The Tantra on the Origin of All Rites of Tara Mother of All the Tathagatas

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད།

The Tantra on the Origin of All Rites of Tara Mother of All the Tathagatas

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད།

BO
༄༅། ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ། མཱ་ཏརྣཱི་ཏཱ་ར་ བི་ཤྭ་ཀརྨ་བྷ་བ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ དགའ་ལྡན་གྱི་གནས་ན་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་དཔག་ཏུ་མེད་པ་དང་། ཀུ་རུ་ཀུལླེ་དང་། རི་ཁྲོད་ལོ་མ་ཅན་ལས་སོགས་པ་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དཔག་ཏུ་མེད་པ་དག་གིས་ ལྷ་རྫས་ཀྱི་མེ་ཏོག་པདྨ་དང་། ཀུ་མུ་ད་དང་། མན་དཱ་ར་བ་ལ་སོགས་པ་ལྷ་རྫས་ཀྱི་མེ་ཏོག་དཔག་ཏུ་མེད་པ་དག་དང་། དུང་དང་། པི་བང་དང་། རྔ་དང་། རྫ་རྔ་དང་། གཽ་རྒྱུད་{མངས་,མང་}ལ་སོགས་པ་ལྷའི་རོལ་མོ་དཔག་ཏུ་མེད་པ་དང་ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དཔག་ཏུ་མེད་པ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་བསྐོར་ཏེ། མཆོད་པ་སྣ་ཚོགས་ཀྱི་མཆོད་པའི་སྤྲིན་གྱིས་མཆོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་རྡོ་རྗེ་ལྟ་བུ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ།
BO
བཞག་མ་ཐག་ཏུ་ས་ཆེན་པོ་ཡང་གཡོས། བདུད་ཀྱི་དཀྱིལ་འཁོར་ཡང་ཕམ་པར་བྱས་ཏེ། འོད་ཀྱི་སྣང་བ་ཆེན་པོ་ཡང་བཀྱེའོ། ། དེ་ཡང་འདི་ལྟ་སྟེ། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་ གུ་དང་། མཐིང་ག་དང་འདྲེས་པ་སྟེ་འོད་སྣ་ཚོགས་བཀྱེ་སྟེ། སྡུག་བསྔལ་དང་བཅས་པ་རྣམས་སྦྱངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ཀུ་རུ་ཀུལླེའི་གཙུག་ཏུ་ནུབ་པར་གྱུར་ཏོ། ། གཙུག་ཏུ་ནུབ་མ་ཐག་ཏུ་མཆོད་པའི་སྤྲིན་གྱི་ཆར་བ་ཡང་འབབ་པར་གྱུར་ཏོ། ། དེ་ ནས་ལྷ་མོ་དེ་དཔེར་ན་སྤྲིན་དང་བྲལ་བའི་ཉི་མའི་དཀྱིལ་འཁོར་ལྟ་བུར་གྱུར་ཏོ། ། དེའི་ཚེ་བསྟོད་པའི་ཚིགས་སུ་བཅད་པ་འདིས་བསྟོད་པ། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། ། རིན་ཆེན་མེ་ཏོག་མང་པོ་ཆར་དུ་ཕབ། ། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་ པའི་ཡུམ། ། ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། ། ཅེས་གསུངས་སོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ གསོལ་པ། བཅོམ་ལྡན་འདས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཟབ་པའི་ཕྱིར་ཅིའི་ཕྱིར་བསྐྱེད།
BO
གང་གིས་ན་ཡུམ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་བདེན་མོད་ཀྱི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་མ་སྐྱེས་པ། མ་ འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ་འགྲིབ་པ་མེད་པ་འཕེལ་བ་མེད་པ་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། ། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེའོ། ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། བཅོམ་ ལྡན་འདས་དུས་གསུམ་གྱི་སངས་རྒྱས་ནི་མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། འགྲིབ་པ་མེད་པ། འཕེལ་བ་མེད་པ་རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ཇི་ལྟར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་དོན་དམ་པའོ། ། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། ། ཡང་དག་པའི་མཐའི་ཚིག་{བླ་དགས་,བླ་དྭགས་}སོ། ། སྙིང་རྗེ་ཆེན་པོའོ། ། ཀུན་རྫོབ་ངོ་བོ་འཁོར་བའི་ཚིག་{བླ་དགས་,བླ་དྭགས་}སོ། ། དེ་ལས་འདས་པ་ནི་དུས་ གསུམ་གྱི་སངས་རྒྱས་བསྐྱེད་པའི་ཡུམ་མོ། ། དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པའོ། ། འཇམ་དཔལ་དེ་ལྟར་ན་ཡུམ་དུ་ཡིད་ལ་བྱའོ། ། བཅོམ་ལྡན་འདས་ཀྱིས་གསུངས་པ།
BO
འཇམ་དཔལ་དེ་བས་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་འདི་བསྒོམ་པར་བྱའོ། ། གཟུངས་སྔགས་འདི་བརྗོད་པར་བྱའོ། ། ནན་ཏན་དུ་བསྒྲུབ་པར་བྱའོ། ། འདིའི་ཡོན་ཏན་ཤེས་པར་བྱའོ། ། འདི་མཆོད་པར་བྱའོ། ། ལུང་ནོད་པར་བྱའོ། ། ཐེ་ཚོམ་མེད་པར་བྱའོ། ། ལས་ལ་ནན་ཏན་དུ་བྱའོ། ། འདིའི་བསྔགས་པ་ཡིད་ལ་བྱའོ། ། ལས་སོ་སོའི་སྒོ་ནས་བསྒྲུབ་པར་བྱའོ། ། དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྟན་ཏོ། ། དེས་ནི་གླེང་གཞིའི་ལེའུ་བསྟན་པ་སྟེ་ལེའུ་དང་པོའོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ ལ་གསོལ་པ། བཅོམ་ལྡན་འདས་འདི་ཇི་ལྟར་བསྒོམ་པར་བྱ། འདི་ལ་ཇི་ལྟར་དུ་ནན་ཏན་དུ་བྱ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་འདི་ལྟར་ཡིད་ལ་བྱའོ། ། འཇམ་དཔལ་ཆོས་ཐམས་ཅད་ནི་མ་སྐྱེས་པའོ། ། ཆོས་ཐམས་ཅད་ནི་མ་འགགས་པའོ། ། ཆོས་ཐམས་ཅད་ ནི་དྲི་མ་དང་བྲལ་བའོ། ། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་ཤིང་རང་བཞིན་གྱིས་རྣམ་པར་དག་པར་བསྒོམ་པར་བྱའོ། ། འཇམ་དཔལ་དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། །
BO
ཨོྃ་སྭ་བྷ་བ་ཤུད་དྷཿསརྦ་དྷརྨཱཿསྭ་བྷཱ་བ་ ཤུད་དྷོ྅་ཧཾ། ཞེས་བརྗོད་པར་བྱའོ། ། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མངལ་ལས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེ་བ་དག་ལ་བལྟས་ཏེ་བྱམས་པ་བསྒོམ་པར་བྱའོ། ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འདུས་མ་བྱས་པ་ལ་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ། ། འཇམ་དཔལ་དེ་ལྟ་བས་ན། རྒྱུ་ནི་ཚད་མེད་པ་བཞིའོ་ དེས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་སོ། ། དེའི་ཕྱིར་དེ་ལ་ནན་ཏན་དུ་ཡིད་ལ་བྱའོ། ། འཇམ་དཔལ་དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། ། ཨོྃ་བྷོ་དྷི་ཙིཏྟ་ཨུཏྤ་དཱ་ཡ་ཨ་ཧཾ། ཞེས་བརྗོད་པར་བྱའོ། ། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མཆོད་པ་འདི་ རྣམས་ཀྱིས་མཆོད་པར་བྱའོ། ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི། ། ཕྱེ་མའི་ཕུར་མ་བདུག་པའི་བྱེ་བྲག་རྣམས། ། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བྱའོ། །
BO
གང་ཡང་ཕྱོགས་ བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། དེ་བཞིན་གཤེགས་པའི་ཡུམ་མཆོག་སངས་རྒྱས་སྤྱན། ། མེ་ཏོག་སིལ་མ་ཕྲེང་བའི་བྱེ་བྲག་རྣམས། ། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། དེ་ བཞིན་གཤེགས་པའི་ཡུམ་མཆོག་རིན་པོ་ཆེ། ། རིན་ཆེན་མར་མེའི་བྱེ་བྲག་ཕྲེང་བ་རྣམས། ། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། དེ་བཞིན་གཤེགས་པའི་ཡུམ་མཆོག་ན་བཟའ་དཀར། ། དྲི་ཞིམ་ ཆུ་གཙང་སྤོས་ངད་ལྡང་བའི་ཆུ། ། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། རྒྱལ་བ་བསྐྱེད་པའི་ཡུམ་མཆོག་འཕྲིན་ལས་ལྡན། ། བཟའ་དང་བཅའ་བ་ལ་སོགས་ཞལ་ཟས་རྣམས། ། རྒྱལ་བ་ བསྐྱེད་པའི་ཡུམ་ལ་དབུལ་བར་བགྱི། ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་མཛད་པའི། ། གླུ་དང་རོལ་མོ་སིལ་སྙན་བཅས་པའི་སྒྲ། ། གདུགས་དང་རྒྱལ་མཚན་བ་དན་འཕན་གདུགས་བཅས། ། ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་གྱུར་ཅིག ། དཔག་ བསམ་གྱིས་ནི་ཤིང་དག་དང་། ། ལྗོན་པའི་ཤིང་དང་ཤིང་དག་གིས། །
BO
དྲི་ཞིམ་ལོ་འདབ་བཅས་པའི་ཤིང་། ། ཕྱོགས་བཅུ་ཀུན་ནས་གཏིབས་གྱུར་ཅིག ། སྤོས་ཀྱི་དྲི་ངད་ལྡང་བའི་ཆར། ། འབྲུ་དང་མེ་ཏོག་ལ་སོགས་པའི། ། ཡིད་དུ་འོང་བའི་དྲི་ཞིམ་ཆར། ། ངེས་ པར་ཀུན་ཏུ་འབབ་པར་ཤོག ། འབབ་ཆུ་ལྟེང་ཀ་ལུ་མ་དང་། ། མཚོ་དང་རྫིང་བུ་དག་དང་ནི། ། རོ་བརྒྱ་དག་དང་ལྡན་པའི་མཚོ། ། དད་པ་ལ་སོགས་བཅས་པ་ཡི། ། རིན་ཆེན་ཁང་པ་ཡིད་འོང་བའི། ། དྲ་བ་དྲ་བ་ཕྱེད་པ་དང་། ། ཤར་ནུབ་འོད་བཅས་ཉི་ཟླ་དག་དང་ནི། ། ཁང་ པ་ཤིན་ཏུ་ཡིད་དུ་འོང་བ་རྣམས། ། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་བྱའོ། ། འཇམ་དཔལ་དེའི་ཕྱིར་མཆོད་པའི་སྔགས་འདི་བརྗོད་པར་བྱའོ། ། ཨོྃ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་ད་སྥར་ཎ་ས་མ་ཡེ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ ར་ཎ་ས་མ་ཡེ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་གན་དྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྤར་ཎ་ས་མ་ཡེ་ ཧཱུྃ། ཞེས་བརྗོད་པར་བྱའོ། །
BO
མཆོད་པའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གསུངས་པ། འཇམ་དཔལ་ཡུམ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། ། འཇམ་དཔལ་དེའི་ཕྱིར་དུས་གསུམ་གྱི་སངས་ རྒྱས་ཐམས་ཅད་ཀྱིས་བསྟོད་པ་འདི་འཇམ་དཔལ་ཁྱོད་ཀྱི་ཡིད་ལ་གྱིས་ཤིག ། དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་གཟུངས་སྔགས་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོྃ་ན་མཿསཱུ་ཀ་སཾ་ན་མཿ ཏཱ་རཱ་ཡཻ་ཏཱ་ར་མི་ཏ། ན་མ་སྟཱ་རེ་ཏུ་རེ་བཱི་རེཀྵ་ཎཻརྡྱུ་ཏི་ནི་བྷེ་ཀྵ་ཎེ། ཏྲཻ་ ལོ་ཀྱ་ནཱ་ཐཱ་བཀྟྲཱ་པྫ། བི་ཀཱ་སཏྐེ་ས་རོད་བྷ་བེ། ན་མཿཤ་ཏ་ས་ར་ཙྩནྡྲ། སཾ་པཱུརྞྞ་པ་ཊ་ལཱ་ན་ནཱེ། ཏཱ་རཱ་ས་ཧ་སྲ་ནི་ཀ་ར། པྲ་ཧ་སཏྐི་ར་ཎོ་ཛྫྭ་ལེ། ན་མཿཀ་ན་ཀ་ནཱི་ལཱཔྫ། པཱ་ཎི་པདྨ་བི་བྷཱུ་ཥི་ཏེ། དཱ་ན་བཱིརྱ་ཏ་པཿ ཤཱན་ཏི། ཏི་ཏི་ཀྵ་དྷྱཱ་ན་གོ་ཙ་རེ། ན་མ་སྟ་ཐཱ་ག་ཏོཥྞཱི་ཥ། བི་ཛ་ཡཱ་ནནྟ་ཙཱ་རི་ཎི། ཨ་ཤེ་ཥ་པཱ་ར་མི་ཏཱ་པྲཱ་པྟ། ཛི་ན་པུ་ཏྲ་ནི་སེ་བི་ཏེ། ན་མ་སྟུ་ཏྟཱ་ར་ཧཱུཾ་ཀཱ་ར། པཱུ་རི་ཏཱ་ཤཱ་དེ་གནྟ་རེ། སཔྟ་ལོ་ཀ་ཀྲ་མཱ་ཀྲཱ་ནྟི། ནིཿཤེ་ཥཱ་ཀཪྵ་ཎ་ཀྵ་མེ། ན་མཿ ཤ་ཀྲཱ་ན་ལ་བྲཧྨ། མ་རུ་དྭི་ཤྭེ་ཤྭ་རཱ་རྩྩི་ཏེ།
BO
བྷཱུ་ཏ་བེ་ཏཱ་ཌ་གན་དྷ་རྦ། གཎཻ་ཪྻཀྵ་པཱུ་ར་སྐྲི་ཏེ། ན་མ་སྟྲ་ཌི་ཏི་ཕཊ་ཀཱ་ར། པ་ར་ཡནྟྲ་པྲ་མརྡྡྷ་ནི། པྲ་ཏྱཱ་ལཱི་ཌྷ་པཱ་ད་ནྱཱ་སེ། ཤི་ཁི་ཛྭ་ལཱ་གུ་ལེ་ཀྵ་ཎེ། ན་མསྟུ་རེ་མ་ཧཱ་གྷོ་རེ། མཱ་ར་བཱི་ར་བི་ནཱ་ཤ་ནེ། བྷྲྀ་ཀུ་ཊཱི་ཀྲྀ་ཏ་བཱཀྟྲཱཔྫ། སརྦ་ཤ་ཏྲུཾ་ནི་སཱུ་ད་ནི། ན་མ་སྟྲི་རཏྣ་མུ་དྲཱཾ་ཀ ། ཧྲྀ་དྱཱཾ་གུ་ལི་བི་བྷཱུ་ཥི་ཏེ། བྷཱུ་ཥི་ཏཱ་ཤེ་ཥ་དི་ཀ་ཙ་ཀྲ ། ནི་ཀར་སྭ་ཀ་རཱ་ཀུ་ལེ། ན་མཿ པྲ་མུ་དི་ ཏཱ་ཊོ་པ། མུ་ཀུ་ཊཱ་ཀྵི་པྟ་མཱ་ལི་ནི། ཧ་སཏྤ་ཧ་ས་ཏྟུཏྟཱ་རེ། མཱ་ར་ལོ་ཀ་བ་ཤངྐ་རི། ན་མཿ ས་མནྟ་བྷཱུ་པཱ་ལ། པཊ་ལཱ་ཀཪྵ་ཎ་ཀྵ་མེ། ཙ་ལད་བྷྀ་ཀུ་ཊི་ཧཱུྃ་ཀཱ་ར། སརྦཱ་པ་ད་བི་མོ་ཙ་ནི། ན་མཿ ཤི་ཁཎྜ་ཁཎྜེནྡུ། མུ་ཀུ་ཊཱ་བྷ་ར་ཎོ་ཛྫྭ་ལེ། ཨ་མི་ཏཱ་བྷ་ཛ་ཊཱ་བྷཱ་ར། བྷཱ་སྭ་རེ་ཀིར་ཎོ་དྷྲུ་ བེ། ན་མཿ ཀལྤཱ་ནྟ་ཧུ་ཏ་བྷུག ། ཛྭཱ་ལཱ་མཱ་ལཱནྟ་རསྠི་ཏེ། ཨཱ་ལཱི་ཌྷ་མུ་དི་ཏཱ་བན་དྷ། རི་པུ་ཙ་ཀྲ་བི་ནཱ་ས་ནི། ན་མཿ ཀ་ར་ཏ་ལཱ་གྷཱ་ཏ། ཙ་ར་ཎཱ་ཧ་ཏ་བྷཱུ་ཏ་ལེ། བྷྲྀ་ཀུ་ཊཱི་ཀྲྀ་ཏ་ཧཱུྃ་ཀཱ་ར། སཔྟ་པཱ་ཏཱ་ལ་བྷེ་དི་ནི། ན་མཿ ཤི་བེ་ཤུ་བྷེ་ཤཱནྟེ། ཤཱནྟ་ནི་རྦཱ་ཎ་གོ་ཙ་རེ་སྭཱ་ཧཱ་ པྲ་ཎ་བ་སཾ་ཡུཀྟེ།
BO
མ་ཧཱ་པཱ་པ་ཀ་ནཱ་ས་ནི། ན་མཿ པྲ་མུ་དི་ཏཱ་བན་དྷ། རི་པུ་གཱ་ཏྲ་པྲ་བྷེ་དི་ནི། ད་ཤཱ་ཀྵ་ར་པ་ད་ནྱཱ་སེ། བི་དྫཱ་ཧཱུྃ་ཀཱ་ར་དཱི་པི་ཏེ། ན་མ་སྟུ་རེ་པཱ་ད་གྷཱ་ཏ། ཧཱུྃ་ཀཱ་རཱ་ཀཱ་ར་བཱི་ཛི་ཏེ། མེ་རུ་མནྡ་ར་ཀཻ་ལཱ་ས། བྷུ་བ་ན་ཏྲ་ཡ་ཙཱ་ལི་ནི། ན་མཿ སུ་ར་ས་རཱ་ཀཱ་ར། ཧ་རི་ ཎཱངྐ་ཀ་ར་སྠི་ཏེ། ཧཱ་ར་དྭི་རུཀྟ་སྥུ་ཊཱ་ར། ཨ་ཤེ་ཥ་བི་ཥ་ནཱ་ས་ནི། ན་མཿ སུ་ར་ག་ཎཱ་དྷྱ་ཀྵ། སུ་ར་ཀིནྣ་ར་སེ་བི་ཏེ། ཨཱ་བཾ་དྷ་མུ་དི་ཏཱ་བྷོ་ག ། ཀ་ལ་དུཿསྭཔྣ་ནཱ་ས་ནི། ན་མཤྩནྡཱ་རྐ་སཾ་པཱུརྞ། ན་ཡ་ན་དྱུ་ཏི་བྷཱ་སྭ་རེ། ཧ་ར་དྭི་རུཀྟ་ཏུཏྟཱ་རེ། བི་ཥ་མ་ཛྭ་ར་ནཱ་ས་ནི། ན་མ་སྟྲི་ཏ་ཏྭ་བི་ ནྱཱ་ས། ཤི་བཤ་ཀྟི་སམ་ནྭི་ཏེ། གྲ་ཧ་བེ་ཏཱ་ལ་ཡཀྵཽ་ག་ཎ། ནཱ་ཤ་ནཱི་པྲ་བ་རེ་ཏུ་རེ། མནྟ་མཱུ་ལ་མི་དཾ་སྟོ་ཏྲཾ། ན་མ་སྐཱ་རཻ་ཀ་བིཾ་ཤ་ཀཾ ། ཡཿ པ་ཐཏྤྲ་སནྣ་དྷཱི་ནཱཾ། ། དེ་བྱཾ་བྷཀྟི་ས་མ་ནྭི་ཏཿ། ཤ་ཡམྦཱ་པྲཱ་ཏ་རུཏྠཱ་ཡཿ། སྨ་རེཏྶ་རྦཱ་བྷ་ཡ་པྲ་དཾ། སརྦ་པཱ་པ་པྲ་ཤ་མ་ནཾ། སརྦ་དུ་རྒ་ཏི་ནཱ་ཤ་ ནཾ། ཨ་བྷི་ཥིཀྟོ་བྷ་བེ་ཏྟུརྞྞཾ། སཔྟ་བྷི་རྫི་ན་ཀོ་ཊི་བྷིཿ། ཨ་སྨིན་མ་ཧཏྟྭ་མཱ་ས་དྱ། སོ྅་ནྟེ་བཽདྡྷ་བ་དཾ་བྲ་ཛེ་ཏ། བི་ཥནྟ་སྱ་མ་ཧཱ་གྷ་རཾ།
BO
སྠ་བ་རཾ་བཱ་ཐ་ཛཾ་ག་མཾ། སྨར་ཎཱཏྤྲ་ལ་ཡཾ་ཡཱ་ཏི། ཁཱ་དི་ཏཾ་པཱི་ཏ་མེ་བ་བཱ། གྲ་ཧ་ཛྭ་ར་བི་ཥཱརྟྟཱ་ནཱཾ། པར་མཱརྟྟི་བི་ནཱ་ཤ་ནཱཾ། ཨ་ནྱེཥཱཾ་ཙཻ་བས་ཏྭཱ་ནཱཾ། དྭི་སྟི་ སཔྟཱ་བྷི་བརྟྟཱི་ནཱཾ། པུ་ཏྲ་ཀཱ་མོ་ལ་བྷེ་ཏྤུ་ཏྲཾ། དྷ་ན་ཀཱ་མོ་ལ་བྷེད་དྷ་ནཾ། སརྦ་ཀཱ་མཱ་ན་བཱཔྣོ་ཏི་ན་བྷི་གྷྣིཿ པྲ་ཏི་ཧ་ནྱ་ཏེ། ཏཱ་རཱ་བྷ་ག་བ་ཏཱི་ཡཾ་སཱུ་ཏྲཾ། སམྱཀ་སཾ་བུདྡྷ་བྷ་ཥི་ཏཾ། སརྦ་ཀ་ར། ས་མ་ཡཱ་ཨུ་ལ་ཀར་ཡེ། བུདྡྷ་ནི་ཙ། དྷརྨ་ཎི་ཙ། སཾ་གྷ་ནི་ཙ་ཏཱ་ར་ཡེ་སྭཱ་ཧཱ། འཇམ་དཔལ་གཟུངས་འདི་ནི་དུས་ གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་སྒྲོལ་མ་ལམ་རུངས་པ་འཇོམས་པའི་སྒོ་ནས་བསྟོད་པ་སྟེ། ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པའོ། ། འཇམ་དཔལ་དེའི་ཕྱིར་བརྗོད་པར་བྱའོ། ། གཟུངས་འདི་བརྗོད་པའི་གང་ཟག་ནི་སེམས་ཅན་དམྱལ་བ་དང་། {ཡི་དགས་,ཡི་དྭགས་}དང་དུད་འགྲོ་ལ་སོགས་པའི་གནས་སུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། ། ཡུལ་མཐའ་འཁོབ་དང་ཀླ་ཀློ་དང་། དབང་པོ་མ་ཚང་པ་ལ་སོགས་པར་ནམ་ཡང་སྐྱེ་བར་མི་འགྱུར་རོ། ། རིམས་དང་། འབྲུམ་བུ་ དང་།
BO
ནད་འགོ་བ་ལ་སོགས་པའི་ནད་ཀྱི་འཇིགས་པ་ཐམས་ཅད་ལས་གྲོལ་ཞིང་ནད་ཀྱི་འཇིགས་པ་མི་འབྱུང་ངོ་། ། འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་གྲོལ་བར་འགྱུར་རོ། ། འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟོད་པ་འདི་འཛིན་པའི་གང་ཟག་དེ་ ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། ། འདི་འཛིན་པའི་གང་ཟག་དེ་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་མ་ལུས་པར་བྱང་བར་འགྱུར་རོ། ། སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ། ། དུས་མ་ཡིན་པར་འཆི་བ་མི་འབྱུང་ ཞིང་། ནམ་འཆི་བའི་དུས་ཀྱི་ཚེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་སྒྲོལ་མ་མཐོང་བར་འགྱུར་རོ། ། འདི་འཛིན་པའི་གང་ཟག་དེ་ནི་ཡིད་ལ་ཅི་བསམས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། ། གཟུགས་ཕུན་སུམ་ཚོགས་པ་དང་། ཁ་དོག་ཕུན་ སུམ་ཚོགས་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། ། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མི་མ་ཡིན་པའི་པར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ། ། དུས་གསུམ་གྱི་བདེན་པ་ཡང་མཐོང་བར་འགྱུར་རོ། ། ཡུམ་སྒྲོལ་མའི་ སྐུ་དངོས་སུ་མཐོང་བར་འགྱུར་རོ། །
BO
ན་མཿསརྦ་ཏ་ཐཱ་ག་ཏ་སཾམྱཀ་སཾ་བུདྡྷ་ཡ་ཏྲེ་ཡ་ཏེ་ཏཱ་ར་ཏེ་ཏུ་ཏཱ་ར། ཞེས་བརྗོད་པར་བྱའོ། ། བསྟོད་པའི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་ལ་གསོལ་པ། གཟུངས་སྔགས་འདི་གང་ལ་བརྟེན་ནས་ཡིད་ལ་ནན་ཏན་དུ་བྱ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡུག་བསྔལ་ལས་གྲོལ་བར་འདོད་ཅིང་ཟབ་མོའི་དོན་ལ་མོས་པས་ནན་ཏན་དུ་བྱའོ། ། དེ་ནས་ཏྃ་ལས་བྱུང་བའི་འོད་ཟེར་ལས་སྟེང་འོག་ཐམས་ཅད་ དུ་རྡོ་རྗེར་གྱུར་ཏེ། འཇམ་དཔལ་སྔགས་འདི་བརྗོད་པར་བྱའོ། ། ཨོྃ་བཛྲ་ཛྭ་ལ་བཛྲ་ཏ་ན་ཧཱུྃ་ཕཊ། ཞེས་བརྗོད་པར་བྱའོ། ། དེ་ནས་ཏྃ་ལས་བྱུང་བའི་ཡི་གེ་ཨེ་དཀར་པོ་བསྒོམ་པར་བྱའོ། ། དེའི་སྟེང་དུ་བྃ་སྔོན་པོ་བསྒོམ་པར་བྱའོ། ། དེའི་སྟེང་དུ་ལྃ་སེར་པོ་བསྒོམ་ པར་བྱའོ། ། དེའི་སྟེང་དུ་ཡྃ་ལྗང་གུ་བསྒོམ་པར་བྱའོ། ། དེའི་སྟེང་དུ་རྃ་དམར་པོ་བསྒོམ་པར་བྱའོ། ། དེ་རྣམས་ཀྱིས་འོད་ཟེར་འཕྲོ་བ་དང་བསྡུ་བ་བྱ་སྟེ། ཨོྃ་དྷརྨ་དྷཱ་ཏུ་བི་ཤུད་དྷ་ཧཱུྃ། ཨོྃ་ཨཾ་དྷཱ་ཏུ་བི་ཤུད་དྷ་ཧཱུྃ། ཨོྃ་ས་མནྟ་བི་ཤུད་དྷ་ཧཱུྃ། ཨོྃ་པྲཀྵ་ཀི་ཤུད་དྷ་ཧཱུྃ།
BO
ཨོྃ་ཀྵ་ཏ་བུ་ཐཱ་ན་བི་ཤུད་དྷ་ཧཱུྃ། ཨོྃ་ན་མཿསརྦ་ཏ་ཐཱ་ག་ཏ་མཎྜ་ལ་ས་མནྟ་པི་ཤུད་དྷ་ཧཱུྃ། འཇམ་དཔལ་དེ་ལྟར་སྔགས་དེ་བརྗོད་པས་དཀྱིལ་འཁོར་གྱི་ཁང་པ་བསྐྱེད་པར་བྱ་སྟེ། པདྨ་འདབ་མ་བཞི་པ་ཁ་དོག་སྣ་ཚོགས་པ་ལ་རྡོ་རྗེ་རབས་བསྐོར་བ་གྲུ་ཚད་བཞི་དང་ལྡན་པ་གྲུ་ བཞིར་འདུག་ཅིང་སྒོ་བཞིར་ཀ་བ་བརྒྱད་དང་ལྡན་པ། དྲ་བ་དང་དྲ་བ་ཕྱེད་པ་དང་རིན་པོ་ཆེའི་ཆུན་འཕྱང་དང་ཏྭ་ར་ནི་ལ་སོགས་པས་མཛེས་པའོ། ། དེ་ལྟར་དཀྱིལ་འཁོར་གྱི་ཁང་པ་དེ་འདྲ་བ་བསྐྱེད་དེ། དབུས་ཀྱི་ཟེ་འབྲུ་ལ་ནི་ཟླ་བ་དང་པདྨའི་སྟེང་དུ་ཏྃ་ལྗང་གུ་ལས་བྱུང་བའི་ཨུཏྤ་ལ་ ཏྃ་དང་བཅས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་། ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མའི་སྐུ་ལྗང་གུ་ཞལ་གཅིག་ཕྱག་ གཉིས་པ་ཕྱག་གཡས་པ་མཆོད་སྦྱིན། གཡོན་པ་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ།
BO
གཞོན་ནུ་མ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ། མཉམ་ པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ། ། ཤར་དུ་ཟླ་བ་དང་པདྨའི་སྟེང་དུ་ཏྃ་ལས་བསྐྱེད་པའི་ཨུཏྤ་ལ་མཐིང་ག་ས་བོན་དང་བཅས་པ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་། ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་མཐིང་ག་ཕྱག་གཉིས་པ་ཕྱག་གཡས་ཀྱིས་ཏྲི་ཤཱུ་ལ་འཛིན་པ། ཕྱག་གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་ འཛིན་པ་མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ། ། ལྷོ་རུ་ཟླ་བ་དང་ པདྨའི་སྟེང་དུ་རེ་ལས་བསྐྱེད་པའི་ཨུཏྤ་ལ་སེར་པོ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ།
BO
འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་སྐུ་མདོག་གསེར་བསྲེགས་པ་ལྟ་བུ་ཕྱག་གཉིས་པ། ཕྱག་གཡས་ན་རལ་གྲི་འཛིན་པ་གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ པ། གཞོན་ནུ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ་མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ། ། ནུབ་ཏུ་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་བྱུང་བའི་ཨུཏྤ་ལ་དམར་པོ་ས་བོན་དང་བཅས་པ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་། ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་དམར་མོ་ཕྱག་གཉིས་པ་ཕྱག་གཡས་པ་ན་འཁོར་ལོ་འཛིན་པ། གཡོན་པ་ན་ སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ།
BO
མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་ན་བཞུགས་ པའོ། ། བྱང་དུ་ཟླ་བ་དང་པདྨའི་སྟེང་དུ་ཏཱཾ་ལས་བྱུང་པའི་ཨུཏྤལ་ལྗང་གུ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་། ཆུ་ཟླ་དང་གཟུགས་ བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་ལྗང་གུ་ཕྱག་གཉིས་མ་ཕྱག་གཡས་ན་གདུགས་འཛིན་པ་གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ་མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་ པ་གཞོན་ནུ་ལང་ཚོ་ལ་བབ་པ་ཞལ་འཛུམ་བག་དང་བཅས་པ་མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་གདན་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ། །
BO
ཤར་གྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏཱྃ་ལས་བྱུང་པའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་། ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ་ཁྲོས་པའི་སྐུ་ རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ་ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ། ། ལྷོའི་སྒོར་པདྨ་དང་ཟླ་བའི་སྟེང་དུ་རེ་ལས་བྱུང་བའི་ཨུཏྤ་ལ་ ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་། ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་ སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་ཞགས་པ་འཛིན་པ།
BO
ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ་ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ། ། ནུབ་ཀྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་སྐྱེད་པའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་ གཟུགས་བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ་ཕྱག་གཉིས་ལྕགས་སྒྲོག་འཛིན་པ་ཁྲོས་པའི་སྐུར་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ་ཁྲོས་པའི་ཞལ་དང་བཅས་ པ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་གདན་ལ་བཞུགས་པའོ། ། བྱང་གི་སྒོར་ཟླ་བ་དང་པདྨའི་སྟེང་དུ་རེ་ལས་བྱུང་བའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་ དང་འཇའ་ཚོན་དང་སྨིན་རྒྱུ་དང་།
BO
ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་། ། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་དྲིལ་བུ་མ་སྐུ་མདོག་ལྗོང་སྔོན་མ་ཕྱག་གཉིས་ན་དྲིལ་བུ་འཛིན་ཅིང་ཁྲོས་པ་སྐུ་ལ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་པས་ བརྒྱན་པ་གཞོན་ནུ་ལང་ཚོལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་པདྨ་དང་ཟླ་བའི་སྟེང་ན་བཞུགས་པའོ། ། འཇམ་དཔལ་དེ་ལྟར་ལྷའི་འཁོར་ལོ་བསྒོམ་པར་བྱའོ། ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྤྲུལ་པ་ལ་སོགས་པ་རྣམས་ ནི་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འགྲོ་བ་དྲུག་པོ་རྣམས་ནི་ཉོན་མོངས་པ་དང་བཅས་པའི་ཁམས་སོ། ། དེ་ལྟ་བས་ན་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་རིག་པར་བྱའོ། ། ལྷའི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་འཇམ་དཔལ་གྱིས་ཞུས་པ། བཅོམ་ལྡན་འདས་ལྷ་དེ་ལྷས་ཇི་ལྟར་བྱིན་གྱིས་བརླབ་པར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྤྲུལ་པ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང་འཇའ་ཚོན་ལྟ་བུ་དང་སྨིག་རྒྱུ་ལྟ་བུ་དང་ཆུ་ཟླ་ལྟ་བུ་དང་གཟུགས་བརྙན་ལྟ་བུས་སོ། ། འཇམ་དཔལ་གྱིས་སྨྲས་པ།
BO
བཅོམ་ལྡན་འདས་སྤྲུལ་པ་ཞེས་བྱ་བ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲུལ་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཞིང་གཉིས་ཀ་འཁྲུལ་པའོ། ། སྒྱུ་མ་ནི་གཞན་འཁྲུལ་པའོ། ། འཇའ་ཚོན་ནི་སྟོང་པའོ། ། སྨིག་རྒྱུ་ ནི་ཡུལ་འཁྲུལ་ཅིང་སྟོད་པའོ། ། ཆུ་ཟླ་ནི་རྒྱུ་འབྲས་སོ། ། གཟུགས་བརྙན་ནི་དྲི་ཟའི་གྲོང་ཁྱེར་ཏེ། འཇམ་དཔལ་འཁྲུལ་པ་ནི་དེ་བཞིན་ཏེ་ཉོན་མོངས་པ་དང་བཅས་པའི་ཁམས་ཀྱང་དེ་བཞིན་ནོ། ། འཇམ་དཔལ་དེ་ལྟ་བས་ན་ལྷས་ལྷ་ལ་བྱིན་གྱིས་རློབ་པ་ཡང་འདྲའོ། ། འཇམ་ དཔལ་སྤྲུལ་པ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ནི་ཐོགས་པ་མེད་ཅིང་ཐོགས་པ་དང་བྲལ་བའོ། ། ཐ་དད་པ་མེད་ཅིང་ཐ་དད་པ་དང་བྲལ་བའོ། ། འཇམ་དཔལ་དེའི་ཕྱིར་དེའི་རང་བཞིན་དེ་དང་འདྲ་བར་ཡིད་ལ་གྱིས་ཤིག ། དེ་ནས་བཅོམ་ ལྡན་འདས་ཀྱིས་བྱིན་གྱིས་བརླབ་པ་མཛད་པ་ནི། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། གུང་མོ་གཉིས་བརྐྱང་སྟེ་རྩེ་སྦྱར་ནས། མཛུབ་མོ་གཉིས་དང་སྲིན་ལག་གཉིས་གུང་མོ་ལ་རེག་སྟེ་ཟུར་བཅག་ནས་མཐེའུ་ཆུང་དང་མཐེ་བོ་རྩེ་སྤྲད་ནས་ནང་སྦྱར་བ་ནི་རྡོ་རྗེའི་ཕྱག་རྒྱའོ། །
BO
དེའི་སྔགས་ནི་ཨོྃ་སརྦ་ཏ་ཐ་ག་ཏ་ཨ་ཏཾ་ཨ་ཧཾ་བཛྲ་སྟ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་སྟ་ན་ཧཱུྃ་ཞེས་བརྗོད་པར་བྱའོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བར་མཛད་པ་ནི། ལག་པ་ཐལ་མོ་སྦྱར་ཏེ་མཐེའུ་ཆུང་དང་སྲིན་ལག་གཉིས་ཕྱིར་བཀན་ཏེ། གུང་མོ་རྩེ་སྤྲད་དེ་མཐེ་བོས་ མཛུབ་མོ་གཉིས་མནན་པ་ནི་རིན་པོ་ཆེའི་ཕྱག་རྒྱ་སྟེ་མགོ་བོའི་སྟེང་དུ་བཞག་ནས་སྔགས་བརྗོད་པ་ནི། ཨོྃ་སརྦ་ཏ་ཐཱ་ག་ཏ་ཙིནྟཱ་མ་ཎི་ཛྭ་ལ་ནི་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་ཤུད་དྷ་པ་རི་ཤུད་དྷཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་ བྱིན་གྱིས་བརླབས་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་ལག་པཱ་གཉིས་ཐལ་མོ་སྦྱར་ཏེ་སོར་མོ་རྣམས་ཕན་ཚུན་དུ་སོ་སོར་བསྣོལ་གུང་མོ་བསྒྲེང་སྟེ། མཐེ་བོང་དང་མཐེའུ་ཆུང་ཡང་གཤིབས་ ཏེ་བསྒྲེང་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུྃ་ཞེས་བརྗོད་པར་བྱའོ། ། དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་གསོལ་པ། ཟླ་བ་ཉི་མའི་སྐུ་འདྲ་བའི། །
BO
ལྗང་གུའི་ མདོག་ཅན་འགྱིང་བག་ཅན། ། པདྨ་ཟླ་བའི་སྟེང་ན་བཞུགས། ། སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། ། སེམས་ཅན་ཀུན་གྱི་སྐྱབས་གྱུར་པའི། ། ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། ། ཅེས་ཡུམ་ལ་བསྟོད་ནས་གསོལ་པ། བཅོམ་ལྡན་འདས་ འདིའི་གསང་སྔགས་ནི་གང་གིས་འགྲུབ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིའི་གཟུངས་སྔགས་ནི་འདིའོ། ། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སྟྲཻ་ཡ་དྷྭ་སརྦ་ཏ་ཐཱ་ག་ཏཱ་ནཱཾ་ན་མསྟཱ་རཱ་ཡཻ། ན་མསྟཱ་རེ་ཏུ་རེ་བཱི་རཱཀྵ་ཎེ་དྱུ་ཏི་ནི་བྷེ་ཀྵ་ཎེ། ཏྲཻ་ལོ་ཀྱ་ན་ ཐཱ་བཀྟྲཱ་པྫ་བི་ཀ་ཤཏྐེ་ས་རོ་ད་བྷ་བེ། ན་མཿཤ་ཏ་ཤ་རཙྩནྡྲ་སཾ་པཱུཎྞ་པ་ཊ་ལཱ་ན་ནེ། ཏཱ་རཱ་ས་ཧ་སྲ་ནི་ཀ་ར་པྲ་ཀ་ཤཏྙི་ར་ཎོ་ཛྫྭ་ལི། ན་མཿཀ་ན་ཀ་ནཱི་ལཱ་པྫ་པཱ་ཎི་པདྨ་བི་བྷཱུ་ཥ་ཏེ། དཱ་ན་བཱིརྱ་ཏ་པཿཤཱ་ན་ཏི་ཏེ་ཏི་ཀྵ་དྷྱཱ་ན་གོ་ཙ་རེ། ན་མ་སྟ་ཐཱ་ག་ཏོཥྞཱི་ཥ་བི་ཛ་ཡཱ་ནནྟ་ཙ་རི། ཨ་ཤེ་ཥ་པ་ར་མི་ཏཱ་པྲཱ་པྟ་ ཛི་ན་པུ་ཏྲེ་ཎ་སེ་བི་ཏེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། ། གཟུངས་སྔགས་ནི་འདིའོ། ། སྙིང་པོ་ནི་འདིའོ། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །
BO
ཨོཾ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། པདྨའི་རིགས་ཀྱི་སྙིང་པོའོ། ། ཨོཾ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། རིན་པོ་ ཆེའི་རིགས་ཀྱི་སྙིང་པོའོ། ། ཨོཾ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ལས་ཀྱི་རིགས་ཀྱི་སྙིང་པོའོ། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏཱ་རེ་སྭཱ་ཧཱ། རྡོ་རྗེའི་རིགས་ཀྱི་སྙིང་པོའོ། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལས་སྣ་ཚོགས་པའི་སྙིང་པོའོ། ། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་ཀཱ་ར་པཱུ་རི་ཏཱ་ཤ་དི་གནྟ་རེས་པྟ་ལོ་ཀ་ཏྲ་མཱ་ཏྲཱན་ཏི། ཨ་ཤེ་ཥཱ་ ཀརྵ་ཀྵ་མི་ཧཱིཿ དབང་དུ་བསྡུ་བའི་སྔགས་སོ། ། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་སྭཱ་ཧཱ། ཀཱ་ར་པུ་རི་ཏཱ་ཤཱ་དི་གནྟ་རེ་སཔྟ་ལོ་ཀཀྐཱ་མཱ་ཀྲཱཾ་ཏི་ཨ་ཤེ་ཥ་པུནྚིཾ་ཀུ་རུ་ཀརྵ་ཎཀྵ་མི་ཧོ། ། རྒྱས་པའི་སྔགས་སོ། ། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་ཀཱ་ར་པཱུ་རི་ཏཱ་ཤཱ་དི་གཾ་ཏ་རི་སཔྟ་ལོ་ཀ་ཀྲཱ་མཱ་ཀྲཱ་ན་ཏི་ཨུཥྞཱི་ཥ་ཨ་ལི་ཀ་ར་ ཡཱ་ཀརྵ་ཎ་ཀྵ་མི་ཕཊ། དེ་ནི་ལས་ཀྱི་སྔགས་སོ། ། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཀཱ་རཱ་བུ་རི་ཏཱ་ཤཱ་དི་གཾ་ཙ་རིས་བྷ་ལོ་ཀ་ཀྲཱ་མཱ་ཀྲཱ་ནཱ་ཏི་ནིཿ ཨ་ཤེ་ཥ་ཤཱནྟིཾ་ཀུ་རུ་ཀཱ་རྵ་ཎ་ཀྵ་མི་སྭཱ་ཧཱ། ཀླུ་ཞི་བའི་སྔགས་སོ། །
BO
ཨོཾ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཤ་ཀྲཱ་ན་ལ་བྲ་ཧྨ་རུ་དྲཻ་ཤྩེ་ཤྭ་རཱ་རྩི་ཏེ་ བྷཱུ་ཏ་བེ་ཏཱ་ལ་གཾ་དར་བ་ག་ཎ་ཡཀྵ་པུ་ར་སྐྲྀ་ཏེ་ཕཊ་ཀཱ་ར་ཡནྟྲ་པྲ་མརྡ་ནི་པྲ་ཏྱཱ་ལཱི་ཌྟ་པཱ་ད་ནྱཱ་ས་ཤི་ཁི་ཛྭཱ་ལཱ་ཀུ་ལི་ཛ་ལི་རི་མ་ཧཱ་ཧྲོ་རི་མཱ་ར་བཱིར་བི་ནཱ་ཤ་ནི། བྷྲྀ་ཀུ་ཊི་ཀྲྀ་ཏ་བཱ་ཀ་ཏྲཱ་པྫ་སརྦ་ཤ་ཏྲུ་ནི་སཱུ་ད་ནི་རཏྣ་མུ་དྲཱཾ་ཀ་ཧྲྀ་དྱཱཾ་གུ་ལི་བི་བྷཱུ་ཥི་ཏྱ་པྷཱུ་ཥི་ཏཱ་ཤེ་ཥ་དི་ཀ་ཙཀྲ་ཀཱ་ར་སཽ་ཀ་རཱ་ཀུ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ ཕཊ། ལས་སྣ་ཚོགས་པའི་སྔགས་སོ། ། ཨོཾ་ཨི་ནྩཱ་ཡ། ཡ་མཱ་ཡ། བ་རུ་ཎཱ་ཡ། ཡཀྵཱ་ཡ། ཨགྣྣཱ་ཡ། བཱ་ཡ་བེ། ནཻ་རི་ཏྱཻ་རཀྵ་སེ། ཨོཾ་ཨིནྡྲ་པཱ་ལཱ་ཡ། སཱུ་རྱཱ་ཡ་ཙནྟྲཱ་ཡ། ཨུ་ཏི་ཨ་ཡ་བུ་མི་ཡེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུ་ཏྤནྣ་ ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ལས་ཐམས་ཅད་གྲུབ་པའི་སྔགས་སོ། ། སྔགས་ཀྱི་ལེའུ་སྟེ་དྲུག་པའོ། ། ། ། འཇམ་དཔལ་ལས་ནི་འདིའོ། ། སྤོས་ཀྱི་ཁང་པ་ཡིད་དུ་འོང་བར་དྲི་ཞིམ་པོའི་ཆག་ཆག་བཏབ་སྟེ། མཎྜལ་དཀར་པོ་ཙནྡན་དཀར་པོའི་ཆུས་བྱུགས་ ལ་མེ་ཏོག་སིལ་མ་གཏོར་ཏེ།
BO
བུམ་པ་དཀར་པོ་རིན་པོ་ཆེ་ལས་བྱས་པའི་ནང་དུ་རིན་པོ་ཆེ་ལྔ་ནི། གསེར་དང་མུ་ཏིག་དང་མན་ཤེལ་དང་བྱི་རུ་དང་མུ་མེན་གཞུག་པར་བྱའོ། ། སྤོས་ལྔ་ནི་ཙནྡན་དང་ཨ་ག་རུ་དང་དུ་རུ་སྐ་དང་ག་པུར་དང་པུ་ཤེལ་ཙེ་གཞུག་པར་བྱའོ། ། འབྲུ་ལྔ་ནི་ནས་དང་གྲོ་དང་སྲན་མ་དང་འབྲས་དང་ཏིལ་མར་གཞུག་པར་བྱའོ། ། སྙིང་པོ་ལྔ་ནི་བུ་རམ་དང་སྦྲང་རྩི་དང་མར་དང་ལན་ཚྭ་དང་ཏིལ་གཞུག་པར་བྱའོ། ། གཙང་མའི་རས་ཁ་ཚར་མཉམས་པས་དཀྲིས་ཏེ་དབུས་སུ་གཞག་གོ། ། གང་བའི་བུམ་པ་བཞི་ཡང་གཞག་པར་ བྱའོ། ། པོག་ཕོར་བཞི་དང་མེ་ཏོག་ལ་སོགས་པ་བཞི་ཡང་གཞག་པར་བྱའོ། ། དེ་ལྟར་རྫོགས་པས་འདི་བསམ་གཏན་དུ་བྱའོ། ། ཡི་གེ་ཏྃ་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི། པདྨ་རྒྱས་པ་ལས་བྱུང་ཞིང་ཟླ་བ་རྒྱས་པ་ལ་བཞུགས་པ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ།
BO
པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ་ཀ་ཤི་ཀའི་ རས་ཀྱིས་སྟོད་གཡོགས་པ་སྐྱིལ་ཀྲུང་ཕྱེད་པ་དང་བཅས་པ་ཞལ་གཅིག་ཕྱག་གཉིས་པ་ཞལ་འཛུམ་ཞིང་སྤྱན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུཏྤ་ལ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལས་འོད་ཟེར་འཕྲོ་ཞིང་པདྨ་དཀར་པོ་གེ་སར་དང་བཅས་ པའི་དཀྱིལ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་ཟེར་འཕྲོ་བ་ཅན་དུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསམས་ཏེ་བཟླས་པ་འདི་བྱའོ། ། ཨོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། ། དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལ་ནི་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས། གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། ། འཇམ་དཔལ་དེའི་ཕན་ཡོན་ནི་མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་ལྔ་དང་སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། ། འཇམ་ དཔལ་དེའི་ཕན་ཡོན་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་འགྱུར་རོ། ། མི་ཁོམ་པ་བརྒྱད་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། ། འཇམ་དཔལ་འདིའི་ཕན་ཡོན་ནི་ཚེ་རབས་དྲན་པ་དང་དབང་པོ་གསལ་བ་དང་ཡིད་གཞུངས་པར་འགྱུར་རོ། ། བཟོའི་གནས་ཐམས་ ཅད་ལ་མཁས་པར་འགྱུར་རོ། །
BO
སྟོབས་དང་མདངས་དང་གཟི་མདངས་ཕུན་སུམ་ཚོགས་པར་འགྱུར་རོ། ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་སྲུང་བ་དང་སྐྱོབ་པ་དང་སྦེད་པ་དང་ཕན་པར་བྱེད་དེ། གང་དུ་ཕྱིན་པ་ཐམས་ཅད་དུ་བཀྲ་ཤིས་པར་འགྱུར་རོ། ། ཞི་བའི་ལས་ ཀྱི་ལེའུ་སྟེ་བདུན་པའོ། ། ། ། འཇམ་དཔལ་རྒྱས་པའི་ལས་འདིའོ། ། སྤོས་ཀྱི་ཁང་པ་དྲི་ཞིམ་པ་དང་ལྡན་པའི་གནས་སུ་བ་སེར་སྐྱའི་རྣམ་ལྔས་སྐྱོང་ནུལ་བྱ་སྟེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་བྱའོ། ། མེ་ཏོག་གི་ཚོམ་བུ་ཡང་དགྲམ་པར་བྱའོ། ། རྒྱས་པ་ལས་ བྱུང་བའི་ཐང་ཀ་ཡང་དགྲམ་པར་བྱའོ། ། རིན་པོ་ཆེ་རྣམ་པ་ལྔ་དང་འབྲུ་དང་སྨན་ལ་སོགས་པ་དག་ལ་རིལ་བུ་ཉི་ཤུ་རྩ་གཅིག་བྱ་སྟེ། རིན་པོ་ཆེའི་ག་འུར་བཅུག་ལ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ། ། པོག་ཕོར་བཞི་ཡང་གཞག་པར་བྱའོ། ། མེ་ཏོག་ལ་སོགས་པ་ ཡང་གཞག་པར་བྱས་ནས་བསམ་གཏན་བསྒོམ་པར་བྱ་སྟེ།
BO
ཡི་གེ་ཏྃ་ལས་བསྐྱེད་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་གཅིག་མ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པདྨ་རྒྱས་པ་ལས་བྱུང་ཞིང་ཉི་ཟླའི་སྟེང་དུ་རྒྱས་པའི་སྐུ་སྟོན་ཀའི་ཟླ་བ་ལྟར་གསལ་ བ་སྤྲིན་དང་བྲལ་བའི་ཉི་མ་ལྟ་བུར་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་མདོག་སེར་པོ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ་སྐྱིལ་ཀྲུང་ཕྱེད་པ་དང་ བཅས་པ་ཞལ་གཅིག་ཕྱག་གཉིས་པ་ཞལ་འཛུམ་ཞིང་སྤྱན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུཏྤ་ལ་སྡོང་པུ་དང་བཅས་པ་འཛིན་པ་སྐུ་ལས་འོད་འཕྲོ་ཞིང་པདྨའི་གེ་སར་དང་བཅས་པའི་དཀྱིལ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་འཕྲོ་བ་ལྷའི་ཚོགས་དང་ལྷ་མ་ ཡིན་གྱི་ཚོགས་དང་ནམ་མཁའ་ལྡིང་གི་ཚོགས་དང་མི་འམ་ཅིའི་ཚོགས་དང་མིའི་ཚོགས་དང་དྲི་ཟའི་ཚོགས་དང་ལྟོ་འཕྱེ་ཆེན་པོའི་ཚོགས་དང་སྲིན་པོ་ལ་སོགས་པའི་སྟོབས་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསྒོམ་སྟེ་བཟླས་པ་འདི་བྱའོ། །
BO
ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པ་བྱའོ། ། དེ་ནས་ལས་ཀྱི་སྔགས་དང་བཅས་པས་ལན་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བརྗོད་ནས། གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། ། འཇམ་དཔལ་དེའི་ཕན་ཡོན་ནི་ལྷའི་ཚོགས་དང་ལྷ་མ་ ཡིན་གྱི་ཚོགས་དང་ནམ་མཁའ་ལྡིང་གི་ཚོགས་དང་མིའམ་ཅིའི་ཚོགས་དང་། མིའི་ཚོགས་དང་དྲི་ཟའི་ཚོགས་དང་ལྟོ་འཕྱེ་ཆེན་པོའི་ཚོགས་དང་། སྲིན་པོའི་ཚོགས་ཐམས་ཅད་ཀྱིས་དེའི་སྟོབས་ཐུབ་པར་མི་འགྱུར་ལ། སྲུང་བ་དང་སྐྱོབ་པ་ཡང་བྱེད་པར་འགྱུར་རོ་ དུས་མ་ཡིན་པར་འཆི་བ་དང་། རྩོད་པ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། རིམས་དང་། འབྲུམ་བུ་དང་། གཡན་པ་ལ་སོགས་པས་མི་ཚུགས་སོ། ། ནམ་འཆི་བའི་ཚེ་ཡང་སྟོབས་དང་ལྡན་པར་འགྱུར་རོ། ། ངན་སོང་གསུམ་དུ་མི་འགྱུར་རོ། ། འཇམ་དཔལ་ལས་དེས་ཡོ་བྱད་དང་ཚེ་དང་བཀྲག་དང་སྟོབས་དང་ལྡན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་མཐོང་བ་དང་སྟོབས་དང་ལྡན་པར་འགྱུར་རོ། ། རྒྱས་པའི་ལས་ཀྱི་ལེའུ་སྟེ་བརྒྱད་པའོ། ། ། ། འཇམ་དཔལ་དབང་དུ་བསྡུ་བའི་ལས་ནི་འདིའོ། ། དུར་ཁྲོད་དམ་ཤིང་གཅིག་གམ། ཆུ་བོ་ཆེན་པོའི་འགྲམ་མམ་གཙུག་ལག་ཁང་དུ་བྱའོ།
BO
། ཁང་པ་དེར་བའི་རྣམ་ལྔས་སྐྱོང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་མེ་ཏོག་སིལ་མ་དགྲམ་པར་བྱའོ། ། ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ་པོག་ཕོར་དང་མེ་ཏོག་ལ་ སོགས་པ་ཡང་བཤམ་པར་བྱའོ། ། མེ་ཏོག་དང་འབྲས་བུ་ནུས་པ་དང་ལྡན་པའི་རྫས་དག་རིན་པོ་ཆེའི་ག་འུར་བཅུག་ལ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ། ། དེ་ནས་བསམ་གཏན་བསྒོམ་པ་ནི། ཏཱྃ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་ མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པདྨ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་བནྡུ་ཀའི་མེ་ཏོག་ལྟར་དམར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ། འགྱིང་བག་གི་ཚུལ་གྱིས་བཞེངས་པ། ཞལ་གཅིག་ཕྱག་གཉིས་པ་ཞལ་བཞད་ཅིང་ཆེར་བཞད་པ་སྤྱན་འཁྱུག་པ་ཕྱག་གཡས་ཐུགས་ཀ་ན་འདུད་པ། གཡོན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ།
BO
སྐུ་ལས་ འོད་འཕྲོ་བ་དང་བཅས་པ་ལས་རང་དང་མཐུན་པའི་འོད་འཁྲུག་པ་དང་བཅས་པའི་སྐུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལྷ་མོ་དཔག་ཏུ་མེད་པ་དང་བཅས་པ་བསམ་སྟེ་བཟླས་པ་འདི་བྱའོ། ། ཨོཾ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། ། དེ་ནས་ལས་ཀྱི་སྔགས་དང་ བཅས་པ་ལན་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། ། འཇམ་དཔལ་དེའི་ཕན་ཡོན་ནི་ས་བདག་གི་རྒྱལ་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་དབང་དུ་འགྱུར་རོ། ། ཐམས་ཅད་ ཁུགས་པར་འགྱུར་རོ། ། དབང་གི་ལས་ཀྱི་ལེའུ་སྟེ་དགུ་པའོ། ། ། ། འཇམ་དཔལ་དྲག་པོའི་ལས་བྱ་བར་འདོད་པས་གནས་ནི་དུར་ཁྲོད་དམ་ཤིང་གཅིག་གམ་ཆུ་བོ་ཆེན་པོའི་འགྲམ་མམ་གཙུག་ལག་ཁང་དུ་བྱའོ། ། ཁང་པ་དེར་བའི་རྣམ་ལྔས་ཆག་ཆག་བཏབ་ སྟེ་དྲི་ཞིམ་པོའི་ཆུས་མཎྜལ་བྱའོ། ། སྐུ་གཟུགས་ལ་སོགས་པ་ཡང་དགྲམ་པར་བྱའོ། ། གྲོ་གའམ་རས་སམ་ཤིང་ཤུན་ལ་རྒྱལ་པོ་ལ་སོགས་པའི་གཟུགས་ནིམ་པའི་ཆུས་བྲིས་ལ་མཎྜལ་གྱི་སྟེང་དུ་ཁམ་པའི་ག་འུར་གཞུག་པར་བྱའོ། ། དེ་ནས་མཎྜལ་གྱི་སྟེང་ དུ་གཞག་པར་བྱའོ། ། པོག་ཕོར་ལ་སོགས་པའི་མཆོད་པ་ཡང་བཤམ་པར་བྱའོ། །
BO
དེ་ནས་བསམ་གཏན་བསྒོམ་པར་བྱ་སྟེ་ཡི་གེ་ཏྃ་ལས་བསྐྱེད་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པདྨ་རྒྱས་པ་ ལས་བྱུང་ཞིང་ཉི་ཟླའི་སྟེང་ན་བཞུགས་པ་སྐུ་མདོག་ལྗང་གུ་ཀུན་ནས་གསལ་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ་ཀ་ཤི་ཀའི་གོས་ ཀྱིས་སྟོད་གཡོགས་པ་ཞབས་གཡས་བརྐྱང་བ་གཡོན་བསྐུམ་པས་བཞུགས་པ་ཞལ་གཅིག་ཕྱག་གཉིས་པ་ཞལ་མཆེ་བ་གཙིགས་པ་སྤྱན་ནི་རབ་ཏུ་འབར་ཞིང་དབུ་སྐྲ་གྱེན་དུ་བརྫེས་པ་དབུའི་ཟླ་བའི་སྟེང་ན་ཨ་མི་ཏཱ་བྷ་དང་བཅས་པ་བསྐལ་པའི་མེ་དཔུང་ནང་ན་བཞུགས་པ་ཕྱག་ གཡས་ན་འཁོར་ལོ་འཛིན་པ་གཡོན་སྡིགས་མཛུབ་དང་བཅས་པའི་ཨུཏྤ་ལ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལས་ཁྲོ་བོ་འཕྲོ་བ་ཁྲོ་མོ་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུའོ། ། དེའི་བཟླས་པ་ནི་འདིའོ། ། ཨོཾ་ཏུ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ བཟླས་པར་བྱའོ། །
BO
དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལན་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ཤིང་ཉིན་ལན་གསུམ་མཚན་ལན་གསུམ་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། ། འཇམ་དཔལ་འདིའི་ཕན་ཡོན་ ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པ་དང་ངན་སོང་ལ་སོགས་པ་ཐམས་ཅད་འཇོམས་པའོ། ། འཇམ་དཔལ་མ་རུངས་པའི་དགྲ་དང་གདོན་དང་བགེགས་ལ་སོགས་པ་ཐམས་ཅད་འཇོམས་པར་འགྱུར་རོ། ། དྲག་པོའི་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ། ། ། ། འཇམ་དཔལ་ཕྲིན་ལས་སྣ་ཚོགས་པའི་ལས་ནི་འདིའོ། ། དུར་ཁྲོད་དམ་ཤིང་གཅིག་གམ་མཆོད་རྟེན་གྱི་མདུན་ནམ་ཆུ་བོ་ཆེན་པོའི་འགྲམ་དུ་ལས་བྱའོ། ། ཁང་པ་དེར་བའི་རྣམ་ལྔས་སྐྱོང་ནུལ་བྱ་སྟེ། དྲི་ཞིམ་པོས་བྱུགས་པའི་མཎྜལ་ལ་མེ་ཏོག་སིལ་མ་དགྲམ་པར་བྱའོ། ། ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ། སྦྲ་ཚིལ་ལས་བྱས་པའི་གཟུགས་ཀྱི་སྙིང་གར་དུར་ཁྲོད་ཀྱི་རས་ལ་སྔགས་བཅུ་པ་དང་གསལ་བའི་ཡི་གེ་གཉིས་དང་བཅས་པ་ལ་མིང་གི་ཡི་གེ་མཐའ་དང་བཅས་པ་བཅུག་སྟེ། མཎྜལ་གྱི་དབུས་སུ་གཞག་པར་བྱའོ། ། པོག་པོར་ དང་མེ་ཏོག་ལ་སོགས་པ་ཡང་གཞག་པར་བྱས་ནས།
BO
དེ་ནས་བསམ་གཏན་བསྒོམ་པ་ནི་ཏྃ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་སྐུ། ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་པའི་ལུས་སུ་བསྒོམ་པ་ནི། པདྨ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་ནག་པོ་ཤིན་ ཏུ་འཚེར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ་ཀ་ཤི་ཀའི་གོས་ཀྱིས་སྟོད་གཡོགས་བྱས་པ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་ཞལ་གཅིག་ཕྱག་ གཉིས་པ་མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་གཅིགས་པ་ཞལ་ཁྲོ་གཉེར་ཧཱུྃ་སྒྲ་དང་བཅས་པ་དབུ་སྐྲ་དམར་སེར་གྱེན་དུ་ཕྱོགས་པ་དབུ་ལ་ཟླ་བའི་སྟེང་ན་ཨ་མི་ཏཱ་བྷ་བཞུགས་པ། བསྐལ་པའི་མེ་དཔུང་དང་བཅས་པའི་འོད་ལས་འཇིགས་པ་བརྒྱད་ལས་བསྲུང་བའི་ལྷ་མོ་བརྒྱད་འཕྲོ་བ་ཕྱག་ གཡས་ན་གྲི་གུག་འཛིན་ཅིང་གཡོན་པ་སྡོང་བུ་དང་བཅས་པའི་ཨུཏྤ་ལའི་སྟེང་ན་མེ་ཏོག་གིས་བཀང་བའི་བྲམ་ཟེའི་ཐོད་པ་ཅན་འཛིན་པ་ཁྲོ་བོའི་ཚོགས་དང་བཅས་པ་བསྒོམ་པར་བྱའོ། ། སྔགས་ནི་འདི་བཟླས་པར་བྱའོ། ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །
BO
དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལན་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བཏབ་ནས་འགྲུབ་པར་འགྱུར་རོ། ། འཇམ་དཔལ་འདིའི་ཕན་ཡོན་ནི་ཕྲིན་ལས་བཞི་འགྲུབ་པར་འགྱུར་རོ། ། འཇིགས་པ་ལས་བསྲུང་བར་འགྱུར་ རོ། ། ཕྲིན་ལས་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་ཡང་བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ནི་རིགས་ལྔའི་བདག་ཉིད་ཀྱི་ཡུམ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྡོ་རྗེ་ རིགས་ཀྱི་ཡུམ་ནི་ཞལ་བཞི་མ་ཕྱག་བརྒྱད་མ་དུང་གི་མདོག་ཅན་གཞོན་ནུ་ལང་ཚོ་ལ་བབ་པ། ཞལ་དཀར་བ་དང་གནག་པ་དང་དམར་བ་དང་སེར་པོའི་ཞལ་བཞིའོ། ། རིགས་ལྔས་དབུ་ལ་མཚན་པ་སྤྱན་གསུམ་པའོ། ། ཕྱག་བརྒྱད་ནི་རྡོ་རྗེ་དང་མདའ་དང་མདུང་ཐུང་ དང་ཐ་མ་ལ་མཆོག་སྦྱིན་གྱི་ཕྱག་རྒྱའོ། ། ཨུཏྤ་ལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་སྡིགས་མཛུབ་ནི་གཡོན་པའི་ཕྱག་རྒྱའོ། ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། ། འཇམ་དཔལ་དེའི་སྔགས་ནི་འདིའོ། ། ན་མོ་རཏྣ་ཏྲ་ ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། ཨ་ཀྵོ་བྷྱཿ བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ།
BO
ཨཪྷ་ཏེ་བྷྱཿ སཾ་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། པོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་བརྗོད་པས་ རྡོ་རྗེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་མར་མེ་དང་དྲི་ཆབ་དང་བཤོས་གཙང་གིས་མཆོད་དོ། ། འཇམ་དཔལ་དེའི་ལས་ནི་འདིའོ། ། སྤྲ་ཚིལ་ལས་གང་ལ་བྱ་བའི་གཟུགས་བྱས་ཏེ། སྐྲོད་པའི་རྫས་ནི་བྱ་རོག་དང་ཧུ་ལུའི་ཤ་མིང་དང་བཅས་ པའི་སྙིང་གར་བཅུག་ནས་སྔགས་འདི་བརྗོད་པར་བྱའོ། ། ཨོཾ་ཨ་མུ་ཀཾ་མེ་བ་ཤམ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ནས་རླུང་གི་ཕྱོགས་སུ་སྤས་ན་འཇམ་དཔལ་འཐབ་ཅིང་འབྱེར་བར་འགྱུར་ཏེ་གཞན་དུ་འབྲོས་པར་འགྱུར་རོ། ། རྡོ་རྗེ་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་གཉིས་ པའོ། ། ། ། འཇམ་དཔལ་པདྨའི་རིགས་ཀྱི་ཡུམ་ནི་ཞལ་བཞི་པ་ཕྱག་བརྒྱད་པ། རྩ་བའི་ཞལ་ནི་དམར་མོ་བནྡུ་ཀའི་མེ་ཏོག་གི་མདོག་ཅན་གྱི་སྐུ་གཞོན་ནུ་ལང་ཚོ་ལ་བབ་པ་གཡས་ཞལ་དཀར་པོ། གཡོན་ཞལ་ནག་པོ་རྒྱབ་ཞལ་སེར་པོ་རིགས་བཞིས་དབུ་ ལ་མཚན་པ་སྤྱན་གསུམ་པའོ། ། ཕྱག་བརྒྱད་ན་པདྨ་དང་མདའ་དང་མདུང་དང་ཐ་མ་མཆོག་སྦྱིན་གྱི་ཕྱག་རྒྱའོ། །
BO
ཨུཏྤ་ལ་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་སྡིགས་མཛུབ་ནི་གཡོན་པའི་ཕྱག་རྒྱའོ། ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་ སྐུའི་རང་བཞིན་ཅན་ནོ། ། འཇམ་དཔལ་དེའི་སྔགས་ནི་འདིའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། ཨ་མི་ཏ་བྷ་དེ་བ་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་བྷྱཿ སཾ་མྱཀི་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བརྗོད་པས་པདྨའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་ཆབ་དང་ཞལ་ཟས་ཀྱིས་མཆོད་དོ། ། འཇམ་དཔལ་དེའི་ལས་ནི་འདིའོ། ། དྷ་དུ་ར་དང་ནིམ་པ་དང་མྱ་ངན་འཚང་ གིས་མེ་ཏོག་བཏགས་ཏེ་ཕྱེ་མ་སྦྲང་རྩི་དང་ལྡེ་གུ་བྱས་ནས་སྔགས་འདི་བརྗོད་པར་བྱའོ། ། ཨོཾ་ཨ་མུ་ཀ་ཨ་མི་ཏ་ནཾ་ཀུ་མཱ་རི་མ་ཧཱ་མུ་རི་དྲ་བ་ཏེ་ན་ད་སྱ་པི་ཏ་བ་ཡཙྪ་ཏུ་ཧཱུྃ་ཧྲཱིཿ། ཞེས་བརྗོད་ནས་ལུས་ལ་བྱུགས་ན་རང་དབང་མེད་པར་ཁུགས་པར་འགྱུར་རོ། ། པདྨ་རིགས་ཀྱི་ཡུམ་ གྱི་ལེའུ་སྟེ་བཅུ་གསུམ་པའོ། ། ། །
BO
འཇམ་དཔལ་དེ་བཞིན་གཤེགས་པའི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ་སེར་མོ་གསེར་བསྲེགས་པ་ལྟ་བུའི་སྐུ་གཞོན་ནུ་ལང་ཚོ་ལ་བབ་པ། རྩ་བའི་ཞལ་སེར་པོ་གཡས་དཀར་བ་གཡོན་དམར་བ་རྒྱབ་ཀྱི་ཞལ་གནག་པ་རིགས་ བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ། ། ཕྱག་བརྒྱད་ན་འཁོར་ལོ་དང་མདའ་དང་མདུང་དང་ཐ་མ་མཆོག་སྦྱིན་མཛད་པའོ། ། ཨུཏྤ་ལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་སྡིགས་མཛུབ་དང་བཅས་པ་གཡོན་ན་འཛིན་པའོ། ། རྡོ་རྗེ་སྐྱིལ་མོ་ ཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། ། འཇམ་དཔལ་དེའི་སྔགས་ནི་འདིའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་བྷྱཿ སཾ་མྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ སྭཱ་ཧཱ། ཞེས་བརྗོད་པས་ནི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱིས་མཆོད་པའི་མེ་ཏོག་དང་མར་མེ་དང་བདུག་པ་དང་དྲི་ལ་སོགས་པས་མཆོད་དོ། ། འཇམ་དཔལ་དེའི་ལས་ནི་འདིའོ། ། ཐལ་ཆེན་དང་ས་ཞག་ལ་གཟུགས་བྱ་སྟེ་སྙིང་གར་གསལ་ བྱེད་གཉིས་ཀྱི་ཡི་གེའི་མཐའ་ཅན་བཅུག་ལ་སྔགས་འདི་བརྗོད་པར་བྱའོ། ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ།
BO
སྟཾ་བྷ་ཡ་སྟཾ་བྷ་ཡ། ཛཾ་བྷ་ཡ་ཛཾ་བྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ལྃ་ལྃ་ལྃ་ལྃ་ལྃ། ཞེས་བརྗོད་ནས་ལམ་རྒྱ་གྲམ་དུ་སྦ་བར་བྱའོ། ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་བཞི་པའོ། ། ། ། འཇམ་དཔལ་རིན་པོ་ཆེའི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ་རྩ་བའི་ཞལ་ནི་མཐིང་ག་གཞོན་ནུ་ལང་ཚོ་ལ་བབ་པ་མཐིང་གའི་སྐུ་ཞལ་གཡས་དཀར་བ་གཡོན་དམར་བ་རྒྱབ་ཞལ་སེར་བ་རིགས་བཞིས་དབུ་ ལ་མཚན་པ་སྤྱན་གསུམ་པའོ། ། ཕྱག་བརྒྱད་ནི་རིན་པོ་ཆེ་དང་མདའ་དང་མདུང་དང་ཐ་མ་མཆོག་སྦྱིན་མཛད་པའོ། ། ཨུཏྤལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་སྡིགས་མཛུབ་གཡོན་པ་ན་འཛིན་པའོ། ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། ། ༄༅། ། འཇམ་དཔལ་དེའི་སྔགས་ནི་འདིའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སྭཱ་ག་རཱ་ཡ་སཾ་བྷ་བ་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་བྷྱཿ སཾ་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
BO
ཞེས་བརྗོད་པས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་ཆབ་ཀྱིས་མཆོད་དོ། ། འཇམ་དཔལ་དེའི་ལས་ནི་འདིའོ། ། སྟག་མའི་རྩ་བ་རུལ་བ་དང་རྙིང་པ་ལས་སྐྱེས་པའི་སྲིན་བུ་དང་ས་བོན་ གཉིས་སུ་བསྲེས་པ་ཁམ་པའི་ག་འུར་བཅུག་སྟེ་སྔགས་འདི་བརྗོད་པར་བྱའོ། ། ཨོཾ་ཨ་མུ་ཀ་ཨི་བི་ཊཱ་ནཾ། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ་ཨ་མུ་ཀི་མ་ཡེ་བ་སེ་ཏྲཾ་ས་བན་ཀ་ཐ་ཧཱུྃ་ཧྲཱིཿ། ཞེས་བཟླས་ཏེ་མ་ལ་འོག་ཏུ་སྦས་ན་ཡོན་ཏན་ཤེས་ཤིང་མི་ཕྱེད་པར་འགྱུར་རོ། ། རིན་པོ་ཆེའི་ རིགས་ཀྱི་ཡུམ་གྱི་ལེའུ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། ། འཇམ་དཔལ་ལས་ཀྱི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ་རྩ་བའི་ཞལ་ནི་ལྗང་གུ་གཞོན་ནུ་ལང་ཚོ་ལ་བབ་པ་གཡས་དཀར་བ་གཡོན་དམར་བ་རྒྱབ་ཞལ་ལྗང་གུ་རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ། ། ཕྱག་བརྒྱད་ལ་རལ་གྲི་དང་མདའ་དང་མདུང་དང་ཐ་མ་མཆོག་སྦྱིན་མཛད་པའོ། ། ཨུཏྤལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་སྡིགས་མཛུབ་ནི་གཡོན་ན་འཛིན་པའོ། ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། ། འཇམ་ དཔལ་དེའི་སྔགས་ནི་འདིའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ།
BO
ནམ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཨ་མོ་གྷ་སིདྡྷི་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་བྷྱཿ སཾ་མྱཀ་སཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏུ་ རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་བརྗོད་པས་ལས་ཀྱི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་ཆབ་ཀྱིས་མཆོད་དོ། ། འཇམ་དཔལ་དེའི་ལས་ནི་ཕྲག་དོག་མེད་པར་མོ་ཐམས་ཅད་འགུགས་པ་ནི་ཕུག་རོན་གྱི་མིག་དང་ལྕེ་དང་སྙིང་དང་གོ་རོ་ཙན་དང་དངུལ་རྡོ་དང་དེ་ རྣམས་ནིམ་པས་རིལ་བུ་བྱས་ཏེ་འདི་བརྗོད་པར་བྱའོ། ། ཙ་ལ་པྲ་ཙ་ལ་ཤཱི་གྷྲཱཾ་ག་མི་དེ་བ་དངྟ་ཨུ་ཙ་ཏཱ་ཡ་ཨ་མུ་ཀཾ་བ་སཱ་ནཱཾ་མུག་ཏཾ་ཀུ་རུ་ན་ཡིན་མ་ཧཱ་རི་ཧད་ཏེ་ཧྲཱིཿསྭཱ་ཧཱ། ཞེས་བཟླས་ཏེ་བྱུགས་ན་མོ་ཐམས་ཅད་ཁུགས་པར་འགྱུར་དབང་དུ་འགྱུར་ཏེ་ཕྲག་དོག་མེད་པར་འགྱུར་ རོ། ། ལས་ཀྱི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་དྲུག་པའོ། ། ། ། དེ་ལྟར་ལས་ཀྱི་བྱེ་བྲག་བསྟན་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ལས་རྣམས་ཐམས་ཅད་ཀུན་རྫོགས་པར་བྱེད་པ་སྦྱིན་སྲེག་ཇི་ལྟར་ནན་ཏན་དུ་བྱ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ།
BO
འཇམ་དཔལ་འདི་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་སོ་སོའི་ལས་བསྒྲུབ་པའི་ཕྱིར་སྦྱིན་སྲེག་བྱའོ། ། དེ་ལ་དང་པོ་ཞི་བའི་ལས་བྱ་བ་ནི་ཚེས་གསུམ་པའི་ཟླ་བ་ལ་ཁ་དོག་དང་མཐུན་པའི་ཁང་བུ་བྱ་སྟེ་རྡོ་རྗེ་དཀར་པོ་དགོད་པར་བྱའོ། ། བུད་ཤིང་ནི་ཙནྡན་ དཀར་པོའི་ཤིང་ལ་སོགས་པ་ལ་བྱའོ། ། དེ་ལ་མེ་སྦར་ཏེ་སྐུ་གཟུགས་མདུན་དུ་བཞག་སྟེ་འབྲས་དང་ཁྲེ་དང་ཅི་ཙེ་དང་ཏིལ་དཀར་པོ་ལ་སྔགས་གདབ་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལན་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་མེའི་ནང་དུ་དོར་བར་བྱའོ། ། ཞོ་ དང་འོ་མ་ལ་སྔགས་བཏབ་སྟེ་ཤཱནྟིཾ་ཀུ་རུ་དང་བཅས་པས་དབུལ་བར་བྱའོ། ། འོ་མ་ཅན་གྱི་ཤིང་དང་མར་དཀར་པོ་ལ་ནི་སརྦ་པཱ་བཾ་དང་བཅས་པས་ཕུལ་ཏེ་བསྟོད་པ་བྱའོ། ། འཇམ་དཔལ་མེ་ཏོག་དཀར་པོ་དང་བཅས་པའི་མེའི་ཁང་པར་ཙནྡན་ལ་སོགས་པའི་དྲི་ཞིམ་པོའི་ ཤིང་ལ་མེ་སྦར་ཏེ། སྐུ་གཟུགས་མདུན་དུ་བཞག་ལ་ཆུ་དང་ཡུངས་ཀར་ལ་སྔགས་བཏབ་ལ་མེར་གཏོར་བའི་སྔགས་ནི། ། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་སརྦ་བཱ་བཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་ཆུ་ཁྱོར་བ་བརྒྱ་ རྩ་བརྒྱད་དབུལ་བར་བྱའོ། །
BO
འཇམ་དཔལ་དེའི་ཕན་ཡོན་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཞི་བར་འགྱུར་རོ། ། ནད་འགོ་བ་དང་གདོན་ལ་སོགས་པ་ཐམས་ཅད་ཀྱང་ཞི་བར་འགྱུར་རོ། ། སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། ། འཇམ་དཔལ་བའི་ རྣམ་པ་ལྔས་བྱུག་པས་བྱུགས་ཏེ། མེའི་ཁང་བུ་དྲི་དང་ལྡན་པའི་ཁང་པར་སྤྲ་ཚིལ་ལས་གཟུགས་བྱས་པ་དང་བཅས་པ་སྔགས་འདིས་བསྲེག་གོ། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བས་བསྲེགས་ན་དབང་དུ་འགྱུར་ཞིང་ཚར་གཅད་པར་ཡང་ འགྱུར་རོ། ། སྦྱིན་སྲེག་གི་ལེའུ་སྟེ་བཅུ་བདུན་པའོ། ། ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་འཁོར་ལོའི་རིམ་པ་བཀའ་སྩལ་ཏོ། ། འཁོར་ལོ་ལིང་ཚེ་དགུ་པ་ལ་ཨོཾ་དད་ཧཱ་གཉིས་ཀྱི་དབུས་སུ་ ཆེ་གེ་མོ་དང་བཅས་པ་བྲི། རཀྵཿརཀྵཿཞེས་པ་ནི་བསྲུང་བའོ། ། ཕྱོགས་མཚམས་སུ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བ་བྲིས་ཏེ་ཀུན་ལ་སྭཱ་ཧཱའི་བར་དུ་བཅུག་པ་གྲོ་ག་ལ་གུར་གུམ་གྱིས་བྲིས་ནས་དཔུང་བ་ལ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། ། ཞི་བའི་བསྲུང་བའི་འཁོར་ལོའི་ལེའུ་སྟེ་{བཅྭ་,བཅོ་}བརྒྱད་པའོ། ། ། ། དེ་ནས་དབང་གི་བསྲུང་བ་ནི།
BO
འཁོར་ལོ་ལིང་ཚེ་དགུ་པ་ལ་ཨོཾ་དང་ཧཱ་གཉིས་ཀྱི་དབུས་སུ་ནི་ཆེ་གེ་མོ་དང་བཅས་པ་བྲི། རཀྵཿརཀྵ་ཞེས་པ་ནི་བསྲུང་བའོ། ། ཕྱོགས་མཚམས་སུ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ བྱ་བ་བྲི་སྟེ་ཀུན་ལ་མུ་དང་མུའི་བར་དུ་ས་བོན་ནོ། ། དེ་གྲོག་དམར་པོ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ་ལྟེ་བར་མི་མངོན་པར་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་ཞིང་དབང་དུ་སྡུད་དོ། ། དབང་གི་བསྲུང་བའི་འཁོར་ལོའི་ལེའུ་སྟེ་བཅུ་དགུ་པའོ། ། ། ། དེ་ནས་རྒྱས་པའི་བསྲུང་ བ་ནི་འཁོར་ལོ་རྩིབས་བརྒྱད་པ་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བརྒྱད་པོ་དགོད་པར་བྱའོ། ། དབུས་སུ་སྭཱ་ཧཱའི་མཐའ་ཅན་གྱི་མིང་རཀྵཿརགྵཿདང་བཅས་པ་གྲོག་ལ་གུར་གུམ་གྱིས་བྲིས་པ་དཔུང་པའམ། མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། ། རྒྱས་པའི་བསྲུང་ བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་པའོ། ། ། ། དེ་ནས་བར་ཆད་ཐམས་ཅད་བསྲུང་བའི་འཁོར་ལོ་ནི་མུ་ཁྱུད་གསུམ་ལ་ཐ་མ་ལིང་ཚེ་བརྒྱད་པའོ། ། དབུས་སུ་མིང་གི་མཐའ་ཅན་གྱི་སྭཱ་ཧཱ་རཀྵཿདང་བཅས་པའོ། ། མུ་ཁྱུད་ནང་མ་ལ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཞེས་བྱ་བ་དགོད་པར་ བྱའོ། ། ལིང་ཚེ་བརྒྱད་པ་ཕྱི་མ་ལ་ནི།
BO
ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཞེས་བྱ་བའི་ཡིག་འབྲུ་རྣམས་ཨུ་དང་ཨུའི་བར་དུ་བཅུག་པ་བཀོད་ལ་གྲོ་ག་འམ་ཤིང་ཤུན་ལ་གུར་གུམ་གྱིས་བྲིས་ཏེ་སྤྱི་བོའམ་མཆན་ཁུང་དུ་མིས་མི་མཐོང་བར་བཏགས་ན་གནོད་པ་ཐམས་ཅད་ལས་ཐར་རོ། ། སྔགས་ནི་ ཅི་མང་དུ་གྲངས་དང་ལྡན་པར་བཟླས་སོ། ། ཤིན་ཏུ་རྒྱས་པའི་བསྲུང་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། ། ། དེ་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་པའི་འཁོར་ལོ་ནི་གྲོག་འམ་རས་ལ་ལིང་ཚེ་དགུ་པའི་འཁོར་ལོ་ཙནྡན་དཀར་པོའི་ཆུས་བྲིས་ཏེ་སྔགས་དགོད་བ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨོཾ་རྀ་རཱྀ་ལྀ་ལཱྀ་ཨཾ་ཨཿཞེས་བྱ་བ་ཕྱིའི་མུ་ཁྱུད་ལའོ། ། ནང་གི་མུ་ཁྱུད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་དང་ཧཱའི་བར་དུ་རཀྵཿ ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས་པ་ནི་སྟེང་གི་འཁོར་ལོའོ། ། འོག་གི་འཁོར་ལོ་ནི་སྔགས་བཟློག་པས་སོ། ། ཕྱིའི་དབྱངས་ ཡིག་ཀྱང་བཟློག་པར་ཤེས་པར་བྱའོ། ། དབུས་སུ་ནི་ཨོཾ་དང་ཧཱའི་བར་དུ་རཀྵཿཤཱནྟིཾ་ཀུ་རུ་བྲི་བར་བྱའོ། ། ཞི་བ་ཆེན་པོའི་འཁྲུལ་འཁོར་གྱི་བསྲུང་བ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའོ། ། ། །
BO
དེ་ནས་ཕྲིན་ལས་བཞིའི་ལས་སོ་སོའི་འཁོར་ལོ་ནི་ཞི་བ་ནི་ཁམ་པ་ལ་གའུ་ཁ་སྦྱོར་བྱ་སྟེ་ མེར་བསྲེགས་ལ་ཁ་དོག་དཀར་པོས་བྱུག་པར་བྱའོ། ། དེའི་ནང་དུ་འཁོར་ལོ་ལིང་ཚེ་དགུ་པ་བྲིས་ཏེ་སྔགས་དགོད་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཞེས་བྱ་བ་རེའུ་མིག་བརྒྱད་ལའོ། ། རུ་རུ་ཨོཾ་རུ་རུ། རུ་རུ་ཏཱ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུ་ཏ་རུ་རུ། རུ་རུ་ཏཱ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ ཏུ་རུ་རུ། རུ་རུ་རེ་རུ་རུ། ཞེས་བྲིའོ། ། དབུས་སུ་ནི་ཀུ་རུ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བྲིས་ཏེ་ག་འུར་སྦྱར་ཏེ་དབུས་སུ་སྲད་པུ་དཀར་པོ་དང་ལྡན་པའི་གའུ་མཎྜལ་ཐོག་ཏུ་བཞག་ལ། མེ་ཏོག་དཀར་པོས་མཆོད་ཅིང་མཆོད་པ་རྣམ་པ་ལྔ་ཡང་དབུལ་ཏེ་དུས་གསུམ་དུ་མཆོད་ན་ཞི་བར་འགྱུར་རོ། ། ཞི་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། ། ། ། དེ་ནས་ཞི་བ་ཆེན་པོའི་ལས་བྱ་བ་ནི་ཁམ་པ་ལ་གའུ་ཁ་སྦྱོར་བྱ་སྟེ་ཙནྡན་དཀར་པོས་སྣག་ཚ་བྱས་ལ་འཁོར་ལོ་ཕྱི་ནང་དང་ལྡན་པའི་ལིང་ཚེ་དགུ་པ་བྲི་བར་བྱའོ། ། སྔགས་དགོད་པ་ནི་སྭཱ་ཤཱནྟིཾ་ཀུ་རུ་ཧཱ་ཞེས་བྱ་བ་དབུས་སུ་བྲིའོ། ། མུ་ཁྱུད་ནང་མ་ལ་ནི་ཨ་ཨ་ཞེས་བྱ་བ་བརྒྱད་དགོད་པར་བྱའོ། །
BO
མུ་ཁྱུད་ཕྱི་མ་ལ་ནི་ཨ་ཨོཾ་ཨ་ཨ་ཏཱ་ཨ་ཨ་རེ་ཨ། ཨ་ཏུཏ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ། ཞེས་བྱ་བ་བྲི་བར་བྱའོ། ། གའུ་མེ་ཏོག་གི་ཕྲེང་བ་བཅིངས་ཏེ་མཎྜལ་གྱི་ སྟེང་དུ་བཞག་ནས་དུས་བཞིར་མཆོད་ཅིང་ཞག་བདུན་དུ་སྔགས་མ་ནོར་བར་བཟླས་ན་ཞི་བ་ཆེན་པོར་འགྲུབ་པར་འགྱུར་རོ། ། ཞི་བ་ཆེན་པོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། ། ། ། དེ་ནས་རྒྱས་པའི་ལས་བྱ་བ་ནི་གུར་གུམ་མམ་གི་ཝང་གིས་གྲོ་ག་ལ་འཁོར་ལོ་ཕྱི་ནང་དང་ལྡན་པའི་ ལིང་ཚེ་དགུ་པ་བྲི་སྟེ། དབུས་སུ་སརྦྦ་པུཥྚིཾ་ཀུ་རུ། ཨོཾ་ཨ་ཞེས་བྱ་བ་དགོད་པར་བྱའོ། ། ལིང་ཚེ་ནང་མ་བརྒྱད་ལ་ཨོཾ་བརྒྱད་བྲི་བར་བྱའོ། ། ལིང་ཚེ་ཕྱི་མ་བརྒྱད་ལ། ཨོཾ་ཨོཾ་ཨོཾ། ཨོཾ་ཏཱ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུཏ་ཨོཾ། ཨོཾ་ཏཱ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུ་ཨོཾ། ཨོཾ་ རེ་ཨོཾ། ཞེས་བྱ་བ་བྲིས་ནས་ཁམ་པའི་གའུར་བཅུག་སྟེ་མེ་ཏོག་སེར་པོ་ནཱ་ག་པུཥྤའི་མེ་ཏོག་དང་མཆོད་པ་ལྔ་དུས་བཞིར་ཟླ་བ་རྒྱས་ནས་བཟུང་ནས་ཞག་བདུན་དུ་མཆོད་ན་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་འགྲུབ་བོ། ། རྒྱས་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། ། ། ། དེ་ནས་དབང་དུ་བསྡུ་བར་འདོད་ན།
BO
ཀཎྜ་ཀ་རིའི་ཤུན་པ་དང་སེང་ལྡེང་གི་ཤུན་པ་དང་མཛོ་མོ་ཤིང་གི་ཤུན་པ་བཀུས་པའི་ཁུ་བས་བསེ་གབ་བམ་གའུ་ལ་འཁོར་ལོ་བྲི་བ་ནི་ལིང་ཚེ་དགུ་པའོ། ། སྔགས་དགོད་པ་ནི་དབུས་སུ་ཨ་སྭཱ་ཙ་ཨ་མོ་གྷ་ཨཱ་ཧྲཱིཿཧ། ཞེས་བྲི་བར་བྱའོ། ། ལིང་ ཚེ་བརྒྱད་ལ་ནི། ཨ་ཨོཾ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུཏ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ། ཞེས་བྲིས་ནས་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཅུག་ལ་སྐུད་པ་སྔོན་པོས་བཀྲིས་ཏེ་མེ་ཏོག་དམར་པོ་དང་མཆོད་པ་ལྔས་དུས་བཞིར་ཟླ་བ་ཁམ་པའི་དུས་སུ་མཆོད་ ན་ཐམས་ཅད་དབང་དུ་འདུའོ། ། དབང་དྲག་གི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། ། ། ། དེ་ནས་དབང་དུ་འདུ་བར་བྱེད་པ་ནི། སྲིན་ལག་གི་ཁྲག་དང་རྒྱ་སྐྱེགས་ཀྱི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བ་དང་ཀན་ཀའི་ཁུ་བ་རྣམས་ཀྱིས་བྲིས་ཏེ། དུར་ཁྲོད་ཀྱི་རས་སམ་མི་ཤི་བའི་གོས་ལ་ འཁོར་ལོ་ལིང་ཚེ་དགུ་པ་བྲིའོ། ། དབུས་སུ་ཨ་མོ་གྷ་ཧྲཱིཿཧ་ཞེས་བྲིའོ། ། རྩིབས་བརྒྱད་ལ་ཨོཾ་དེ་ཨོཾ། ཏཱ་བ་ཏཱ། རེ་དཏ་རེ། ཏུཏྟཱ་ཏུཏ། ཏཱ་ཨ་ཏཱ། རེ་མོ་རེ། ཏུ་གྷ་ཏུ།
BO
རེ་ཧྲིཿཞེས་བྱ་བ་བྲིས་ཏེ་གའུར་སྲིན་མགོ་དམར་པོ་དང་འཁོར་ལོ་ཕྲལ་ནས་གཙང་པོ་ཕར་ འགྲམ་ཚུར་འགྲམ་དུ་སྦས་ན་དབྱེ་ཞིང་དབང་དུ་འགྱུར་རོ། ། དབྱེ་ཞིང་དབང་དུ་བསྡུ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། ། ། ། དེ་ནས་བསྐྲད་པར་འདོད་ན་ར་དུག་པ་དང་ཁྲག་དང་ར་མས་རྣམས་སྦྱར་ནས། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་གཉིས་བྲིས་ཏེ་ལིང་ཚེ་ དགུ་པའི་དབུས་སུ་ཧས་ཨུ་ཙ་ཧ་ཧ་ཧ། བྲི་བར་བྱའོ། ། ལིང་ཚེ་བརྒྱད་ལ་ཧ་ཨོཾ་ཧ། ཧ་ཏཱ་ཧ། ཧ་རེ་ཧ། ཧ་ཏུཏ་ཧ། ཧ་ཏཱ་ཧ། ཧ་རེ་ཧ། ཧ་ཏུ་ཧ། ཧ་རེ་ཧ། ཞེས་བྲིས་ཏེ་ཁ་སྦྱར་ཀ་པཱ་ལར་བཅུག་སྟེ་སྐུད་པ་སྔོན་པོས་བཅིངས་ཏེ་དུར་ཁྲོད་དུ་སྦས་ན་བསྐྲད་པར་འགྱུར་རོ། ། བསྐྲད་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ། ། ། ། དེ་ནས་དབྱེ་བའི་འཁོར་ལོ་ནི། དུར་ཁྲོད་ཀྱི་སོལ་བ་དང་བྱ་རོག་དང་འུག་པའི་ཁྲག་དང་དུག་རྣམས་མཉམ་པར་བསྲེས་པའི་སྣག་ཚས་འཁོར་ལོ་ཕྱི་ནང་བཅས་པའི་ལིང་ཚེ་དགུ་པ་བྲིས་ཏེ་དབུས་སུ་ཕཊ་སྭཱ་དེ་བ་ད་ཏ་ ཏ་ཧཱ་ཕཊ་ཞེས་བྱ་བ་བྲིའོ། ། ལིང་ཚེ་ནང་མ་བརྒྱད་ལ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཞེས་བྱ་བ་བྲིའོ། ། ལིང་ཚེ་ཕྱི་མ་བརྒྱད་ལ་ཕཊ་ཨོཾ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ།
BO
ཕཊ་ཏུཏ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུ་ཕཊ། ཕཊ་རེ་ཕཊ་ཞེས་བྱ་བ་བྲི་སྟེ། བྱ་རོག་དང་འུག་པའི་སྒོ་ངར་བཅུག་སྟེ་བྲག་དང་ཆུ་འཐབ་སར་སྒོ་ང་སྦས་ན་འབྱེ་བར་འགྱུར་རོ། ། དབྱེ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། ། ། ། དེ་ནས་གསད་པའི་འཁོར་ལོ་ནི། དུག་དང་ཁྲག་དང་སྐེ་ཚེ་རྣམས་མཉམ་པར་སྦྱར་བས་ལིང་ཚེ་དགུ་པའི་འཁོར་ལོ་ཕྱི་ནང་དང་ བཅས་པ་བྲིས་ཏེ། དབུས་སུ་ཧཱུྃ་སྭཱ་མཱ་ར་ཡ་ཧཱ་ཕཊ་ཞེས་བྱ་བ་བྲིའོ། ། ལིང་ཚེ་ནང་མ་ལ་ཧཱུྃ་ཕཊ་ཧཱུྃ། ཕཊ་ཧཱུྃ་ཕཊ། ཧཱུྃ་ཕཊ་ཧཱུྃ། ཕཊ་ཧཱུྃ་ཕཊ། ཧཱུྃ་ཕཊ་ཧཱུྃ། ཕཊ་ཧཱུྃ་ཕཊ། ཧཱུྃ་ཕཊ་ཧཱུྃ། ཕཊ་ཧཱུྃ་ཕཊ། ཞེས་བྱ་བ་བྲིའོ། ། ལིང་ཚེ་ཕྱི་མ་ལ་ཧཱུྃ་ཨོཾ་ཕཊ། ཧཱུྃ་ཏཱ་ཕཊ། ཧཱུྃ་རེ་ཕཊ། ཧཱུྃ་ཏུཏ་ ཕཊ། ཧཱུྃ་ཏཱ་ཕཊ། ཧཱུྃ་རེ་ཕཊ། ཧཱུྃ་ཏུ་ཕཊ། ཧཱུྃ་རེ་ཕཊ། ཞེས་བྱ་བ་བྲིས་ཏེ། རབས་ཆད་ཕོ་མོའི་ཐོད་པ་ལ་བྲིས་ཏེ་སྔགས་མང་དུ་བཟླས་ནས་དུར་ཁྲོད་དུ་སྦས་ན་འཆི་བར་འགྱུར་རོ། ། གསད་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་པའོ། ། ། ། དེ་ནས་མྱོས་པའི་འཁོར་ ལོ་ནི་ད་དུ་རའི་ཆུས་རས་སམ་ཤོ་གུ་ལ་ལིང་ཚེ་དགུ་པ་ཕྱི་ནང་དུ་བཅས་པ་བྲིས་ཏེ། དབུས་སུ་ཧ་ཧ་དེ་བ་ད་ཏ་ཏ་ཧ་ཧ། ཞེས་བྲིའོ། །
BO
ལིང་ཚེ་ནང་མ་ལ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ། ཞེས་བྲི་བར་བྱའོ། ། ཕྱི་མ་བརྒྱད་ལ། ཧྷ་ཨོཾ་ཧྷ། ཧྷ་ཏཱ་ཧྷ། ཧྷ་རེ་ཧྷ། ཧྷ་ཏུ་ཏ་ཧྷ། ཧྷ་ཏཱ་ཧྷ། ཧྷ་རེ་ཧྷ། ཧྷ་ཏུ་ཧྷ། ཧྷ་རེ་ཧྷ། ཞེས་བྱ་བ་བྲིས་ཏེ། རྩྭའི་ག་འུར་བཅུག་ནས་བཟླས་པ་ཅི་ནས་ཀྱང་མྱུར་བར་བྱ་སྟེ། ལམ་རྒྱ་གྲམ་དུ་སྦས་ཏེ་ད་དུ་ར་སྤུངས་ན་མྱོས་པར་འགྱུར་རོ། ། གསོ་ན་མར་སྦྲང་རྩི་བའི་འོ་མས་ལིང་ག་བཀྲུས་ན་འཚོ་བར་འགྱུར་རོ། ། མྱོས་བྱེད་ཀྱི་འཁོར་ལོའི་ལེའུ་ སྟེ་སུམ་ཅུ་རྩ་གཅིག་པའོ། ། ། ། དེ་ནས་མནན་པའི་འཁོར་ལོ་ནི་གཡམ་པ་ལ་ལིང་ཚེ་དགུ་པའི་འཁོར་ལོ་བྲིས་ཏེ། ཡུང་བའི་ཆུས་ལིང་ཚེ་དགུ་པའི་དབུས་སུ་ག་སྭ་སྟཾ་བྷ་ཡ། སྟཾ་བྷ་ཡ་བྷ་ཧ་ཞེས་བྱ་བ་བྲིའོ། ། ལིང་ཚེ་བརྒྱད་ལ། ག་ཨོཾ་ག ། ག་ཏཱ་ག ། ག་རེ་ག ། ག་ཏུཏ་ ག ། ག་ཏཱ་ག ། ག་རེ་ག ། ག་ཏུ་ག ། ག་རེ་ག ། ཞེས་བྱ་བ་བྲིས་ཏེ། འཁོར་ལོ་ཁ་སྦྱར་ནས་ལམ་རྒྱ་གྲམ་དུ་སྦས་ན་འགུལ་མི་ཤེས་པར་འགྱུར་རོ། ། མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ། ། ། ། དེ་ནས་མནན་པ་ཆེན་པོ་ནི་ཡུང་བའི་ཁུ་བས་སྣག་ཚ་ བྱས་ཏེ།
BO
ཁམ་པའི་གའུའི་ནང་དུ་ཕྱི་ནང་ལིང་ཚེ་དགུ་པའི་འཁོར་ལོ་བྲིས་ཏེ་སྔགས་དགོད་པ་ནི། དབུས་སུ་རྒ་སྭཱ་སྟཾ་བྷ་ཡ་སྟཾ་བྷ་ཡ་རྒ་ཧ་ཞེས་བྱ་བ་བྲིའོ། ། ནང་མ་ལ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཞེས་བྱ་བ་བརྒྱད་བྲིའོ། ། ཕྱི་རོལ་གྱི་ལིང་ཚེ་བརྒྱད་ལ་ནི། རྒ་ཨོཾ་རྒ། རྒ་ཏཱརྒ། རྒ་རེ་རྒ། རྒ་ཏུཏ་རྒ། རྟ་ཏཱ་རྒ། རྒ་རེ་རྒ། རྒ་ཏུ་རྒ། རྒ་རེ་རྒ། ཞེས་བྱ་བ་བྲིས་ཏེ། བསྒྲུབ་པ་འཕགས་མ་ལ་བྱས་ལ་དགྲ་གང་ནས་འོང་བའི་ཕྱོགས་སུ་སྦས་ན་བསྲུང་བར་འགྱུར་ཞིང་དགྲའི་སྒོར་སྦས་ན་མནན་པར་འགྱུར་རོ། ། དགྲ་མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་རྩ་ གསུམ་པའོ། ། ། ། དེ་ནས་རིག་སྔགས་ཀྱི་སྦྱོར་བ་གནོན་པར་བྱེད་པའི་འཁོར་ལོ་ནི་ཡུང་བའི་ཁུ་བས་གཡམ་པའམ། ལྷང་ཚེར་མ་གཉིས་གང་ཡང་རུང་བ་ལ་འཁོར་ལོ་བྲིས་ཏེ། ལིང་ཚེ་དགུ་པ་ཕྱི་ནང་དང་བཅས་པ་བྲིའོ། ། སྔགས་དགོད་པ་ནི། དབུས་སུ་ཝ་སྭཱ་སྟཾ་བྷ་ཡ་ སྟཾ་བྷ་ཡ་ཧཱ། འཁོར་ལོ་ནང་མ་ལ། ཝ་ཝ་ཝ་ཝ་ཝ་ཝ་ཝ་ཝ། ཞེས་བྱ་བ་བྲིའོ། ། ཕྱི་མ་ལ། ཝ་ཨོཾ་ཝ། ཝ་ཏཱ་ཝ། ཝ་རེ་ཝ། ཝ་ཏུཏ་ཝ། ཝ་ཏཱ་ཝ། ཝ་རེ་ཝ། ཝ་ཏུ་ཝ། ཝ་རེ་ཝ། ཞེས་བྱ་བ་བྲིས་ཏེ་ཕན་ཚུན་གཡས་གཡོན་དུ་འཁོར་ལོ་རེ་རེ་སྦས་ན་གནོན་ པར་འགྱུར་རོ། །
BO
རིག་སྔགས་ཀྱི་སྦྱོར་བ་གནོན་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ། ། ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་མེ་ཏོག་མན་དཱ་ར་བ་དང་པདྨ་དང་། ཀུ་མུ་ད་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་བཅོམ་ལྡན་འདས་ལ་ གཏོར་ཏོ། ། ལྷ་རྫས་ཀྱི་རོལ་མོའི་སྒྲ་དུ་མ་ཡང་བསྒྲགས་སོ། ། དེ་ནས་བཅོམ་ལྡན་འདས་ལ་གསོལ་པ། དམ་ཚིག་ཀྱང་གང་གིས་འགྲུབ་པར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོའི་དམ་ཚིག་སྡོམ་གནས་ཏེ། ། ལྷ་ཡི་ འཁོར་ལོ་དང་ལྡན་པས། ། སྲོག་ཆགས་དག་ནི་གསད་པ་སྤངས། ། མ་བྱིན་བླང་བར་མི་བྱ་ཞིང་། ། བུད་མེད་མི་བསྟེན་སྨད་མི་བྱ། ། {བརྫུན་,རྫུན་}ནི་རྣམ་པ་ཀུན་ཏུ་སྤང་། ། མྱོས་འགྱུར་དག་དང་ཤ་དག་དང་། ། རྐུ་ཞིང་རྣམ་པ་རྟག་ཏུ་སྤང་། ། མོ་རྣམས་ཐམས་ཅད་ ཀུན་ལ་ནི། ། ཆགས་པའི་སེམས་ནི་སྤང་བ་སྟེ། ། མ་བཞིན་དུ་ནི་ཀུན་ལ་ནི། ། ཕན་པའི་སེམས་ཀྱིས་ཀུན་ལ་བཀུར། ། དམ་ཚིག་སྡོམ་ལ་གནས་པ་ཡིས། ། ལས་རྣམས་ཀུན་ལ་མཐུ་ཡོད་འགྱུར། ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། དམ་ཚིག་ དང་སྡོམ་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ། ། ། །
BO
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། བཅོམ་ལྡན་འདས་མ་སྒྲོལ་མའི་རྒྱུད་ལས་སྣ་ཚོགས་བསྟན་པ་ཞེས་བྱ་བ་རྫོགས་སོ། ། ། ། རྒྱ་གར་ གྱི་མཁན་པོ་དྷརྨཱ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source