BO༄༅། ། རྒྱ་གར་སྐད་དུ། ཨཱརྱ་རཏྣཱ་ཀ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་ པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་གནས་བཅས་ན་ནག་པོའི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དབང་དང་ལྡན་པར་གྱུར་པ། མངོན་པར་ཤེས་པ་མངོན་པར་ཤེས་པའི་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ བརྒྱད་ཁྲི་བཞི་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ཐེག་པ་དཔག་ཏུ་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་གྲངས་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བསམ་གྱིས་མི་ཁྱབ་པ་ལ་ཡང་དག་པར་ཞུགས་པ། ཐེག་ པ་མཚུངས་པ་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་གཞལ་དུ་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བརྗོད་དུ་མེད་པ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་ པར་ཞུགས་པ།
BOའཇིག་རྟེན་གྱི་ཁམས་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ ཞུགས་པ། འཇིག་རྟེན་གྱི་ཁམས་མཚུངས་པ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་ཚད་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་གནོན་པ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་རང་གི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་བཤད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཁོར་འདི་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ པ། ཐེག་པ་དཔག་ཏུ་མ་མཆིས་པ་ལ་ཡང་དག་པར་ཞུགས་པ།
BOཐེག་པ་གྲངས་མ་མཆིས་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བསམ་གྱིས་མི་ཁྱབ་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་མཚུངས་པ་མ་མཆིས་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་གཞལ་དུ་མ་མཆིས་ པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བརྗོད་དུ་མ་མཆིས་པ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་པའི་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ། ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་གྲངས་མ་ མཆིས་པའི་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་མཚུངས་ པ་མ་མཆིས་པའི་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་གཞལ་དུ་མ་མཆིས་པའི་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ།
BOའཇིག་རྟེན་གྱི་ཁམས་ བརྗོད་དུ་མ་མཆིས་པའི་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ་ཤ་སྟག་མཆིས་པ་དེ་དག་བཅོམ་ལྡན་འདས་ལས་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པ་ཐོས་ན། འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་པའི་ སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པ་ལ་ཡང་དག་པར་འཇུག་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མ་མཆིས་པའི་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པ་ལ་ཡང་དག་པར་འཇུག་པ་དང་། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པ་ལ་ཡང་དག་པར་འཇུག་པ་དང་། འཇིག་རྟེན་གྱི་ཁམས་མཚུངས་པ་མ་མཆིས་པ་དང་། གཞལ་དུ་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པའི་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་ དག་པར་འཇུག་པའི་སླད་དུ་བརྩོན་འགྲུས་རྒྱ་ཆེར་རྩོམ་ཞིང་དེ་དག་གོ་ཆ་སྲ་བར་འགྱུར། གོ་ཆ་སྟོབས་དང་ལྡན་པར་འགྱུར། གོ་ཆ་རྡོ་རྗེ་ལྟ་བུར་འགྱུར། གོ་ཆ་མི་ཤིགས་པར་འགྱུར། གོ་ཆ་མི་ལྡོག་པར་འགྱུར། གོ་ཆ་མི་ཟློགས་པར་འགྱུར། ཡི་དམ་བརྟན་པར་འགྱུར། ཡི་ དམ་སྟོབས་དང་ལྡན་པར་འགྱུར།
BOཡི་དམ་མི་འཁྲུགས་པར་འགྱུར། ཡི་དམ་མི་ལྡོག་པར་འགྱུར། ཡི་དམ་མི་ཟློགས་པར་འགྱུར། སྟོབས་བསྐྱེད་པ་ཐོབ་པར་འགྱུར། བགྱིད་པ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་རབ་ཏུ་བསྟོད་པར་འགྱུར། དེ་དག་འཆི་ བའི་ཕྱོགས་སུ་མུན་པ་མ་མཆིས་པར་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་བླ་ན་མེད་པ་སྤྱོད་པ་ན་ཞུམ་པ་མ་མཆིས། རྒོད་པ་མ་མཆིས། སྒྱིད་ལུག་པ་མ་མཆིས། སེམས་ཅན་རྣམས་ཀྱི་བསམ་པ་ལ་འཇུག་པ་ལ་དེ་དག་གི་བྱང་ཆུབ་ཐོགས་པ་མ་མཆིས་པར་འགྱུར། སེམས་ཅན་ རྣམས་ཀྱི་བསམ་པའི་སྒྲུབ་པ་འཚལ་བས་འཐུན་པར་ཆོས་སྟོན་པར་འགྱུར། སེམས་ཅན་རྣམས་ཀྱི་གན་དུ་མཆི་བའི་དུས་འཚལ་པ་ལ་གནས་པར་འགྱུར། སེམས་ཅན་འདུལ་བའི་ཆོ་ག་ལ་མཁས་པར་འགྱུར། སངས་རྒྱས་ཀྱི་ཐེག་པ་པ་ལ་སེམས་ཅན་རྣམས་འཛུད་པའི་ཐབས་ ལ་མཁས་པར་འགྱུར། བརྗོད་པ་ཐམས་ཅད་ལ་མ་ཆགས་པར་འགྱུར། མདོར་བསྡུས་པ་དང་རྒྱས་པ་ལ་མཁས་པས་ཉེ་བ་དང་། རིང་བར་འདུ་ཤེས་པ་མ་མཆིས་པར་འགྱུར་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་ གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇམ་དཔལ་ལེགས་སོ་ལེགས་སོ། ། ཁྱོད་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ།
BOཐེག་པ་དཔག་ཏུ་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་གཞལ་དུ་མེད་བརྗོད་དུ་མེད་པ་ལ་ཡང་ དག་པར་ཞུགས་པ་རྣམས་དང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ་རྣམས་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་གཞལ་དུ་མེད་བརྗོད་དུ་མེད་པའི་ སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ་རྣམས་དང་། སྙིང་བརྩེ་བ་དོན་འདོད་པ་སྙིང་རྗེ་ཅན་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བར་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཅེས་སྤྲས་བྱེད་པ་ སྟེ། ། འཇམ་དཔལ་གང་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་སྤོབས་སོ། ། འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། ། བཅོམ་ལྡན་འདས་ ལེགས་སོ་ལེགས་སོ། ། ཞེས་གསོལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་།
BOབཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆ་ན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་འཇིག་རྟེན་གྱི་ཁམས་དཔག་ ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་དང་ལྡན་པ། འཇིག་རྟེན་གྱི་ཁམས་མཚུངས་པ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་དང་ལྡན་པ། འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ ཡོངས་སུ་དག་པའི་སྨོན་ལམ་དང་ལྡན་པ། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་དང་ལྡན་ནོ། །
BOའཇམ་དཔལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་དེའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་ཐོས་ན། དེ་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་དཔག་ཏུ་ མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་རྙེད་པར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་གཞལ་དུ་མེད་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་དང་ལྡན་པར་འགྱུར་རོ། ། འཇམ་དཔལ་ངས་ གང་གི་ཚེ་འཇིག་རྟེན་གྱི་ཁམས་མར་མེ་ཅན་གྱི་ཚོང་འདུས་ཀྱི་དབུས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་ཐོས་པ་དེའི་ཚེ་མི་སྐྱེ་ བའི་ཆོས་ལ་བཟོད་པ་ཐོབ་བོ། །
BOགང་གི་ཚེ་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེའི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་དེས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། ལེགས་སོ་ལེགས་སོ། ། སྐྱེས་བུ་དམ་པ་ཁྱོད་མ་འོངས་པའི་དུས་བསྐལ་པ་ གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་ མཚུངས་པ་མེད་གཞལ་དུ་མེད་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་དང་ལྡན་པར་འགྱུར་རོ་ཞེས་འཇམ་དཔལ་དེ་བཞིན་གཤེགས་པ་མར་མེ་མཛད་དེ་ལས་ངས་རང་གི་ལུང་བསྟན་པ་ཐོས་ནས། དགེ་བའི་རྩ་བའི་ཤུགས་ཀྱིས་ཏ་ལ་བདུན་སྲིད་ཀྱི་ ནམ་མཁའ་ལ་འཕགས་ཏེ། སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་པ་ལ་ཆོས་སྟོན་པ་དེ་ངས་མཐོང་ངོ་། །
BOདེ་མཐོང་ནས་ བར་སྣང་ལ་འདུག་བཞིན་དུ་དེ་བཞིན་གཤེགས་པ་དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཡེ་ཤེས་གཟིགས་པ་དཔག་མེད་ཐོགས་པ་མེད། ། བདེ་གཤེགས་མ་སྨད་འཇིག་རྟེན་མིག་ཏུ་གྱུར། ། ཁྱོད་ཀྱི་ཡེ་ཤེས་ཐོགས་པ་མེད་པར་འཇུག ། བདེ་ གཤེགས་ཁྱོད་ཀྱིས་འཇིག་རྟེན་མ་གཟིགས་མེད། ། བདེ་གཤེགས་ཁྱོད་ཀྱི་འོད་ནི་ཟིལ་མི་ནོན། ། སངས་རྒྱས་ཞིང་བྱེ་བསམ་མི་ཁྱབ་པར་འགྲོ། ། རི་དང་བྲག་གི་རྩེ་མོ་ཐལ་བྱུང་སྟེ། ། རྒྱལ་བའི་འོད་ལ་སྒྲིབ་པར་བྱེད་པ་མེད། ། འབྲས་བུ་ཇི་ལྟར་ལག་མཐིལ་གཞག་པ་ བཞིན། ། བདེ་བར་གཤེགས་པ་སངས་རྒྱས་མཐའ་ཡས་སྟོན། ། སངས་རྒྱས་ཞིང་རྣམས་སྣ་ཚོགས་རྣམ་མང་ལ། ། རྒྱལ་བའི་སྲས་རྣམས་སྒྲིབ་པ་མེད་པར་འགྱུར། ། འཇིག་རྟེན་མགོན་པོ་ཕྱོགས་བཅུའི་འཇིག་རྟེན་ན། ། ཕུང་མེད་བྱང་ཆུབ་རབ་ཞི་རེག་འགྱུར་ཞེས། ། རྒྱལ་སྲས་བསོད་ནམས་བྱས་ལ་ལུང་སྟོན་པ། ། བར་སྣང་འདི་ན་དེང་འདུག་བདག་གིས་མཐོང་། ། ཕྱོགས་བཅུའི་འཇིག་རྟེན་བྱང་ཆུབ་སེམས་དཔའ་དག ། ནམ་མཁའི་ངོས་ལ་འདུག་ཅིང་སེམས་དང་བས། ། ཉོན་མོངས་རྒྱལ་བ་རྒྱལ་བ་ཡབ་ལ་བསྟོད། ། བར་ སྣང་འདི་ན་དེང་འདུག་བདག་གིས་མཐོང་། །
BOཕྱོགས་བཅུའི་འཇིག་རྟེན་བྱང་ཆུབ་སེམས་དཔའ་དག ། དགའ་ལྡན་གནས་ནས་དཔག་མེད་ཤི་འཕོས་ནས། ། ཕྲ་བའི་བློ་རྣམས་ཐ་མའི་མངལ་འཇུག་པ། ། བར་སྣང་འདི་ན་དེང་འདུག་བདག་གིས་མཐོང་། ། ཕྱོགས་བཅུའི་ འཇིག་རྟེན་བྱང་ཆུབ་སེམས་དཔའ་དག ། མ་ཡི་གཡས་ལོགས་རུམ་ན་གནས་གྱུར་ཏེ། ། ལྷ་ཡིས་རབ་ཏུ་མཆོད་ཅིང་བྱུང་བ་དག ། བར་སྣང་འདི་ན་དེང་འདུག་བདག་གིས་མཐོང་། ། ཕྱོགས་བཅུའི་འཇིག་རྟེན་བྱང་ཆུབ་སེམས་དཔའ་དག ། བདུད་ཀྱི་སྡེ་དང་དཔུང་རྣམས་ ཕམ་བྱས་ནས། ། བྱང་ཆུབ་སེམས་དཔའ་བླ་མེད་བྱང་ཆུབ་སེམས། ། བར་སྣང་འདི་ན་དེང་འདུག་བདག་གིས་མཐོང་། ། འཇིག་རྟེན་མགོན་པོ་ཕྱོགས་བཅུའི་འཇིག་རྟེན་ན། ། མེ་ལ་ཆུ་བཏབ་ཞི་བར་འགྱུར་བ་བཞིན། ། ཡང་བྱུང་རབ་ཞི་མྱ་ངན་ཡོངས་འདའ་བ། ། བར་ སྣང་འདི་ན་དེང་འདུག་བདག་གིས་མཐོང་། ། སྟོབས་བཅུ་མི་དབང་ཁྱོད་ཀྱི་གཟི་བརྗིད་ཀྱིས། ། འཇིག་རྟེན་ན་ནི་སྒྲིབ་པ་གང་ཡང་མེད། ། རྒྱལ་བ་ཚད་མེད་ཞིང་ཡང་དེ་བཞིན་ཏེ། ། ཐོགས་པ་མེད་པར་ནམ་མཁའ་འདི་ནས་མཐོང་། ། ཇི་ལྟར་མི་དག་ རྨི་ལམ་འདོད་སྤྱོད་དང་། ། སོས་ཀ་ཇི་ལྟར་སྨིག་རྒྱུ་འབྱུང་བ་དང་། ། ལ་ལས་ཆུ་ནང་ཟླ་བ་མཐོང་བ་བཞིན། །
BOཞིང་དང་སངས་རྒྱས་དེ་དག་བདག་གིས་མཐོང་། ། གང་ཚེ་བདག་གིས་སངས་རྒྱས་ཞིང་ཡོངས་དག ། དེ་ཚེ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ། ། སྒྲིབ་པ་མེད་པའི་ ཡེ་ཤེས་སྐྱེས་པའི་ཚེ། ། དེ་ནི་མི་དབང་བྱང་ཆུབ་བདག་ལུང་བསྟན། ། འགྲོ་བ་ཐམས་ཅད་བྲག་ཅ་འདྲ་བ་སྟེ། ། སྐྱེ་བོ་མཁས་པ་དག་ལ་མི་སླུས་སོ། ། དེ་རིང་མགོན་པོ་ཁྱོད་ཀྱི་གསུང་ཐོས་ནས། ། ཆོས་ཀྱི་མིང་དང་ཡང་དག་ཉིད་ཀྱང་རྟོགས། ། ང་ནི་སྒྲིབ་མེད་རྣམ་གྲོལ་སྤྱོད་ པ་ན། ། མཚུངས་མེད་བསམ་ཡས་སངས་རྒྱས་ཞིང་ཡང་དག ། རྒྱལ་བ་ཚད་མེད་དེ་བཞིན་ཞིང་རྣམས་ན། ། མི་དབང་གཟིགས་ཤིང་བཞུགས་པར་ངས་མཐོང་ངོ་། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ ལ་བསླབ་པར་བྱའོ། ། སྒྲིབ་པ་མེད་པའི་རྣམ་པར་ཐར་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པར་ཐར་པར་ཡང་མི་འཛིན། འདི་ན་རྣམ་པར་ཐར་པ་མེད་པར་ཡང་མི་འཛིན། སྒྲིབ་པར་ཡང་མི་འཛིན། འདི་ན་སྒྲིབ་པ་མེད་ཅེས་ཀྱང་མི་འཛིན། བྱང་ ཆུབ་སེམས་དཔའ་མེད་པར་ཡང་མི་འཛིན། བྱང་ཆུབ་སེམས་དཔའ་འདི་ན་མེད་པར་ཡང་མི་འཛིན། སྤྱོད་པ་མེད་པར་ཡང་མི་འཛིན།
BOསྤྱོད་པ་འདི་ནའོ་ཞེས་ཀྱང་མི་འཛིན། སངས་རྒྱས་ཀྱི་ཞིང་མེད་པར་ཡང་མི་འཛིན། སངས་རྒྱས་ཀྱི་ཞིང་འདི་ནའོ་ཞེས་ཀྱང་མི་འཛིན། དཔག་ཏུ་མེད་པ་མེད་པར་ཡང་མི་འཛིན། དཔག་ཏུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། གྲངས་མེད་པ་མེད་པར་ཡང་མི་འཛིན། གྲངས་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། བསམ་གྱིས་མི་ཁྱབ་པ་མེད་པར་ཡང་མི་འཛིན། བསམ་གྱིས་མི་ཁྱབ་པ་འདི་ནའོ་ཞེས་ཀྱང་ མི་འཛིན། མཚུངས་པ་མེད་པ་མེད་པར་ཡང་མི་འཛིན། མཚུངས་པ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། གཞལ་དུ་མེད་པ་མེད་པར་ཡང་མི་འཛིན། གཞལ་དུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། བརྗོད་དུ་མེད་པ་མེད་པར་ཡང་མི་འཛིན། བརྗོད་དུ་མེད་པ་འདི་ནའོ་ ཞེས་ཀྱང་མི་འཛིན་ཏོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་འདོད་པའི་ཡོན་ཏན་ལྔ་ལ་ཀུན་ཏུ་སྤྱོད་པ་རྨིས་ལ་མི་དེ་ཡང་བྱིས་པའི་རང་བཞིན་ཅན་མ་ཡིན། བླུན་པའི་རང་བཞིན་ཅན་མ་ཡིན་གྱི་མཁས་པ་རྟོགས་པ་ཤེས་རབ་དང་ལྡན་ པའི་རང་བཞིན་ཅན་ཏེ། ཉལ་བ་སད་ནས་འདོད་པའི་ཡོན་ཏན་མེད་པར་ཡང་མི་འཛིན། འདོད་པའི་ཡོན་ཏན་འདི་ནའོ་ཞེས་ཀྱང་མི་འཛིན། འདོད་པའི་དགའ་བ་མེད་པར་ཡང་མི་འཛིན།
BOའདོད་པའི་དགའ་བ་འདི་ནའོ་ཞེས་ཀྱང་མི་འཛིན་པ་དེ་བཞིན་དུ། འཇམ་དཔལ་ སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རྣམ་པར་ཐར་པ་མེད་པར་ཡང་མི་འཛིན། རྣམ་པར་ཐར་པ་འདི་ནའོ་ཞེས་ཀྱང་མི་འཛིན་ཏོ། ། དེ་བཞིན་དུ་སྦྱར་ཏེ། བརྗོད་དུ་མེད་པ་མེད་པར་ཡང་མི་འཛིན། བརྗོད་དུ་མེད་པ་ འདི་ནའོ་ཞེས་ཀྱང་མི་འཛིན་པའི་བར་དུའོ། ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པས་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྒྱུ་མ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་སམ། རྟའི་ཚོགས་སམ། ཤིང་རྟའི་ཚོགས་སམ། དཔུང་བུ་ཆུང་གི་ ཚོགས་བསྟན་ལ། དེ་ལ་མི་བྱིས་པའི་རང་བཞིན་ཅན་མ་ཡིན་པ། བླུན་པའི་རང་བཞིན་ཅན་མ་ཡིན་པ་མཁས་པ་རྟོགས་པ། བྱེ་བྲག་ཕྱེད་པ། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་དེ་དག་གིས་དེ་མཐོང་ན། གླང་པོ་ཆེའི་ཚོགས་མེད་པར་ཡང་མི་འཛིན། གླང་པོ་ཆེའི་ཚོགས་ འདི་ནའོ་ཞེས་ཀྱང་མི་འཛིན། རྟའི་ཚོགས་མེད་པར་ཡང་མི་འཛིན། རྟའི་ཚོགས་འདི་ནའོ་ཞེས་ཀྱང་མི་འཛིན། ཤིང་རྟའི་ཚོགས་མེད་པར་ཡང་མི་འཛིན། ཤིང་རྟའི་ཚོགས་འདི་ནའོ་ཞེས་ཀྱང་མི་འཛིན།
BOདཔུང་བུ་ཆུང་གི་ཚོགས་མེད་པར་ཡང་མི་འཛིན། དཔུང་བུ་ ཆུང་གི་ཚོགས་འདི་ནའོ་ཞེས་ཀྱང་མི་འཛིན། སྒྱུ་མ་མེད་པར་ཡང་མི་འཛིན། སྒྱུ་མ་འདི་ནའོ་ཞེས་ཀྱང་མི་འཛིན་པ་དེ་བཞིན་དུ་འཇམ་དཔལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རྣམ་པར་ཐར་པར་ཡང་ མི་འཛིན། རྣམ་པར་ཐར་པ་འདི་ནའོ་ཞེས་ཀྱང་མི་འཛིན་ཏོ། ། དེ་བཞིན་དུ་སྦྱར་ཏེ། བརྗོད་དུ་མེད་པ་མེད་པར་ཡང་མི་འཛིན། བརྗོད་དུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན་པའི་བར་དུའོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་ཐང་ཞིང་སྤྲིན་མེད་པའི་ནམ་མཁའ་ལས་ མཚོའི་ཆུ་ཤིན་ཏུ་དང་བའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་འབྱུང་བ་དེ་ལ་མི་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། བླུན་པའི་རང་བཞིན་ཅན་མ་ཡིན་པ། མཁས་པ་བྱེ་བྲག་ཕྱེད་པ། རྟོགས་པ། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་དེ་དག་ གིས་དེ་མཐོང་ན་ཟླ་བའི་དཀྱིལ་འཁོར་མེད་པར་ཡང་མི་འཛིན། ཟླ་བའི་དཀྱིལ་འཁོར་འདི་ནའོ་ཞེས་ཀྱང་མི་འཛིན། གཟུགས་བརྙན་མེད་པར་ཡང་མི་འཛིན། གཟུགས་བརྙན་འདི་ནའོ་ཞེས་ཀྱང་མི་འཛིན་པ་དེ་བཞིན་དུ།
BOའཇམ་དཔལ་སྒྲིབ་པ་མེད་པའི་རྣམ་པར་ཐར་ པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རྣམ་པར་ཐར་པ་མེད་པར་ཡང་མི་འཛིན། རྣམ་པར་ཐར་པ་འདི་ནའོ་ཞེས་ཀྱང་མི་འཛིན་ཏོ། ། དེ་བཞིན་དུ་སྦྱར་ཏེ། བརྗོད་དུ་མེད་པ་མེད་པར་ཡང་མི་འཛིན། བརྗོད་དུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། ཡང་ དག་པར་འགྲུབ་པ་མེད་པར་ཡང་མི་འཛིན། ཡང་དག་པར་འགྲུབ་པ་འདི་ནའོ་ཞེས་ཀྱང་མི་འཛིན་པའི་བར་དུའོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སོས་ཀའི་ཟླ་བ་ཐ་མའི་ཚེ་ནམ་ཐང་ཞིང་སྤྲིན་མེད་པའི་ནམ་མཁའ་ལ་སྨིག་རྒྱུ་རྒྱུ་ཞིང་གཡོ་བ་དེ་ལ་མི་གང་དག་བྱིས་པའི་རང་ བཞིན་ཅན་མ་ཡིན་པ། བླུན་པའི་རང་བཞིན་ཅན་མ་ཡིན་པ། མཁས་པ། རྟོགས་པ། བྱེ་བྲག་ཕྱེད་པ། ཤེས་རབ་ཀྱི་རང་བཞིན་ཅན་དེ་དག་གིས་དེ་མཐོང་ན། སྨིག་རྒྱུ་བ་མེད་པར་ཡང་མི་འཛིན། སྨིག་རྒྱུ་བ་འདི་ནའོ་ཞེས་ཀྱང་མི་འཛིན། གཡོ་བ་མེད་པར་ཡང་མི་འཛིན། གཡོ་བ་འདི་ནའོ་ཞེས་ཀྱང་མི་འཛིན་པ་དེ་བཞིན་དུ། འཇམ་དཔལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྤྱོད་པ་མེད་པར་ཡང་མི་འཛིན། སྤྱོད་པ་འདི་ནའོ་ཞེས་ཀྱང་མི་འཛིན།
BOསངས་རྒྱས་ཀྱི་ཞིང་མེད་པར་ཡང་མི་འཛིན། སངས་རྒྱས་ཀྱི་ཞིང་འདི་ནའོ་ཞེས་ཀྱང་མི་འཛིན་དཔག་ཏུ་མེད་པ་མེད་པར་ཡང་མི་འཛིན། དཔག་ཏུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། གྲངས་མེད་པ་མེད་པར་ཡང་མི་འཛིན། གྲངས་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། བསམ་གྱིས་མི་ཁྱབ་པ་མེད་པར་ཡང་མི་འཛིན། བསམ་གྱིས་མི་ཁྱབ་པ་འདི་ནའོ་ཞེས་ཀྱང་མི་འཛིན། མཚུངས་པ་མེད་པ་མེད་པར་ཡང་མི་འཛིན། མཚུངས་པ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། གཞལ་དུ་མེད་པ་མེད་པར་ཡང་མི་འཛིན། གཞལ་དུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། བརྗོད་དུ་མེད་པ་མེད་པར་ཡང་མི་ འཛིན། བརྗོད་དུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། ཡོངས་སུ་དག་པ་མེད་པར་ཡང་མི་འཛིན། ཡོངས་སུ་དག་པ་འདི་ནའོ་ཞེས་ཀྱང་མི་འཛིན། ཡང་དག་པར་འགྲུབ་པ་མེད་པར་ཡང་མི་འཛིན། ཡང་དག་པར་འགྲུབ་པ་འདི་ནའོ་ཞེས་ཀྱང་མི་འཛིན་ཏོ། ། འཇམ་དཔལ་འདི་ལྟ་ སྟེ། དཔེར་ན་སྤྲིན་མེད་ཅིང་སྤྲིན་དང་བྲལ་ཏེ་ནམ་ཐང་བའི་ནམ་མཁའི་དཀྱིལ་ནས་སྤྲིན་བྱུང་བས་ནམ་མཁའ་ཐམས་ཅད་ཡོག་པ་དེ་མཁས་པའི་རང་བཞིན་ཅན་གྱི་མིས་མཐོང་ན། སྤྲིན་གྱི་དཀྱིལ་འཁོར་མེད་པར་ཡང་མི་འཛིན།
BOསྤྲིན་གྱི་དཀྱིལ་འཁོར་འདི་ནའོ་ཞེས་ཀྱང་མི་འཛིན། ཀུན་ ཁེབས་པ་མེད་པར་ཡང་མི་འཛིན། ཀུན་ཁེབས་པ་འདི་ནའོ་ཞེས་ཀྱང་མི་འཛིན་པ་དེ་བཞིན་དུ། འཇམ་དཔལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རྣམ་པར་ཐར་པ་མེད་པར་ཡང་མི་འཛིན། རྣམ་པར་ཐར་པ་འདི་ནའོ་ཞེས་ཀྱང་མི་ འཛིན། སྒྲིབ་པ་མེད་པ་མེད་པར་ཡང་མི་འཛིན། སྒྲིབ་པ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། བྱང་ཆུབ་སེམས་དཔའ་མེད་པར་ཡང་མི་འཛིན། བྱང་ཆུབ་སེམས་དཔའ་འདི་ནའོ་ཞེས་ཀྱང་མི་འཛིན། སྤྱོད་པ་མེད་པར་ཡང་མི་འཛིན། སྤྱོད་པ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། སངས་ རྒྱས་ཀྱི་ཞིང་མེད་པར་ཡང་མི་འཛིན། སངས་རྒྱས་ཀྱི་ཞིང་འདི་ནའོ་ཞེས་ཀྱང་མི་འཛིན། དཔག་ཏུ་མེད་པ་མེད་པར་ཡང་མི་འཛིན། དཔག་ཏུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། གྲངས་མེད་པ་མེད་པར་ཡང་མི་འཛིན། གྲངས་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། བསམ་ གྱིས་མི་ཁྱབ་པ་མེད་པར་ཡང་མི་འཛིན། བསམ་གྱིས་མི་ཁྱབ་པ་འདི་ནའོ་ཞེས་ཀྱང་མི་འཛིན། མཚུངས་པ་མེད་པ་མེད་པར་ཡང་མི་འཛིན། མཚུངས་པ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། གཞལ་དུ་མེད་པ་མེད་པར་ཡང་མི་འཛིན།
BOགཞལ་དུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། བརྗོད་དུ་མེད་པ་མེད་པར་ཡང་མི་འཛིན། བརྗོད་དུ་མེད་པ་འདི་ནའོ་ཞེས་ཀྱང་མི་འཛིན། ཡོངས་སུ་དག་པ་མེད་པར་ཡང་མི་འཛིན། ཡོངས་སུ་དག་པ་འདི་ནའོ་ཞེས་ཀྱང་མི་འཛིན། ཡང་དག་པར་འགྲུབ་པ་མེད་པ་ཡང་མི་འཛིན། ཡང་དག་པར་འགྲུབ་པ་འདི་ནའོ་ཞེས་ཀྱང་མི་འཛིན་ཏོ། ། འཇམ་དཔལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་བདག་གི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོངས་སུ་དག་པར་འགྱུར་རམ་ཞེས་སེམས་ལ་མི་བྱ་སྟེ། འོན་ཀྱང་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་བསྒྲིམ་མི་དགོས་པར་ཡོངས་སུ་དག་པར་འགྱུར་རོ། ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་བདག་གི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ཡོངས་སུ་དག་པར་འགྱུར་རམ། དེ་བཞིན་ དུ་སྦྱར་ཏེ། ཅི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཡོངས་སུ་དག་པར་འགྱུར་རམ་སྙམ་དུ་སེམས་ལ་མི་བྱ་སྟེ།
BOའོན་ཀྱང་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བསྒྲིམ་མི་དགོས་པར་ཡོངས་སུ་དག་པར་ འགྱུར་རོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་ལངས་པའི་དུས་ཀྱི་ཚེ། ཅི་ཉི་མ་འཆར་རམ་སྙམ་དུ་སེམས་ལ་མི་བྱ་སྟེ། འོན་ཀྱང་ནམ་ལངས་པའི་དུས་ཀྱི་ཚེ། བསྒྲིམ་མི་དགོས་པར་ཉི་མ་འཆར་བ་དེ་བཞིན་དུ། འཇམ་དཔལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་བདག་གི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོངས་སུ་དག་པར་འགྱུར་སྙམ་དུ་སེམས་ལ་མི་བྱ་སྟེ། འོན་ཀྱང་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ ནས་བརྗོད་དུ་མེད་པའི་བར་དུ་བསྒྲིམ་མི་དགོས་པར་ཡོངས་སུ་དག་པར་འགྱུར་རོ། ། འཇམ་དཔལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པས་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོངས་སུ་དག་གོ། ། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། མཚུངས་པ་མེད་པ་དང་།
BOགཞལ་དུ་མེད་པ་དང་། བརྗོད་དུ་མེད་པ་ཡོངས་སུ་དག་གོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་དེའི་སངས་རྒྱས་ཀྱི་ཞིང་ཇི་ཙམ་དུ་རྒྱ་ཆེར་ཡོངས་སུ་དག་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇམ་དཔལ་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་དེའི་སངས་རྒྱས་ཀྱི་ཞིང་ཇི་ཙམ་དུ་རྒྱ་ཆེར་ཡོངས་སུ་དག་པ་ནི་ཚིག་གི་གོ་བར་སླ་བ་མ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་དཔེར་བགྱིར་རུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རུང་ངོ་། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གྲོང་ཁྱེར་གཅིག་ཏུ་གྱུར་པ་ལ་འདི་ལྟ་སྟེ། ཕྱེའམ་ཕྱེ་མའི་རྣམ་པ་གཞན་གྱིས་གང་བ་ བཞིན་དུ་ཡུངས་ཀར་གྱིས་གང་བར་གྱུར་ཏེ།
BOམི་ལ་ལ་ཞིག་གིས་ཡུངས་ཀར་དེ་རྡུལ་ཕྲ་རབ་ཏུ་བཏགས་ནས་ཡུངས་འབྲུ་རེ་རེ་ཡང་ཡུངས་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དུ་བྱས་ལ། དེས་རྡུལ་ཕྲ་རབ་དེ་དག་ཕྲག་པ་ལ་ཐོགས་ནས་ཤར་ཕྱོགས་སུ་སོང་སྟེ། གོམ་པ་གཅིག་བོར་བས་ འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་ལ། གོམ་པ་འདོར་བ་འདི་འདྲ་བ་དང་ལྡན་ཞིང་། འདི་ལྟ་སྟེ། སེམས་ཀྱི་མགྱོགས་པའི་རྫུ་འཕྲུལ་ལྟ་བུའི་མགྱོགས་པ་དང་ལྡན་ཏེ། གོམ་པ་འདོར་བ་དེ་ལྟ་བུ་དང་ལྡན་པས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་ སྙེད་དུ་སོང་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་བོར་ལ་དེ་ལྟ་བུའི་ཚུལ་གྱིས་ཤར་ཕྱོགས་སུ་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཐམས་ཅད་བོར་ཏེ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་རྣམས་སུ་དེ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་བོར་ཞིང་དེ་བཞིན་དུ་སྟེང་དང་། འོག་གི་ཕྱོགས་སུ་ ཡང་རྡུལ་ཕྲ་རབ་ཀྱི་རྡུལ་དེ་སྙེད་བོར་ན། འཇམ་དཔལ་དེ་ཇི་སྙམ་དུ་སེམས། ཡུངས་ཀར་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་གང་དུ་བོར་བ་དང་མ་བོར་བའི་འཇིག་རྟེན་གྱི་ཁམས་གང་མང་། གསོལ་པ།
BOབཅོམ་ལྡན་འདས་རྡུལ་ཕྲ་རབ་ཀྱི་རྡུལ་བོར་བའི་འཇིག་རྟེན་གྱི་ཁམས་དེ་ནི་ཉུང་ལགས་ ཀྱི་མ་བོར་བ་དེ་ནི་ཆེས་མང་ལགས་སོ། ། བཀའ་སྩལ་པ། འཇམ་དཔལ་འཇིག་རྟེན་གྱི་ཁམས་གང་དུ་རྡུལ་ཕྲ་རབ་ཀྱི་རྡུལ་བོར་བ་དང་། གང་དུ་མ་བོར་བའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་གྱུར་ལ། འདི་ལྟ་སྟེ། ཕྱེའམ་ཕྱེ་མའི་རྣམ་པ་གཞན་གྱིས་གང་བ་བཞིན་ དུ་ཡུངས་ཀར་གྱིས་གང་བ་དེ་ལ་མི་ལ་ལ་ཞིག་གིས་ཡུངས་འབྲུ་དེ་དག་བཏགས་ཏེ། ཡུངས་འབྲུ་རེ་རེ་ཡང་ཡུངས་འབྲུ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དུ་བྱས་ཏེ། དེས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཐམས་ཅད་ཕྲག་པ་ལ་ཐོགས་ནས་ཤར་ཕྱོགས་སུ་སོང་སྟེ། གོམ་པ་གཅིག་ བོར་བས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་ཞིང་། འདི་ལྟ་སྟེ། སེམས་ཀྱི་མགྱོགས་པའི་རྫུ་འཕྲུལ་ལྟ་བུའི་མགྱོགས་པ་དང་ལྡན་པ་དེ་ལྟ་བུའི་གོམ་པ་འདོར་ཞིང་དེ་ལྟ་བུའི་མགྱོགས་པས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སོང་སྟེ་རྡུལ་ཕྲ་རབ་ཀྱི་རྡུལ་ གཅིག་བོར་ཞིང་དེ་ལྟ་བུའི་ཚུལ་གྱིས་ཤར་ཕྱོགས་སུ་རྡུལ་ཕྲ་རབ་དེ་ཐམས་ཅད་བོར་ལ།
BOདེ་བཞིན་དུ་ལྷོ་ཕྱོགས་སུ་རྡུལ་ཕྲ་རབ་ཀྱི་རྡུལ་དེ་སྙེད་འདོར་ཞིང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་གི་མཚམས་དང་། སྟེང་དང་། འོག་གི་ཕྱོགས་ དང་། ཕྱོགས་མཚམས་སུ་རྡུལ་ཕྲ་རབ་དེ་སྙེད་བོར་ན། འཇམ་དཔལ་དེ་ཇི་སྙམ་དུ་སེམས། གང་དུ་རྡུལ་ཕྲ་རབ་དེ་དག་བོར་བ་དང་། གང་དུ་མ་བོར་བའི་འཇིག་རྟེན་གྱི་ཁམས་གང་མང་། གསོལ་པ། བཅོམ་ལྡན་འདས་གང་དུ་རྡུལ་ཕྲ་རབ་དེ་དག་བོར་བ་ནི་ཉུང་ལགས་ཀྱི་མ་ བོར་བའི་འཇིག་རྟེན་གྱི་ཁམས་དེ་ནི་ཆེས་མང་ལགས་སོ། ། བཀའ་སྩལ་པ། འཇམ་དཔལ་འཇིག་རྟེན་གྱི་ཁམས་གང་དུ་རྡུལ་ཕྲ་རབ་བོར་བ་དང་གང་དུ་མ་བོར་བ་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་གྱུར་ལ། འདི་ལྟ་སྟེ། ཕྱེའམ་ཕྱེ་མའི་རྣམ་པ་གཞན་གྱིས་གང་བ་བཞིན་དུ་ཡུངས་ ཀར་གྱིས་གང་ལ། མི་ལ་ལ་ཞིག་གིས་ཡུངས་འབྲུ་དེ་དག་བཏགས་ནས། ཡུངས་འབྲུ་རེ་རེ་ཡང་ཡུངས་འབྲུ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དུ་བྱས་ཏེ། དེས་རྡུལ་ཕྲ་རབ་དེ་ཐམས་ཅད་ཕྲག་པ་ལ་ཐོགས་ནས་ཤར་ཕྱོགས་སུ་སོང་སྟེ། གོམ་པ་གཅིག་བོར་བས་འཇིག་རྟེན་གྱི་ ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་ཞིང་འདི་ལྟ་སྟེ།
BOསེམས་ཀྱི་མགྱོགས་པའི་རྫུ་འཕྲུལ་ལྟ་བུའི་མགྱོགས་པ་དང་ལྡན་ཏེ། གོམ་པ་དེ་ལྟ་བུར་འདོར་བ་དང་། དེ་ལྟ་བུའི་མགྱོགས་པ་དང་ལྡན་པས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སོང་སྟེ་རྡུལ་ཕྲ་རབ་གཅིག་བོར་ལ། དེ་ལྟ་བུའི་ ཚུལ་གྱིས་ཤར་ཕྱོགས་སུ་རྡུལ་ཕྲ་རབ་དེ་ཐམས་ཅད་བོར་ལ་དེ་བཞིན་དུ་ལྷོ་ཕྱོགས་སུ་རྡུལ་ཕྲ་རབ་དེ་སྙེད་བོར་ཞིང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་གི་མཚམས་དང་། སྟེང་དང་། འོག་གི་ཕྱོགས་དང་། ཕྱོགས་མཚམས་རེ་རེར་ཡང་རྡུལ་ཕྲ་རབ་ དེ་སྙེད་བོར་ན་འཇམ་དཔལ་དེ་ཇི་སྙམ་དུ་སེམས། གང་རྡུལ་ཕྲ་རབ་དེ་བོར་བ་དང་གང་དུ་མ་བོར་བའི་འཇིག་རྟེན་གྱི་ཁམས་དེ་དག་གང་མང་གསོལ་པ། བཅོམ་ལྡན་འདས་གང་དུ་རྡུལ་ཕྲ་རབ་བོར་བ་ནི་ཉུང་ལགས་ཀྱི་མ་བོར་བ་དེ་ནི་ཆེས་མང་ལགས་སོ། ། བཀའ་སྩལ་པ། འཇམ་དཔལ་འཇིག་ རྟེན་གྱི་ཁམས་གང་དུ་རྡུལ་ཕྲ་རབ་མ་བོར་བ་དང་གང་དུ་བོར་བ་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་གྱུར་ནས་ཡུངས་ཀར་གྱིས་གང་བ་ནི་ཇི་ལྟ་བ་སྔར་དཔེ་བསྟན་པ་དེ་བཞིན་དུ་རྒྱས་པར་བྱས་ཏེ་སྟོང་ཕྲག་སུམ་ཅུར་བསྒྱུར་བ།
BOའཇམ་དཔལ་དེ་ཐམས་ཅད་ཀྱི་ཐ་མའི་རྡུལ་ཕྲ་རབ་ཀྱི་ཕུང་པོ་བཞག་པ་དེ་ སྙེད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམ་གྱི་རྒྱ་ཇི་ཙམ་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་ཀྱི་ཤིང་གི་རྒྱ་ཡང་དེ་ཙམ་མོ། ། བྱང་ཆུབ་ཀྱི་ཤིང་དེ་ནི་རིན་པོ་ཆེ་སྣ་བདུན་ཏེ། འབྲས་བུ་ནི་ཡིད་བཞིན་གྱི་ ནོར་བུའོ། ། བྱང་ཆུབ་ཀྱི་ཤིང་དེའི་ཡལ་ག་ནི་ཐ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཡོད་དོ། ། ཡལ་ག་གཅིག་ཅིང་ཡང་ཐ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཡལ་ག་ཕྲེའུ་ཡོད་དེ། ཡལ་ག་ཕྲེའུ་གཅིག་ཅིང་ཡང་ཐ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འབྲས་བུ་ཡོད་དོ། ། འབྲས་བུ་རེ་རེ་ལ་ཡང་ཆ་ཤས་ནི་ དཔག་ཏུ་མེད་དོ། ། འཇམ་དཔལ་བྱང་ཆུབ་ཀྱི་ཤིང་དེ་ནི་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པའི་ལེགས་པར་སྤྱད་པའི་འབྲས་བུར་གྲུབ་པ་སྟེ། དེ་ནི་མིག་ཡོངས་སུ་མ་སྦྱངས་པའི་སེམས་ཅན་རྣམས་ཀྱི་མིག་ལམ་དུ་སྣང་བར་མི་འགྱུར་རོ། ། འཇམ་དཔལ་འདི་ལྟ་སྟེ།
BOདཔེར་ན་བར་སྣང་ གི་གནོད་སྦྱིན་རྣམས་ཀྱི་གཞལ་མེད་ཁང་དག་མི་རྣམས་ཀྱི་མིག་ལམ་དུ་སྣང་བར་མི་འགྱུར་བ་དེ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དེ་ཡང་མིག་ཡོངས་སུ་མ་སྦྱངས་པའི་སེམས་ཅན་རྣམས་ཀྱི་མིག་ལམ་དུ་སྣང་བར་མི་འགྱུར་རོ། ། འཇམ་དཔལ་བྱང་ཆུབ་ཀྱི་ཤིང་དེ་ལ་སེམས་ཅན་རྣམས་མི་ཐོགས་པར་ འགྲོ་སྟེ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་བར་སྣང་གི་གནོད་སྦྱིན་དག་གི་གཞལ་མེད་ཁང་རྣམས་ལ་མི་ཐོགས་པར་འགྲོ་བ་དེ་བཞིན་དུ་འཇམ་དཔལ་བྱང་ཆུབ་ཀྱི་ཤིང་དེ་ལ་སེམས་ཅན་རྣམས་མི་ཐོགས་པར་འགྲོ་སྟེ། བྱང་ཆུབ་ཀྱི་ཤིང་དེ་ཡང་ཡོངས་སུ་དག་པའི་ལས་དང་ལྡན་པའི་སེམས་ ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་གྲུབ་པའི་ཕྱིར་རོ། ། འཇམ་དཔལ་ཡང་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེའི་འཇིག་རྟེན་གྱི་ཁམས་ནི་ཤར་ཕྱོགས་སུ་ཡང་ཐ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་ཡོངས་སུ་དག་གོ། ། ལྷོར་ཡང་དེ་སྙེད། ནུབ་ཏུ་ཡང་དེ་སྙེད། བྱང་ དུ་ཡང་དེ་སྙེད། ཤར་ལྷོར་ཡང་དེ་སྙེད། ལྷོ་ནུབ་ཏུ་ཡང་དེ་སྙེད། ནུབ་བྱང་དུ་ཡང་དེ་སྙེད། བྱང་ཤར་དུ་ཡང་དེ་སྙེད།
BOསྟེང་དང་འོག་གི་ཕྱོགས་སུ་ཡང་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་སྟེ། སངས་རྒྱས་ཀྱི་ཞིང་དེ་དེ་ཙམ་དུ་རྒྱ་ཆེར་ཡོངས་སུ་དག་གོ། ། སྒྲིབ་པ་མེད་པའི་ རྣམ་པར་ཐར་པ་ལ་བརྟེན་ན་དེའི་བརྒྱར་བགྲངས་པ་དེ་སྙེད་དུ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་གོ། ། འཇམ་དཔལ་བྱང་ཆུབ་ཀྱི་ཤིང་དེའི་འབྲས་བུ་འབྱུང་བ་དང་། སྐྱེ་བ་དང་། རྒྱས་པ་དང་། འགས་པ་རྒྱུན་མི་འཆད་ཅིང་བར་སྐབས་མེད་དེ། འཇམ་དཔལ་འདི་ལྟ་སྟེ། དཔེར་ ན་བྱིས་པ་ལྔ་བརྒྱ་ཙམ་རྩེ་ན་ཁ་ཅིག་འགྲེང་། ཁ་ཅིག་འདུག་པའི་རྒྱུན་མི་ཆད་ཅིང་བར་སྐབས་མེད་པ་དེ་བཞིན་དུ་འཇམ་དཔལ་བྱང་ཆུབ་ཀྱི་ཤིང་དེའི་འབྲས་བུ་འབྱུང་བ་དང་། སྐྱེ་བ་དང་། སྨིན་པ་དང་། འགས་པ་ཡང་རྒྱུན་མི་འཆད་ཅིང་བར་སྐབས་མེད་དོ། ། འཇམ་དཔལ་འདི་ལྟ་ སྟེ། དཔེར་ན་ཆར་གྱི་འབྲུ་རགས་པ་འབབ་པའི་ཚེ། ཆུ་ལ་ཆུའི་ཆུ་བུར་ཁ་ཅིག་འབྱུང་། ཁ་ཅིག་འཇིག་པ་རྒྱུན་མི་འཆད་ཅིང་བར་སྐབས་མེད་པ་དེ་བཞིན་དུ་འབྲས་བུ་དེ་དག་འབྱུང་བ་དང་། སྐྱེ་བ་དང་། རྒྱས་པ་དང་། འགས་པ་ཡང་རྒྱུན་མི་འཆད་ཅིང་བར་སྐབས་མེད་དེ།
BOའབྲས་ བུ་འགས་པ་དེའི་ཆ་ཤས་གཅིག་ལས་ཀྱང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་འབྱུང་སྟེ། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། ལུས་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སྲེད་མེད་ཀྱི་བུ་ལྟར་ལུས་མཁྲེགས་པ། སྲིད་པ་ཐ་མ་པར་གྱུར་པའི་སེམས་ཅན་འཇིག་ རྟེན་གྱི་ཁམས་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པར་ཡོངས་སུ་དག་པའི་སྨོན་ལམ་དང་ལྡན་པའི་བར་དུ་སྟེ། དེ་དག་ཐམས་ཅད་ཀྱིས་ཀྱང་དེ་ཙམ་དུ་རྒྱ་ཆེར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྦྱངས་ཏེ། དེ་དག་དེ་ནས་བྱུང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པས་རང་གི་སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པ་འཆད་དེ། དུས་གསུམ་མཉམ་པ་ཉིད་ཀྱང་སྟོན་ཏོ། ། དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཉན་ཅིང་ཀུན་འཛིན་ཏེ། ཐོས་མ་ཐག་ཏུ་མངོན་པར་ཤེས་པ་ལྔ་ཐོབ་བོ། །
BOམངོན་པར་ཤེས་པ་ཐོབ་མ་ཐག་ཏུ་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེའི་ ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དེ་ལ་ལན་གསུམ་བསྐོར་བ་བྱས་ནས་འདོང་ངོ་། ། དེ་དག་རྫུ་འཕྲུལ་གྱི་སྟོབས་ཀྱིས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱའོ། ། འཇམ་དཔལ་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གསུམ་བསྒོམས་ཏེ་རབ་ཏུ་གོམས་པར་བྱས། ལམ་དུ་བྱས། རྟེན་དུ་བྱས། རུས་ཤིང་བཞིན་དུ་བྱས། རབ་ཏུ་ རྟོགས་པར་བྱས་ཤིང་ལེགས་པར་བརྩམས་སོ། ། ཏིང་ངེ་འཛིན་གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཤུགས་ལྡན་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞི་གནས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཐམས་ཅད་ལ་ དབང་བྱེད་པ་ཞེས་བྱའོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན།
BOམེ་ཏོག་གི་ཚོགས་ཞེས་བྱ་བའི་བསྐལ་པ་བྱུང་ སྟེ། མེ་ཏོག་གི་ཚོགས་ཀྱི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དཀོན་མཆོག་དམ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་དམ་པ་དེ་ལ་ཉན་ཐོས་ཐོག་མར་འདུས་པ་ནི་ཉན་ཐོས་ཁྲག་ཁྲིག་ཕྲག་བརྒྱད་ཅུ་ཡོད་དེ། དགྲ་བཅོམ་པ་ ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་ པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་གོ། ། བྱང་ཆུབ་སེམས་དཔའ་འདུས་པ་ནི་དེའི་ཉིས་འགྱུར་ཡོད་དེ།
BOཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་ སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་དང་། མཚུངས་པ་མེད་པ་དང་། གཞལ་དུ་མེད་པ་དང་། བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ཡང་དག་པར་ཞུགས་པ་ཤ་སྟག་གོ། ། ཡང་ཉན་ཐོས་འདུས་པ་གཉིས་པ་ལ་ནི་ཉན་ཐོས་ཁྲག་ཁྲིག་ཡོད་དོ། ། བྱང་ཆུབ་སེམས་དཔའ་འདུས་པ་ནི་དེའི་ཉིས་འགྱུར་ཡོད་དོ། ། ཉན་ཐོས་འདུས་པ་གསུམ་པ་ལ་ནི་ ཉན་ཐོས་ཁྲག་ཁྲིག་ཕྲག་བརྒྱ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པའི་བར་དུའོ། ། བྱང་ཆུབ་སེམས་དཔའ་འདུས་པ་ནི་དེའི་ཉིས་འགྱུར་ཡོད་དོ། ། ཉིན་རེ་ཞིང་ཆོས་ སྟོན་པ་ཐམས་ཅད་ལ་ཉན་ཐོས་འདུས་པ་དང་། བྱང་ཆུབ་སེམས་དཔའ་འདུས་པ་རྣམས་ཀྱིས་མཉམ་དུ་དེ་བཞིན་གཤེགས་པ་དེས་ཆོས་བསྟན་པ་ཀུན་ཤེས་སོ། །
BOའཇམ་དཔལ་དེ་བཞིན་གཤེགས་པ་དཀོན་མཆོག་དམ་པ་དེའི་ཉན་ཐོས་འདུས་པ་ནི་རྩིས་མཁན་ནམ་རྩིས་མཁན་གྱི་སློབ་མ་མཁས་ པས་བསྐལ་པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་སྟོང་ཕྲག་བརྒྱའམ། བསྐལ་པ་བྱེ་བའམ། བསྐལ་པ་ཁྲག་ཁྲིག་གམ། བསྐལ་པ་གཏམས་སམ། བསྐལ་པ་དཀྲིགས་སམ། བསྐལ་པ་འགྱུར་ཡས་ཀྱི་བར་དུ་ཡང་ཉན་ཐོས་འདུས་པ་འདི་སྙེད་ཅེའམ། ཉན་ ཐོས་འདུས་པ་བརྒྱ་ཕྲག་འདི་སྙེད་ཅེའམ། ཉན་ཐོས་འདུས་པ་སྟོང་ཕྲག་འདི་སྙེད་ཅེའམ། ཉན་ཐོས་འདུས་པ་བརྒྱ་སྟོང་ཕྲག་འདི་སྙེད་ཅེའམ། ཉན་ཐོས་འདུས་པ་བྱེ་བ་ཕྲག་འདི་སྙེད་ཅེའམ། ཉན་ཐོས་འདུས་པ་ཁྲག་ཁྲིག་ཕྲག་འདི་སྙེད་ཅེའམ། ཉན་ཐོས་འདུས་པ་གཏམས་ཕྲག་འདི་སྙེད་ཅེ་ འམ། ཉན་ཐོས་འདུས་པ་དཀྲིགས་ཕྲག་འདི་སྙེད་ཅེའམ། ཉན་ཐོས་འདུས་པ་ཁྱད་ཕྱིན་ཕྲག་འདི་སྙེད་ཅེའམ། ཉན་ཐོས་འདུས་པ་འགྱུར་ཡས་ཕྲག་འདི་སྙེད་ཡོད་ཅེས་བརྩི་བར་མི་ནུས་སོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ཀྱི་སྐར་མའི་གཟུགས་ལ་སྐར་མའི་གཟུགས་འདི་སྙེད་ཅེའམ། སྐར་མའི་གཟུགས་བརྒྱ་ཕྲག་འདི་སྙེད་ཅེའམ། སྐར་མའི་གཟུགས་སྟོང་ཕྲག་འདི་སྙེད་ཅེའམ།
BOསྐར་མའི་གཟུགས་བརྒྱ་སྟོང་ཕྲག་འདི་སྙེད་ཅེའམ། བྱེ་བ་ཕྲག་འདི་སྙེད་ཅེའམ། ཁྲག་ཁྲིག་ཕྲག་འདི་སྙེད་ ཅེའམ། གཏམས་ཕྲག་འདི་སྙེད་ཅེའམ། དཀྲིགས་ཕྲག་འདི་སྙེད་ཅེའམ། འགྱུར་ཡས་ཕྲག་འདི་སྙེད་ཡོད་ཅེས་རྩིས་མཁན་ནམ། རྩིས་མཁན་གྱི་སློབ་མ་མཁས་པས་ཀྱང་བགྲང་བར་མི་ནུས་ཏེ། འོན་ཀྱང་སྐར་མའི་གཟུགས་དཔག་ཏུ་མེད་པའི་གྲངས་སུ་འགྲོ་བ་དེ་བཞིན་དུ་འཇམ་དཔལ་ ཉན་ཐོས་འདུས་པ་དེ་རྣམས་ཀྱི་མཐའ་ཡང་རྟོགས་པར་མི་ནུས་སོ། ། འཇམ་དཔལ་དེའི་དུས་ན་རྒྱལ་པོ་བདེ་གནས་བློ་གྲོས་ཞེས་བྱ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཞིག་ཡོད་པ་དེ་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ལ་དབང་ཞིང་བདག་པོ་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་རྫུ་འཕྲུལ་ ཐོབ་པ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་དམ་པ་དེ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དུ་བཅས་པ་ལ་ལོ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུའི་བར་དུ་རོ་སྣ་བརྒྱ་པའི་ཞལ་ཟས་སྦྱར་ཏེ་རིམ་གྲོ་བྱས་སོ། ། ཡུལ་ཀ་ཤི་པའི་ན་བཟའ་ གསོལ་ཞིང་ཡོ་བྱད་ཐམས་ཅད་ཀྱང་སྦྱར་ཏེ། འདི་ལྟར་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་།
BOཡོ་བྱད་ཀྱིས་རྩ་བའི་རིམ་གྲོ་བྱས་སོ། ། དེས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ལ་རོ་སྣ་བརྒྱ་པའི་ཟས་ཀྱིས་རིམ་གྲོ་བྱས་པས་ དགེ་བའི་རྩ་བ་རྒྱ་ཆེ་ཞིང་དཔག་ཏུ་མེད་པ་མངོན་པར་འདུས་བྱས་སོ། ། དགེ་བའི་རྩ་བ་རྒྱ་ཆེ་ཞིང་དཔག་ཏུ་མེད་པ་མངོན་པར་འདུས་བྱས་པས་དགེ་བའི་རྩ་བའི་ཤུགས་རྒྱ་ཆེ་ཞིང་དཔག་ཏུ་མེད་པ་བསྐྱེད་དོ། ། དགེ་བའི་རྩ་བ་རྒྱ་ཆེ་ཞིང་གྲངས་མེད་པ་མངོན་པར་འདུས་བྱས་སོ། ། དགེ་བའི་རྩ་བ་རྒྱ་ཆེ་ ཞིང་གྲངས་མེད་པ་མངོན་པར་འདུས་བྱས་ནས། དགེ་བའི་རྩ་བའི་ཤུགས་རྒྱ་ཆེ་ཞིང་གྲངས་མེད་པ་བསྐྱེད་པར་གྱུར་ཏོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་མངོན་ པར་འདུས་བྱས་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་བསྐྱེད་པར་གྱུར་ཏོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་དཔག་ཏུ་མེད་པ་རྒྱ་ ཆེན་པོ་མངོན་པར་འདུས་བྱས་ཏེ།
BOཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་དཔག་ཏུ་མེད་པ་རྒྱ་ཆེན་པོ་མངོན་པར་འདུས་བྱས་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་དཔག་ཏུ་མེད་པ་རྒྱ་ཆེན་པོ་བསྐྱེད་དོ། ། དེ་བཞིན་དུ་སྦྱར་ཏེ། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་གྲངས་མེད། བསམ་གྱིས་མི་ཁྱབ་མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་ཅིང་རྒྱ་ཆེར་མངོན་པར་འདུས་བྱས་སོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་གྲངས་མེད་པ་ནས་བརྗོད་དུ་མེད་ཅིང་རྒྱ་ཆེ་བའི་བར་ དུ་མངོན་པར་འདུས་བྱས་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་རྒྱ་ཆེ་ཞིང་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་བསྐྱེད་དོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་རྒྱ་ཆེ་ཞིང་གྲངས་མེད། དཔག་ཏུ་མེད་པ་མངོན་པར་འདུས་བྱས་ཏེ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུས་བྱས་པ་དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།
BOབརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྒྱས་པར་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་རྒྱ་ཆེ་ཞིང་དཔག་ཏུ་མེད་པ་མངོན་པར་འདུས་བྱས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་རྒྱ་ཆེ་ཞིང་དཔག་ཏུ་མེད་པ་མངོན་པར་འདུས་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་རྒྱ་ཆེ་ཞིང་ དཔག་ཏུ་མེད་པ་བསྐྱེད་དོ། ། དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་རྒྱ་ཆེ་བ་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་མངོན་པར་འདུས་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་བརྗོད་དུ་མེད་པའི་བར་དུ་མངོན་པར་འདུས་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་བསྐྱེད་དོ། ། འཇམ་དཔལ་རྒྱལ་པོ་བདེ་ གནས་བློ་གྲོས་ཀྱིས་དེ་ལྟ་བུར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་རྣམས་བསྐྱེད་ནས། དགའ་བ་དང་།
BOདད་པ་དང་། མཆོག་ཏུ་དགའ་བ་མང་བས་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་དམ་པ་དེ་ལ་ཕ་རོལ་ ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། སྟོབས་བཅུ་ཤེས་རབ་མཐའ་ཡས་པ། ། ཆུ་བོ་བཞི་རྒལ་མིའི་སེང་གེ ། ཁྱོད་ལ་ཕུལ་བ་དཔག་མེད་འགྱུར། ། སྦྱིན་པ་དེ་ཡང་ཟིལ་མི་ནོན། ། བ་ཚྭ་མེད་པའི་ཞིང་དག་ལ། ། རྡོ་དང་བོང་བ་གྱོ་མོ་མེད། ། ཀུན་སྦྱངས་རབ་ཏུ་རྨོས་པས་ན། ། མི་མཉམ་མེད་ཕྱོགས་རྩྭ་མེད་པར། ། ཇི་ལྟར་ས་བོན་བཏབ་ནས་སུ། ། རྨེད་པའི་མི་དེ་བདེར་ཉལ་ཡང་། ། དུས་སུ་རྩ་བ་བརྟན་པར་ཟུག ། མྱུ་གུ་སྔོན་པོར་འབྱུང་བར་བྱེད། གྲུ་ཡིས་ས་ལ་ཆུས་བཏབ་པས། ། ལོ་མ་སྡོང་བུ་རྣམས་ཀྱང་འབྱུང་། ། དུས་ ཚིགས་དུས་ཀྱི་རིམ་བཞིན་དུ། ། ངེས་པར་འབྲས་བུ་སྨིན་པར་འགྱུར། ། དེ་བཞིན་འདོད་ཆགས་ཞེ་སྡང་བཅོམ། ། གཏི་མུག་བྲལ་བ་ངེས་པའི་བློས། ། མ་སྨད་ཡོན་ཏན་ཞིང་ཁྱོད་ལ། ། ཤེས་རབ་གཤོལ་གྱིས་རྨོས་པ་ནི། ། ས་བོན་ཉུང་ངུ་བཏབ་ན་ཡང་། ། དེ་བཞིན་སྦྱིན་བདག་མི་བརྩོན་ ཡང་། ། ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤིང་། ། ཐམས་ཅད་མཁྱེན་པའི་མྱུ་གུ་སྐྱེ། །
BOམགོན་པོ་ཁྱོད་ལ་སྦྱིན་ཕུལ་ན། ། བྱམས་པ་སྙིང་རྗེ་ཉོན་མོངས་མེད། ། རྣམ་པར་ཐར་པའི་སྒོ་གསུམ་དང་། ། ཐ་མར་འབྲས་བུ་མྱ་ངན་འདའ། ། སུམ་ཅུ་རྩ་གཉིས་མཚན་མངའ་བ། ། ས་ལ་དོང་ཀ་མེན་རྒྱས་ བཞིན། ། བདག་གིས་དགེ་བའི་རྩ་བསགས་པས། ། ཇི་ལྟར་བདེ་གཤེགས་དེ་བཞིན་ཤོག ། ཇི་ལྟར་བསོད་ནམས་མཚན་མངའ་བ། ། ལེགས་སྤྱད་བསགས་པ་ཐུབ་པའི་ཏོག ། ཇི་ལྟར་མི་མཆོག་དམ་པ་བཞིན། ། བདག་ཀྱང་བདེ་གཤེགས་དེ་བཞིན་གྱུར། ། ཇི་ལྟར་དཔེ་མེད་བློ་ ཅན་ཁྱོད། ། ཤེས་རབ་གནས་ལ་ཁྱོད་གནས་ནས། ། ལྟ་བར་རབ་ཏུ་བྱིང་བ་ཡི། ། སྐྱེ་བོ་མ་ལོག་འགོད་པར་མཛད། ། བདག་ཀྱང་བྱང་ཆུབ་རེག་ནས་ནི། ། དེ་བཞིན་བདེ་ལ་རབ་གནས་ཏེ། ། ལོག་པའི་ལམ་སོང་སྐྱེ་བོ་རྣམས། ། བདེན་པ་བཞི་ཡི་ལམ་དུ་འགོད། ། ཇི་ ལྟར་ཁྱོད་ནི་ཕུང་པོ་མེད། ། བླ་མེད་ཕུང་པོ་ཟད་པར་ཞུགས། ། བྱིས་པ་ཕུང་པོས་བཅིངས་པ་རྣམས། ། ཐམས་ཅད་ཕུང་པོ་འདོར་དུ་བཙུད། ། བདག་ཀྱང་ཕུང་པོ་མེད་པ་དང་། ། ཕུང་མེད་བྱང་ཆུབ་མཆོག་ཐོབ་ནས། ། ཕུང་པོས་བཅིངས་པའི་སྐྱེ་བོ་རྣམས། ། ཕུང་པོ་འདོར་བར་ རབ་ཏུ་འགོད། ། ཇི་ལྟར་ཁྱོད་ཀྱིས་ཉོན་མོངས་སྤངས། ། ཆུ་ཡིས་མེ་རྣམས་ཞི་བ་བཞིན། །
BOཉོན་མོངས་མེ་ཡིས་འབར་བ་ཡི། ། སྐྱེ་བོ་སྡུག་བསྔལ་ཐར་བར་མཛད། ། བདག་ཀྱང་བྱང་ཆུབ་རབ་རེག་སྟེ། ། ཁྲོ་གླེན་འདོད་མེ་མ་ཞི་ཞེས། ། ཉེ་བར་ཞི་བའི་ལམ་སྟོར་བའི། ། སྐྱེ་བོ་རབ་ཏུ་ ཞི་བར་འགོད། ། སེར་སྣའི་ཞགས་པས་བཅིངས་པ་དང་། ། ཕྲག་དོག་ཀུན་སྦྱོར་མུན་པས་བསྒྲིབས། ། སྲིད་པར་ཆགས་པ་མགོན་མེད་རྣམས། ། ཡན་ལག་བརྒྱད་ཀྱི་ལམ་ལ་དགོད། ། ཇི་ལྟར་རང་བྱུང་ཁྱོད་ཉིད་ནི། ། སྟོབས་བཅུ་ཡེ་ཤེས་རབ་གནས་ཏེ། ། སྲིད་སྐོམ་སེམས་ཅན་ཁྲག་ ཁྲིག་ལ། ། སྟོབས་བཅུ་ཡེ་ཤེས་ངོམས་པར་མཛད། ། བདག་ཀྱང་བྱང་ཆུབ་རབ་རེག་ཅིང་། ། བླ་མེད་ཡེ་ཤེས་ཐོབ་ནས་སུ། ། སྲིད་སྐོམ་སེམས་ཅན་ཁྲག་ཁྲིག་ལ། ། སྟོབས་བཅུ་ཡེ་ཤེས་ངོམས་པར་བགྱི། ། འཇམ་དཔལ་དེ་ལྟར་རྒྱལ་པོ་བདེ་གནས་བློ་གྲོས་ཀྱིས་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དཀོན་མཆོག་དམ་པ་དེ་ལ་ལོ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུའི་བར་དུ་ཟས་རོ་སྣ་བརྒྱ་པ་སྦྱར་ཅིང་། ཡུལ་ཀ་ཤི་པའི་ན་བཟའ་གསོལ་ཏེ་བར་སྣང་ལ་འདུག་ནས་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དེ། དགེ་བའི་རྩ་བའི་ཤུགས་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད།
BOབརྗོད་དུ་མེད་པ་བསྐྱེད་ནས། དགེ་བའི་རྩ་བའི་ཤུགས་དེས་བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་སེམས་ཅན་དམྱལ་བར་མ་སྐྱེས། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་གྱི་ རིས་སུ་ཡང་མ་སྐྱེས། མི་ཁོམ་པ་རྣམས་སུ་མ་སྐྱེས། རིགས་དམའ་བར་མ་སྐྱེས། དབུལ་པོའི་རིགས་སུ་མ་སྐྱེས་སོ། ། བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་ལུས་ལ་རླུང་ལས་གྱུར་པའམ། མཁྲིས་པ་ལས་གྱུར་པའམ། བད་ཀན་ལས་གྱུར་པའི་ནད་མ་བྱུང་ངོ་། ། ནམ་ཡང་དབང་ པོ་མ་ཚང་བར་མ་གྱུར། ནམ་ཡང་མིག་སེར་བ་དང་། འཇིགས་པའི་མིག་དང་། མིག་ཡོ་བ་དང་། བཞིན་ཡོ་བར་མ་གྱུར་ཏོ། ། ནམ་ཡང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་མ་བརྒྱན་པར་མ་གྱུར། ནམ་ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་བྲལ་བར་མ་གྱུར། ལྷའི་ ནང་དུ་ལྷར་གྱུར་ཏམ། མིའི་ནང་དུ་མིར་གྱུར་ན། ནམ་ཡང་དབང་པོ་དང་ཕྱུག་པོ་མ་བྱས་པར་མ་གྱུར། ནམ་ཡང་སྨོན་ལམ་ཕུན་སུམ་ཚོགས་པ་དང་བྲལ་བར་མ་གྱུར། ནམ་ཡང་སངས་རྒྱས་མེད་པའི་སངས་རྒྱས་ཀྱི་ཞིང་དུ་མ་སྐྱེས། ནམ་ཡང་ནད་མེད་པ་དང་། གཟུགས་དང་ལོངས་སྤྱོད་ དང་། གཡོག་འཁོར་དང་། ཕྱུག་པས་དེ་སྔོན་དྲེགས་པར་མ་གྱུར།
BOནམ་ཡང་བུད་མེད་ཀྱི་དྲེགས་པ་དང་གོས་ཀྱི་དྲེགས་པ་མ་སྐྱེས། ནམ་ཡང་སྦྱིན་བདག་མ་བྱས་པར་མ་གྱུར། དེ་ནམ་ཡང་ཚུལ་ཁྲིམས་ཀྱི་དྲེགས་པ་མ་སྐྱེས། ནམ་ཡང་ཚུལ་ཁྲིམས་དང་ལྡན་པ་མ་ཡིན་པར་མ་གྱུར། དེ་ནམ་ ཡང་ཐོས་པས་དྲེགས་པ་མ་སྐྱེས། ནམ་ཡང་མང་དུ་ཐོས་པ་མ་ཡིན་པར་མ་གྱུར། ནམ་ཡང་འདོད་པའི་འདུ་ཤེས་མ་སྐྱེས། ནམ་ཡང་བཙུན་མོའི་འཁོར་གྱིས་མ་བསྐོར་བར་མ་གྱུར། ནམ་ཡང་ཚངས་པར་མི་སྤྱོད་པར་མ་གྱུར་ཏེ། བསམས་མ་ཐག་ཏུ་བུ་རྙེད་པར་གྱུར་ཏོ། ། ནམ་ཡང་ གནོད་སེམས་ཀྱི་འདུ་ཤེས་མ་སྐྱེས། ནམ་ཡང་རྣམ་པར་འཚེ་བའི་འདུ་ཤེས་མ་སྐྱེས་ཏེ། དེ་ལྟར་རྒྱལ་པོ་དེས་ཤུགས་དང་ལྡན་པའི་ཏིང་ངེ་འཛིན་འདི་བསྐྱེད་ནས། བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་རྣམས་དང་གཞན་ཡང་རབ་ཏུ་བསྒྲུབས་སོ། ། འདི་ཇི་སྙམ་དུ་སེམས། འཇམ་ དཔལ་དེའི་ཚེ་དེའི་དུས་ན་རྒྱལ་པོ་བདེ་གནས་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་དེ་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་བདེ་ གནས་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །
BOའཇམ་དཔལ་དེ་ལྟ་བས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་བཙལ་བར་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ། ། འཇམ་དཔལ་ཐེག་པ་ཆེན་པོ་ལ་ཡང་ དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པ་དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་མངོན་པར་འདུས་བྱས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ ཤུགས་རྒྱ་ཆེན་པོ་བསྐྱེད་པར་བྱའོ། ། ། ། བམ་པོ་གཉིས་པ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་ན་རྒྱལ་པོའི་དྲང་སྲོང་ཚངས་པའི་ ལྷ་ཞེས་བྱ་བ་དང་། མེས་བྱིན་ཞེས་བྱ་བ་གཉིས་བྱུང་སྟེ། དེ་གཉིས་གནས་ཤིག་ན་འཁོད་དེ། དེ་དག་དགོན་པ་ནས་དགོན་པར། ནགས་ཚལ་ནས་ནགས་ཚལ་དུ། གཤོང་ནས་གཤོང་དུ།
BOནགས་ཐིབས་པོ་ནས་ཐིབས་པོར་འགྲོ་ཞིང་བདག་ཅག་བུད་མེད་དང་ལྷན་ཅིག་གནས་པར་ གྱུར་ན་བདག་ཅག་འདོད་ཆགས་ཀྱི་རྒྱུ་ལས་བྱུང་བའི་བསླབ་པ་ལས་འགལ་བར་འགྱུར། ཡོངས་སུ་བཟུང་བ་དང་བཅས་པ་དང་ལྷན་ཅིག་ཏུ་འགྲོགས་ན་ཡང་བདག་ཅག་གནོད་སེམས་ཀྱི་རྒྱུ་ལས་བྱུང་བའི་བསླབ་པ་ལས་འགལ་བར་འགྱུར། ཡོངས་སུ་བཟུང་བ་དང་བཅས་པའམ་ཡོངས་སུ་བཟུང་བ་ལ་ ཉེས་པར་མི་ལྟ་བ་དང་ལྷན་ཅིག་འགྲོགས་པར་གྱུར་ན་ཡང་། བདག་ཅག་གཏི་མུག་གི་རྒྱུ་ལས་བྱུང་བའི་བསླབ་པ་ལས་འགལ་བར་འགྱུར་རོ་ཞེས་དེ་ལྟ་བུའི་ཉེས་པ་རྣམས་མཐོང་ནས། དགོན་པ་ནས་དགོན་པར། ནགས་ཚལ་ནས་ནགས་ཚལ། གཤོང་ནས་གཤོང་། ནགས་ཐིབས་ པོ་ནས་ཐིབས་པོར་རྒྱུའོ། ། འཇམ་དཔལ་དེའི་དུས་ན་རྒྱལ་པོ་སྡེ་མི་ཕམ་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་རྒྱལ་པོར་དབང་བསྐུར་བའི་ཚེ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་རྩྭ་དང་། ཤིང་དང་ཆུ་ལ་ཅི་བདེར་སྤྱོད་དུ་གནང་སྟེ། རྗེས་སུ་ཡི་རང་ངོ་ཞེས་ ཚིག་དེ་སྐད་ཅེས་སྨྲས་པས། དྲང་སྲོང་དེ་གཉིས་ཀྱང་རྒྱལ་པོ་སྡེ་མི་ཕམ་པའི་ཡུལ་ཁམས་ན་གནས་སོ། ། དེའི་ཚེ་རྒྱལ་པོ་སྡེ་མི་ཕམ་པ་ལ་ཆོམ་རྐུན་ནོར་འཕྲོག་པས་གནོད་པའི་ལས་བྱས་ཏེ་བྲོས་པ་དང་།
BOདྲང་སྲོང་དེ་དག་གིས་ཆོམ་རྐུན་བྲོས་པ་མཐོང་ངོ་། ། ཆོམ་རྐུན་དེ་ དག་གིས་ཀྱང་དྲང་སྲོང་ནགས་ཀྱི་ནང་ན་གནས་པར་མཐོང་ནས་ཆོམ་རྐུན་དེ་དག་གིས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། ། དྲང་སྲོང་ཁྱེད་ལ་བདག་ཅག་མཐོང་ངམ་ཞེས་ལ་ལ་ཞིག་གིས་དྲིས་ན་ཁྱེད་ཀྱིས་མ་སྟོན་ཅིག ། དེ་ནས་དྲང་སྲོང་ཚངས་པའི་ལྷས་དྲང་སྲོང་མེས་བྱིན་ལ་སྨྲས་ པ། ཀྱེ་མའོ་མེས་བྱིན་བྱུང་བ་འདི་ནི་ཤིན་ཏུ་དཀའ་ན་ཇི་ལྟར་བྱ། གལ་ཏེ་འདི་མ་མཐོང་ངོ་ཞེས་སྨྲས་ན་ནི་གཞན་བསླུས་པར་འགྱུར། ཇི་སྟེ་བསྟན་ན་ནི་གནོད་པ་བྱས་པར་ཡང་འགྱུར་ན། འདི་ཇི་ལྟར་བྱ་ཁྱོད་སྨྲོས་ཤིག ། དེ་སྐད་ཅེས་སྨྲས་པ་དང་། དྲང་སྲོང་མེས་བྱིན་གྱིས་དྲང་ སྲོང་ཚངས་པའི་ལྷ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཚངས་པའི་ལྷ་འདི་ལ་གནོད་པར་འགྱུར་བར་མ་འཛིན་ཅིག ། དེ་ཅིའི་ཕྱིར་ཞེ་ན། ཚངས་པའི་ལྷ་གང་ལ་ལ་དག་ལུས་དང་སྲོག་ལ་ལྟ་བ་དང་བཅས་པར་གནས་པ་དེ་དག་ནི་ཡོངས་སུ་ཟག་པ་བྱུང་བ་བྱུང་བ་རྣམས་ཀྱིས་སེམས་ཟིན་ ནས་འདུག་གོ། ། ཚངས་པའི་ལྷ་འདི་ལྟ་སྟེ།
BOདཔེར་ན་གོས་སྣུམ་ཅན་ལ་རྡུལ་རེག་ན་ཆགས་པར་འགྱུར་བ་དེ་བཞིན་དུ་ཚངས་པའི་ལྷ་གང་དག་ཁ་ཅིག་ལུས་དང་སྲོག་ལ་ལྟ་བ་དང་བཅས་པར་གནས་པ་དེ་དག་ནི་ཡོངས་སུ་ཟག་པ་བྱུང་བ་བྱུང་བ་རྣམས་ཀྱིས་སེམས་ཀུན་ཏུ་ཟིན་ནས་འདུག་གོ། ། ཚངས་པའི་ལྷ་གང་དག་ཁ་ཅིག་ལུས་དང་སྲོག་ལ་མི་ལྟ་བ་དེ་དག་ལ་ནི་ཡོངས་སུ་ཟག་པ་བྱུང་བ་བྱུང་བ་རྣམས་ཀྱིས་སེམས་ཀུན་ཏུ་ཟིན་ཅིང་འདུག་པར་མི་འགྱུར་རོ། ། ཚངས་པའི་ལྷ་འདི་ལྟ་སྟེ། དཔེར་ན་གོས་ཡོངས་སུ་དག་པ་ལ་རྡུལ་གྱིས་རེག་ཀྱང་སྤྲུགས་མ་ཐག་ཏུ་དེ་མེད་པར་འགྱུར་ བ་དེ་བཞིན་དུ་ཚངས་པའི་ལྷ་གང་དག་ཁ་ཅིག་ལུས་དང་སྲོག་ལ་མི་ལྟ་བ་དེ་དག་ནི་ཡོངས་སུ་ཟག་པ་བྱུང་བ་བྱུང་བ་རྣམས་ཀྱིས་སེམས་ཀུན་ཏུ་ཟིན་ཅིང་གནས་པར་མི་འགྱུར་རོ། ། དེ་བས་ན་ཚངས་པའི་ལྷ་བདག་ཅག་ཀྱང་ལུས་དང་སྲོག་ལ་མི་བལྟ་བར་བྱའོ། ། ཚངས་པའི་ལྷ་གལ་ཏེ་བདག་ ཅག་ལུས་དང་སྲོག་ལ་མ་བལྟས་ན་བདག་ཅག་ཡོངས་སུ་ཟག་པ་འབྱུང་བ་དེས་སེམས་ཟིན་ནས་གནས་པར་མི་འགྱུར་རོ། ། ཀྱེ་ཚངས་པའི་ལྷ་ལུས་དང་སྲོག་ལ་ལྟ་བ་དང་བཅས་པའི་བརྟུལ་ཞུགས་འགྲུབ་བོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀའ་མ་སྩལ་ཏོ། །
BOདེ་ ནས་དྲང་སྲོང་ཚངས་པའི་ལྷ་ལ་དྲང་སྲོང་མེས་བྱིན་གྱིས་ལུས་དང་སྲོག་ལ་མི་ལྟ་བ་བསྟན་པས་ལུས་དང་སྲོག་ལ་མི་ལྟ་བ་རྙེད་དོ། ། དེ་ནས་རྒྱལ་པོ་སྡེ་མི་ཕམ་པས་ཆོམ་རྐུན་དེ་དག་ཚོལ་ཞིང་ནགས་སྟུག་པོ་དེར་ཕྱིན་ཏེ། རྒྱལ་པོ་སྡེ་མི་ཕམ་པས་ནགས་སྟུག་པོའི་ནང་ན་དྲང་སྲོང་དེ་དག་གནས་ པ་མཐོང་ངོ་། ། མཐོང་ནས་དྲང་སྲོང་དེ་དག་ག་ལ་བ་དེར་སོང་སྟེ། མི་ཁ་ཅིག་ནགས་སྟུག་པོ་དེར་ཆོམ་རྐུན་ཚོལ་དུ་བཀྱེའོ། ། དེ་ནས་རྒྱལ་པོ་སྡེ་མི་ཕམ་པས་དྲང་སྲོང་དེ་དག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་ པོ་སྡེ་མི་ཕམ་པས་དྲང་སྲོང་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། ། དྲང་སྲོང་ཁྱེད་གཉིས་ཀྱིས་ཆོམ་རྐུན་ནགས་སྟུག་པོ་འདིའི་ནང་དུ་འོངས་པའམ་ཕྱིར་བྱུང་བ་ལྟ་མཐོང་ངམ། དེ་སྐད་ཅེས་སྨྲས་པ་དང་། དྲང་སྲོང་དེ་གཉིས་ཀྱིས་རྒྱལ་པོ་སྡེ་མི་ཕམ་པ་ལ་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་བདག་ཅག་གིས་བདག་ཉིད་ཀྱང་མི་མཐོང་ན་ཆོམ་རྐུན་ལྟ་ག་ལ་མཐོང་། རྒྱལ་པོ་སྡེ་མི་ཕམ་པ་དང་དྲང་སྲོང་དེ་དག་གཏམ་འདི་བྱས་པ་དང་། རྒྱལ་པོའི་མི་དེ་དག་གིས་ཆོམ་རྐུན་དེ་དག་ཟིན་ཏེ།
BOདེ་དག་གིས་དེ་དག་ཟིན་ནས་རྒྱལ་པོ་སྡེ་མི་ཕམ་པ་ག་ལ་བ་དེར་འོངས་ཏེ་ཕྱིན་ ནས་འདི་སྐད་ཅེས་སྨྲས་སོ། ། ཆོམ་རྐུན་དེ་དག་བཟུང་སྟེ་མཆིས་པ་འདི་ལགས་ཞེས་བྱས་སོ། ། དེ་ནས་རྒྱལ་པོ་སྡེ་མི་ཕམ་པས་དྲང་སྲོང་དེ་གཉིས་ཀྱིས་སྨྲས་པའི་དོན་ཁོང་དུ་མ་ཆུད་ནས་དྲང་སྲོང་དེ་གཉིས་ལ་སྨྲས་པ། ཁྱེད་ནི་{བརྫུན་,རྫུན་}ཟེར་བ་ཡིན་ཏེ། དྲང་སྲོང་མ་ཡིན་ནོ་ཞེས་དེ་ གཉིས་ཀྱི་རྐང་པ་དང་ལག་པ་གཅོད་དུ་བཅུག་གོ། ། འོན་ཀྱང་དྲང་སྲོང་དེ་དག་གིས་གཞན་ལ་གནོད་པ་མ་བྱས་སོ། ། དེ་ནས་ཡང་དྲང་སྲོང་མེས་བྱིན་རྐང་ལག་བཅད་པ་དང་། རྒྱལ་པོ་སྡེ་མི་ཕམ་པ་ལ་འདི་སྐད་སྨྲས་སོ། ། ཀྱེ་རྒྱལ་པོ་ཁྱོད་ཉིད་ལ་བདག་ཀུན་དུ་ བཙལ་ན་རྒྱལ་པོ་སྡེ་མི་ཕམ་པ་ཞེས་བྱ་བའི་རྒྱལ་པོ་གང་ཡིན་ཅི་མིག་རྒྱལ་པོ་སྡེ་མི་ཕམ་པའམ། འོན་ཏེ་རྒྱལ་པོ་སྡེ་མི་ཕམ་པ་མིག་ལས་གཞན་ནམ། ཅི་རྒྱལ་པོ་སྡེ་མི་ཕམ་པ་དེ་རྣ་བའམ། སྣའམ། ལྕེའམ། ལུས་སམ། ཡིད་དམ། འོན་ཏེ་རྒྱལ་པོ་སྡེ་མི་ཕམ་པ་དེ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། རྣམ་པར་ཤེས་པ་ལས་གཞན་ནམ་ཞེས་དྲང་སྲོང་དེས་བདག་མི་དམིགས་པར་བསྟན་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་རྟོག་གོ། །
BOདེ་ནས་རྒྱལ་པོ་སྡེ་མི་ཕམ་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་བདག་ཉིད་མ་དམིགས་ སོ། ། དོན་དམ་པར་བདག་ཉིད་མ་དམིགས་པས་འགྱོད་པ་ཆེན་པོ་དང་ལྡན་པར་འགྱུར་ཏེ། ཉེས་པ་མེད་པའི་དྲང་སྲོང་གིས་བཤད་པའི་དོན་མ་ཤེས་པས་འཕྲལ་དུ་སྡིག་པའི་ལས་བྱས་པ་དེས་ཆོས་ཉིད་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་ འགྱོད་ནས་སའི་ཕྱོགས་དེ་ན་འགྲེ་ཞིང་ལྡོག་གོ། ། དེ་ནས་དྲང་སྲོང་མེས་བྱིན་དེས་རྒྱལ་པོ་སྡེ་མི་ཕམ་པ་འགྱོད་པར་རིག་ནས་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་ཆེན་པོ་ཁྱོད་ཇི་ལྟར་བདག་ཉིད་མི་དམིགས་པ་དེ་བཞིན་དུ་སུའི་རྐང་ལག་བཅད་པ་དེ་ཡང་མི་དམིགས་སོ། ། དེ་ནས་རྒྱལ་ པོ་སྡེ་མི་ཕམ་པ་ལ་དྲང་སྲོང་མེས་བྱིན་གྱིས་སྟོང་པ་ཉིད་བསྟན་པས་ཀུན་ནས་དཀྲིས་པ་དེ་མྱུར་དུ་བསལ་ཏེ། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་མྱུར་དུ་རྟོགས་ནས་དེས་དེ་གཉིས་ལ་སྟོན་པར་འདུ་ཤེས་བསྐྱེད་དོ། ། དྲང་སྲོང་དེ་དག་གིས་དེ་ལ་ཚུལ་ཁྲིམས་ཀྱི་གཏམ་བརྗོད་ དེ། རྒྱལ་པོ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པའི་སེམས་ལ་སྨོན་པ་འགྲུབ་སྟེ།
BOརྒྱལ་པོ་ཆེན་པོ་ཚུལ་ཁྲིམས་སུ་ཡོངས་སུ་དག་པའི་མཐུ་ལ་གཟིགས། རྒྱལ་པོ་ཆེན་པོ་བདེན་པ་དང་། བདེན་པའི་ཚིག་གང་གིས་བསྐལ་པ་བརྗོད་དུ་མེད་པར་ ཡང་སེམས་མ་རུང་བར་བྱས་པར་མི་དྲན་པ་ལྟ་ན་བདེན་པ་དང་བདེན་པའི་ཚིག་དེས་བདག་ཅག་གཉིས་ཀྱི་ལག་པ་གཡས་པ་སྔ་མ་བཞིན་དུ་གྱུར་ཅིག་ཅེས་བྱས་མ་ཐག་ཏུ་བདེན་པའི་བྱིན་གྱི་རླབས་ཀྱིས། དེ་གཉིས་ཀྱི་ལག་པ་གཡས་པ་སྔ་མ་བཞིན་དུ་གྱུར་ཏོ། ། རྒྱལ་པོ་ཆེན་པོ་ བདེན་པ་དང་བདེན་པའི་ཚིག་གང་གིས་བསྐལ་པ་བརྗོད་དུ་མེད་པར་ལུས་ཀྱི་ལས་མ་རུང་བར་བྱས་པར་མི་དྲན་པ་ལྟ་ན། བདེན་པ་དང་བདེན་པའི་ཚིག་དེས་བདག་ཅག་གཉིས་ཀྱི་ལག་པ་གཡོན་པ་སྔ་མ་བཞིན་དུ་གྱུར་ཅིག་ཅེས་བྱས་མ་ཐག་ཏུ་བདེན་པའི་བྱིན་གྱི་རླབས་ཀྱིས། དེ་གཉིས་ཀྱི་ ལག་པ་གཡོན་པ་སྔ་མ་བཞིན་དུ་གྱུར་ཏོ། ། རྒྱལ་པོ་ཆེན་པོ་བདེན་པ་དང་བདེན་པའི་ཚིག་གང་གིས་བསྐལ་པ་བརྗོད་དུ་མེད་པར་འཚོ་བ་མ་རུང་བར་བྱས་པར་མི་དྲན་པ་ལྟ་ན། བདེན་པ་དང་བདེན་པའི་ཚིག་དེས་བདག་ཅག་གཉིས་ཀྱི་རྐང་པ་སྔ་མ་བཞིན་དུ་གྱུར་ཅིག་ཅེས་བྱས་པ་དང་། འདི་ལྟར་དྲང་སྲོང་མེས་བྱིན་དེའི་བདེན་པའི་བྱིན་གྱི་རླབས་ཀྱིས།
BOདྲང་སྲོང་དེ་གཉིས་ཀྱི་རྐང་པ་དང་ལག་པ་སྔ་མ་བཞིན་དུ་གྱུར་ཏོ། ། དེ་ནས་རྒྱལ་པོ་སྡེ་མི་ཕམ་པས་དེ་གཉིས་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱི་རྫུ་འཕྲུལ་མཐོང་ནས་སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། ། དེ་ནས་དྲང་ སྲོང་མེས་བྱིན་གྱིས་བདེན་པའི་བྱིན་གྱིས་བརླབས་ཐོས་པས་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་པར་གྱུར་ཏོ། ། དེ་དེ་ན་འདུག་བཞིན་དུ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་གྱུར་ཏོ། ། དེས་དེ་ཉིད་ ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཚད་མེད་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་མཐོང་སྟེ། ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། ལ་ལ་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར། ལ་ལ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དུ་ མས་སེམས་ཅན་རྣམས་ལ་འདོམས། ལ་ལ་ནི་ཚེའི་འདུ་བྱེད་འདོར། ལ་ལ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་དྲང་སྲོང་མེས་བྱིན་རིམ་གྲོ་དང་བསྙེན་བཀུར་ བྱེད་པ་མཐོང་ངོ་། །
BOདེས་དྲང་སྲོང་མེས་བྱིན་དེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དུ་མས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བསྟན་པ་སེམས་ཅན་རྣམས་ལ་སྟོན་ཅིང་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་བརྗོད་པ་མཐོང་ངོ་། ། དེ་ནས་རྒྱལ་ པོ་སྡེ་མི་ཕམ་པས་དེ་བཞིན་གཤེགས་པ་དེ་རྣམས་དང་སེམས་ཅན་བྱེ་བ་ཁྲག་ཁྲིག་དུ་མ་མཐོང་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་ཤུགས་རྣམས་ཀྱིས་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་ཏེ་བར་སྣང་ལ་འདུག་ནས། དྲང་སྲོང་མེས་བྱིན་དེ་ དང་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་མངོན་པར་བསྟོད་དོ། ། ཇི་ལྟར་དྲི་མེད་མེ་ལོང་དཀྱིལ་འཁོར་ལ། ། ལུས་ལ་མཆིས་པའི་ཉེས་དང་ ཡོན་ཏན་གདའ། ། དེ་བཞིན་ཚུལ་ཁྲིམས་ཡང་དག་དགེ་བ་ལ། ། སེམས་ལ་མཆིས་པའི་ཉེས་དང་ཡོན་ཏན་གདའ། ། འདོད་བཞིན་འབྲས་བུ་འབྱུང་བའི་ཤིང་ཆེན་ལྟར། ། བསམས་པ་བཞིན་དུ་འབྲས་བུ་ཀུན་ཀྱང་སྦྱིན། ། དེ་བཞིན་ཚུལ་ཁྲིམས་ཕུང་པོ་གཙང་དག་ པས། ། བསམས་པ་བཞིན་དུ་འབྲས་བུ་ཀུན་ཀྱང་སྦྱིན། །
BOཇི་ལྟར་ས་ལ་རབ་ཏུ་ལས་བྱས་ཏེ། ། བསམས་པ་བཞིན་དུ་སྣོད་ཀྱི་རྣམ་པར་གྱུར། ། དེ་བཞིན་ཚུལ་ཁྲིམས་ཕུང་པོ་ཡོངས་སྦྱངས་པས། ། བསམས་པ་བཞིན་དུ་ཡོན་ཏན་ཐམས་ཅད་སྦྱིན། ། ཇི་ལྟར་ཡིད་བཞིན་ ནོར་བུ་བྱི་དོར་བགྱིས། ། བསམས་པ་བཞིན་དུ་ལོངས་སྤྱོད་སྣ་ཚོགས་སྦྱིན། ། དེ་བཞིན་ཚུལ་ཁྲིམས་ཕུང་པོ་བྱི་དོར་བགྱིས། ། བསམས་པ་བཞིན་དུ་ཡོན་ཏན་ཐམས་ཅད་སྦྱིན། ། རྒྱལ་སྲས་རྣམས་ཀྱིས་ཐོག་མར་སྤྱད་གསུངས་པ། ། ཚུལ་ཁྲིམས་ཡོངས་དག་ཐོག་མའི་ རྐང་པ་སྟེ། ། རྒྱལ་བ་རྣམས་ནི་དྲི་མེད་རྐང་པ་དེས། ། བྱང་ཆུབ་ཞི་བ་མཆོག་རྣམས་ཡང་དག་གྲུབ། ། ཇི་ལྟར་ཤིང་རྒྱལ་ནྱ་གྲོ་གཞོན་ནུ་འདིར། ། ས་གཞི་མཉམ་པར་བཙུགས་ཤིང་རབ་བསྐྱེད་ན། ། ཡལ་ག་བྱུང་ཞིང་མངོན་པར་རབ་ཏུ་སྐྱེ། ། མེ་ཏོག་འབྲས་བུར་ལྡན་ཞིང་ ཁྱད་པར་འཛིན། ། དེ་བཞིན་ཚུལ་ཁྲིམས་ཕུང་པོར་སུ་གནས་པ། ། རྒྱལ་བའི་སྲས་དེ་ཡོན་ཏན་རྣམས་ཀྱིས་སྐྱེ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདིར་རེག་ནས། ། འགྲོ་བ་སྡུག་བསྔལ་རྣམས་ལས་ཐར་བྱེད་འགྱུར། ། ཚུལ་ཁྲིམས་ལྡན་པས་དཔལ་དང་གཟི་བརྗིད་རྙེད། ། ཚུལ་ཁྲིམས་ལྡན་པ་གཟུགས་རབ་མཛེས་པར་འགྱུར། ། ཚུལ་ཁྲིམས་དག་ལ་རྒྱལ་སྲས་རྟག་དགའ་བ།
BO། རྙེད་པར་དཀའ་བའི་ཆོས་ཀྱང་རབ་ཏུ་སྐྱེད། ། སྤྱོད་པ་ཡོངས་དག་ཚུལ་ཁྲིམས་ཀུན་སྤྱོད་པ། ། དྲི་མེད་ཁྲིམས་ལྡན་དྲང་སྲོང་མེས་བྱིན་འདི། ། སངས་རྒྱས་ཡོན་ཏན་ མངའ་བ་བརྒྱ་དག་གིས། ། ཀུན་ཏུ་བསྟོད་པ་མཛད་པར་བདག་གིས་མཐོང་། ། ཚུལ་ཁྲིམས་ཡོངས་དག་ཀུན་དུ་སྤྱོད་པ་ལ། ། སངས་རྒྱས་བརྒྱས་ནི་མངོན་པར་བསྟོད་གྱུར་དང་། ། ཇི་ལྟར་བདག་གི་སློབ་དཔོན་མེས་བྱིན་ལ། ། སངས་རྒྱས་བརྒྱ་ཡིས་མངོན་པར་བསྟོད་ པ་ལྟར། ། དེ་བཞིན་ཚུལ་ཁྲིམས་གཟི་བརྗིད་ལྡན་པ་བདག ། ལེགས་པར་སྤྱད་པ་བརྒྱ་ཡིས་མངོན་པར་བསྟོད། ། སྐྱེས་ནས་བདག་གི་ཁྲིམས་སྟོབས་གདུང་མེད་དེ། ། རིམས་ནད་བཏབ་པ་གསོ་བ་བྱས་པ་བཞིན། ། དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། ། ཕྱོགས་བཅུའི་འཇིག་རྟེན་བཞུགས་པའི་བདེ་བར་གཤེགས། ། བྱེ་བ་ཁྲག་ཁྲིག་མང་པོ་རྒྱུ་བ་དང་། ། ཚུལ་ཁྲིམས་བསྔགས་པ་ཡོངས་སུ་བརྗོད་པ་མཐོང་། ། དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། ། བདེ་གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས། ། བླ་ མེད་བྱང་ཆུབ་རིམ་པར་སངས་རྒྱས་ཏེ། ། བདུད་རྣམས་བྱེ་བ་ཁྲག་ཁྲིག་བཏུལ་བ་མཐོང་། ། དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། །
BOབདེ་གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས། ། དགྲ་བཅོམ་བསྟོད་ཅིང་མཚུངས་མེད་འཁོར་ལོ་མཆོག ། འགྲོ་ལ་ཕན་ ཕྱིར་རྒྱལ་བས་བསྐོར་བ་མཐོང་། ། དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། ། བདེ་གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་དག ། སྐྱེ་བོ་མུན་པས་བསྒྲིབས་ཤིང་མི་མཁས་པ། ། བདེ་གཤེགས་སྡུག་བསྔལ་བརྒྱ་ལས་འགྲེལ་བ་མཐོང་། ། དྲི་མེད་ཚུལ་ཁྲིམས་གནས་ པས་བདག་གིས་ཀྱང་། ། བདེ་གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས། ། སེམས་ཅན་ཁྲག་ཁྲིག་བཏུལ་ཏེ་མཛད་པ་མཛད། ། བདེ་གཤེགས་དད་པས་བསྒྲལ་ཕྱིར་བཞུགས་པ་མཐོང་། ། དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། ། བདེ་ གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས། ། འགྲོ་བའི་དོན་ཆེན་མཛད་པ་མཛད་ནས་སུ། ། ཡང་འབྱུང་མེད་པར་མྱ་ངན་འདའ་བ་མཐོང་། ། དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། ། བདེ་གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས། ། མྱ་ངན་འདས་ནས་རིང་བསྲེལ་ རབ་རྒྱས་ཤིང་། ། སྐྱེ་བོ་བདེ་བས་མངོན་དུ་ཚིམ་མཛད་མཐོང་། ། དེ་རིང་སློབ་དཔོན་ཁྱོད་ཀྱི་གསུང་ཐོས་ནས། ། བདག་གི་མིག་ཀྱང་བསམ་མི་ཁྱབ་པར་དག ། དེ་ཕྱིར་ཕྱོགས་བཅུ་དག་གི་རྒྱལ་བ་རྣམས། །
BOསྒྲིབ་པ་མེད་པའི་མིག་གི་སྟོབས་ཀྱིས་མཐོང་། ། བདག་གི་ མཚུངས་མེད་ཚུལ་ཁྲིམས་ཡོངས་དག་པས། ། དེ་ལས་བདག་གི་སྒྲིབ་མེད་མིག་འདི་སྐྱེས། ། ཚུལ་ཁྲིམས་ཕུང་པོ་ཡོངས་སུ་སྦྱངས་པ་ལས། ། སྒྲིབ་པ་མེད་པའི་མིག་ནི་བདག་གིས་ཐོབ། ། འདི་ལྟར་ཐལ་སྦྱར་སློབ་དཔོན་མཆོག་ཁྱོད་ལ། ། གང་གི་མཐུ་ཆེ་བ་ནི་དེ་འདྲ་ བ། ། དེ་ལ་ཐལ་མོ་མངོན་སྦྱར་ཕྱག་འཚལ་ཅིང་། ། མཚུངས་མེད་རྡུལ་བྲལ་བྱང་ཆུབ་རེག་པར་བགྱི། ། དེ་ནས་རྒྱལ་པོ་སྡེ་མི་ཕམ་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་དེ་རྙེད་པས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་རབ་ཏུ་ བསྔགས་པར་གྱུར་ཏོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་རྙེད་པས་ཕྱོགས་བཅུ་མུན་པ་མེད་པར་གྱུར་ཏོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་མཐོང་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་ པ་དེ་དག་ཐམས་ཅད་ཀྱང་ལེན་ཅིང་འཛིན་ཏོ། ། དེ་ཚུན་ཆད་ནམས་ཀྱང་དྲན་པ་ཉམས་པར་མ་གྱུར་ཏེ། བསྐལ་པ་བརྗོད་དུ་མེད་པའི་བར་དུ་དུས་ཐམས་ཅད་དུའང་ཐོས་པ་འཛིན་པར་གྱུར་ཏོ། །
BOདེ་ལ་ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་མངོན་དུ་གྱུར་ཏོ། ། འདི་ ལྟར་སྒྲིབ་པ་མེད་པའི་ཆོས་ལ་བཟོད་པ་ཁོང་དུ་ཆུད་ཅིང་སེམས་ལ་ཀུན་ནས་དཀྲིས་པ་མེད་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྐྱེས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་ཚད་མེད་པའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་སྟེ། སངས་རྒྱས་བཅོམ་ ལྡན་འདས་དེ་དག་དང་ལྷན་ཅིག་ཏུ་སྨྲ་ཞིང་གཏམ་ཟེར་ཏེ། འདི་ལྟར་མུན་པ་མེད་པའི་ལུས་དང་ལྡན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བོད་ཅིང་ཡང་དག་པར་མགུ་བར་བྱས་པ་ཡིན་ནོ། ། འཇམ་དཔལ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་མེས་ བྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དྲི་མ་མེད་པའི་སྤྱན་དེ་དེའི་ཚེ་དེའི་དུས་ན་དྲང་སྲོང་མེས་བྱིན་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཚངས་པའི་ལྷ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན། འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །
BOདེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་སྤྱན་མཆོག་དེ་དེའི་ཚེ་དེའི་དུས་ན་དྲང་སྲོང་ཚངས་པའི་ལྷ་ཞེས་བྱ་བར་གྱུར་ཏོ། ། འཇམ་ དཔལ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་སྡེ་མི་ཕམ་པ་ཞེས་བྱ་བ་གང་ཚུལ་ཁྲིམས་ཡོངས་སུ་དག་པ་ཐོས་མ་ཐག་ཏུ་ཀུན་ནས་དཀྲིས་པ་བསལ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྡེ་མི་ཕམ་པ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་མ་ཉམས་པར་བྱའོ། ། ཚུལ་ཁྲིམས་ལ་སྐྱོན་མེད་པ་དང་། ཚུལ་ཁྲིམས་ ཤིན་ཏུ་བསྡམས་པ་དང་། ཚུལ་ཁྲིམས་མ་འདྲེས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་རྫོགས་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཆགས་པར་མི་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་མཆོག་ཏུ་འཛིན་པར་མི་བྱའོ། ། དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་མངོན་དུ་འགྱུར་རོ། །
BOསྒྲིབ་པ་མེད་པའི་རྣམ་པར་ཐར་པ་མངོན་དུ་གྱུར་པས་ཇི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོངས་སུ་ དག་པར་འགྱུར་སྙམ་སེམས་ལ་མི་བྱ་སྟེ། འོན་ཀྱང་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་མངོན་དུ་གྱུར་ན་བསྒྲིམ་མི་དགོས་པར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོངས་སུ་དག་པར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་གྲངས་མེད། བསམ་གྱིས་མི་ཁྱབ་མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་ཡོངས་སུ་དག་པར་འགྱུར་རོ། ། འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་དག་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་པ་མེད་ན་དེའི་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་འགྱུར་ཏེ། དེ་ལྟར་མཆོག་ཏུ་འཛིན་པ་གང་གིས་ཀྱང་ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་པ་མེད་དོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད་པ་ནས་བརྗོད་དུ་མེད་པའི་བར་དུ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ ན་མི་འཆི་བ་ཀུན་དུ་འཕགས་པ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ།
BOའཇམ་དཔལ་མི་འཆི་བ་ཀུན་དུ་འཕགས་པའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་དྲང་སྲོང་མི་འཁྲུགས་པའི་བློ་གྲོས་ཞེས་བྱ་བ་ཞིག་ཡོད་དེ། འཇམ་དཔལ་ཅིའི་ཕྱིར་དྲང་སྲོང་ དེ་མི་འཁྲུགས་པའི་བློ་གྲོས་ཞེས་བྱ་ཞེ་ན། འཇམ་དཔལ་སྔོན་བྱུང་བ་བསྐལ་པ་མི་འཆི་བ་ཀུན་དུ་འཕགས་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བསྐལ་པ་གྲངས་མེད་བརྗོད་དུ་མེད་པ་ན་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་དང་ལྡན་པ་ཞེས་བྱ་བ་བྱུང་སྟེ། དེའི་ཚེའི་ཚད་དཔག་ཏུ་མེད་ དེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་ཅིང་ཚད་མེད་པ་ཡོངས་སུ་དག་པ་དང་ལྡན་ནོ། །
BOཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བ་དང་ལྡན་པ་དེའི་སངས་རྒྱས་ཀྱི་ཞིང་ན་བློ་གྲོས་འབར་བ་ཞེས་བྱ་བ་བྲམ་ཟེའི་རིགས་ཤིང་སཱ་ལ་ ཆེན་པོ་ལྟ་བུ་སངས་རྒྱས་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་ཡོད་དེ། བློ་གྲོས་འབར་བ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལ་མི་ཕྱེད་པའི་གཡོག་སངས་རྒྱས་ཁྲག་ཁྲིག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པའི་བྲམ་ཟེ་ཁྲག་ཁྲིག་ཕྲག་བརྒྱད་ ཅུ་ཡོད་དོ། ། ཡང་འཇམ་དཔལ་བློ་གྲོས་འབར་བ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་དང་ལྡན་པ་དེ་ལ་ལོ་བྱེ་བ་ཁྲག་ཁྲིག་དགུ་བཅུར་མི་འཁྲུགས་པའི་དབྱིངས་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་མི་འཁྲུགས་ པའི་དབྱིངས་མི་འཁྲུགས་པའི་དབྱིངས་ཞེས་གསུངས་ན་བཅོམ་ལྡན་འདས་མི་འཁྲུགས་པའི་དབྱིངས་དེ་གང་ལགས། ཅིའི་སླད་དུ་མི་འཁྲུགས་པའི་དབྱིངས་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་།
BOབཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་དང་ལྡན་པས་བློ་ གྲོས་འབར་བ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་འབར་བ་མི་འཁྲུགས་པའི་དབྱིངས་མི་འཁྲུགས་པའི་དབྱིངས་ཞེས་བྱ་བ་དེ་ནི་འདུས་མ་བྱས་པའི་དབྱིངས་ཀྱི་ཚིག་{བླ་དགས་,བླ་དྭགས་}སོ། ། བློ་གྲོས་འབར་བ་ཅིའི་ཕྱིར་དབྱིངས་དེ་མི་འཁྲུགས་ པའི་དབྱིངས་ཞེས་བྱ་ཞེ་ན། བློ་གྲོས་འབར་བ་འདུས་མ་བྱས་པའི་དབྱིངས་ནི་{སྩོགས་,སོགས་}པ་ཡང་མེད། འབྲི་བ་ཡང་མེད། ལེན་པ་ཡང་མེད། འགོད་པ་ཡང་མེད། ཟད་པ་ཡང་མེད། འགོག་པ་ཡང་མེད། འགྲིབ་པ་ཡང་མེད། འཕེལ་བ་ཡང་མེད། རིགས་ཀྱང་མ་ཡིན། རིགས་མེད་པ་ཡང་མ་ཡིན། འགྱུར་བ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན། འདོར་བ་ཡང་མ་ཡིན། གཟུང་བ་ཡང་མ་ཡིན། གཏོང་བ་ཡང་མ་ཡིན། ཕྲ་བ་ཡང་མ་ཡིན། ཟབ་པ་ཡང་མ་ཡིན། མུན་པ་ཡང་མ་ཡིན། སྣང་བ་ཡང་མ་ཡིན། ཉིན་པར་ཡང་མ་ཡིན། མཚན་མོ་ཡང་མ་ཡིན། རིང་པོ་ཡང་མ་ཡིན། ཐུང་ངུ་ཡང་མ་ཡིན། ཉེ་བ་ཡང་མ་ཡིན། རིང་བ་ཡང་མ་ཡིན། ཡངས་པ་ཡང་མ་ཡིན། དོག་པ་ཡང་མ་ཡིན། གཅིག་པུ་ཡང་མ་ཡིན། ཐུན་མོང་ཡང་མ་ཡིན། གཟུགས་ཀྱང་མ་ཡིན། སྔ་བ་ཡང་མ་ཡིན། འཕྱི་བ་ཡང་མ་ཡིན།
BOའགྲོ་བ་ཡང་མ་ཡིན། འོང་བ་ཡང་མ་ཡིན། འཕོ་བ་ཡང་མ་ཡིན། མི་འཕོ་བ་ཡང་མ་ཡིན། འཆི་འཕོ་བ་ཡང་མ་ཡིན། སྐྱེ་བ་ཡང་མ་ཡིན་ཏེ། དེ་ལྟར་འདུས་མ་བྱས་པའི་དབྱིངས་དེ་ནི་མི་འཁྲུགས་པ་ཞེས་བྱའོ། ། དེའི་ ཕྱིར་དེའི་མིང་མི་འཁྲུགས་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། ། དྲང་སྲོང་མི་འཁྲུགས་པའི་བློ་གྲོས་དེས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་ལ་ཡང་མི་འཁྲུགས་པའི་དབྱིངས་ཀུན་དྲིས་སོ། ། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེས་ལོ་བྱེ་བ་ཁྲག་ཁྲིག་དྲུག་ཅུའི་བར་དུ་མི་འཁྲུགས་པའི་དབྱིངས་དེ་བསྟན་པ་བཤད་དེ། དེས་མི་འཁྲུགས་པའི་དབྱིངས་ཐོས་མ་ཐག་ཏུ་འདི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་རྙེད་དེ། དེ་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཀྱིས་ནམ་མཁའ་ལ་ཏ་ལ་བདུན་སྲིད་དུ་འཕགས་ ནས་དྲང་སྲོང་མི་འཁྲུགས་པའི་བློ་གྲོས་དེ་བར་སྣང་ལ་འདུག་སྟེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་བརྗོད་པ་མཐོང་ངོ་། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ དཔག་ཏུ་མེད་པ་ཡང་མཐོང་ངོ་། །
BOདེ་བཞིན་གཤེགས་པ་རེ་རེའི་འཁོར་རེ་རེ་ན་ཡང་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་དཔག་ཏུ་མེད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཡོངས་སུ་རྫོགས་པར་འགྱུར་བ་དང་། མི་འཁྲུགས་པའི་དབྱིངས་ལ་གནས་པ་ དང་། མི་སྐྱེ་བའི་ཆོས་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཚད་མེད་པ་རྣམས་མཐོང་ངོ་། ། དེ་བཞིན་གཤེགས་པ་རེ་རེའི་ཆོས་བསྟན་པ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཡོངས་སུ་རྫོགས་པར་འགྱུར་བ་དང་། མི་འཁྲུགས་པའི་དབྱིངས་ལ་གནས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ངེས་པའི་སྟོབས་བསྐྱེད་པ་ལ་ཞུགས་པ་དང་། ངེས་པའི་སྟོབས་བསྐྱེད་པའི་རྗེས་སུ་འཇུག་པ་མཐོང་ངོ་། ། མཐོང་ ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། ། བདེ་གཤེགས་ཆོས་ཚུལ་ཇི་བཞིན་ཐོས་ནས་སུ། ། མི་མཆོག་བདག་གིས་བཟོད་པ་ཞི་བ་རྙེད། ། བགྱིད་པོ་གང་ ཡང་མ་མཆིས་བགྱིད་མ་མཆིས། །
BOཆོས་ཉིད་དག་ལ་གནས་པར་ཐེ་ཚོམ་བྲལ། ། བདག་གིས་འཇིག་རྟེན་རིག་ཁྱོད་གསུང་ཐོས་ནས། ། ཆོས་འདི་ཐམས་ཅད་ནམ་མཁའི་དབྱིངས་འདྲར་འཚལ། ། བདག་གིས་རིང་ནས་སྟོར་རྙེད་འཐུན་བགྱིས་ཏེ། ། གཏེར་ཆེན་ཇི་ལྟར་ ཡུན་རིང་སྟོན་པ་བཞིན། ། དེང་བདག་བཟོད་པའི་ཤུགས་ནི་རྒྱ་ཆེན་སྐྱེས། ། ཆོས་ཀྱི་ཚུལ་ནི་ཡང་དག་ཇི་བཞིན་འཚལ། ། དེ་རིང་བདག་གིས་ཐེ་ཚོམ་དོགས་ཀུན་སྤངས། ། འཇིག་རྟེན་མཁྱེན་པ་ཁྲག་ཁྲིག་མཐའ་ཡས་མཐོང་། ། ཇི་ལྟར་བྱ་རྣམས་སྒོ་ང་འཕྲུགས་ནས་ནི། ། སྒོ་ ངའི་སྟེང་ངམ་ཞབས་སུ་མཆུས་བརྟོལ་ཏེ། ། རང་གི་སྒོ་ང་བཅག་ནས་བྱུང་བ་བཞིན། ། བདེ་གཤེགས་ཁྱོད་གསུང་ཐོས་ནས་བདག་ཀྱང་བྱུང་། ། བདག་གིས་ཇི་ལྟར་འདོད་པའི་ས་ཀུན་བོར། ། འཇིག་རྟེན་མཁྱེན་པ་ཁྲག་ཁྲིག་མཐའ་ཡས་མཐོང་། ། རྒྱལ་བ་བྱེ་བ་མཐའ་ཡས་བཟོད་ སྟོབས་གནས། ། བདེ་གཤེགས་ཡེ་ཤེས་མངའ་བས་བདག་ལུང་བསྟན། ། བདེ་གཤེགས་མཐའ་ཡས་ཕྱོགས་བཅུའི་འཇིག་རྟེན་ན། ། རྒྱལ་སྲས་ལུང་བསྟན་དེ་དག་དེ་བཞིན་སྟོན། ། བཟོད་སྟོབས་རྙེད་པས་སེང་གེའི་སྒྲ་སྒྲོག་པ། ། ནམ་མཁའི་བྱ་ལམ་འདིར་མཆིས་ བདག་གིས་མཐོང་། ། ནམ་མཁའ་འདི་ལ་མཆིས་ནས་བདག་གིས་ཀྱང་། །
BOརྒྱལ་བ་བདེ་བར་གཤེགས་པ་མཐའ་ཡས་ཀྱིས། ། བཟོད་ཐོབ་སྲས་ལ་བདེ་གཤེགས་རང་བྱུང་འགྱུར། ། སྐྱེ་བོ་བདུད་ཞགས་འགྲོལ་ཞེས་ལུང་སྟོན་མཐོང་། ། ནམ་མཁའི་བྱ་ལམ་འདིར་ མཆིས་བདག་གིས་ཀྱང་། ། བདེ་གཤེགས་བྱེ་བ་ཁྲག་ཁྲིག་མཐའ་ཡས་རྣམས། ། དགྲ་ཡི་ཚོགས་བཅོམ་ཀུན་མཁྱེན་ལེགས་འཆང་སྲས། ། འགྲོ་མགོན་ཟིལ་མི་ནོན་འགྱུར་ལུང་སྟོན་མཐོང་། ། བདག་གིས་རྒྱལ་སྲས་སྤྱད་པ་སྤྱོད་པ་དག ། འགྲོ་ ཕན་བྱང་ཆུབ་རྡུལ་མེད་བཙལ་སླད་དུ། ། རྒྱལ་སྲིད་རིན་ཆེན་མགོ་མིག་གཏོང་བ་དང་། ། མཐུ་རྙེད་བརྟན་པ་ཐུབ་པའི་ཁུར་ཁྱེར་མཐོང་། ། རྒྱལ་སྲས་དགའ་ལྡན་གནས་ནས་ཤི་འཕོས་ཏེ། ། ལྷ་ཡི་བུ་མོ་བརྒྱ་ཡིས་གླུ་བླངས་ཤིང་། ། བཀྲ་ཤིས་བཅས་པའི་དབྱངས་ཀྱིས་མངོན་ བསྟོད་ནས། ། རྒྱལ་རིགས་དྲང་སྲོང་བྲམ་ཟེའི་རིགས་སྐྱེ་མཐོང་། ། བདག་གིས་རྒྱལ་སྲས་ཟླ་བཅུ་མངལ་གནས་པ། ། ལྷ་ཡི་གནས་ན་ལྷ་ཡི་བུ་བཞིན་དུ། ། སྙིང་རྗེས་ཆོས་སྟོན་ལྷ་རྣམས་རབ་ཏུ་འདུལ། ། མངལ་ན་གནས་པ་མི་ཡིས་མངོན་མཆོད་མཐོང་། ། བདག་གིས་རྒྱལ་ སྲས་ཡུམ་གྱི་ལྷུམས་ནས་སུ། ། ལྷ་རྣམས་ཀྱིས་ཀྱང་མངོན་པར་མཆོད་ཅིང་བྱུང་། ། སེམས་དགེ་བས་ན་མི་གཙང་རྡུལ་མི་ཆགས། །
BOརིན་ཆེན་ཉེས་པས་མི་གོས་བཞིན་དུ་མཐོང་། ། བདག་གིས་རྒྱལ་སྲས་རྒྱལ་སྲིད་རིན་ཆེན་བདུན། ། བརྒྱ་ཕྲག་བཅུ་པོ་བུ་ཡི་ཚོགས་རྣམས་དང་། ། རྟ་དང་གླང་པོས་གང་བའི་ས་སྤངས་ཏེ། ། བདུད་ཀྱི་ཞགས་བཅད་མངོན་པར་བྱུང་བ་མཐོང་། ། བདག་གིས་རྒྱལ་སྲས་འགྲོ་ལ་སྨན་སླད་དུ། ། ཁྲག་ཁྲིག་བདུད་རྣམས་ཟིལ་མནན་བྱང་ཆུབ་རེག ། ཉོན་མོངས་རིང་བསགས་རྣམ་མང་དཔའ་བོས་སྤངས། ། བདེ་གཤེགས་ཉི་མ་བཞིན་ དུ་ལྷན་པ་མཐོང་། ། བདག་གིས་རྒྱལ་སྲས་རང་གིས་ཉོན་མོངས་བཏུལ། ། མཚུངས་མེད་དམ་པ་ཆོས་ཀྱི་འཁོར་ལོ་བསྐོར། ། ལྷ་མི་སེམས་ཅན་ཁྲག་ཁྲིག་རྣམས་བཏུལ་ཞིང་། ། ཟད་མཐར་འགྲོ་བ་ལན་གསུམ་སྐོར་བ་མཐོང་། ། བདག་གིས་རྒྱལ་བ་སྟོང་ཕྲག་མཐའ་ཡས་ པ། ། རྒྱལ་བའི་ཞིང་རྣམས་རྒྱུ་ཞིང་སེམས་ཅན་འདུལ། ། འགྲོ་ལ་སྨན་སླད་འགྲོ་བ་སྟོང་པར་མཛད། ། པད་མ་ཉི་བཞིན་སེམས་ཅད་སད་མཛད་མཐོང་། ། བདག་གིས་རྒྱལ་བ་སྟོང་ཕྲག་མཐའ་ཡས་པ། ། སེམས་ཅན་བཏུལ་ནས་སངས་རྒྱས་མཛད་པ་མཛད། ། ལྕེ་སྟེང་ བྱུང་བའི་མཆིལ་མ་མིས་བོར་བཞིན། ། དེ་བཞིན་གཤེགས་ཚོགས་གནས་སུ་འདོར་བ་མཐོང་། ། བདག་གིས་སངས་རྒྱས་སྟོང་ཕྲག་མཐའ་ཡས་པ། ། ཞི་བར་འགྲོ་བ་མེ་ལ་ཆུས་བཏབ་བཞིན། །
BOའགྲོ་བ་སྡུག་བསྔལ་ཁུར་སྐྱོ་མྱ་ངན་བཟླས། ། སྟོབས་བཅུ་ཉོན་མོངས་ཀུན་སྤངས་ འདས་པ་མཐོང་། ། བདག་གིས་རྒྱལ་བ་སྟོང་ཕྲག་མཐའ་ཡས་པ། ། འགྲོ་ལ་སྨན་དོན་མཛད་ཅིང་སྐུ་གདུང་བྲལ། ། མྱ་ངན་འདས་ཀྱང་སྐྱེ་བོ་མྱ་ངན་ཟློ། ། མྱ་ངན་འདས་ཀྱང་བསྟན་པ་རྗོད་པ་མཐོང་། ། དེ་ལྟར་འགྲོ་ལ་སྨན་སླད་སྐྱབས་སུ་མཆི། ། དགེ་བ་བསགས་པ་འདི་ ཡིས་སངས་རྒྱས་གྱུར། ། བདག་ཉིད་གྲོལ་ནས་སེམས་ཅན་ཁྲག་ཁྲིག་དགྲོལ། ། མགོན་མེད་བདུད་ཞགས་བཅིངས་པ་ཞི་བར་བགྱི། ། དེ་ནས་དྲང་སྲོང་མི་འཁྲུགས་པའི་བློ་གྲོས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམ་པར་སྣང་མཛད་དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་མངོན་པར་བསྟོད་ནས། དགེ་བའི་རྩ་བ་དེས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་གཏི་མུག་པར་མ་གྱུར། ནམ་ཡང་འདོད་པ་མ་སྤྱད། ནམ་ ཡང་བུད་མེད་ཀྱི་དབང་དུ་མ་གྱུར། ནམ་ཡང་བདུད་ཀྱི་སྤྱོད་ཡུལ་ལ་མ་སྤྱད། ནམ་ཡང་མངལ་གྱི་གནས་སུ་མ་ཞུགས། རྟག་ཏུ་རྒྱུན་མི་འཆད་པར་རྫུས་ཏེ་སྐྱེས། ནམ་ཡང་བདུད་ཀྱི་ལས་ཀྱིས་མ་བསྒྲིབས།
BOནམ་ཡང་བདུད་ཀྱི་ལས་ཀྱི་དབང་དུ་འགྲོ་བར་མ་གྱུར། ནམ་ ཡང་བྱང་ཆུབ་ཀྱི་སེམས་དང་བྲལ་བར་མ་གྱུར། ནམ་ཡང་འཁོར་བས་སྐྱོ་བའི་སེམས་མ་བསྐྱེད། སེམས་ཅན་ཐམས་ཅད་ལ་ཕན་པ་དང་ལྡན་པ་མ་ཡིན་པ་ནམ་ཡང་ཕན་པ་མེད་པའི་སེམས་མ་བསྐྱེད་དོ། ། བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་སངས་རྒྱས་དང་བྲལ་བའི་ཡིད་ ལ་བྱེད་པ་མ་བསྐྱེད། ནམ་ཡང་ཆགས་པ་དང་ལྡན་པའི་ཡིད་ལ་བྱེད་པ་མ་བསྐྱེད། བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་སྐྱེ་བ་དང་ལྡན་པའི་ཡིད་ལ་བྱེད་པ་མ་བསྐྱེད། ནམ་ཡང་འབྱུང་བ་མ་བཙལ། ནམ་ཡང་ཐམས་ཅད་མཁྱེན་པའི་སེམས་དང་བྲལ་བར་མ་གྱུར། ནམ་ཡང་དམན་པའི་སེམས་དང་ལྡན་པར་མ་གྱུར། ནམ་ཡང་ཐམས་ཅད་མཁྱེན་པ་ཡིད་ལ་བྱེད་པ་དང་བྲལ་བར་མ་གྱུར། ནམ་ཡང་དགེ་བའི་བཤེས་གཉེན་དང་བྲལ་བར་མ་གྱུར། ནམ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་པར་མ་གྱུར། ནམ་ཡང་ དགེ་བའི་བཤེས་གཉེན་དང་མི་ལྡན་པར་མ་གྱུར། ནམ་ཡང་དགེ་བའི་བཤེས་གཉེན་རྣམས་ལ་དངོས་པོར་མ་དམིགས། དེ་ནམ་ཡང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཐ་དད་པར་མ་བསམས། དེས་ནམ་ཡང་དུས་གསུམ་མཉམ་པ་ལས་ལམ་ལོག་པར་མ་བསྟེན། དེས་ནམ་ཡང་དུས་གསུམ་དམིགས་པར་མ་གྱུར་ཏོ། །
BOའཇམ་དཔལ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་མི་འཁྲུགས་པའི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན། འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་དྲང་སྲོང་མི་འཁྲུགས་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏེ། དེ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱད་པས་ཇི་ལྟར་ངས་བརྗོད་པ་བཞིན་དུ་དེ་ཙམ་དུ་རྒྱ་ཆེར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་སོ། ། འཇམ་དཔལ་དེ་ ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་རྒྱ་ཆེར་ཡོངས་སུ་སྤྱོད་པར་འདོད་པས་སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་ཕྱིར་རྩོམ་པ་མི་འདོར་རོ། ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་མོས་པར་བྱའོ། ། ཡང་འཇམ་དཔལ་དེ་བཞིན་གཤེགས་པ་དོན་ ཐམས་ཅད་གྲུབ་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་དཔག་ཏུ་མེད་པ་རྒྱ་ཆེན་པོ་མངོན་པར་འདུས་བྱས་སོ། །
BOབརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་དཔག་ཏུ་མེད་ཅིང་རྒྱ་ ཆེན་པོ་བསྐྱེད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པ་ནས་བརྗོད་དུ་མེད་པའི་བར་དུ་རྒྱ་ཆེན་པོ་མངོན་པར་འདུས་བྱས་སོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་བསམ་གྱིས་མི་ ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་རྒྱ་ཆེན་པོ་བསྐྱེད་དོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་ན་རིན་ཆེན་བྱུང་བ་ཞེས་བྱ་བའི་བསྐལ་ པ་ལ་དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བཟང་པོའི་ལྷ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཇམ་ དཔལ་དེ་བཞིན་གཤེགས་པ་བཟང་པོའི་ལྷ་དེའི་ཚེའི་ཚད་ནི་བསྐལ་པ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་གྱུར་ཏོ། །
BOའཇམ་དཔལ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་བཟང་པོའི་ལྷའི་གསུང་རབ་ལ་དགེ་སློང་མོས་པའི་བློ་གྲོས་ཞེས་བྱ་བ་ཞིག་བྱུང་སྟེ། ཤིན་དུ་རྟོགས་པ་དང་ལྡན་ པ། ཤིན་དུ་བློ་གྲོས་དང་ལྡན་པ། ཤིན་དུ་དྲན་པ་དང་ལྡན་པ། ཤིན་དུ་བརྩོན་འགྲུས་དང་ལྡན་པ། ཤིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་བསྐྱེད་པ་རྙེད་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་སྟེ། གཟུགས་ བཟང་བ་མཛེས་པ། བལྟ་ན་སྡུག་པ། དེ་བཞིན་གཤེགས་པ་བཟང་པོའི་ལྷ་དེ་མ་གཏོགས་པར་སངས་རྒྱས་ཀྱི་ཞིང་དེ་ན་མོས་པའི་བློ་གྲོས་ཇི་ཙམ་དུ་མཛེས་པ་དེ་ཙམ་གྱིས་མཛེས་པའི་སེམས་ཅན་སུ་ཡང་མེད་དེ། དེ་བལྟ་བས་ཆོག་མི་ཤེས་པ་སངས་རྒྱས་ཁྲག་ཁྲིག་དཔག་ཏུ་ མེད་པ་ལ་བསྙེན་བཀུར་བྱས་པ། ཡོངས་སུ་སྦྱང་བ་བྱས་པ། ཚད་མེད་པའི་ཆོས་ཉིད་ལས་ངེས་པར་བྱུང་བ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བཞི་རྙེད་དེ། འདོད་པ་བཞིན་རྙེད་ཅིང་ཉོན་མོངས་པ་མེད་པར་རྙེད། ཚེགས་མེད་པར་རྙེད་ནས་འདྲིས་པར་བྱས་ཏེ། རེ་ ཞིག་ནི་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་སེམས་མི་འཇུག་གོ། །
BOསྟོབས་བཅུའི་ཕ་རོལ་ཏུ་སོན་པས་འདོད་ན་སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་སུ་འགྲོའོ། ། དེ་ནས་དགེ་སློང་མོས་པའི་བློ་གྲོས་དེ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཟང་པོའི་ལྷ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་བཟང་པོའི་ལྷའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་ གཅིག་ཏུ་འདུག་ནས་ཀྱང་དགེ་སློང་མོས་པའི་བློ་གྲོས་དེས་དེ་བཞིན་གཤེགས་པ་བཟང་པོའི་ལྷ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གཟིངས་ཆེན་པོ་བཅའ་བར་འཚལ་བ་དང་ཟམ་པ་ཆེན་པོ་གདགས་པར་འཚལ་བ་དང་། འཁོར་བའི་རྒྱ་མཚོ་ལས་རྒལ་བར་འཚལ་བ་དང་། སེམས་ཅན་ཐམས་ཅད་བསྒྲལ་བར་འཚལ་བ་དང་། སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་ཡོངས་སུ་སྦྱང་བར་འཚལ་བ་དང་། སངས་རྒྱས་ཀྱི་ཞིང་གྲངས་མ་མཆིས། བསམ་གྱིས་མི་ཁྱབ། མཚུངས་པ་མ་མཆིས། གཞལ་དུ་མ་མཆིས། བརྗོད་དུ་མ་མཆིས་པ་ཡོངས་སུ་སྦྱང་ བར་འཚལ་བ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ཡོངས་སུ་དག་པ་བསྒྲུབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ལ་བརྩོན་པར་བགྱི།
BOདེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་བཟང་པོའི་ལྷས་དགེ་སློང་མོས་པའི་བློ་གྲོས་དེ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། ། དགེ་སློང་དེ་དག་དང་ཡོན་ཏན་ཚད་མེད་པ་གཞན་ཡང་བསྒྲུབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམ་མོ། ། མཚན་མོར་འདུ་ཤེས་ཡིད་ལ་མི་བྱེད་པ་ དང་། ཉིན་པར་འདུ་ཤེས་དང་། གྲང་བར་འདུ་ཤེས་དང་། དྲོ་བར་འདུ་ཤེས་དང་། བཀྲེས་པར་འདུ་ཤེས་དང་། ཟས་སུ་འདུ་ཤེས་དང་། སྐོམ་དུ་འདུ་ཤེས་དང་། བཏུང་བར་འདུ་ཤེས་དང་། གོས་སུ་འདུ་ཤེས་པ་ཡིད་ལ་མི་བྱེད་པ་དང་། སྟོབས་སུ་འདུ་ཤེས་པ་ ཡིད་ལ་མི་བྱེད་ཅིང་འདུ་ཤེས་ཐམས་ཅད་ཡིད་ལ་མི་བྱེད་པར་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་མངོན་དུ་བྱས་ཏེ་བརྩོན་འགྲུས་བརྩམ་མོ། ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་ཏེ། དེས་བརྩོན་འགྲུས་བརྩམས་ན་སྒྲིབ་པ་མེད་ པའི་རྣམ་པར་ཐར་པ་མངོན་དུ་འགྱུར་རོ། །
BOསྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམས་ཡོངས་སུ་དག་པར་འགྱུར་རོ། ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་བར་དུ་ ཡོངས་སུ་དག་པར་འགྱུར་རོ། ། དེ་ནས་དགེ་སློང་མོས་པའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པ་བཟང་པོའི་ལྷ་དེས་དེ་བཞིན་དུ་བསྟན་ཅིང་གདམས་ནས་དེས་འདུ་ཤེས་ཐམས་ཅད་ཡིད་ལ་མ་བྱས་ཏེ། ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་རྟོགས་པར་བྱ་བའི་ཕྱིར་བསྐལ་པ་ཁྲག་ཁྲིག་ཕྲག་ བརྒྱད་ཀྱི་བར་དུ་བརྩོན་འགྲུས་བརྩམས་ནས་སྤྱོད་དོ། ། དེ་ནས་བསྐལ་པ་ཁྲག་ཁྲིག་ཕྲག་བརྒྱད་འདས་པ་དང་། ། དེ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་རབ་ཏུ་གནས་པར་གྱུར་ནས། བྱང་ཆུབ་སེམས་དཔའི་དབང་བཅུས་ངེས་པར་བྱུང་སྟེ། དེས་སྤྲུལ་པ་ཁྲག་ཁྲིག་ཚད་མེད་པ་མངོན་ པར་སྤྲུལ་ནས་ལྷ་ལ་དད་པ་རྣམས་ལ་ལྷར་མངོན་པར་སྤྲུལ། ཀླུ་ལ་དད་པ་རྣམས་ལ་ཀླུར། གནོད་སྦྱིན་ལ་དད་པ་རྣམས་ལ་གནོད་སྦྱིན་དུ། དྲི་ཟ་ལ་དད་པ་རྣམས་ལ་དྲི་ཟར། གྲུལ་བུམ་ལ་དད་པ་རྣམས་ལ་གྲུལ་བུམ་དུ། ལྷ་མ་ཡིན་ལ་དད་པ་རྣམས་ལ་ལྷ་མ་ཡིན་དུ།
BOནམ་མཁའ་ལྡིང་ལ་དད་ པ་རྣམས་ལ་ནམ་མཁའ་ལྡིང་དུ། མིའམ་ཅི་ལ་དད་པ་རྣམས་ལ་མིའམ་ཅིར། ལྟོ་འཕྱེ་ཆེན་པོ་ལ་དད་པ་རྣམས་ལ་ལྟོ་འཕྱེ་ཆེན་པོར་མངོན་པར་སྤྲུལ་ཏོ། ། དེ་ལྟར་དགེ་སློང་མོས་པའི་བློ་གྲོས་དེས་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་སྤྲུལ་པ་ཇི་ལྟ་བུ་ལ་དད་པ་བཞིན་དུ་རྟག་ཏུ་རྒྱུན་མི་འཆད་པར་མངོན་ པར་སྤྲུལ་ཏེ། དེས་དེར་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བས་མྱུར་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཟང་པོའི་ལྷ་དེས་དགེ་སློང་མོས་པའི་བློ་ གྲོས་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཁྱེན་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས། ཡང་དག་པར་འཛིན་དུ་བཅུག ། ཡང་དག་པར་རབ་ཏུ་མགུ་བར་བྱས་ནས། དེའི་བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྔགས་སོ། ། དེ་བཞིན་གཤེགས་པ་བཟང་པོའི་ལྷ་དེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གཏམ་གྱིས་དེ་ཡང་དག་པར་དགའ་བར་བྱས། ཡང་དག་པར་འཛིན་དུ་བཅུག །
BOཡང་དག་པར་གཟེངས་བསྟོད། ཡང་ དག་པར་རབ་ཏུ་མགུ་བར་བྱས་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་འདི་ལྟ་བུ་རྙེད་དེ། དེ་ལྟ་བུའི་དགེ་བའི་ཤུགས་ཀྱིས་ནམ་མཁའ་ལ་ཏ་ལ་བདུན་སྲིད་དུ་འཕགས་ཏེ་འདུག་གོ། ། འཇམ་དཔལ་དེ་ནས་དགེ་སློང་མོས་པའི་བློ་གྲོས་བར་སྣང་ལ་ འདུག་ནས་འདི་འདྲ་བའི་ཡེ་ཤེས་རྙེད་དེ། གང་གིས་ཕྱོགས་བཅུའི་འཇིག་རྟེན་ན་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་སྔོན་གྱི་སྤྱོད་པ་ཤེས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ མཆོག་དང་མཆོག་མ་ཡིན་པ་ཤེས། སེམས་ཅན་དེ་དག་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཤེས་སོ། ། དེས་ཡེ་ཤེས་དེ་རྙེད་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་ཐེ་ཚོམ་མེད་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྔོན་གྱི་སྤྱོད་པ་ལའང་ཐེ་ཚོམ་མེད་དེ། དེ་བཞིན་ གཤེགས་པ་བཟང་པོའི་ལྷ་དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་མངོན་པར་བསྟོད་དོ། ། སྟོབས་བཅུ་སྟོབས་འཆང་སྟོབས་རབ་སྟོབས་ལྡན་པ། ། ནོར་མང་བགེད་ཅིང་སྲས་རྣམས་ནོར་ལྡན་མཛད། །
BOབདེ་གཤེགས་ཁྱོད་ཀྱི་སྲས་རྣམས་ ནོར་མང་རྙེད། ། འགྲོ་འདི་ཤིན་དུ་སྡུག་བསྔལ་ནོར་ལྡན་མཛད། ། བདེ་གཤེགས་ཁྱོད་ཀྱི་ནོར་རྣམས་གཏོར་ཅིང་གོས། ། རྒྱལ་བ་ཁྱོད་ཀྱི་སྲས་མཆོག་ནོར་རྙེད་ནས། ། དགའ་ཞིང་འགྲོ་ལ་སྨན་པའི་སྤྱོད་མཆོག་སྤྱོད། ། རྒྱལ་མཆོག་རྒྱལ་བ་དག་དང་འདྲ་བར་འགྱུར། ། ཐུབ་མཆོག་ ཁྱོད་སྲས་ཡོན་ཏན་བརྒྱས་ལྡན་པ། ། སྤྱོད་པའི་ངེས་པ་མཆོག་འདི་རྣམ་སྤྱོད་ལ། ། སྐྱེ་བར་ནུབ་ཅིང་རྒ་ཤིས་གཙེས་པ་དང་། ། འགྲོ་བ་སྡུག་བསྔལ་བརྒྱ་ལྡན་གཟིར་བ་རྣམས། ། སྡུག་བསྔལ་བདག་མེད་སྟོང་པར་རྟོགས་པས་ན། ། ཤི་འཕོས་འགྲོར་མཆིས་འཁོར་བའི་ འགྲོར་ཆགས་པ། ། མཐོང་ནས་འགྲོ་བ་སྡུག་བསྔལ་བདེར་འགོད་ཅིང་། ། དེ་དག་སྙིང་རྗེ་རླབས་ཆེན་རྙེད་པར་འགྱུར། ། འགྲོ་ལ་སྨན་སེམས་སྙིང་རྗེ་བསྐྱེད་ནས་སུ། ། འཁོར་བའི་སྲེད་པ་བཅོམ་ཡང་སྐྱེ་བ་འཛིན། ། དགེ་བ་ཚད་མེད་རྣམས་ཀྱང་དྲན་སོགས་ཤིང་། ། འགྲོ་བ་རྣམས་ལ་ སྨན་བདེ་ཞི་བར་བགྱིད། ། ལོག་པའི་ལམ་མཆིས་སེམས་ཅན་སྟོང་རྣམས་ནི། ། སྟོབས་བཅུས་བསྟན་པའི་ལམ་མཆོག་རྣམས་སུ་སྟེ། ། ཞི་བའི་གྲོང་ཁྱེར་ཞི་བདེ་དགེ་བ་ནི། ། གང་ནས་སྔོན་གྱི་རང་བྱུང་གཤེགས་པར་དགོད། །
BOདེ་དག་སྟོང་པ་ཚད་མེད་གཏོང་བ་ནི། ། མགོ་ལག་མིག་བཟང་ བུ་སྡུག་དེ་བཞིན་དུ། ། ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་ཏིང་ངེ་འཛིན། ། ཐོས་དྲན་མཁས་ཤིང་མོས་དང་སྟོབས་ལ་གནས། ། ཤིང་དབང་དྲུང་དུ་བདུད་སྡེ་བཅས་པར་བཏུལ། ། དཔེ་མེད་ཡེ་ཤེས་གོ་འཕང་མཆོག་དེར་རྙེད། ། རང་འབྱུང་སེམས་ཅན་སྟོང་རྣམས་ཁྲིད་ནས་སུ། ། མི་ འཆི་བྱུང་ཞི་བདེ་བ་ཞི་བར་གཤེགས། ། ནམ་མཁའ་འདི་ལ་དེ་རིང་བདག་མཆིས་ནས། ། ཕྱོགས་བཅུའི་སྟོབས་བཅུ་མ་ནོར་དེ་བཞིན་གསུང་། ། རྒྱལ་སྲས་རྒྱལ་བའི་ཡོན་ཏན་སྤྱོད་སྤྱད་ནས། ། ཤིན་དུ་ལུང་སྟོན་པ་ནི་དུ་མ་མཐོང་། ། དེ་དག་རང་གི་སྤྱོད་ཐོས་དགའ་མགུ་སྟེ། ། རབ་ ཏུ་འཛུམ་དམུལ་ཡིད་གཉིས་ཐེ་ཚོམ་བྲལ། ། ཐལ་མོ་སྦྱར་ཏེ་མངོན་པར་ལུས་བཏུད་ནས། ། སྟོབས་བཅུ་ཡོན་ཏན་མངའ་བ་མཁའ་ལས་བསྟོད། ། དེ་རིང་ནམ་མཁའ་འདིར་མཆིས་བདག་གིས་མཐོང་། ། འཁོར་བ་བརྒྱར་ནི་རྒྱལ་སྲས་དགེ་སྤྱད་ནས། ། དགའ་ལྡན་ལྷ་ཡི་གནས་ནས་ ཤི་འཕོས་ཏེ། ། དྲི་བྲལ་དཔེ་མེད་གླང་ཆེན་མཆོག་གྱུར་ནས། ། ལྷ་ཡི་གནས་ནས་རབ་ཏུ་བབས་ནས་སུ། ། ཡུམ་བདེ་ཉལ་བའི་ལྷུམས་སུ་ཞུགས་པ་ལ། ། ལྷ་རྣམས་སྟོང་གིས་ཤིན་དུ་རབ་མཆོད་ཅིང་། །
BOལྷ་མི་ལྷ་མོ་རྣམས་ཀྱིས་གཙོར་བགྱིས་བསྟོད། ། དེ་དག་ཡུམ་གྱི་ ལྷུམས་སུ་ཞུགས་པ་ན། ། ལྷ་ཡི་གནས་འདྲ་རབ་ཏུ་མཛེས་པར་གྱུར། ། མངལ་གྱིས་མི་གོས་ཆུ་ལས་པད་མ་ལྟར། ། ཡུམ་ལ་བདེ་ཞིང་ཡང་བར་གནས་ནས་སུ། ། ལྷ་རྣམས་བརྒྱ་ལ་རབ་ཏུ་ཆོས་བཤད་དེ། ། ལྷ་མཆོག་འཁོར་རྣམས་དགེ་བའི་ལམ་དུ་བཙུད། ། དེ་དག་ཆོས་ཚིག་ རྒྱ་ཆེན་ཐོས་ནས་སུ། ། སྐོམ་པས་ཆུ་ལ་ས་བཞིན་བདུད་རྩི་འཐུང་། ། ནམ་མཁའི་ངོས་འདིར་བདག་མཆིས་མཐོང་བ་ནི། ། རྒྱལ་སྲས་དྲི་མེད་བློ་གྲོས་དྲན་མཁས་པ། ། ཡུམ་གྱི་ཕྱག་གིས་ཤིང་གི་ཡལ་ག་གཟུང་། ། མཆན་ཁུང་ནས་ནི་བྱུང་བ་རབ་ཏུ་མཐོང་། ། ལྷ་དང་མི་ཡི་དབང་པོས་རབ་མཆོད་ཅིང་། ། ས་ཡི་སྟེང་ན་འཇིགས་མེད་གོམ་པ་འདོར། ། དེ་ཡིས་ཐམས་ཅད་ཕྱོགས་སུ་བལྟས་ནས་སུ། ། འཛུམ་དམུལ་ཚིག་སྨྲས་ང་འདྲ་ཁམས་གསུམ་མེད། ། ནམ་མཁའི་ངོས་འདིར་བདག་མཆིས་མཐོང་བ་ནི། ། རྒྱལ་སྲས་མང་པོ་འགྲོ་ལ་སྨན་ དགའ་བ། ། གྲོང་དང་གྲོང་ཁྱེར་རིན་ཆེན་བལྟམས་པ་ཡི། ། རབ་ཏུ་འབྱོར་ཅིང་ལྡན་པའི་ས་བོར་ཏེ། བལ་གླང་རྨིག་པས་བཅིངས་པ་བཅད་པ་ལྟར། ། བློ་གྲོས་མཆོག་གིས་ཁྱིམ་ཆགས་བསལ་བཅོམ་སྟེ། ། འགྲོ་ལ་སྨན་སླད་དཔའ་བོ་མངོན་པར་བྱུང་། །
BOསྡུག་བསྔལ་ཞི་ཞིང་སྲིད་ཟད་ བདུད་རྩི་ཚོལ། ། ནམ་མཁའི་ངོས་འདིར་བདག་མཆིས་མཐོང་བ་ནི། ། རྒྱལ་སྲས་བརྟུལ་ཞུགས་དཀའ་ཐུབ་དྲག་སྤྱད་དེ། ། སྐྱིལ་མོ་ཀྲུང་བཅས་བྱང་ཆུབ་ཤིང་དབང་དྲུང་། ། གཡོ་ཅན་བདུད་བཏུལ་བྱང་ཆུབ་དམ་པ་རེག ། རྒྱལ་བ་ཐམས་ཅད་དང་ནི་མཉམ་རྙེད་ནས། ། ཞི་དགའ་བདེ་ གནས་ཞིང་མཆོག་ལྟ་བཞིན་དུ། ། སྨོན་ལམ་རྒྱ་ཆེན་བདག་གིས་འདིར་རྫོགས་ཏེ། ། འཁོར་བརྒྱར་ལེགས་སྤྱད་བརྟུལ་ཞུགས་འདི་གྲུབ་བོ། ། ནམ་མཁའི་ངོས་འདིར་བདག་མཆིས་མཐོང་བ་ནི། ། ཕྱོགས་བཅུའི་སྟོབས་བཅུ་ཤིན་ཏུ་མང་པོ་དག ། འཁོར་ལོ་རྒྱ་ཆེན་རབ་ཏུ་བསྐོར་བ་ནི། ། ཕ་རོལ་རྒོལ་འདུལ་འཁོར་བའི་སྡུག་བསྔལ་ཞི། ། སྐལ་ཡོད་འགྲོ་བ་རྣམས་ཀྱི་ཉོན་མོངས་བཅོམ། ། མུན་པའི་རྡུལ་བསལ་འགྲོ་རྣམས་བདེ་བ་བྱིན། ། འཇིག་རྟེན་གཙོ་བོ་རྣམས་ཀྱིས་དེ་ཐོས་ནས། ། འཁོར་བའི་རྒྱུད་བསལ་མ་སོང་ཕྱོགས་སུ་སོང་། ། དེ་རིང་ནམ་མཁའ་འདི་ལ་ བདག་མཆིས་ནས། ། རྒྱལ་བ་བརྒྱ་དག་ལྷ་མི་འཁོར་འདུལ་ཞིང་། ། ལྷ་མི་གནས་ནས་འགྲོ་ལ་སྙིང་བརྩེ་ཡིད། ། འཇིག་རྟེན་དག་ན་རབ་ཏུ་ཞུགས་པ་མཐོང་། ། རྒྱལ་བ་བརྒྱ་ཕྲག་དུ་མ་གཞན་དག་ཀྱང་། །
BOའཁོར་བ་ཟད་སོང་ཞི་བར་རྡུལ་མེད་གནས། ། ལྷ་མི་བརྒྱ་རྣམས་ཡིད་དགར་ གྱུར་ནས་སུ། ། རིང་བསྲེལ་དམ་པ་དེ་ལ་མཆོད་པ་མཐོང་། ། འཇིག་རྟེན་གཙོ་བོ་རྐང་གཉིས་མཆོག་ཁྱོད་ལ། ། ལྷ་དང་མི་དང་ཁྱིམ་བདག་ཁྱོད་དྲུང་མཆིས། ། ཞལ་ནས་ཞི་རབ་ཆོས་ཀྱི་རང་བཞིན་ཐོས། ། ཁྱོད་ཀྱི་སྤྱོད་ལྡན་མྱུར་དུ་སྐྱབས་སུ་འགྲོ། ། མི་དབང་ཁྱོད་ཀྱི་ཡོན་ཏན་ཡང་ དག་བསྟོད། ། ཁྱུ་མཆོག་ཕན་བྱེད་སྟོབས་བཅུ་ཡོན་ཏན་འཆང་། ། ཞི་བར་ལྡན་ཞིང་དུལ་བ་ཞི་བ་རྙེད། ། འཁོར་བའི་རྒྱུད་བྲལ་འཇིགས་མེད་ཕྱོགས་སུ་སོང་། ། བདེ་གཤེགས་མི་ཡི་སེང་གེ་ཁྱོད་ཀྱི་མཐུས། ། བློ་མཆོག་ཁྱོད་ཀྱང་སྟེང་གི་མཁར་གནས་པ། ། མངོན་ཤེས་ལྔ་ལས་ཉམས་ པ་མེད་རྙེད་ནས། ། ཕྱོགས་བཅུར་འཁོར་རྒྱུད་རབ་འབྱམས་རྣམ་མང་བ། ། མཚུངས་མེད་དུ་མ་དེ་རིང་མཐོང་བ་ནི། ། རྒྱལ་བའི་ཡོན་ཏན་སྣ་ཚོགས་དྲི་མེད་སྤྱོད། ། ཡང་དག་ཡོན་ཏན་གྱིས་ནི་དེ་དག་བསྟོད། ། རྒྱལ་བ་ཁྱོད་ཀྱི་ཡོན་ཏན་མཐའ་མི་རྙེད། །
BOདེ་ནས་དགེ་སློང་མོས་པའི་བློ་ གྲོས་དེས་དེ་བཞིན་གཤེགས་པ་བཟང་པོའི་ལྷ་དེ་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་དེ་དག་གིས་བསྟོད་ནས་དགེ་བའི་རྩ་བ་དེས་ཕྱིན་ཆད་བསྐལ་པ་བརྗོད་དུ་མེད་པར་ནམས་ཀྱང་མངོན་པར་ཤེས་པ་ལྔ་དང་བྲལ་བར་མ་གྱུར་ཏེ། མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་པས་སངས་ རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་སྟོངས་པར་བྱས། ལྷ་མ་ཡིན་གྱི་རིས་ཐམས་ཅད་ཡོངས་སུ་ཆད་ཅིང་མི་ཁོམ་པ་ཐམས་ཅད་ཆད་པར་གྱུར་ཏོ། ། དེ་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་དེར་ཡང་དང་ ཡང་སྐྱེས་པ་ན་སེམས་ཅན་རྣམས་ཀྱིས་སངས་རྒྱས་ཐོག་མར་བྱུང་བ་བཞིན་དུ་ཤིན་ཏུ་ངོ་མཚར་དུ་ཤེས་ཏེ། གང་དང་གང་དུ་སྐྱེས་པར་གྱུར་པ་དེ་དང་དེར་གང་དེ་བཞིན་གཤེགས་པ་བྱུང་བ་དེ་ན་ལྟས་འབྱུང་བ་དེ་དག་དེ་སྐྱེ་བའི་ལྟས་སུ་བྱུང་ངོ་། ། དེ་བཞིན་གཤེགས་པ་མངོན་པར་རྫོགས་ པར་འཚང་རྒྱ་བ་ན་ལྟས་གང་འབྱུང་བ་དེ་དག་ཀྱང་མངོན་པར་ཤེས་པ་ལྔ་ཐོབ་ནས་བྱུང་ངོ་། །
BOདེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ལྟས་གང་བྱུང་བ་དེ་དག་དེས་མངོན་པར་ཤེས་པ་ལྔ་བཤད་པའི་ཚེ་འང་ལྟས་དེ་དག་བྱུང་ངོ་། ། དེ་བཞིན་གཤེགས་པ་ཚེའི་འདུ་བྱེད་འདོར་བའི་ཚེ་ ལྟས་གང་བྱུང་བ་དེ་ཚེའི་འདུ་བྱེད་འདོར་བའི་ཚེ་ཡང་ལྟས་དེ་དག་བྱུང་ངོ་། ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ལྟས་གང་བྱུང་བ་དེ་འཆི་བའི་དུས་བྱེད་པ་ན་ཡང་ལྟས་དེ་དག་བྱུང་ངོ་། ། དེས་ཚེ་རབས་རེ་རེ་ལ་ཡང་སེམས་ཅན་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ཐེག་པ་ཆེན་པོ་ལ་བཏུལ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནི་ཉན་ཐོས་ཀྱི་ཐེག་པ་ལ་བཏུལ་ཏོ། ། རེ་ཞིག་ནི་བྱང་ཆུབ་སེམས་དཔའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། སངས་ རྒྱས་ཀྱི་བྱ་བ་དེ་ལྟ་བུ་དག་སེམས་ཅན་རྣམས་ལ་བསྟན་ཏོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་དགེ་སློང་མོས་པའི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་ཡིད་གཉིས་དང་ཐེ་ཚོམ་ཟ་ན། འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན།
BOའཇམ་དཔལ་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་དགེ་སློང་མོས་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ དགེ་སློང་མོས་པའི་བློ་གྲོས་དེ་བརྩོན་འགྲུས་ཀྱི་སྟོབས་གང་དང་ལྡན་པར་གྱུར་པའི་བརྩོན་འགྲུས་ཀྱི་སྟོབས་དེ་ལྟ་བུ་དང་ལྡན་པར་བྱའོ། ། བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚེགས་ཆུང་ངུས་སེམས་མཉམ་པར་གཞོག་པར་ འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དབང་པོའི་དོན་ལས་སེམས་སླར་སྡུད་དེ། དབང་པོའི་དོན་ལ་ཡང་དབང་པོའི་དོན་མི་དམིགས་ཤིང་དབང་པོའི་དོན་ནི་དབང་པོའི་དོན་གྱི་ངོ་བོ་ཉིད་ཀྱིས་ སྟོང་པར་མཐོང་། དབང་པོའི་དོན་དང་དབང་པོའི་མཚན་མ་ཡང་མི་དམིགས། གང་གིས་དབང་པོའི་མཚན་མར་དམིགས་པ་དེ་ཡང་མི་དམིགས་སོ། ། ། ། བམ་པོ་གསུམ་པ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད།
BOགཞལ་དུ་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བདུད་རྩི་སྙིང་པོ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། འཇམ་དཔལ་བདུད་རྩིའི་སྙིང་པོའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཐའ་ཡས་རྣམ་པར་གནོན་པ་ཞེས་བྱ་ བ་འཇིག་རྟེན་དུ་བྱུང་ངོ་། ། འཇམ་དཔལ་དེ་བཞིན་གཤེགས་པ་མཐའ་ཡས་རྣམ་པར་གནོན་པ་དེ་བྱུང་བའི་ཚེ། ཐམས་ཅད་ཀྱི་ཐམས་ཅད་དུ་འཕགས་པའི་བདེན་པ་དང་བྲལ་བའི་སྒྲ་མ་བྱུང་ངོ་། ། གང་སེམས་ཅན་ཐམས་ཅད་ཀྱི་སྒྲ་དེ་ཡང་སྡུག་བསྔལ་དང་། ཀུན་འབྱུང་བ་ དང་། འགོག་པ་དང་། ལམ་འཕགས་པའི་བདེན་པ་རྣམས་སྟོན་ཏོ། ། དེ་བཞིན་གཤེགས་པ་མཐའ་ཡས་རྣམ་པར་གནོན་པ་དེའི་རིམ་གྲོ་བྱེད་པ་དགེ་སློང་སྙན་པའི་སྒྲ་དབྱངས་ཞེས་བྱ་བ་ཞིག་ཡོད་དེ། དོན་ཤེས། ཆོས་ཤེས། དུས་ཤེས། ཚོད་ཤེས། བདག་ཤེས། འཁོར་ཤེས། གང་ཟག་རབ་དང་ཐ་མ་ཤེས་ཏེ།
BOདེ་བཞིན་གཤེགས་པ་མཐའ་ཡས་རྣམ་པར་གནོན་པ་ལ་བསྐལ་པ་བྱེ་བ་ཕྲག་དགུ་བཅུའི་བར་དུ་ཡིད་དུ་འོང་བས་བསྙེན་བཀུར་བྱས་ཏེ། ཡིད་དུ་མི་འོང་བས་མ་ཡིན་ནོ། ། དེས་བཤད་པ་རྣམས་ཀྱང་བཟུང་སྟེ། བདག་ གི་དོན་ཡང་མི་གཏོང་ངོ་། ། དེས་བསྐལ་པ་བྱེ་བ་ཕྲག་དགུ་བཅུ་པོ་དེ་དག་གི་བར་དུ་འདོད་པའི་འདུ་ཤེས་མ་བསྐྱེད། གནོད་སེམས་ཀྱི་འདུ་ཤེས་མ་བསྐྱེད། རྣམ་པར་འཚེ་བའི་འདུ་ཤེས་མ་བསྐྱེད། སྲོག་དང་ལྡན་པ་དང་། གང་ཟག་དང་ལྡན་པའི་རྟོག་པ་མ་བསྐྱེད། དངོས་པོ་དང་ལྡན་པ་ཡང་མ་ཡིན། ཆོས་དང་ལྡན་པ་ཡང་མ་ཡིན། ཆོས་མ་ཡིན་པ་དང་ལྡན་པ་ཡང་མ་ཡིན། འདོད་པའི་རྣམ་པར་རྟོག་པ་ཡང་མ་བསྐྱེད། གནོད་སེམས་ཀྱི་རྣམ་པར་རྟོག་པ་ཡང་མ་ཡིན། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ཡང་མ་ཡིན། ཉེ་དུ་ ལ་རྟོག་པ་ཡང་མ་ཡིན། ཉེ་དུ་མ་ཡིན་པ་ལ་རྟོག་པ་ཡང་མ་ཡིན། ཤེས་པ་ལ་རྟོག་པ་ཡང་མ་ཡིན། མི་ཤེས་པ་ལ་རྟོག་པ་ཡང་མ་ཡིན། ལྗོངས་ལ་རྟོག་པ་ཡང་མ་ཡིན། མི་དགའ་བར་རྟོག་པ་ཡང་མ་བསྐྱེད། སེམས་ཅན་དང་ལྡན་ པའི་རྟོག་པ་ཡང་མ་བསྐྱེད། སྲོག་དང་ལྡན་པ་ཡང་མ་ཡིན། གང་ཟག་དང་ལྡན་པ་ཡང་མ་ཡིན། དངོས་པོ་དང་ལྡན་པ་ཡང་མ་ཡིན། ཆོས་དང་ལྡན་པ་ཡང་མ་ཡིན།
BOཆོས་མ་ཡིན་པ་དང་ལྡན་པ་ཡང་མ་ཡིན། མཚན་མ་དང་ལྡན་པ་ཡང་མ་ཡིན། མཚན་མ་ མེད་པ་དང་ལྡན་པ་ཡང་མ་ཡིན། སྨོན་ལམ་དང་ལྡན་པ་ཡང་མ་ཡིན། སྨོན་ལམ་མ་ཡིན་པ་དང་ལྡན་པ་ཡང་མ་ཡིན། འཁོར་བ་དང་ལྡན་པ་ཡང་མ་ཡིན། མྱ་ངན་ལས་འདས་པ་དང་ལྡན་པ་ཡང་མ་ཡིན། ཡེ་ཤེས་དང་ལྡན་པ་ཡང་མ་ཡིན། ཡེ་ཤེས་མ་ ཡིན་པ་དང་ལྡན་པ་ཡང་མ་ཡིན། སངས་རྒྱས་དང་ལྡན་པ་ཡང་མ་ཡིན། སངས་རྒྱས་མ་ཡིན་པ་དང་ལྡན་པ་ཡང་མ་ཡིན། རང་སངས་རྒྱས་དང་ལྡན་པ་ཡང་མ་ཡིན། རང་སངས་རྒྱས་མ་ཡིན་པ་དང་ལྡན་པ་ཡང་མ་ཡིན། ཉན་ཐོས་དང་ལྡན་པ་ཡང་མ་ཡིན། ཉན་ ཐོས་མ་ཡིན་པ་དང་ལྡན་པ་ཡང་མ་ཡིན། སོ་སོའི་སྐྱེ་བོ་དང་ལྡན་པ་ཡང་མ་ཡིན། སོ་སོའི་སྐྱེ་བོ་མ་ཡིན་པ་དང་ལྡན་པ་ཡང་མ་ཡིན། རྣམ་པར་རྟོག་པ་དང་ལྡན་པ་ཡང་མ་ཡིན། རྣམ་པར་རྟོག་པ་མེད་པ་དང་ལྡན་པའི་རྣམ་པར་རྟོག་པའང་མ་བསྐྱེད་དེ། འདུ་ཤེས་ཐམས་ཅད་ དང་བྲལ་བའི་ཏིང་ངེ་འཛིན་བསྒོམས། རྟོག་པ་དང་བྲལ་བའི་ཏིང་ངེ་འཛིན་བསྒོམས་ནས་དགེ་བའི་རྩ་བ་དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནམས་ཀྱང་བསྙེན་བཀུར་མ་བྱས་པར་མ་གྱུར་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ལ་བསྙེན་བཀུར་བྱས།
BOསངས་ རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་དེས་གཡོག་དང་བསྙེན་བཀུར་བྱས་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་ལ་བསྙེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་དེ་ཕྱིན་ཆད་བསྐལ་པ་བརྗོད་དུ་མེད་པའི་བར་དུ་སངས་རྒྱས་མེད་པའི་ཞིང་དུ་ནམ་ཡང་མ་སྐྱེས། ནམ་ཡང་ ཞིང་དུ་འདུ་ཤེས་དང་སངས་རྒྱས་སུ་འདུ་ཤེས་ཀྱང་མ་སྐྱེས། ནམ་ཡང་བྱང་ཆུབ་ཀྱི་སེམས་རྒྱུན་དུ་མི་འབྱུང་བར་མ་གྱུར། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་དང་གཡོག་བྱས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲུལ་པས་སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བྱས། གང་དང་གང་དུ་སྤྲུལ་པ་སྤྲུལ་པ་དེ་དང་དེ་ན་སེམས་ཅན་རྣམས་ཀྱིས་སངས་རྒྱས་བྱུང་བ་སྙམ་དུ་ཤེས་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དུ་མས་སེམས་ཅན་དེ་དག་ལ་སྟོན་ཏོ། ། གང་དང་གང་དུ་སྤྲུལ་པ་སྤྲུལ་པ་དེ་དང་དེར་སེམས་ཅན་ཇི་ལྟ་བུ་ལ་མོས་པ་ དེ་ལྟ་བུར་སྤྲུལ་པ་སྤྲུལ་ཏེ་འདུལ་བའི་སེམས་ཅན་རྣམས་ཀྱི་རྒྱུད་དང་སྦྱར་ཏེ་རྣམ་པར་འདུལ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་དུ་སྤྲུལ་པ་རྣམ་པ་དུ་མར་སྤྲུལ་ཏོ། ། སྤྲུལ་པ་དེ་དག་གིས་ཀྱང་གཞན་ཡང་སྤྲུལ་ཏེ་བསྟན་ཏོ། །
BOའཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པ་མངོན་ པར་སྤྲུལ་ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པ་དེ་དག་གིས་ཀྱང་སྤྲུལ་པ་གཞན་མངོན་པར་སྤྲུལ་པ་དེ་བཞིན་དུ། འཇམ་དཔལ་དགེ་སློང་སྙན་པའི་སྒྲ་དབྱངས་ཀྱིས་ཀྱང་སྤྲུལ་པ་མངོན་པར་སྤྲུལ་ཏེ། སྤྲུལ་པ་དེ་དག་གིས་ཀྱང་གཞན་མངོན་པར་སྤྲུལ་ཏོ། ། འཇམ་དཔལ་དེ་ཇི་སྙམ་དུ་ སེམས། དེའི་ཚེ་དེའི་དུས་ན་དགེ་སློང་སྙན་པའི་སྒྲ་དབྱངས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ། དེའི་ཚེ་དེའི་དུས་ན་དགེ་སློང་སྙན་པའི་ སྒྲ་དབྱངས་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་ལ་བསྟེན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ། ། བྱང་ཆུབ་སེམས་ དཔའི་ཏིང་ངེ་འཛིན་དངོས་པོ་མེད་པའི་ངོ་བོ་ཉིད་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་འབྱུང་ངོ་། །
BOའཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཚད་མེད་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་ དུ་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བསྐལ་པའི་སྙིང་པོ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། བསྐལ་པའི་སྙིང་པོའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཚུངས་པ་མེད་པའི་གཟི་བརྗིད་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་མཚུངས་པ་མེད་ པའི་གཟི་བརྗིད་འོད་དེའི་འོད་ཀྱིས་ཤར་ཕྱོགས་སུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྣང་བར་གྱུར། ལྷོ་ཕྱོགས་སུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྣང་བར་གྱུར། ནུབ་ཕྱོགས་སུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྣང་ བར་གྱུར། བྱང་ཕྱོགས་སུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྣང་བར་གྱུར། དེ་བཞིན་དུ་ཤར་ལྷོ་དང་། ལྷོ་ནུབ་དང་།
BOནུབ་བྱང་དང་། བྱང་ཤར་དང་། སྟེང་དང་། འོག་དང་ཕྱོགས་བཅུ་ཀུན་དུ་ཕྱོགས་རེ་རེར་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་ གྱི་ཁམས་དེ་བཞིན་གཤེགས་པ་མཚུངས་པ་མེད་པའི་གཟི་བརྗིད་འོད་དེའི་འོད་ཀྱིས་སྣང་བར་གྱུར་ཏོ། ། སེམས་ཅན་གང་དེའི་འོད་ཀྱིས་རེག་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་མཚུངས་ པ་མེད་པའི་གཟི་བརྗིད་འོད་དེའི་འཇིག་རྟེན་གྱི་ཁམས་ན་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱིས་ཕྱིར་མི་ལྡོག་པའི་ཐེག་པ་ལ་ཡང་དག་པར་ཞུགས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས། བྱང་ཆུབ་སེམས་དཔའ་དེ་དག་ ཕལ་ཆེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་བརྗོད་དུ་མེད་པ་རྣམས་ཐེག་པ་གསུམ་གྱིས་རབ་ཏུ་འགོད་དོ། ། ཡང་དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཞིང་དེ་ན་དགེ་སློང་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་སྟེ། འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱི་མཆོག་བྱེད་དེ།
BOདེས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་གི་དམ་པའི་ཆོས་དུས་དང་པོ་དང་། བར་མ་ དང་། ཐ་མ་གསུམ་དུ་གཟུང་ངོ་ཞེས་དེ་ལྟར་སྨོན་ལམ་བཏབ་བོ། ། འཇམ་དཔལ་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དུས་ཇི་ལྟ་བ་བཞིན་དུ་སོ་སོའི་འཇིག་རྟེན་གྱི་ཁམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ ཅན་དཔག་ཏུ་མེད་ཅིང་བརྗོད་དུ་མེད་པ་རྣམས་ཀྱི་དོན་བྱས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དམ་པའི་ཆོས་དགེ་སློང་སྤྲིན་གྱི་རྒྱལ་པོ་དེས་དུས་ཐོག་མ་དང་། བར་མ་དང་། ཐ་མ་གསུམ་ དུ་བཟུང་ངོ་། ། དེ་དག་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་དུ་སྙིགས་མ་ལྔ་བྱུང་སྟེ། སེམས་ཅན་སྐལ་བ་མེད་པར་གྱུར་ནས་དམ་པའི་ཆོས་ནུབ་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་དེ་ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏེ།
BOདེ་བསྟན་བཅོས་གང་འཇིག་རྟེན་ གྱི་དོན་དུ་འགྱུར་བ་ཆོས་དང་ལྡན་པ་དེ་ཁོང་དུ་ཆུད་ནས་རབ་ཏུ་སྟོན་པ་འདི་ལྟ་སྟེ། སྙན་ཚིག་གི་རིག་བྱེད་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། སྒྲའི་བསྟན་བཅོས་རྣམས་དང་། གཏན་ཚིགས་ཀྱི་བསྟན་བཅོས་རྣམས་དང་། གསོ་ བའི་བསྟན་བཅོས་རྣམས་དང་། ནོར་སྦྱར་དང་དུག་དང་སྔགས་དང་སྨན་གྱི་རྒྱུད་དང་། དུས་འཁོར་བ་དང་། དུས་དང་། གཟའ་དང་། རྒྱུ་སྐར་ཤེས་པ་ཡང་རབ་ཏུ་སྟོན་ཏོ། ། སེམས་ཅན་རྣམས་ལ་ཕན་པ་དང་ལྡན་པའི་བཟོའི་གནས་ཐམས་ཅད་ཀྱང་སྟོན་ཏོ། ། ནམ་སངས་རྒྱས་བྱུང་ བ་དེ་ན་དེའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། རྒྱལ་པོའི་སྲིད་བོར་ནས་འཁོར་དང་བཅས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། ། རབ་ཏུ་བྱུང་ནས་དེ་བཞིན་གཤེགས་པ་དེ་དག་གིས་བསྟན་པ་ཡང་ཀུན་འཛིན། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་རིང་བསྲེལ་ལ་ ཡང་མཆོད་པ་རྣམ་པ་མང་པོས་རབ་ཏུ་སྦྱོར་བར་གྱུར་ཏོ། ། སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་རྣམས་སངས་རྒྱས་ལ་མཆོད་པ་བྱེད་དུ་འཇུག་པར་གྱུར། དམ་པའི་ཆོས་དང་ལྡན་པ་དང་། སངས་རྒྱས་མཆོད་པ་དང་ལྡན་པ་དང་།
BOསེམས་ཅན་ཡོངས་སུ་སྨིན་ པར་བྱེད་པ་དང་ལྡན་པ་དང་། བདག་གི་དགེ་བའི་རྩ་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་ཞིང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཕྱིར་ཡང་ཡོངས་སུ་བསྔོས་སོ། ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ སྤྲིན་གྱི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་བྱང་ཆུབ་མངོན་པར་སངས་རྒྱས་པ་ལ་དེ་ལྟ་བུའི་ཚུལ་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས། བཞུགས་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཚད་མེད་པ་གཞན་གྱི་ ཡང་དམ་པའི་ཆོས་དུས་ཐོག་མ་དང་། བར་མ་དང་། ཐ་མ་གསུམ་དུ་བཟུང་སྟེ། འོན་ཀྱང་དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་ འབྱུང་བ་མ་ཡིན་པའི་ཕྱིར་རོ། ། དེ་བཞིན་གཤེགས་པ་མཚུངས་པ་མེད་པའི་གཟི་བརྗིད་འོད་དེ་ཡང་དེའི་ཚེ་མྱ་ངན་ལས་མ་འདས་ཏེ།
BOདེ་ནས་བྱང་ཆུབ་སེམས་དཔའ་སྤྲིན་གྱི་རྒྱལ་པོ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚུངས་པ་མེད་པའི་གཟི་བརྗིད་འོད་ཀྱི་ཞིང་སངས་རྒྱས་ཀྱི་ ཞིང་དུ་སྨོན་ལམ་གྱི་དབང་གིས་ཡང་དང་ཡང་སྐྱེས་ནས། དེའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་སྟོབས་དེས་དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱས་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། ། དགེ་བའི་རྩ་བ་གང་ལ་བརྟེན་པས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ཅེ་ན། འདི་ལྟ་སྟེ། དུས་གསུམ་མཉམ་པ་ཉིད་ལ་འཇུག་པ་དང་། དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པར་མཐོང་བས་དགེ་སློང་སྤྲིན་གྱི་ རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཐ་དད་པར་མི་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བར་མཐོང་བས་དགེ་སློང་སྤྲིན་གྱི་ རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །
BOཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་འོང་བ་ཡང་མ་ཡིན་འགྲོ་བ་ཡང་མ་ཡིན་པར་མཐོང་བས་དགེ་སློང་ སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་གནས་པ་མེད་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་ལ་བདག་མེད་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་ལ་སེམས་ཅན་མེད་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་ལ་སྲོག་མེད་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །
BOཆོས་ཐམས་ཅད་ལ་གང་ཟག་མེད་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆོས་ཐམས་ཅད་ ཆོས་ཀྱི་དབྱིངས་ལས་བྱུང་བར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། དེ་ལྟར་ཆོས་ཀྱི་དབྱིངས་ལས་ཆོས་ཐམས་ཅད་བྱུང་བར་མཐོང་བས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་སྟེ། དེ་ལྟར་དེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་འདི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་རྙེད་དེ། དེ་ལྟ་བུའི་དགེ་བའི་རྩ་བའི་ཤུགས་རྙེད་པས་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ཏེ། དེ་བར་སྣང་ལ་འདུག་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ ན་སངས་རྒྱས་བཅོམ་ལྡན་འདས་མཐོང་བ་ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། ལ་ལ་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར། ལ་ལ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དུ་མས་སེམས་ཅན་རྣམས་འདུལ།
BOལ་ལ་ནི་ཚེའི་ འདུ་བྱེད་འདོར། ལ་ལ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་མཐོང་སྟེ། མཐོང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚུངས་པ་མེད་པའི་གཟི་བརྗིད་འོད་དེ་ལ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ། ། བསྐལ་པ་བྱེ་བ་མང་པོར་འཁོར་བ་ན། ། སྦྱིན་པ་མཐའ་ཡས་པ་དག་རྒྱ་ཆེར་སྩལ། ། བདེ་བར་གཤེགས་པའི་བསྟན་པ་རབ་འདྲི་ཞིང་། ། སྦྱིན་གནས་མང་པོ་དག་ལ་བདག་གིས་བསྙེན། ། འཇིག་རྟེན་རིག་པ་འཇིག་རྟེན་མངོན་གྲགས་པ། ། སྤྱན་ལྡན་དྲི་མེད་ཅེས་བགྱི་མཁྱེན་པ་དེ། ། རི་རབ་བརྩེགས་འདྲ་བསོད་ནམས་བརྒྱ་ཡི་མཚན། ། བྱང་ཆུབ་འཚལ་སླད་དེ་ལ་རིམ་གྲོ་བགྱིས། ། བྱེ་བ་ཁྲག་ཁྲིག་དྲུག་ཅུ་མཐའ་ཡས་པ། ། དེ་ཡི་དགེ་འདུན་བདེ་གཤེགས་ སྲས་ལ་ཡང་། ། ལོ་བྱེ་ཁྲག་ཁྲིག་བདུན་ཅུའི་བར་དུ་ནི། ། རྒྱལ་བ་ཉན་ཐོས་བཅས་ལ་བསྙེན་བཀུར་བགྱིས། ། དགའ་ཞིང་མོས་པ་མངོན་པར་བསྐྱེད་ནས་སུ། ། ཟས་སྐོམ་རྣམ་མང་ཡིད་དུ་འོང་བ་དག ། བདེ་བར་གཤེགས་ལ་བདག་གིས་དབུལ་བ་ཕུལ། ། འོན་ཀྱང་བདེ་ གཤེགས་དེས་བདག་ལུང་མ་བསྟན། །
BOའདས་པའི་དུས་ཚེ་སངས་རྒྱས་བྱུང་བ་ནི། ། མཁྱེན་པ་འཇིག་རྟེན་མགོན་པོ་མྱ་ངན་སེལ། ། མེ་རྩེ་སྤྲིན་ཅེས་བྱ་བའི་དེ་བཞིན་གཤེགས། ། ཉན་ཐོས་བཅས་པ་རྒྱལ་དེ་བསྙེན་བཀུར་བགྱིས། ། འདྲེན་པ་དེ་ལ་ལོ་བྱེ་དྲུག་ཅུ་བཞིར། ། བདག་གིས་འཁོར་དང་བཅས་ལ་བཀུར་སྟི་བགྱིས། ། བདག་གིས་ཡེ་ཤེས་ཡངས་པ་མ་སྦྱངས་པས། ། འོན་ཀྱང་བདེ་གཤེགས་དེས་བདག་ལུང་མ་བསྟན། ། འདས་པའི་དུས་ན་འདྲེན་པ་བྱུང་བ་ནི། ། ཡེ་ཤེས་རྒྱ་མཚོ་ཞེས་ཀྱང་ཕྱོགས་སུ་གྲགས། ། ཆོས་རྒྱལ་དེ་ཡི་འཁོར་ དུ་གྱུར་པ་ནི། ། བྱེ་བ་ཁྲག་ཁྲིག་དྲུག་ཅུར་ཚང་བ་ལགས། ། བདག་གིས་རྒྱལ་མཆོག་ཉན་ཐོས་བཅས་དེ་ལ། ། ལོ་བྱེ་དགུ་བཅུའི་བར་དུ་བསྙེན་བཀུར་བགྱིས། ། བྱང་ཆུབ་དམ་པ་འཚལ་བའི་སླད་དུ་འདིར། ། བདག་གིས་སྦྱིན་པ་མཐའ་ཡས་རྒྱ་ཆེར་སྩལ། ། མྱ་ངན་འདས་ པར་གྱུར་ནས་ལོ་ལྔ་ནས། ། བདེ་གཤེགས་ཉན་ཐོས་དག་ལ་བཀུར་སྟི་བགྱིས། ། བཤོས་དང་སྐྱེམས་ཀྱི་རྣམ་པར་རབ་ཏུ་སྦྱར། ། འོན་ཀྱང་བདེ་གཤེགས་དེས་བདག་ལུང་མ་བསྟན། ། འདས་པའི་དུས་ན་ཁ་ལོ་སྒྱུར་བྱུང་བ། ། མཁས་པ་ཡེ་ཤེས་རི་བོ་དེ་བཞིན་གཤེགས། ། དེ་ཡི་ཞིང་རྣམས་མཚུངས་མེད་བསམ་མི་ཁྱབ། །
BOའཇིག་རྟེན་ཁམས་རྣམས་ཁྲག་ཁྲིག་ཐམས་ཅད་ནས། ། སྐྱོབ་པ་བདེ་གཤེགས་དེ་ཡི་འདུས་པ་ནི། ། ཡང་དག་མཐོང་བའི་ཉན་ཐོས་རྣམས་སུ་གྱུར། ། ཁྲག་ཁྲིག་བདུན་དུ་སངས་རྒྱས་ཞིང་རྣམས་ནི། ། ལ་ལས་བཏགས་ ནས་ཕྲ་རབ་རྡུལ་བགྱིས་ལ། ། དེ་ནི་མི་གང་ལ་ལས་བྱུང་བ་ཡིས། ། ཕྲ་རབ་རྡུལ་དུ་བགྱིས་པའི་རྡུལ་དེ་ཐོགས། ། མི་དེས་ཤིན་ཏུ་རྡུལ་ཕྲན་དེ་ཐོགས་ཏེ། ། ཤར་གྱི་ཕྱོགས་སུ་མགྱོགས་ལྡན་དེ་མཆིས་པ། ། གང་གཱའི་ཀླུང་གི་བྱེ་སྙེད་སངས་རྒྱས་ཞིང་། ། དེ་ཡི་གོམ་པ་ གཅིག་གིས་དེ་དག་རྒལ། ། དེ་བཞིན་མི་དེ་བསྐལ་པ་བརྒྱར་མཆིས་ནས། ། མཐའ་མར་ཤིན་ཏུ་ཕྲ་བའི་རྡུལ་གཅིག་བོར། ། དེ་བཞིན་ཤིན་ཏུ་ཕྲ་བའི་རྡུལ་དེ་ཀུན། ། ཤར་གྱི་ཕྱོགས་སུ་མཆིས་ནས་ཐམས་ཅད་བོར། ། དེ་བཞིན་མ་ལུས་ཕྱོགས་བཅུ་ཐམས་ཅད་དུ། ། ཇི་སྙེད་ ཀྱི་ནི་རྡུལ་ཕྲན་ཀུན་བོར་ཏེ། ། དེ་དག་ཞིང་རྣམས་གང་དུ་བོར་བ་དང་། ། གང་དུ་རྡུལ་ཕྲན་མ་བོར་དེ་དག་རྣམས། ། གྲོང་ཁྱེར་གཅིག་ཏུ་དེ་ཀུན་བགྱིས་ནས་སུ། ། དེ་ནི་ཡུངས་ཀར་དག་གིས་གང་བར་བགྱིས། ། གལ་ཏེ་འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱང་། ། ཡུངས་འབྲུས་གང་བ་ལ་ལ་སུ་སྤྲོ་བས། ། བཏགས་ནས་ཤིན་ཏུ་ཕྲ་བའི་རྡུལ་དུ་བགྱིས།
BO། ཐམས་ཅད་ཀྱང་ནི་ཇི་ལྟར་སྔ་མ་བཞིན། ། དེ་བཞིན་ཐམས་ཅད་ཕྱོགས་ཀྱི་ཞིང་རྣམས་ཀྱང་། ། སྟོང་དུ་བསྒྱུར་ཅིང་བསྒྲེ་བ་བགྱིས་པ་ཡང་། ། དེ་ཡི་ཐ་མ་འཚལ་ བར་ནུས་ཀྱང་གདའ། ། སྐྱོབ་པ་དེ་ཡི་ཞིང་ནི་ཚད་མ་མཆིས། ། བདེ་གཤེགས་དེ་ལ་དགྲ་བཅོམ་མངའ་བ་ནི། ། ཉན་ཐོས་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་རྣམས། ། རྒྱལ་བ་དེ་ཡང་ཉན་ཐོས་བཅས་པར་མཆོད། ། དེ་བཞིན་གཤེགས་དེས་བདག་ལ་ལུང་མ་བསྟན། ། འདས་ པའི་དུས་ན་འདྲེན་པ་བྱུང་བ་ནི། ། འཇིག་རྟེན་མཆོད་རྟེན་ཞེས་ནི་ཕྱོགས་སུ་གྲགས། ། གང་ཟག་མཆོག་དེ་བདག་གིས་མཆོད་ན་ཡང་། ། དེ་བཞིན་གཤེགས་དེས་བདག་ལ་ལུང་མ་བསྟན། ། མ་སྨད་པ་ཡི་བདེ་གཤེགས་སངས་རྒྱས་བརྒྱད། ། རྒྱལ་བ་གྲགས་འཆང་འཇིགས་ མཛད་དེས་པ་དང་། ། སཱ་ལའི་རྒྱལ་པོ་ནོར་{བཟངས་,བཟང་}འོད་ཆེན་དང་། ། ཏོག་གི་རྒྱལ་པོ་བསོད་ནམས་བརྒྱ་ཡི་མཚན། ། བདག་གིས་འདྲེན་པ་དེ་དག་ཉན་ཐོས་བཅས། ། བྱང་ཆུབ་མཆོག་རབ་འཚལ་སླད་བཀུར་སྟི་བགྱིས། ། འོན་ཀྱང་ཤེས་རབ་མཐར་ཕྱིན་མ་སྦྱངས་པས། ། དེ་བཞིན་གཤེགས་དེས་བདག་ལ་ལུང་མ་བསྟན། ། བསྐལ་པ་གཅིག་ལ་མཐུ་ཆེན་བདེ་བར་གཤེགས། ། ཐམས་ཅད་གཟིགས་པ་སྟོང་ཕྲག་དྲུག་བྱུང་སྟེ། །
BOབདག་གིས་གང་ཟག་མཆོག་དེ་ཀུན་མཆོད་ཀྱང་། ། བདེ་གཤེགས་དེ་དག་གིས་ཀྱང་ལུང་མ་བསྟན། ། འདས་པའི་ དུས་ན་འདྲེན་པ་བྱུང་བ་ནི། ། ཟླས་བྱིན་ཞེས་ཀྱང་ཕྱོགས་བཅུར་གྲགས་པ་སྟེ། ། རྒྱལ་བ་ཉན་ཐོས་བཅས་ལ་བཀུར་སྟི་བགྱིས། ། དེ་བཞིན་གཤེགས་དེས་བདག་ལ་ལུང་མ་བསྟན། ། འདས་པའི་དུས་ན་འདྲེན་པ་བྱུང་བ་ནི། ། ཙན་དན་དམ་པ་བདེ་གཤེགས་འཕྲུལ་ཆེན་ ཏེ། ། མི་ཡི་དམ་པ་དེ་ལའང་བསྙེན་བཀུར་བགྱིས། ། གང་ཟག་མཆོག་དེས་བདག་ལ་ལུང་མ་བསྟན། ། འདྲེན་པ་འཇིག་རྟེན་མཁྱེན་པ་སྔོན་བྱུང་བ། ། གློག་སྤྲིན་ཞེས་བགྱི་ཕྱོགས་སུ་གྲགས་པ་སྟེ། ། རྒྱལ་བ་དེ་ཡང་ཉན་ཐོས་བཅས་པར་མཆོད། ། དེ་བཞིན་ གཤེགས་དེས་བདག་ལ་ལུང་མ་བསྟན། ། སྔོན་གྱི་སངས་རྒྱས་རྐང་གཉིས་མཆོག་བྱུང་བ། ། ཐེ་ཙོམ་ཀུན་གྱི་བཅིངས་པ་གཅོད་མཛད་པ། ། སྤྲིན་སྦྱིན་རྣམ་འདྲེན་བདེ་བར་གཤེགས་པ་སྟེ། ། དེ་ལ་རིམ་གྲོ་བགྱིས་ཀྱང་ལུང་མ་བསྟན། ། སྔོན་གྱི་སངས་རྒྱས་རྣམ་ འདྲེན་སྡིག་མི་མངའ། ། དགྲ་བཅོམ་ཞེས་ཀྱང་ཕྱོགས་སུ་གྲགས་པ་སྟེ། ། འཇིག་རྟེན་མཁས་པ་དེ་ལ་མཆོད་བགྱིས་ཀྱང་། ། དེ་བཞིན་གཤེགས་དེས་བདག་ལ་ལུང་མ་བསྟན། ། སྔོན་གྱི་སངས་རྒྱས་ཁྲག་ཁྲིག་མཐའ་ཡས་པ། །
BOའཇིག་རྟེན་མགོན་པོ་མཚུངས་ མེད་ཉན་ཐོས་བཅས། ། བྱང་ཆུབ་མཆོག་འཚལ་བཀུར་སྟི་རབ་བགྱིས་ཀྱང་། ། བདེ་གཤེགས་དེ་དག་གིས་ཀྱང་ལུང་མ་བསྟན། ། མཚུངས་མེད་འདྲེན་པ་རྣམས་ལ་བསྙེན་བཀུར་བགྱིས། ། ཤེས་རབ་དམ་པ་མཆོག་ནི་བདག་གིས་སྦྱངས། ། ཆོས་ཀྱི་ཚུལ་དང་མཚན་ ཉིད་དེ་རྟོགས་ནས། ། དེས་ན་དྲི་མེད་ཏོག་གིས་བདག་ལུང་བསྟན། ། འདི་ལྟར་བདག་གིས་དེ་རིང་ཆོས་ཉིད་མཐོང་། ། ཐེ་ཙོམ་མ་ལུས་པར་ནི་ཐམས་ཅད་བཅད། ། སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འདྲ་བ་རུ། ། ཆོས་རྣམས་ཐམས་ཅད་སྐྱེ་བ་བདག་གིས་མཐོང་། ། ཇི་ལྟར་མི་ རྣམས་རི་ཡི་བར་ན་ཡང་། ། ཡིད་དུ་འོང་བའི་གླུ་དབྱངས་སྐད་འབྱིན་ཏེ། ། སྐད་ཅིག་ཏུ་ནི་བྲག་ཅ་གཞན་ཡང་འབྱུང་། ། དེ་ཡི་སྒྲ་ལ་བྱེད་པ་པོ་མ་མཆིས། ། རི་ཡི་བར་ནི་ཇི་ལྟར་བྲག་ཅ་བཞིན། ། དེ་བཞིན་བདག་གིས་ཆོས་རྣམས་ཡང་དག་མཐོང་། ། དེ་ལ་བདག་ནི་ ཐེ་ཚོམ་མ་མཆིས་ཏེ། ། དེས་ན་གང་ཟག་མཆོག་དེས་བདག་ལུང་བསྟན། ། ནམ་མཁའ་བར་སྣང་ཇི་ལྟར་བྱ་ཡི་རྗེས། ། དེ་དག་མ་མཆིས་མ་བྱུང་འབྱུང་མི་འགྱུར། ། རྒྱལ་བས་བསྟན་པ་དེ་བཞིན་མཐོང་བས་ན། ། དེས་ན་གང་ཟག་མཆོག་གིས་བདག་ལུང་བསྟན། ། ཆོས་འདི་ཐམས་ཅད་བར་སྣང་ནམ་མཁའ་བཞིན། །
BOདེ་རྣམས་གང་ལའང་མངོན་པར་ཆགས་མ་མཆིས། ། ཕྱོགས་ནས་མཆིས་ཤིང་གང་དུའང་མཆིས་མ་མཆིས། ། དེས་ན་གང་ཟག་མཆོག་གིས་བདག་ལུང་བསྟན། ། ཇི་ལྟར་རྨི་ལམ་ན་ནི་སྐོམ་པའི་མིས། ། ཆུ་ གྲང་དང་བ་དེ་ཡིས་འཚལ་ན་ཡང་། ། སྐོམ་པ་ཆད་ཅིང་ཞི་བར་མི་འགྱུར་བ། ། དེ་བཞིན་བདག་གིས་འདོད་པའི་ཡོན་ཏན་རྟོགས། ། རྔ་བརྡུངས་དེ་ལས་སྒྲ་རྣམས་རབ་འབྱུང་སྟེ། ། སྐྱེ་བོ་བྱིས་པ་རྣམས་ནི་དགའ་བར་གྱུར། ། དེ་ཡང་ཀོ་བ་དང་ནི་ ཤིང་ལས་ཀྱང་། ། སྒྲ་དེ་མི་རྙེད་དེ་བཞིན་ཆོས་ཉིད་དོ། ། ཇི་ལྟར་པི་ཝང་ལེན་པ་སྦྲེངས་པ་ཡི། ། རྒྱུད་ལས་སྙན་པའི་སྒྲ་ཡང་ཤིན་ཏུ་གཏོང་། ། ཤིང་དང་རྒྱུད་རྣམས་ལས་ཀྱང་མ་ལགས་ཏེ། ། སྒྲ་དེ་མི་རྙེད་དེ་བཞིན་ཆོས་ཉིད་དོ། ། གཟུགས་དང་སྒྲ་དང་རོ་དང་དྲི་ རེག་ཀྱང་། ། པི་ཝང་དག་གི་སྒྲ་འདྲར་མཐོང་བས་ན། ། ཐེ་ཚོམ་དོགས་པ་ཐམས་ཅད་ཀུན་དུ་བཅོམ། ། དེ་བས་འཇིག་རྟེན་འདྲེན་པས་བདག་ལུང་བསྟན། ། ས་དང་ཤིང་དང་མུན་ཛ་བལ་བ་ཛ། ། དེ་བཞིན་འོད་མ་རྩྭ་དང་ཆུར་བརྟེན་ཏེ། ། བར་སྣང་ལ་ནི་དེ་དག་ ཀུན་བསྐོར་ནས། ། འཇིག་རྟེན་ཀུན་རྫོབ་ཁྱིམ་དུ་གྱུར་ཅེས་བརྗོད། ། དེ་བཞིན་རུས་པ་སེན་མོ་རྒྱུས་པ་རྣམས། །
BOསྤུ་དང་སྐྲ་དང་ཁྲག་རྣག་པགས་པ་ཡིས། ། ནམ་མཁའ་དག་ཀྱང་ཀུན་ནས་བསྐོར་ནས་ནི། ། དེ་བཞིན་ཀུན་རྫོབ་ལུས་སུ་གྱུར་ཅེས་བརྗོད། ། གཟུགས་ ནི་དབུ་བ་འདྲ་སྟེ་སྙིང་པོ་མེད། ། ཚོར་བ་རྣམས་ནི་ཆུ་ཡི་ཆུ་བུར་འདྲ། ། འདུ་ཤེས་རྣམས་ནི་སྨིག་རྒྱུ་འདྲ་བ་མཐོང་། ། དེ་ལ་བྱིས་པའི་རང་བཞིན་སྐྱེ་བོས་ནོར། ། སེམས་པ་དག་ནི་ཆུ་ཤིང་སྙིང་པོ་འདྲ། ། རྣམ་ཤེས་རྣམ་པ་ཀུན་དུ་སྒྱུ་མ་བཞིན། ། གང་གིས་འགྲོ་བ་ ལྷར་བཅས་འཁྱམ་བྱས་པ། ། དེ་ལྟར་མཐོང་བས་རྒྱལ་བས་ལུང་ཡང་བསྟན། ། དེ་ནས་དགེ་སློང་སྤྲིན་གྱི་རྒྱལ་པོ་དེས་དེ་བཞིན་གཤེགས་པ་མཚུངས་པ་མེད་པའི་གཟི་བརྗིད་འོད་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་ པར་བསྟོད་ནས། དགེ་བའི་རྩ་བ་དེས་བསྐལ་པ་བརྗོད་དུ་མེད་པར་ནམས་ཀྱང་ཆོས་ལ་རྨོངས་པར་མ་གྱུར། ནམས་ཀྱང་ཚུལ་ཁྲིམས་ལ་སྙིང་པོར་འདུ་ཤེས་པར་མ་གྱུར། ཏིང་ངེ་འཛིན་རྣམས་ལ་སྙིང་པོར་འདུ་ཤེས་པར་མ་གྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞོལ་བར་གྱུར་ཏོ། ། ནམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོར་མ་དམིགས་ཏེ། འདི་ལྟ་སྟེ།
BOདཔེར་ན་མི་ཞིག་གཟིངས་ལས་རྒྱ་མཚོ་ཆེན་པོ་རྒལ་ནས་གཟིངས་བོར་ཏེ་གར་དགའ་བར་འགྲོ་བ་དེ་བཞིན་དུ་དགེ་སློང་སྤྲིན་གྱི་ རྒྱལ་པོ་དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱེད་མོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་པར་མི་བྱེད་དོ། ། འདི་ལྟ་སྟེ་དཔེར་ན་མི་ཞིག་མེ་འདོད་པ་དེས་མེས་དགོས་པ་བྱེད་མོད་ཀྱི་ཚིག་པའི་ཉེས་པའང་སྲུང་བ་དེ་བཞིན་དུ། བྱང་ཆུབ་སེམས་ དཔའ་སྤྲིན་གྱི་རྒྱལ་པོ་དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་རྣམས་མཐོང་མོད་ཀྱི། མངོན་པར་ཞེན་པའི་ཉེས་པའང་བསྲུང་ངོ་། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ལའང་སྟོན་མོད་ཀྱི། མངོན་པར་ཞེན་པའི་ཉེས་པ་ལས་ཀྱང་ཟློག་པར་བྱེད་དོ། ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པས་སངས་རྒྱས་ཀྱི་ཞིང་ཚད་མེད་པར་སངས་རྒྱས་ཀྱི་བྱ་བ་བྱེད་མོད་ཀྱི། དེས་སེམས་ཅན་དེ་དག་དང་། སངས་རྒྱས་དེ་དག་ཏུ་འཛིན་པའང་མེད་དོ། ། འཇམ་དཔལ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བར་གྱུར་པ་དེ་ གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན། འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན།
BOདེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་དགེ་སློང་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་ཐབས་མཁས་པ་གང་ དང་ལྡན་པས་དགེ་སློང་སྤྲིན་གྱི་རྒྱལ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པ་དེ་དང་ལྡན་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། ། དེ་ལྟ་བུའི་ཐབས་མཁས་པ་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་ནི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོངས་སུ་སྦྱོང་ངོ་། ། སངས་རྒྱས་ཀྱི་ཞིང་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་ཡོངས་སུ་སྦྱོང་ངོ་། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་ པ་ལ་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞི་བ་ཞེས་བྱ་བ་བསྒོམས་ཏེ། རབ་ཏུ་གོམས་པར་བྱས། ལམ་དུ་བྱས། རྟེན་དུ་བྱས། ནན་ཏན་ དུ་བྱས། རབ་ཏུ་འདྲིས་པར་བྱས། ལེགས་པར་བརྩམས་ཤིང་རབ་ཏུ་རྫོགས་པར་བྱས་ཏེ།
BOདེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞི་བ་དང་རབ་ཏུ་ཞི་བར་རྟོགས་སོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཞི་བ་དང་རབ་ཏུ་ཞི་བར་རྟོགས་སོ། ། འདི་ལྟ་སྟེ། དཔེར་ན་འདུས་མ་བྱས་ཀྱི་ཁམས་ཞི་བ་དང་རབ་ཏུ་ཞི་བ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཞི་བ་དང་རབ་ཏུ་ཞི་བར་རྟོགས་སོ། ། འདི་ལྟ་སྟེ། དཔེར་ན་འདུས་མ་བྱས་ཀྱི་ཁམས་མི་སྐྱེ་མི་འགག་པ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་མི་སྐྱེ་མི་འགག་གོ། ། འདི་ལྟ་སྟེ། དཔེར་ན་བདག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་དམིགས་པ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མི་དམིགས་ཏེ། ཕ་རོལ་ཏུ་ ཕྱིན་པ་དྲུག་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མི་སྐྱེ་མི་འགག་གོ། ། ཆོས་ཐམས་ཅད་ནི་ཞི་བ་སྟེ་ཞི་བ་དེ་ཡང་མི་དམིགས། གང་གི་ཞི་བ་དེ་ཡང་མི་དམིགས་སོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད།
BOབརྗོད་དུ་མེད་པའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། ཉི་མ་སྣང་བ་ཞེས་བྱ་བའི་བསྐལ་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་ བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་དེའི་རིམ་གྲོ་བྱེད་པ་དགེ་སློང་ཞི་བའི་བློ་གྲོས་ཞེས་བྱ་བ་ཞིག་ ཡོད་དེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ལ་ལོ་བྱེ་བ་ཕྲག་བརྒྱད་ཅུར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་ཡིད་དུ་འོང་བས་རིམ་གྲོ་བྱས་ཏེ། ཡིད་དུ་མི་འོང་བས་མ་ཡིན་ནོ། ། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ ཐམས་ཅད་ཟིལ་གྱིས་གནོན་པ་དེའི་གན་དུ་སོང་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཞི་བ་སངས་རྒྱས་ཀྱི་ས་ལ་སློབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ལ་བརྩོན་པར་བགྱི། དེ་སྐད་ཅེས་གསོལ་པ་དང་།
BOདེ་བཞིན་གཤེགས་ པ་ཐམས་ཅད་ཟིལ་གྱིས་གནོན་པས་དགེ་སློང་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དགེ་སློང་ཞི་བའི་བློ་གྲོས་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། ། དགེ་སློང་ཇི་ལྟར་ སྤྱད་པས་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ངོ་བོ་ཉིད་མི་དམིགས་པར་བྱའི་སྦྱིན་པ་མི་སྦྱིན་པར་ནི་མི་བྱའོ། ། སྦྱིན་གནས་ཀྱི་ངོ་བོ་ཉིད་མི་དམིགས་པར་བྱའི་སྦྱིན་གནས་མི་འཚལ་བར་ནི་མི་བྱའོ། ། སྦྱིན་བདག་གི་ངོ་བོ་ཉིད་དམིགས་པར་མི་བྱའི་སྦྱིན་བདག་ཏུ་མི་འགྱུར་བར་ནི་མི་བྱའོ། ། དེས་ལས་ཀྱི་རང་བཞིན་མི་དམིགས་པར་བྱའི་ལས་བདག་གིར་བྱ་བ་དང་འགལ་བར་ནི་མི་བྱའོ། ། བསླབ་པའི་ངོ་བོ་ཉིད་མི་དམིགས་པར་བྱའི་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་བསླབ་པར་ནི་མི་ བྱའོ། ། སྦྱིན་པ་དེ་ཡང་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་དམིགས་པར་མི་བྱ། བསྔོ་བའི་ངོ་བོ་ཉིད་ཀྱང་དམིགས་པར་མི་བྱ། དགེ་བའི་རྩ་བ་རྣམས་མི་བསྔོ་བར་ཡང་མི་བྱའོ། །
BOདགེ་སློང་འདི་ལྟ་སྟེ། དཔེར་ན་ཆུའི་ནང་ན་ཟླ་བའི་གཟུགས་བརྙན་ སྣང་བ་དེ་ཟླ་བར་ཡང་ཤེས་པར་མི་བྱ། དེ་ཟླ་བ་མ་ཡིན་པར་ཡང་ཤེས་པར་མི་བྱ་བ་དེ་བཞིན་དུ་བྱ་བ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། ། བྱ་བ་དེ་ལྟ་བུས་སྦྱིན་པ་བྱིན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་ནས་དགེ་སློང་ཞི་བའི་བློ་གྲོས་དེ་ལ་དེ་བཞིན་ གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པས་སྦྱིན་པ་དེ་ལྟ་བུས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་སྦྱིན་པ་ཡོངས་སུ་བསྔོ་བའི་ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ཏོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་ཟིལ་གྱིས་གནོན་པ་དེས་སྦྱིན་པ་བསྔོ་བའི་སྣང་བ་བསམ་གྱིས་མི་ཁྱབ་པ་རྙེད་པར་བྱ་བའི་ཕྱིར་གདམས་པ་དགེ་སློང་ཞི་བའི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན། འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་དགེ་སློང་ཞི་བའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །
BOདེ་ཡང་དེ་ཕྱིན་ཆད་བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྔོ་བ་བསམ་གྱིས་མི་ཁྱབ་པ་དང་བྲལ་བར་མ་གྱུར། བྱང་ཆུབ་མངོན་པར་ རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའི་ཡོན་ཏན་གཞན་ཚད་མེད་པ་དང་མ་བྲལ་བར་གྱུར་ཏོ། ། དེ་ཉིད་དེའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ཡོངས་སུ་དག་པ་ ནས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཡོངས་སུ་དག་པའི་རྒྱུར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ནས་བརྗོད་དུ་མེད་པའི་བར་དུ་ཡོངས་སུ་སྦྱོང་བར་འདོད་པས་དེ་ལྟར་སྦྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
BOསྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གཟི་བརྗིད་དཔག་ཏུ་ མེད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་ཀྱི་གསུང་རབ་ལ་དགེ་སློང་རབ་ཏུ་ཞི་བའི་བློ་གྲོས་ཞེས་བྱ་བ་སངས་རྒྱས་ཁྲག་ཁྲིག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་བྱུང་སྟེ། དེ་ནས་དགེ་སློང་རབ་ཏུ་ཞི་བའི་བློ་ གྲོས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་རབ་ཏུ་ཞི་བའི་བློ་གྲོས་དེས་ དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཡོངས་སུ་དག་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་།
BOདེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་ཀྱིས་དགེ་སློང་རབ་ཏུ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རབ་ཏུ་ཞི་བའི་བློ་གྲོས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པར་བྱ། སྦྱིན་པའི་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ། ལེན་པའི་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ། སྦྱིན་བདག་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ། སྦྱིན་གནས་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ། སྦྱིན་གནས་མཆོད་པ་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ། བསྔོ་བ་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ། གང་བསྔོ་བ་དེ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ། གང་དུ་བསྔོ་བ་དང་གང་གིས་བསྔོ་བ་དེ་ཡང་ངོ་བོ་ཉིད་ མེད་པར་ཁོང་དུ་ཆུད་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་ནི་སྦྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་། ། ལེན་པ་ནི་ལེན་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་། ། སྦྱིན་གནས་ཀྱང་སྦྱིན་གནས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་། ། སྦྱིན་པའི་འབྲས་བུ་ཡང་སྦྱིན་པའི་འབྲས་བུའི་ངོ་བོ་ཉིད་ ཀྱིས་སྟོང་ངོ་། །
BOབསྔོ་བ་ཡང་བསྔོ་བའི་ངོ་བོ་ཉིད་ཀྱིས་སྟོང་ངོ་། ། བྱང་ཆུབ་ཀྱང་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་། ། དེ་ལྟར་སྟོང་པ་ཉིད་ལ་མོས་པ་ནི་བྱ་བ་ཚད་མེད་པའི་བསམ་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་འགྱུར་ཏེ། སྦྱིན་པའི་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་ཅིང་འབགས་པ་མེད་པར་འགྱུར་རོ། ། རབ་ཏུ་ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་གྱིས་བུད་མེད་རིན་པོ་ཆེ་མངོན་པར་སྤྲུལ་ན། དེ་ཡང་བུད་མེད་རིན་པོ་ཆེའི་གྲངས་སུ་འགྲོ་མོད་ཀྱི། དེ་ལ་བུད་མེད་རིན་པོ་ ཆེའི་མིང་མ་དམིགས་པ་དེ་བཞིན་དུ། རབ་ཏུ་ཞི་བའི་བློ་གྲོས་སྦྱིན་པ་ལ་སྦྱིན་པའི་ངོ་བོ་ཉིད་མི་དམིགས་མོད་ཀྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་ཡང་འགྲོ། ལེན་པ་ངོ་བོ་ཉིད་ཀྱིས་མི་དམིགས་མོད་ཀྱི་ལེན་པ་ཞེས་བྱ་བའི་གྲངས་སུ་ཡང་འགྲོ། སྦྱིན་ བདག་ངོ་བོ་ཉིད་ཀྱང་མི་དམིགས་མོད་ཀྱི་སྦྱིན་བདག་ཅེས་བྱ་བའི་གྲངས་སུ་ཡང་འགྲོ། སྦྱིན་པའི་འབྲས་བུ་ཡང་ངོ་བོ་ཉིད་ཀྱིས་མི་དམིགས་མོད་ཀྱི། སྦྱིན་པའི་འབྲས་བུ་ཞེས་བྱ་བའི་གྲངས་སུ་ཡང་འགྲོ། བྱང་ཆུབ་ཀྱང་ངོ་བོ་ཉིད་ཀྱིས་མི་དམིགས་མོད་ཀྱི།
BOབྱང་ཆུབ་ ཅེས་བྱ་བའི་གྲངས་སུ་ཡང་འགྲོ། བྱང་ཆུབ་སེམས་དཔའ་ངོ་བོ་ཉིད་ཀྱིས་མི་དམིགས་མོད་ཀྱི། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་ཡང་འགྲོའོ། ། རབ་ཏུ་ཞི་བའི་བློ་གྲོས་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བྱ་བའི་ངོ་བོ་ཉིད་མི་དམིགས་མོད་ཀྱི་བྱ་བ་ཡང་ཆུད་ མི་གསོན་ཏེ། དེ་ཙམ་གྱིས་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་ནས་དགེ་སློང་རབ་ཏུ་ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་ཀྱིས་དེ་ལྟ་བུའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཛིན་དུ་བཅུག་ནས་ཞི་བའི་ས་ཡོངས་སུ་ འཛིན་པ་ཐོབ་སྟེ། དགེ་བའི་རྩ་བ་དེས་ནམ་ཡང་མ་ཞི་བའི་ས་ལ་མི་སྤྱོད་དོ། ། གང་མྱ་ངན་ལས་འདས་པའི་ཞི་བ་དེ་སྦྱིན་པའི་ཞི་བའོ་ཞེས་དེ་ལྟར་མཐོང་བས་ཞི་བའི་ཆོས་རྣམས་མངོན་དུ་གྱུར་ཏོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་དགེ་སློང་རབ་ཏུ་ཞི་བའི་བློ་གྲོས་ཞེས་ བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་ཡིད་གཉིས་དང་ཐེ་ཚོམ་ཟ་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ།
BOདེའི་ཚེ་དེའི་དུས་ན་དགེ་སློང་རབ་ཏུ་ཞི་བའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པའི་མཉམ་པ་ཉིད་ཀྱིས་སྦྱིན་པ་མཉམ་པ་ཉིད་དུ་གྱུར་པར་སྦྱིན་པ་སྦྱིན་པར་བྱའོ། ། དེ་ལྟར་ན་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ལ་བསླབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་སྦྱིན་པ་དང་ཚུལ་ཁྲིམས་མཚུངས་སོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེའི་ཚེ་དེའི་དུས་ན་རིན་པོ་ཆེ་དག་པ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། འཇམ་དཔལ་རིན་པོ་ཆེ་དག་པའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ།
BOལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བརྩོན་འགྲུས་དཔེ་ མེད་ཅེས་བྱ་བ་བྱུང་ངོ་། ། དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྱབ་འཇུག་གིས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ལ་བསྙེན་བཀུར་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པའི་རིགས་ཆེན་པོར་སྐྱེས་པ། བྲམ་ ཟེའི་གསང་ཚིག་ཁ་ཏོན་དུ་འདོན་ཅིང་བཟུང་བ་རིག་བྱེད་གསུམ་གྱི་ཕ་རོལ་དུ་སོན་པ། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་བཅས་པ་དང་། ཡི་གེ་རབ་ཏུ་དབྱེ་བ་དང་བཅས་པ་དང་། སྔོན་བྱུང་བའི་གཏམ་ལྔ་པོ་རྣམས་དང་། བརྡ་སྤྲོད་པ་དང་། འཇིག་རྟེན་རྒྱང་པ་ན་པ་དང་། མཆོད་སྦྱིན་གྱི་རྒྱུད་དང་། བུད་མེད་དང་། སྐྱེས་པའི་མཚན་ལ་མཆོག་ཏུ་མཁས་པར་གྱུར་པ། རང་གི་རིགས་ཀྱི་འདུལ་བ་ལ་རྗེས་སུ་གནང་བ། ཡོངས་སུ་གྲགས་པ། རབ་ཏུ་བྱུང་བའི་སློབ་དཔོན་དུ་གྱུར་པ་ཞིག་ཡོད་དེ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ ཁྱབ་འཇུག་གིས་བྱིན་དེས་སངས་རྒྱས་བརྩོན་འགྲུས་དཔེ་མེད་ཅེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་ཞེས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ།
BOབདག་ཅག་གི་གསང་ཚིག་ལས་བྱུང་བ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ནི་འགྲོ་བ་གཉིས་སུ་འགྱུར་ཏེ། གསུམ་དུ་ འགྱུར་བ་མེད་དོ། ། གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བ་གླིང་བཞི་ལས་ཆེས་རྣམ་པར་རྒྱལ་ཞིང་ཆོས་ཅན་ཆོས་ཀྱི་རྒྱལ་པོ་སྟེ་རིན་པོ་ཆེ་བདུན་དང་ལྡན་ནོ། ། དེ་ལ་རིན་པོ་ཆེ་འདི་བདུན་འབྱུང་བ་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་ དང་། བུད་མེད་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་། རིན་པོ་ཆེ་དེ་བདུན་ནོ། ། དེ་ལ་བུ་སྟོང་ཚང་བ་ཡོད་དེ། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་ པ་རྣམས་སོ། ། དེས་གླིང་བཞི་པའི་འཇིག་རྟེན་ཆད་པ་དང་། མཚོན་གྱིས་མ་ཡིན་པར་ཆོས་ཀྱིས་ཕབ་སྟེ་རབ་ཏུ་གནས་སོ། ། གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
BOསྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ་ འདི་འདྲ་བའི་སྐྱེས་བུ་ཆེན་པོ་དག་འཇིག་རྟེན་ན་མཐོང་བ་རྙེད་པར་དཀའ་སྟེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་དཔེ་མེད་ག་ལ་བ་དེར་འགྲོའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་དཔེ་མེད་ དེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ནམ་འོན་ཏེ་མི་ལྡན་པའི་བར་དུ་ཤེས་པར་བྱའོ། ། དེ་སྟེ་ལྡན་ན་ནི་རྫོགས་པའི་སངས་རྒྱས་སུ་གདོན་མི་ཟ་བར་རིག་པར་བྱའོ། ། ཇི་སྟེ་མི་ལྡན་ན་ཡང་དེ་ལྟ་བུའི་སྐྱེས་བུ་དམ་པ་དག་མཐོང་བའང་ལེགས་སོ་སྙམ་མོ། ། དེ་ནས་ བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྱབ་འཇུག་གིས་བྱིན་བྲམ་ཟེའི་བུ་སྟོང་ཕྲག་དྲུག་ཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། དེ་བཞིན་གཤེགས་པ་བརྩོན་འགྲུས་དཔེ་མེད་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་ དཔེ་མེད་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས།
BOབྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྱབ་འཇུག་གིས་བྱིན་དེས་དེ་བཞིན་གཤེགས་པ་བརྩོན་འགྲུས་དཔེ་མེད་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ཐེག་པ་དཔག་ཏུ་མ་མཆིས་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་གྲངས་མ་མཆིས། བསམ་གྱིས་མི་ཁྱབ། མཚུངས་པ་མ་མཆིས། གཞལ་དུ་མ་མཆིས། བརྗོད་དུ་མ་མཆིས་པ་ལ་ཡང་དག་པར་ཞུགས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཡོངས་སུ་སྦྱང་བར་བགྱི། བཅོམ་ལྡན་འདས་ཇི་ལྟར་བསླབས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བགྱིད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ཡོངས་སུ་སྦྱངས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་བརྩོན་འགྲུས་དཔེ་མེད་དེས་ཁྱབ་འཇུག་གིས་བྱིན་བྲམ་ཟེའི་རིགས་ཤིང་སཱ་ལ་ ཆེན་པོ་ལྟ་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྲམ་ཟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པ་དང་།
BOཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྲོག་གཅོད་པ་སྤང་བར་བྱ་སྟེ། དེས་སྲོག་གཅོད་པ་མི་དམིགས་པར་བྱའོ། ། དེས་མ་བྱིན་པར་ལེན་པའང་སྤང་བར་བྱ་སྟེ། མ་བྱིན་པར་ལེན་པ་མི་དམིགས་པར་བྱའོ། ། འདོད་པ་ལ་ལོག་པར་གཡེམ་པ་ཡང་སྤང་བར་བྱ་སྟེ། འདོད་པ་ལ་ལོག་པར་གཡེམ་པ་མི་དམིགས་པར་བྱའོ། ། {བརྫུན་,རྫུན་}དུ་སྨྲ་བ་ཡང་སྤང་བར་བྱ་སྟེ། {བརྫུན་,རྫུན་}དུ་སྨྲ་བ་མི་དམིགས་པར་བྱའོ། ། ཕྲ་མའི་ཚིག་ཀྱང་སྤང་བར་བྱ་སྟེ། ཕྲ་མའི་ཚིག་ཀྱང་མི་དམིགས་པར་བྱའོ། ། ངག་རྩུབ་པོ་ཡང་སྤང་བར་བྱ་སྟེ། ངག་རྩུབ་པོ་ཡང་མི་དམིགས་པར་བྱའོ། ། ཚིག་ཀྱལ་པ་ཡང་སྤང་བར་ བྱ་སྟེ། ཚིག་ཀྱལ་པ་ཡང་མི་དམིགས་པར་བྱའོ། ། བརྣབ་སེམས་ཀྱང་སྤང་བར་བྱ་སྟེ། བརྣབ་སེམས་ཀྱང་མི་དམིགས་པར་བྱའོ། ། གནོད་སེམས་ཀྱང་སྤང་བར་བྱ་སྟེ། གནོད་སེམས་ཀྱང་མི་དམིགས་པར་བྱའོ། ། ཡང་དག་པར་ལྟ་བ་ཅན་དུ་ཡང་བྱ་སྟེ་ཡང་ དག་པར་ལྟ་བ་མི་དམིགས་པར་བྱའོ། ། ཆོས་ཇི་སྙེད་པ་དེ་ཐམས་ཅད་ཀྱང་ཤེས་པར་བྱ་སྟེ། དེ་དག་མི་དམིགས་པར་བྱ་ཞིང་མངོན་པར་མི་ཞེན་པར་བྱ་སྟེ།
BOདེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། དེ་ ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་བྱང་ཆུབ་སེམས་དཔའ་རབ་ཏུ་ཞི་བའི་ས་ལ་སྣང་བ་ཐོབ་པར་འགྱུར་ཏེ། ཆོས་གང་ཡང་མི་འཛིན་ཅིང་ཆོས་གང་ལ་ཡང་མངོན་པར་མི་ཞེན་ཏོ། ། ཆོས་གང་ལ་ཡང་དམིགས་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། ། གང་ དེ་ལྟར་མཐོང་བ་དེས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ངོ་། ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ནི་ཆོས་གང་ཡང་མི་མཐོང་ངོ་། ། གང་གིས་ཆོས་གང་ཡང་མི་མཐོང་བ་དེ་ཅི་ཡང་མི་ཤེས་སོ། ། གང་ཅི་ཡང་མི་ཤེས་པ་དེ་བྱང་ཆུབ་ཀྱི་ཕྱིར་སྤྱོད་དོ། ། གང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དེ་ཅི་ལའང་མི་སྤྱོད་དོ། ། གང་ཅི་ལའང་མི་སྤྱོད་པ་དེ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ཅིའང་འཚང་མི་རྒྱ་སྟེ། གང་ཅིའང་འཚང་མི་རྒྱ་བ་དེ་ནི་ཚུལ་ཁྲིམས་ཡོངས་སུ་ དག་པ་ཞེས་བྱའོ། ། གང་དེ་ལྟར་ངེས་པ་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་བྱའོ། །
BOགང་ཚུལ་ཁྲིམས་ཡོངས་སུ་དག་པ་དེས་ནི་ཆོས་ཉིད་མཐོང་ངོ་། ། གང་གིས་ཆོས་ཉིད་མཐོང་བ་དེ་ནི་ཞི་བ་ཞེས་བྱའོ། ། རབ་ཏུ་ཞི་བ་ཞེས་བྱའོ། ། ཉེ་བར་ཞི་བ་ཞེས་བྱའོ། ། ཞི་གནས་ཀྱི་མཆོག་ཐོབ་པ་ཞེས་བྱའོ། ། ཞི་གནས་དམ་པ་ཐོབ་པ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་དཔེ་མེད་དེས་རབ་ཏུ་ཞི་བའི་ས་བསྟན་པ་ཁྱབ་འཇུག་གིས་བྱིན་བྲམ་ཟེའི་ རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་དཔེ་མེད་དེ་ལ་ཞི་བ་དང་མཐུན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། ། ཁྱོད་ཀྱིས་འདོད་ཆགས་དེ་བཞིན་ཞེ་སྡང་ཞི། ། ཁྱོད་ནི་གཏི་མུག་བྲལ་ཞིང་ཟག་པའང་ བས། ། རྣམ་པར་འདྲེན་པ་ཞི་བའི་ས་ལ་བཞུགས། ། སེམས་ཞི་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། ། ང་རྒྱལ་ཞི་ཞིང་དྲེགས་དང་རྣམ་པར་བྲལ། ། དྲི་མེད་ཉི་མ་བཞིན་དུ་སྣང་མཛད་དེ། ། རྟག་པར་རབ་ཏུ་ཞི་བའི་ཆོས་རྣམས་སྟོན། ། སེམས་ཞི་བདེ་གཤེགས་ཁྱོད་ ལ་ཕྱག་འཚལ་ལོ། ། གང་ན་ཉོན་མོངས་རབ་ཏུ་མི་སྐྱེ་བ། ། ཞི་བའི་ས་ལ་བཅོམ་ལྡན་རབ་བསྟེན་ཅིང་། ། ཞི་བའི་ས་ལ་སྲས་རྣམས་གནས་སུ་བཙུད། ། སེམས་ཞི་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ།
BO། གཟུགས་རྣམས་ཞི་བར་བཅོམ་ལྡན་རབ་ཏུ་གསུང་། ། དེ་བཞིན་ ཚོར་བ་འདུ་ཤེས་སེམས་པ་རྣམས། ། རྣམ་པར་ཤེས་པའི་རྒྱུད་ཀྱང་ཞི་བར་གསུངས། ། སེམས་ཞི་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། ། འདུས་བྱས་འདི་ཞི་འདུས་མ་བྱས་པའང་ཞི། ། ཁྱོད་ཀྱི་སྤྱོད་ཡུལ་ཆོ་ག་དེ་བཞིན་ཞི། ། བརྩོན་འགྲུས་ཞི་ཞིང་སྤྱོད་པའང་དེ་བཞིན་ ཏེ། ། སེམས་ཞི་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཞི་བའི་ཡུལ་རྣམས་རབ་ཏུ་མཁྱེན། ། དེ་ནི་སྲོག་ཆགས་ཐ་མའི་ས་མ་ལགས། ། འགྲོ་བ་དེར་ནི་ཉན་ཐོས་མཁས་མི་མཆི། ། རང་རྒྱལ་དག་གིས་དེ་ནི་ཡོངས་མི་རྟོགས། ། གང་ཟག་མཆོག་ཁྱོད་ འགྲོ་བ་གང་མཁྱེན་པ། ། དེ་ནས་ས་དང་ཆུ་དང་རླུང་མ་མཆིས། ། དེར་འབྱུང་རྣམས་ཀྱི་འགྲོ་བ་མ་མཆིས་བཤད། ། དེ་ན་ཉི་ཟླ་རྣམས་ཀྱང་འགྲོ་མ་མཆིས། ། དེ་མཁའ་མ་ལགས་བར་དང་ས་མ་ལགས། ། ཐམས་ཅད་དངོས་པོ་མ་མཆིས་འདི་ ཡང་བཤད། ། སངས་རྒྱས་ཐམས་ཅད་སྤྱོད་ཡུལ་དེ་བཞིན་ཏེ། ། བདེ་བར་གཤེགས་པས་རབ་ཏུ་ཞི་བ་བཤད། ། ཞི་བ་ཐོབ་མཛད་ཞི་འགྲོ་བླ་ན་མེད། ། རབ་ཞི་དྲི་མ་ཐམས་ཅད་འཁྲུ་བ་སྟེ། ། གང་འདྲིར་འཁྲུས་བགྱིད་མྱ་ངན་ཡོང་འདའ་ཞིང་། ། རྒྱལ་བ་སྐྱོབ་པ་ཀུན་གྱི་ སྤྱོད་ཡུལ་མཆི། །
BOའགྲོ་བ་རྣམས་ཀྱི་བསམ་པ་ཀུན་མཁྱེན་ཅིང་། ། དེ་དག་སྤྱོད་པ་བདེ་གཤེགས་རབ་མཁྱེན་ཏེ། ། ཆོས་འདི་རྣམས་ནི་རང་བཞིན་ཞི་བར་མཁྱེན། ། སེམས་ཞི་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། ། ཞི་ལ་དགྱེས་ཤིང་ཡིད་ཞི་དེ་བཞིན་གཤེགས། ། ཞུགས་ལ་ཆབ་བཞིན་དུ་ནི་བསིལ་བར་གྱུར། ། ཞི་བའི་ས་ལ་འགྲོ་བ་རབ་འཛུད་པ། ། སེམས་ཞི་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། ། རྣམ་པར་འདྲེན་པ་ཐ་མའི་ལུས་འཛིན་ཅིང་། ། ཐུབ་པ་ཁྱོད་ནི་འཁོར་བའི་བཅིངས་ཀུན་པས། ། མྱ་ངན་འདས་པའི་བདེ་བ་ཁྱོད་ མཁྱེན་ཏེ། ། མྱ་ངན་འདས་ཁྱོད་བདེ་གཤེགས་ཁྱོད་ལ་འདུད། ། ཞི་གནས་ཐུགས་སུ་ཆུད་རྟོགས་མགོན་བསྟོད་པའི། ། བསོད་ནམས་མི་ཉུང་བདག་གིས་གང་བསགས་པ། ། དཔེ་མེད་ཤིན་ཏུ་བསྒྲུབས་པའི་ལམ་དེ་ཡིས། ། ཞི་བ་སངས་རྒྱས་ས་དེ་ཐོབ་པར་ཤོག ། མགོན་ལ་ཞི་བར་འཐུན་པའི་སྒྲ་དག་གིས། ། བདེ་གཤེགས་སྟོན་པ་ཞི་དགྱེས་བསྟོད་པས་སུ། ། ཞི་བའི་ས་དེ་ཤིན་ཏུ་ཐོབ་པར་ཤོག ། རྒལ་ནས་སྐྱེ་བོ་མི་མཁས་བསྒྲལ་བར་བགྱི། །
BOདེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྱབ་འཇུག་གིས་བྱིན་དེས་དེ་བཞིན་ གཤེགས་པ་བརྩོན་འགྲུས་དཔེ་མེད་དེ་ལ་ཞི་བ་དང་འཐུན་པར་ཚིགས་སུ་བཅད་པས་མངོན་པར་བསྟོད་ནས། དགེ་བའི་རྩ་བ་དེས་ཕྱིན་ཆད་སངས་རྒྱས་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་མཉེས་པར་བྱས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྣམས་ཡོངས་སུ་སྦྱངས། སེམས་ ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་དུ་མ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱས་ཏེ། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་ཡང་དག་པར་འཛིན་དུ་བཙུད་དོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྱབ་འཇུག་ གིས་བྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྱབ་འཇུག་གིས་བྱིན་ཞེས་བྱ་བར་ གྱུར་ཏོ། ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཞི་བར་རབ་ཏུ་བརྟག་པར་བྱའོ། ། ཞི་བའི་ལམ་ཀུན་དུ་བསྟེན་པར་བྱའོ། །
BOརྒོད་པར་མི་འགྱུར་བར་བྱའོ། ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞི་གནས་བསྙེན་པར་བྱའོ། ། བསྟེན་པར་བྱའོ། ། བསྒོམ་པར་བྱའོ། ། མང་དུ་བྱའོ། ། འཇམ་དཔལ་ཞི་བར་སྤྱོད་པ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། མ་ཞི་བར་སྤྱོད་པ་ལ་ནི་འཁོར་བའོ། ། འཇམ་དཔལ་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ པ་ནི་ཡུན་རིང་པོར་བཟོད་པ་ལ་བསྟེན་ཅིང་བསྙེན་ཏེ་བསྒོམས་ནས་མང་དུ་བྱས་སོ། ། ། ། བམ་པོ་བཞི་པ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་ མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེའི་ཚེ་དེའི་དུས་ན་པད་མའི་འབྱུང་གནས་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། འཇམ་དཔལ་བསྐལ་པ་པད་མའི་འབྱུང་གནས་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བློ་གྲོས་མཐའ་ཡས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།
BOའཇམ་དཔལ་དེ་བཞིན་གཤེགས་ པ་བློ་གྲོས་མཐའ་ཡས་དེའི་སངས་རྒྱས་ཀྱི་ཞིང་ཚད་མེད་པར་ཡོངས་སུ་དག་པ་བཤད་དུ་མི་ནུས་པ་ནི་འདི་ལྟ་སྟེ། དཔེར་ན་ད་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེའི་སངས་རྒྱས་ཀྱི་ཞིང་བཞིན་ནོ། ། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་བློ་གྲོས་མཐའ་ཡས་དེའི་སངས་རྒྱས་ཀྱི་ཞིང་དུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་གཏོགས་པར་སེམས་ཅན་གཞན་རྣམས་མི་སྐྱེའོ། ། དེ་བཞིན་གཤེགས་པ་དེ་ཐེག་པ་ཆེན་པོ་ལ་བརྩམས་ནས་ཆོས་སྟོན་ཏེ། སངས་རྒྱས་ཀྱི་ཞིང་རྒྱ་ཆེ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའང་འཆད་དོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་མཐའ་ཡས་དེའི་གསུང་རབ་ལ་དགེ་སློང་རྟག་ཏུ་རྣམ་པར་ལྟ་བ་ཞེས་བྱ་བ་ཞིག་བྱུང་སྟེ། བསྡུ་བའི་དངོས་པོ་བཞི་དང་ལྡན་ཞིང་བསྡུ་བའི་ དངོས་པོ་བཞིས་སེམས་ཅན་རྣམས་སྡུད་དོ། ། འཕགས་པའི་རིགས་བཞི་ལ་རབ་ཏུ་གནས་པར་གྱུར། སོ་སོ་ཡང་དག་པར་རིག་པ་བཞི་རྙེད་པར་གྱུར། ཚངས་པའི་གནས་པ་བཞི་དང་ལྡན་པར་གྱུར་ཏེ། བྱམས་པ་ཆེན་པོ་ལ་གནས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པ་དང་། དགའ་བ་ཆེན་པོ་ལ་གནས་པ་དང་།
BOབཏང་སྙོམས་ཆེན་པོ་ལ་གནས་པ་དང་། ཉོན་མོངས་པ་མེད་པར་གནས་པ་དང་བྲལ་བར་ཡང་མ་གྱུར་ཏོ། ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་མཐའ་ཡས་དེའི་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་ ཇི་སྙེད་ཡོད་པ་དེ་དག་གི་ནང་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་རྣམ་པར་ལྟ་བ་ནི་མཆོག་ཅེས་བྱའོ། ། བྱང་ཆུབ་སེམས་དཔའ་རྟག་ཏུ་རྣམ་པར་ལྟ་བ་དེ་དེ་བཞིན་གཤེགས་པ་བློ་གྲོས་མཐའ་ཡས་དེའི་བསྟན་པ་ཀུན་འཛིན་པར་གྱུར་ཏེ། དེ་བཞིན་གཤེགས་པ་བློ་གྲོས་མཐའ་ཡས་དེ་ ལ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པ་རྣམས་ཀྱི་བསྟན་པ་ཀུན་བཟུང་ངོ་། ། དེ་འདི་ལྟར་བཟོད་པ་ལ་རབ་ཏུ་གནས་པས་དེ་བཞིན་གཤེགས་པ་རེ་རེའི་སངས་རྒྱས་ཀྱི་ཞིང་ན་ཡང་སེམས་ཅན་དཔག་ཏུ་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལ་ཡང་དག་པར་བཙུད་དེ། ། དེ་བཟོད་པ་ལ་གནས་ནས་སངས་རྒྱས་ཀྱི་ཞིང་ལ་ལར་སངས་རྒྱས་སུ་སྟོན། ལ་ལར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན། ལ་ལར་དང་པོར་སེམས་བསྐྱེད་པ་སྟོན་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྟག་ཏུ་རྣམ་པར་ལྟ་བ་དེ་ལྟ་བུའི་ རྫུ་འཕྲུལ་དང་ལྡན་པར་གྱུར་ཏོ། །
BOའཇམ་དཔལ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་རྣམ་པར་ལྟ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན། འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་ དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་རྣམ་པར་ལྟ་བ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཇི་ལྟར་ན་སངས་རྒྱས་ཀྱི་ ཆོས་འདི་མྱུར་དུ་ནུབ་པར་མི་འགྱུར་ཞེས་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་གཟུང་བ་ལ་ནན་ཏན་བྱའོ། ། འཇམ་དཔལ་དེ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་གཟུང་བའི་ཕྱིར་སློབ་མ་སངས་རྒྱས་ཀྱི་བསྟན་པ་དེ་ཡོངས་སུ་གཟུང་བ་ལ་ཞུགས་པ་ཡིན་ནོ། ། དེ་ནས་དེའི་ཚེ་བཅོམ་ལྡན་ འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། མི་ཡི་སེང་གེ་མི་མཆོག་འཇིག་རྟེན་མཁས། ། འདས་པ་ཀུན་གྱིས་བཟོད་པ་རབ་ཏུ་བསྔགས། ། འཇིག་རྟེན་ཕན་འདོད་གང་དག་མ་བྱུང་བ། ། མི་མཆོག་ཀུན་ཀྱང་བཟོད་པ་བསྔགས་པར་འགྱུར། ། བཟོད་པའི་སྟོབས་ དང་ལྡན་པར་གྱུར་པ་ནི། །
BOདགྲ་མེད་བྱང་ཆུབ་ལ་ཡང་གཞོལ་བ་སྟེ། ། བླ་ན་མེད་པའི་བཟོད་པ་བསྟེན་པས་ན། ། འདྲེན་པ་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། ། མི་ཡི་སེང་གེ་དེ་དག་མི་འཇིགས་བཟོད། ། བླ་ན་མེད་པའི་བྱང་ཆུབ་ཚོལ་བའི་ཚེ། ། མགོ་དང་ལག་དང་རྐང་པ་རྣམས་ ཀྱང་བྱིན། ། མཁས་པ་རྣམས་ནི་སྐྱོ་བར་འགྱུར་བ་མེད། ། བཟོད་པའི་སྟོབས་ཀྱིས་དགྲ་རྣམས་ཀུན་ཀྱང་ཐུལ། ། བཟོད་པའི་སྟོབས་ཀྱིས་ཉོན་མོངས་རྣམས་ལས་རྒྱལ། ། བཟོད་པ་རབ་ཏུ་བསྟེན་པས་རང་འབྱུང་འགྱུར། ། བཟོད་པས་མི་འཆི་གོ་འཕང་རྙེད་པར་འོང་། ། བཟོད་པ་བསྟེན་པས་རབ་ཏུ་ གཟུགས་བཟང་འགྱུར། ། བཟོད་པ་བསྟེན་པས་མི་ཡི་དབང་པོར་འོང་། ། བཟོད་ལ་བསྟེན་པས་མཚན་བཟང་འཆང་བ་ཡི། ། འཇིག་རྟེན་རང་བྱུང་དེ་བཞིན་གཤེགས་པར་འགྱུར། ། བཟོད་པའི་སྟོབས་ཀྱིས་ཉེས་ལས་རྒྱལ་བར་བྱེད། ། བཟོད་པའི་སྟོབས་ནི་དེ་དག་སྟོབས་ཀྱི་མཆོག ། བཟོད་པ་བསྟེན་པས་དེ་དག་དགྲར་རྒོལ་མེད། ། འཇིག་རྟེན་མཁྱེན་པ་འགྲོ་ལ་ཕན་འདོད་པ། ། རང་བྱུང་གང་རྣམས་འདས་པར་གྱུར་པ་དག ། བཟོད་ལ་གནས་ཏེ་བདུད་རྣམས་རབ་བཏུལ་ནས། ། འཇིག་རྟེན་ཕན་སེམས་བྱང་ཆུབ་རབ་རྙེད་དེ། ། བླ་ན་མེད་པའི་སྟོབས་ནི་བཟོད་པའོ། །
BOབཟོད་པའི་སྟོབས་དང་མཚུངས་པ་ཡོད་མ་ཡིན། ། སྟོབས་ཅན་དེ་ནི་བཟོད་པ་བསྟེན་པས་ན། ། ཆོས་རྣམས་གང་ཡང་ཅི་ལྟ་བཞིན་དུ་བཟོད། ། དེ་ལ་ཕན་སེམས་སྟོབས་དང་ལྡན་ཞེས་གསུང་། ། བཟོད་ལ་གནས་པས་ཐེ་ཚོམ་རྣམས་ཀྱང་གཅོད། ། བཟོད་ལ་གནས་པས་ཡེ་ཤེས་ དག་པར་འགྱུར། ། བཟོད་ལ་གནས་པས་ཐེ་ཚོམ་མེད་པ་སྟེ། ། རྟག་ཏུ་བཟོད་པའི་སྟོབས་མཆོག་བསྙེན་པར་གྱིས། ། བཟོད་པ་འདི་ནི་རྒྱལ་བས་རབ་ཏུ་བསྔགས། ། བཟོད་པ་དེས་ཀྱང་བསམས་པ་ཀུན་འགྲུབ་སྟེ། ། དེ་བས་མཚུངས་མེད་བཟོད་ལ་བསྟེན་གྱིས་དང་། ། རིང་ པོར་མི་ཐོགས་འཇིག་རྟེན་མཁྱེན་པར་འགྱུར། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བཟོད་པ་གཉིས་ལ་བསྟེན་པར་བྱ་སྟེ། གཞན་ལས་འགྱུར་བ་མེད་པར་བཟོད་པ་དང་། ཆོས་རྣམས་ལ་རྗེས་སུ་འཐུན་པར་བཟོད་པའོ། ། འཇམ་དཔལ་ཡང་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བརྩོན་འགྲུས་མཉམ་པ་ཉིད་རབ་ཏུ་རྟོགས་པར་གྱུར་ཏེ། བརྩོན་འགྲུས་ཇི་ལྟ་བར་ལེ་ལོ་ཡང་དེ་བཞིན། ལེ་ལོ་ཇི་ལྟ་བར་བརྩོན་འགྲུས་ཀྱང་དེ་བཞིན་ནོ། ། ཆོས་དེ་གཉི་ག་ལ་ཡང་མཚན་ ཉིད་གཅིག་སྟེ། རབ་ཏུ་ཞི་བ།
BOམྱ་ངན་ལས་འདས་པ་དང་མཉམ་པ། གཡོ་བ་དང་རློམ་སེམས་མེད་པ། སྐྱོད་པ་མེད་པ། འགྱུར་བ་མེད་པ། བྱེད་པ་མེད་པ། སེམས་པ་མེད་པ། སེམས་པ་དང་བྲལ་བ། ཕན་ཚུན་དུ་མི་སེམས་པ་སྟེ། ཇི་ལྟར་བདག་མི་སེམས་པ་ ལྟ་བུ་སྟེ། དེ་ནི་མཚན་ཉིད་མེད་པ། བཏགས་པ་མེད་པ། བརྗོད་དུ་མེད་པ། གཟུང་དུ་མེད་པ། འདུ་ཤེས་མེད་པ། འདུ་ཤེས་དང་བྲལ་བ། སེམས་པ་མེད་པ། སེམས་པ་དང་བྲལ་བ། མི་ཚོར་བ་ཚོར་བ་མེད་པ། རྣམ་པར་མི་ཤེས་པ། རྣམ་པར་ཤེས་པ་མེད་པ། མི་གོས་ པ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ། མི་གནས་པ་ཤེས་པར་བྱེད་པ་མེད་པའོ། ། ཆོས་དེ་དག་རྟོགས་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་ཤིང་བརྟུལ་བ་བརྟན་པར་གྱུར་ཏོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་ གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ།
BOསངས་རྒྱས་བཅོམ་ལྡན་འདས་ཟླ་འོད་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཟླ་འོད་རྒྱལ་པོ་དེའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སྣང་བར་གྱུར་ཏོ། ། འོད་དེ་ ལ་སྒྲིབ་པར་བྱེད་ནུས་པའི་ཆོས་གང་ཡང་མེད་དེ་སྒྲིབ་པ་ཐམས་ཅད་ལས་ཐལ་ནས་སྣང་བར་བྱེད་དོ། ། འོད་དེ་ཡང་བདེ་བས་བསིལ་བ་རེག་ན་བདེ་བ། དགེ་བའི་རྩ་བས་བསྐྱེད་པ་སྟེ། དེ་བཞིན་གཤེགས་པ་དེའི་སྔོན་གྱི་སྨོན་ལམ་གྱིས་སེམས་ཅན་གང་འོད་དེས་རེག་པ་རྣམས་སྔོན་མ་རྙེད་ པའི་བདེ་བ་རྙེད་པར་གྱུར། སྔོན་བྱས་པའི་དགེ་བའི་རྩ་བ་རྣམས་ཀྱང་རྗེས་སུ་དྲན་པར་གྱུར་ཏོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དེའི་རིམ་གྲོ་བྱེད་པ་དགེ་སློང་དེས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་བཞིན་གཤེགས་པ་དེ་ལ་ལོ་བྱེ་བ་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་གི་ བར་དུ་ཡིད་དུ་འོང་བས་བསྙེན་བཀུར་བྱས་ཏེ། ཡིད་དུ་མི་འོང་བས་མ་ཡིན་ནོ། ། བཤད་པའང་འཛིན་ཅིང་བདག་གི་དོན་ཡང་མི་གཏོང་ངོ་། །
BOདེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་རྒྱལ་པོ་དེ་ལ་ལོ་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གི་བར་དུ་འདི་ལྟར་བརྩོན་ འགྲུས་མཉམ་པ་ཉིད་བརྩམས་ཀུན་འདྲི་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་རྟོགས་པར་བགྱི། ཇི་ཙམ་གྱིས་བརྩོན་འགྲུས་ མཉམ་པ་ཉིད་ཁོང་དུ་ཆུད་པར་འགྱུར་བ་ལགས། དེ་ལ་དེ་བཞིན་གཤེགས་པ་ཟླ་འོད་རྒྱལ་པོས་ལོ་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གི་བར་དུ་བརྩོན་འགྲུས་མཉམ་པ་ཉིད་མཚན་ཉིད་གཅིག་པ་ལ་བརྩམས་ཏེ། བསྟན་པའི་ཚིག་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་གིས་ལུང་བསྟན་ཏོ། ། དེ་ནས་དགེ་སློང་དེས་པ་དེས་དེ་བཞིན་གཤེགས་པ་དེ་ལས་བརྩོན་འགྲུས་མཉམ་པ་ཉིད་ཐོས་ནས་བརྩོན་འགྲུས་མཉམ་པ་ཉིད་ཀྱི་མཆོག་དང་ལྡན་པར་གྱུར། དེས་བརྩོན་འགྲུས་ཀྱི་མཉམ་པ་ཉིད་རྟོགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་རྒྱལ་པོ་དེ་ལ་བརྩོན་འགྲུས་ མཉམ་པ་ཉིད་དང་འཐུན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། ། ལྷ་དང་བཅས་དང་མི་དང་བདུད། ། ལྷ་མིན་བཅས་རིས་འཇིག་རྟེན་ན། །
BOའདྲེན་པ་ཁྱོད་དང་འདྲ་མ་མཆིས། ། མི་འདྲ་ལྷག་པ་ག་ལ་མཆིས། ། སྡིག་མ་མཆིས་པའི་འགྲོར་གཤེགས་པ། ། བདེ་གཤེགས་མཚུངས་མཉམ་ཐུགས་ལྡན་པ། ། བདེ་གཤེགས་ཁྱོད་ཀྱི་སྒྲུབ་པ་ནི། ། མ་སྨད་མི་གཡོ་ཟླ་མ་མཆིས། ། ཁྱོད་ལ་ལེ་ལོ་བརྩོན་འགྲུས་མཚུངས། ། རྣམ་པར་འདྲེན་པ་ཆོས་འདི་དག ། བྲག་ཅ་དང་ནི་མཚུངས་འདྲ་ཞེས། ། བཅོམ་ལྡན་འདས་ནི་འདུད་ཅིང་སྟོན། ཆོས་རྣམས་བྱེ་བྲག་མེད་མཁྱེན་ནས། ། ཁྱོད་ཀྱི་བརྩོན་འགྲུས་ཞན་མ་མཆིས། ། བརྩོན་འགྲུས་སྟོབས་ནི་ཕ་རོལ་ཕྱིན། ། བདེ་གཤེགས་རྐང་གཉིས་གཙོ་ཕྱག་འཚལ། ། བརྩོན་འགྲུས་དག་གི་མཉམ་ཉིད་འདི། ། གང་གིས་རབ་རྟོགས་སྨྲ་བའི་རྟག ། ཁྲག་ཁྲིག་བདུད་རྣམས་བཏུལ་ ནས་སུ། ། བྱང་ཆུབ་དམ་པ་དེ་དག་རེག ། སྟོབས་བཅུ་འཇིག་རྟེན་སྣང་མཛད་ཀུན། ། བརྩོན་འགྲུས་མཉམ་ལ་བརྟེན་ནས་སུ། ། རྐང་གཉིས་དམ་པ་རབ་རྙེད་དེ། ། གཞན་ཡང་དེ་བཞིན་རྙེད་པར་མཛད། ། འཇིག་རྟེན་མགོན་པོ་ཐམས་ཅད་ཀྱིས། ། བརྩོན་འགྲུས་མཉམ་ཉིད་ ཤིན་ཏུ་བསྔགས། ། སྲིད་པ་མཐར་ཕྱིན་སྲིན་འགགས་པ། ། བཅོམ་ལྡན་འདས་ཀྱང་དེ་བཞིན་བསྟོད། ། གང་ཟག་གང་དག་མི་སྐྱོ་བར། ། ཞི་གནས་བརྩོན་འགྲུས་བརྩམས་གྱུར་པ། །
BOམི་མཁས་འགྲོ་བ་རྟོགས་བགྱིའི་སླད། ། དེ་དག་བྱང་ཆུབ་རྙེད་པར་འགྱུར། ། ཞི་གནས་སྟོབས་ ཀྱི་ཕ་རོལ་ཕྱིན། ། བརྩོན་འགྲུས་མཉམ་རྙེད་འགྲོ་མཆོག་གང་། ། འཇིག་རྟེན་མགོན་ཁྱོད་དེ་ཡི་ཡབ། ། དེ་དག་རྣམས་ནི་ཁྱོད་ཀྱི་སྲས། ། དེ་དག་རྙེད་པ་ལེགས་རྙེད་དེ། ། མིར་ནི་ཡང་དག་ལེགས་པར་མཆིས། ། དེ་དག་བརྩོན་འགྲུས་མཉམ་ཉིད་འདི། ། སེམས་ལ་ཡང་དག་འགྲུབ་ པར་འགྱུར། ། གང་རྣམས་བརྩོན་འགྲུས་མཉམ་ཉིད་ལ། ། འཇིག་རྟེན་སྒྲོན་མ་སེམས་འཇུག་པ། ། དེ་དག་རང་འབྱུང་བདེ་བར་གཤེགས། ། སྟོབས་བཅུའི་སྟོབས་རྣམས་འབྱུང་བར་འགྱུར། ། དེ་ནས་དགེ་སློང་དེས་པ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་རྒྱལ་པོ་དེ་ལ་ བརྩོན་འགྲུས་མཉམ་པ་ཉིད་དང་འཐུན་པའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བརྩོན་འགྲུས་མཉམ་པ་ཉིད་རྟོགས་ཏེ། དགེ་བའི་རྩ་བ་དེས་བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་བརྩོན་འགྲུས་མཉམ་པ་ཉིད་ལ་མི་གནས་པར་མ་གྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་ ཐབས་མཁས་པ་དང་ལྡན་པར་གྱུར་ཏོ། ། དེའི་ཚེ་དེའི་དུས་ན་དགེ་སློང་དེས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཡིད་གཉིས་དང་། སོམ་ཉི་དང་།
BOཐེ་ཚོམ་ཟ་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་ གྲུབ་པ་དེ་དེའི་ཚེ་དེའི་དུས་ན་དགེ་སློང་དེས་པ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྩོན་འགྲུས་མཉམ་པ་ཉིད་ལ་བརྩོན་པར་བྱའོ། ། བརྩོན་འགྲུས་མཉམ་པ་ཉིད་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་འགྱུར་ཏེ། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་མཉམ་པ་ཉིད་རྙེད་པར་བྱ་བའི་ཕྱིར་སེམས་རྩེ་གཅིག་པར་གྱུར་ཏེ་དེའི་ཕྱིར་དེ་ཞི་བ་མཆོག་ཏུ་འགྱུར་རོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ ན་བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་ པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ།
BOསངས་རྒྱས་བཅོམ་ལྡན་འདས་ཞི་གནས་ཡང་དག་འཕགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་ཞི་གནས་ཡང་ དག་འཕགས་དེའི་སངས་རྒྱས་ཀྱི་ཞིང་ན་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྒྱུ་བ་མེད་པར་གྱུར་ཏེ་སེམས་ཅན་དེ་དག་ཐམས་ཅད་ལ་འདོད་པའི་ཀུན་ནས་དཀྲིས་པ་མི་སྐྱེའོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་ཞི་གནས་ཡང་དག་འཕགས་ཞེས་བྱ་བ་དེའི་གསུང་རབ་དེ་ལ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་བྱེད་པ་དགེ་སློང་བསམ་གཏན་སྤྱོད་ཡུལ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་དེ་བཞིན་གཤེགས་པ་ཞི་གནས་ཡང་དག་འཕགས་ལ་བསྐལ་པ་{བཅྭ་,བཅོ་}བརྒྱད་ཀྱི་བར་དུ་ཡིད་ དུ་འོང་བས་བསྙེན་བཀུར་བྱས་ཏེ། ཡིད་དུ་མི་འོང་བས་མ་ཡིན་ནོ། ། དགེ་སློང་བསམ་གཏན་སྤྱོད་ཡུལ་དེ་ལ་ཆོས་ཐམས་ཅད་བསམ་གཏན་གྱི་དམིགས་པར་གྱུར་ཏོ། ། དེ་ལྟར་དགེ་སློང་བསམ་གཏན་སྤྱོད་ཡུལ་དེས་བསྐལ་པ་{བཅྭ་,བཅོ་}བརྒྱད་ཀྱི་བར་དུ་ཞི་གནས་ལ་བསྒོམས་པར་གྱུར་ཏོ། ། དེ་ཞི་གནས་ཀྱི་སྟོབས་དེ་དང་ལྡན་པས་རྩོམ་པ་ཐམས་ཅད་ལ་དབང་ཐོབ་པར་གྱུར་ཏོ། །
BOདེ་ཆོས་གང་དང་གང་ལ་དམིགས་པར་བྱེད་པ་ཆོས་དེ་དང་དེ་ཞི་བར་ཀུན་བསྒོམས་ཏེ། མྱ་ངན་ལས་འདས་པ་དང་མཚུངས་པ། མཚན་ཉིད་མེད་པ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའ་དང་ མཉམ་ཞིང་མཚུངས་པ་སྟེ། གང་དམིགས་པའི་མཚན་ཉིད་དུ་གྱུར་པ་སེམས་ཀྱང་དེའི་མཚན་ཉིད་དུ་གྱུར་པའོ། ། གང་སེམས་ཀྱི་མཚན་ཉིད་དུ་གྱུར་པ་དེ་རྩེ་གཅིག་པའི་མཚན་ཉིད་དུ་གྱུར་པའོ། ། གང་རྩེ་གཅིག་པའི་མཚན་ཉིད་དུ་གྱུར་པ་དེ་བྱང་ཆུབ་ཀྱི་མཚན་ཉིད་དུ་གྱུར་པའོ། ། གང་བྱང་ ཆུབ་ཀྱི་མཚན་ཉིད་དུ་གྱུར་པ་དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་མཚན་ཉིད་དུ་གྱུར་པའོ། ། གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་མཚན་ཉིད་དུ་གྱུར་པ་དེ་བྱང་ཆུབ་སེམས་དཔའི་མཚན་ཉིད་དུ་གྱུར་པའོ། ། གང་བྱང་ཆུབ་སེམས་དཔའི་མཚན་ཉིད་དུ་གྱུར་པ་དེ་ཞི་བའི་མཚན་ཉིད་དུ་གྱུར་པ་སྟེ། དེ་ནི་ ཆོས་ཐམས་ཅད་ཞི་བ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། ། དེ་དགེ་བའི་རྩ་བ་དེས་བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ལྡན་པར་མ་གྱུར་ཏེ། སྨོན་ལམ་གྱི་སྟོབས་ཀྱིས་ནི་ལན་མང་དུ་འདོད་པའི་ཁམས་སུ་སྐྱེས་སོ། ། དེ་ཅིའི་ཕྱིར་ཞེ་ན།
BOའདོད་པའི་ ཁམས་ན་སེམས་ཅན་སྣོད་དུ་འགྱུར་བ་མང་བས་དོན་གྱི་དབང་འདི་ལ་བརྟེན་ནས་འདོད་པའི་ཁམས་སུ་སྐྱེས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་ནོན་ཅིང་སྙིང་བརྩེ་བའི་ཕྱིར་རོ། ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་བསམ་གཏན་སྤྱོད་ཡུལ་ཞེས་བྱ་བར་གྱུར་པ་ དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་དགེ་སློང་བསམ་གཏན་སྤྱོད་ཡུལ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔས་ཞི་གནས་དང་འཐུན་པའི་ལྷག་མཐོང་བསྒོམ་པར་བྱའོ། ། ཞི་གནས་དང་འཐུན་པའི་ལྷག་མཐོང་སྒོམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རབ་ཏུ་ཞི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡང་དག་པར་འགྲུབ་བོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད་པ་ནས་བརྗོད་དུ་མེད་པའི་བར་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན།
BOདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཏོག་གི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏོག་གི་རྒྱལ་པོ་ དེའི་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུར་གྱུར་ཏོ། ། འཇམ་དཔལ་ཡང་དེ་བཞིན་གཤེགས་པ་ཏོག་གི་རྒྱལ་པོ་དེའི་གསུང་རབ་ལ་དགེ་སློང་ཡེ་ཤེས་བླ་མ་ཞེས་བྱ་བ་དང་། བསམ་གཏན་བླ་མ་ཞེས་བྱ་བ་གཉིས་ཉན་ཐོས་ཀྱི་ཟུང་མཆོག་གི་ཟུང་། བཟང་ པོའི་ཟུང་ཤིག་བྱུང་སྟེ། དགེ་སློང་ཡེ་ཤེས་བླ་མ་ནི་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར། དགེ་སློང་བསམ་གཏན་བླ་མ་ནི་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་ཏོ། ། དེ་ནས་དགེ་སློང་ཡེ་ཤེས་བླ་མ་ནི་དེ་བཞིན་གཤེགས་པ་ཏོག་གི་རྒྱལ་པོ་དེའི་ཉན་ཐོས་རྣམས་ལྟ་བ་ཕུན་སུམ་ཚོགས་པ་ལ་རབ་ ཏུ་འདུལ། དགེ་སློང་བསམ་གཏན་བླ་མ་ནི་མཆོག་གི་དོན་རྙེད་པར་རབ་ཏུ་འདུལ་ཏེ། ཕྱོགས་གང་ན་དགེ་སློང་ཡེ་ཤེས་བླ་མ་དང་།
BOདགེ་སློང་བསམ་གཏན་བླ་མ་དེ་འཁོད་པའི་ཕྱོགས་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏོག་གི་རྒྱལ་པོ་མཛད་པ་ཆུང་བར་གྱུར་ཏོ། ། དགེ་ སློང་ཡེ་ཤེས་བླ་མ་ནི་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་འཛུད། དགེ་སློང་བསམ་གཏན་བླ་མ་ནི་སྤྱོད་པ་ལ་ཡང་དག་པར་འཛུད། དགེ་སློང་ཡེ་ཤེས་བླ་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས། དགེ་སློང་བསམ་གཏན་བླ་མ་ནི་ཐབས་ མཁས་པ་ལ་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས། དགེ་སློང་བསམ་གཏན་བླ་མ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་ལྷག་མཐོང་ལ་ འདོམས། དགེ་སློང་བསམ་གཏན་བླ་མ་ནི་ཞི་གནས་ལ་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་སེམས་ཅན་གྱི་བསམ་པ་ཤེས་པ་ལ་འདོམས། དགེ་སློང་བསམ་གཏན་བླ་མ་ནི་རབ་ཏུ་ཞི་བའི་ཡེ་ཤེས་ལ་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་སྟོབས་ཀྱི་ཡེ་ཤེས་ལ་འདོམས། དགེ་སློང་ བསམ་གཏན་བླ་མ་ནི་མི་འཇིགས་པའི་ཡེ་ཤེས་ལ་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་རབ་ཏུ་འདུལ།
BOདགེ་སློང་བསམ་གཏན་བླ་མ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྙོམས་པར་འཇུག་པའི་ཡེ་ཤེས་ལ་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་ ནན་ཏན་ལ་འདོམས། དགེ་སློང་བསམ་གཏན་བླ་མ་ནི་སེམས་བཅོས་པ་དང་བསྡུ་བའི་ཕྱིར་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་དོན་དམ་པའི་ཡེ་ཤེས་ལ་འདོམས། དགེ་སློང་བསམ་གཏན་བླ་མ་ནི་ཀུན་རྫོབ་ཤེས་པ་ལ་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་ཐབས་ཤེས་པ་ལ་འདོམས། དགེ་སློང་བསམ་གཏན་བླ་མ་ནི་ཐབས་ཤེས་པ་ཐོབ་པར་བྱ་བའི་ཕྱིར་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་སེམས་ཅན་འདུལ་བའི་ཕྱིར་འདོམས། དགེ་སློང་བསམ་གཏན་བླ་མ་ནི་བསམ་གཏན་གྱིས་འདུལ་བར་འདོམས། དགེ་སློང་ཡེ་ཤེས་བླ་མ་ནི་ཐམས་ཅད་མཁྱེན་པ་ལ་འདོམས། དགེ་སློང་བསམ་གཏན་བླ་མ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འདོམས་ཏེ། དེ་ལྟར་དགེ་སློང་གཉིས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི་བསྐལ་པ་བརྗོད་དུ་མེད་པར་བཤད་ཀྱང་ཡོན་ཏན་གྱི་ཁྱད་པར་ཟད་པར་མི་ནུས་ཏེ། དགེ་སློང་དེ་གཉིས་དེ་ཙམ་དུ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ ནོ། ། དེ་ལྟར་དགེ་སློང་དེ་གཉིས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏོག་གི་རྒྱལ་པོའི་བསྟན་པ་ཡོངས་སུ་བཟུང་བར་གྱུར་ཏོ། །
BOདེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་ཁྲག་ཁྲིག་བརྒྱད་ཀྱི་བར་དུ་དེ་བཞིན་གཤེགས་པའི་བསྟན་པ་དགེ་སློང་ཉན་ ཐོས་གཉིས་པོ་དེས་བཟུང་ནས་གནས་པར་གྱུར་ཏོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་དགེ་སློང་ཡེ་ཤེས་བླ་མ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་ གྲུབ་པ་དེ་དེའི་ཚེ་དེའི་དུས་ན་ཤེས་རབ་ཅན་གྱི་མཆོག་དགེ་སློང་ཡེ་ཤེས་བླ་མ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་རྫུ་འཕྲུལ་ཅན་གྱི་མཆོག་དགེ་སློང་བསམ་གཏན་བླ་མ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་ བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་སེང་གེའི་རྩལ་གྱིས་བཞུད་པ་དེ་དེའི་ཚེ་དེའི་དུས་ན་དགེ་སློང་བསམ་གཏན་བླ་མ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ མཁས་པ་ལ་བརྩོན་པར་བྱའོ། །
BOཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ས་ཞི་བར་ངེས་པར་འབྱུང་བར་འགྱུར་རོ། ། དེ་བྱང་ཆུབ་སེམས་དཔའི་ས་ཞི་བ་ལ་བསྙེན་ཅིང་ གོམས་པར་བྱས། མང་དུ་བྱས་པས་གང་ལ་དམིགས་པར་བྱེད་པ་དེ་ཐམས་ཅད་སངས་རྒྱས་ཀྱི་སྐུར་ཤེས་སོ། ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྨན་གསེར་འོད་ཀྱིས་མིག་བསྐུས་པའི་མིས་གཟུགས་ཅི་མཐོང་བ་དེ་ཐམས་ཅད་གསེར་གྱི་ཁ་དོག་ཏུ་མཐོང་སྟེ། ཁ་དོག་གཞན་དུ་མ་ཡིན་ པ་དེ་བཞིན་དུ་འཇམ་དཔལ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཞི་བ་ལ་བསྙེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་གང་ལ་དམིགས་པར་བྱེད་པ་དང་། ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྐུར་མཐོང་ངོ་། ། འཇམ་དཔལ་འདི་ལྟ་ སྟེ་དཔེར་ན་ཡོངས་སུ་དག་པའི་ནོར་བུ་རིན་པོ་ཆེ་སྣོད་གང་དུ་བཞག་པའི་སྣོད་དེ་ཐམས་ཅད་དེའི་ཁ་དོག་ཏུ་གནས་པ་དེ་བཞིན་དུ། འཇམ་དཔལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞི་བ་ལ་བསྙེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་ པ་གང་དང་སེམས་ཕྲད་པ་དེ་ཐམས་ཅད་སངས་རྒྱས་ཀྱི་སྐུར་མཐོང་ངོ་། །
BOའཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གང་དང་གང་ལ་མང་དུ་རྟོགས་པ་རྨི་ལམ་ན་ཡང་དེ་དག་ཤེས་པ་དེ་བཞིན་དུ། འཇམ་དཔལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞི་བ་ལ་བསྙེན་ཅིང་བསྒོམས་ཏེ་ མང་དུ་བྱས་པས་ཆོས་གང་མངོན་དུ་གྱུར་པ་དེ་དག་སངས་རྒྱས་ཀྱི་སྐུར་མཐོང་ངོ་། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་བཟོ་ཅི་དང་ཅི་ལ་སློབ་པ་དེ་དང་དེ་ཚར་ཕྱིན་པར་འགྱུར་བ་དེ་བཞིན་དུ། འཇམ་དཔལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞི་བ་ལ་སློབ་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་མཐོང་བར་གནས་པར་འགྱུར་རོ། ། དེ་སྦྱིན་པ་སྦྱིན་པ་ན་སྦྱིན་གནས་ཐམས་ཅད་སངས་རྒྱས་ཀྱི་སྐུར་བྱིན་གྱིས་རློབ་སྟེ། དེའི་སྦྱིན་པ་དེ་ཡང་དེ་བཞིན་གཤེགས་པ་ལ་ཕུལ་བར་འགྱུར་རོ། ། དེས་སྦྱིན་པ་དེ་ཡང་དེ་བཞིན་ གཤེགས་པ་ལ་ཕུལ་བར་ཤེས་ཏེ། དེ་ལྟར་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྲས་བུ་ཆེ་བར་འགྱུར་རོ། ། དེ་ཐམས་ཅད་དུ་སངས་རྒྱས་ཀྱི་གཟུགས་ལ་དད་པས་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད།
BOགྲངས་ མེད་པ་ནས་བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་པད་མ་བླ་མ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། ཡང་འཇམ་དཔལ་པད་མའི་བླ་མའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དཔའ་སྲ་རྣམ་པར་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཡང་འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་དཔའ་སྲ་རྣམ་པར་གནོན་པ་དེའི་རིམ་གྲོ་བྱེད་པ་དགེ་སློང་ལེགས་པར་བརྟགས་སྤྱོད་ཅེས་བྱ་བ་ཞིག་བྱུང་སྟེ། དེས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་ལ་རབ་ཏུ་དགའ་བ་དང་གུས་པས་བསྙེན་བཀུར་བྱས་སོ། ། དེའི་ཚེ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་ བ་འཛིན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། འབྲུ་དང་མཛོད་དང་བང་བ་མང་བ། སངས་རྒྱས་ཁྲག་ཁྲིག་ཕྲག་བརྒྱད་ཅུ་ལ་དགེ་བའི་རྩ་བ་བསྐྱེད་པ།
BOདགེ་སློང་ལེགས་པར་བརྟགས་སྤྱོད་དང་ཡུན་རིང་པོ་ནས་ལྷན་ཅིག་སྤྱད་ཅིང་ལྷན་ཅིག་བསྟེན་པ། ལྷན་ཅིག་འགྲོགས་ཤིང་གནས་ པ། ལས་ལྷན་ཅིག་བསགས་པ་ཞིག་ཡོད་དོ། ། དེ་ནས་དགེ་སློང་ལེགས་པར་བརྟགས་སྤྱོད་དེ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེ་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱིམ་བདག་ཁྱོད་ཤེས་པར་ གྱིས་ཤིག ། ད་ལྟར་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་དེ་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་རབ་ཏུ་སྟོན་གྱིས་རྒྱལ་རིགས་ཚུར་ཤོག ། བཅོམ་ལྡན་འདས་དཔའ་སྲ་རྣམ་པར་གནོན་པ་དེ་ག་ལ་བ་དེར་འདོང་ངོ་། ། དེ་བཞིན་གཤེགས་པ་དེ་མཐོང་ན་དགེ་བའི་རྩ་བ་སོགས་ཤིང་ཆོས་ཐོས་པར་འགྱུར་རོ། །
BOདེ་ནས་རྒྱལ་ རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེ་དགེ་སློང་ལེགས་པར་བརྟགས་སྤྱོད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་དེ་ག་ལ་བ་དེར་དོང་ངོ་། ། དེ་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་དེ་མཐོང་མ་ཐག་ཏུ་འདི་ལྟར་དེའང་སྔོན་གྱི་དེ་བཞིན་གཤེགས་པ་དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་ཕྱིར། དགེ་བའི་བཤེས་གཉེན་དང་སྐལ་བ་མཉམ་པར་སྤྱད་པའི་ཕྱིར། ཡུན་རིང་ པོར་དགེ་བའི་བཤེས་གཉེན་གྱིས་བསྟན་པ་ལས་འགལ་བར་མ་བྱས་པའི་ཕྱིར་དེ་སེམས་རབ་ཏུ་དད་དེ། བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ཚུལ་ཁྲིམས་ཡང་དག་པར་བསྒྲུབས་ཤིང་ཆོས་ཐམས་ཅད་མཉམ་པ་ཉིད་ལ་མོས་ཏེ། སྦྱིན་པ་པོ་དང་སྦྱིན་བདག་ཏུ་གྱུར་ཅིང་སྦྱིན་པ་དང་ཚུལ་ཁྲིམས་ ལ་རྣམ་པར་རྩེ་བ་དེས་བཅོམ་ལྡན་འདས་དཔའ་སྲ་རྣམ་པར་གནོན་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་དུ་བདག་གི་རིགས་དང་མིང་ནས་སྨོས་ཏེ་གསོལ་ཏོ། ། བཅོམ་ལྡན་འདས་བདག་ནི་འགྲོ་བ་འཛིན་ཅེས་བགྱིའོ། །
BOབདེ་བར་གཤེགས་པ་བདག་ནི་འགྲོ་བ་ འཛིན་ཅེས་བགྱིའོ། ། བཙུན་པ་བཅོམ་ལྡན་འདས་བདག་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་ཅེས་བགྱི་བ་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་དེས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ འགྲོ་བ་འཛིན་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འགྲོ་བ་འཛིན་ཁྱོད་ནི་བདེ་བ་དང་ལྡན་པ་ཡིན་ལ། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་དང་། སེམས་ཅན་གཞན་དག་ནི་འཁོར་བའི་བདེ་བ་འདོད་ན་འགྲོ་བ་འཛིན་ཁྱོད་དོན་གྱི་དབང་ཅི་ཞིག་མཐོང་བས་དེ་ བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ་མིང་ནས་འབྱིན། དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱལ་རིགས་ཤིང་སཱ་ལ་ ཆེན་པོ་ལྟ་བུ་འགྲོ་བ་འཛིན་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཐམས་ཅད་མཁྱེན་པ་ཐོབ་པར་འཚལ། སྒྲིབ་པ་མ་མཆིས་པའི་ཡེ་ཤེས་སྐྱེད་པར་འཚལ། མུན་ནག་ལ་སྣང་བ་བགྱིད་པར་འཚལ།
BOལམ་གོལ་བར་ ཞུགས་པའི་སེམས་ཅན་རྣམས་ལ་ལམ་སྟོན་པར་འཚལ། དེད་པ་རྣམས་དྲང་བར་འཚལ། ཤེས་རབ་མ་མཆིས་པ་རྣམས་ལ་ཤེས་རབ་རབ་ཏུ་བསྟན་པར་འཚལ། ནོར་མ་མཆིས་པའི་སེམས་ཅན་རྣམས་ནོར་དང་ལྡན་པར་བགྱིད་པར་འཚལ། སེམས་ཅན་དབུལ་པོ་རྣམས་ ལ་འཕགས་པའི་ནོར་གྱིས་ཕྱུག་པོར་བགྱིད་པར་འཚལ། བྱིང་བ་རྣམས་ལ་གཟིངས་སྩལ་བར་འཚལ། གཟིངས་བཅིང་བར་འཚལ། གྲུ་སྦྱར་བར་འཚལ། སྟེགས་གཟུགས་པར་འཚལ། ཟམ་པ་གདགས་པར་འཚལ། སྐྲག་པ་རྣམས་ཀྱི་དཔུང་གཉེན་དུ་འགྱུར་ བར་འཚལ། སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་སུ་འགྱུར་བར་འཚལ། མགོན་མ་མཆིས་པ་རྣམས་ཀྱི་མགོན་དུ་འགྱུར་བར་འཚལ། རྟེན་མ་མཆིས་པ་རྣམས་ཀྱི་རྟེན་དུ་འགྱུར་བར་འཚལ། གནས་མ་མཆིས་པ་རྣམས་ཀྱི་གནས་སུ་འགྱུར་བར་འཚལ། མི་ངོམས་པ་ རྣམས་ངོམས་པར་བགྱིད་པར་འཚལ། ཆོ་ག་མ་འཚལ་བ་རྣམས་ཚིམ་པར་བགྱིད་པར་འཚལ། ཚིག་པ་རྣམས་ཞི་བར་བགྱིད་པར་འཚལ། སྔངས་པ་རྣམས་རབ་ཏུ་དགའ་བར་བགྱིད་པར་འཚལ། ན་བ་རྣམས་ལ་གསོས་བགྱིད་པར་འཚལ། འགུམ་པ་དག་གསོ་བར་ འཚལ་ལགས་སོ། ། བཅོམ་ལྡན་འདས་གང་ལ་སྦྱིན་པ་སྩལ་བས་ཐར་པའི་འབྲས་བུར་འགྱུར་བ་དང་།
BOགང་ལ་བགྱི་བ་བགྱིས་པས་མི་འཆི་བ་ལ་གཞོལ་བར་འགྱུར་བའི་སྦྱིན་པའི་གནས་ནི་དེ་བཞིན་གཤེགས་པ་འདྲ་བ་འཇིག་རྟེན་ཐམས་ཅད་ན་གཞན་གང་ཡང་མ་མཐོང་ ལགས་སོ། ། དེའི་སླད་དུ་བཅོམ་ལྡན་འདས་བདག་ཞབས་ལ་ཕྱག་འཚལ་བ་བགྱིད་དོ། ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འདི་ལྟར་ཁྱོད་སངས་རྒྱས་ཀྱི་ཆོས་ཟབ་མོ་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ལ་སེམས་འཇུག་པ་ལེགས་སོ་ལེགས་སོ། ། འགྲོ་བ་འཛིན་ཁྱོད་ཀྱི་སྤོབས་པ་ལེགས་སོ། ། དམ་བཅས་པ་ལེགས་སོ། ། ཡིད་ལ་བྱེད་པ་བཟང་ངོ་། ། ཡང་དག་པར་ཞུགས་པ་མཚུངས་པ་མེད་དོ། ། བསམ་པ་མཉམས་སོ། ། ཁྱོད་ཀྱི་སེམས་ཀྱི་རྒྱུད་ནི་སྣུམ་མོ། ། དེ་ལྟ་བས་ན་འགྲོ་བ་འཛིན་དགེ་བའི་བཤེས་གཉེན་ལ་བསྙེན་པར་བྱའོ། ། ཚུལ་ཁྲིམས་ལ་རབ་ཏུ་གནས་ཏེ་སྦྱིན་པ་སྦྱིན་ནོ། ། འགྲོ་བ་འཛིན་ཆོས་འདི་གཉིས་ལ་བརྩོན་པར་བྱ་སྟེ། གང་བྱང་ཆུབ་སེམས་དཔའི་ཐེག་པ་ ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ།
BOཚུལ་ཁྲིམས་ལ་གནས་ཏེ་སྦྱིན་པ་སྦྱིན་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་སྟེ། བྱང་ཆུབ་ལ་ཡང་ཉེ་བར་གྱུར་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། གཏོང་བ་ལ་མོས་ཤིང་ཚུལ་ཁྲིམས་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་རྙེད་པར་མི་དཀའ་བའི་ཕྱིར་རོ། ། དེ་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེས་བཅོམ་ལྡན་འདས་དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་ལྡན་པའི་གཏམ་ཐོས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་རྒྱ་ཆེར་བཏབ་བོ། ། དེའི་ཚེ་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་དེ་ལ་དེས་སྦྱིན་པ་དང་། ཚུལ་ཁྲིམས་དང་ལྡན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། ། རྐང་གཉིས་གཙོ་བོ་འདོད་པ་རྣམས་ བོར་ནས། ། ལམ་མཆོག་དམ་པ་འདི་ནི་རབ་ཏུ་སྟོན། ། ལེགས་པར་བཤད་པའི་ཆོས་དེ་ཐོས་ནས་སུ། ། བྱང་ཆུབ་མཆོག་ཏུ་སེམས་ཀྱིས་སྨོན་ལམ་འདེབས། ། དཔའ་བོ་གང་དག་བླ་མེད་བྱང་ཆུབ་ཞུགས། ། དང་བའི་ཡིད་ཀྱིས་སྤྱད་པ་སྤྱོད་བགྱིད་ཅིང་། ། བྱང་ཆུབ་བླ་མེད་ཞི་བ་ཞུགས་ ནས་སུ། ། འགྲོ་ལ་སྨན་པའི་སླད་དུ་ཆོས་སྤྱོད་པ། །
BOདེ་དག་རྗེས་སུ་བདག་ནི་སློབ་འཚལ་བས། ། རྒྱལ་བ་རྣམས་ལ་དད་པས་བསླབ་པར་བགྱི། ། འགྲོ་བ་བཅིངས་པ་རྣམས་ནི་དགྲོལ་སླད་དུ། ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བགྱི། ། མདོངས་པར་གྱུར་པ་རྣམས་ཀྱི་མིག་དབྱེ་ སླད། ། ལོག་པའི་ལམ་དུ་མཆིས་པ་སླར་བཟློག་སླད། ། བླ་ན་མེད་པའི་ལམ་དུ་དགོད་འཚལ་བས། ། སྟོན་ལ་ཕྱག་འཚལ་བགྱི་བ་བདག་གིས་བགྱི། ། སྔོན་གྱི་སངས་རྒྱས་བརྒྱ་ལ་བདག་གིས་སྤྱད། ། སྔོན་གྱི་རྒྱལ་བའི་ལམ་དུ་མཆི་བར་སེམས། ། དེ་བཞིན་གཤེགས་པའི་ དགེ་འདུན་བསྙེན་པར་འཚལ། ། སྟོན་པ་ལ་ནི་ཕྱག་འཚལ་བགྱི་བ་བགྱི། ། སྔོན་གྱི་རྒྱལ་བའི་རྗེས་སུ་སློབ་འཚལ་ཏེ། ། ཞི་བ་རྟོགས་པའི་རྗེས་སུ་མཆི་བར་འཚལ། ། ཉོན་མོངས་པ་རྣམས་མ་ལུས་འདོར་འཚལ་ཏེ། ། དེ་བས་རྒྱལ་བ་རྣམས་ལ་བགྱི་བ་བགྱི། ། ལམ་སྟོར་སེམས་ ཅན་རབ་ཏུ་མདོངས་པ་རྣམས། ། བདག་གིས་མཆོག་གི་ལམ་ལ་དགོད་པར་འཚལ། ། བདེ་བ་དམ་པར་རབ་ཏུ་གཞག་པར་འཚལ། ། དེ་བས་རྒྱལ་བ་རྣམས་ལ་བགྱི་བ་བགྱི། ། འགྲོ་བ་ཐམས་ཅད་དགའ་བར་བདག་བགྱིད་འཚལ། ། ཤུལ་རྣམས་ཆབ་ཀྱིས་ཆག་ཆག་གདབ་ པར་འཚལ། ། བསིལ་བའི་ས་དེ་རབ་ཏུ་བསྟན་པར་འཚལ། ། དེ་བས་རྒྱལ་བ་ལ་ནི་མཆོད་པ་བགྱི། །
BOའགྲོ་བ་རྣམས་ནི་ཉོན་མོངས་སྲེད་པས་སྐོམ། ། ཉོན་མོངས་མེ་ཡིས་ཚིག་པའི་སེམས་ཅན་ཀུན། ། ཞི་བ་མ་མཐོང་མགོན་མེད་དུབ་པ་རྣམས། ། དགྲོལ་བར་འཚལ་བས་བདག་ ནི་བགྱི་བ་བགྱི། ། འདོད་པའི་ཡོན་ཏན་དག་གིས་མི་ངོམས་པས། ། ཆགས་པའི་སྟོབས་ཀྱིས་འཁོར་བར་འཁོར་གྱུར་ཅིང་། ། ཡོངས་འཛིན་ཚོལ་བའི་སེམས་ཅན་བྱིས་པ་རྣམས། ། དགྲོལ་བར་འཚལ་བས་བདག་ནི་བགྱི་བ་བགྱིད། ། ཞེ་སྡང་སྟོབས་ཀྱིས་བྱིས་པ་རྣམ་པར་ རྨོངས། ། ལེགས་པར་མ་བསྡམས་སེམས་ཀྱིས་ཞེ་སྡང་སྐྱེད། ། དེ་དག་བདག་གིས་ཡོངས་སུ་དགྲོལ་སླད་དུ། ། རྒྱལ་བ་རྣམས་ལ་བགྱི་བ་རྒྱ་ཆེན་བགྱི། ། གཏི་མུག་སྟོབས་ཀྱིས་སེམས་ཅན་བྱིས་པ་བསྒྲིབས། ། བགྱི་དང་མི་བགྱི་མ་འཚལ་གྱུར་པ་རྣམས། ། དེ་དག་བདག་གིས་ཡོངས་ སུ་དགྲོལ་སླད་དུ། ། རྒྱལ་བ་ལ་ནི་བགྱི་བ་རྒྱ་ཆེན་བགྱི། ། ཕྲག་དོག་སྟོབས་ཀྱིས་བྱིས་པ་རྣམས་བྱུང་སྟེ། ། ཞི་བ་མ་འཚལ་སྲིད་པར་བཅིངས་གྱུར་པ། ། དེ་དག་བདག་གིས་ཡོངས་སུ་དགྲོལ་སླད་དུ། ། རྒྱལ་བ་རྣམས་ལ་བགྱི་བ་རྒྱ་ཆེན་བགྱི། ། སེར་སྣའི་སྟོབས་ཀྱིས་བྱིས་པ་ རྣམས་བྱུང་སྟེ། ། གཏོང་དང་ཐར་དང་འབྲས་བུ་མ་འཚལ་བས། ། ཀུན་ནས་སོགས་ཤིང་སྡུག་བསྔལ་མྱོང་གྱུར་པ།
BO། དེ་དག་སླད་དུ་མཆོད་པ་ཤིན་ཏུ་བགྱི། ། ཉོན་མོངས་སྟོབས་ཀྱིས་བྱིས་པ་རྣམས་གཙེས་ཏེ། ། མ་འཚལ་བས་ནི་སྡིག་པའི་སུག་ལས་བགྱིད། ། དེ་སླད་འགྲོ་བ་རྣམས་སུ་ སྡུག་བསྔལ་མྱོང་། ། དེ་དག་སླད་དུ་བདག་ནི་མཆོད་པ་བགྱི། ། སེམས་ཅན་གང་དག་ཁྱོད་ཀྱི་བསྟན་ལ་དད། ། དེ་དག་རྣམས་ཀྱང་ཉེས་པ་འདིས་མི་རེག ། རྒྱལ་བ་དེ་དག་རྗེས་སུ་སློབ་འཚལ་བས། ། དེ་སླད་རྒྱལ་བ་རྣམས་ལ་བགྱི་བ་བགྱིད། ། སུ་དག་འདོད་ཆགས་བྲལ་བ་རབ་ཚོལ་ ཞིང་། ། རང་འབྱུང་འགྱུར་ཞེས་སྤྱོད་པ་རྣམས་སྤྱོད་པ། ། དེ་དག་གི་ཡང་རྗེས་སུ་བདག་སློབ་སྟེ། ། དེ་བས་རྒྱལ་བ་བགྱི་བ་བདག་བགྱིད་ལགས། ། སུ་དག་ཐམས་ཅད་མཁྱེན་ཉིད་རབ་ཚོལ་ཞིང་། ། རྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱིད། ། དེ་དག་གི་ཡང་རྗེས་སུ་བདག་སློབ་ཅིང་། ། རྒྱལ་ བ་ལ་ནི་མཆོད་པ་རྒྱ་ཆེན་བགྱི། ། སུ་དག་སྟོབས་རྣམས་ཡོངས་སུ་ཚོལ་བ་ན། ། རྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱིད། ། དེ་དག་གི་ཡང་རྗེས་སུ་བདག་སློབ་སྟེ། ། རྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱི། ། སུ་དག་འཇིགས་པ་མ་མཆིས་རབ་ཚོལ་ཞིང་། ། རྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱིད། ། དེ་དག་གི་ཡང་རྗེས་སུ་བདག་སློབ་ཅིང་། །
BOརྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱི། ། སུ་དག་སོ་སོ་ཡང་དག་རིག་ཚོལ་ཞིང་། ། རྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱིད། ། དེ་དག་གི་ཡང་རྗེས་སུ་བདག་སློབ་ཅིང་། ། རྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱི། ། སུ་དག་དབང་པོ་ལྔ་རྣམས་རབ་ཚོལ་ཞིང་། ། རྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱིད། ། དེ་དག་གི་ཡང་རྗེས་སུ་བདག་སློབ་ཅིང་། ། རྒྱལ་བ་ལ་ནི་མཆོད་པ་རྒྱ་ཆེན་བགྱི། ། བདེ་གཤེགས་རྣམས་ཀྱི་{བཅྭ་,བཅོ་}བརྒྱད་ཆོས་གང་དག ། རྒྱལ་བའི་སྐུ་ལ་མ་འདྲེས་མངའ་བ་རྣམས། ། སུ་དག་ཚོལ་ཞིང་སངས་རྒྱས་རྣམས་མཆོད་པ། ། དེ་དག་རྗེས་ སུ་སློབ་ཅིང་མཆོད་པར་བགྱི། ། སྤྱོད་ཡུལ་སྤྱོད་དང་དབང་པོ་དྲུག་དག་པ། ། ཡེ་ཤེས་རྣམ་དག་ཏིང་འཛིན་རྣམ་དག་དང་། ། ཚུལ་ཁྲིམས་ཏིང་ངེ་འཛིན་རྣམས་རབ་ཚོལ་ཞིང་། ། དེར་ནི་བདག་གིས་སངས་རྒྱས་འདྲེན་པ་མཆོད། ། དེ་ནས་དགེ་སློང་ལེགས་པར་བརྟགས་སྤྱོད་ཀྱིས་རྒྱལ་རིགས་ ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་ལས་སྟོབས་བཅུའི་བསྔགས་པ་བརྗོད་པ་ཐོས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཀྱང་དེ་བཞིན་སྤོབས་ལགས་སོ། །
BOབདེ་བར་གཤེགས་པ་བདག་ཀྱང་ དེ་བཞིན་སྤོབས་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་བརྟགས་སྤྱོད་སྤོབས་པར་གྱིས་ཤིག ། དེ་ནས་དགེ་སློང་ལེགས་པར་བརྟགས་སྤྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་དེ་ལ་སྟོབས་བཅུ་དང་ལྡན་པའི་ཚིགས་སུ་ བཅད་པ་དག་གིས་མངོན་པར་བསྟོད་དོ། ། བདེ་བར་གཤེགས་པས་བསྐལ་པ་བྱེར་སྤྱད་པས། ། མ་ཉམས་འདུས་མ་བྱས་པའི་གནས་བརྙེས་པ། ། དེ་ཐོབ་བགྱིད་སླད་འདྲེན་པ་སྤྱད་པར་བགྱི། ། མི་མཆོག་ཁྱོད་འདྲའི་སངས་རྒྱས་ཐོབ་པར་ཤོག ། སྤྱད་པ་སྤྱོད་ཚེ་འདས་པའི་རྣམ་པར་འདྲེན། ། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཁྱོད་ཀྱིས་མཆོད། ། རྒྱལ་བ་དེ་དག་རིམ་གྲོ་མཛད་ནས་སུ། ། མཚུངས་པ་མ་མཆིས་བླ་མེད་བྱང་ཆུབ་བརྙེས། ། འདྲེན་པ་དུང་དང་རྔ་ཆེན་ཁར་རྔ་ཡིས། ། རྒྱལ་བ་བྱེ་བ་སྟོང་དག་རབ་མཆོད་པས། ། དེ་སླད་དབྱངས་ཀྱིས་ཁམས་གསུམ་གོ་བར་མཛད། ། འགྲོ་ བ་རྣམས་ཀྱི་ཡིད་ཀྱང་ཤིན་ཏུ་ཆགས། ། རྒྱུད་སྒྲ་འཇམ་པོ་ཤིན་ཏུ་དྲངས་སྤྱོད་ཅིང་། ། སྟོབས་བཅུའི་མཆོད་རྟེན་རྣམས་ལ་བླངས་པས་ན། ། དེ་སླད་རྒྱལ་བ་ཡིད་མཆི་དགའ་བ་ཡི། ། དབྱངས་ཀྱིས་སེམས་ཅན་ཁྲག་ཁྲིག་རྣམ་པར་འགྲེལ། །
BOབདེ་གཤེགས་རྣམས་ཀྱི་སྤྱན་སྔར་ བཞུགས་ནས་སུ། ། གླུ་དང་རོལ་མོའི་སྒྲ་སྙན་ཀུན་བླངས་པས། ། དེ་སླད་འདྲེན་པ་ཁྱོད་ཀྱི་གསུང་ཡང་མཉེན། ། སྐྱེས་པ་བུད་མེད་རྣམས་ཀྱི་སེམས་ཀྱང་སྡུད། ། ཟས་མཆོག་མཚུངས་པ་མ་མཆིས་ཡིད་མཆི་རྣམས། ། ཁྱོད་ཀྱིས་རྒྱལ་བ་ཉན་ཐོས་བཅས་རྣམས་གསོལ། ། ཟས་སྐོམ་ཤིན་ཏུ་ རྣམ་མང་ལེགས་མཛད་པས། ། དེ་སླད་ལོངས་སྤྱོད་མང་པོ་རྣམས་ཀྱང་བརྙེས། ། ལ་བ་འཇམ་པོ་དུ་ཀུལ་ཀ་ཤི་པ། ། གསེར་གྱི་ཁ་དོག་དྲི་མེད་ཡིད་མཆི་བ། ། ན་བཟའ་རིགས་ཆེ་མཛེས་ལ་ཕུལ་བས་ན། ། དེ་སླད་བདེ་གཤེགས་སྐུ་མདོག་བསམ་མི་ཁྱབ། ། དགའ་ཞིང་གུས་ པ་བཟང་པོ་བསྐྱེད་ནས་སུ། ། སྔན་ཆད་སྦྱིན་གནས་བླ་མ་བསྙེན་བཀུར་ཅིང་། ། ཟས་དང་སྐོམ་རྣམས་རྒྱ་ཆེར་ཕུལ་བས་ན། ། འཇིག་རྟེན་འདྲེན་པས་མཐོ་བ་བདུན་ཀྱང་བརྙེས། ། ལྷ་ཟས་རོ་འདྲ་ཡིད་དུ་མཆི་བ་རྣམས། ། རྒྱལ་བ་ཉན་ཐོས་བཅས་ལ་གསོལ་བས་ན། ། དེ་སླད་རོ་ཡི་རོ་མཆོག་ མཚན་རྣམས་ཀྱང་། ། འཇིག་རྟེན་མཁྱེན་པས་ཡིད་དུ་མཆི་བ་བརྙེས། ། རྟག་ཏུ་བདེ་གཤེགས་རྣམས་ཀྱི་མཆོད་རྟེན་ལ། ། མེ་ཏོག་དྲི་རབ་དེ་བཞིན་འབྲས་བུའི་མཆོག ། ཁ་དོག་ལྡན་པ་འཇམ་ཞིང་མཛེས་པ་ཕུལ། །
BOདེ་སླད་འདྲེན་པས་འབྲས་བུ་མཆོག་བརྙེས་སོ། ། དྲི་དང་བྱུག་པ་བདེ་ གཤེགས་མཆོད་རྟེན་ལ། ། ཁྱོད་ཀྱིས་རྟག་ཏུ་ཡིད་དུ་མཆི་བ་ཕུལ། ། དེ་སླད་བདེ་གཤེགས་སྐུ་ལ་དྲི་དག་ནི། ། ཇི་ལྟར་ཙན་དན་སྣོད་བཞིན་རབ་ཏུ་གསུང་། ། སྤྲི་ཀ་གུར་ཀུམ་དྲི་རབ་བཟང་པོ་དག ། བདེ་གཤེགས་མཆོད་རྟེན་དག་ལ་ཕུལ་བས་ན། ། དེ་སླད་སྐུ་ལས་གུར་ཀུམ་སྤོས་རབ་ རྣམས། ། ཕྱོགས་བཅུ་ཀུན་ཏུ་དྲི་དེ་ལྡང་བར་གྱུར། ། མེ་ཏོག་ཕྲེང་མཆོག་མཛེས་ཤིང་སྣ་ཚོགས་པ། ། རྟག་ཏུ་བདེ་བར་གཤེགས་པའི་སྐུ་ལ་བཏགས། ། དེ་སླད་ཁྱོད་ཀྱིས་གསུང་འཇམ་བཤད་པ་རྣམས། ། ཨུད་པ་ལ་ཡི་ཕྲེང་བ་བཞིན་དུ་ལེན། ། འཇིག་རྟེན་མགོན་པོ་བདེ་གཤེགས་ གསུང་བ་ལ། ། གཏམ་སྨྲ་རྣམས་ཀྱི་བར་ཆད་མ་མཛད་པས། ། དེ་སླད་འཁོར་ལ་ཚིག་རྣམས་སྟོན་པ་ན། ། གཞན་གྱིས་བར་ཆད་བགྱི་བ་ཡོངས་མ་མཆིས། ། སེམས་ཀྱང་ཐམས་ཅད་ཉེ་བར་བཞག་ནས་སུ། ། རང་བྱུང་བ་ཡི་ཆོས་རྣམས་བཤད་པ་གསན། ། ཡིད་ནི་ཀུན་ཏུ་གར་ཡང་མ་ གཡེངས་པས། ། དེ་སླད་སྟོན་པས་བཤད་པ་ཆབ་མི་འཚལ། ། སྔོན་གྱི་བདེ་བར་གཤེགས་པས་ཆོས་བསྟན་ལ། ། སྨན་བཞིན་དུ་ནི་འདུ་ཤེས་ཉེར་བཞག་སྟེ། ། བདག་ཉིད་ལ་ནི་ནད་པར་འདུ་ཤེས་བསྐྱེད། །
BOདེ་སླད་ཁྱོད་ཀྱི་གསུང་བསྟན་ཀུན་གྱིས་བཟུང་། ། བདེ་བར་གཤེགས་པ་ལ་ནི་སྨན་ པར་བསྒོམས། ། བདག་ཉིད་ལ་ཡང་ནད་པར་འདུ་ཤེས་བསྐྱེད། ། ཆོས་ལ་སྨན་ཡིན་སྙམ་དུ་ཉེར་བཞག་ནས། ། ཇི་སྙེད་དུས་ཀྱི་རྒྱལ་བ་ཁྱོད་ཀྱིས་མཆོད། ། བདེ་བར་གཤེགས་པ་དག་ལས་ཆོས་གསན་ནས། ། གང་གིས་སེར་སྣ་ནམ་ཡང་མ་བསྟེན་ན། ། དེ་དག་ཐམས་ཅད་དེ་བཞིན་ གཤེགས་པ་ཡིས། ། རབ་ཏུ་བསྟན་ཅིང་རྒྱལ་བ་མཉེས་པར་མཛད། ། བདེ་བར་གཤེགས་པ་དག་ལས་ཆོས་གསན་པས། ། སེར་སྣ་མ་མཆིས་གྱུར་པས་ཤིན་ཏུ་བསྟན། ། དེ་སླད་འདྲེན་པ་འཁོར་ལ་འཆད་པ་ན། ། ཁྱོད་ཀྱི་སྤོབས་པ་དག་ནི་ཤིན་ཏུ་བརྗོད། ། རྫོགས་པའི་བྱང་ཆུབ་དམ་པ་ འཚལ་སླད་དུ། ། སྔོན་ཆད་ཁྱོད་ཀྱིས་ཆོས་རྣམས་གང་བསྙེན་པ། ། འདྲེན་པ་བདག་ཀྱང་དེ་དག་ཡོངས་སུ་ཚོལ། ། འདྲེན་པའི་ཡོན་ཏན་ཡང་དག་རབ་བསྔགས་པས། ། དེས་ནི་རྐང་གཉིས་མཆོག་ཏུ་འགྱུར་བར་ཤོག ། སེམས་ཅན་ཐམས་ཅད་རྣམ་པར་འདྲེན་གྱུར་ཅིག ། དེ་ནས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཉིས་ཀྱིས་མངོན་པར་བསྟོད་པའི་ཚེ་མ་ཐོས་པར་ཡང་མི་དགོངས།
BOདམས་པར་ཡང་མི་དགོངས་པ་དེ་ནི་རྒྱ་མཚོ་བཞིན་དུ་བརྟན་པ་ཉིད་དུས་ལས་མི་ཡོལ་ལོ། ། དེ་ མ་ཐོས་པར་ཡང་མི་དགོངས་དམས་པར་ཡང་མི་དགོངས་ནས་བྱང་ཆུབ་སེམས་དཔའ་ཤིན་ཏུ་བརྟགས་སྤྱོད་དང་། འགྲོ་བ་འཛིན་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྐྱེས་བུ་དམ་པ་དག་ལེགས་སོ་ལེགས་སོ། ། སྐྱེས་བུ་དམ་པ་དག་དེ་དེ་བཞིན་ནོ། ། སྐྱེས་བུ་དམ་པ་ ཁྱེད་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་དང་ལྡན་པའི་ཚིགས་སུ་བཅད་པ་སྨྲས་པས། སེམས་ཅན་བྱེ་བ་ཁྲག་ཁྲིག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྐྲུན་ཅིང་བསྐྱེད་དེ། ཁམས་སོ་སོར་སོང་བའི་ སེམས་ཅན་རྣམས་རིག་ནས་ཇི་ལྟ་བུར་འཐུན་པར་སྤྲུལ་པས་ཆོས་བསྟན་པའི་ཕྱིར་ཡོངས་སུ་བསྔོས་སོ། ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་ལེགས་པར་བརྟགས་སྤྱོད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་ དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་བཞུད་དེ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ལེགས་པར་བརྟགས་སྤྱོད་ཅེས་བྱ་བར་གྱུར་ཏོ། །
BOའཇམ་དཔལ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ ལྟ་བུ་འགྲོ་བ་འཛིན་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་ཅེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཡོངས་སུ་སྦྱང་བར་འདོད་པ་དང་། ཆོ་འཕྲུལ་རྣམ་པ་མང་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་འདོད་པས་དེ་བཞིན་གཤེགས་པའི་ཡོན་ཏན་ཡོངས་སུ་བརྗོད་པ་ལ་རྣལ་འབྱོར་ དུ་བྱའོ། ། མངོན་པར་བརྩོན་པར་བྱའོ། ། འཇམ་དཔལ་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་རྗེས་སུ་དྲན་པ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་སོ། ། ། ། བམ་པོ་ལྔ་པ།
BOའཇམ་དཔལ་སྔོན་བྱུང་ བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་ནས་བརྗོད་དུ་མེད་པའི་བར་དུ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་དེའི་ཚེ་དེའི་དུས་ན་ཨུད་པ་ལ་འབྱུང་བ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། འཇམ་དཔལ་ཨུད་པ་ལ་འབྱུང་བ་ཞེས་པའི་བསྐལ་པ་དེ་ལ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་ཕྲ་སེམས་ ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་དེའི་གསུང་རབ་ལ་དགེ་སློང་ཞི་བའི་བློ་གྲོས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞིག་བྱུང་སྟེ། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོག་ཏུ་ གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་དེ་དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་དེ་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །
BOཕྱོགས་གཅིག་ཏུ་ འདུག་ནས་དགེ་སློང་ཞི་བའི་བློ་གྲོས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་ཀྱིས་དགེ་སློང་ཞི་བའི་བློ་གྲོས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འདི་ལ་དགེ་སློང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཕྱིར་མི་ལྡོག་པ་ཐོབ་པར་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཟབ་མོ་ལ་བཟོད་པར་མངོན་པར་བརྩོན་པར་བྱའོ། ། ཟབ་མོ་ལ་བཟོད་པར་མོས་པ་དེ་ནི་བཟོད་པས་ཆོས་དེ་དག་ལ་འདོད་པར་བྱེད་དོ། ། འདོད་ པར་བྱེད་པས་སྒྲུབ་པར་འགྱུར་རོ། ། སྒྲུབ་པས་ནན་ཏན་བྱེད་དོ། ། ཇི་ལྟར་དེ་བཞིན་གཤེགས་པས་གསུངས་པ་དེ་བཞིན་དུ་ཆོས་དེ་དག་ཁོང་དུ་ཆུད་པར་བྱ་སྟེ།
BOདེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པར་འགྱུར་བའི་ཆོས་གཅིག་གོ། ། ཞི་བའི་བློ་གྲོས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཟོད་པ་དེ་ལ་བློ་རབ་ཏུ་གནས་པར་འགྱུར་བ་དེ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་གནས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། བཟོད་པ་འདི་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་བཟོད་པ་འདི་ ལས་བསྐྱོད་མི་ནུས་སོ། ། འདི་ལྟར་ཡང་ཞི་བའི་བློ་གྲོས་ཆོས་དེ་དག་གི་ཆོས་ཉིད་ནི་འདི་ཡིན་ཏེ། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་འགྱུར་ཏེ། འདི་ནི་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་བོ། ། བཟོད་པ་འདི་ཐོབ་པས་སངས་རྒྱས་ཞེས་བྱ་སྟེ། འདིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་པ་ཡིན། འདིས་ཆོས་ཐམས་ཅད་ཀྱི་ཚུལ་མཐོང་བར་བྱ་བ་ཡིན། འདིས་ཆོས་ཐམས་ཅད་ཀྱི་ཡུལ་རྟོགས་པ་ཡིན་ཏེ། དེ་བས་ན་སངས་རྒྱས་ ཞེས་བྱའོ། ། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་མ་ཡིན་ནོ་ཞེས་དེ་ལ་སུས་ཀྱང་བསྒྱུར་བའམ་བཟློག་པར་མི་ནུས་སོ། །
BOཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་སྐྱེས་པའམ་བུད་མེད་ཀྱང་རུང་ཟས་ཟོས་པ་དེ་ལ་སུས་ཀྱང་ཁྱོད་ཀྱིས་ཟས་མ་ཟོས་སོ་ཞེས་བསྒྱུར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། དེ་མངོན་སུམ་སྟེ། གཞན་གྱི་རྐྱེན་མ་ཡིན་པ་དེ་བཞིན་དུ་ཞི་བའི་བློ་གྲོས་ཆོས་ཉིད་འདི་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ལ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་མ་ཡིན་ནོ་ཞེས་སུས་ཀྱང་འཛིན་དུ་གཞུག་པར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། གཞན་གྱི་རྐྱེན་གྱིས་མ་ཡིན་གྱི། ཆོས་ཉིད་དེ་ལ་མངོན་སུམ་པའི་ཕྱིར་ རོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་སྐྱེས་པའམ་བུད་མེད་ཀྱང་རུང་སྟེ། སྐོམ་འཐུངས་པ་དེ་ལ་ཁྱོད་ཀྱིས་སྐོམ་མ་འཐུངས་སོ་ཞེས་སུས་ཀྱང་བསླུ་བའམ་ལོག་པར་འཛིན་དུ་གཞུག་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་སུམ་སྟེ། གཞན་གྱི་རྐྱེན་མ་ཡིན་པ་དེ་བཞིན་དུ་ཆོས་ ཉིད་འདི་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་འདི་ཆོས་རྣམས་ཀྱི་ཆོས་ཉིད་མ་ཡིན་ནོ་ཞེས་སུས་ཀྱང་བསྒྱུར་བའམ་བསླུ་བར་མི་ནུས་སོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་བདེན་པ་མཐོང་བའི་ཉན་ཐོས་ལ་འདི་ལམ་མ་ཡིན་ནོ། །
BOའདི་ནི་ལམ་གྱི་འབྲས་བུ་མ་ཡིན་ནོ་ཞེས་དེ་ལ་ སུས་ཀྱང་བསླུ་བའམ་ལོག་པར་འཛིན་དུ་གཞུག་མི་ནུས་པ་དེ་བཞིན་དུ་ཞི་བའི་བློ་གྲོས་ཆོས་ཉིད་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་ཆོས་ཉིད་མ་ཡིན་ནོ་ཞེས་སུས་ཀྱང་དེ་ལ་བསླུ་བའམ་ལོག་པར་འཛིན་དུ་གཞུག་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་མངོན་ སུམ་སྟེ། གཞན་གྱི་རྐྱེན་མ་ཡིན་པས་ཇི་ལྟར་སངས་རྒྱས་ཀྱིས་བསྟན་པ་དེ་བཞིན་དུ་ཆོས་རྣམས་ལ་བཟོད་དོ། ། ཞི་བའི་བློ་གྲོས་འདི་ཇི་སྙམ་དུ་སེམས། གང་གིས་སོ་སོའི་སྐྱེ་བོ་ཡང་མ་དམིགས། སོ་སོའི་སྐྱེ་བོའི་ཆོས་ཀྱང་མ་ཡིན། ཉན་ཐོས་ཀྱང་མ་ཡིན། ཉན་ཐོས་ཀྱི་ཆོས་ཀྱང་མ་ཡིན། རང་སངས་རྒྱས་ཀྱང་མ་ཡིན། རང་སངས་རྒྱས་ཀྱི་ཆོས་ཀྱང་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཀྱང་མ་ཡིན། སངས་རྒྱས་ཀྱང་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱང་མ་དམིགས་ན་དེ་ཆོས་གང་ལ་ཡང་གནས་པ་མ་ཡིན་ནམ། གསོལ་པ། བཅོམ་ ལྡན་འདས་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་གང་ལ་གནས་པར་འགྱུར་བའི་ཆོས་དེའང་མི་དམིགས་ཏེ། ཆོས་རྣམས་མི་དམིགས་པ་ནི་མི་གནས་པ་ཞེས་བགྱིའོ། །
BOབཅོམ་ལྡན་འདས་དེས་བཀའ་སྩལ་པ། ཞི་བའི་བློ་གྲོས་ལེགས་སོ་ལེགས་སོ། ། ཞི་བའི་བློ་གྲོས་འདི་ ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཅི་ལ་ཡང་མི་གནས་པ་དེ་བཞིན་དུ་ཞི་བའི་བློ་གྲོས་ཆོས་ཐམས་ཅད་ཀྱང་མི་གནས་པའོ། ། ཞི་བའི་བློ་གྲོས་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ་སྟེ་མི་གནས་པའོ། ། ཞི་བའི་བློ་གྲོས་རྗེས་སུ་འཐུན་པའི་བཟོད་པ་འདི་ནི་གསུམ་སྟེ། གསུམ་གང་ཞེ་ན། ཆུང་ངུ་རྗེས་སུ་འཐུན་པའི་བཟོད་པ་དང་། འབྲིང་དུ་རྗེས་སུ་འཐུན་པའི་བཟོད་པ་དང་། ཆེར་རྗེས་སུ་འཐུན་པའི་བཟོད་པའོ། ། ཆུང་ངུ་རྗེས་སུ་འཐུན་པའི་བཟོད་པ་ནི་ཤུགས་དང་ལྡན་པའི་ཏིང་ངེ་འཛིན་དུ་བཤད་པར་བྱ། འབྲིང་དུ་རྗེས་སུ་འཐུན་པའི་བཟོད་པ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་དུ་ བཤད་པར་བྱ། ཆེར་རྗེས་སུ་འཐུན་པའི་བཟོད་པ་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཏིང་ངེ་འཛིན་དུ་བཤད་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཆུང་ངུ་རྗེས་སུ་འཐུན་པའི་བཟོད་པ་ལས་ནི་དགེ་བའི་རྩ་བའི་ཤུགས་སྐྱེའོ། ། འབྲིང་དུ་རྗེས་སུ་འཐུན་པའི་བཟོད་པ་ལས་ནི་རབ་ཏུ་ཞི་བ་དམིགས་པར་ འགྱུར་རོ། ། ཆེར་རྗེས་སུ་འཐུན་པའི་བཟོད་པ་ལས་ནི་རབ་ཏུ་སྣང་བ་ལ་སེམས་འཇུག་སྟེ།
BOདེའི་དམིགས་པ་ཐམས་ཅད་ཡོངས་སུ་རྟོགས་པར་འགྱུར། ཆོས་ཉིད་ལ་རབ་ཏུ་གནས་པར་འགྱུར། ཆོས་ཉིད་ལ་རབ་ཏུ་གནས་པས་ན་དོན་རྣམས་ལེགས་པར་ཡོངས་སུ་ཟིན་པར་འགྱུར་རོ། ། དེ་ནི་དེའི་ དོན་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། ། དེས་ཆོས་ཐམས་ཅད་ཀྱི་མཚན་ཉིད་གཅིག་ཏུ་རྟོགས་པར་འགྱུར་ཏེ། དེ་ནི་དེའི་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། ། ཆོས་དེ་རྣམས་ཀྱང་སྐྱེ་བོ་རྣམས་ཀྱི་ངེས་པའི་ཚིག་བཞིན་དུ་འཆད་དེ། ངེས་པའི་ཚིག་དེ་ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ། ། སྐྱེ་བོ་དེ་དང་དེ་དག་ངེས་པའི་ཚིག་དེ་དག་ལ་མོས་པར་བྱས་ཀྱང་དེ་ལ་མངོན་པར་ཞེན་པར་མི་བྱེད་པ་དེ་ནི་དེའི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། ། དེའི་ངེས་པའི་ཚིག་ལ་དུས་ཇི་ལྟ་བ་བཞིན་དུ་སྤོབས། ཇི་ལྟར་ཆོས་ཉན་པ་རྣམས་ཀྱིས་གོ་བ་དེ་ལྟ་བུར་སྤོབས། ། ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟ་བ་དེ་བཞིན་སྤོབས། ཆོས་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་ཇི་ལྟ་བ་བཞིན་སྤོབས། ཇི་ལྟར་ཆོས་རྣམས་མི་སྐྱེ་མི་འགག་པ་དེ་བཞིན་སྤོབས། ཇི་ལྟར་ཆོས་རྣམས་འགྲོ་བ་ཡང་མེད། འོང་བ་ཡང་མེད་པ་དེ་བཞིན་སྤོབས། ཇི་ལྟར་ཆོས་རྣམས་འཆི་འཕོ་བའང་མེད། སྐྱེ་བའང་མེད་པ་དེ་བཞིན་སྤོབས།
BOཇི་ལྟར་ཆོས་རྣམས་ཡོད་པ་མ་ཡིན་པ་དེ་ལྟ་བུར་སྤོབས། ཇི་ལྟར་ཆོས་རྣམས་མི་རིག་ཅིང་མི་སྣང་བ་དེ་ལྟ་བུར་སྤོབས། ཇི་ལྟར་འཆད་པའང་མེད་ཉན་པའང་མི་དམིགས་པ་དེ་ལྟ་བུར་སྤོབས། ཇི་ལྟར་ལས་ཀྱང་མེད་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་ དེ་ལྟར་སྤོབས། ཇི་ལྟར་འཁོར་བ་ཡང་མེད་མྱ་ངན་ལས་འདས་པ་ཡང་མི་དམིགས་པ་དེ་ལྟ་བུར་སྤོབས། ཇི་ལྟར་གང་ཡང་འཁོར་བ་ཡང་མེད། མྱ་ངན་ལས་འདས་པར་འགྱུར་བའང་མི་དམིགས་པ་དེ་ལྟ་བུར་སྤོབས། ཇི་ལྟར་བྱང་ཆུབ་དང་བྱང་ཆུབ་པར་བྱ་བ་མི་དམིགས་པ་དེ་ལྟ་བུར་སྤོབས། ཇི་ལྟར་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བའང་མི་དམིགས་པ་དེ་ལྟ་བུར་སྤོབས། ཇི་ལྟར་ཆོས་གང་ལའང་ཐོབ་པ་མི་དམིགས་པ་དེ་ལྟ་བུར་སྤོབས། ཇི་ལྟར་སོ་སོའི་སྐྱེ་བོའི་ཆོས་རྣམས་སྤོང་བ་མེད་ཅིང་ཉན་ཐོས་ཀྱི་ཆོས་རྣམས་ཀྱང་ཐོབ་པ་མེད་པ་དེ་ལྟ་བུར་སྤོབས། ཇི་ལྟར་ ཉན་ཐོས་ཀྱི་ཆོས་རྣམས་ལས་མི་འདའ་ཞིང་རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཐོབ་པར་མི་འགྱུར་བ་དེ་ལྟ་བུར་སྤོབས། ཇི་ལྟར་རང་སངས་རྒྱས་ཀྱི་ཆོས་རྣམས་ལས་མི་འདའ་ཞིང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རྙེད་པར་མི་འགྱུར་བ་དེ་ལྟར་སྤོབས་སོ། །
BOཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ མི་འདོར་ཞིང་མྱ་ངན་ལས་ཀྱང་ཡོངས་སུ་མི་འདའ་བ་དེ་ལྟར་སྤོབས་ཏེ། དེ་ནི་དེའི་སྤོབས་པ་སོ་སོ་ཡང་དག་པ་རིག་པ་ཡིན་ནོ། ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དེ་ཡང་ཆོས་གང་ལ་ཡང་སྤོབས་པར་འགྱུར་བ་མེད་དེ། དེ་ལྟར་ན་ཆེར་རྗེས་སུ་འཐུན་པའི་བཟོད་པའི་ཐོབ་པས་ཐམས་ཅད་ལ་དབང་ བྱེད་པ་སྒྲུབ་པར་འགྱུར་རོ། ། ཆེར་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཏིང་ངེ་འཛིན་ལ་གནས་ནས་དེ་རེ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཏེ། སངས་རྒྱས་རྣམས་ ཀྱི་བྱ་བ་རྣམས་ཀྱང་བྱེད་དོ། ། དེ་བཞིན་གཤེགས་པའི་ཆོ་ག་དང་སྤྱོད་ཡུལ་ཅི་འདྲ་བ་བྱང་ཆུབ་སེམས་དཔའ་དེའི་ཆོ་ག་དང་སྤྱོད་ཡུལ་ཡང་དེ་འདྲ་བར་འགྱུར་རོ། ། དེ་བཞིན་གཤེགས་པའི་བཞུད་པ་དང་ལྡོག་པ་ཅི་འདྲ་བ་དེའི་འགྲོ་བ་དང་ལྡོག་པ་ཡང་དེ་དང་འདྲ་བར་འགྱུར་རོ། ། ཇི་ལྟ་བུར་དེ་བཞིན་གཤེགས་ པའི་གཟིགས་པ་དང་། རྣམ་པར་གཟིགས་པ་དང་། སྨྱང་བ་དང་། བསྐུམ་པ་དང་། ཆོས་གོས་སྣམ་སྦྱར་དང་། ཆིག་རྐྱང་དང་།
BOལྷུང་བཟེད་བསྣམས་པ་དང་། ཟོས་པ་དང་འཐུངས་པ་ཅི་འདྲ་བར་དེའི་ལྟ་བ་དང་། ཀུན་ཏུ་ལྟ་བ་ནས་ཉལ་བ་དང་སྨྲ་བ་དང་ཅང་མི་ཟེར་བ་དེ་འདྲ་བར་འགྱུར་རོ། ། ཀུན་ཏུ་སྤྱོད་པ་གང་གིས་དེ་བཞིན་ གཤེགས་པ་ཀུན་དུ་སྤྱོད་པ་དེའི་སྤྱོད་པའང་དེ་འདྲ་བར་འགྱུར་རོ། ། ཆེར་འཐུན་པའི་བཟོད་པ་ཐོབ་པས་ལུས་དེ་ཉིད་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འདོད་ན་བསྐལ་པ་བརྗོད་དུ་མེད་པའི་བར་དུ་འདུག་གོ། ། དེ་ལྟར་ཆེར་འཐུན་པའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་ རྒྱས་ཞེས་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་ཞི་བའི་བློ་གྲོས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་གི་ཚེ་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་ན་ཅི་དང་པོ་སེམས་བསྐྱེད་པ་དེ་ཉིད་ཀྱིས་ བྱང་ཆུབ་སེམས་དཔའ་ལགས་སམ། བཀའ་སྩལ་པ། ཞི་བའི་བློ་གྲོས་དེ་ནི་མ་ཡིན་ནོ། ། ཞི་བའི་བློ་གྲོས་སེམས་གང་གིས་ཐོག་མ་ཆོས་ལ་ངེས་པར་འགྱུར་བའི་སེམས་དེས་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །
BOདེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་དེ་བཞིན་གཤེགས་པ་ཤིན་ ཏུ་ཕྲ་སེམས་དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཆོས་གང་སྐྱེ་བ་མ་མཆིས་འབྱུང་མ་མཆིས། ། འཆི་འཕོ་མ་མཆིས་རྒ་བར་མི་འགྱུར་བ། ། སྐྱེས་བུ་རྒྱལ་བ་སེང་གེ་དེ་སྟོན་ཅིང་། ། དྲང་སྲོང་ཆེན་པོས་སེམས་ཅན་དེ་ལ་བཀོད། ། གང་ལ་དངོས་པོ་ཅི་ཡང་མ་མཆིས་ཤིང་། ། གཞན་གྱི་དངོས་པོའང་སུས་ཀྱང་མ་རྙེད་པ། ། ནང་ན་མ་ལགས་སླད་རོལ་དག་ན་ཡང་། ། དངོས་པོ་མི་རྙེད་དེ་ལ་མགོན་པོས་བཀོད། ། བདེ་བར་གཤེགས་པས་ཞི་བའི་བློ་གསུངས་ཀྱང་། ། འགྲོ་བ་གང་ཡང་རྙེད་པར་མི་འགྱུར་ཏེ། ། དེ་དག་འགྲོ་ལས་ གྲོལ་བར་རྣམ་པར་གསུངས། ། གྲོལ་ནས་སེམས་ཅན་མང་པོ་རབ་ཏུ་འགྲོལ། ། ཆོས་ཀུན་བདག་མ་མཆིས་པར་སྟོན་མཛད་ཅིང་། ། སེམས་ཅན་འཛིན་ལས་འཇིག་རྟེན་རྣམ་པར་འགྲོལ། ། བདག་ཉིད་འགྲོ་ལས་གྲོལ་ཞིང་འགྲོ་གྲོལ་བས། ། དེ་སླད་ཕ་རོལ་གཤེགས་ཀྱང་རྒལ་མ་མཆིས། ། དྲང་སྲོང་ཆེན་པོ་ སྲིད་པའི་ཕ་རོལ་བྱོན། ། ཕ་རོལ་གཤེགས་པའང་གང་ཡང་རྙེད་མི་འགྱུར། ། ཕ་རོལ་མ་མཆིས་ཚུ་རོལ་མ་མཆིས་ན། །
BOཕ་རོལ་སོང་ངོ་ཞེས་ཀྱང་གསུང་དུ་བརྗོད། ། གང་གིས་ཚིག་ཏུ་སྨྲ་བ་དེ་མ་མཆིས། ། གང་སྨྲས་དེ་ཡི་ཚིག་ཀྱང་ཡོང་མ་མཆིས། ། གང་ལ་སྨྲས་པ་དེ་ཡང་རྙེད་མི་འགྱུར། ། གང་གིས་རིག་པ་དེ་ཡང་མཆིས་མ་ལགས། ། ལོག་ པར་རྟོག་ལ་ཆགས་པའི་དབང་གིས་སུ། ། འདིར་ནི་འགྲོ་བ་འདི་ཀུན་རབ་ཏུ་འཁྱམས། ། མི་གང་ཞིག་གིས་ཞི་བའི་ཆོས་རིག་པ། ། དེས་ནི་རང་བྱུང་དེ་བཞིན་གཤེགས་པ་མཐོང་། ། ཆོས་མཆོག་ཞི་བའི་རྣམས་ཀྱང་རབ་ཏུ་རྟོགས། ། དགའ་བ་རྙེད་ནས་སེམས་ཅན་ཚིམ་པར་བགྱིད། ། ཉོན་མོངས་བརྒལ་ནས་དེ་ནི་རྒྱལ་བར་འགྱུར། ། བདག་ཉིད་རྒྱལ་བར་གྱུར་ཅིང་བདག་མི་གནས། ། དེས་ནི་རྒྱལ་བའི་བྱང་ཆུབ་རབ་ཏུ་རྟོགས། ། སངས་རྒྱས་ནས་ནི་འགྲོ་བ་རྟོགས་པ་མཛད། ། གང་ནས་བླ་མེད་བྱང་ཆུབ་མཆི་བ་ཡི། ། ཤུལ་དེར་སེམས་ཅན་ལམ་གོལ་ཞུགས་པ་བགྱི། ། རྒྱལ་བ་ཞི་གནས་འགྲོ་བ་ཞི་བར་མཛད། ། འབྱུང་བའི་ངོ་བོ་རྣམ་པར་གྲོལ་བར་ བསྒོམ། ། སེམས་ཅན་གང་དག་ཤིན་ཏུ་ལོག་གྱུར་པ། ། ཡེ་ཤེས་ལྡན་པས་མི་ཤེས་ཤེས་པར་མཛད། ། འདས་པའི་དྲང་སྲོང་ཆེན་པོ་གང་བྱུང་སྟེ། ། རྒྱལ་བ་དེ་དག་གི་ཡང་ཤུལ་མཆོག་འདི། ། དྲང་སྲོང་མཆོག་ཀྱང་དེ་ཡི་ཤུལ་ནས་གཤེགས། །
BOམ་བྱོན་གང་དེ་རྣམས་ཀྱང་གཤེགས་པར་འགྱུར། ། དེ་བཞིན་ཆོས་འདི་རབ་ཏུ་ སུས་རྟོགས་པ། ། དེ་ལ་གལ་ཏེ་སངས་རྒྱས་བྱེ་སྟོང་གིས། ། འདི་ནི་ཚུལ་མ་ཡིན་ཞེས་གསུངས་ན་ཡང་། ། ཁྱེད་ནི་རྒྱལ་བ་མ་ཡིན་དེ་ཞེས་སྨྲ། ། གཞན་གྱི་བློ་ཕྱིར་གང་དག་མི་མཆི་བ། ། དེ་ཡི་སེམས་ནི་དེ་ལས་ཡོངས་མི་འགྱུར། ། རྒྱལ་བའི་ཚུལ་ལ་བདག་ནི་མངོན་སུམ་གྱུར། ། མི་ཡི་རྒྱལ་པོ་ཁྱོད་ནི་མི་གསུང་ བཞུགས། ། བདེ་བར་གཤེགས་པས་ཆོས་གང་རབ་བཤད་པ། ། དེ་ལ་བདག་ནི་གང་ལའང་དོགས་མ་མཆིས། ། བདག་གི་ཆོས་ཉིད་འདི་འཚལ་འཕྲོག་མི་ནུས། ། གང་གིས་བཟོད་པ་གསུམ་པོ་དེ་འཚལ་བ། ། དེ་ནི་ཇི་ལྟར་རྒྱལ་བའི་སྤྱོད་བཞིན་ཏེ། ། མཆི་བ་དང་ནི་སླར་མཆི་ཉལ་བ་དང་། ། སྨྲ་ཞིང་འཆག་པ་དག་ཀྱང་ སྟོན་པ་བཞིན། ། དེ་ཡི་སྤྱོད་ལམ་རྣམས་ཀྱང་དེ་དང་འདྲ། ། ལུང་སྟོན་པ་ཡང་རྒྱལ་བའི་རང་བཞིན་ཏེ། ། རྒྱལ་བའི་བློ་གྲོས་ལ་ནི་དེ་ཡང་གནས། ། འགྲོ་བ་ཐམས་ཅད་ཀྱིས་ནི་བསྐྱོད་མི་ནུས། ། ཟླ་བ་སྐར་བཅས་ས་ལ་ལྷུང་ཡང་གདའ། ། དེ་ལ་རྣམ་པར་འགྱུར་བ་ཡོང་མི་འབྱུང་། ། ནམ་མཁར་འབྲས་ཆགས་ལྷུན་པོ་རྡིབ་ཀྱང་ གདའ། ། དེ་ཡི་ཆོས་ཉིད་གཞན་དུ་ཡོད་མི་འགྱུར། །
BOསྐྱེས་བུ་དེས་ནི་བཟོད་པ་འདི་རྙེད་ནས། ། སེམས་ཅན་རིག་པར་མཛད་པའི་སངས་རྒྱས་འགྱུར། ། གང་གིས་སངས་རྒྱས་རང་འབྱུང་འགྱུར་བ་ཡི། ། དེ་འདྲ་བ་ཡི་ཆོས་ཉིད་དེས་རྟོགས་སོ། ། རྒྱལ་ལས་མངོན་སུམ་བདག་གིས་འདི་ཐོས་ཏེ། ། བཟོད་པ་འདི་རྙེད་ནས་ནི་ ཕྱིར་མི་ལྡོག ། སངས་རྒྱས་གྱུར་ནས་རྣམ་པར་རྟོགས་བགྱིད་འགྱུར། ། འགྲོ་བ་རྣམས་ལའང་ཆོས་འདི་གོ་བར་མཛད། ། ཇི་ལྟར་བདག་གི་ཆོས་ཉིད་མཐོང་བའི་རྣམས། ། དེ་ནི་གཞན་ལ་རབ་ཏུ་བཤད་པར་བགྱི། ། རྒྱལ་བ་རྣམས་ཀྱི་བློ་གྲོས་བསྟན་བགྱི་སྟེ། ། སེམས་ཅན་མི་རྟོགས་རྣམས་ཀྱང་རྟོགས་པར་བགྱི། ། རྒྱལ་བ་ རྣམས་ཀྱིས་ཇི་ལྟར་ཆོས་གཟིགས་པ། ། དེ་འདྲའི་ཆོས་ཉིད་རྣམས་ནི་རབ་ཏུ་བསྟན། ། གང་ལ་གནས་པས་རང་འབྱུང་འགྱུར་བ་ཡི། ། དེ་རིང་བླ་མེད་བཟོད་པ་བདག་གིས་ཐོབ། ། རང་བྱུང་ཐུབ་དབང་དེ་ལ་སྐྱབས་སུ་མཆི། ། འཇིག་རྟེན་སྨན་སླད་སྤྱོད་པ་བདག་གིས་སྤྱད། ། རང་བྱུང་རྒྱལ་བའི་ཞིང་རྣམས་ཡོངས་སུ་ སྤྱད། ། འགྲོ་བ་སྡུག་བསྔལ་དུབ་པ་རབ་ཏུ་དགྲོལ། ། དེ་བཞིན་རྒྱལ་བའི་རྗེས་སུ་སློབ་བགྱིད་ཅིང་། ། སེམས་ཅན་འགྲོ་བ་ཐོབ་པར་རྣམ་པར་གྲོལ། ། སངས་རྒྱས་ཚུལ་ལ་བདག་གིས་ཚུལ་ཡང་འཚལ། །
BOསེམས་ཅན་སྤྱོད་པ་འདི་འདྲ་བདག་གིས་སྤྱད། ། ཞི་བའི་བློ་གྲོས་ཆོས་ཉིད་འདི་རིག་ནས། ། ཞིང་ བརྒྱ་དག་ཏུ་སྤྲུལ་པ་སྤྲུལ་པ་བགྱིས། ། སེམས་ཅན་ཀུན་གྱི་ཚུལ་ལ་རབ་ཞུགས་ནས། ། སོ་སོར་འཐུན་པར་སྤྲུལ་པ་ཤིན་ཏུ་སྤྲུལ། ། དེས་ནི་བསམ་མི་ཁྱབ་པའི་ཞིང་རྣམས་སྦྱངས། ། སེམས་ཅན་བསམ་མི་ཁྱབ་ལ་གདམས་ངག་སྩལ། ། ཆོས་ཚུལ་ཤིན་ཏུ་བཟང་བ་འཛིན་ དུ་སྩལ། སྟོན་པའི་བློ་གྲོས་ལ་ནི་ཐམས་ཅད་བཙུད། ། དེ་ནས་དགེ་སློང་ཞི་བའི་བློ་གྲོས་དེས་ཆེར་རྗེས་སུ་འཐུན་པའི་བཟོད་པ་རབ་ཏུ་ཐོབ་ནས་བརྗོད་དུ་མེད་པའི་ཞིང་རྣམས་སྤྲུལ་པས་ཀུན་དུ་གང་བར་བྱས་སོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་དགེ་སློང་ཞི་བའི་ བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཡིད་གཉིས་དང་ཐེ་ཚོམ་ཟ་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེའི་ཚེ་དེའི་དུས་ན་དགེ་སློང་ཞི་བའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། ། འཇམ་ དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འདོད་པས་བརྩོན་འགྲུས་བརྩམ་མོ། །
BOཇི་ལྟར་ན་བདག་གི་སེམས་སྤྱོད་ཡུལ་མ་ཡིན་པ་ལ་མི་སྤྱོད་ཅིང་། ཇི་ལྟར་ན་བདག་གི་སེམས་ཆོས་ཉིད་ཀྱིས་ལམ་གོལ་བ་ལ་གནས་པར་ མི་འགྱུར་སྙམ་དུ་དེ་གལ་ཏེ་སེམས་མི་གཡེང་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་ཞིང་བརྩོན་འགྲུས་བརྩམས་ཏེ་གནས་པའི་བྱང་ཆུབ་སེམས་དཔའ་ལ་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེ་བར་འགྱུར་རོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད་གྲངས་ མེད་པ་ནས་བརྗོད་དུ་མེད་པའི་བར་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེའི་ཚེ་དེའི་དུས་ན་བསྐལ་པ་རྟག་གི་འོད་ཅེས་བྱ་བ་བྱུང་སྟེ། བསྐལ་པ་རྟག་གི་འོད་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པའི་ཟླ་འོད་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།
BOདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དྲི་མ་མེད་པའི་ཟླ་འོད་གཟི་བརྗིད་རྒྱལ་པོ་དེའི་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་བྱུང་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་དེས་བརྩོན་འགྲུས་རྩོམ་པ་བདག་དང་འདྲ་བ་མ་མཐོང་སྟེ། དེའི་ ཚེ་ན་བཅོམ་ལྡན་འདས་དེའི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་ཇི་སྙེད་པ་དེ་དག་གི་ནང་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་དེ་མཆོག་ཏུ་བརྗོད་དོ། ། དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཟླ་འོད་གཟི་བརྗིད་རྒྱལ་པོ་འཁོར་བརྒྱ་སྟོང་དུ་མས་བསྐོར་ ཅིང་མདུན་གྱིས་བལྟས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གལ་ཏེ་ཞུས་ནས་ཞུ་བ་ ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན།
BOབཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དྲི་མ་མེད་པའི་ཟླ་འོད་གཟི་བརྗིད་རྒྱལ་པོས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་ དང་དེའི་ལུང་བསྟན་པས་སེམས་རངས་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཟླ་འོད་གཟི་བརྗིད་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བརྩོན་འགྲུས་བརྩམས་པ་བརྩོན་འགྲུས་ བརྩམས་པ་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ལགས་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཟླ་འོད་གཟི་བརྗིད་རྒྱལ་པོས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། ། ལེགས་སོ་ལེགས་སོ། །
BOརིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་དོན་འདྲི་བ་ནི་རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ པ་སྟེ། རིགས་ཀྱི་བུ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པས་བཅོམ་ལྡན་འདས་དེའི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་ དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ནམ་བྱང་ཆུབ་སེམས་དཔའ་མཉམ་པ་ཉིད་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་བརྩོན་པ་མི་འདོར་བར་གྱུར་ཏེ། སྐད་ཅིག་ཀྱང་མི་འདུག་ཅིང་། འདི་ལྟར་ཆོས་ཐམས་ཅད་ལ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་བློ་གྲོས་གཞན་དུ་མི་འགྱུར་ཏེ་ཡིད་གཞན་ དུ་མི་འཇུག་ན། དེ་ཙམ་གྱིས་རིགས་ཀྱི་བུ་བྱང་ཆུབ་ཀུན་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་ནོ། །
BOགཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱི་བརྩོན་འགྲུས་རྗེས་སུ་དྲན་ཏེ། དེ་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ལུས་དང་སེམས་གཉིས་ཡང་དག་པར་རབ་ཏུ་བཟུང་ནས་སྦྱིན་པ་སྦྱིན་པ་དེ་བཞིན་དུ་བདག་གིས་ཀྱང་སྦྱིན་པ་སྦྱིན་ནོ། ། དེ་ལྟར་སྦྱིན་པ་ན་དེ་བཞིན་དུ་ རབ་ཏུ་རྟོགས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་འགྱུར་རོ། ། ཇི་ལྟར་ན་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ཞེ་ན། འདི་ལྟ་སྟེ། དེ་ནི་སྦྱིན་པ་དང་། སྦྱིན་པ་པོ་དང་། ལེན་པ་དང་། ལེན་པ་པོ་མི་དམིགས་པ་སྟེ། དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བདག་གིས་ཡོངས་སུ་སྦྱང་ངོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་བཟུང་བ་ཡིན་ཏེ། འདི་ལྟར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཡོངས་སུ་དག་པར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་བཟུང་བ་ཡིན་ནོ། །
BOའདི་ལྟར་བདག་གིས་བརྗོད་དུ་མེད་ པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ལྟར་བདག་གིས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་རྫོགས་པར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ལྟར་བདག་ གིས་དེ་བཞིན་གཤེགས་པའི་མི་འཇིགས་པ་རྣམས་ཡོངས་སུ་གཟུང་བར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ལྟར་དེ་བཞིན་གཤེགས་པའི་དབང་པོ་རྣམས་ཡོངས་སུ་གཟུང་ངོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཡོངས་སུ་གཟུང་བར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ལྟར་ཐམས་ཅད་མཁྱེན་པ་ཡོངས་སུ་གཟུང་བར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ལྟར་ཐབས་ མཁས་པ་ལ་བསླབ་པར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ལྟར་སེམས་ཅན་རྣམས་ཀྱི་བསམ་པ་ལ་འཇུག་པར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། །
BOའདི་ལྟར་དུས་ཤེས་པ་ལ་བསླབ་པོ་སྙམ་པ་ནི་ལུས་དང་ སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ལྟར་ཚོད་ཤེས་པ་དང་། དོན་ཤེས་པ་དང་། ཆོས་ཤེས་པ་དང་། བདག་ཤེས་པ་དང་། ཕ་རོལ་ཤེས་པ་དང་། གང་ཟག་མཆོག་དང་། མཆོག་མ་ཡིན་པ་ཤེས་པ་ལ་བསླབ་པར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་ རབ་ཏུ་བཟུང་བ་ཡིན་ནོ། ། དེ་ལྟར་ཡོངས་སུ་སྤང་བའི་རིགས་པ་ནི་ཡོངས་སུ་སྤང་བར་བྱ། འདི་ལྟར་བསྙེན་པའི་རིགས་པ་ནི་བསྙེན་པར་བྱའོ་སྙམ་པ་ནི་ལུས་དང་སེམས་ཡང་དག་པར་རབ་ཏུ་བཟུང་བ་ཡིན་ནོ། ། འདི་ལྟར་ལུས་བརྟག་པར་མཁས་པ་ལ་བསླབ་པོ་སྙམ་པ་ནི་དེ་ལུས་དང་སེམས་ ཡང་དག་པར་རབ་ཏུ་བཟུང་བ་ཡིན་ཏེ། དེ་ལ་ལུས་ཡང་དག་པར་རབ་ཏུ་འཛིན་པ་དང་། སེམས་ཡང་དག་པར་རབ་ཏུ་འཛིན་པ་འདི་ནི་བརྩོན་འགྲུས་ཞེས་བྱའོ། ། གང་མི་གཡོ་བ་དང་མི་ལྷོད་པར་འཇུག་པ་དང་། རྒྱུན་མི་འཆད་པ་དང་། རྒྱུན་ཆགས་པ་དང་། རྗེས་སུ་འཛིན་པ་དེ་ནི་བརྩོན་ པ་ཞེས་བྱའོ། ། གང་བརྩོན་འགྲུས་འདི་དང་། གང་རྩོམ་པ་འདི་ལ་མངོན་པར་བརྩོན་པ་དེ་ནི་བརྩོན་འགྲུས་བརྩམས་པ་ཞེས་བྱའོ། །
BOདེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་དེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་ཆོས་ཐམས་ཅད་ལ་ དབང་བྱེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ། ། བརྩོན་འགྲུས་རྩོམ་པ་འདི་ལ་ཡང་གནས་པར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་སེམས་ཅན་རྣམས་དད་པ་ཇི་ལྟ་བ་བཞིན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྲུལ་པ་རྣམ་པ་དུ་མ་མངོན་པར་སྤྲུལ་ཏེ། ཐབས་མཁས་པ་དཔག་ཏུ་མེད་པ་དང་ལྡན་པས་སེམས་ཅན་དཔག་ཏུ་མེད་པ་དག་ཡོངས་སུ་སྨིན་པར་བྱས་སོ། ། སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་མཉེས་པར་བྱས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ བརྩམས་པ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པ་ཟླ་འོད་གཟི་བརྗིད་རྒྱལ་པོ་དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། ། སྟོབས་བཅུ་ལྡན་པ་ཁྱོད་ནི་བརྩོན་འགྲུས་ཀྱིས། ། མཚུངས་འདྲའི་སེམས་ཅན་ གང་ཡང་མི་རྙེད་དེ། ། ཐུབ་པ་དམ་པ་ཁྱོད་ནི་བརྩོན་འགྲུས་ཀྱིས། ། ཆོས་ཉིད་མཆོག་ལ་ཡང་དག་རེག་པར་གྱུར། །
BOསྟོབས་བཅུ་ལྡན་པ་ཁྱོད་ནི་བརྩོན་འགྲུས་ཀྱིས། ། སངས་རྒྱས་ཞིང་ནི་དཔག་ཡས་ཡོངས་སུ་དག ། སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་མཛད། ། ཤེས་རབ་ ཚད་ནི་དཔེ་ཟླ་མ་མཆིས་ལགས། ། སྟོབས་བཅུ་ལྡན་པ་མི་ཡི་སེང་གེ་ཁྱོད། ། བརྩོན་འགྲུས་ཀྱིས་ནི་སེམས་ཅན་འདུ་ཤེས་བཤིག ། ཁྱོད་ཀྱིས་སྟོང་པ་ཉིད་ནི་རབ་ཏུ་མཁྱེན། ། སེམས་ཅན་འདུ་ཤེས་དེ་ཡང་ཁྱོད་ཀྱིས་སྤངས། ། ཁྱོད་ཀྱིས་སྟོང་པ་ཉིད་ནི་མི་དམིགས་པར། ། བརྩོན་ འགྲུས་ཀྱིས་ནི་ཆོས་ཀུན་རབ་ཏུ་མཁྱེན། ། བརྩོན་འགྲུས་སྟོབས་ཀྱིས་ཕ་རོལ་ཕྱིན་པས་ན། ། ཞི་བའི་ས་རྣམས་ལ་ཡང་རབ་ཏུ་བཞུགས། ། བདེ་གཤེགས་ཁྱོད་ཀྱི་སྲས་རྣམས་རྗེས་སློབ་པས། ། བླ་ན་མེད་པའི་བྱང་ཆུབ་རབ་ཏུ་མཆིས། ། སྟོབས་བཅུ་ལྡན་པ་ཁྱོད་ཀྱི་བརྩོན་འགྲུས་ཀྱིས། ། ཡང་དག་ཆེ་བའི་བདག་ཉིད་རབ་ཏུ་བསྟན། ། བརྩོན་འགྲུས་སྟོབས་ཀྱིས་ཕ་རོལ་ཕྱིན་པ་ལ། ། བདེ་བར་གཤེགས་པ་ཁྱོད་ཀྱི་སྲས་རྣམས་སློབ། ། སྤྲུལ་པ་རྣམ་པ་སྣ་ཚོགས་བརྒྱ་དག་གིས། ། སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་བགྱིད། ། འགྲོ་བ་རྣམས་ནི་རབ་ཏུ་དགྲོལ་སླད་དུ། ། ཁྱོད་ཀྱི་སྲས་རྣམས་བྱང་ཆུབ་གང་ཞུགས་པ། །
BOདེ་དག་བཅོམ་ལྡན་ཁྱོད་ཀྱི་གོ་འཕང་འདིར། ། བདེ་བར་གཤེགས་པའི་སྲས་རྣམས་རྗེས་སུ་མཆི། ། འགྲོ་བ་རྣམས་ནི་ཡོངས་སྨིན་བགྱི་སླད་དུ། ། ཁྱོད་ཀྱི་སྲས་རྣམས་གོ་བགོས་སྤྱོད་པ་ནི། ། ཁྱོད་ཀྱི་རྗེས་སུ་ཐམས་ཅད་རབ་སློབ་ ཅིང་། ། སེམས་ཅན་མང་པོ་བྱང་ཆུབ་ལ་ཡང་འགོད། ། མི་ཡི་དབང་པོ་སེང་གེ་ཁྱོད་ཀྱི་སྲས། ། ཁྲག་ཁྲིག་བརྩོན་འགྲུས་དག་ལ་གནས་ནས་སུ། ། དེ་དག་འགྲོ་བ་ཡོངས་སུ་དགྲོལ་སླད་དུ། ། རྒྱལ་བའི་ཞིང་ནི་ཁྲག་ཁྲིག་རྣམས་སུ་མཆི། ། རྒྱལ་བའི་ཞལ་ནི་དྲི་མེད་ཟླ་བ་ ལྟར། ། ཤིན་ཏུ་ཟིལ་གྱིས་མི་གནོན་མཐའ་ཡས་འོད། ། ཐུབ་པ་ཁྱོད་སྲས་མཚུངས་པ་མ་མཆིས་པ། ། སྤྱད་པས་དག་པར་གྱུར་པའི་སྤྱད་པ་སྤྱོད། ། ཁྱོད་ཀྱི་སྲས་པོ་མི་བློ་རྣམ་དག་རྣམས། ། སངས་རྒྱས་ཞིང་རྣམས་ཡོངས་སུ་དག་བགྱིད་ཅིང་། ། མི་མཆོག་དབང་པོས་ སེམས་ཅན་ཁྲག་ཁྲིག་རྣམས། ། བདག་མ་མཆིས་པར་རབ་ཏུ་འཚལ་བར་བགྱིས། ། བརྩོན་འགྲུས་ཀྱིས་ནི་བརྩོན་འགྲུས་མཚུངས་མ་མཆིས། ། ཏིང་འཛིན་མི་གཡོ་བརྟན་པའི་ཏིང་ངེ་འཛིན། ། བརྩོན་འགྲུས་སྟོབས་ཀྱིས་ཕ་རོལ་ཕྱིན་ནས་སུ། ། ལྷ་དང་མི་རྣམས་བརྩོན་འགྲུས་ སྐྱེད་དུ་བཅུག །
BOལྷ་མི་དྲི་ཟར་བཅས་པའི་འཇིག་རྟེན་དག ། བརྩོན་འགྲུས་ཀྱིས་ནི་ཤིན་ཏུ་ཟིལ་གྱིས་གནོན། ། བྱང་ཆུབ་འཚལ་བས་བརྩོན་འགྲུས་རབ་ཏུ་བརྟན། ། སྲིད་པ་དག་ལས་སྐྱེ་བོ་སྒྲོལ་བར་འཚལ། ། གང་གིས་འདུས་བྱས་མཚན་མ་རྣམས་བཤིག་ཅིང་། ། དེ་དག་ གིས་ནི་བྱང་ཆུབ་ཐོབ་མ་མཆིས། ། བརྩོན་འགྲུས་དག་ཀྱང་ནམ་དུའང་མི་ཉམས་པ། ། དེ་དག་ལ་ནི་རབ་ཏུ་ཕྱག་འཚལ་ལོ། ། གང་རྣམས་བསམ་པ་རྟག་ཏུ་བྱང་ཆུབ་ཕྱིར། ། གང་དེ་རྒྱལ་བའི་རིགས་རྣམས་འཛིན་པ་དག ། བདེ་གཤེགས་གོ་འཕང་གཞོལ་ཞིང་བརྟན་པ་རྣམས། ། དེ་དག་ལ་ཡང་རབ་ཏུ་ཕྱག་འཚལ་ལོ། ། སྐྱེ་བོ་དག་གི་དོན་དང་སྨན་སླད་དུ། ། གང་དག་རབ་ཏུ་ཞུམ་པར་མི་འགྱུར་ཞིང་། ། རྟག་ཏུ་བདེ་བར་གཤེགས་པའི་གོ་འཕང་ནི། ། རྒ་ཤི་མ་མཆིས་པ་ལ་དད་པ་རྣམས། ། དེ་དག་ལ་ཡང་རབ་ཏུ་ཕྱག་འཚལ་ལོ། ། ནད་དང་རྒ་ཤི་དག་ལས་ རབ་ཐར་བ། ། དྲི་མ་གསུམ་བཅོམ་ཁྱོད་ཀྱི་སྐྱབས་མཆིས་པས། ། དགེ་བ་དེ་ཡིས་བདེ་བར་གཤེགས་གྱུར་ཏེ། ། མི་རྒ་མི་འཆི་བྱང་ཆུབ་རེག་པར་ཤོག །
BOདེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དྲི་མ་མེད་པ་ཟླ་འོད་གཟི་བརྗིད་རྒྱལ་པོ་དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་ནས་དེ་བརྩོན་འགྲུས་རྩོམ་པ་དེ་དང་ལྡན་པར་གྱུར་ཏོ། ། དེ་བསྐལ་པ་བྱེ་བ་དགུ་བཅུའི་འཁོར་བ་ཕྱིར་བསྙིལ་བར་གྱུར་ ཏོ། ། འདི་ལྟར་ཡང་འཇམ་དཔལ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་བྱང་ཆུབ་ སེམས་དཔའ་བརྩོན་འགྲུས་བརྩམས་པར་གྱུར་ཏོ། ། འཇམ་དཔལ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོངས་སུ་སྦྱང་བར་འདོད་པ་དང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཡོངས་སུ་སྨིན་པར་བྱ་བར་འདོད་ པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་དག་ཡོངས་སུ་བསྔོ་བར་བྱའོ། །
BOསྒྲིབ་པ་མེད་པའི་རྣམ་པར་ཐར་པ་རྟོགས་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱང་མི་གཏོང་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་སྒྲིབ་པ་ མེད་པའི་རྣམ་པར་ཐར་པ་ལ་གནས་པ་ནི་སེམས་ཅན་གྱི་བསམ་པ་རིག་པར་བྱ་བའི་ཕྱིར་སེམས་གནས་ཏེ། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་གྲུབ་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་འཐོབ་བོ། ། དེས་ཏིང་ངེ་འཛིན་དེ་ཐོབ་ནས་སེམས་ཅན་ ཕུང་པོ་གསུམ་དུ་འབྱེད་དེ། གསུམ་གང་ཞེ་ན། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་དང་། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་དང་། མ་ངེས་པའི་ཕུང་པོའོ། ། དེ་སེམས་ཅན་གང་དག་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ལ་གནས་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་མཁས་པ་ལ་ སློབ་ཅིང་སེམས་ཅན་གང་དག་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ལ་གནས་པ་དེ་དག་ཅི་ནས་དྲང་བའི་ཕྱིར་ཐབས་མཁས་པ་ལ་སློབ་སྟེ། དེ་ཐབས་མཁས་པ་དེ་དང་ལྡན་པས་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་རབ་ཏུ་དྲང་བའི་ཕྱིར་བསྐལ་པ་བརྗོད་དུ་མེད་པར་འཁོར་བ་ན་འདུག་ གོ། །
BOའཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བདུད་རྩིའི་སྙིང་པོ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། བདུད་རྩིའི་སྙིང་པོའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་ཞེས་ བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེར་ཡང་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་ཞེས་བྱ་བ་སངས་རྒྱས་ཁྲག་ཁྲིག་ཚད་མེད་པ་ལ་བསྙེན་བཀུར་བྱས་པ་དགེ་བའི་རྩ་བ་ ཚད་མེད་པ་དང་ལྡན་པ་ཞིག་བྱུང་ངོ་། ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་དེ།
BOབཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ ནས་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཇི་ཙམ་གྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ཐབས་མཁས་པ་དང་ལྡན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོས་བྲམ་ཟེའི་ རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དབང་པོས་བྱིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་སོང་བ་ཞེས་བྱ་བ་ཐོབ་པ་དེ་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་།
BOསེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཐབས་མཁས་པ་དང་ལྡན་པར་འགྱུར་རོ། ། དེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་ སོང་བ་དེ་དང་ལྡན་པས་སྨོན་ལམ་གང་དང་གང་བཏབ་པ་དེ་དང་དེས་ངེས་པར་འབྱུང་བར་འགྱུར་ཏེ། དེས་ཡིད་བཞིན་དུ་རབ་ཏུ་རྙེད་ཅིང་སྒྲུབ་བོ། ། དེ་འདོད་ན་དེ་བཞིན་གཤེགས་པ་གཅིག་གི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད། དེ་འདོད་ན་དེ་བཞིན་གཤེགས་པ་གཉིས་ཀྱི་སྨོན་ལམ་ཡོངས་ སུ་རྫོགས་པར་བྱེད། དེ་འདོད་ན་དེ་བཞིན་གཤེགས་པ་གསུམ་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དེ། དེ་བཞིན་གཤེགས་པ་གྲངས་མེད་པའི་བར་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དོ། ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་སྨོན་ལམ་ཀུན་རྫོགས་པར་བྱེད་པས་ སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་ཡོངས་སུ་དག་པར་འགྱུར་རོ། ། དབང་པོས་བྱིན་ཤར་གྱི་ཕྱོགས་ཆ་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་འདས་པ་ན་རིན་ཆེན་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་དགེ་བའི་ཟླ་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། ། དབང་པོས་བྱིན་དེ་བཞིན་གཤེགས་པ་དགེ་བའི་ཟླ་བ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་གང་བཏབ་པ་དེ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏེ། དེས་སྨོན་ ལམ་འདི་སྐད་ཅེས་བཏབ་བོ། ། བདག་གི་སངས་རྒྱས་ཀྱི་ཞིང་གི་མཐའ་རྟོགས་པར་སླ་བ་མ་ཡིན་པར་ཤོག་ཤིག་ཅེས་བྱས་ནས་དེའི་སྨོན་ལམ་དེ་ཡོངས་སུ་རྫོགས་ཏེ། ད་ལྟར་དེའི་སངས་རྒྱས་ཀྱི་ཞིང་གི་ཚད་གཟུང་སླ་བ་མ་ཡིན་ནོ། ། གཞན་ཡང་བདག་གི་སངས་རྒྱས་ཀྱི་ཞིང་གི་བཀོད་ པ་ཚད་གཟུང་སླ་བར་མ་གྱུར་ཅིག ། བདག་གི་སངས་རྒྱས་ཀྱི་ཞིང་ན་རིན་པོ་ཆེ་འདི་སྙེད་ཡོད་དོ་ཞེས་རིན་པོ་ཆེའི་མཐའ་བདེ་བར་རྟོགས་སླ་བར་མ་གྱུར་ཅིག ། བདག་གི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་རྣམས་ཚད་གཟུང་སླ་བར་མ་གྱུར་ཅིག ། བདག་གི་སངས་རྒྱས་ཀྱི་ ཞིང་ན་རིན་པོ་ཆེ་མིག་{མངས་,མང་}རིས་སུ་བྲིས་པ་འདི་ཉིད་དོ་ཞེས་ཚད་གཟུང་ནུས་པར་མ་གྱུར་ཅིག ། བདག་གི་སངས་རྒྱས་ཀྱི་ཞིང་ན་འདི་སྙེད་ཀྱི་གཟུགས་དང་། སྒྲ་དང་དྲི་དང་།
BOརོ་དང་རེག་བྱའི་ལོངས་སྤྱོད་དང་ལྡན་ནོ་ཞེས་ཚད་གཟུང་ནུས་པར་མ་གྱུར་ཅིག ། བདག་གི་སངས་རྒྱས་ཀྱི་ཞིང་ དེ་ན་དགེ་བར་སྤྱོད་པ་དང་ལྡན་པའི་སེམས་ཅན་རྣམས་ཚད་གཟུང་ནུས་པར་མ་གྱུར་ཅིག ། བདག་གི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་དགེ་བ་ལ་མོས་པའི་སྤྱོད་པ་དང་ལྡན་པ་ཚད་གཟུང་ནུས་པར་མ་གྱུར་ཅིག ། བདག་གི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ དགེ་བ་ཀུན་དུ་སྤྱོད་པ་དང་ལྡན་པ་ཚད་གཟུང་སླ་བར་མ་གྱུར་ཅིག་ཅེས་བྱས་ནས། དེ་སྨོན་ལམ་རྣམས་ཡོངས་སུ་རྫོགས་ཏེ། དེ་ལྟར་དེའི་སངས་རྒྱས་ཀྱི་ཞིང་དེ་ན་སངས་རྒྱས་ཀྱི་ཞིང་བཀོད་པ་རྣམས་ཀྱི་ཚད་གཟུང་སླ་བ་མ་ཡིན། རིན་པོ་ཆེའི་མཐའ་རྟོགས་པར་སླ་བ་མ་ཡིན། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཚད་གཟུང་སླ་བ་མ་ཡིན། རིན་པོ་ཆེ་མིག་{མངས་,མང་}རིས་སུ་བྲིས་པ་རྣམས་ཀྱི་ཚད་གཟུང་སླ་བ་མ་ཡིན། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ལོངས་སྤྱོད་དང་ལྡན་པའི་ཚད་གཟུང་སླ་བ་མ་ཡིན། སེམས་ཅན་རྣམས་ཀྱི་དགེ་ བར་སྤྱོད་པ་དང་ལྡན་པའི་ཚད་གཟུང་སླ་བ་མ་ཡིན་ནོ། །
BOདེ་ལྟར་དེའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་དགེ་བ་ལ་མོས་པ་དང་ལྡན་པའི་ཚད་གཟུང་སླ་བ་མ་ཡིན་ནོ། ། དེ་ལྟར་དེ་བཞིན་གཤེགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་འདི་དག་དང་། གཞན་ཡང་ཚད་མེད་པ་དག་བཏབ་པར་གྱུར་ཏེ། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་པའི་རྗེས་སུ་སོང་བ་ལ་བརྟེན་ནས་ཡོངས་སུ་རྫོགས་སོ། ། དབང་པོས་བྱིན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་ བསམ་པའི་རྗེས་སུ་སོང་བའི་ཏིང་ངེ་འཛིན་རབ་ཏུ་རྙེད་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་དེས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་དེས་སྨོན་ལམ་དེ་དག་བསྒྲགས་མ་ཐག་ཏུ་ དེས་སྨོན་ལམ་དེ་དག་ཐམས་ཅད་བཏབ་བོ། ། དེ་ནས་བཅོམ་ལྡན་འདས་དེས་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། ། འཇམ་དཔལ་འདི་ཇི་སྙམ་དུ་སེམས།
BOདེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་ ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་ཞེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་ དོན་ཐམས་ཅད་གྲུབ་པ་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་དེ་སྙེད་དང་ལྡན་ནོ། ། དེ་ལྟ་བས་ན་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྨོན་པའི་སྨོན་ལམ་དེ་དག་ལ་བསླབ་པར་བྱའོ། ། ཇི་ལྟར་སྨོན་པའི་སྨོན་ལམ་ལ་སློབ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ མཁས་པ་དང་ལྡན་པས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་དོ། ། དེའི་ཚེའི་ཚད་དཔག་ཏུ་མེད་པར་འཛིན་ཏེ། སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཡང་ཚེའི་ཚད་དཔག་ཏུ་མེད་པ་འཛིན་དུ་འཇུག་གོ། ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད།
BOབརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དགེ་བ་འབྱུང་བ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། དགེ་བ་འབྱུང་བའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྤོས་མཆོག་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེར་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཙན་དན་གྱི་སྙིང་པོ་ཞེས་བྱ་བ་ཞིག་བྱུང་ངོ་། ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཙན་དན་གྱི་སྙིང་པོ་དེ་དེ་ བཞིན་གཤེགས་པ་སྤོས་མཆོག་རྒྱལ་པོ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །
BOཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཙན་ དན་གྱི་སྙིང་པོ་དེས་དེ་བཞིན་གཤེགས་པ་སྤོས་མཆོག་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཐབས་མཁས་པ་དང་ལྡན་པ་ཐབས་མཁས་པ་དང་ལྡན་པ་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དང་ལྡན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་རྒྱལ་པོས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཙན་དན་གྱི་སྙིང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཙན་དན་གྱི་སྙིང་པོ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ ཀྱི་བསམ་པ་ལ་ཞུགས་ཏེ། བསམ་པ་ལ་ཞུགས་ནས་སོ་སོ་ཅི་རིགས་པར་ཆོས་སྟོན་པ་དེ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་དང་ལྡན་པ་ཡིན་ནོ། ། དེ་ཐབས་ལ་མཁས་པ་དེ་དང་ལྡན་པས་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་འཐུན་ པར་ཆོས་སྟོན་པར་བྱེད་དོ། ། དེ་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པས་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྐལ་པ་བརྗོད་དུ་མེད་པར་ཡང་བརྩོན་པ་མི་འདོར་རོ། །
BOདེ་ཐབས་མཁས་པས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་ན་ནམ་ཡང་ཐབས་མཁས་པ་དང་བྲལ་བའི་སེམས་མི་སྐྱེད་དོ། ། མྱུར་དུ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཡང་ཡོངས་སུ་སྦྱོང་ངོ་། ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཙན་དན་གྱི་སྙིང་པོ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་རྒྱལ་པོ་དེས་ ཐབས་ལ་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་མ་ཐག་ཏུ་ཇི་ལྟར་བསྟན་པ་བཞིན་རབ་ཏུ་བསྒྲུབས་སོ། ། ཇི་ལྟར་བསྟན་པ་བཞིན་རབ་ཏུ་བསྒྲུབས་པས་ན་སེམས་ཅན་རྣམས་ཀྱི་བསམ་པ་ལ་འཇུག་པ་ཤེས་པ་རབ་ཏུ་ཐོབ་པར་གྱུར་ཏོ། ། དེ་ཐབས་ལ་ མཁས་པ་དེ་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྐལ་པ་བརྗོད་དུ་མེད་པར་ཡང་བརྩོན་པ་མ་བོར་རོ། ། དེས་ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བསྐལ་པ་བརྗོད་དུ་མེད་པར་ནམ་ ཡང་ཐབས་ལ་མཁས་པ་དང་བྲལ་བའི་སེམས་མ་སྐྱེས་སོ། ། སེམས་བསྐྱེད་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་བརྗོད་དུ་མེད་པ་རྣམས་ཡོངས་སུ་སྦྱངས་སོ། །
BOསངས་རྒྱས་ཀྱི་ཞིང་རེ་རེར་ཡང་སེམས་ཅན་དཀྲིགས་ཕྲག་ཁྲག་ཁྲིག་བརྗོད་དུ་མེད་པ་ ཡོངས་སུ་སྨིན་པར་བྱས་སོ། ། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་སེམས་ཅན་ཁྲག་ཁྲིག་ཚད་མེད་པ་རྣམས་ཟབ་མོའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཀོད་དོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཙན་དན་གྱི་སྙིང་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཙན་དན་གྱི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་སེམས་ཀྱི་མཚན་མ་ལ་ངེས་པར་རྟོག་པའི་བཟོད་པ་ལ་བརྩོན་པར་བྱའོ། ། ། ། བམ་པོ་དྲུག་པ། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་ པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།
BOའཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་ རྒྱས་བཅོམ་ལྡན་འདས་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་དེའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་བླ་མ་ཞེས་བྱ་བ་བྱུང་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་བླ་མས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་དེ་ལ་ཞུས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡུལ་རྒྱུ་ཞིང་སོང་ངོ་། ། དེ་ཡུལ་རྒྱུ་ཞིང་སོང་ནས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཡོངས་སུ་སྦྱངས་ཏེ་སངས་རྒྱས་ཀྱི་ཞིང་ རེ་རེར་ཡང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་རྣམས་བླ་ན་མེད་པའི་ཆོས་ལ་ངེས་པར་སེམས་པའི་བརྗོད་པར་ཡོངས་སུ་སྨིན་པར་བྱས་ནས་དེས་སྨོན་ལམ་འདི་སྐད་བཏབ་བོ། ། བདག་སངས་རྒྱས་ཀྱི་ཞིང་གང་དུ་སྐྱེས་པ་དེར་སེམས་ཅན་རྣམས་ཀྱིས་སངས་རྒྱས་བྱུང་བ་སྙམ་དུ་ ཤེས་པར་ཤོག་ཤིག ། བདག་སངས་རྒྱས་ཀྱི་ཞིང་གང་དུ་སྐྱེས་པར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་།
BOལྷ་མ་ཡིན་གྱི་རིས་དང་། མི་ཁོམ་པ་ཐམས་ཅད་ཆད་པར་ཤོག་ཤིག་ཅེས་དེས་སྨོན་ལམ་བཏབ་པ་ཡོངས་སུ་རྫོགས་ པར་གྱུར་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མ་དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་གང་དུ་སྐྱེས་པ་དེར་སེམས་ཅན་རྣམས་ཀྱིས་སངས་རྒྱས་བྱུང་བར་ཤེས་ཤིང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་ འཇིག་རྟེན་དང་། ལྷ་མ་ཡིན་གྱི་རིས་དང་། མི་ཁོམ་པ་ཐམས་ཅད་ཡོངས་སུ་ཆད་པར་གྱུར་ཏོ། ། ཆད་པར་གྱུར་ནས་ཀྱང་སངས་རྒྱས་ཀྱི་ཞིང་དེར་སླར་མ་བྱུང་ངོ་། ། དེས་ཡང་སྨོན་ལམ་འདི་སྐད་དུ་བཏབ་སྟེ། གང་བདག་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སའི་ཕྱོགས་སུ་ རྐང་པའི་མཐིལ་གྱིས་རེག་པར་གྱུར་པ་དེ་དག་བསྐལ་པ་བརྗེས་ཀྱི་བར་དུ་མཆོད་རྟེན་དུ་གྱུར་པར་ཤོག་ཤིག ། སེམས་ཅན་གང་གིས་མཆོད་རྟེན་དེའི་གནས་མཐོང་ཡང་རུང་། ཐོས་ཀྱང་རུང་། དེར་སོང་ཡང་རུང་། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །
BOམཆོད་རྟེན་གྱི་གནས་དེ་ཇི་སྲིད་དུ་འདུག་པ་དེའི་བར་དུ་སངས་རྒྱས་ཀྱི་ཞིང་དེར་དམ་པའི་ཆོས་ནུབ་པར་མི་འགྱུར་བར་ཤོག་ཤིག ། མཆོད་རྟེན་གྱི་གནས་ཇི་སྲིད་དུ་འདུག་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ དམ་པའི་ཆོས་ཉན་པ་རྒྱུན་མི་འཆད་པར་ཤོག་ཤིག ། སེམས་ཅན་གང་གིས་བདག་གི་མིང་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག་ཅེས་བྱས་ནས་དེའི་སྨོན་ལམ་དེ་ཡོངས་སུ་རྫོགས་པར་གྱུར་ཏེ། དེ་སྤྱོད་པ་ལ་ཞུགས་པས་ སངས་རྒྱས་ཀྱི་ཞིང་དེ་འདྲ་བར་ཀུན་འཛིན་ཅིང་ཡོངས་སུ་སྦྱངས་སོ། ། སངས་རྒྱས་བྱེ་བ་ཕྲག་{བཅྭ་,བཅོ་}བརྒྱད་ཀྱི་སྨོན་ལམ་ཇི་ལྟ་བུ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་དེས་བཟུང་ངོ་། ། སངས་རྒྱས་བྱེ་བ་ཕྲག་{བཅྭ་,བཅོ་}བརྒྱད་ཀྱི་ཚེའི་ཚད་ཇི་སྲིད་པ་དེ་དག་ཐམས་ཅད་ཀྱང་དེས་ཡོངས་སུ་བཟུང་ངོ་། ། སངས་ རྒྱས་བྱེ་བ་ཕྲག་{བཅྭ་,བཅོ་}བརྒྱད་ཀྱི་ཉན་ཐོས་འདུས་པ་ཇི་སྙེད་པ་དེ་སྙེད་ཀྱི་ཉན་ཐོས་འདུས་པའང་དེས་ཡོངས་སུ་བཟུང་ངོ་། །
BOསངས་རྒྱས་བྱེ་བ་ཕྲག་{བཅྭ་,བཅོ་}བརྒྱད་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ཇི་སྙེད་པ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ཀྱང་དེས་ཡོངས་སུ་བསྡུས་སོ། ། སངས་རྒྱས་བྱེ་བ་ཕྲག་ {བཅྭ་,བཅོ་}བརྒྱད་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཕུན་སུམ་ཚོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་དེས་ཡོངས་སུ་བཟུང་ངོ་། ། དེས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་ཡོངས་སུ་སྦྱངས་ནས། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་དེ་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། གང་ བཅོམ་ལྡན་འདས་ཀྱི་སྲས་རྣམས་ཡབ་ལས་སྐྱེས་པ་དེ་དག་སྤུན་ལགས་ཏེ། བཅོམ་ལྡན་འདས་བདག་གི་ནུ་བོ་དེ་དག་ལ་དེ་བཞིན་གཤེགས་པས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་དག་སྐྱེ་བོ་མང་པོ་ལ་སྨན་པར་འཇུག་པ་དེ་ལྟ་བུའི་ཆོས་བཤད་དུ་གསོལ། ། དེ་སྐད་ཅེས་གསོལ་པ་དང་།
BOདེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་དེས་བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤེས་རབ་བླ་མ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སངས་ རྒྱས་ཀྱི་བྱ་བ་བྱེད་པ་ལེགས་སོ། ། ལེགས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཀྱིས་དགེ་སློང་གི་དགེ་འདུན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དགེ་སློང་དག་བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མས་ཇི་ལྟ་བུར་ལས་བྱས་པ་ལ་ལྟོས། དགེ་ སློང་བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མས་སེམས་ཅན་ཇི་སྙེད་སྨིན་པར་བྱས་པ་ནི་རྩིས་མཁན་ནམ་རྩིས་མཁན་གྱི་སློབ་མས་བསྐལ་པར་ཡང་རུང་། བསྐལ་པ་བརྒྱར་ཡང་རུང་། བསྐལ་པ་ཁྲག་ཁྲིག་ཏུ་ཡང་རུང་སྟེ། དེ་དག་གིས་རྩི་བར་མི་ནུས་སོ། ། འཇམ་དཔལ་དེ་ན་བྱང་ ཆུབ་སེམས་དཔའ་ཤེས་རབ་བླ་མ་དེས་སེམས་ཅན་ཚད་མེད་པ་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བར་ཡོངས་སུ་མྱ་ངན་ལས་བཟླས་སོ། ། དེའི་ཉིས་འགྱུར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །
BOབྱང་ ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཚད་མེད་པའི་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླས་ཏེ། ཡོངས་སུ་མྱ་ངན་ལས་འདས་སོ། ། དེ་ལྟ་བུར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་བླ་མ་དེས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླས་སོ། ། སེམས་ཅན་ཤིན་ཏུ་མང་པོ་བྱང་ཆུབ་ལ་རབ་ཏུ་བཀོད་དོ། ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མ་ཞེས་བྱ་བར་གྱུར་པ་དེ་གཞན་ ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མ་ཞེས་བྱ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟར་དེ་བཞིན་གཤེགས་པ་ དོན་ཐམས་ཅད་གྲུབ་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལ་གནས་པས་ཐབས་མཁས་པ་དང་ལྡན་པར་གྱུར་ཏོ། ། དེ་ལྟ་བས་ན་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ ཐབས་མཁས་པ་དང་ལྡན་པར་བྱའོ། །
BOཐབས་མཁས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་ཆོས་ཐམས་ཅད་ལ་དབང་དང་ལྡན་པའི་ཏིང་ངེ་འཛིན་བཤད་པར་བྱའོ། ། ཆོས་ཐམས་ཅད་ལ་དབང་དང་ལྡན་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གཅིག་གིས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱས་ནས། དེ་དག་ཀུན་དུ་སྤྱད་པ་སྤྱོད་པ་ནི་འཇམ་དཔལ་འདི་ལྟ་སྟེ། དཔེར་ན་མཚོ་ཆུས་གང་ནས་འགགས་པ་མེད་ཅིང་ཆུ་འབབ་པ་ནི་ ས་གང་ལོགས་སུ་གཞོལ་བ་དེར་འབབ་བོ། ། དེ་བཞིན་དུ་ཆོས་ཐམས་ཅད་ལ་དབང་དང་ལྡན་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ག་ལས་གར་བལྟས་པ་དེ་དང་དེར་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་རླན་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་ སེམས་དཔའ་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དམིགས་པ་ཡིན་ནོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། ། བཅོམ་ལྡན་ཆོས་རྣམས་གཉིས་མ་མཆིས། ། ཆོས་རྣམས་བྱེ་བྲག་མཆིས་མ་ལགས། ། དེ་ནི་ཆོས་ཀྱི་མཚན་ཉིད་དེ། ། ཆོས་ཀུན་མཚན་ཉིད་མ་མཆིས་ལགས། །
BOནམ་མཁའ་ཇི་ལྟར་ནམ་མཁའ་ཡིས། ། དཔེར་བགྱིར་རུང་བ་མ་ལགས་ཏེ། ། ཆོས་ཀྱི་དཔེར་ཡང་དེ་བཞིན་དུ། ། རྣམ་པ་ཐམས་ཅད་བགྱིར་མི་རུང་། ། ཆོས་ལ་ཆོས་ཀྱིས་མཐོང་མ་མཆིས། ། ཆོས་ ཀྱིས་ཆོས་རྣམས་མི་རིག་སྟེ། ། ཤེས་པ་པོ་དང་ཆོས་རྣམས་ཀྱང་། ། གཉིས་ཀ་འདི་ནི་ཡོང་མ་མཆིས། ། སངས་རྒྱས་ཆོས་དང་སངས་རྒྱས་སུ། ། མི་མཁས་གང་དག་རྣམ་པར་རིག ། དེ་དག་སངས་རྒྱས་དེ་བཞིན་དུ། ། སངས་རྒྱས་ཆོས་རྣམས་མི་རིག་ལགས། ། སངས་རྒྱས་ ཆོས་དང་སངས་རྒྱས་ཞེས། ། དེ་ནི་བྱིས་པའི་སྤྱོད་ཡུལ་ཏེ། ། སངས་རྒྱས་ཆོས་དང་སངས་རྒྱས་ནི། ། སུས་ཀྱང་རྟོགས་པར་རྔོ་མི་ཐོགས། ། ཇི་ལྟར་ཚིག་གིས་བརྗོད་པ་ལྟར། ། ཆོས་འདི་དག་ལ་གདགས་མ་མཆིས། ། ཆོས་དེ་གདགས་པ་མ་ལགས་ཏེ། ། བདག་དང་འདྲ་བར་ རྟོགས་པར་བགྱི། ། བདག་ནི་གདགས་སུ་མ་མཆིས་ཏེ། ། འོན་ཀྱང་བདག་ཅེས་སྨྲ་བ་བཞིན། ། ཆོས་རྣམས་ལ་ནི་བཏགས་པ་ཡང་། ། བདག་དང་འདྲ་བར་རྟོགས་པར་བགྱི། ། བདག་ནི་བཏགས་པར་མ་མཆིས་ཏེ། ། འོན་ཀྱང་བདག་ཅེས་སྨྲ་བ་བཞིན། ། ཆོས་རྣམས་བཏགས་པ་ མ་མཆིས་པར། ། མཁས་པ་རྣམས་ཀྱིས་རྟག་ཏུ་རྟོགས། ། ཇི་ལྟར་ནམ་མཁའི་རི་མོ་ནི། ། མ་བྱུང་འབྱུང་བར་མི་འགྱུར་ཏེ། །
BOདེ་བཞིན་ཆོས་རྣམས་གདགས་པ་ཡང་། ། མ་བྱུང་འབྱུང་བར་མི་འགྱུར་ལགས། ། རྫས་མ་ལགས་པའི་འདོགས་པ་ཡིས། ། མི་གང་ འདི་ལ་འདོགས་པ་ནི། ། མཛངས་པ་རྣམས་ཀྱིས་མི་བསྔགས་ཏེ། ། དེ་ནི་མཁས་པས་དཔྱ་བ་ལགས། ། འདོགས་པ་དེ་བཞིན་ཆོས་རྣམས་ལ། ། མི་གང་འདི་ལ་འདོགས་པ་ནི། ། མཛངས་པ་རྣམས་ཀྱིས་མི་བསྔགས་ཏེ། ། མཁས་པས་དེ་ནི་དཔྱ་བ་ལགས། ། འགྲོ་བ་ མ་མཆིས་འགྲོ་བའི་སྒྲས། ། སངས་རྒྱས་རྣམས་ཀྱིས་བསྟན་པ་ནི། ། ནམ་མཁའི་རི་མོ་བྲིས་པ་ལྟར། ། དེ་བཞིན་ཆོས་རྣམས་རྟོགས་པར་བགྱི། ། བར་སྣང་བྱ་རྗེས་ཇི་བཞིན་དུ། ། འགྲོ་དེ་ངེས་པར་མ་མཆིས་ལགས། ། སྦལ་པའི་སྤུ་ཡི་ལ་བ་ལྟར། ། དེ་བཞིན་ཞི་བའི་ ཆོས་ཉིད་བལྟ། ། བཞིན་གྱི་གཟུགས་བརྙན་མེ་ལོང་ལ། ། རང་བཞིན་སྟོན་པར་མཁས་པས་བཤད། ། དཀྱིལ་འཁོར་དེ་ན་བཞིན་གཟུགས་ལྟར། ། དེ་བཞིན་ཆོས་རྣམས་ཐམས་ཅད་བལྟ། ། ཇི་ལྟར་མི་དག་རི་ཡི་བར་མཆིས་ཏེ། ། སྐད་ཕྱུང་ནས་ནི་བྲག་ཕུག་(དགྲ་,སྒྲ་)ཡང་གྲག ། བྲག་ཅ་དེ་ལ་བྱེད་པ་མ་མཆིས་ལྟར། ། དེ་བཞིན་ཆོས་ལ་བྱེད་པ་སུ་མ་མཆིས། ། ཆོས་འདི་དག་ནི་རྒྱལ་བས་དེ་ལྟར་བསྟན། ། མཆིས་པ་མ་ལགས་འདི་ལ་བྱེད་མ་མཆིས། །
BOརང་བྱུང་འདི་དག་རྟོགས་ནས་རབ་བསྟན་ཏེ། ། དེ་བཞིན་གཤེགས་པས་ཤིན་ཏུ་ངོ་མཚར་ མཛད། ། རྒྱལ་བས་བསྟན་པའི་ཆོས་རྣམས་གང་རྟོགས་པ། ། མི་ཡི་འདྲེན་པ་དེ་དག་ངོ་མཚར་ཏེ། ། མིག་དང་ལྡན་པས་བསྟན་ནས་ལོང་བ་གང་། ། གཟུགས་རྣམས་མཐོང་བ་བཞིན་དུ་ངོ་མཚར་ལགས། ། ལོང་བ་གཞན་གྱིས་བསྟན་པའི་གཟུགས་རྣམས་ལ། ། མཐོང་བར་གྱུར་ན་དེ་ནི་ངོ་མཚར་ཏེ། ། དེ་བཞིན་འདྲེན་པ་ཁྱོད་ཀྱི་གསུང་ཐོས་ནས། ། གང་དག་དད་པར་གྱུར་པ་ངོ་མཚར་ལགས། ། ཆོས་རྣམས་བསྟན་པ་དག་ཀྱང་དེ་བཞིན་དུ། ། ཐར་པར་འཚལ་བས་རབ་ཏུ་རྟོགས་པར་བགྱི། ། གང་དག་ཆོས་རྣམས་རིག་པར་མི་འགྱུར་བ། ། དེ་ དག་གིས་ནི་དེ་བཞིན་གཤེགས་པ་མཐོང་། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་གང་ཆོས་ཐམས་ཅད་ངོ་བོ་ཉིད་མ་ མཆིས་པར་སྟོན་པ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པར་སྨྲ་བ་དེ་དག་ནི་བཅོམ་ལྡན་འདས་ཀྱི་ལྡེམ་པོ་ངག་མ་འཚལ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན།
BOབཅོམ་ལྡན་འདས་ཆོས་རྣམས་ནི་ཐོག་མ་ནས་དམིགས་སུ་མ་མཆིས་ན་ངོ་བོ་ཉིད་མ་མཆིས་པར་བསྟན་དུ་ག་ལ་མཆིས། བཅོམ་ ལྡན་འདས་ཆོས་གང་དམིགས་སུ་མ་མཆིས་པ་དེ་དག་ནི་གང་ཡང་བགྲང་བར་མ་བགྱིས་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་ཏེ་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། ། བཅོམ་ལྡན་འདས་གཟུགས་ ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པ་ལ་བགྲང་བར་བགྱིས་པ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་ནི་ནམ་མཁའ་དང་མཚུངས་ཏེ་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་པ་ལགས་སོ། ། བཅོམ་ལྡན་འདས་དཔེར་བགྱི་ན་ནམ་ མཁའ་ལ་གཉིས་སུ་མི་དམིགས་པ་དེ་བཞིན་དུ་གཟུགས་ལ་ཡང་གཉིས་སུ་མི་དམིགས་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའང་གཉིས་སུ་མ་མཆིས་ཏེ། གཉིས་སུ་དབྱེར་མ་མཆིས་ལགས་ སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཚུངས་ཏེ། བཅོམ་ལྡན་འདས་གཟུགས་གང་ལགས་པ་དང་། རྣམ་པར་ཤེས་པ་གང་ལགས་པ་དང་། གཉིས་སུ་མ་མཆིས་པ་གང་ལགས་པ་དང་།
BOའདུས་མ་བྱས་པ་གང་ལགས་ པ་དེ་ནི་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་པ་ལགས་སོ། ། བཅོམ་ལྡན་འདས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ལགས་པ་དང་། གཉིས་སུ་མ་མཆིས་པ་དང་། གཉིས་སུ་དབྱེར་མ་མཆིས་པ་གང་ལགས་པ་དང་། བཅོམ་ ལྡན་འདས་འདུས་བྱས་གང་ལགས་པ་དང་། འདུས་མ་བྱས་གང་ལགས་པ་དེ་དག་ནི་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་པ་ལགས་སོ། ། འདི་ནི་འདུས་བྱས་སོ། ། འདི་ནི་འདུས་མ་བྱས་སོ་ཞེས་བགྱི་བ་དེ་ཡང་བཅོམ་ལྡན་འདས་གཉིས་སུ་མ་མཆིས་པ་ལ་བགྲང་བར་བགྱི་ལགས་ སོ། ། བཅོམ་ལྡན་འདས་སྒྲིབ་པ་མ་མཆིས་པའི་རྣམ་པར་ཐར་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཉིས་སུ་མེད་པར་སྤྱོད་པ་ཞེས་བགྱི་སྟེ། བཅོམ་ལྡན་འདས་འདས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། མ་འོངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། ད་ལྟར་ བྱུང་བའི་དགེ་བའི་རྩ་བ་གང་ལགས་པ་དེ་ནི་གཉིས་སུ་མ་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}ལགས་སོ། ། འདོད་པའི་ཁམས་དང་ལྡན་པ་གང་ལགས་པ་རྣམས་དང་། གཟུགས་ཀྱི་ཁམས་དང་ལྡན་པ་གང་ལགས་པ་རྣམས་དང་། གཟུགས་མ་མཆིས་པའི་ཁམས་དང་ལྡན་པ་གང་ལགས་པ་རྣམས་དང་།
BOམྱ་ངན་ ལས་འདས་པའི་དབྱིངས་དང་ལྡན་པ་གང་ལགས་པའི་དགེ་བའི་རྩ་བ་དེ་དག་ཀྱང་གཉིས་སུ་མ་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}ལགས་སོ། ། ཟག་པ་དང་བཅས་པའི་དགེ་བའི་རྩ་བ་གང་ལགས་པ་རྣམས་དང་། ཟག་པ་མེད་པའི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཀྱང་གཉིས་སུ་མ་མཆིས་པའི་ཚིག་བླ་ དགས་ལགས་སོ། ། ཉན་ཐོས་ཀྱི་དགེ་བའི་རྩ་བ་གང་ལགས་པ་རྣམས་དང་། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་གང་ལགས་པ་རྣམས་དང་། སངས་རྒྱས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། ། དགེ་བའི་རྩ་བ་གང་ལགས་པ་ དང་མི་དགེ་བའི་རྩ་བ་གང་ལགས་པ་དེ་ཡང་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་ལགས་སོ། ། འཁོར་བ་གང་ལགས་པ་དང་མྱ་ངན་ལས་འདས་པ་གང་ལགས་པ་དེ་དག་ཀྱང་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་ལགས་སོ། ། བཅོམ་ལྡན་འདས་ དེ་ལྟར་གཉིས་སུ་མ་མཆིས་པའི་ཆོས་ཀྱི་ཚུལ་འདི་ལ་ནེམ་ནུར་མ་མཆིས་ཤིང་ཐེ་ཚོམ་མི་འཚལ་བ་དེ་ནི་གཉིས་སུ་མ་མཆིས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །
BOགང་དག་ རྒྱལ་བའི་མི་གཉིས་ཚུལ་རྟོགས་པ། ། དེ་དག་ཐེ་ཚོམ་མ་མཆིས་བདེ་བར་གཤེགས། ། དེ་དག་རྒ་ཤི་མ་མཆིས་གནས་མཐོང་སྟེ། ། དེ་དག་རྒྱལ་བ་ཉན་ཐོས་བཅས་པ་མཆོད། ། མི་གཉིས་བྱེ་བྲག་མ་མཆིས་ཆོས་ཉིད་དུ། ། བདེ་བར་གཤེགས་པས་ཆོས་ཀུན་བསྟན་པ་མཛད། ། གཞན་ མ་ལགས་པའི་ཚིག་འདི་ཐོས་ནས་སུ། ། མཁས་པ་རྣམས་ཀྱི་ཐེ་ཚོམ་མ་མཆིས་གྱུར། ། གང་དག་སྐྱོན་བྲལ་ཞི་བར་རབ་ཞུགས་པ། ། མཚུངས་པ་མེད་པར་བྱང་ཆུབ་རབ་ཏུ་བསྟན། ། དེ་ནི་སྟོན་པའི་ཡུལ་ལ་རབ་ཞུགས་ཏེ། ། དེ་དག་སྟོན་པའི་བཀའ་ལ་རབ་ཏུ་གནས། ། གང་དག་ འདི་ནི་གཟུགས་ཞེས་བྱ་ཞེས་བརྗོད། ། ཚོར་བ་དང་ནི་འདུ་ཤེས་སེམས་པ་དག ། དེ་ནི་འདུས་བྱས་རྣམ་ཤེས་དེ་སྐད་སྟོན། ། དེ་དག་སྟོན་པའི་བཀའ་ལ་གནས་མ་ལགས། ། གང་དག་དགེ་བ་རབ་ཏུ་བཟང་ཞེའམ། ། དགེ་བ་མ་ཡིན་ཆོས་རྣམས་ངན་ཞེས་མཆི། ། དེ་དག་ སྟོན་པའི་བཀའ་ལ་མི་གནས་ཏེ། ། དེ་དག་གཉིས་ལ་སྤྱོད་པའི་མི་ཞེས་བསྟན། ། ཁམས་གསུམ་པ་ཞེས་གང་དག་བརྗོད་པའི་མི། ། དེ་དག་ཐུབ་པའི་བསྟན་པ་བརྩོན་མ་བགྱིས། ། དམ་པའི་དོན་དུ་ཁམས་གཅིག་མ་མཆིས་ན། ། དེ་ལ་གསུམ་དུ་མཆིས་པར་ག་ལ་འགྱུར། ། གང་དག་དེ་བཞིན་འདི་དག་འདུས་བྱས་ཏེ། །
BOཅིག་ཤོས་འདུས་མ་བྱས་ཞེས་རྣམ་གཉིས་སྨྲ། ། དེ་དག་བདེ་གཤེགས་བསྟན་པའི་ཆོས་རྣམས་ལ། ། ནན་ཏན་བགྱིད་པ་སྤྲོ་བའི་མི་མ་ལགས། ། འདི་ནི་མི་གཉིས་ཆོས་ཞེས་གང་སྨྲ་བ། ། དེ་དག་སྟོན་པའི་བཀའ་ལ་ མི་གནས་ཏེ། ། བདེ་བར་གཤེགས་པས་ཆོས་རྣམས་གང་བསྟན་པ། ། དེ་ལ་གཉིས་དང་མི་གཉིས་ཆོས་མ་མཆིས། ། གང་དག་བདེ་གཤེགས་བསྟན་ཅེས་སྨྲ་བགྱིད་པ། ། སྟོན་དང་དེ་དག་དམིགས་སུ་མ་མཆིས་ཏེ། ། གང་གིས་བསྟན་པ་དེ་ཡང་སྟོན་མ་མཆིས། ། གང་ལ་བཤད་པ་དེ་ཡང་ མཆིས་མ་ལགས། ། གང་བསྟན་དེ་ཡང་དམིགས་སུ་མ་མཆིས་ལགས། ། གང་ལ་རིག་བགྱི་དེ་ཡང་སྐྱེ་མ་མཆིས། ། ཀུན་དུ་ཐམས་ཅད་ཅི་ཡང་དམིགས་མ་མཆིས། ། རྒྱལ་བའི་སྲས་རྣམས་དེ་ལྟར་རྟོགས་པར་བགྱིད། ། ཆོས་གང་བདེ་བར་གཤེགས་པ་སྟོན་པ་ཡང་། ། དེ་ལ་ཆོས་དེ་ དམིགས་པར་མི་འགྱུར་ཏེ། ། སྟོང་པ་སྟོང་ཉིད་ཅི་ཡང་ཡོང་མི་དམིགས། ། མཚན་མེད་མཚན་མ་མེད་ཉིད་ཀྱང་དེ་བཞིན། ། གང་དུ་སྨོན་པ་མེད་པར་བཤད་པ་ཡང་། ། དེ་ལ་སྨོན་པ་མེད་པ་མི་དམིགས་ལགས། ། དེ་བཞིན་གྲོལ་དང་གྲོལ་བར་བགྱིད་མི་དམིགས། ། བདེ་བར་གཤེགས་ པས་དེ་འདྲའི་ཆོས་བསྟན་ཏེ། ། བདེ་བར་གཤེགས་པས་དེ་འདྲའི་ཆོས་བསྟན་པ། །
BOགང་དག་དེ་མ་རྟོགས་ནས་གཞན་རྟོགས་པ། ། དེ་དག་སྐྱེ་བོ་རྟག་ཏུ་བཅིངས་ནས་སུ། ། སྲིན་བུ་བ་རྒྱ་བགྱིད་བཞིན་གནོན་པ་བགྱིད། ། གང་ཟག་དམ་པ་སྟོན་པ་ཐུགས་རྗེ་ཅན། ། འཇིག་རྟེན་མགོན་པོ་སྲོག་ ཆགས་ཕན་བཞེད་པས། ། སྔོན་ཆད་དཀའ་བ་སྤྱད་པ་བརྒྱ་སྤྱད་དེ། ། ཐུགས་རྗེ་རབ་ཏུ་བསྐྱེད་ནས་ཀུན་དུ་བྱུང་། ། གང་གིས་འགྲོ་བ་རྟོག་ལྡན་མགུ་བགྱིད་པ། ། ལམ་མཆོག་དེ་ནི་དེ་ཡིས་རབ་ཏུ་བསྟན། ། དགའ་སེམས་བདེ་གཤེགས་འཐུན་པའི་བརྟུལ་ཞུགས་ཅན། ། དེ་དག་བདེ་ གཤེགས་བསྟན་པའི་འགྲོ་བས་མཆིས། ། འོང་དང་འགྲོ་བར་སྒྲ་ཡིས་བཤད་པ་ཡང་། ། དེ་ལ་འོང་བ་དམིགས་སུ་ཡོད་མ་མཆིས། ། བདག་གིས་བསྟན་པ་དེ་ཡང་མི་དམིགས་ལ། ། བདེ་བར་གཤེགས་པས་ཆོས་ཉིད་རབ་ཏུ་བསྟན། ། ཞི་དང་ཞི་བ་གང་ནའང་ཡོང་མ་མཆིས། ། རབ་ཏུ་མ་ཞི་དེ་ཡང་མཆིས་མ་ལགས། ། ཞི་བའི་སྟོན་པའང་དེ་བཞིན་མ་མཆིས་ལགས། ། ཞི་བ་གང་ལགས་དེ་ཡང་ཡོང་མི་དམིགས། ། ཀུན་ནས་ཉོན་མོངས་གང་ནའང་མ་མཆིས་ཏེ། ། ཀུན་ནས་ཉོན་མོངས་གྱུར་པའང་མཆིས་མ་ལགས། ། ཤེས་ལྡན་གང་ལགས་དེ་ཡང་མ་མཆིས་ ཏེ། ། གང་གིས་བསྟན་པ་དེ་ཡང་མཆིས་མ་ལགས། ། དེ་བཞིན་ཆོས་རྒྱལ་བ་ཡིས་ཤིན་ཏུ་བསྟན། །
BOསྟོན་པ་དང་ནི་བརྗོད་པའང་མ་མཆིས་ཏེ། ། མིང་དུ་བསྟན་པའང་དེ་བཞིན་མཆིས་མ་ལགས། ། དེ་ལྟར་རྒྱལ་བའི་ཆོས་ཉིད་རྟོགས་པར་བགྱིད། ། སྟོན་དང་བསྟན་པ་ཚོར་དང་ཚོར་བགྱིད་དང་། ། འདྲེན་དང་འདྲེན་པ་ཞི་དང་ཞི་བགྱིད་པ། ། ནམ་མཁའ་བར་སྣང་བྱ་ཡི་རྗེས་འདྲ་བར། ། ཐུབ་པས་ཡང་དག་ཆོས་ཉིད་རབ་ཏུ་བསྟན། ། དེ་བཞིན་ཆོས་ཉིད་ལ་ཡང་གང་རྟོགས་པ། ། དེས་ནི་དེ་བཞིན་གཤེགས་པ་ཡང་མཐོང་ ཞིང་། ། དེ་ཡིས་མི་ཡི་གཙོ་བོར་བཀུར་སྟི་བགྱིས། ། སངས་རྒྱས་ས་ལ་མཁས་ཤིང་རྣམ་པར་རྟོགས། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇམ་དཔལ་ཆོས་བཤད་པ་འདི་རྣམས་སུས་ཤེས་པར་འགྱུར། གསོལ་པ། བཅོམ་ལྡན་འདས་མ་སྐྱེས་མ་འགགས་པས་ཆོས་བཤད་པ་འདི་རྣམས་འཚལ་བར་འགྱུར་རོ། ། བཀའ་སྩལ་པ། འཇམ་དཔལ་གལ་ཏེ་མ་སྐྱེས་མ་འགགས་པས་ཤེས་པར་འགྱུར་ན་ཇི་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་ནས་ཆོས་བཤད་པར་འགྱུར། ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་བདག་ཀྱང་གཞན་ལ། བྱང་ཆུབ་ཀྱང་གཞན་ན་ནི་བདག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས་སོ། ། བཀའ་སྩལ་པ།
BOའཇམ་དཔལ་དེ་སྐད་དུ་བཤད་ ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སྐྲག་པར་འགྱུར་རོ། ། གསོལ་པ། གལ་ཏེ་སྐྲག་པའི་ཆོས་འགའ་ཞིག་མཆིས་ན་ནི་དེ་ལ་སྐྲག་པར་ཡང་འགྱུར་ན་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་སྐྲག་པ་མ་མཆིས་ལགས་སོ། ། བཀའ་སྩལ་པ། འཇམ་དཔལ་སྐྲག་ཅེས་བྱ་བ་དེ་ ཆོས་གང་གི་ཚིག་{བླ་དགས་,བླ་དྭགས་}ཡིན། ། གསོལ་པ། བཅོམ་ལྡན་འདས་སྐྲག་ཅེས་བགྱི་བ་དེ་ནི་ཕྱིན་ཅི་ལོག་གི་ཚིག་{བླ་དགས་,བླ་དྭགས་}ལགས་སོ། ། བཀའ་སྩལ་པ། འཇམ་དཔལ་ཕྱིན་ཅི་ལོག་ཅེས་བྱ་བ་དེ་ནི་ཆོས་གང་གི་ཚིག་{བླ་དགས་,བླ་དྭགས་}ཡིན། གསོལ་པ། བཅོམ་ལྡན་ འདས་ཕྱིན་ཅི་ལོག་ཅེས་བགྱི་བ་དེ་ནི་ཡང་དག་པ་ཉིད་ཀྱི་མཐའི་ཚིག་{བླ་དགས་,བླ་དྭགས་}ལགས་སོ། ། བཀའ་སྩལ་པ། འཇམ་དཔལ་ཡང་དག་པ་ཉིད་ཀྱི་མཐའ་ནི་སྐྲག་པར་མི་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། ཡང་དག་པ་ཉིད་ཀྱི་མཐའ་ནི་སྐྲག་ པར་མི་འགྱུར་ཏེ། མི་སྐྲག་པ་ཞེས་བཤད་པ་ལགས་སོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ཡང་དག་པའི་མཐའ་ཡང་ཡང་དག་པའི་མཐའ་ཞེས་བརྗོད་ལགས་མོད་ཀྱི། དོན་དམ་པར་ན་ཡང་དག་པའི་མཐའ་ཡང་མི་དམིགས་ཏེ། དེ་བཞིན་དུ་བཅོམ་ལྡན་ འདས་སྐྲག་པ་ཡང་མི་དམིགས།
BOམི་སྐྲག་པ་ཡང་མི་དམིགས་ལགས་སོ། ། བཅོམ་ལྡན་འདས་ཆོས་ཐམས་ཅད་བརྗོད་དུ་མ་མཆིས་ཏེ། བརྗོད་དུ་མ་མཆིས་པ་ཡང་མི་དམིགས་ལགས་སོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ གསོལ་ཏོ། ། ཆོས་རྣམས་ཐམས་ཅད་མི་སྐྲག་སྟེ། ། མི་སྐྲག་པ་ཡང་མ་མཆིས་ལགས། ། ཆོས་རྣམས་བརྗོད་པ་ཙམ་དུ་བས། ། ཡང་དག་མཚན་ཉིད་དེ་མ་ལགས། ། མ་སྐྱེས་པ་ཡི་བུ་ལ་ཡང་། ། བུ་ཞེས་གདགས་པར་འགྱུར་མོད་ཀྱི། ། དེ་ན་བུ་ནི་རྙེད་མི་འགྱུར། ། ཀུན་རྫོབ་ཆོས་རྣམས་དེ་འདྲ་ལགས། ། ཇི་ལྟར་མོ་ཤམ་བུ་རྣམས་ནི། ། འཆི་བར་འགྱུར་བ་མི་དམིགས་པ། ། དེ་བཞིན་ཀུན་རྫོབ་ཆོས་རྣམས་ཀྱང་། ། རྣམ་པ་ཀུན་ཏུ་མི་དམིགས་ལགས། ། ཀུན་རྫོབ་རྣམས་ཀྱང་ཀུན་རྫོབ་ཏུ། ། མ་བྱུང་འབྱུང་བར་མི་འགྱུར་ཏེ། ། ཇི་ ལྟར་བར་སྣང་ནམ་མཁའ་ལ། ། རི་མོ་བྲིས་པ་མ་མཆིས་བཞིན། ། ཀུན་རྫོབ་ལ་ཡང་ཀུན་རྫོབ་ཅེས། ། མི་གང་རྗེས་སུ་འབྲང་བ་ནི། ། དེ་ལ་ཕྱིན་ཅི་ལོག་ཅེས་ཀྱང་། ། མིག་ལྡན་རྣམ་པར་མཐོང་བ་སྨྲ། ། ཀུན་རྫོབ་དང་ནི་དམ་པའི་དོན། ། དེ་དག་གཉི་ག་མི་རྟོགས་ཏེ། ། གང་ གིས་དེ་དག་མི་རྟོགས་པ། ། དེ་ནི་ཆོས་ཉིད་མི་རྟོགས་སོ། །
BOགང་དག་ཆོས་ཉིད་མི་རྟོགས་པ། ། དེ་དག་སོ་སོའི་སྐྱེ་བོར་གསུངས། ། དེ་དག་འཇིག་རྟེན་མགོན་ཀུན་ཀྱིས། ། མུ་སྟེགས་གཞན་ཞེས་རབ་ཏུ་གསུངས། ། གང་གིས་ཆོས་ཉིད་རིག་པ་ནི། ། དེ་དག་སངས་རྒྱས་བསྟན་ལ་ སྐྱེས། ། བདུད་སྟོང་བྱེ་བ་རྣམས་ཀྱིས་ཀྱང་། ། དེ་ལ་བསྐྱོད་པར་རྔོ་མི་ཐོགས། ། གང་དག་བླ་མེད་སངས་རྒྱས་ས། ། ཞི་བ་དེ་ནི་རྣམ་རྟོགས་པ། ། མཁས་པ་དེ་དག་སྐྲག་པ་དང་། ། མི་སྐྲག་པར་ནི་རྨོངས་མི་འགྱུར། ། གང་དག་སངས་རྒྱས་བྱེ་བ་ལས། ། ཞི་བའི་ས་ ལ་སྤྱད་བགྱིས་པ། ། མཁས་པ་དེ་དག་སྐྲག་པ་དང་། ། མི་སྐྲག་པར་ཡང་རྟོགས་མི་བགྱིད། ། གཉིས་སུ་མ་མཆིས་ས་ཐོབ་ནས། ། མཁས་པ་གང་དག་མི་ཞེན་པ། ། དེ་ནི་མི་དབང་སྲས་ལགས་ཏེ། ། ཆོས་ཀྱི་སྤྲུལ་པ་ཐུགས་ཀྱི་སྲས། ། རྟོགས་ཤིང་མངོན་བགྱིས་མཐོང་བ་དང་། ། ཆོས་མཆོག་གང་གིས་རྙེད་དེ་དག ། གུམ་ནའང་མྱ་ངན་མི་བགྱིད་ལ། ། དགའ་བར་འགྱུར་བའང་མ་མཆིས་ལགས། ། འགུམ་པ་ལ་ཡང་དགའ་མི་བགྱིད། ། འཚོ་བའང་ཡོངས་སུ་ཚོལ་མི་བགྱིད། ། བཏང་སྙོམས་སྨྲ་བ་དཔའ་བོ་དག ། དགེ་བའི་ཆོས་ནི་མང་པོ་བགྱིད། ། བྱང་ ཆུབ་ཆེད་དུ་ལམ་སྦྱོང་ཞིང་། ། སངས་རྒྱས་རིགས་འཛིན་འདི་དག་ནི། །
BOསངས་རྒྱས་སྤྱོད་ཡུལ་གང་ལགས་པ། ། ཡབ་ཀྱི་རྗེས་སུ་རབ་ཏུ་སློབ། ། བརྩོན་འགྲུས་ལྡན་ཞིང་འཇིགས་མ་མཆིས། ། སེམས་ཅན་ཀུན་ལ་སྨན་སླད་དུ། ། ཐམས་ཅད་མཁྱེན་པ་ཡོངས་ཚོལ་ཏེ། ། ཞི་བ་མྱ་ངན་ འདའ་བར་ཞུགས། ། འཇིག་རྟེན་ཤིན་ཏུ་བསྲེགས་པ་ལ། ། དེ་དག་མྱ་ངན་འདའ་སྟོན་ཏེ། ། བདག་ཉིད་ལ་ནི་མི་ལྟ་ཞིང་། ། བདེ་དང་སྡུག་བསྔལ་མི་གནས་ལགས། ། ཇི་ལྟར་མགོ་ལ་མེ་འབར་བ། ། ཞི་བར་བགྱིད་པ་ཚོལ་བ་བཞིན། ། སེམས་ཅན་ཀུན་གྱི་དོན་སླད་དུ། ། དེ་དག་ དེ་བཞིན་ཆོས་རྣམས་ཚོལ། ། འགྲོ་ལ་དགའ་བས་ཉིན་མཚན་དུ། ། དེ་གང་རང་བྱུང་ཤིན་ཏུ་ཚོལ། ། བསྐལ་པ་བྱེ་བ་སྟོང་དུ་ཡང་། ། ནམས་ཀྱང་བརྩོན་འགྲུས་མི་འདོར་རོ། ། བུ་དང་ཆུང་མ་ནོར་དང་འབྲུ། ། མགོ་དང་དེ་བཞིན་རྒྱལ་པོའི་སྲིད། ། ཞུམ་པ་མ་མཆིས་ ཀུན་བཏང་ཞིང་། ། དེ་དག་གཏོང་བ་རབ་ཏུ་བསྒོམས། ། སྲོག་ཆགས་ཀུན་གྱི་དོན་སླད་དུ། ། དེ་དག་བྱང་ཆུབ་མཆོག་རེག་འགྱུར། ། བློ་མཆོག་ལྡན་པ་དེ་དག་ནི། ། མཐོང་ཞིང་ཐོས་པ་རྙེད་པར་དཀའ། ། དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་ གནོན་པ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་བར་སྣང་ལ་རྒྱུ་བའི་བྱ་རྟེན་པ་མ་མཆིས་ཤིང་ནམ་མཁའི་ཁམས་ལ་མི་ཆགས་པར་གང་དང་གང་དུ་འཚལ་བ་དེ་དང་དེར་མཆི་བ་དེ་ བཞིན་དུ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཡང་ཆོས་ཀྱི་དབྱིངས་ལ་གནས་ཏེ་མི་ཆགས་པར་ཆོས་འཆད་ལགས་སོ། ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཆོས་ཀྱི་དབྱིངས་ལ་ཞུགས་ནས་ཇི་སྲིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཐམས་ཅད་ཟིལ་གྱིས་གནོན་པ་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་གང་དག་གང་ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཙུད་དེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། ། རིགས་ཀྱི་བུ་ སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད།
BOབརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཀྱི་དཔལ་ཞེས་བྱ་བ་འཇིག་རྟེན་དུ་ བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡེ་ཤེས་བླ་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་ པ་ཡེ་ཤེས་མཐོང་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡེ་ཤེས་སྤྱོད་ཡུལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡེ་ཤེས་མཛོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་ རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སེང་གེ་སྒྲོག་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །
BOདེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་ པ་སེང་གེ་རྣམ་པར་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སེང་གེ་བློ་གྲོས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སྟོབས་རབ་ཏུ་འཇོམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཤུགས་འཆང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དཔལ་བརྩེགས་སྙིང་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ དཔལ་བརྩེགས་རྣམ་པར་འཇོམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་མཆོག་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སྟོབས་ཀྱི་ཤུགས་ རྣམ་པར་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །
BOདེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་རབ་ཏུ་ཞི་བར་སྤྱོད་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཞི་བའི་འོད་ཟེར་ཏོག་གི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་མཐའ་ཡས་བློ་གྲོས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་མཐའ་ཡས་འདུལ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་པད་ མའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཞལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཟླ་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ ཕ་རོལ་ན་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཟེར་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དོགས་པ་ཐམས་ཅད་ལེགས་པར་འཇོམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །
BOདེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་ པ་སྣང་བྱེད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་བདུད་རྩི་འཆང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་ དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་བདུད་རྩི་གྲགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དྲི་མ་མེད་པའི་སྤྱན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཕྱིར་མི་ལྡོག་ པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དྲི་མ་མེད་པའི་མིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དྲི་མཆོག་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དྲི་མཆོག་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །
BOདེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དྲིའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་བློ་གྲོས་སྤོས་ཞེས་བྱ་བ་ འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཨུད་པ་ལའི་སྤྱན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་མཐའ་ཡས་སྣང་བའི་སྤྱན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་ཐམས་ཅད་འདུལ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རི་རྒྱལ་བ་རྒྱན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་ གཤེགས་པ་ཚངས་པའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཚངས་པས་སྐྱབས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བསྐལ་པ་གཅིག་ལ་སངས་རྒྱས་དྲུག་ཁྲི་འཇིག་རྟེན་དུ་བྱུང་སྟེ། དེ་དག་གི་ཐོག་མ་ནི་འོད་ཅེས་བྱ།
BOཐ་མར་ནི་དེ་བཞིན་གཤེགས་པ་གྲགས་པའི་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་སངས་རྒྱས་བྱེ་བ་ཕྲག་བཞི་འཇིག་རྟེན་དུ་བྱུང་སྟེ། དེ་དག་གི་ཐོག་མར་ནི་དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བ་འཇིག་ རྟེན་དུ་བྱུང་ངོ་། ། དེ་དག་གི་ཐ་མར་ནི་དེ་བཞིན་གཤེགས་པ་སྤྱན་རིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བསྐལ་པ་གཅིག་ལ་སངས་རྒྱས་བྱེ་བ་ཕྲག་དགུ་བྱུང་སྟེ། དེ་དག་གི་ཐོག་མར་ནི་དེ་བཞིན་གཤེགས་པ་བདེ་སྤྱན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། ཐ་མར་ནི་དེ་བཞིན་གཤེགས་པ་རྣམ་པར་འབྱེད་པས་རྣམ་པར་ཕྱེ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགའ་མཆོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེ་བཞིན་གཤེགས་པ་དགའ་མཆོག་དེའི་སངས་རྒྱས་ཀྱི་ཞིང་ན་གྲགས་སྦྱིན་ ཞེས་བྱ་བ་དང་། དཔའ་མཁས་ཞེས་བྱ་བ་དང་། ཚངས་པའི་མིག་ཅེས་བྱ་བ་དང་། ཙན་དན་ཞེས་བྱ་བ་དང་། རབ་མཛེས་ཞེས་བྱ་བ་དང་། སེང་གེ་འཛིན་ཅེས་བྱ་བ་དང་། ཀུན་ནས་མཛེས་ཞེས་བྱ་བ་དང་། སྤོབས་པ་མཐའ་ཡས་ཞེས་བྱ་བ་དང་།
BOབློ་གྲོས་མི་ཞན་ཞེས་བྱ་བ་དང་། དེས་པ་ཞེས་བྱ་བ་དང་། འགྲོགས་ན་བདེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤིང་འགྲོགས་ན་བདེ་བ་ཡོན་ཏན་འབུམ་ཕྲག་མང་པོ་དང་ལྡན་པ་བཅུ་གཅིག་ཚངས་པར་སྤྱད་པ་སྤྱོད་དོ། ། དེའི་ཚེ་ན་ཡང་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཉི་མས་བྱིན་ཞེས་བྱ་བ་ མཁས་ཤིང་ཡིད་རྣོ་བ་ཤེས་རབ་ཀྱི་རང་བཞིན་ཅན་ཞིག་ཡོད་དེ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཉི་མས་བྱིན་གྲོགས་པོ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་རིན་ཆེན་ལྡན་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ནས་ཕྱི་རོལ་དུ་འཁྱམ་པའི་ཕྱིར་བྱུང་ནས་ དོང་སྟེ། དེ་དག་དགའ་བ་སྣ་ཚོགས་ཞེས་བྱ་བའི་ཚལ་ག་ལ་བ་དེར་ཕྱིན་ཏོ། ། དེའི་ཚེ་དགའ་བ་སྣ་ཚོགས་ཞེས་བྱ་བའི་ཚལ་དེ་ནི་བྱང་ཆུབ་སེམས་དཔའ་བཅུ་གཅིག་འཇིག་རྟེན་རྣམས་ཀྱི་དོན་ལ་སེམས་ཕན་པར་སེམས།
BOབདེ་བར་སེམས་ཤིང་འཁོད་པ་བྲམ་ཟེའི་རིགས་ཤིང་སཱ་ལ་ ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་དེ་དགའ་བ་སྣ་ཚོགས་ཞེས་བྱ་བའི་ཚལ་དེ་ན་འཁྱམ་པས་དགའ་བ་སྣ་ཚོགས་ཀྱི་ཚལ་དེ་ན་འཁོད་པའི་སྐྱེས་བུ་དམ་པ་དེ་དག་དེས་ཤིང་འགྲོགས་ན་བདེ་ལ་མི་རྒོད་མ་ཁེངས་མི་གཡེང་། མུ་ཅོར་མི་སྨྲ། སྨྲ་བ་མི་མངའ་ཞིང་དྲན་པ་ཉེ་བར་གཞག་ལ། ཤེས་རབ་ ཅན། ཤེས་རབ་དང་ལྡན་པ། ཤིན་ཏུ་གྲིམས་པར་གནས་པར་མཐོང་ངོ་། ། མཐོང་ནས་དེས་དགེ་བའི་རྩ་བ་བསྐྱེད་ཅིང་ཡུན་རིང་པོར་ཤེས་རབ་ཡོངས་སུ་བསྒོམས་པ་དང་འཕགས་པའི་རིགས་ལ་བསྟེན་པས་སྐྱེས་བུ་དམ་པ་དེ་དག་ལ་སེམས་རབ་ཏུ་དང་བར་གྱུར་ཏོ། ། དེ་སེམས་རབ་ ཏུ་དང་བས་སྐྱེས་བུ་དམ་པ་བཅུ་གཅིག་པོ་དེ་དག་ག་ལ་བ་དེར་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་གཡོག་རྣམས་དང་ལྷན་ཅིག་ཏུ་དོང་ངོ་། ། སྐྱེས་བུ་དམ་པ་གྲགས་བྱིན་དེས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། ། མཐོང་ནས་བྲམ་ ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་དེའི་འགྲོ་བ་དང་། ལྡོག་པ་དང་། ལྟ་བ་དང་། སྨྱང་བ་དང་།
BOབསྐུམ་པའི་སྤྱོད་པ་ཀུན་ཀྱང་ཚངས་པར་སྤྱད་པ་ཡུན་རིང་དུ་སྤྱད་པའི་སྤྱོད་ལམ་བཞིན་ཏེ། སྐྱེས་བུ་དམ་པ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་འགྱུར་ རོ་སྙམ་དུ་སེམས་སོ། ། དེ་ནས་རིགས་ཀྱི་བུ་གྲགས་བྱིན་གྱིས་སྐྱེས་བུ་དམ་པ་བཅུ་གཅིག་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་དག་འདི་ལྟར་ཉི་མས་བྱིན་སྐྱེས་བུ་དམ་པ་སངས་རྒྱས་ཀྱི་སྲས་ཀྱི་ཚུལ་དུ་འགྲོ་བ། བླ་ན་མེད་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་ པ་འོང་གིས་བྱང་ཆུབ་སེམས་དཔའ་འདི་ལ་སྐྱེས་བུ་དམ་པ་རྣམས་ཀྱིས་སྙིང་རྗེ་བསྐྱེད་ལ་གདམས་པ་དང་། རྗེས་སུ་བསྟན་པས་ཅི་ནས་རིགས་ཀྱི་བུ་འདི་སྐྱེ་བོ་ཕལ་པོ་ཆེའི་དོན་བྱེད་ཅིང་སྣང་བ་སྟོན་པ་སྣང་བར་བྱ་བའི་ཕྱིར་ལེགས་པར་དགོངས་ཤིག ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་སྐྱེས་བུ་དམ་པ་བཅུ་གཅིག་པོ་དེ་དག་གི་གན་དུ་སོང་ནས་འདི་དག་ནི་སྟོན་པའོ། ། འདི་དག་ནི་འཕགས་པའོ་ཞེས་སྐྱེས་བུ་དམ་པ་དེ་དག་ལ་སྟོན་པར་འདུ་ཤེས་བསྐྱེད་དེ། དེས་སྐྱེས་བུ་དམ་པ་དེ་དག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ ཕྱོགས་གཅིག་ཏུ་འགྲེང་ངོ་། །
BOདེ་ནས་རིགས་ཀྱི་བུ་གྲགས་བྱིན་གྱིས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་དེ་ལ་ཀྱེ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་ཁྱོད་འདུག་ཅིག་ཅེས་སྨྲས་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་སྐྱེས་བུ་ དམ་པ་དེ་དག་ལ་ཤིན་ཏུ་རི་མོ་བསྐྱེད་དེ་འདུག་པ་ནི་འདི་ལྟ་སྟེ། དཔེར་ན་རིགས་ཀྱི་མནའ་མ་གྱོས་སྒྱུག་གི་མདུན་ན་འདུག་པ་བཞིན་དུ་དམ་པ་དེ་དག་ལ་རི་མོ་སྐྱེས་པར་གྱུར་ཏོ། ། འདི་ལྟ་སྟེ། དཔེར་ན་ནད་པ་ནད་ཀྱིས་བཏབ་ནས་ཡུན་རིང་མོ་ལས་སྨན་པ་མཐོང་ན་དབུགས་བྱུང་བ་དེ་བཞིན་དུ་ བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་དེ་ཡང་རིགས་ཀྱི་བུ་དེ་དག་མཐོང་མ་ཐག་ཏུ་དབུགས་བྱུང་བར་གྱུར་ཏོ། ། འདི་ལྟ་སྟེ། དཔེར་ན་གསད་པ་ལ་ཐུག་པའི་མི་གསད་དུ་བཀྲི་བ་ལས་དོན་བྱ་བར་འདོད་ཕན་པར་འདོད་བདེ་བར་འདོད་པའི་མི་ལ་ལ་ཞིག་བྱུང་སྟེ། དེས་དེ་གསད་ པ་ལས་ཐར་བར་བྱས་ནས་དེ་མི་དེ་ལ་འདི་ནི་བདག་གི་སྐྱབས། བདག་ལ་སྙིང་བརྩེ་བ་ཅན་ཞེས་དེ་བྱས་པ་གཟོ་བ་ཆེར་སྐྱེས་པ་བཞིན་དུ།
BOབྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་ཡང་སྐྱེས་བུ་དམ་པ་དེ་དག་ལ་བདག་གི་སྐྱབས། བདག་ལ་སྙིང་བརྩེ་བ་ཅན་ནོ་ཞེས་བྱས་པ་གཟོ་བ་ སྐྱེས་སོ། ། དེ་ནས་རིགས་ཀྱི་བུ་གྲགས་བྱིན་གྱིས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་ལ་སྨྲས་པ། ཉི་མས་བྱིན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་རྙེད་པར་དཀའོ། ། འདི་ལྟ་སྟེ། དཔེར་ན་ཨུ་དུམ་ ཝཱ་རའི་མེ་ཏོག་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་སྟེ། གང་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ། འཇིག་རྟེན་ཐམས་ཅད་དང་ འགལ་བ། ཟབ་པ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། བརྟག་ཏུ་མེད་པ། མུ་སྟེགས་ཅན་གཞན་ཐམས་ཅད་ཀྱི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཉན་ཐོས་རྣམས་ཀྱིས་མ་ཆུད་པ། རང་སངས་རྒྱས་རྣམས་ཀྱིས་མི་ཤེས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྤྱོད་ཡུལ་མ་ཡིན་པའི་ཆོས་སྟོན་ཏོ། ། དེ་བཞིན་གཤེགས་པ་དེ་ལ་ཁྱོད་ཀྱིས་གུས་པ་བསྐྱེད་པར་བྱའོ། །
BOབསྟི་སྟང་དང་བཅས། རི་མོ་དང་བཅས་པ་ལ་ནི་ཤེས་རབ་ཡང་དག་པར་གནས་ཤིང་བྱམས་པ་བསྐྱེད། ཡེ་ཤེས་རབ་ཏུ་འབྱུང་། རིག་པ་བསྐྱེད། མངོན་པར་ཤེས་ པ་མངོན་དུ་འགྱུར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མདུན་ན་གནས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཆོས་ཇི་ལྟར་སྟོན་ཅེ་ན། ཉི་མས་བྱིན་ཆོས་ཐམས་ཅད་ནི་ནམ་མཁའ་ལ་བྲིས་པ་བཞིན་དུ་དངོས་པོ་མེད་པ་སྟེ། ཆོས་དེ་ དག་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་མ་བྱུང་མི་འབྱུང་བ་དེ་བཞིན་དུ་ཉི་མས་བྱིན་གཟུགས་ནི་ནམ་མཁའ་ལྟ་བུ་སྟེ་ངོ་བོ་ཉིད་ཀྱིས་འགགས་པའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ པར་ཤེས་པ་ཡང་ནམ་མཁའ་ལྟ་བུ་སྟེ་ངོ་བོ་ཉིད་ཀྱིས་འགགས་པའོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་མ་སྐྱེས་པ་སྟེ། དེ་བཞིན་དུ་གཟུགས་ཀྱང་མ་སྐྱེས་པའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མ་ སྐྱེས་པའོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་མ་འགགས་པ་སྟེ།
BOདེ་བཞིན་དུ་ཉི་མས་བྱིན་གཟུགས་ཀྱང་མ་འགགས་པའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའང་མ་འགགས་པའོ། ། ཉི་མས་བྱིན་འདི་ལྟ་ སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་མི་འོང་མི་འགྲོ་བ་དེ་བཞིན་དུ་ཉི་མས་བྱིན་གཟུགས་ཀྱང་མི་འོང་མི་འགྲོ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མི་འོང་མི་འགྲོ་བའོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་བྲིས་པ་ མ་སྐྱེས་མ་བྱུང་བ་དེ་བཞིན་དུ་གཟུགས་ཀྱང་མ་སྐྱེས་མ་བྱུང་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མ་སྐྱེས་མ་བྱུང་ངོ་། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་མ་འཕོས་མ་སྐྱེས་པ་དེ་བཞིན་དུ་གཟུགས་ ཀྱང་མ་འཕོས་མ་སྐྱེས་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའང་མ་འཕོས་མ་སྐྱེས་སོ། ། ཉི་མས་བྱིན་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བྲིས་པ་ནི་མ་བྱུང་ཀུན་ནས་མ་བྱུང་བ་དེ་བཞིན་དུ་གཟུགས་ཀྱང་མ་བྱུང་ཀུན་ནས་མ་བྱུང་སྟེ། ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའང་མ་བྱུང་ཀུན་ནས་མ་བྱུང་ངོ་། ། ཉི་མས་བྱིན་འདི་ལྟ་སྟེ།
BOདཔེར་ན་ནམ་མཁའ་ལ་བྲིས་པ་ནི་མ་སྐྱེས་ཤིང་མེད་པ་དེ་བཞིན་དུ་གཟུགས་ཀྱང་མ་སྐྱེས་ཤིང་མེད་པ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའང་ མ་སྐྱེས་ཤིང་མེད་པའོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་མ་གྲུབ་མངོན་པར་མ་གྲུབ་པ་དེ་བཞིན་དུ་གཟུགས་ཀྱང་མ་གྲུབ་མངོན་པར་མ་གྲུབ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མ་གྲུབ་མངོན་པར་མ་གྲུབ་བོ། ། ཉི་ མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་བརྗོད་དུ་མེད་ཅིང་བརྗོད་པ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་བརྗོད་དུ་མེད་ཅིང་བརྗོད་པ་མ་ཡིན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་བརྗོད་དུ་མེད་ཅིང་བརྗོད་པ་མ་ཡིན་ནོ། ། ཉི་མས་བྱིན་འདི་ ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་བཏགས་པ་མེད་ཅིང་གདགས་པ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་བཏགས་པ་མེད་ཅིང་གདགས་པ་མ་ཡིན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་བཏགས་པ་མེད་ཅིང་གདགས་པ་མ་ཡིན་ནོ། ། ཉི་མས་བྱིན་ འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་ཐ་སྙད་ཙམ་སྟེ།
BOནམ་མཁའ་ལ་བྲིས་པ་ཐ་སྙད་ཙམ་ལས་གཞན་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་ཐ་སྙད་ཙམ་སྟེ། གཟུགས་ཐ་སྙད་ཙམ་ལས་གཞན་མ་ཡིན་ནོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ ཡང་ཐ་སྙད་ཙམ་སྟེ། ཐ་སྙད་ཙམ་ལས་རྣམ་པར་ཤེས་པ་གཞན་མ་ཡིན་ནོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་འདི་ལྟར་ཀུན་རྫོབ་ཙམ་སྟེ། ཀུན་རྫོབ་ལས་ནམ་མཁའ་ལ་བྲིས་པ་གཞན་མ་ཡིན་པ་དེ་བཞིན་དུ་ཉི་མས་བྱིན་གཟུགས་ཀྱང་འདི་ལྟར་ ཀུན་རྫོབ་ཙམ་སྟེ། ཀུན་རྫོབ་ལས་གཟུགས་གཞན་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་འདི་ལྟར་ཀུན་རྫོབ་ཙམ་སྟེ། ཀུན་རྫོབ་ལས་རྣམ་པར་ཤེས་པའི་བར་དུ་གཞན་མ་ཡིན་ནོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ བྲིས་པ་ནི་འདི་ལྟར་མིང་ཙམ་སྟེ། མིང་ཙམ་ལས་ནམ་མཁའ་ལ་བྲིས་པ་གཞན་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་མིང་ཙམ་སྟེ། མིང་ཙམ་ལས་གཞན་མ་ཡིན་ནོ། ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་འདི་ལྟར་མིང་ཙམ་སྟེ། མིང་ཙམ་ལས་རྣམ་པར་ཤེས་པའི་བར་དུ་ གཞན་མ་ཡིན་ནོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་འདི་ལྟར་བརྗོད་པ་ཙམ་སྟེ།
BOབརྗོད་པ་ཙམ་ལས་ནམ་མཁའ་ལ་བྲིས་པ་གཞན་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་འདི་ལྟར་བརྗོད་པ་ཙམ་སྟེ། བརྗོད་པ་ཙམ་ལས་གཟུགས་གཞན་མ་ཡིན་ནོ། ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་འདི་ལྟར་བརྗོད་པ་ཙམ་སྟེ། བརྗོད་པ་ཙམ་ལས་རྣམ་པར་ཤེས་པའི་བར་དུ་གཞན་མ་ཡིན་ནོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་འདི་ལྟར་བཏགས་པ་ཙམ་སྟེ། བཏགས་པ་ཙམ་ལས་ནམ་མཁའ་ལ་བྲིས་ པ་གཞན་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་འདི་ལྟར་བཏགས་པ་ཙམ་སྟེ། བཏགས་པ་ཙམ་ལས་གཟུགས་གཞན་མ་ཡིན་ནོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་འདི་ལྟར་བཏགས་པ་ཙམ་སྟེ། བཏགས་པ་ཙམ་ལས་ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གཞན་མ་ཡིན་ནོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་འདི་ལྟར་འདུ་ཤེས་ཙམ་སྟེ། འདུ་ཤེས་ཙམ་ལས་ནམ་མཁའ་ལ་བྲིས་པ་གཞན་མ་ཡིན་པ་དེ་བཞིན་དུ་གཟུགས་ནས་རྣམ་པར་ ཤེས་པའི་བར་དུ་ཡང་འདི་ལྟར་འདུ་ཤེས་ཙམ་སྟེ། འདུ་ཤེས་ཙམ་ལས་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་གཞན་མ་ཡིན་ནོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྲིས་པ་ནི་བརྡ་ཙམ་སྟེ།
BOབརྡ་ཙམ་ལས་ནམ་མཁའ་ལ་བྲིས་པ་ གཞན་མ་ཡིན་པ་དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་ཡང་འདི་ལྟར་བརྡ་ཙམ་སྟེ། བརྡ་ཙམ་ལས་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་གཞན་མ་ཡིན་ནོ། ། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ཚིག་གང་གིས་ནམ་མཁའ་ལ་བྲིས་པར་བརྗོད་པའི་ཚིག་ནི་ དོན་དམ་པར་མི་དམིགས་པ་དེ་བཞིན་དུ་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་དག་ཀྱང་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མ་དམིགས། མ་བྱོན་པ་དང་། ད་ལྟར་གྱི་དེ་བཞིན་ གཤེགས་པ་རྣམས་ཀྱིས་ཀྱང་མ་དམིགས་སོ། ། ཉི་མས་བྱིན་ཡེ་ཤེས་དེ་རྟོགས་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྡུག་ཅིང་ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་བཏང་ཡང་ཞུམ་པར་མི་འགྱུར་ཏེ། གང་ཡེ་ཤེས་ འདི་ལ་གནས་པ་དེ་དག་ནི་འཇིག་རྟེན་དུ་རྟོགས་པར་མི་བལྟའོ། ། གང་ཡེ་ཤེས་འདི་ལ་གནས་པ་དེ་དག་ནི་འཇིག་རྟེན་གྱི་གྲངས་སུ་མི་འགྲོའོ། ། གང་ཡེ་ཤེས་འདི་ལ་གནས་པ་དེ་དག་ནི་གདགས་པར་བྱ་བ་མ་ཡིན་ནོ། །
BOགང་ཡེ་ཤེས་འདི་ལ་གནས་པ་དེ་དག་ནི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་སོ། ། གང་ཡེ་ཤེས་འདི་ལ་གནས་པ་དེ་དག་ནི་འཁོར་བ་ལས་བསྐྱོད་པ་མ་ཡིན་ནོ། ། གང་ཡེ་ཤེས་འདི་ལ་གནས་པ་དེ་དག་ནི་འཁོར་བའི་ཆོས་ཅན་ཡང་མ་ཡིན་ནོ། ། མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ཡིན་ནོ། ། གང་ཡེ་ཤེས་འདི་ལ་གནས་པ་ དེ་དག་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཅན་མ་ཡིན། རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ། ། གང་ཡེ་ཤེས་འདི་ལ་གནས་པ་དེ་དག་ནི་ཞི་བར་སྤྱོད་པ་ཡང་མ་ཡིན། མ་ཞི་བར་སྤྱོད་པ་ཡང་མ་ཡིན་ནོ། ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་གྱིས་ སྐྱེས་བུ་དམ་པ་གྲགས་བྱིན་གྱིས་བཤད་པ་ལ་ལེགས་སོ་ཞེས་ཤིན་ཏུ་བསྟོད་དེ་རྗེས་སུ་ཡི་རང་ངོ་། ། དེ་ནས་ཡང་སྐྱེས་བུ་དམ་པ་བཅུ་གཅིག་པོ་དེ་དག་གིས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་དེ་རབ་ཏུ་དགའ་བར་བྱ་བའི་ཕྱིར་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ ལྟ་བུའི་བུ་ཉི་མས་བྱིན་དེ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཟབ་མོ་འདི་ཐོས་ཀྱང་མ་སྐྲག་སྐྲག་པར་མ་གྱུར། ཤིན་ཏུ་སྐྲག་པར་མ་གྱུར།
BOམ་མྱོས་མྱོས་པར་མ་གྱུར་པ་ལེགས་སོ་ལེགས་སོ། ། རིགས་ཀྱི་བུ་ཁྱོད་ཀྱིས་གང་ལ་བསླབ་པར་བྱ་བའི་ས་ནི་འདི་ཡིན་ ནོ། ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་ཟབ་མོ་གོས་པ་མེད་པའི་ཆོས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་སངས་རྒྱས་ཀྱི་ཆོས་ཟབ་མོ་མཐར་ཕྱིན་པར་གྱུར་ཏོ། ། ། ། བམ་ པོ་བདུན་པ་སྟེ་ཐ་མ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་དང་། སྐྱེས་བུ་དམ་པ་བཅུ་གཅིག་པོ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་མཆོག་ཅེས་བྱ་བ་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་སྐྱེས་བུ་དམ་པ་གྲགས་བྱིན་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་མཆོག་དེ་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། ཞི་བའི་དབྱིངས་ལ་རབ་ཞུགས་ཚུལ་རྣམས་ལ། ། མཁས་པ་ འདྲེན་པ་རྣམས་ནི་ལེགས་སོ་ཞེས། ། གང་གིས་མི་མཆོག་ཤིན་ཏུ་འཐོབ་འགྱུར་བ། ། དེ་ནི་མི་རྣམས་དམ་པ་བསྟན་དུ་གསོལ། །
BOའཇིག་རྟེན་མཁས་པས་བསྟན་པ་ཐོས་ནས་སུ། ། བྱང་ཆུབ་མཆོག་ལ་མི་རྣམས་རབ་ཏུ་འཇུག ། གང་ཐོས་དྲང་སྲོང་ཆེན་པོར་འགྱུར་བ་དག ། ཚུལ་ དེ་སྲོག་ཆགས་རྣམས་ལ་སྨན་སླད་གསུངས། ། བདེ་གཤེགས་བདག་གི་རིགས་ལ་གནས་ནས་སུ། ། ཐུབ་པས་སངས་རྒྱས་ཡེ་ཤེས་མངོན་པར་བསྟོད། ། རྒྱལ་བས་དེ་ཡིད་རབ་ཏུ་དགའ་བར་མཛད། ། དེ་དག་ཐོས་ནས་ཤིན་ཏུ་གནས་པར་འགྱུར། ། རྒྱལ་བ་བདག་ གིས་ཇི་ཙམ་འཚལ་བ་རྣམས། ། འདྲེན་པ་བདག་གིས་ཆོས་རྣམས་བཤད་ལགས་ཏེ། ། སྟོན་པས་ཇི་ལྟར་ཆོས་རྣམས་ཀུན་མཁྱེན་པ། ། འདྲེན་པས་ལེགས་པར་མ་ལུས་བསྟན་དུ་གསོལ། ། དེ་ལ་དགའ་མཆོག་འཇིག་རྟེན་འདྲེན་པ་ཡིས། ། རྒྱལ་ སྲས་སྤྱོད་པ་གང་ལ་སྤྱད་པས་ན། ། མི་ཡི་གཙོ་བོ་འདྲེན་པར་འགྱུར་བ་ཡི། ། སངས་རྒྱས་ཆོས་རྣམས་མ་ལུས་ངེས་པར་བསྟན། ། ཐམས་ཅད་ཆོས་ཞེས་བྱ་བ་མཚན་ཉིད་གཅིག ། མཚན་ཉིད་བྲལ་ཞིང་མཚན་ཉིད་མེད་པ་སྟེ། ། ཞི་བ་ང་མེད་མི་གཡོ་ཡོན་ཏན་མེད། ། སྤོབས་པ་མེད་ཅིང་ཞི་བ་འཚོ་བ་མེད། ། ཀུན་ནས་ཉོན་མོངས་རྣམ་པར་བྱང་བས་སྟོང་། ། དངོས་པོ་ཉིད་མེད་ཅུང་ཟད་མེད་པ་སྟེ། ། འདི་ནི་བསྟན་པ་མ་ཡིན་སྟོན་པ་མེད། ། བཤད་པ་མེད་ཅིང་འཆད་པར་བྱེད་པའང་མེད། །
BOཚོར་བ་མ་ཡིན་ཚོར་བ་པོ་ཡང་མེད། ། ཤེས་ པ་མ་ཡིན་ཤེས་པར་བྱེད་པའང་མེད། ། སུ་ལའང་མ་ཡིན་གང་གིས་ཀྱང་མིན་ཏེ། ། འདི་དག་མ་བྱས་བྱེད་དུ་བཅུག་པའང་མེད། ། སུས་ཀྱང་བླངས་པ་མེད་ཅིང་བཏང་བའང་མེད། ། སུས་ཀྱང་བསྒྲགས་པ་མེད་ལ་ཐོས་པའང་མེད། ། སུས་ཀྱང་མི་ཤེས་རྣམ་པར་ཤེས་པའང་མེད། ། འདི་དག་དངོས་པོར་སུས་ཀྱང་མཐོང་བ་མེད། ། འདི་ནི་ཞི་བ་མ་ཡིན་རྒོད་པའང་མིན། ། ཞི་བར་མི་བྱེད་ཞི་བར་བྱས་པའང་མེད། ། བྱེད་པ་མ་ཡིན་བྱེད་པ་མེད་པའང་མིན། ། སེམས་པ་མེད་ཅིང་ཚོར་བར་བྱེད་པའང་མེད། ། འདུས་བྱས་མ་ཡིན་འདུས་མ་བྱས་པའང་མིན། ། འཕོ་ བ་མ་ཡིན་མི་འཕོ་བ་ཡང་མིན། ། འོངས་པ་མེད་ཅིང་འགྲོ་བ་ཡོད་པ་མིན། ། འདི་ནི་ཀུན་དུ་མི་འཆི་སྐྱེ་བ་མེད། ། སྐྱེ་བ་མེད་ཅིང་བསྐྱེད་པའང་མ་ཡིན་ཏེ། ། འདི་ནི་འགགས་པ་མེད་ལ་འགགས་པའང་མིན། ། འདི་ནི་བརྟན་པ་མེད་ཅིང་བཤིག་པའང་མེད། ། དེ་ལྟར་རྒྱལ་ བའི་ཆོས་རྣམས་བཤིག་པའང་མེད། ། དེ་ལྟར་རྒྱལ་བའི་ཆོས་རྣམས་ཤེས་པར་གྱིས། ། འདྲེན་པ་བདེ་བར་གཤེགས་པ་གང་འདས་པ། ། དེ་དག་གིས་ཀྱང་ཚུལ་འདི་རབ་ཏུ་བསྟན། ། འདྲེན་པ་སངས་རྒྱས་མ་བྱོན་འབྱུང་བ་རྣམས། །
BOདེ་དག་ཀྱང་ནི་ཚུལ་འདི་འཆད་པར་ འགྱུར། ། རྣམ་པར་འདྲེན་པ་ད་ལྟར་གང་བྱུང་བ། ། རྒྱལ་བ་དེ་དག་ཀུན་ཀྱང་ཚུལ་འདི་སྟོན། ། ཆོས་ཉིད་འདི་དག་རབ་ཏུ་ཤེས་པ་ཡི། ། བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པར་འགྱུར། ། ཞི་བའི་ས་ཡང་རབ་ཏུ་ཤེས་འགྱུར་ཏེ། ། མཁས་པས་ཤེས་པར་དཀའ་བ་རབ་ཏུ་བསྟན། ། རྒྱལ་བའི་ཐུགས་སྲས་ཇི་ཙམ་ཤེས་པ་དག ། འགྲོ་བ་གཙེས་པ་འདི་ལ་མྱ་ངན་མེད། ། དེ་ལ་སྙིང་རྗེ་བླ་ན་མེད་པ་སྟེ། ། འགྲོ་བ་ཀུན་ལ་བྱམས་པར་ཤིན་ཏུ་གནས། ། སྟོང་པ་ཉིད་ལ་གནས་པར་གྱུར་པས་ན། ། རྒྱལ་བའི་བསྟན་པ་དག་ལ་ཐེ་ཚོམ་མེད། ། མཚན་མ་མེད་ པར་གནས་པར་གྱུར་པས་ན། ། དེ་ལ་སྨོན་ལམ་འདེབས་པའང་ཡོང་མེད་དེ། ། རླུང་རྣམས་ནམ་མཁའ་དག་ལ་མི་ཐོགས་བཞིན། ། དཔའ་བོ་དེ་དག་འགྲོ་བར་མི་ཆགས་སོ། ། བསྐལ་པ་མང་པོར་བྱེ་བར་ཀུན་འཁོར་ཞིང་། ། སེམས་ཅན་བྱེ་བ་མང་པོ་སྟོན་པར་བྱེད། ། ཀུན་དུ་ཀུན་ ནས་ཉོན་མོངས་མི་འགྱུར་ཏེ། ། དེ་ནི་བྱང་ཆུབ་དམ་པ་འཚང་རྒྱ་ནུས། ། གལ་ཏེ་བདུད་ཀྱིས་སངས་རྒྱས་བྱེ་བསྟན་ཏེ། ། དེ་དག་ཉན་ཐོས་ཀྱིས་ཤེས་སྨྲ་ན་ཡང་། ། ངས་ནི་ཆོས་ཉིད་ཡང་དག་རབ་རྟོགས་ཏེ། ། ཁྱོད་ནི་འདྲེན་པ་མིན་ཞེས་དེ་སྨྲའོ། །
BOདྲི་མ་མེད་པའི་ཡེ་ཤེས་མིག་སྦྱངས་ ཏེ། ། བདག་ནི་ཐེ་ཚོམ་མ་ལུས་རྣམ་པར་བྱང་། ། སྟོང་པར་བདག་ནི་གཞན་དྲིང་གི་མི་འཇོག ། ཁྱོད་ནི་གང་ཟག་མཆོག་མིན་ཕར་དེང་ཤིག ། དེ་ལྟར་རྒྱལ་བས་ཆོས་ཉིད་བསྟན་པས་ན། ། གང་ལ་འདྲེན་པའི་སྲས་རྣམས་གནས་པ་ལ། ། བྱེ་བ་ཁྲག་ཁྲིག་བདུད་ཀྱིས་ཐུབ་དཀའ་སྟེ། ། ཇི་ལྟར་རི་བོ་བསྐྱོད་པར་མི་ནུས་བཞིན། ། དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་མཆོག་དེ་ལས་སྟོང་པ་ཉིད་དང་ལྡན་པའི་ཚིགས་སུ་བཅད་པ་དེ་དག་ཐོས་ནས་འདི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་སྟེ། དགེ་བའི་རྩ་བ་ཇི་ལྟ་བུའི་ཐོབ་པས་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ཏེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་དཔག་ཏུ་མེད་པ་རྣམས་ཐབས་མཁས་པ་རྣམ་པ་ཐ་དད་པས་བྱང་ཆུབ་སེམས་དཔའ་ཡང་ དག་པར་སྒྲུབ་པ་མཐོང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་ཡང་མཐོང་།
BOབྱང་ཆུབ་སེམས་དཔའ་བྱེ་བ་དཔག་ཏུ་མེད་པ་རྣམས་ལྷ་འབུམ་གྱིས་མཆོད་ཅིང་ཡུམ་ གྱི་རུམ་དུ་འགྲོ་བ་ཡང་མཐོང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་རྣམས་བཙས་ནས་གོམ་པ་བདུན་འདོར་བ་ཡང་མཐོང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་མངོན་པར་འབྱུང་བ་ཡང་མཐོང་། བྱང་ཆུབ་སེམས་དཔའ་བྱེ་བ་ ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་རྣམས་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མཐོང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ལ་བརྒྱ་བྱིན་དང་ཚངས་པ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་པ་ཡང་མཐོང་། སངས་རྒྱས་བཅོམ་ལྡན་འདས་དཔག་ ཏུ་མེད་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མཐོང་། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་སྤྱོད་ལམ་དཔག་ཏུ་མེད་པ་རྣམས་ཀྱིས་སེམས་ཅན་རྣམས་འདུལ་བ་ཡང་མཐོང་། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཕྱོགས་བཅུའི་འཇིག་རྟེན་ན་ ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མཐོང་ངོ་། །
BOདེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་བར་སྣང་ལ་འདུག་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་མཆོག་དེ་ལ་ ཚིགས་སུ་བཅད་པས་མངོན་པར་བསྟོད་པ། ལེགས་སོ་ལེགས་སོ་རྐང་གཉིས་ཀུན་གྱི་མཆོག ། འདྲེན་པ་ཁྱོད་ཀྱིས་འདི་དག་ཆོས་བསྟན་པ། ། བར་སྣང་གནས་ཀྱི་བྱ་ཡི་རྗེས་བཞིན་དུ། ། དངོས་བྲལ་མཚུངས་མེད་ཅི་ཡང་མ་ལགས་པ། ། མཚན་མ་མ་མཆིས་ནམ་ མཁར་བྲིས་པ་བཞིན། ། དེ་ལྟར་བདེ་བར་གཤེགས་པས་ཆོས་བསྟན་ཏེ། ། སྤྲུལ་པ་དག་གིས་ཇི་ལྟར་གཞན་སྤྲུལ་བཞིན། ། ཡང་དག་ཏུ་ན་རྒྱལ་བས་བསྟན་མ་མཆིས། ། སོས་ཀའི་དུས་ཀྱི་སྨིག་རྒྱུ་ཇི་བཞིན་དུ། ། སྣང་ཡང་ཡང་དག་པར་ནི་མཆིས་མ་ལགས། དེ་བཞིན་བདེ་བར་གཤེགས་པས་ཆོས་བསྟན་ཏེ། ། སྟོན་པ་གང་ལགས་དེ་ཡང་དེ་དང་འདྲ། ། སྔོན་ཆད་ཐེ་ཚོམ་ནེམ་ནུར་གང་བྱུང་བ། ། དེ་ཡང་འདྲེན་པའི་དྲུང་དུ་བྲལ་གྱུར་ཏེ། ། བདེ་བར་གཤེགས་པས་གསུངས་པའི་ཆོས་ཀྱང་རིག ། འགྲོ་བ་སྒྲོལ་མཛད་རྣམ་པར་འདྲེན་ པར་ཤོག ། སྟོབས་བཅུ་དག་གིས་བསྒྲུབས་པ་ཅི་འདྲ་བར། ། རྒྱལ་བའི་ཞིང་མཆོག་བཟང་པོ་སྦྱང་བར་བགྱི། ། སངས་རྒྱས་རྒྱལ་བ་རྐང་གཉིས་གཙོར་གྱུར་ཏེ། །
BOསྐྱེ་བོ་མ་རྟོགས་པ་རྣམས་རྟོགས་པར་བགྱི། ། སྲིད་པའི་རྒྱ་མཚོས་ཁྱེར་བའི་འགྲོ་བ་རྣམས། ། གནས་དང་སྐྱབས་དང་ རྟེན་ཀྱང་མ་མཆིས་པའི། ། སྐྱབས་སུ་འགྱུར་ཞིང་སྡུག་བསྔལ་ཐར་བགྱི་སྟེ། ། རྒ་ཤི་བྲལ་བའི་གནས་ཀྱང་བསྟན་པར་བགྱི། ། བྱེ་བ་ཁྲག་ཁྲིག་བདུད་ཀྱི་སྤྱོད་ཡུལ་ནི། ། ཐམས་ཅད་རྒྱལ་བའི་སྤྱོད་ཡུལ་དུ་ཡང་བགྱི། ། སེམས་ཅན་བདུད་ཀྱི་ཡུལ་ནས་བཏོན་ནས་སུ། ། དྲང་སྲོང་ཆེན་པོའི་ ཡུལ་དུ་དྲང་བར་བགྱི། ། བདེ་བར་གཤེགས་པས་ཞི་བའི་ཆོས་བསྟན་པ། ། གང་གིས་ཐོས་ནས་གང་ལའང་མི་རེག་པ། ། དེ་དག་མཆོག་གི་ཚུལ་ལ་གནས་པར་འགྱུར། ། འདྲེན་པ་སྲོག་ཆགས་རྣམས་ཀྱི་སྟོན་པར་འགྱུར། ། ཆོས་ཉིད་འདི་ལྟར་མི་གང་རབ་རྟོགས་ཤིང་། ། སྟོན་པ་རྒྱལ་ བའི་དབང་པོའི་སྤྱན་སྔ་ནས། ། བསྟན་བཅོས་ཀུན་ལ་མཁས་ཤིང་འཇིགས་བྲལ་བ། ། དེ་དག་བླ་ན་མེད་པའི་བདེ་གཤེགས་འགྱུར། ། སྟོང་པ་འདི་ཉིད་གང་གིས་རབ་རྟོགས་ཤིང་། ། སྟོང་པར་དམིགས་པའི་འདུ་ཤེས་བྲལ་གྱུར་ན། ། དེ་དག་མ་སྨས་བདེ་བར་གཤེགས་པར་འགྱུར། ། སྲོག་ཆགས་བྱེ་བ་མང་པོ་འགྲོལ་བར་བགྱིད། ། མཁས་པ་བཙོག་པ་ལ་ནི་མི་དགའ་སྟེ། ། ཟས་ཀྱི་རོ་རྣམས་ལ་ཡང་ཆགས་མ་མཆིས། །
BOརྟོགས་པ་དགོན་པའི་གནས་ལ་ཤིན་ཏུ་མོས། ། དེ་དག་རྐང་གཉིས་དམ་པ་མཁས་པར་འགྱུར། ། སྦྱངས་པ་གང་དག་སྟོབས་བཅུས་བསྔགས་པ་དག ། དེ་ དག་རྟག་ཏུ་རབ་ཏུ་གནས་པར་འགྱུར། ། འཕགས་པའི་རིགས་ལ་དེ་དག་རྟག་ཏུ་དགའ། ། རབ་ཏུ་དགའ་བས་བྱང་ཆུབ་མཆོག་ཀྱང་ཐོབ། ། དེ་དག་ཆོས་རྣམས་བདེ་བར་གཤེགས་པས་བསྔགས། ། དེ་ལ་མཁས་པ་གནས་པས་འདི་མཐོང་སྟེ། ། ཞི་བ་གང་ལ་བདེ་གཤེགས་གནས་པ་ཡི། ། བྱང་ཆུབ་དེ་ནི་འཇིག་རྟེན་འདྲེན་པས་བསྔགས། ། འདྲེན་པ་ཁྱོད་ལས་སྟོང་པ་དེང་ཐོས་ཏེ། ། ཡེ་ཤེས་བླ་ན་མེད་པའང་བདག་གིས་བསྒྲུབས། ། སངས་རྒྱས་རྐང་གཉིས་གཙོ་བོར་འགྱུར་བར་བགྱི། ། མི་མཁས་འགྲོ་བ་དག་ཀྱང་རྣམ་པར་དགྲོལ། ། ཐུབ་ པ་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། ། གང་ལ་ལོག་པའི་བློ་གྲོས་མི་དམིགས་ཤིང་། ། ཆོས་རྣམས་ཀུན་ལ་ཁྱོད་ནི་ཐེ་ཚོམ་བྲལ། ། དེ་སླད་འཇིག་རྟེན་ཁྱོད་དང་འདྲ་མ་མཆིས། ། འདྲེན་པ་བདེ་བར་གཤེགས་ལ་གང་བསྟོད་པའི། ། བསོད་ནམས་མི་ཆུང་བདག་གིས་བསགས་པས་ ན། ། བདག་ནི་དེ་ཡི་དགེ་བའི་ལས་འདི་ཡིས། ། མི་ཡི་གཙོ་བོ་འདྲེན་པར་འགྱུར་བར་ཤོག །
BOདེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་མཆོག་དེ་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ ནས་དགེ་བའི་རྩ་བ་དེས་བསྐལ་པ་བརྗོད་དུ་མེད་པར་ནམས་ཀྱང་སྨྱོས་པ་དང་གླེན་པར་མ་གྱུར་ཏོ། ། གང་དང་གང་དུ་སྐྱེས་པ་དེ་དང་དེར་འདྲེན་པ་སྐྱེས་བུ་ཆེན་པོར་གྱུར་ཏོ། ། ནམས་ཀྱང་ལོག་པར་ལྟུང་བར་མ་གྱུར་ཏོ། ། ནམས་ཀྱང་གཞན་གྱི་དྲིང་ལ་འཇོག་པར་མ་གྱུར་ཏོ། ། ནམས་ཀྱང་གཞན་གྱི་ ངོར་ལྟ་བར་མ་གྱུར་ཏོ། ། ནམས་ཀྱང་བསྐལ་པ་བརྗོད་དུ་མེད་པར་ཐ་ན་སེ་གོལ་གཏོགས་པ་ཙམ་གྱི་བར་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པར་མ་གྱུར་ཏོ། ། ཐམས་ཅད་ཟིལ་གྱིས་གནོན་པ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རིགས་ཀྱི་བུ་གྲགས་བྱིན་ཞེས་བྱ་བར་ གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་ཐམས་ཅད་ཟིལ་གྱིས་གནོན་པ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བཟང་སྐྱོང་ཞེས་བྱ་བ་དེ་དེའི་ཚེ་དེའི་དུས་ན་རིགས་ཀྱི་བུ་གྲགས་བྱིན་ཞེས་བྱ་བར་གྱུར་ཏོ། ། ཐམས་ཅད་ཟིལ་གྱིས་གནོན་པ་འདི་ཇི་སྙམ་དུ་ སེམས།
BOདེའི་ཚེ་དེའི་དུས་ན་མཁས་པའི་སྙིང་པོར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་དེ་དེའི་ཚེ་དེའི་དུས་ན་རིགས་ཀྱི་བུ་མཁས་པའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། ། ཐམས་ཅད་ཟིལ་གྱིས་གནོན་པ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཙན་དན་སྙིང་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱོབ་བྱིན་ཞེས་བྱ་བ་དེ་དེའི་ཚེ་དེའི་དུས་ན་རིགས་ཀྱི་ བུ་ཙན་དན་སྙིང་པོ་ཞེས་བྱ་བར་གྱུར་ཏོ། ། ཐམས་ཅད་ཟིལ་གྱིས་གནོན་པ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རིགས་ཀྱི་བུ་ཚངས་པའི་མིག་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེད་ དཔོན་བཟང་པོ་དེ་དེའི་ཚེ་དེའི་དུས་ན་རིགས་ཀྱི་བུ་ཚངས་པའི་མིག་ཅེས་བྱ་བར་གྱུར་ཏོ། ། དེ་བཞིན་དུ་སྦྱར་ཏེ། གང་རིགས་ཀྱི་བུ་དེས་པ་ཞེས་བྱ་བར་གྱུར་པ་དེ་ནི་བྱང་ཆུབ་སེམས་དཔའ་མེས་བྱིན་ཡིན་ནོ། །
BOགང་དེའི་ཚེ་དེའི་དུས་ན་རིགས་ཀྱི་བུ་བློ་གྲོས་འཆང་ཞེས་བྱ་བར་གྱུར་པ་དེ་ནི་བྱང་ཆུབ་སེམས་ དཔའ་བཟང་སྐྱོང་ཡིན་ནོ། ། དེའི་ཚེ་དེའི་དུས་ན་གང་རིགས་ཀྱི་བུ་ཀུན་དུ་འཛིན་པར་གྱུར་པ་དེ་ནི་བྱང་ཆུབ་སེམས་དཔའ་དབང་པོས་བྱིན་ཡིན་ནོ། ། དེའི་ཚེ་དེའི་དུས་ན་གང་རིགས་ཀྱི་བུ་སྤོབས་པ་མཐའ་ཡས་སུ་གྱུར་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆུའི་ལྷ་ཡིན་ནོ། ། ཐམས་ཅད་ཟིལ་གྱིས་གནོན་པ་ འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་ཐམས་ཅད་ཟིལ་གྱིས་གནོན་པ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ་དེའི་དུས་ན་བྲམ་ ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཉི་མས་བྱིན་ཞེས་བྱ་བར་གྱུར་ཏོ། ། ཐམས་ཅད་ཟིལ་གྱིས་གནོན་པ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་ལ་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བར་འདོད་པ་དང་། གཞན་གྱི་ངོར་མི་བལྟ་བར་འདོད་ ན་ཆོས་ཀྱི་དབྱིངས་ལ་རབ་ཏུ་འཇུག་པའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་བྱ།
BOའགྲོགས་པར་བྱ། བསྙེན་བཀུར་བྱའོ། ། ཆོས་ཟབ་མོ་མཉན་པའི་ཕྱིར་ཡོངས་སུ་འདྲི་བའི་ངང་ཚུལ་ཅན་དུ་བྱའོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ལྟར་སྟོབས་བསྐྱེད་པས་ཆོས་ཀྱི་དབྱིངས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་གནོན་པ་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་དགེ་བའི་རྩ་བ་བསྐྱེད་ལགས། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལ་ཡོངས་སུ་ཞུ་བ་ཞུས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་དང་། རྩྭ་དང་། ཤིང་དང་། ཡལ་ག་དང་། ལོ་མ་རྣམས་རྡུལ་ཕྲ་རབ་ཏུ་བྱས་ཀྱང་བགྲང་བར་ནུས་ཀྱི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་གནོན་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ ཆོས་ཀྱི་དབྱིངས་སུ་ཡོངས་སུ་ཞུགས་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་དང་། ཐབས་མཁས་པ་ལ་འཇུག་པ་ཡོངས་སུ་དྲིས་པ་ནི་བགྲང་བར་མི་ནུས་སོ། །
BOའཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་ཞི་བའི་ཕུང་པོའི་བསྐལ་པ་ལ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་ཅིང་སངས་རྒྱས་ཀྱི་ཞིང་ཚད་མེད་པར་ཡོངས་སུ་དག་པ་དང་ལྡན་པ་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་ ལྡན་པར་དེ་བཞིན་གཤེགས་པ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དབང་པོའི་རྒྱལ་མཚན་ཞེས་བྱ་བ་ འཇིག་རྟེན་དུ་བྱུང་ངོ་། ། དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་དེའི་སངས་རྒྱས་ཀྱི་ཞིང་དེ་ན་ཡང་དགེ་སློང་དཔའ་སྲ་ཞེས་བྱ་བ་མཁས་པ། ཡིད་གཞུངས་པ། བྱེ་བྲག་ཕྱེད་པ། རྟོགས་པ། ཤེས་རབ་ཀྱི་རང་བཞིན་ཅན་ཞིག་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་དེ་ལ་རིམ་གྲོ་བྱེད་པར་གྱུར་ཏོ། །
BOདེས་དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་དེ་ལ་ལོ་བྱེ་བ་ཁྲག་ཁྲིག་བརྒྱད་ཅུའི་བར་དུ་ཤིན་ཏུ་གུས་པར་བྱས་ཏེ་བཤད་པ་རྣམས་ཀྱང་གཟུངས་སུ་ འཛིན་ཅིང་རང་གི་དོན་ཀྱང་མི་གཏོང་སྟེ། དེས་དེ་བཞིན་གཤེགས་པ་ལ་ལོ་བྱེ་བ་ཁྲག་ཁྲིག་བརྒྱད་ཅུའི་བར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་རིམ་གྲོ་བྱས་ཏེ། དེའི་དགེ་བའི་རྩ་བས་སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་མཉེས་པར་བྱས་ནས་དེ་བཞིན་གཤེགས་ པ་དེ་དག་ཐམས་ཅད་ཀྱི་རིམ་གྲོ་བྱེད་པར་གྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལའང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་བསྙེན་བཀུར་བྱས་སོ། ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཐོག་མ་དང་། བར་དང་། ཐ་མར་དུས་གསུམ་དུ་བསྟན་པ་རྣམས་ ཡོངས་སུ་བཟུང་བར་གྱུར་ཏོ། ། དེའི་འོག་ཏུ་ཞི་བའི་སྙིང་པོ་ཞེས་བྱ་བའི་བསྐལ་པ་དེ་ལ་སངས་རྒྱས་བྱེ་བ་ཕྲག་དགུ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་དེས་ཡང་མཉེས་པར་བྱས་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་རིམ་གྲོ་བྱེད་པར་གྱུར་ ཏེ།
BOདེ་དག་ཐམས་ཅད་ལ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་རིམ་གྲོ་བྱས་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཐོག་མ་དང་། བར་དང་། ཐ་མ་དུས་གསུམ་དུ་བསྟན་པ་རྣམས་ཡོངས་སུ་བཟུང་ངོ་། ། དེའི་འོག་ཏུ་ཟླ་འོད་ཅེས་བྱ་བའི་བསྐལ་པ་བྱུང་སྟེ། དེ་ལ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་མཁས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། དེ་བཞིན་གཤེགས་པ་དཀོན་མཆོག་མཁས་པའི་རྒྱལ་པོ་དེའི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུར་གྱུར་ཏེ། དེ་ལ་ཡང་བྱང་ཆུབ་ སེམས་དཔའ་དཔའ་སྲ་དེས་བསྐལ་པ་བྱེ་བ་བརྒྱད་ཅུའི་བར་དུ་ཡིད་དུ་འོང་བས་བསྙེན་བཀུར་བྱས་ཏེ། ཡིད་དུ་མི་འོང་བས་མ་ཡིན་ནོ། ། དེ་ལ་དེ་བཞིན་གཤེགས་པ་དཀོན་མཆོག་མཁས་པའི་རྒྱལ་པོ་ཞེས་བྱ་བ་དེས་བསྐལ་པ་བརྒྱད་ཅུའི་བར་དུ་ཇི་ལྟར་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་ཏེ། ནམ་མཁའ་ལ་བྲིས་པ་ལྟ་བུར་ཆོས་ཀྱི་དབྱིངས་སུ་འཇུག་པ་བསྟན་ཏོ། ། བསྐལ་པ་བྱེ་བ་བརྒྱད་ཅུའི་བར་དུ་ཆོས་ཐམས་ཅད་ནམ་མཁའ་ལ་བྲིས་པ་ལྟ་བུར་བསྟན་ཏེ།
BOདཔའ་སྲ་འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད་ཀྱི་ནམ་མཁའ་ལ་བྲིས་པ་ལྟ་བུའི་ཆོས་ཐམས་ ཅད་ནི་{ཆུང་ཟད་,ཅུང་ཟད་}ཀྱང་གཞན་དུ་འགྱུར་བ་མེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་དཔའ་སྲ་ཆོས་ཀྱི་དབྱིངས་ལ་འཇུག་པ་འདི་ཐོས་ནས་འདི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་སྟེ། ཇི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་པས་ནམ་མཁའ་ལ་ཏ་ལ་བདུན་སྲིད་དུ་འཕགས་ཏེ། དེས་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མཐོང་། ཁ་ཅིག་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། ཁ་ཅིག་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་ དུ་མས་སེམས་ཅན་རྣམས་འདུལ། ཁ་ཅིག་ནི་ཚེའི་འདུ་བྱེད་འདོར། ཁ་ཅིག་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་མཁས་པའི་རྒྱལ་པོ་དེ་ལ་ཟབ་མོའི་ ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཞི་བ་བྱང་ཆུབ་མཚུངས་མེད་བཙལ་སླད་དུ། ། བདག་གིས་སངས་རྒྱས་འདས་པ་བྱེ་སྟོང་ལ། །
BOཤིན་ཏུ་གུས་པ་ཆེན་པོ་བསྐྱེད་ནས་སུ། ། སྔོན་གྱི་འདྲེན་པ་དག་ལ་བསྙེན་བཀུར་བགྱིས། ། སེམས་ནི་ནམས་ཀྱང་གཞན་ དུ་མ་བསམས་ཏེ། ། རྟག་པར་ཡིད་ནི་སྟོང་པ་ཉིད་ལ་བཞག ། ཆོས་རྣམས་སྟོང་པར་བདེ་བར་གཤེགས་པས་བསྟན། ། དེ་དག་ཆོས་ཀྱང་ཡིད་ཀྱིས་རྣམ་པར་བསམས། ། བདག་ཏུ་སྨྲ་བ་མི་གང་མི་མཁས་པ། ། མུ་སྟེགས་ཅན་ཀུན་བདག་གིས་ཟིལ་གྱིས་མནན། ། ཆོས་རྣམས་ ཐམས་ཅད་ཆུ་ཡི་ཟླ་བ་བཞིན། ། དེ་ལ་བདག་ནི་ཐེ་ཚོམ་ཅང་མ་མཆིས། ། མིག་འདི་དམ་པའི་དོན་དུ་སྟོང་པར་ནི། ། བདེ་བར་གཤེགས་པས་བཤད་པ་ཐོས་ནས་རྟོགས། ། མིག་འདི་མིག་ཏུ་མཆིས་པ་མ་ལགས་ཏེ། ། མཛངས་པ་མ་ལགས་མི་རྣམས་འདི་ལ་སླད། ། ངེས་པར་ སྣ་ལྕེ་རྣ་བ་དེ་བཞིན་ཏེ། ། ལུས་ཀྱང་ངོ་བོ་ཉིད་ཀྱིས་མཆིས་མ་ལགས། ། དེ་བཞིན་སེམས་དང་སེམས་པའང་སྟོང་པ་ཉིད། ། སེམས་ནི་དབེན་ཞིང་རབ་ཏུ་སྟོང་པ་ལགས། ། གཟུགས་ཀྱང་གཟུགས་ཀྱིས་རྣམ་པར་དབེན་ཞིང་སྟོང་། ། སྒྲ་དང་དྲི་དང་རོ་དང་རེག་ཀྱང་སྟོང་། ། ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་སྟོང་སྟེ། ། སྐྱེ་མཆེད་དེ་དག་ངོ་བོ་ཉིད་ཀྱིས་སྟོང་། ། དེ་བཞིན་ཁམས་ཀྱང་ཁམས་རྣམས་ཉིད་ཀྱིས་སྟོང་། ། བདེན་པའང་བདེན་པས་དེ་བཞིན་སྟོང་པ་སྟེ། །
BOའདི་ལ་མཛངས་པ་མ་ལགས་འགྲོ་བ་རྣམས་ཀྱང་བསླད། ། གང་ནའང་ སྟོང་པར་རིག་པ་མ་མཆིས་པར། ། ནམ་མཁའ་བར་སྣང་བྱ་ཡི་རྗེས་དང་མཚུངས། ། གང་ནའང་ངོ་བོ་ཉིད་ནི་མ་མཆིས་པ། ། དེ་ནི་ནམས་ཀྱང་གཞན་གྱི་རྒྱུར་མི་འགྱུར། ། གང་གིས་ངོ་བོ་ཉིད་ནི་མི་རྙེད་པར། ། རང་བཞིན་དེ་མེད་ཇི་ལྟར་གཞན་གྱི་རྐྱེན། ། རང་བཞིན་ མེད་པ་གཞན་གྱིས་ཅི་ཞིག་སྐྱེད། ། རྒྱུ་དེ་བདེ་བར་གཤེགས་པས་བསྟན་པའོ། ། ཐམས་ཅད་ཆོས་ཀྱང་མི་གཡོ་བརྟན་པར་གནས། ། མི་འགྱུར་འཚེ་བ་མ་མཆིས་ཞི་བ་སྟེ། ། ཇི་ལྟར་ནམ་མཁའ་རིག་པ་མ་མཆིས་ལྟར། ། དེ་ལ་མི་མཛངས་འགྲོ་བ་མྱོས་པར་འགྱུར། ། ཇི་ལྟར་རི་བོ་དག་ནི་མི་སྒུལ་བ། ། དེ་བཞིན་ཆོས་རྣམས་རྟག་ཏུ་བསྐྱོད་མི་ནུས། ། འཆི་འཕོ་མ་མཆིས་སྐྱེ་བ་མ་མཆིས་པའི། ། ཆོས་རྣམས་དེ་ལྟར་རྒྱལ་བས་རབ་ཏུ་བསྟན། ། གང་གིས་ཡང་དག་ཆོས་རྣམས་ངེས་རྟོགས་པ། ། དེས་ནི་རྒྱལ་བ་རྣམ་འདྲེན་བསྙེན་བཀུར་བགྱིས། ། གང་ལ་འདི་འདྲའི་ནན་ཏན་མ་མཆིས་པ། ། དེ་དག་རྒྱལ་བའི་ཆོས་ཉིད་མཆོད་མ་བགྱིས། ། གང་གིས་ཚུལ་བཞིན་རབ་ཏུ་ཆོས་རྟོགས་པ། ། དེས་ནི་རྒྱལ་བ་བདེ་གཤེགས་བཀུར་སྟིར་བགྱིས། ། དེ་དག་རྒྱལ་བ་ཆོས་ཀྱིས་མཆོད་བགྱིས་ཏེ། །
BOབྱང་ཆུབ་མཆོག་ཏུ་དེ་དག་ འཚང་ཡང་རྒྱ། ། གང་གིས་ཚུལ་བཞིན་ཆོས་རྣམས་རབ་རྟོགས་པ། ། མཁས་པ་དེ་དག་རྒྱལ་བའི་རིགས་ཀྱང་འཛིན། ། བདེ་བར་གཤེགས་པའི་བསྟན་པ་དེས་བཟུང་སྟེ། ། བྱང་ཆུབ་དམ་པ་མཆོག་ཏུ་འཚང་ཡང་རྒྱ། ། རྒྱལ་བ་བརྒྱ་ཡིས་སྟོང་པ་ཉིད་བཤད་དེ། ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་རྣམས་ཀྱིས་བཟུང་། ། བདེ་བར་གཤེགས་པའི་ཤུལ་འདིར་བྱང་ཆུབ་ཕྱིར། ། དེ་ལ་མཁས་པ་ཐེ་ཚོམ་གཞར་མི་འབྱུང་། ། བདེ་བར་གཤེགས་པས་ཆོས་རྣམས་གང་བསྟན་པ། ། ཆོས་ཉིད་དེ་ནི་དེ་རིང་བདག་གིས་ འཚལ། ། འདྲེན་པ་མི་རྣམས་ཀྱི་ཡང་མཆོག་ཏུ་འགྱུར། ། ཤིན་ཏུ་སྡུག་བསྔལ་སྐྱེ་བོ་རྣམ་པར་དགྲོལ། ། འདི་ལྟར་སྟོང་པ་ཉིད་ནི་རིག་པས་ན། ། བདག་གིས་དེ་རིང་ཆོས་ཀྱི་ཡབ་ལ་མཆོད། ། གང་སླད་མི་ཡི་གཙོ་བོ་ཁྱོད་འཕགས་པས། ། དེ་བཞིན་གཤེགས་པ་དེ་ལ་སྐྱབས་ སུ་མཆི། ། དེ་ནས་བྱང་ཆུབ་སེམས་དཔའ་དཔའ་སྲས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་མཁས་པའི་རྒྱལ་པོ་ལ་སྟོང་པ་ཉིད་དང་ལྡན་པའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་པའི་དགེ་བའི་རྩ་བ་དེས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་གཟུངས་དང་། ཞི་གནས་དང་།
BOཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ཟིལ་གྱིས་མནན་ཏོ། ། འཇམ་དཔལ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཔའ་སྲར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ དཔའ་ཐམས་ཅད་ཟིལ་གྱིས་གནོན་པ་འདི་ནི་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཔའ་སྲ་ཞེས་བྱ་བར་གྱུར་ཏོ། ། དེ་ལྟ་བས་ན་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྣམས་ཡོངས་སུ་སྦྱང་བར་འདོད་པས་སྟོང་པ་ཉིད་རྣམ་པར་ ཐར་པའི་སྒོ་ལ་བསླབ་པར་བྱའོ། ། དེ་ལ་སློབ་པའི་ཚེ་ཡང་སེམས་གང་ལ་ཡང་མི་ཆགས་མི་ཐོགས་ཏེ། དེའི་སེམས་མ་ཆགས་ཤིང་ཐོགས་པ་མེད་པས་བྱ་བ་གང་དང་གང་ལ་དམིགས་པ་དེ་དང་དེ་ཡང་མངོན་སུམ་དུ་འགྱུར་རོ། ། འཇམ་དཔལ་ང་སྟོང་པ་ཉིད་འདི་ལ་སློབ་པ་ན། ཡེ་ ཤེས་ཇི་ལྟ་བུ་རབ་ཏུ་ཐོབ་པས་ཇི་ལྟར་བསམས་པ་དེ་བཞིན་དུ་འགྱུར་ཞིང་གར་འདོད་པ་དེར་འགྱུར་བའི་ཡེ་ཤེས་དེ་ལྟ་བུ་རབ་ཏུ་ཐོབ་བོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བཅུ་འདས་པ་ན་རྟག་ཏུ་སྣང་བར་བྱས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་ང་ལ་ སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤུགས་འཆང་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་{བཅྭ་,བཅོ་}བརྒྱད་འདས་པ་ན་རིན་ཆེན་ཡོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དག་པའི་སྤྱན་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་དྲུག་ཅུ་འདས་པ་ན། དགེ་བ་བསགས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་སེམས་པ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྒྱ་འདས་པ་ན་བཻ་དཱུརྱའི་སྙིང་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་ བཞིན་གཤེགས་པ་གསེར་གྱི་ཕུང་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་ས་ཡ་ཕྲག་གཉིས་འདས་པ་ན་གསེར་དུ་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་སྟོང་བརྒྱད་བརྒྱ་འདས་པ་ན་ཞི་བ་སྤྱོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་འབུམ་འདས་པ་ན་སྤྲིན་གྱི་ཁ་དོག་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་ཀྱི་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སུམ་བརྒྱ་འདས་པ་ན་ཡིད་དུ་འོང་བའི་དྲི་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིའི་རྒྱལ་པོ་ཞེས་བྱ་བར་ཤེས་སོ། །
BOའཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་སུམ་ཁྲི་བརྒྱད་སྟོང་འདས་པ་ན་མེ་ལོང་དཀྱིལ་འཁོར་སྣང་ ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ བྱེ་བ་ཕྲག་བརྒྱད་ཅུ་འདས་པ་ན་ཟླ་བ་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒ་ཤི་འཇོམས་པ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་ སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དགུ་བཅུ་འདས་པ་ན་དུས་ལས་འདས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སྦྱོང་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན། ཚེ་མཉམ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་ ཅེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཕྲག་སུམ་ཅུ་རྩ་བརྒྱད་འདས་པ་ན་ཞི་བའི་ཆོ་ག་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་དག་པ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་དྲུག་ཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་མ་སྨད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་བཀོད་པ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་རིན་པོ་ཆེ་ ཀུན་དུ་གནས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་འཕགས་པའི་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་ སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་བརྟུལ་ཞུགས་སྤྱད་ཅེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་{བཅྭ་,བཅོ་}བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་ཡིད་གྲུབ་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཕུད་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཉི་ཤུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་ངེས་པར་ སོང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཕུད་འབྱུང་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ ཉི་ཤུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་གྲོང་རྡལ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་ བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་བདེ་བའི་དྲི་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་ རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གནས་མེད་པར་སྤྱོད་ཅེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་གཅིག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་འདས་པ་ན་མེ་ཏོག་བཀྲམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་ཕྱུག་ཅེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་ གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་ཙམ་པའི་ཁ་དོག་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པའི་ལྷ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་ལྷས་སྤྲུལ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་ དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་མི་གནས་པ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུ་རྩ་གཅིག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་འདས་པ་ན་རབ་ཏུ་གྲུབ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་ སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བདུན་ཅུ་རྩ་གཅིག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་མ་སྨད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ཞེས་བྱ་བར་ ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བདུན་ཅུ་རྩ་བཞིའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་གསེར་དུ་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་ བཞིན་གཤེགས་པ་མི་རྟག་གཟི་བརྗིད་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་གསེར་གྱིས་རབ་ཏུ་བརྒྱན་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གསོལ་བ་བྱེད་པ་ཞེས་ བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་གསེར་གྱི་གཙུག་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།
BOདེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ཉོན་མོངས་དྲི་མ་སྦྱངས་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་ སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུ་རྩ་བཞིའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན་མངོན་པར་འཕགས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་ཞེས་བྱ་བར་ ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སྣང་བ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དཔལ་བརྩེགས་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་ བརྗོད་དུ་མེད་པ་སུམ་ཅུ་རྩ་གཅིག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་གྲགས་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ཉོན་མོངས་པ་ཞི་བར་བྱེད་པ་ཞེས་བྱ་བར་ཤེས་སོ། །
BOའཇམ་ དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་གཟི་བརྗིད་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་བློ་གྲོས་འཛིན་ ཅེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་ཚངས་པ་འབྱུང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་ གཤེགས་པ་དཔལ་གྱི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་བདུན་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་སངས་རྒྱས་དགྱེས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་བློ་གྲོས་རྒྱལ་པོ་ཞེས་བྱ་བར་ཤེས་སོ། །
BOའཇམ་དཔལ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་རིན་ཆེན་ སྒོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་འཇིག་རྟེན་སློབ་དཔོན་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་བཞིའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ སངས་རྒྱས་ཀྱི་ཞིང་འདས་པ་ན་རིན་པོ་ཆེའི་རྩེ་མོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་སྐར་རྒྱལ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ བརྗོད་དུ་མེད་པ་སུམ་ཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་རིན་ཆེན་མེ་ཏོག་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ས་དང་མཉམ་པ་ཞེས་བྱ་བར་ཤེས་སོ། །
BOའཇམ་ དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་བཞིའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་ཤིན་ཏུ་མཛེས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དོན་ཐམས་ཅད་གཟིགས་ པ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སུམ་ཅུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་ཙན་དན་གྱི་དྲི་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་ པ་མཐའ་ཡས་སྣང་བ་ཞེས་བྱ་བར་ཤེས་སོ། ། འཇམ་དཔལ་ཤར་གྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་ཟིལ་གྱིས་མི་ནོན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་ཤེས་སོ། །
BOའཇམ་དཔལ་དེ་ལྟ་བུའི་རྣམ་གྲངས་སུ་སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཚེ་ང་ལ་སེམས་ཅན་རྣམས་ཀྱིས་ མིང་ཐ་དད་པར་ཤེས་པ་ནི་བརྗོད་དུ་མེད་པའི་བསྐལ་པར་སྨྲས་ཀྱང་ཤར་གྱི་ཕྱོགས་ཆའི་སངས་རྒྱས་ཀྱི་ཞིང་གི་མཐའ་རྟོགས་པར་མི་ནུས་སོ། ། དེ་བཞིན་དུ་ཕྱོགས་ཆ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་དུ་ང་ལ་སེམས་ཅན་རྣམས་ཀྱིས་མིང་ཐ་དད་པའི་དེ་བཞིན་གཤེགས་པར་ཤེས་པ་ ཡང་བརྗོད་དུ་མེད་པའི་བསྐལ་པར་སྨྲས་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པའི་མཐའ་བདེ་བར་མི་རིག་གོ། ། འཇམ་དཔལ་སེམས་ཅན་དགེ་བའི་རྩ་བ་ཆུང་བ་རྣམས་ཀྱིས་ངའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཐོས་ན་མོས་པར་འགྱུར་རོ། ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ཐེག་པ་ འདི་ལ་ཡང་དག་པར་ཞུགས་པ་དང་། ཐེག་པ་འདི་ལ་ཡང་དག་པར་ཞུགས་པའི་དགེ་བའི་བཤེས་གཉེན་རབ་ཏུ་མགུ་བར་བྱས་པ་དེ་དག་ཀྱང་འཇམ་དཔལ་ངའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཐོས་ན་ཐེ་ཚོམ་སྐྱེ་བར་འགྱུར་ན་ཉན་ཐོས་ཀྱི་ཐེག་པ་ཅན་དང་། རང་སངས་རྒྱས་ཀྱི་ཐེག་པ་ ཅན་དང་། དེ་མ་ཡིན་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལྟ་ཅི་སྨོས།
BOའཇམ་དཔལ་ངས་མངོན་པར་ཤེས་པ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་ཡོན་ཏན་རབ་ཏུ་བསྐྱེད་པ་ཞེས་བྱ་ བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་མཐའ་ཡས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་དེའི་དུས་ན་ང་ནི་བྲམ་ཟེའི་བུ་མོ་བློ་གྲོས་མཐའ་ཡས་ཞེས་བྱ་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་བརྩོན་ འགྲུས་མཐའ་ཡས་དེ་ཡང་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱད་ཅུས་ཡོངས་སུ་བསྐོར་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཐེག་པ་དཔག་ཏུ་མེད་པ་ལ་ཡང་དག་པར་ཞུགས་པ་ནས་ཐེག་པ་བརྗོད་དུ་མེད་པའི་བར་ལ་ ཡང་དག་པར་ཞུགས་པ་ཤ་སྟག་སྟེ། དེ་དག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་དེའི་རང་གི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་འཆད་དེ། ང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་དེ་ལ་རིམ་གྲོ་དང་བསྙེན་བཀུར་བྱས་སོ། །
BOདེ་ནས་ངས་དེའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་དག་པ་ཐོས་ནས་བདག་གི་སངས་རྒྱས་ཀྱི་ཞིང་ཡང་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེ་བ་དེ་འདྲ་བར་གྱུར་ཅིག་ཅེས་དེ་ལྟ་བུའི་སྨོན་ལམ་བཏབ་ ནས་བདག་གིས་དགེ་བའི་རྩ་བ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་རྒྱ་ཆེར་ཡོངས་སུ་དག་པར་བྱ་བའི་ཕྱིར་བསྔོས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། སངས་རྒྱས་ཀྱི་ཞིང་ཚད་ མེད་པ་ཡོངས་སུ་དག་པར་ལུང་བསྟན་མོད་ཀྱི་འོན་ཀྱང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་རྒྱ་ཆེར་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་འགྲུས་མ་བཏང་བར་གྱུར་ནས་དེ་ལྟར་ངས་དེའི་འོག་ཏུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཚད་མེད་པ་རྣམས་ལ་ བསྙེན་བཀུར་བྱས་ཏེ། དེའི་དགེ་བའི་རྩ་བ་བསགས་པས་ང་སངས་རྒྱས་ཀྱི་ཞིང་རྒྱ་ཆེར་ཡོངས་སུ་དག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། བརྗོད་ཀྱིས་མི་ལང་འཁོར་བ་ན། ། བསམ་གྱིས་མི་ཁྱབ་འདས་པའི་དུས། །
BOསངས་རྒྱས་ཞིང་གི་རྒྱ་བསྐྱེད་ཕྱིར། ། དེ་ན་ང་ཡིས་བརྩོན་འགྲུས་བརྩམས། ། བརྩོན་འགྲུས་མཐའ་ཡས་ཞེས་བྱ་བ། ། གང་ཟག་མཚུངས་པ་མེད་པ་བྱུང་། ། སེམས་ཅན་བྱེ་བ་རྣམ་པར་འདུལ། ། ལྷར་ བཅས་འཇིག་རྟེན་རྣམས་ལ་སྟོན། ། སངས་རྒྱས་ཆོས་ལ་དབང་བྱེད་ཅིང་། ། སྟོབས་རྣམས་ཀྱི་ཡང་ཕ་རོལ་ཕྱིན། ། མི་འཇིགས་པ་ལ་ཤིན་ཏུ་གནས། ། སོ་སོ་ཡང་དག་རིག་ལ་མཁས། ། གནས་དང་གནས་མིན་དབང་ཡང་ཐོབ། ། ལས་དང་ཡེ་ཤེས་རྟོགས་པར་རིག ། ལས་རྣམས་ཡང་དག་འཛིན་པ་དང་། ། རྣམ་པར་སྨིན་ལ་ཐེ་ཚོམ་མེད། ། ཁམས་རྣམས་དུ་མར་ཤེས་པ་དང་། ། རྣམ་པར་འདྲེན་པ་ཤིན་ཏུ་ལྡན། ། སེམས་ཅན་རྣམས་ཀྱི་དད་པ་རྣམས། ། མ་ལུས་ཡང་དག་རབ་ཏུ་མཁྱེན། ། སེམས་ཅན་རྣམས་ཀྱི་དབང་པོ་ ཡི། ། རིམ་པ་བཞིན་དུ་ཡང་དག་མཁྱེན། ། དབང་པོ་མཆོག་དང་ཐ་མ་རྣམས། ། མ་ལུས་པར་ཡང་རབ་ཏུ་མཁྱེན། ། བསམ་གཏན་ཡེ་ཤེས་རྣམ་ཐར་དང་། ། ཏིང་ངེ་འཛིན་གྱི་ཕ་རོལ་ཕྱིན། ། སྙོམས་པར་འཇུག་དང་ཚད་མེད་ལ། ། རྐང་གཉིས་དམ་པ་ཤིན་ ཏུ་བསླབས། ། སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན། ། དེས་ནི་མི་མཁྱེན་གང་ཡང་མེད། ། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། ། གཟིགས་པ་ལ་ཡང་སྒྲིབ་པ་མེད། །
BOདེ་བཞིན་གཤེགས་པ་དེ་ལ་ངས། ། སངས་རྒྱས་ཞིང་གི་རྒྱ་དྲིས་ཏེ། ། སངས་ རྒྱས་ཞིང་གི་རྒྱ་ཆེ་བ། ། བསྐལ་པ་ཆེན་པོ་བདག་ལ་གསུངས། ། ཀུན་ནས་ཉོན་མོངས་རྣམ་པར་བྱང་། ། མ་ལུས་ཡང་དག་རབ་ཏུ་མཁྱེན། ། གང་རྣམས་ཁྱོད་ཀྱིས་མི་མཁྱེན་པ། ། དེ་འདྲའི་ཆོས་ནི་ཡོང་མ་མཆིས། ། སངས་རྒྱས་ཞིང་གི་སྐྱོན་རྣམས་དང་། ། ཡོན་ཏན་ཐམས་ཅད་རབ་ཏུ་མཁྱེན། ། སངས་རྒྱས་བསྟན་པ་རྒྱ་ཆེ་བ། ། རྐང་གཉིས་གཙོ་བོས་བཤད་དུ་གསོལ། ། སེམས་ཅན་རྣམས་ཀྱི་སྨིན་པ་དང་། ། ཇི་ལྟར་མི་རྣམས་འཚང་རྒྱ་བ། ། ཉོན་མོངས་གང་གིས་ཉོན་མོངས་པས། ། མི་མཁས་ འཁོར་བར་རབ་ཏུ་འཁོར། ། མི་རྣམས་གང་གིས་ཉོན་མོངས་པ། ། ཉོན་མོངས་དེ་དག་ཁྱོད་ཀྱིས་མཁྱེན། ། དེ་ཡི་ལམ་དང་བསམ་པ་རྣམས། ། འདྲེན་པ་ཁྱོད་ཀྱིས་རྣམ་པར་མཁྱེན། ། ཇི་ལྟར་ཏིང་འཛིན་འབྱུང་བ་དང་། ། བྱུང་ནས་ཇི་ལྟར་གནས་པ་དང་། ། ཇི་ ལྟར་དེ་ལས་ལྡང་བ་རྣམས། ། སྟོན་པ་ཁྱོད་ཀྱིས་རབ་ཏུ་མཁྱེན། ། བསམ་གཏན་རྣམས་དང་ཚད་མེད་པ། ། ཇི་སྙེད་ཏིང་ངེ་འཛིན་རྣམས་དང་། ། ཞི་གནས་དང་ནི་ལྷག་མཐོང་རྣམས། ། རྣམ་པ་ཐམས་ཅད་ཤིན་ཏུ་མཁྱེན། ། ཇི་ལྟར་ཆོས་ལ་འདོགས་པ་དང་། གང་ གི་རྐྱེན་གྱིས་བཤད་པ་ཡང་། །
BOདེ་ཡང་སྟོན་པས་རབ་མཁྱེན་ཏེ། ། དེ་ལ་ཐེ་ཚོམ་མི་མངའ་ཁྱོད། ། ཁྱོད་ཀྱིས་བསྐལ་པ་བྱེར་སྤྱད་པས། ། ཡེ་ཤེས་འདི་ལས་ངེས་པར་འབྱུང་། ། སྟོན་པས་སྟོབས་ཀྱི་མཐུ་ཡང་བརྙེས། ། དྲང་སྲོང་ཆེན་པོ་སྟོབས་དང་ལྡན། ། བསྐལ་པ་སྟོང་ ཕྲག་བྱེ་བ་ཡི། ། བདག་དང་ཕ་རོལ་རྣམས་ཀྱི་ཡང་། ། སྤྱོད་པ་དཔག་ཏུ་མ་མཆིས་ཤིང་། ། བསམ་གྱིས་མི་ཁྱབ་ཐམས་ཅད་མཁྱེན། ། གང་དུ་བྱང་ཆུབ་ཅི་འདྲ་བ། ། སྐྱེ་བ་ཐམས་ཅད་དུ་ཡང་འཇུག ། དེ་དག་མ་ལུས་འདྲེན་པ་ཡིས། ། ཇི་ལྟ་བུ་ཡང་རབ་ཏུ་མཁྱེན། ། གང་དུ་ ཇི་འདྲ་སྐྱེ་བ་དང་། ། གང་དུ་རིགས་ཀྱང་ཅི་འདྲ་བ། ། ཇི་ལྟར་ཀུན་དུ་སྤྱད་པ་རྣམས། ། དེ་དག་འདྲེན་པས་རབ་ཏུ་མཁྱེན། ། ཐ་མའི་ཆོས་རྣམས་ཅི་འདྲ་བ། ། འདྲེན་པས་འཁོར་བ་དེ་རྣམས་ཀྱང་། ། འགྲོ་བ་གང་དུ་སྐྱེ་བ་ནི། ། དེ་བཞིན་གཤེགས་པས་རབ་ཏུ་མཁྱེན། ། ཅི་འདྲ་བ་ཡི་ ཡེ་ཤེས་ཀྱིས། ། སྔོན་ཆད་རྣམ་པར་ལུང་བསྟན་པ། ། མཁས་པ་ཁྱོད་ཀྱིས་དེ་མཁྱེན་པས། ། དེ་ལ་ཐེ་ཚོམ་མི་མངའ་ཁྱོད། ། ཚུལ་ཁྲིམས་གང་དང་ཆོས་གང་དང་། ། ཅི་འདྲའི་སྤྱོད་པ་སྤྱད་པ་དང་། ། ཡེ་ཤེས་གང་ལ་ཞུགས་པ་ཡང་། ། དེ་དག་འདྲེན་པས་རབ་ ཏུ་མཁྱེན། ། གང་དང་གང་གི་ལས་ཀྱིས་སུ།
BO། སྐྱེ་བ་རྣམས་སུ་འགྲོ་བར་འགྱུར། ། རྣམ་སྨིན་ཅི་འདྲ་འཐོབ་པ་ཡང་། ། དེ་དག་མགོན་པོས་རབ་ཏུ་མཁྱེན། ། གང་དུ་གནས་པ་དེ་དག་གི། ། རྒྱུན་དུ་མཆི་བར་ངེས་པ་ཡང་། ། དེ་ཡང་ཁྱོད་ཀྱིས་མ་ལུས་མཁྱེན། ། དེ་ སླད་ཡིད་གཉིས་མི་མངའ་ཁྱོད། ། གང་གི་ལུས་ཀྱིས་སེམས་གང་སྐྱེས། ། དེ་ཡང་ཁྱོད་ཀྱིས་རྣམ་པར་མཁྱེན། ། སེམས་དེའི་རྒྱུ་ནི་གང་ལགས་པ། ། དེ་ཡང་འདྲེན་པས་ཤིན་ཏུ་མཁྱེན། ། སྔོན་ཆད་གནས་པ་མཁྱེན་པ་ནི། ། ཁྱོད་དང་འདྲ་བ་ཡོང་མ་མཆིས། ། སངས་རྒྱས་ བྱེ་བ་སྟོང་རྣམས་དང་། ། འདྲེན་པ་ཁྱོད་ནི་དེ་དང་འདྲ། ། སྲོག་ཆགས་སོ་སོའི་དགེ་བ་རྣམས། ། རྗེས་སུ་དྲན་པས་རབ་ཏུ་མཁྱེན། ། དེ་སླད་སངས་རྒྱས་ཆོས་རྣམས་ལ། ། འདྲེན་པའི་ཡེ་ཤེས་ཐོགས་མི་མངའ། ། གང་དང་གང་གིས་ལུས་ཀྱིས་སུ། ། ཇི་ལྟ་བུ་ཡི་རྒྱུད་དུ་ མཆི། ། དེ་ཡང་ཐམས་ཅད་མཁྱེན་པས་མཁྱེན། ། དེ་སླད་རྒྱལ་བས་ལྷག་མ་མཆིས། ། འདྲེན་པ་ཆོས་རྣམས་ཐམས་ཅད་ལ། ། ཁྱོད་ནི་ཐེ་ཚོམ་ཡོང་མི་མངའ། ། སེམས་ཅན་ཀུན་གྱི་སྤྱོད་ཡུལ་ཡང་། ། སངས་རྒྱས་སྤྱན་གྱིས་རབ་ཏུ་གཟིགས། ། སྐྱེ་བ་དང་ནི་འཆི་ འཕོ་མཁྱེན། ། ཁྱོད་འདྲ་བ་ནི་ཡོང་མི་གདའ། །
BOལྷར་བཅས་འཇིག་རྟེན་ཐམས་ཅད་ན། ། ཐུབ་པ་ཁྱོད་ལས་ལྷག་མ་མཆིས། ། ཟག་པ་ཟད་པའང་རབ་ཏུ་མཁྱེན། ། མ་ལུས་པ་ཡང་རྟོགས་པར་གྱུར། ། ཉོན་མོངས་ཐམས་ཅད་ཡོངས་སུ་སྤངས། ། ཁྱོད་ཀྱིས་བག་ཆགས་ ཀུན་ཀྱང་བཅོམ། ། སེམས་ཅན་ཀུན་གྱི་ཉོན་མོངས་དང་། ། སྤྱོད་པ་རྣམས་ཀྱང་འདྲེན་པས་མཁྱེན། ། གང་ལ་ཉོན་མོངས་སྤྱོད་ཡུལ་དང་། ། ཉོན་མོངས་འདི་དག་གར་འབྱུང་མཁྱེན། ། ཉོན་མོངས་དག་ལ་སྤྱད་པས་ན། ། བག་ཆགས་རྗེས་སུ་འཇུག་པ་རྣམས། ། དེ་ དག་ཀུན་ཀྱང་ཁྱེད་མཁྱེན་ཏེ། ། དེ་ལས་ཁྱོད་ནི་ཕ་རོལ་ཕྱིན། ། བདག་དང་ཕ་རོལ་རྣམས་ཀྱི་ཡང་། ། ཉོན་མོངས་གང་གིས་སྤོང་བ་ཡི། ། ལམ་དེ་རྣམས་ཀྱང་རབ་ཏུ་མཁྱེན། ། དེ་སླད་ཁྱོད་ནི་ལམ་ལ་མཁས། ། འཇིག་རྟེན་ཀུན་མགོན་རྣམ་འདྲེན་པ། ། མཐའ་ཡས་ བརྩོན་འགྲུས་དེ་བསྟོད་ནས། ། བསྐལ་བྱེ་ཁྲག་ཁྲིག་མཐའ་ཡས་པར། ། འགྲོ་བ་གཉིས་སུ་དེ་སྐྱེས་སོ། ། འདི་ནས་ལྷ་རིས་ང་སྐྱེས་ཏེ། ། རྟག་པར་ལྷ་ཡི་དབང་པོར་གྱུར། ། བྱེ་བ་མཐའ་ཡས་ལྷ་རྣམས་ལ། ། རྒྱལ་བའི་ཡེ་ཤེས་འཐོབ་པར་ བསྟན། ། ལྷ་ཡི་གནས་ནས་ཤི་འཕོས་ཏེ། ། མི་ཡི་དབང་པོ་རྒྱལ་པོར་གྱུར། ། སེམས་ཅན་ཁྲག་ཁྲིག་མཐའ་ཡས་པ། །
BOརྒྱལ་བའི་ཡེ་ཤེས་ཐོབ་པར་བསྟན། ། དེ་དག་ང་ཡི་ཆོས་ཐོས་ནས། ། བསྟི་སྟང་མཚུངས་མེད་བསྐྱེད་ནས་སུ། ། སེམས་ནི་ཐམས་ཅད་ ཉེར་གཞག་སྟེ། ། དྲི་མེད་སེམས་ཀྱིས་དེ་དག་ཉན། ། སེམས་ཅན་བྱེ་བ་མཐའ་ཡས་པ། ། བྱང་ཆུབ་མཆོག་ལ་ངེས་པར་གྱུར། ། ང་ཡི་ཚིག་ཐོས་རྟོགས་པ་ནི། ། སངས་རྒྱས་བྱང་ཆུབ་ངེས་པར་གྱུར། ། སངས་རྒྱས་བྱེ་བ་མཐའ་ཡས་པ། ། སངས་རྒྱས་ཞིང་གི་རྒྱ་ བཤད་ཀྱང་། ། བསྐལ་པ་ཁྲག་ཁྲིག་མཐའ་ཡས་སུ། ། རྒྱ་ཆེན་བཤད་པ་མི་ཟད་དོ། ། སངས་རྒྱས་ཡོན་ཏན་གང་བརྗོད་དང་། ། དྲང་སྲོང་ཆེན་པོས་ཞིང་བསྔགས་པ། ། ཐམས་ཅད་རང་བཞིན་སྟོང་པར་བཤད། ། དེ་དག་མ་སྐྱེས་མི་འགག་བསྟན། ། གང་འདིར་ སངས་རྒྱས་བསྔགས་པ་དང་། ། སངས་རྒྱས་ཡོན་ཏན་གང་བསྟན་དང་། ། བདེ་བར་གཤེགས་པས་ཞིང་བརྗོད་པ། ། གང་གིས་བཤད་པའང་དེ་དང་འདྲ། ། ཆོས་རྣམས་ཞི་བར་བདེ་གཤེགས་བཤད། ། ཞི་བའི་རང་བཞིན་དེ་མི་རྙེད། ། གང་ལ་བཤད་པ་དེ་ ཡང་སྟོང་། ། འདི་ལ་མགོན་མེད་འགྲོ་བ་མྱོས། །
BOདེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མོ་བློ་གྲོས་མཐའ་ཡས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས་བུད་མེད་ ཀྱི་དབང་པོ་ལས་གྱུར་ཏེ། དེ་ཕྱིན་ཆད་བུད་མེད་ཀྱི་ལུས་སུ་མི་སྐྱེ་བར་གྱུར་ཏོ། ། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་སྦྱང་བར་འདོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲུབ་པའི་སྟོང་པ་ཉིད་སྒྲིབ་པ་མེད་པ་ལ་བསླབ་པར་བྱའོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་ཏེ། འགུལ་རབ་ཏུ་ འགུལ། ཀུན་དུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག ། ཀུན་དུ་རབ་ཏུ་ལྡེག ། འཁྲུགས་རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས། འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ དུ་རབ་ཏུ་ཆེམ་ཆེམ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ།
BOནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། དབུས་དམའ་ན་མཐའ་མཐོ། མཐའ་དམའ་ན་དབུས་མཐོ་བར་གྱུར་ཏོ། ། སྲོག་ཆགས་ བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་དྲུག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཚད་མེད་པ་ཕྲག་བརྒྱ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། ། བྱང་ཆུབ་སེམས་ དཔའ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། སྲོག་ཆགས་སྟོང་ཕྲག་དཔག་ཏུ་མེད་པ་རྣམས་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུ་སྔོན་སེམས་མ་བསྐྱེད་པ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། བཅོམ་ལྡན་ འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ། །
BOའཕགས་པ་དཀོན་ མཆོག་འབྱུང་གནས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་{སྷོ,སོ}། ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་སྐད་གསར་ཆད་ཀྱིས་བཅོས་ནས་སླད་ཀྱིས་གཏན་ལ་ཕབ་པ། ། ། །