བས། །
BOའོང་བ་མེད་ཅིང་འགྲོ་བ་མེད། ། ཆོས་ཀྱི་དབྱིངས་ནི་ཕུང་པོ་མིན། ། ཁམས་དང་སྐྱེ་མཆེད་ཀྱང་མ་ཡིན། ། གནས་ཀྱང་སྤོང་བར་མི་བྱེད་པས། ། གཡོ་བ་མེད་པར་གྱུར་པ་ཡིན། ། ཆོས་ ཀྱི་དབྱིངས་ཀྱི་དེ་བཞིན་ཉིད། ། རང་བཞིན་དག་ནི་ཡོད་མ་ཡིན། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། ། ཆོས་ཀྱི་དབྱིངས་ནི་བསམ་དཀའ་བས། ། དེ་ལྟར་ཁོང་དུ་ཆུད་གྱུར་ན། ། ཆོས་ཀྱི་སྣང་བ་འཐོབ་པར་འགྱུར། ། དེ་ཡི་དབང་གིས་བྱང་ཆུབ་ཀྱི། ། སྙིང་པོར་ཡང་ནི་བགྲོད་པར་ འགྱུར། ། སངས་རྒྱས་རྣམས་ཀྱི་ཆོས་ལ་ཡང་། ། ཐེ་ཚོམ་དག་ནི་མེད་པར་འགྱུར། ། གཡོ་བ་དག་ནི་མེད་པར་ཡང་། ། ཆོས་ཀྱི་སྣང་བ་དག་གིས་ཀྱང་། ། སེམས་ཅན་དག་ནི་ཐམས་ཅད་ཀུན། ། བདེ་བ་ཆེན་པོ་འཐོབ་པར་བྱེད། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཟབ་མོ་འདི་ལྟ་བུ་དག་ལ་ནན་ཏན་གྱིས་མངོན་པར་སྒྲུབ་པར་བྱེད་ན། ། ཆོས་ཀྱི་སྣང་བ་དེ་ལྟ་བུ་འཐོབ་པར་འགྱུར་ཏེ། ། ཤེས་རབ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱེད་དོ། ། ། ། བམ་ པོ་དྲུག་པ་སྟེ་ཐ་མ། ། གཞན་ཡང་བློ་གྲོས་མཐའ་ཡས་ངས་མངོན་པར་དྲན་ཏེ།
BOསྔོན་བསྐལ་པ་གྲངས་མེད་པ་གཉིས་འདས་པ་ན་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་ རྟེན་མཁྱེན་པ་བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཟླ་བའི་སྒྲོན་མའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བསྐལ་པའི་མིང་ནི་བདུད་རྩི་ཞེས་བྱའོ། ། འཇིག་རྟེན་གྱི་ཁམས་ནི་ཡོངས་སུ་དག་པར་བྱེད་པ་ ཞེས་བྱ་སྟེ། ། སངས་རྒྱས་དེའི་ཞིང་ཆུ་ཤེལ་ལས་མངོན་པར་གྲུབ་པས་རྟག་ཏུ་འོད་ཟེར་གྱིས་ཞིང་དེ་ཀུན་དུ་གསལ་བར་བྱེད་དེ། ། སེམས་ཅན་གང་དག་འོད་ཟེར་དེས་རེག་པར་གྱུར་པ་དེ་དག་ཤིན་ཏུ་མཛེས་ཤིང་བྱད་བཞིན་བཟང་པོར་གྱུར་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་དག་ པར་བྱེད་པ་ཞེས་བྱའོ། ། དེ་ན་ལོགས་ཤིག་ན་གྲོང་ཁྱེར་དང་། གྲོང་རྡལ་ཞེས་བྱ་བའི་མིང་ཡང་མེད་དེ། ། ལམ་རྣམས་གྱ་ནོམ་ཞིང་གསེར་གྱི་ཐིག་བཀྱེ་བ་ལམ་རྣམས་ཀྱི་བར་རེ་རེའི་ཚད་རྒྱང་གྲགས་ཕྱེད་ཕྱེད་ཡོད་དོ། ། ལམ་རེ་རེའི་བར་དུ་ཡང་རིན་པོ་ཆེའི་ཀ་བ་དང་།
BOཏ་ལ་སྣ་ཚོགས་ཀྱི་ལྗོན་ ཤིང་འོད་དང་ལྡན་པ་བརྒྱད་ཅུ་རྩ་བཞི་བརྒྱད་ཅུ་རྩ་བཞི་ཕྲེང་དུ་དཀྲིགས་སོ། ། གཞན་ཡང་རྫིང་བུ་བཞི་ལམ་སྟེགས་ཀྱིས་བསྐོར་བ་ཡོད་དོ། ། མི་རྣམས་ནི་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དྲ་བས་གཡོགས་ཤིང་དར་གྱི་ལྡ་ལྡི་སྤྱངས་པ། ། མེ་ཏོག་གིས་རབ་ཏུ་མཛེས་པར་བྱས་པ་དག་ ན་གནས་པས་དཔེར་ན་ལྷ་རྣམས་ཇི་ལྟ་བ་བཞིན་ནོ། ། འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་རྣམས་ནི་རབ་ཏུ་བདེ་ཞིང་བདེ་བ་དང་ལྡན་པས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་རྫོགས་ཤིང་བྱད་བཞིན་ཤིན་ཏུ་སྡུག་པ། ཚེ་ཤིན་ཏུ་རིང་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་ མུག་སྲབ་པ། གདུལ་སླ་བ། སྦྱོར་བ་ཆུང་ངུས་ཆོས་རྣམས་རྒྱ་ཆེར་རྟོགས་པ་ཤ་སྟག་གོ ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སྟོང་ཐུབ་པར་གྱུར་ཏོ། ། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དག་པའི་ཆོས་ནི་འཇིག་རྟེན་ན་ལོ་བྱེ་བ་སྙེད་གནས་པར་གྱུར་ཏོ། ། འདུས་ པ་ལན་བཅུར་ཆོས་བཤད་དེ། འདུས་པ་རེ་རེ་ལ་ཡང་ཉན་ཐོས་ཀྱི་འཁོར་སློབ་པའི་ས་ལ་གནས་པ་ནི་བྱེ་བ་ཁྲག་ཁྲིག་ཕྲག་ཉི་ཤུ་ཡོད་པར་གྱུར་ཏོ། །
BOབྱང་ཆུབ་སེམས་དཔའི་འཁོར་ཐེག་པ་གཅིག་གི་ལམ་ལ་བགྲོད་པར་གྱུར་པ། དེའི་གྲངས་ནི་ཚད་ཀྱང་མེད་དོ། ། བློ་གྲོས་མཐའ་ ཡས་དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མའི་རྒྱལ་པོ་དེའི་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེའི་ཚད་ཀྱང་རྒྱར་ནི་དཔག་ཚད་ལྔ་བཅུ་ཡོད་དོ། ། སྲིད་དུ་ནི་དཔག་ཚད་བརྒྱ་ཡོད་དེ། རྩ་བ་ནི་བྱི་རུ་ལས་བྱས་པ། སྡོང་པོ་ནི་བཻ་དཱུརྱ་ལས་བྱས་པ། ། ཡལ་ག་ནི་གསེར་ལས་བྱས་པ། ། ལོ་མ་ནི་རྡོའི་སྙིང་པོ་ ལས་བྱས་པའོ། ། བྱང་ཆུབ་ཀྱི་གདན་གྱི་ཚད་ཀྱང་ཆུ་ཞིང་འདྲ་སྟེ། དཔག་ཚད་བརྒྱ་བརྒྱ་ཡོད་དོ། ། གདན་དེའི་མཐའ་མ་ནི་ལན་ཀན་གྱིས་འཁོར་བར་བསྐོར་ཏོ། ། ཏ་ལའི་ལྗོན་ཤིང་མཆོག་རྣམས་ཀྱིས་ནི་ཕྲེང་དུ་དཀྲིགས་ཏེ། ། གསེར་གྱི་དྲིལ་བུ་དང་། རིན་པོ་ཆེའི་དྲ་བས་ གཡོགས་ཤིང་རབ་ཏུ་བརྒྱན་པར་གྱུར་ཏོ། ། བྱང་ཆུབ་ཆེན་པོའི་གདན་དེ་འཕང་དུ་ནི་དཔག་ཚད་གསུམ་ཡོད་དེ། གདན་ཤིན་ཏུ་ཕྲ་ཞིང་འཇམ་པ་དག་དེའི་སྟེང་དུ་བཏིང་ངོ་། ། གོས་མཆོག་དམ་པ་བརྒྱ་སྟོང་སྙེད་ཀྱིས་བརྒྱན་ཅིང་སྦྱངས་པར་གྱུར་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་ཉི་ཤུ་ནི་ གཡས་གཡོན་དུ་དཀྲིགས་སོ། །
BOདེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མའི་རྒྱལ་པོ་གདན་དེ་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཚེ་འཇིག་རྟེན་གྱི་ཁམས་དེ་ན་ངན་སོང་གསུམ་ཡང་མེད། ངན་སོང་གསུམ་གྱི་མིང་ཡང་མེད། ། མི་ཁོམ་པ་རྣམས་ཀྱང་མེད། མི་ཁོམ་པ་རྣམས་ཀྱི་མིང་ཡང་མེད་དོ། ། དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མའི་རྒྱལ་པོ་དེ་ནི་རྟག་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པའི་སྐུ་བསྟན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། ། བློ་གྲོས་མཐའ་ཡས་དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་ མའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་གཉིས་ཡོད་དེ། གཅིག་གི་མིང་ནི་སྤྲིན་གྱི་དབྱངས་ཞེས་བྱའོ། ། གཅིག་གི་མིང་ནི་དཔག་མེད་དབྱངས་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གཞག་པའི་ཐབས་ལ་མཁས་པ་འཐོབ་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་།
BOདེའི་ཚེ་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་ཚུལ་ རྣམ་པར་གཞག་པའི་ཐབས་མཁས་པ་འཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་གཉིས་ལ་ཆོས་དེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དེ་ཐོས་པས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གཞག་པའི་ཐབས་ལ་ མཁས་པ་ཐོབ་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱང་དེའི་འོག་ཏུ་ལོ་ཉི་ཁྲིའི་བར་དུ་གཉིད་ཀྱང་མེད། འདོད་པ་དང་། ཁོང་ཁྲོ་བ་དང་། རྣམ་པར་འཚེ་བའི་བསམ་པ་ཡང་མེད། ཟས་ཀྱི་འདུ་ཤེས་ཀྱང་མེད། ཉལ་བའི་འདུ་ཤེས་ཀྱང་མེད། ན་བའི་རྐྱེན་ཡང་མེད། སྨན་ལ་ སོགས་པ་ཡོངས་སུ་ཚོལ་བའི་འདུ་ཤེས་ཀྱང་མེད། འཇིག་རྟེན་པའི་ལྟད་མོ་དང་། གཏམ་དང་། རྩེད་མོ་ལ་ཡང་དགའ་བ་མེད་པར་དེ་བཞིན་གཤེགས་པ་དེས་ཆོས་བསྟན་པ་རྩེ་གཅིག་ཏུ་མཉན་པས་སྟན་ལས་མ་ལངས་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། དེ་ནས་དེ་བཞིན་ གཤེགས་པ་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གཞག་པ་ལ་འདི་ལྟར་ཐབས་མཁས་པར་གྱུར་པ་དེ་དེང་ཁྱེད་ཡོངས་སུ་ཚོལ་བར་བྱེད་དམ།
BOབྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཐམས་ཅད་ཀྱི་ ཚུལ་རྣམ་པར་གཞག་པའི་ཐབས་ལ་མཁས་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གཞག་པའི་ཐབས་ལ་མཁས་པའི་ཆོས་མཆིས་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ན་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གཞག་པའི་ཐབས་ལ་ མཁས་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཐམས་ཅད་ཀྱང་ཡང་དག་པར་མི་དམིགས། ། ཆོས་རྣམས་ཀྱི་རྣམ་པར་གཞག་པ་ཡང་ཡང་དག་པར་མི་དམིགས་པས་ཆོས་ཐམས་ཅད་ལ་གནས་པ་ཡང་མ་ལགས། མི་གནས་པ་ཡང་མ་ལགས་ སོ། ། བཅོམ་ལྡན་འདས་བདག་ཅག་དེ་ལྟར་མཐོང་བ་ལ་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གཞག་པ་འདི་ལྟར་ཐབས་མཁས་པ་དེ་ཡོངས་སུ་ཚོལ་བར་བགྱིད་པ་འམ། ཡོངས་སུ་ཚོལ་བར་མི་བགྱིད་པ་ལྟ་མཆིས་པར་ག་ལ་འགྱུར། ། བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཐམས་ཅད་ ཀྱི་ཚུལ་རྣམ་པར་གཞག་པ་ལ་དེ་ལྟར་ཐབས་མཁས་པ་ཡོངས་སུ་ཚོལ་བར་བགྱིད་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། ནང་ངམ། ཕྱི་རོལ་ལམ། དེ་གཉིས་ཀྱི་བར་རམ། ཆོས་ཐམས་ཅད་ཅེས་བགྱི་བ་འམ།
BOཆོས་ཀྱི་ཚུལ་ལ་དེ་ལྟར་ཐབས་མཁས་པ་རྣམ་པར་གཞག་པ་ ཞེས་བགྱི་བ་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་འགའ་ཡང་ནང་ངམ། སླད་རོལ་ལམ། དེ་གཉིས་ཀྱི་བར་རམ། ཆོས་ཐམས་ཅད་ཅེས་བགྱི་བའམ། ཆོས་ཀྱི་ཚུལ་ལ་ཐབས་མཁས་པ་རྣམ་པར་གཞག་པ་ཞེས་བགྱི་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལགས་ སོ། ། བཅོམ་ལྡན་འདས་བདག་ཅག་ནི་ཐ་ན་ཆོས་ཅུང་ཟད་ཙམ་ཡང་ནང་ངམ། སླད་རོལ་ལམ། དེ་གཉིས་ཀྱི་བར་རམ། ཆོས་ཀྱི་ཚུལ་ལ་ཐབས་མཁས་པ་རྣམ་པར་གཞག་པ་ཞེས་བགྱི་བ་བགྲོད་པར་བགྱིར་རུང་བ་འམ་བསྟེན་པར་བགྱིར་རུང་བ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ལགས་ སོ། ། བཅོམ་ལྡན་འདས་དེ་ལྟར་ཆོས་འགའ་ཙམ་ཡང་གཞོལ་བར་བགྱིད་པ་འམ་བསྟེན་པར་བགྱིར་རུང་བ་མ་མཆིས་ན་བདག་ཅག་གིས་ཇི་ལྟར་དེ་རྣམ་པར་གཞག་པར་བགྱི་ལགས། བཅོམ་ལྡན་འདས་བདག་ཅག་གིས་ནི་འདས་པ་འམ། ད་ལྟར་བྱུང་བ་འམ། མ་འོངས་པ་གང་ཡང་ རྣམ་པར་གཞག་པའི་གནས་སུ་གྱུར་པར་ཡང་ཡང་དག་པར་རྗེས་སུ་མ་མཐོང་བ་ལགས་སོ། ། གལ་ཏེ་རྣམ་པར་གཞག་པའི་གནས་ཡང་དག་པར་མཆིས་པ་མ་ལགས་ན་བདག་ཅག་གིས་གང་དུ་ཅི་ཞིག་རྣམ་པར་གཞག་པར་བགྱི་ལགས། བཅོམ་ལྡན་འདས་རྣམ་པར་གཞག་པ་མ་ མཆིས་པའི་སླད་དུ་རྗེས་སུ་འཐུན་པ་ལ་གནས་པ་ཡང་མ་ལགས།
BOརྗེས་སུ་མི་འཐུན་པ་ལ་མི་གནས་པ་ཡང་མ་ལགས་པས་བསམ་པ་མ་མཆིས་པ་དང་མཚུངས་པར་ལྡན་པ་དང་། སྐྱེ་བ་མ་མཆིས་པ་དང་མཚུངས་པར་ལྡན་པར་གྱུར་པ་ལགས་སོ། ། བཅོམ་ལྡན་འདས་བདག་ཅག་ནི་ གང་ལས་གང་གིས་གང་དུ་གང་གི་ཚེ་བདག་ཅག་གི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་སྐྱེ་བ་འམ། འགག་པ་ཞེས་བགྱི་བ་ཡང་དག་པར་རྗེས་སུ་མ་མཐོང་ན་སེམས་དང་ཡིད་དང་། རྣམ་པར་ཤེས་པས་ཆོས་ཐམས་ཅད་ཀྱི་ཚུལ་ལ་ཐབས་མཁས་པ་རྣམ་པར་གཞག་པ་ཞེས་ཇི་ སྐད་དུ་བརྗོད་པར་བགྱི་ལགས། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་དེ་སྐད་སྨྲས་པའི་ཚེ་བྱང་ཆུབ་སེམས་དཔའ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་སྟོང་གིས་ནི་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མའི་རྒྱལ་པོས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཇི་ལྟར་ཁྱེད་གནས་པ་མེད་པས་གནས་མེད་པ་ལ་གནས་ནས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གཞག་པའི་ ཐབས་མཁས་པ་ལ་གནས་པ་དེ་བཞིན་དུ་རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ།
BOདེ་བཞིན་གཤེགས་པ་འཇིག་རྟེན་པའི་རྗེས་སུ་འཐུན་པར་མཛད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་བརྙེས་པར་སྟོན་པར་མཛད་དོ། ། གལ་ཏེ་དེ་བཞིན་གཤེགས་པ་འཇིག་རྟེན་པའི་རྗེས་སུ་འཐུན་པར་མི་མཛད་ན་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མངོན་དུ་མཛད་པ་ཡང་མི་སྟོན་ཏོ། ། རིགས་ཀྱི་བུ་ཆོས་རྣམས་ལ་ནི་གནས་མེད་དོ། ། གནས་མེད་པ་ ཡང་མ་ཡིན་ནོ། ། གནས་དང་གནས་མེད་པ་ཞེས་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་འཇིག་རྟེན་པའི་རྗེས་སུ་འབྲང་བའོ། ། འཇིག་རྟེན་པའི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ལ་ནི་ཆོས་འགའ་ཙམ་ཡང་སྐྱེ་བར་བྱ་བ་འམ། ཁོང་དུ་ཆུད་པར་བྱ་བ་མེད་པས་དེའི་ཕྱིར་རིགས་ཀྱི་བུ་ ནན་ཏན་བརྩོན་འགྲུས་བསྐྱེད་ནས་མྱུར་དུ་ཆོས་རྣམས་ལས་རྣམ་པར་གྲོལ་བ་འཐོབ་པར་བྱའོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་དེ་བཞིན་གཤེགས་པ་དེ་ལས་ཆོས་དེ་ལྟ་བུ་ཐོས་པ་དང་། ནམ་མཁའ་ལ་འཕགས་ནས་ཚིགས་སུ་བཅད་དེ་དེ་བཞིན་གཤེགས་པ་ལ་མངོན་པར་ བསྟོད་པ། ། ཆོས་ཀྱི་རྒྱལ་པོ་བསམ་མི་ཁྱབ། ། ངོ་མཚར་ཆོས་ནི་རབ་ཏུ་བརྙེས། །
BOཐམས་ཅད་མཁྱེན་པ་རྐང་གཉིས་གཙོ། ། སངས་རྒྱས་ཆོས་ནི་བླ་ན་མེད། ། ཆོས་ཉིད་བླ་ན་མ་མཆིས་སླད། ། དེ་བཞིན་གཤེགས་དང་མཚུངས་མ་མཆིས། ། ཆོས་རྣམས་སྐྱེ་བ་མ་མཆིས་པས། ། དེང་བདག་བཟོད་པ་འདི་ཐོབ་ལགས། ། བདག་ནི་རྟག་ཏུ་སྐྱེ་བ་དང་། ། སྐྱེ་བ་མ་མཆིས་རྟོག་མི་བགྱིད། ། དེ་བཞིན་རྣམ་མི་རྟོག་ལ་ཡང་། ། ཐམས་ཅད་བསམ་པར་མི་བགྱིད་དོ། ། ཆོས་རྒྱལ་ཐུབ་པ་ཆེན་པོ་སྟེ། ། ཡོན་ཏན་ཚིག་དང་རྟོག་སྤངས་པ། ། རྣམ་པར་དག་པའི་ཆོས་ བསྟན་ནས། ། འཁོར་རྣམས་དགའ་བར་མཛད་དུ་གསོལ། ། སངས་རྒྱས་ཡོན་ཏན་མཆོག་དག་གི། ། མཐའ་ནི་གང་ཞིག་རྟོགས་འཚལ་བས། ། བསྐལ་པ་ཚད་མེད་རབ་བརྟགས་ཀྱང་། ། དམིགས་པར་ཡང་ནི་མི་འགྱུར་རོ། ། ཡོན་ཏན་དཔག་ཏུ་མ་མཆིས་ སླད། ། ཁྱད་པར་འཕགས་ཤིང་བླ་ན་མེད། ། ཆོས་རྣམས་སྐྱེ་བ་མ་མཆིས་ལ། ། བདག་ནི་རྟོག་པར་མི་བགྱིད་དོ། ། བདག་ནི་སངས་རྒྱས་ཆོས་དག་ལ། ། རྣམ་པར་འཛིན་པར་མི་བགྱིད་པས། ། དགེ་བའི་རྩ་བ་མང་པོ་དག ། ཇི་ལྟར་འཐོབ་སྙམ་སེམས་མི་བགྱིད། ། ཆོས་རྣམས་ བསྟན་དུ་མ་མཆིས་ཤིང་། ། སྐྱེ་དང་མཚན་མ་མ་མཆིས་པས། ། འདི་ལྟར་མཚན་མ་མ་མཆིས་བཟོད། ། འདིར་ནི་ཐམས་ཅད་མངོན་དུ་གྱུར། །
BOདེང་བདག་ཐོབ་པའི་བཟོད་པ་འདི། ། ནམས་ཀྱང་ལྡོག་པར་མི་འགྱུར་བས། ། དེ་སླད་ཐམས་ཅད་མཁྱེན་པ་ལ། ། དེས་ན་དགའ་བ་སྐྱེས་པ་ ལགས། ། དེ་བཞིན་གཤེགས་པའི་ཆོས་ལ་བདག ། ངེས་པར་སོམ་ཉི་མ་མཆིས་པས། ། ཆོས་རྣམས་ཐམས་ཅད་དག་ལ་ཡང་། ། ཐེ་ཚོམ་མང་པོ་རབ་ཏུ་སྤངས། ། བླ་མེད་སངས་རྒྱས་ཆོས་དག་ལས། ། དེང་བདག་བཟོད་པ་འདི་ཐོབ་ཀྱང་། ། བདག་ནི་རྟོག་པར་ཡོང་མི་བགྱིད། ། རྟོག་པ་ མ་མཆིས་པ་ཡང་མིན། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མའི་རྒྱལ་པོ་ལ་ལན་གསུམ་བསྐོར་བ་བྱས་ཏེ། ལྷའི་མེ་ཏོག་དང་། ཙན་དན་གྱི་ཕྱེ་མས་དེ་བཞིན་གཤེགས་པ་ལ་མངོན་པར་ གཏོར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་དེས་ཀྱང་འདི་སྐད་དུ་ཁྱེད་བསྐལ་པ་ཉི་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ཞེས་ལུང་བསྟན་ཏོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱང་དེ་བཞིན་གཤེགས་པས་ལུང་ བསྟན་པ་ཐོབ་པས་རབ་ཏུ་དགའ་བར་གྱུར་ཏེ།
BOདེ་བཞིན་གཤེགས་པ་ལ་སེམས་རྩེ་གཅིག་ཏུ་བརྟགས་ནས་བསམ་གཏན་རྣམས་ལ་ཞུགས་པས་རྫུ་འཕྲུལ་གྱིས་རྣམ་པར་རྩེན་པ་དང་། དུད་པ་འཐུལ་བ་དང་། འོད་འབྱིན་པ་དག་ལ་རང་དབང་ཐོབ་པར་གྱུར་ཏོ། ། གཞན་ཡང་སེམས་ཅན་ རྣམས་ལ་ཆོས་ཡང་དག་པར་རྣམ་པར་ཕྱེ་སྟེ་བསྟན་པས་ལྷ་དང་། མི་བྱེ་བ་ཕྲག་ཉི་ཤུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་ཇི་སྲིད་འཚོའི་བར་དུ་ནན་ཏན་གྱིས་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་ནས་ དེ་བཞིན་གཤེགས་པ་དེས་དུས་བར་མར་གསུངས་པའི་ཡང་དག་པའི་ཆོས་དང་། དུས་ཐ་མར་གསུངས་པའི་ཡང་དག་པའི་ཆོས་རྣམས་རབ་ཏུ་བསྲུངས་ཤིང་ཡོངས་སུ་བཟུང་ངོ་། ། གཞན་ཡང་དེའི་ཚེ་དེ་དག་གིས་སེམས་ཅན་བྱེ་བ་ཕྲག་བཞིའི་བར་དུ་བཏུལ་ནས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱས་སོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་རིམ་གྱིས་སངས་རྒྱས་བརྒྱ་སྟོང་མང་པོ་ལ་རིམ་གྲོ་དང་། མཆོད་པ་བྱས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་དང་།
BOཡང་དག་པའི་ཆོས་རྣམས་མ་ལུས་པར་ཡོངས་སུ་བཟུང་ བས་བསྐལ་པ་ཉི་ཁྲི་འདས་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་ཅེས་བྱ་བ་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བ་དང་ཕྲད་པར་གྱུར་པས་སེམས་ཅན་ཚད་མེད་པ་སྙེད་བཏུལ་ཏེ། ། ཡོངས་སུ་སྨིན་པར་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་ གྱུར་ཏོ། ། དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་དེའི་ཞིང་ནི་ཤིན་ཏུ་རྣམ་པར་དག་ཅིང་ཉན་ཐོས་ཀྱི་མིང་ཡང་མེད་པས་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་གང་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འདི་སྐད་ དུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་དབྱངས་ཞེས་བྱ་བ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མཚན་ཡང་དེ་བཞིན་གཤེགས་པ་ཉི་མའི་སྒྲོན་མའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། ། སངས་རྒྱས་དེའི་ཞིང་ནི་བཀོད་པ་ཕུན་སུམ་ཚོགས་པ། ཡོན་ཏན་དཔག་ཏུ་མེད་པ་ལས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པར་མ་གྱུར་པ་མེད་དོ། །
BOདེ་བཞིན་གཤེགས་པ་ཉི་མའི་སྒྲོན་མའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་ འདས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབྱངས་ཞེས་བྱ་བ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ཞེས་ལུང་བསྟན་ཏོ། ། བློ་གྲོས་མཐའ་ཡས་ཆོས་ཀྱི་རྣམ་གྲངས་འདི་ནི་དམིགས་སུ་མེད་པའི་ ཕྱིར་དང་། ཚིག་མེད་པའི་ཕྱིར་བསྟན་དུ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནན་ཏན་བརྩོན་འགྲུས་ཀྱིས་ཚུལ་བཞིན་དུ་བསྒྲུབ་པར་བྱའོ། ། བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གཞག་པའི་ ཐབས་མཁས་པ་ལ་གནས་ཤིང་དམིགས་སུ་མེད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ན་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་དང་། ཡོན་ཏན་ཚད་མེད་པས་རབ་ཏུ་བརྒྱན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་འགྱུར་རོ། ། བློ་གྲོས་མཐའ་ཡས་ང་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་འདི་མ་གཏོགས་པར་གུད་ན་ཆོས་ཅུང་ཟད་ཙམ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པར་འགྱུར་བ་ཡོད་པར་ཡང་དག་པར་མི་སྨྲའོ། །
BOགང་ལ་ལ་ཞིག་སྐྱེ་བ་མེད་པ། འགག་པ་མེད་པ། ཤིན་ཏུ་ཟབ་པ། སྟོང་པ་ ཉིད་ཀྱི་ཆོས་འདི་ནན་ཏན་བརྩོན་འགྲུས་ཀྱིས་ཡང་དག་པར་སྒྲུབ་པར་བྱེད་པ་ན་མྱུར་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་ཐབས་མཁས་པ་དང་། གཟུངས་དང་། སྤོབས་པ་ཕུན་སུམ་ཚོགས་པ་དང་། བླ་ན་མེད་པའི་ཡོངས་སུ་སྡུད་པ་འཐོབ་པར་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱིས་ཀྱང་བསྔགས་པ་བརྗོད་པ་དང་། ཆོས་ཀྱི་བཀོད་པའི་ཡོ་བྱད་ཀྱིས་རབ་ཏུ་བརྒྱན་པ་དང་། སྦྱིན་པ་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང་། བཟོད་པ་རྣམ་པར་དག་པ་དང་། བླ་ན་མེད་པའི་བརྩོན་འགྲུས་དང་། དམིགས་པ་མེད་པའི་བསམ་ གཏན་དང་། ཤེས་རབ་ཆེན་པོ་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་འགྱུར་བས་མཆོག་ཏུ་གྱུར་པའི་ནང་ན་རབ་མཆོག་ཏུ་གྱུར་པ་དང་།
BOམྱུར་དུ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་མིང་ཐོབ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་འགྱུར་བས་རྒྱལ་པོ་ ཆེན་པོ་བཞི་གདུགས་ཐོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པས་ལྷ་དང་མི་རྣམས་ལ་སྣང་བ་ཆེན་པོ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་པར་འགྱུར་རོ། ། གཞན་ཡང་བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་ཆོས་ཐམས་ཅད་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་བརྩོན་འགྲུས་ཀྱིས་སྒྲུབ་པར་བྱེད་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་དང་མཚུངས་པ་ཉིད་དུ་མཐོང་བར་འགྱུར་ཏེ། དེ་ལྟར་མཐོང་བའི་ཚེ་ཆོས་ཀྱི་དབྱིངས་ལ་ཡང་ཆོས་ཐམས་ཅད་དུ་མི་མཐོང་ལ། ཆོས་རྣམས་ལ་ཡང་ཆོས་ཀྱི་དབྱིངས་སུ་ མི་མཐོང་བས་བརྩོན་འགྲུས་ཀྱིས་མངོན་པར་སྒྲུབ་པར་བྱེད་དོ། ། ཆོས་ཐམས་ཅད་ཀྱི་ཁམས་འདུས་པ་ལ་ཐབས་མཁས་པས་ཆོས་ཐམས་ཅད་ཀྱི་ཁམས་ལ་ཡང་མངོན་པར་ཞེན་པ་ཡང་མེད་གཡོ་བ་ཡང་མེད་དོ། ། ཆོས་ཐམས་ཅད་ཀྱི་ཁམས་འདུས་པ་ལ་ཐབས་མཁས་ཤིང་མངོན་པར་ཞེན་ པ་ཡང་མེད། རྣམ་པར་རྟོག་པ་ཡང་མེད་པས་ཆོས་གཅིག་ཏུ་འདུས་པའི་ནང་དུ་ཆོས་ཐམས་ཅད་འདུས་པར་མཐོང་ལ། །
BOཆོས་ཐམས་ཅད་འདུས་པའི་ནང་དུ་ཆོས་གཅིག་འདུས་པར་མཐོང་ཡང་ཆོས་ཐམས་ཅད་འདུས་པས་ཆོས་གཅིག་འདུས་པ་ལ་སྟེན་པར་ཡང་མི་བྱེད་ལ། ཆོས་གཅིག་ གི་འདུས་པས་ཀྱང་ཆོས་ཐམས་ཅད་ཀྱི་འདུས་པ་ལ་སྟེན་པར་ཡང་མི་བྱེད་དོ། ། ཆོས་འདི་གཅིག་རབ་ཏུ་རྟོགས་པའི་ཕྱིར་ཡང་ཆོས་ཐམས་ཅད་རབ་ཏུ་རྟོགས་པར་འགྱུར་ལ། ཆོས་ཐམས་ཅད་རབ་ཏུ་རྟོགས་པའི་ཕྱིར་ཡང་ཆོས་འདི་གཅིག་ཤེས་པར་བྱ་བའི་གནས་རྣམས་རབ་ ཏུ་རྟོགས་པར་འགྱུར་ཡང་ཆོས་རྣམས་ཀྱིས་ཆོས་ཐམས་ཅད་ལ་སྟེན་པར་མི་བྱེད་དོ། ། ཉེ་བར་ལེན་པའི་ཕུང་པོ་རྣམས་འདུས་པ་རྟོགས་པར་ཁོང་དུ་ཆུད་པས་ཉེ་བར་ལེན་པའི་ཕུང་པོ་སྣ་ཚོགས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ལ་ཡང་འདུས་པ་ཡོད་པ་འམ། འདུས་པ་མེད་པར་ མངོན་པར་ཞེན་པ་སྐྱེད་པར་མི་བྱེད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་སྤྱོད་པའི་ཚེ་ཆོས་གང་རྒྱུ་དང་། རྐྱེན་མང་པོ་འདུས་པ་ལས་སྐྱེ་བ་དང་། ཆོས་གང་རྒྱུ་དང་། རྐྱེན་མང་པོ་འདུས་པ་ལས་མངོན་པར་སྒྲུབ་པར་འགྱུར་བའི་ཆོས་དེ་དག་ཀྱང་རྟོགས་པར་ ཁོང་དུ་ཆུད་དོ། ། ཆོས་གང་རྒྱུ་དང་།
BOརྐྱེན་འདུས་པ་ལས་རྣམ་པ་སྣ་ཚོགས་ཀྱི་ངོ་བོ་ཉིད་མཚུངས་པར་ལྡན་པར་འབྱུང་བར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་རྟོགས་པར་ཁོང་དུ་ཆུད་ཀྱང་མངོན་པར་ཞེན་པ་ཡང་མེད་ལ། ཆོས་ཐམས་ཅད་ཅེས་གདགས་པའི་མཚན་ཉིད་ཀྱང་རྗེས་སུ་ རྟོགས་པར་བྱེད་དོ། ། མཚན་མ་དང་བཅས་པ་དང་མཚན་མ་མེད་པ་ཡང་རབ་ཏུ་རྟོགས་པར་བྱེད་དོ། ། ཁམས་རྣམས་ཀྱི་བྱེ་བྲག་དང་། ཁམས་སྣ་ཚོགས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་བྱེ་བྲག་ཀྱང་རབ་ཏུ་རྟོགས་པར་འགྱུར་རོ། ། གང་གིས་རྒྱུ་བྱས་ནས་ཉོན་མོངས་པས་རྟེན་ཅིང་འབྲེལ་བར་འབྱུང་ བའི་ཆོས་རྣམས་ལ་བསྟེན་པ་དང་། གཞོལ་བར་མི་འགྱུར་བ་ཡང་ཁོང་དུ་ཆུད་པར་འགྱུར་རོ། ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཕན་ཚུན་མི་འགལ་བར་ཡང་རྗེས་སུ་རྟོགས་པར་འགྱུར་རོ། ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང་། འཇིག་རྟེན་ པའི་མཚན་ཉིད་ཀྱི་ཕྱག་རྒྱ་ཡང་ཡོངས་སུ་རྟོགས་པར་འགྱུར་རོ། ། ཆོས་ཀྱི་རྣམ་གྲངས་གཅིག་གིས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་གྲངས་ཁོང་དུ་ཆུད་པར་བྱེད་ལ། ཆོས་ཀྱི་རྣམ་གྲངས་མང་པོས་ཀྱང་ཆོས་གཅིག་གིས་རྣམ་གྲངས་ཁོང་དུ་ཆུད་པར་བྱེད་དོ། །
BOཆོས་ཐམས་ཅད་ཀྱི་རྣམ་གྲངས་ཀྱིས་ཀྱང་ ཆོས་གཅིག་གི་རྣམ་གྲངས་ལ་སྟེན་པར་མི་བྱེད་ལ། ཆོས་གཅིག་གི་རྣམ་གྲངས་ཀྱིས་ཀྱང་ཆོས་རྣམས་ཀྱི་རྣམ་གྲངས་ལ་སྟེན་པར་མི་བྱེད་དོ། ། ཆོས་ཀྱི་རྣམ་གྲངས་དེ་ལྟ་བུ་དག་མ་ལུས་པར་ཡོངས་སུ་སྦྱོང་བར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་ཆོས་འདི་ནན་ཏན་གྱིས་སྒྲུབ་པར་བྱེད་པ་དེ་དག་ནི་ཚུལ་གཅིག་པའི་ཚིག་གིས་བསྟན་པའི་རྣམ་གྲངས་གཅིག་གིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རོ་གཅིག་པ་ཁོང་དུ་ཆུད་པར་འགྱུར་བས་ཆོས་ཐམས་ཅད་ལ་རྩོད་པ་མེད་པ་ཚུལ་བཞིན་གྱིས་རབ་ཏུ་དབེན་པའི་མཆོག་འཐོབ་པར་ འགྱུར་ཏེ། ཕན་ཚུན་འགལ་བ་མེད་པར་འཁོར་མང་པོའི་ནང་དུ་ཆོས་འདིའི་བསྔགས་པ་བརྗོད་ནས་ཡང་དག་པར་བསྟན་པ་དང་། ནན་ཏན་གྱིས་བསྒྲུབས་པས་ཆོས་ཐམས་ཅད་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཡང་རབ་ཏུ་འཐོབ་པར་འགྱུར་རོ། ། དེ་ལྟར་མངོན་པར་བསྒྲུབས་པས་རྩོད་པ་ དང་བཅས་པ་འམ། རྩོད་པ་མེད་པར་ཡང་རུང་སྟེ། དེ་དག་ཐམས་ཅད་ཉེ་བར་ཞི་བར་གྱུར་བས་ཚུལ་བཞིན་དུ་གནས་པར་འགྱུར་རོ། ། ང་རྒྱལ་དང་། བག་མེད་པ་དག་ཀྱང་རྗེས་སུ་འཐུན་པས་ཡོངས་སུ་སྤོང་བར་བྱེད་དོ། །
BOངེས་པར་བཤད་པ་དག་ཀྱང་ལེགས་པར་ཡོངས་སུ་འཛིན་པར་བྱེད་ དོ། ། མིང་དང་ཚིག་ཐ་དད་པ་དག་ཀྱང་ཡོངས་སུ་རྟོགས་པར་འགྱུར་རོ། ། ཆོས་ཀྱི་དབྱིངས་ཀྱི་ཚུལ་དག་ལ་ཡང་ཐབས་མཁས་པས་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། ། ཆོས་ཀྱི་སྒོ་རྣམས་ཀྱང་ལེགས་པར་ཡིད་ལ་བྱེད་དོ། ། ཆོས་གང་དང་མཚུངས་པར་ལྡན་པ་འམ། མཚུངས་པར་མི་ལྡན་ པ་ཡང་རུང་སྟེ། ཐབས་མཁས་པས་ངེས་པའི་དོན་ལ་བསམ་པ་རྣམ་པར་དག་པས་རབ་ཏུ་གནས་པར་བྱེད་དོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཀྱི་སྒོ་འདི་ལ་དེ་ལྟར་གནས་པ་དེ་དག་ནི་སྤྱོད་པ་ཆུང་ངུས་ཆོས་ཐམས་ཅད་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ ཏིང་ངེ་འཛིན་ཐོབ་ནས་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཚད་མེད་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱེད་དོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱེད་ཀྱིས་ཆོས་རྣམས་ཐམས་ཅད་ནི། ། ཆོས་ཀྱི་དབྱིངས་སུ་འཇུག་ པར་ལྟོས། ། ཆོས་རྣམས་ཆོས་དབྱིངས་མཚུངས་པས་ན། ། ཚུལ་ནི་ཀུན་ཀྱང་མཉམ་པ་ཡིན། ། གཞན་ཡང་ཆོས་ཀྱི་དབྱིངས་རྣམས་ནི། ། ཆོས་རྣམས་ཀུན་དུ་འཇུག་པར་ལྟོས། །
BOཆོས་དབྱིངས་ཆོས་དང་མཚུངས་པས་ན། ། ཚུལ་ནི་ཀུན་དུ་མཉམ་པ་ཡིན། ། ཆོས་ཀྱི་དབྱིངས་རྣམས་ལ་ཡང་ ནི། ། ཐམས་ཅད་ཆོས་སུ་ལྟ་མི་བྱེད། ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། ། ཆོས་རྣམས་སུ་ཡང་ལྟ་མི་བྱེད། ། ཆོས་རྣམས་ཐམས་ཅད་ཀུན་ལ་ཡང་། ། ཆོས་ཀྱི་དབྱིངས་སུ་ལྟ་མི་བྱེད། ། ཆོས་རྣམས་མ་གཏོགས་གུད་ན་ཡང་། ། ཆོས་ཀྱི་དབྱིངས་སུ་ལྟ་མི་བྱེད། ། ཁམས་ནི་རྣམ་ པ་སྣ་ཚོགས་དང་། ། ཆོས་ཀྱི་དབྱིངས་ནི་སྣ་ཚོགས་ཉིད། ། ཆོས་འདུས་རྣམས་ནི་རྟོགས་པས་ན། ། ཐབས་མཁས་གནས་པ་ཅི་ཡང་མེད། ། དུས་དང་གནས་ནི་ཐམས་ཅད་དུ། ། སྣ་ཚོགས་ངོ་བོ་འདུས་པ་ཡང་། ། གནས་པ་མེད་ཅིང་རྟེན་པ་མེད། ། བླང་བར་བྱ་བ་ཅི་ཡང་མེད། ། འདུས་པ་ཐ་ དད་ངོ་བོ་ཉིད། ། རྣམ་པར་རྟོག་དང་མི་རྟོག་པ། ། དེ་ལ་གཉི་ག་ཡོད་མ་ཡིན། ། བློ་དང་ལྡན་པས་མཉམ་པར་མཐོང་། ། འདུས་པ་གཅིག་ནི་ཤེས་པའི་ཕྱིར། ། འདུས་པ་མང་པོ་ཤེས་པར་འགྱུར། ། འདུས་པ་མང་པོ་ཤེས་པའི་ ཕྱིར། ། འདུས་པ་གཅིག་ཀྱང་ཤེས་པར་འགྱུར། ། འདུས་པ་དང་ནི་མ་འདུས་དང་། ། རང་བཞིན་གཅིག་དང་ཐ་དད་ལ། ། སྟེན་པར་མི་བྱེད་རྟོག་མི་བྱེད། ། འཛིན་པ་མེད་ཅིང་ཞེན་པ་མེད། ། ཆོས་རྣམས་ཐམས་ཅད་དེ་དག་ལ། །
BOའདུས་པ་མེད་པར་རྟོག་ པས་ན། ། འདུས་པ་ཉིད་དུ་མི་སེམས་ཤིང་། ། འཛིན་པ་མེད་ཅིང་ཞེན་པ་མེད། ། ཆོས་ཀྱི་རྣམ་པ་ཐམས་ཅད་ཀྱི། ། གདགས་པའི་མཚན་ཉིད་དེ་ཤེས་པས། ། སེམས་པ་མེད་ཅིང་སྟེན་པ་མེད། ། འཇིགས་པ་མེད་ཅིང་ཞེན་པ་མེད། ། ལས་དང་ལས་ཀྱི་རྣམ་སྨིན་ དག ། ཐམས་ཅད་མ་ལུས་རྟོགས་ཤེས་ཤིང་། ། དེ་དང་འགལ་བར་མི་བྱེད་པས། ། འདི་ནི་བརྩོན་འགྲུས་ལྡན་པ་ཡིན། ། ལས་དང་ལས་ནི་གང་བྱས་པ། ། འདི་གཉིས་འདུས་པའི་མཚན་ཉིད་ཡིན། ། མཚན་དེ་མཚན་མེད་གང་ཤེས་པ། ། འདི་ནི་བརྩོན་འགྲུས་ ལྡན་པ་ཡིན། ། ཁམས་རྣམས་འདུས་པ་དག་དང་ནི། ། ཁམས་ཀྱི་བྱེ་བྲག་ངོ་བོ་ལ། ། དེ་དག་རྟག་ཏུ་མཉམ་ཤེས་པ། ། འདི་ནི་བརྩོན་འགྲུས་ལྡན་པ་ཡིན། ། རྒྱུ་འབྲས་ཕན་ཚུན་འབྲེལ་པ་ནི། ། ཐམས་ཅད་ཁོང་དུ་ཆུད་པས་ན། ། རྒྱུ་རྐྱེན་ཆོས་ནི་དེ་དག་ལ། ། གོ་བགོས་ཚུལ་བཞིན་གནས་པར་བྱེད། ། འཇིག་རྟེན་འདས་པའི་ཆོས་རྣམས་དང་། ། འཇིག་རྟེན་པ་ཡི་ཆོས་རྣམས་ནི། ། འགལ་བ་ཅུང་ཟད་མེད་རྟོགས་པས། ། དེ་བཞིན་མཉམ་པར་གནས་པར་བྱེད། ། འཇིག་རྟེན་ཇི་ཙམ་གནས་པ་ཡི། ། མཚན་ཉིད་ཕྱག་ རྒྱ་ཐམས་ཅད་ཀྱང་། ། རྗེས་འཐུན་སོ་སོར་རྟོག་བྱེད་པས། །
BOཡོངས་ཤེས་མཉམ་པར་གནས་པར་བྱེད། ། ཆོས་ཀྱི་རྣམ་གྲངས་གཅིག་གིས་ནི། ། ཆོས་རྣམས་རྣམ་གྲངས་རབ་ཤེས་ཀྱང་། ། ཆོས་ཀྱི་རྣམ་གྲངས་མང་པོ་ཡིས། ། རྣམ་གྲངས་གཅིག་ནི་ཤེས་མི་ བྱེད། ། ཆོས་ཀྱི་རྣམ་གྲངས་གཅིག་གིས་ནི། ། རྣམ་གྲངས་མང་པོ་སྟེན་མི་བྱེད། ། ཆོས་ཀྱི་རྣམ་གྲངས་མང་པོས་ཀྱང་། ། རྣམ་གྲངས་གཅིག་ལ་སྟེན་མི་བྱེད། ། ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ། ། མཉམ་དང་ཡོངས་སུ་དག་པ་དང་། ། ཐ་དད་འདུ་ཤེས་ མེད་གྱུར་པ། ། འདི་ནི་སོ་སོར་རྟོག་པ་ཡིན། ། ཚིག་གིས་བསྟན་པའི་ཆོས་རྣམས་ལ། ། མཉམ་པ་ཉིད་དུ་སྟོན་བྱེད་ཅིང་། ། མཉམ་པ་ཉིད་ལ་གང་གནས་པ། ། འདི་ནི་སོ་སོར་རྟོག་པ་ཡིན། ། ཚིག་གིས་བསྟན་པའི་ཆོས་རྣམས་ལ། ། ཚུལ་བཞིན་དུ་ནི་ཤེས་ མཐོང་བ། ། རྗེས་འཐུན་རབ་ཏུ་ཐོབ་པས་ན། ། འདི་ནི་ཐབས་དང་ལྡན་ཞེས་བྱ། ། རྩོད་པའི་སྨྲ་བ་མི་སྐྱེད་ཅིང་། ། རྩོད་པའི་རྒྱུ་རྐྱེན་མི་བྱེད་པ། ། ཐམས་ཅད་འགལ་བར་མི་བྱེད་པས། ། འདི་ནི་རྗེས་འཐུན་ཞེས་བྱའོ། ། རྟག་ཏུ་རྩོད་པ་མེད་སྐྱེད་ཅིང་། ། རྩོད་པ་མེད་དང་མཚུངས་ལྡན་པ། ། མཉམ་ཞིང་འགལ་བར་མི་བྱེད་པས། ། འདི་ནི་བློ་ལྡན་ཞེས་བྱའོ། ། ཆོས་རྣམས་ཀུན་གྱི་ཚུལ་དག་ལ། །
BOརྩོད་པར་སྨྲ་བ་ཉེར་ཞི་ཞིང་། ། གོ་བགོས་ཚུལ་བཞིན་གང་སྒྲུབ་པ། ། འདི་ནི་དཔའ་བོ་ཞེས་བྱའོ། ། དེ་ལྟར་སོ་སོར་ རབ་བརྟགས་ནས། ། གཅིག་ཏུ་རྩོད་པ་མེད་གྱུར་པ། ། འཁོར་འདུས་མང་པོ་རྣམས་སུ་ནི། ། བླ་མེད་ཆོས་ནི་བསྔགས་པར་འགྱུར། ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། ཆོས་ཀྱི་རྒྱ་མཚོ་ཐམས་ཅད་ཀྱི། ། ཕྱག་རྒྱའི་ཏིང་འཛིན་མངོན་སྒྲུབ་པ། ། འདི་ནི་ཡང་དག་དྲན་ལྡན་ཡིན། ། འདི་ལྟར་གཅིག་ཏུ་རྩོད་པ་མེད། ། ནན་ཏན་གྱིས་ནི་སྒྲུབ་བྱེད་ཅིང་། ། རྩོད་སྨྲ་ཉེར་ཞི་མཚུངས་ལྡན་པ། ། ཏིང་འཛིན་འདི་ནི་རྫོགས་པར་བྱེད། ། ཚུལ་བཞིན་དུ་ནི་རབ་གནས་ཤིང་། ། གསང་སྟེ་གསུངས་པ་གང་ཤེས་པ། ། བདག་དང་ང་རྒྱལ་ཤེས་པས་ན། ། ང་རྒྱལ་སེམས་མཐོ་སྤོང་བར་བྱེད། ། ངེས་པར་གསུངས་པའི་གསུང་རབ་ལས། ། ཐབས་མཁས་ཡོངས་སུ་རྫོགས་བྱེད་ཅིང་། ། བྱེ་བྲག་མིང་ནི་གང་ཤེས་པ། ། འདི་ནི་བློ་ལྡན་ཞེས་བྱའོ། ། ཆོས་རྣམས་ཀུན་གྱི་ཚུལ་ ལ་ནི། ། ཚུལ་བཞིན་ནན་ཏན་གང་སྒྲུབ་པ། ། ཆོས་རྣམས་ཀུན་གྱི་སྒོ་མཐོང་བས། ། འདི་ནི་ཆོས་མཐོང་ཞེས་བྱའོ། ། དེ་ལྟར་ནན་ཏན་གང་སྒྲུབ་པ། ། ཆོས་གང་མཚུངས་པར་ལྡན་པ་དང་། ། ཆོས་གང་མཚུངས་པར་མི་ལྡན་པ། །
BOཆོས་དེ་ ཐམས་ཅད་ཤེས་པར་འགྱུར། ། ཆོས་རྣམས་ཐམས་ཅད་ཀུན་ལས་ནི། ། ལས་ནི་དག་པར་གང་དྲན་པ། ། ངེས་པར་གསུངས་པའི་དོན་དག་ལ། ། ཐབས་མཁས་པ་ནི་འཐོབ་པར་འགྱུར། ། ཆོས་རྣམས་ཐམས་ཅད་ཀུན་ལ་ནི། ། བརྩོན་འགྲུས་བསྐྱེད་ ནས་གང་སེམས་པ། ། ཆོས་རྣམས་ཐམས་ཅད་རྟོགས་པས་ན། ། ཏིང་འཛིན་འདི་ནི་འཐོབ་པར་འགྱུར། ། གཞན་ཡང་བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འདི་ལ་ནན་ཏན་གྱིས་སྒྲུབ་པར་བྱེད་ན་གཞན་ཡང་ཏིང་ ངེ་འཛིན་གྱི་ཆོས་ཡོངས་སུ་སྡུད་པར་འགྱུར་གྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཡང་དག་པར་བཤད་པར་བྱའོ། ། བཅོམ་ལྡན་འདས་དེ་བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱི་སྣང་བའི་སྒོ་ཡོད་དེ། ཆོས་ཀྱི་ཚུལ་ལ་ཐབས་མཁས་པ་འབྱུང་བར་བྱེད་དོ། ། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་རབ་ཏུ་འབྱུང་བར་བྱེད་དོ། ། ཆོས་ཀྱི་ཕྱག་རྒྱའི་སྒོ་ཐམས་ཅད་དུ་འཇུག་པར་འགྱུར་རོ། །
BOཆོས་ཐམས་ཅད་ཀྱི་བྱ་བ་རྣམས་ཁོང་དུ་ཆུད་ཅིང་རབ་ཏུ་འཇིག་པར་འགྱུར་རོ། ། ཆོས་ཀྱི་སྣང་བ་འཐོབ་པར་ནུས་ཤིང་ཡང་དག་པར་ རབ་ཏུ་སྟོན་པར་བྱེད་དོ། ། ཆོས་ཀྱི་སྣང་བའི་དབང་གིས་ཆོས་ཀྱི་ཚིག་གི་སྒོ་རྣམས་ལ་རྗེས་སུ་གཞོལ་བར་བྱེད་དོ། ། ཐབས་མཁས་པའི་སྣང་བ་ཡང་དག་པར་འབྱུང་བར་བྱེད་པའི་ཆོས་ཀྱི་སྣང་བའི་སྒོ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མིང་ཐ་དད་པ་ བསྟན་པའི་སྒོ་དང་། གསང་བ་བསྡམས་པའི་སྒོ་དང་། མིང་ཐ་དད་པའི་དངོས་པོའི་སྒོ་དང་། དངོས་པོ་ཡོངས་སུ་བསྡུ་བའི་སྒོ་དང་། བྱེ་བྲག་རྣམས་ཀྱི་སྒོ་རབ་ཏུ་རྟོགས་པ་གང་ཡིན་པའོ། ། ཇི་ལྟར་དེ་དག་ཁོང་དུ་ཆུད་ནས་ཏིང་ངེ་འཛིན་གྱི་སྒོ་ཡང་ དག་པར་སྐྱེ་བར་འགྱུར་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ཐམས་ཅད་ནི་དོན་གཅིག་ཏུ་འཇུག་པར་འགྱུར་བས་ཆོས་ཀྱི་སྣང་བ་རྣམས་རྗེས་སུ་རྟོགས་པར་འགྱུར་རོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གང་ཆོས་ཟབ་མོའི་ཚུལ་ལ་ཐབས་མཁས་པ་འདི་སྒྲུབ་པར་བྱེད་པ་དང་། སྒྲུབ་པར་འགྱུར་བ་དང་། ཡོངས་སུ་ཚོལ་བ་དང་།
BOཡོངས་སུ་ཚོལ་བར་འགྱུར་བ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་ཐོབ་པར་གྱུར་ན་སྦྱོར་བ་ཆུང་ངུས་སྣང་བ་ཆེན་པོ་ཐོབ་ནས་ཆོས་ ཀྱི་སྒོ་རབ་ཏུ་འཇུག་པར་འགྱུར་རོ། ། ཆོས་ཀྱི་སྒོ་འདི་ལས་ཀྱང་ཡང་སྣང་བ་བྱུང་ནས་སྣང་བ་དེས་ཀྱང་ཆོས་ཀྱི་སྒོ་ཇི་ལྟ་བུ་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་ཅིང་རྗེས་སུ་སྤྱོད་པར་འགྱུར་བས་ཚུལ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ ཀྱི་སྒོ་རྣམས་ལ་སོ་སོར་རབ་ཏུ་རྟོགས་པར་བྱེད་དོ། ། ཏིང་ངེ་འཛིན་གྱི་སྒོ་ནས་ཤེས་རབ་སྐྱེས་པས་ཀྱང་དེ་ཁོ་ན་ཉིད་ཀྱི་ཚུལ་གང་ཡིན་པ་དག་རབ་ཏུ་རྟོགས་པར་འགྱུར་ཏེ། ཏིང་ངེ་འཛིན་གྱི་མཐུའི་ཕྱིར་དང་། ཆོས་ཀྱི་སྒོ་ལ་སོ་སོར་རབ་ཏུ་རྟོགས་པར་བྱེད་ པའི་ཕྱིར་དང་། ཤེས་རབ་སྐྱེད་པར་བྱེད་པའི་ཕྱིར་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཀྱི་དབྱིངས་རྟོགས་ཤིང་ཐབས་མཁས་པ་ལ་གནས་པར་འགྱུར་བས་ཆོས་ཀྱི་སྒོའི་སྣང་བ་ཐམས་ཅད་རབ་ཏུ་སྐྱེད་པ་དང་། ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐམས་ ཅད་ཀྱང་རབ་ཏུ་འཐོབ་པར་འགྱུར་རོ། ། བློ་གྲོས་མཐའ་ཡས་ཆོས་ཀྱི་སྒོ་ཞེས་བྱ་བ་གང་ཞེ་ན།
BOའདི་ལྟ་སྟེ་ཡི་གེ་ཨ་ཞེས་བྱ་བའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་ནས་མ་རིག་པས་མངོན་པར་འདུས་བྱས་པས་འདུ་བྱེད་ཡོངས་སུ་རྫོགས་པར་འགྱུར་ བ་གང་ཡིན་པ་ཡི་གེ་ཨ་ཞེས་བྱ་བ་སྔོན་དུ་འགྲོ་བས་མ་རིག་པ་ཉེ་བར་ཞི་བར་བྱེད་དོ། ། གནས་པར་བྱ་བ་ཅི་ཡང་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མཚན་མ་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། ཡི་གེ་ཨི་ཞེས་བྱ་བའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་ནས་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་དང་། ལས་ཀྱི་བྱ་བ་དང་། ལས་དང་། འབྲས་བུ་དང་། ཚོགས་པ་རྣམས་འགྲུབ་པར་བྱེད་པ་དང་། ལས་དང་འབྲས་བུ་དང་། ཚོགས་པ་དང་། རྐྱེན་རབ་ཏུ་རྟོགས་པར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་མེད་པ་དང་། འབྲས་བུ་མེད་པ་དང་། ཚོགས་པ་མེད་པ་དང་། རྐྱེན་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། འདི་ལྟར་འདུ་བྱེད་རྣམས་ཀྱི་ཕྱག་རྒྱས་ཆོས་ ཐམས་ཅད་ཕྱག་རྒྱས་བཏབ་ནས་ལས་རྣམ་པ་སྣ་ཚོགས་དང་།
BOལས་ཀྱི་བྱ་བ་སྣ་ཚོགས་དག་ལས་ཆོས་ཀྱི་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་རབ་ཏུ་སྐྱེད་པར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུ་བྱེད་ཐམས་ཅད་ལ་ཐབས་མཁས་པའི་ཕྱག་རྒྱའི་ སྒོར་འཇུག་པར་བྱའོ། ། འདི་ལྟར་ཡི་གེ་དྷ་ཞེས་བྱ་བའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་ནས་ཡི་གེ་མཱ་ཞེས་བྱ་བས་མིང་དང་ཚིག་ཏུ་གདགས་པའི་གྲོགས་བྱས་པས་ཆོས་སྣ་ཚོགས་དང་མཚུངས་པར་ལྡན་པར་འགྱུར་བ་དང་། ཡི་གེ་དྷ་དང་མས་ གྲོགས་བྱས་པར་རབ་ཏུ་རྟོགས་པར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུས་པ་མེད་པ་དང་། གྲོགས་མེད་པ་དང་། མིང་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། འདི་ལྟར་ཕྱག་རྒྱ་དཔག་ཏུ་མེད་པས་ཆོས་ཐམས་ཅད་ཕྱག་ རྒྱས་བཏབ་པས་རྣམ་པར་རྟོག་པ་ཐམས་ཅད་མི་དམིགས་ཤིང་རྣམ་པར་རྟོག་པ་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་མི་རྟོག་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། །
BOའདི་ལྟར་མཐའ་མེད་པའི་ཕྱག་རྒྱས་ ཆོས་ཐམས་ཅད་ཕྱག་རྒྱས་བཏབ་ནས་མཐའ་འདུས་པ་མེད་ཅིང་མཐའ་ཡོངས་སུ་ཟད་པར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟོག་པ་མེད་པ་དང་། དཔྱོད་པ་མེད་པ་དང་། ཚིག་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། འདི་ལྟར་ རང་བཞིན་སྣ་ཚོགས་མེད་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པས་རང་བཞིན་གཅིག་གིས་མངོན་པར་འདུས་བྱས་པའི་མཚན་མ་དང་། རང་བཞིན་སྣ་ཚོགས་ཀྱི་འདུ་ཤེས་རབ་ཏུ་སེལ་བར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་རང་བཞིན་སྣ་ཚོགས་ཀྱི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། འདི་ལྟར་འདུན་པ་དང་། མཚུངས་པར་ལྡན་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པས་འདུས་བྱས་ཀྱི་སྤྱོད་པ་མངོན་དུ་བྱུང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། འདོད་པ་ སྤངས་ནས་རབ་ཏུ་དབེན་པར་གྱུར་པ་དང་། ཚོགས་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདོད་པ་ཟད་པར་བྱེད་པའི་ཤེས་པ་དང་། མཐོང་བ་དང་། ཚོགས་པ་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱ་སྟེ།
BOབློ་གྲོས་ མཐའ་ཡས་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱག་རྒྱའི་སྒོས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་ཏེ། ཕྱག་རྒྱའི་སྒོ་འདིས་ཆོས་ཐམས་ཅད་ལ་རབ་ཏུ་འཇུག་པར་བྱེད་དོ། ། བློ་གྲོས་མཐའ་ཡས་གཞན་ཡང་ཐོགས་པ་མེད་ པའི་སྒོ་དང་། རྗེས་སུ་འཐུན་པ་མེད་པའི་སྒོ་ཞེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས་རྗེས་སུ་འཇུག་པར་བྱའོ། ། དེ་ལ་ཐོགས་པ་མེད་པའི་སྒོ་དང་། ཚོགས་པ་མེད་པའི་སྒོ་ཞེས་བྱ་བ་གང་ཡིན་ཞེ་ན། འདི་ ལྟ་སྟེ་ནམ་མཁའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མངོན་པར་ཞེན་པ་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། འདི་ལྟར་རབ་ཏུ་དབེན་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཉིས་སུ་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། འདི་ལྟར་རབ་ཏུ་ཞི་བའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རབ་ཏུ་ཞི་བའི་ཕྱག་རྒྱའི་ སྒོར་འཇུག་པར་བྱའོ། །
BOའདི་ལྟར་རྣམ་པར་ཕྱེ་བ་མེད་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཡོ་བ་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། འདི་ལྟར་གནས་མེད་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་ རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཐོབ་པ་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། མཚན་མ་མེད་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས་སྒོམ་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། སྨོན་པ་མེད་པའི་ཕྱག་རྒྱས་ ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རབ་ཏུ་ཞི་བའི་སྨོན་ལམ་གྱི་སྣང་བའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། །
BOའདོད་ཆགས་མེད་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་རྣམ་པར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། སྐྱེ་བ་མེད་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ཤེས་པ་དང་། མཐོང་བ་སྐྱེ་བ་དང་། སྐྱེ་བ་མེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། ཉེ་བར་ཞི་བར་འགྱུར་བའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕུང་པོ་ཡོངས་སུ་སྤོང་བའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། མཚན་མ་ཟད་པར་བྱེད་པའི་ ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱེ་བ་ཟད་པར་བྱེད་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་ལ་མཁས་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། །
BOརྗེས་སུ་དྲན་པ་མེད་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པར་རྣམ་པར་རྟོག་པ་མེད་ཅིང་ མཉམ་པ་ཉིད་དུ་གྱུར་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། ངོ་བོ་ཉིད་མེད་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་བཞིན་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱག་རྒྱའི་སྒོར་འཇུག་པར་བྱའོ། ། ཡོངས་སུ་མྱ་ངན་ལས་འདས་པའི་ཕྱག་རྒྱས་ཆོས་ཐམས་ཅད་ཕྱག་རྒྱས་བཏབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཞི་བ་དང་། འགོག་པའི་རྗེས་སུ་འབྲང་བའི་ཕྱག་རྒྱའི་སྒོར་འཇུག་པར་བྱ་སྟེ། བློ་གྲོས་མཐའ་ཡས་འདི་ དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་སྒོ་དང་། རྗེས་སུ་འཐུན་པའི་སྒོ་དང་། རྟག་པ་དང་། ཆད་པར་ལྟ་བ་ཐམས་ཅད་ལས་ཡང་དག་པར་འདས་པའི་སྒོ་དང་། མཐའ་མེད་པའི་སྒོ་དང་། སྔོན་དང་ཕྱི་མའི་མཐའ་མེད་པའི་སྒོ་ཡིན་ ཏེ། འདི་ལྟར་ཡོངས་སུ་སྐྱོ་བར་གྱུར་པའི་ཕྱིར་དང་། འགོག་པར་བྱེད་པའི་ཕྱིར་དང་། ཞི་བར་བྱེད་པའི་ཕྱིར་དང་།
BOབསིལ་བར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་སྒོ་འདིའི་རྗེས་སུ་བསླབ་པར་བྱ་སྟེ། རྗེས་སུ་འཇུག་པར་བྱ། ལེགས་པར་ བསྒོམ་པར་བྱའོ། ། ཆོས་ཀྱི་སྒོ་འདི་རྣམས་ཀྱིས་ནི་ཆོས་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐམས་ཅད་རབ་ཏུ་ཐོབ་པར་བྱེད་དོ། ། ཏིང་ངེ་འཛིན་འདི་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་གྱུར་ན། ཆོས་རྣམས་ལ་ཐབས་མཁས་པའི་ཤེས་པ་ཡོངས་སུ་སྡུད་པར་བྱེད་དོ། ། དེ་ལྟ་བས་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཕྱག་རྒྱའི་སྒོ་འདི་ལེགས་པར་བསྒོམས་ནས་ཆོས་ཀྱི་རྒྱ་མཚོའི་ཏིང་ངེ་འཛིན་ཐམས་ཅད་ལ་གནས་ཏེ། ཆོས་ཐམས་ཅད་ལ་སོ་སོར་རབ་ཏུ་རྟོག་པར་བྱེད་ན། ཆོས་ཀྱི་སྣང་བ་ཆེན་པོ་ཚད་མེད་དཔག་ཏུ་མེད་པ་སྐྱེ་ཞིང་རབ་ཏུ་འབྱུང་བར་ འགྱུར་རོ། ། བློ་གྲོས་མཐའ་ཡས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་ནི་ཚད་མེད་པས་དེའི་ཚད་གང་གིས་ཀྱང་དཔག་པར་མི་ནུས་སོ། ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཚད་མེད་པས་གང་གིས་ཀྱང་དེའི་ཚད་དཔག་པར་མི་ནུས་སོ། ། གཞན་ཡང་འདི་ལྟ་སྟེ།
BOདཔེར་ན་ཆུ་ཀླུང་ཐམས་ཅད་ནི་རྒྱ་མཚོ་ཆེན་ པོར་འབབ་ཅིང་འཇུག་པར་འགྱུར་རོ། ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཆོས་ཀྱི་ཕྱག་རྒྱར་འཇུག་པར་འགྱུར་བས་དེའི་ཕྱིར་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་སྟེ། ཆོས་ཐམས་ཅད་ཕྱག་རྒྱས་བཏབ་ནས་ཆོས་རྣམས་ཀྱི་རྒྱ་མཚོའི་ཕྱག་རྒྱར་ཞུགས་པར་གྱུར་ན་ཕྱག་རྒྱ་འདིས་ཆོས་ཐམས་ཅད་ཆོས་ཀྱི་ཕྱག་རྒྱ་དང་མཚུངས་པར་ མཐོང་བས་སོ། ། གཞན་ཡང་འདི་ལྟ་སྟེ། དཔེར་ན་ཀླུ་ཆེན་པོ་དང་། ཀླུའི་འཁོར་ལུས་ཆེན་པོ་དང་ལྡན་པ་རྣམས་ནི་རྒྱ་མཚོ་དང་ལྡན་ཞིང་རྒྱ་མཚོར་འཇུག་པར་ནུས་པས། རྒྱ་མཚོ་ཆེན་པོ་དེ་དག་ལ་གནས་སུ་བྱེད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་བཞིན་དུ་བསྐལ་པ་བརྒྱ་སྟོང་ཚད་མེད་པ་ སྙེད་དུ་ཐེག་པ་རྣམས་ལེགས་པར་བསྒོམས་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྒོ་འདིར་འཇུག་པར་ནུས་ཤིང་ཕྱག་རྒྱའི་སྒོ་འདི་ཉིད་ལ་གནས་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་རྣམས་མངོན་དུ་བྱ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ལེགས་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་རྣམས་ཀྱི་ཕྱག་རྒྱའི་སྒོ་དེ་ལྟ་ བུ་དག་མངོན་པར་སྒྲུབ་པར་བྱེད་དོ། །
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་སྒོ་འདི་ནན་ཏན་གྱིས་སྒྲུབ་པར་བྱེད་ན་ཆོས་ཐམས་ཅད་ཀྱི་སྒོ་ལ་ཡང་དག་པར་སློབ་པར་འགྱུར་རོ། ། ཆོས་ཀྱི་སྒོ་རྣམས་ཆོས་ཀྱི་སྒོ་འདིར་འདུ་བར་མཐོང་བའི་ཕྱིར་ཆོས་ཀྱི་སྣང་བ་རྣམས་བསྐྱེད་ནས་ཆོས་ཀྱི་རྒྱ་མཚོ་ ཐམས་ཅད་དུ་འཇུག་པར་འགྱུར་བས་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཐམས་ཅད་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱའོ། ། གཞན་ཡང་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་ཆེན་པོ་རྣམས་འདུ་བའི་གནས་སུ་གྱུར་པ་ཡིན་ནོ། ། ཏིང་ངེ་འཛིན་འདི་ཡང་དེ་བཞིན་དུ་ཆོས་ཐམས་ཅད་ དང་། ཆོས་ལ་ཐབས་མཁས་པ་རྣམས་འདུ་བའི་གནས་སུ་གྱུར་པ་ཡིན་ནོ། ། བློ་གྲོས་མཐའ་ཡས་སེམས་ཅན་གང་ལ་ལ་ཞིག་སངས་རྒྱས་ཀྱི་མཁྱེན་པ་དང་། གཟིགས་པ་བླ་ན་མེད་པ་འཐོབ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་འདི་ཡོངས་སུ་ཚོལ་བར་གྱུར་པ་དང་། ཡོངས་སུ་ཚོལ་ བར་འགྱུར་བ་དང་།
BOཡོངས་སུ་ཚོལ་བར་བྱེད་པ་དེ་དག་ནི་ཆོས་ཀྱི་རྒྱ་མཚོ་ཡོངས་སུ་རྫོགས་པའི་ཤེས་རབ་ཐམས་ཅད་ཡོངས་སུ་ཚོལ་བར་བྱེད་པ་ཡིན་པས་དོན་དེའི་ཕྱིར་ངས་ཆོས་ཀྱི་ཕྱག་རྒྱ་འདི་ཁྱོད་ལ་གཏད་པ་ཡིན་གྱིས་ཁྱོད་ཀྱིས་ཀྱང་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་ཡང་དག་ པའི་ཆོས་འཇིག་པར་འགྱུར་བའི་ཚེ་ཆོས་ཀྱི་ཕྱག་རྒྱ་འདིས་སེམས་ཅན་རྣམས་ལ་ཡོངས་སུ་གདབ་པར་བྱའོ། ། ཆོས་ཀྱི་ཕྱག་རྒྱ་འདིས་གང་ལ་བཏབ་པར་གྱུར་ན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་ཞིང་སངས་རྒྱས་ཀྱི་ ཆོས་ཡོངས་སུ་རྫོགས་པར་བྱེད་པས་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། སངས་རྒྱས་ཀྱི་གདུང་བསབ་པ་དང་། ཐམས་ཅད་མཁྱེན་པའི་ས་ལ་རྗེས་སུ་འཐུན་པར་གནས་པ་དང་། བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་ པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ལྷ་དང་མི་རྣམས་ཀྱང་ཡང་དག་པའི་ཆོས་ཡོངས་སུ་འཛིན་པ་ལ་གཟུང་བར་བྱེད་དོ། །
BOབློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡོན་ཏན་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་ཡོངས་སུ་སྡུད་པར་འདོད་པ་ དེས་ཆོས་ཟབ་མོ་འདི་ལ་ནན་ཏན་གྱིས་བསླབ་པར་བྱ་ཞིང་བག་ཡོད་པ་དང་ལྡན་པར་བྱའོ། ། གཞན་ཡང་བློ་གྲོས་མཐའ་ཡས་ངས་མངོན་པར་དྲན་ཏེ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རི་རབ་ཀྱི་འོད་ལས་ཡང་དག་པར་འདས་པའི་རྒྱལ་ པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བསྐལ་པའི་མིང་ནི་དགེ་བ་ལ་གནས་པ་ཞེས་བྱའོ། ། འཇིག་རྟེན་གྱི་ཁམས་ནི་ཡིད་དགའ་བར་བྱེད་པ་ཞེས་བྱའོ། ། བསྐལ་པ་དེའི་སེམས་ཅན་རྣམས་ཚེ་རིང་ཞིང་ཚེའི་ཚད་མེད་པ་དང་། རབ་ཏུ་བདེ་ཞིང་འབྱོར་བ་དང་ལྡན་ པ་དང་། དགེ་བའི་ཆོས་ལ་རབ་ཏུ་གནས་པས་དེའི་ཕྱིར་བསྐལ་པ་དེའི་མིང་དགེ་བ་ལ་གནས་པ་ཞེས་བྱའོ། ། སངས་རྒྱས་ཀྱི་ཞིང་དེ་ཡངས་ཤིང་རྒྱ་ཆེ་བ་དང་།
BOཤིན་ཏུ་མཛེས་པས་མཐོང་བ་རྣམས་ཡིད་བདེ་ཞིང་དགའ་བར་བྱེད་པ་དང་། སྤོས་ཀྱི་ངད་དང་ལྡན་ པས་ཀུན་དུ་ཁྱབ་པར་བྱེད་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཡིད་དགའ་བར་བྱེད་པ་ཞེས་བྱའོ། ། དེའི་ཚེ་གླིང་བཞི་ལས་གླིང་གསུམ་གྱི་ཚད་མཉམ་སྟེ། དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད་དོ། ། གླིང་རེ་རེ་ན་ཡང་གྲོང་ཁྱེར་ཉི་ཁྲི་ཉི་ཁྲི་ཡོད་དེ། གྲོང་ཁྱེར་ རེ་རེའི་ཚད་ཀྱང་དཔག་ཚད་བཅུ་བཅུ་ཡོད་དོ། ། འཛམ་བུའི་གླིང་གི་ཚད་ནི་དཔག་ཚད་བྱེ་བ་ཡོད་དོ། ། དེ་ན་གྲོང་ཁྱེར་བརྒྱད་ཁྲི་ཡོད་དོ། ། གྲོང་ཁྱེར་རེ་རེའི་ཚད་ཀྱང་དཔག་ཚད་ཉི་ཤུ་ཉི་ཤུ་ཡོད་དོ། ། དེ་དག་ཀྱང་གཞལ་མེད་ཁང་བརྩེག་མ་དང་། ར་བས་འཁོར་བར་བསྐོར་ བ། གོས་སྣ་ཚོགས་འབྱུང་བའི་ཤིང་ལྗོན་པ་དང་། རོ་སྣ་ཚོགས་འབྱུང་བའི་ཤིང་ལྗོན་པ་དང་། མེ་ཏོག་སྣ་ཚོགས་ཀྱི་ཤིང་ལྗོན་པ་དང་། རིན་པོ་ཆེའི་ཤིང་ཏ་ལ་དག་གིས་རབ་ཏུ་བརྒྱན་པ། ། ཡུལ་བདེ་ཞིང་མིས་རབ་ཏུ་གང་བར་གྱུར་ཏོ། ། དེ་ན་གྲོང་ཁྱེར་མཆོག་ ཏུ་ཆེར་དཔག་ཚད་བརྒྱས་འཁོར་བ་ཡོད་དེ། དེ་ཡང་སྐྱེད་མོས་ཚལ་ཉི་ཁྲིས་འཁོར་བར་བསྐོར་བ། སྐྱེད་མོས་ཚལ་དེ་ཀུན་དུ་ཡང་འབབ་ཆུ་དག་རབ་ཏུ་འབབ་ཅིང་མེ་ཏོག་དང་།
BOའབྲས་བུ་དག་རབ་ཏུ་རྒྱས་པ། སྤོས་མཆོག་དམ་པའི་ངད་ལྡང་བས་ཡིད་དགའ་བར་ བྱེད་པ། བྱ་དང་{རི་དགས་,རི་དྭགས་}རྣམས་སྒྲ་སྙན་པ་འབྱིན་པས་རབ་ཏུ་གང་བར་གྱུར་ཏོ། ། དེའི་ཚེ་དེ་བཞིན་གཤེགས་པ་དེ་སྐྱེད་མོས་ཚལ་དེ་གཅིག་ཏུ་བཞུགས་ནས་འཁོར་རྣམས་ལ་ཆོས་བསྟན་པར་གྱུར་ཏོ། ། བློ་གྲོས་མཐའ་ཡས་དེ་བཞིན་གཤེགས་པ་རི་རབ་ཀྱི་ འོད་ལས་ཡང་དག་པར་འདས་པའི་རྒྱལ་པོའི་སྐུ་ཚེའི་ཚད་ནི་བསྐལ་པ་ཆུང་ངུ་བཅུ་ཐུབ་པར་གྱུར་ཏོ། ། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དག་པའི་ཆོས་ནི་བསྐལ་པ་ཆུང་ངུ་གཅིག་གི་བར་དུ་འཇིག་རྟེན་དུ་གནས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་དེས་ འཁོར་འདུས་པ་ལ་ལན་བཞིར་ཆོས་བསྟན་ཏེ། འཁོར་འདུས་པ་རེ་རེ་ལ་ཡང་ཉན་ཐོས་སློབ་པའི་ས་ལ་གནས་པ་བྱེ་བ་ཁྲག་ཁྲིག་ཕྲག་ལྔ་ལྔ་ཡོད་དོ། ། དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའི་འཁོར་ནི་བྱེ་བ་ཁྲག་ཁྲིག་ཕྲག་ལྔ་བཅུ་ལྔ་བཅུ་ཡོད་དོ། ། དེའི་ཚེ་དེ་ བཞིན་གཤེགས་པ་དེ་ལ་བྱང་ཆུབ་སེམས་དཔའ་གཉིས་ཡོད་དེ། གཅིག་གི་མིང་ནི་དཔའ་བོའི་སྡེ་ཞེས་བྱའོ། ། གཅིག་གི་མིང་ནི་དཔའ་བོའི་སྟོབས་ཤེས་བྱ་སྟེ།
BOབྱང་ཆུབ་སེམས་དཔའ་དེ་གཉིས་ཀྱང་རྫུ་འཕྲུལ་དང་ལྡན་ཞིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིན་ པས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཇི་ལྟ་བུ་ཞིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་འགྱུར་ལགས། དེ་ནས་དེ་བཞིན་གཤེགས་པ་དེས་ཚིག་གི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། ། འདི་ཡང་དག་པར་རབ་ཏུ་བསྟན་པ་ན་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་ ཀྱིས་ནི་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་གྱུར་ཏོ། ། ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་རྣམས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་པའི་ཕྱིར་ སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་ཆེན་པོ་བསྟན་པ་དང་། འོད་ཟེར་ཆེན་པོ་བཀྱེ་བ་དང་།
BOཚངས་པའི་སྒྲ་ཤིན་དུ་གྱ་ནོམ་པ་བསྒྲགས་ནས་སེམས་ཅན་རྣམས་ལ་ཡང་དག་པའི་ཆོས་བསྟན་ཅིང་ཡོངས་སུ་སྨིན་པར་བྱས་པས་སྲོག་ཆགས་བྱེ་བ་ཕྲག་ བརྒྱད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་དེས་འདི་སྐད་དུ་ཁྱེད་བསྐལ་པ་བརྒྱ་འདས་པའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ ཏེ། བསྐལ་པ་དེ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་ལྔ་བརྒྱ་ལྔ་བརྒྱ་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་དུས་བར་མར་གསུངས་པའི་ཆོས་ཡང་དག་པ་གང་ཡིན་པ་དང་། དུས་ཐ་མར་གསུངས་པའི་ཆོས་ཡང་དག་པ་གང་ཡིན་པ་ དེ་དག་ཀྱང་མ་ལུས་པར་ཡོངས་སུ་བཟུང་ནས་སེམས་ཅན་རྣམས་ལ་ཕན་པ་ཆེན་པོ་བྱེད་པར་འགྱུར་རོ། ། བསྐལ་པ་རེ་རེ་ལ་ཡང་སེམས་རྩེ་གཅིག་ཏུ་གྱུར་ཅིང་རྣམ་པར་གཡེང་བ་མེད་པས་སྐྱེ་བ་ཐམས་ཅད་དུ་ཡང་རྫུས་ཏེ་སྐྱེ་བར་འགྱུར་རོ། ། སྐྱེ་བ་ཐམས་ཅད་དུ་ཡང་ཏིང་ངེ་འཛིན་ལས་ ལྡོག་པར་མི་འགྱུར་ཞིང་རྫུ་འཕྲུལ་གྱིས་ཆོས་སྟོན་པས་སེམས་ཅན་མང་པོ་རྣམས་ཡོངས་སུ་མྱ་ངན་ལས་ཟློས་པར་འགྱུར་རོ། །
BOབསྐལ་པ་བརྒྱ་འདས་ནས་གཞན་ཡང་དེ་བཞིན་གཤེགས་པ་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ལ་མཆོད་པ་དང་། རིམ་གྲོ་བྱས་པས་ཏིང་ངེ་འཛིན་དང་། རྫུ་ འཕྲུལ་དང་། རྣམ་པར་ཐར་པ་ཚད་མེད་པ། རྣམས་ལ་རྣམ་པར་རྩེན་པར་འགྱུར་རོ། ། ཞེས་ལུང་བསྟན་ཏོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་དེ་བཞིན་གཤེགས་པ་དེ་དང་ཕྲད་པར་གྱུར་པའི་ཚེ་གཅིག་གི་མིང་ནི་མྱ་ངན་མེད་པ་ཞེས་བྱའོ། ། གཅིག་གི་མིང་ནི་རབ་ཏུ་གནས་ པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་རྗེས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་ཚད་མེད་གྲངས་མེད་པ་རྣམས་བཏུལ་ཏེ། ཐེག་པ་གསུམ་པོ་དག་ལ་རབ་ཏུ་བཀོད་པས་དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་འདི་སྐད་དུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་མྱ་ངན་མེད་པ་ འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་སྤོབས་པ་དཔག་ཏུ་མེད་པ་ཞེས་བྱ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་རབ་ཏུ་གནས་པ་འདི་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། །
BOདེ་བཞིན་གཤེགས་པ་འོད་ཟེར་ཁྱད་པར་དུ་འཕགས་པ་ཞེས་བྱ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་དག་གི་སྐུ་ཚེའི་ཚད་ཀྱང་བསྐལ་པ་རེ་རེ་ཐུབ་པར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ཀྱང་ཡོན་ཏན་ཚད་མེད་པ་ བསགས་པ་ལས་མངོན་པར་གྲུབ་པ་ཡིན་ནོ། ། ཞེས་ལུང་བསྟན་ཏོ། ། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱང་དེ་བཞིན་གཤེགས་པའི་སྤྱན་སྔར་ལུང་བསྟན་པ་ཐོབ་པས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། ། བློ་གྲོས་མཐའ་ཡས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐམས་ཅད་འཐོབ་པར་འདོད་པས་རབ་ཏུ་དགའ་བ་དང་། བརྩོན་འགྲུས་ཆེན་པོ་བསྐྱེད་ནས་ལུས་དང་སྲོག་ལ་ཕོངས་པ་མེད་པ་དང་། བག་ཡོད་པས་མངོན་པར་བསྒྲུབ་པར་བྱའོ། ། དེ་ནས་དེའི་ཚེ་ འཁོར་འདུས་པ་དེ་ཉིད་དུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་གྱི་བློ་གྲོས་ཤེས་བྱ་བ་འདུས་པར་གྱུར་པ་དེ་འདུག་པ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཆོས་ཐམས་ཅད་ཀྱི་ཡེ་ཤེས་ལ་ཐབས་མཁས་པ་འཐོབ་པར་བགྱི་བ་དང་། དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པ་ཐོབ་པར་བགྱི་བའི་སླད་དུ་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་གསུངས་པ་ནི་ངོ་མཚར་ཆེ་ལགས་སོ། ། བཅོམ་ལྡན་འདས་གལ་ ཏེ་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་རྣམས་ཐོབ་པར་གྱུར་ན་གདོན་མི་འཚལ་བར་ཆོས་རྣམས་ཀྱི་ཚུལ་ལ་ཐབས་མཁས་པ་ཐོབ་ནས་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་མཆི་བར་འགྱུར་བས་ཡོན་ཏན་གྱི་རྒྱ་མཚོ་དཔག་ཏུ་མ་མཆིས་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལ་རབ་ཏུ་གཞོལ་བར་བགྱིད་པ་དང་། རྟག་ཏུ་སངས་རྒྱས་རྣམས་མཐོང་ཞིང་ནན་ཏན་གྱིས་ཆོས་ཡང་དག་པར་མངོན་པར་སྒྲུབ་པ་དང་། དགེ་འདུན་དང་སྤྱོད་པ་མཚུངས་པས་དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཡོངས་སུ་སྦྱོང་བར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་ རྒྱས་ཀྱི་ས་ལས་ཡང་དག་པར་འདའ་བར་འགྱུར་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་གྱི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དེ་དེ་བཞིན་ནོ། །
BOདེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་ བཞིན་དུ་དོན་གྱི་བློ་གྲོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་གྱུར་ན་ཡོན་ཏན་ཁྱད་པར་དུ་འཕགས་པ་ཚད་མེད་པ་རྣམས་རབ་ཏུ་འཐོབ་པར་འགྱུར་རོ། ། གལ་ཏེ་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ རྣམས་ལ་གནས་པར་གྱུར་ན་ཆོས་ཀྱི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་རྣམས་ལ་ཐབས་མཁས་པས་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་འགྱུར་རོ། ། དོན་གྱི་བློ་གྲོས་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ནི་རིན་པོ་ཆེ་སྣ་ཚོགས་ ལས་མངོན་པར་གྲུབ་པ་རྒྱ་མཚོ་ཆེན་པོ་ལས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་གིས་གྱེན་དུ་འཕགས་ཤིང་མཆོག་ཏུ་གསལ་བར་གནས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་བཞིན་དུ་ཏིང་ངེ་འཛིན་འདིས་ལེགས་པར་གཞོལ་བར་བྱེད་པའི་ཕྱིར་ཆོས་ཀྱི་གཏེར་གྱི་ རྒྱ་མཚོ་ཆེན་པོ་ཐམས་ཅད་ལས་མངོན་པར་འཕགས་ནས་ལྷ་དང་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བླ་ན་མེད་པའི་གནས་པས་མཆོག་ཏུ་གསལ་བར་གནས་སོ། ། གཞན་ཡང་འདི་ལྟ་སྟེ།
BOདཔེར་ན་ཟླ་བའི་དཀྱིལ་འཁོར་ནི་སྐར་མའི་ཚོགས་མང་པོས་ཡོངས་ སུ་བསྐོར་བ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་བཞིན་དུ། ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་འཁོར་འདུས་པ་ཆེན་པོ་ཐམས་ཅད་དུ་རབ་ཏུ་གསལ་བར་གནས་སོ། ། དོན་གྱི་བློ་གྲོས་ཁྱོད་ཀྱིས་ཆོས་འདི་ཐོས་པར་གྱུར་ན་འདི་ལས་སུ་ཡང་མི་དགའ་ ཞིང་མོས་པ་མི་སྐྱེ་བ་འམ། བརྩོན་འགྲུས་མི་སྐྱེད་པ་འམ། བག་ཡོད་པ་དང་བཅས་པར་མི་འགྱུར་བ་གང་ཡང་མེད་པར་བལྟ་བར་བྱ་སྟེ། སེམས་ཅན་བསོད་ནམས་ཆུང་ཞིང་དམན་པ་ལ། མོས་པ་ནི་མ་གཏོགས་སོ། ། སེམས་ཅན་གང་ཤེས་རབ་ཆེན་པོ་དང་ལྡན་པ་ དག་གིས་ནི་ཆོས་རྒྱ་ཆེན་པོ་འདི་མངོན་པར་སྒྲུབ་པར་བྱེད་ལ། ཆོས་རྒྱ་ཆེན་པོ་མངོན་པར་སྒྲུབ་པ་གང་ཡིན་པ་དེ་དག་ནི་ཡོན་ཏན་ཕུན་སུམ་ཚོགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར་ཏེ། ངས་ཇི་སྐད་དུ་གང་གིས་ཆོས་ཀྱི་ནོར་རྒྱ་ཆེན་པོ་འདི་ཡོངས་སུ་འཛིན་པར་ བྱེད་པ་དེ་དག་ནི་ལྷ་དང་མི་རྣམས་ཀྱིས་ཡོངས་སུ་བསྲུང་ཞིང་རིམ་གྲོ་བྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྗེས་སུ་དགོངས་པར་འགྱུར་རོ་ཞེས་བསྟན་པ་ལྟ་བུའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ནན་ཏན་གྱིས་སྒྲུབ་ཅིང་སློབ་པར་བྱེད་པ་དེ་དག་ནི་སེམས་ཅན་རྣམས་ལ་ཕན་པ་ཆེན་པོ་བྱེད་ཅིང་ཐེ་ཚོམ་ ཐམས་ཅད་རབ་ཏུ་སེལ་བ་དང་། མདུད་པ་ཐམས་ཅད་རབ་ཏུ་དགྲོལ་བ་དང་། བག་ཆགས་རྣམས་སྤོང་བ་དང་། བག་ལ་ཉལ་བ་རྣམས་གཅོད་པ་དང་། སྲེད་པའི་དགའ་བ་རྣམས་ལས་ཡང་དག་པར་འདས་པ་དང་། སྲིད་པའི་རྒྱ་མཚོ་ལས་ཡང་དག་པར་རྒལ་བ་དང་། མུན་ནག་རྣམས་གཏན་ཏུ་བསལ་བ་དང་། སྐྲག་ཅིང་འཇིགས་པ་རྣམས་རབ་ཏུ་སྤོང་བ་དང་། ཐབས་མཁས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་ཤེས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འོད་ཟེར་ཆེན་པོ་བཀྱེ་བས་ འོད་ཟེར་དེས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་གསལ་བར་མཛད་ཅིང་ཉི་མ་དང་ཟླ་བའི་འོད་ཟེར་ཐམས་ཅད་ཀྱང་ཟིལ་གྱིས་མནན་ཏོ། །
BOའོད་ཟེར་བཀྱེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་མཐའ་ཡས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ལ་ནན་ཏན་གྱིས་སྒྲུབ་པར་བྱེད་པ་དེ་དག་ཀྱང་དེ་བཞིན་དུ་རྫུ་འཕྲུལ་ཆེན་པོ་རབ་ཏུ་སྟོན་ཅིང་འོད་ཟེར་ཆེན་པོ་འགྱེད་པ་དང་། སེང་གེའི་སྒྲ་ཆེན་པོ་བསྒྲགས་ནས་ཆོས་འདི་ཡང་དག་པར་སྟོན་པར་བྱེད་པས་ཁམས་གསུམ་ལས ཡང་དག་པར་འདས་ཤིང་སྣང་བ་ཆེན་པོ་བྱེད་པར་འགྱུར་ཏེ། དེང་ང་ཇི་ལྟ་བ་བཞིན་པས་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་དོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ནས་སླད་མའི་དུས་ཀྱི་ཚེ་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཐོས་པ་ཙམ་གྱིས་ཀྱང་ཡོན་ཏན་དཔག་ཏུ་མ་མཆིས་པ་ཐོབ་པར་འགྱུར་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པའི་ཕྱིར་ཡང་འོད་ཟེར་ཆེན་པོ་རབ་ཏུ་བཀྱེའོ། །
BOགཞན་ཡང་ཕྱག་སོར་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་རབ་ཏུ་གཡོ་བར་མཛད་པས་སེམས་ཅན་རྣམས་བདེ་བ་ཆེན་པོ་ཐོབ་པར་གྱུར་ཏོ། ། དེའི་ཚེ་ འཁོར་དེར་འདུས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་ལྷའི་མེ་ཏོག་དམ་པ་དང་། ལྷའི་གོས་དམ་པ་དག་གིས་མངོན་པར་གཏོར་ནས་དུས་གཅིག་ཏུ་ལྷའི་རོལ་མོ་ རྣམས་བྱས་སོ། ། ལྷ་ཚད་མེད་པ་རྣམས་ཀྱིས་ཀྱང་ལྷའི་གོས་རྒྱང་ནས་མངོན་པར་གཏོར་བས་ནམ་མཁའ་ཀུན་ཏུ་གང་བར་གྱུར་ཏེ། སྐད་འཐུན་པར་འདི་སྐད་དུ་ཀྱེ་མ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་བོ། ། གང་གིས་ཆོས་ཟབ་མོ་འདི་ཡོངས་སུ་ འཛིན་པར་བྱེད་པ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་གུས་པར་མཆོད་ཅིང་ཕྱག་བྱ་བའི་འོས་སུ་གྱུར་པར་རིག་པར་བྱའོ། ། ཞེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །
BOབློ་གྲོས་མཐའ་ཡས་མ་འོངས་པའི་དུས་ན་གང་བསོད་ནམས་ཆུང་བའི་སེམས་ཅན་དེ་དག་གིས་ནི་གོ་ཆའི་བཀོད་པ་དང་། ཏིང་ངེ་འཛིན་གྱི་བཀོད་པ་འདི་ཐོས་པར་མི་འགྱུར་གྱི། སེམས་ཅན་གང་ཐབས་མཁས་པ་དང་ལྡན་པ་དང་། ཚོགས་ཆེན་པོ་ཡོངས་སུ་སྡུད་པ་ གང་ཡིན་པ་དེ་དག་གིས་མ་འོངས་པའི་དུས་ན་ཆོས་འདི་ཐོས་པར་འགྱུར་རོ། ། ཆོས་འདི་ལ་གང་གིས་ནན་ཏན་དུ་སྒྲུབ་པར་བྱེད་པ་དེ་དག་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་གཟུང་བར་འགྱུར་རོ། ། བློ་གྲོས་མཐའ་ཡས་མ་འོངས་པའི་དུས་ན་འཇིགས་པ་ཆེན་པོ་འབྱུང་བའི་ཚེ་ ངའི་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་སོགས་པ་ལ་ཡོངས་སུ་གཏད་དོ། ། ངས་བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ནས་བླ་ན་མེད་པའི་ཆོས་ཀྱི་གཏེར་རབ་ཏུ་བསགས་པས་ཡོན་ཏན་ཕུན་སུམ་ཚོགས་པ་དང་། དཔག་ཏུ་མེད་པའི་བདེ་བ་ཐོབ་པ་གང་ཡིན་པ་དེ་དག་ཁྱོད་ཀྱིས་ཀྱང་འཐོབ་པར་འགྱུར་གྱིས་ སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ཁྱོད་ཀྱིས་རབ་ཏུ་སྤངས་ཏེ་ཡོན་ཏན་གྱི་རྒྱ་མཚོ་དཔག་ཏུ་མེད་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོལ་བར་བྱའོ། །
BOདེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ལྔ་བརྒྱ་དང་བཅས་པ་དང་། ཁྱིམ་བདག་མ་སྨད་པ་དང་། ཚོང་དཔོན་བཟང་སྐྱོང་ལ་སོགས་པ་གཙོ་བོར་གྱུར་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་རྣམས་མཐུ་ཅི་མཆིས་པས་དེ་བཞིན་གཤེགས་པའི་བྱང་ཆུབ་ ཆེན་པོའི་ཆོས་ཡོངས་སུ་བཟུང་ནས་སླད་མའི་དུས་ཀྱི་ཚེ་སེམས་ཅན་རྣམས་ལ་ཕན་གདགས་པར་བགྱིའོ་ཞེས་གསོལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུག་པའི་སྟན་ལས་ལངས་ཏེ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས་ལུས་ཀྱི་གོས་ མཆོག་དམ་པ་ཕུད་དེ། མཆོད་པ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་ནི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་སྟེ། སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཐམས་ཅད་ མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པར་འགྱུར་བ་དང་།
BOསླད་མའི་དུས་ཀྱི་ཚེ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་དེ་དག་ཡོངས་སུ་རྫོགས་པར་འགྱུར་བར་སྨོན་ལམ་འདེབས་ལགས་སོ། ། དེ་སྐད་ཅེས་གསོལ་བ་དང་། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། སེམས་ཅན་ཐམས་ཅད་ཀུན་ལ་ནི། ། ཕན་པ་ཆེན་པོ་བྱ་བའི་ཕྱིར། ། ང་ཡི་བྱང་ཆུབ་ཆོས་བཟུང་ནས། ། ཆོས་རྒྱལ་སེང་གེའི་སྒྲ་སྒྲོགས་ཤིག ། མ་འོངས་ཐ་མའི་དུས་ཀྱི་ཚེ། ། གང་ཞིག་ཆོས་ནི་ཡོངས་ཚོལ་ བ། ། རྒྱ་ཆེན་ཆོས་འདི་ཐོས་གྱུར་ན། ། ཐམས་ཅད་བདེ་བ་ཐོབ་པར་འགྱུར། ། ངས་ནི་ཇི་སྐད་བསྟན་པ་བཞིན། ། གང་གིས་ཐེག་པ་འདི་མཐོང་ཞིང་། ། མདོ་སྡེའི་ཆོས་འདི་ཐོས་གྱུར་ན། ། ཇི་ལྟར་མོས་པའི་བདེ་བ་འཐོབ། ། བློ་དང་ལྡན་པ་གང་ཞིག་གིས། ། ཐབས་མཁས་དག་ནི་རབ་བསྒོམས་ཏེ། ། ཆོས་མཆོག་འདི་ནི་ ཐོས་གྱུར་ན། ། ལུས་དང་སེམས་ནི་རབ་བདེར་འགྱུར། ། གང་ཞིག་འཁོར་འདིར་འདུས་གྱུར་པ། ། ང་ཡིས་མངོན་སུམ་བཤད་མཐོང་དང་། ། ཆོས་འདི་ཐོས་པར་གྱུར་ནས་ནི། ། རབ་ཏུ་དགའ་བ་གང་སྐྱེད་པ། ། མ་འོངས་ཐ་མའི་དུས་ཀྱི་ཚེ། །
BOཁྱོད་ཀྱིས་བསོད་ནམས་ཚད་མེད་པའི། ། ཕུང་པོ་ དག་ནི་རབ་བསྐྱེད་ཅིང་། ། འཁོར་བ་མཐའ་མེད་སྒྲོལ་བར་འགྱུར། ། མ་འོངས་ཐ་མའི་དུས་ཀྱི་ཚེ། ། ཆོས་རྗེས་རབ་ཏུ་གསུངས་པ་ཡི། ། ཆོས་འདི་གང་ཞིག་འཛིན་བྱེད་པ། ། སངས་རྒྱས་རྣམས་ཀྱིས་གཟུང་བར་འགྱུར། ། མ་འོངས་ཐ་མའི་དུས་ཀྱི་ཚེ། ། ང་ཡི་བྱང་ཆུབ་ཆོས་འཛིན་པ། ། དེ་ནི་སངས་ རྒྱས་ཚད་མེད་པའི། ། ཐ་མའི་དུས་ཀྱི་ཆོས་འཛིན་འགྱུར། ། བཅོམ་ལྡན་འདས་ཀྱིས་ཆོས་འདི་བསྟན་པ་ན། ། བྱང་ཆུབ་སེམས་དཔའ་ཚད་མེད་པ་སྙེད་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ། ། སེམས་ཅན་ཚད་མེད་པ་སྙེད་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་ པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། གོ་ཆའི་བཀོད་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པ་རྫོགས་སོ།