BO༄༅༅། ། རྒྱ་གར་སྐད་དུ། ཨཱརྱཱ་པྲ་ཏྱུད་པན་ནེ་བུད་དྷ་ས་མ་མུ་ཁ་ཨ་བ་སྠི་ཏ་ས་མཱ་དྷི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་ བཞུགས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་ གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ། རྣམ་པར་ཐར་པ་བརྒྱད་ཐོབ་པ་ཤ་ སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །
BOདེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ཞེས་བྱ་བ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་ ལྔ་བརྒྱ་ཙམ་ཐམས་ཅད་ཀྱང་ཁྱིམ་པར་གྱུར་ཅིང་བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བ་ཤ་སྟག་དང་ལྷན་ཅིག་ཏུ་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་བྱེད་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ཕྱེ་མ་རེད་ཀྱི་ དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འདུག་གོ། ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་པོ་དེ་དག་ཀྱང་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་དུ་འཁོད་དོ། ། དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་ཀྱང་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ནས།
BOབཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ། ། ཡང་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མཉན་ཡོད་ཀྱི་ གྲོང་ཁྱེར་ཆེན་པོར་དབྱར་གནས་ནས་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་རིམ་གྱིས་ཡུལ་རྒྱུ་ཞིང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་གང་ན་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་མངོན་པར་མཛད་པས་དགེ་སློང་གང་དག་ཡུལ་ སོ་སོ་ན་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།
BOབཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་མངོན་པར་མཛད་དོ། ། ཡང་དེའི་ཚེ་སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་དགེ་སློང་འབུམ་ལྷན་ཅིག་ཏུ་འདུས་ཏེ་འཁོད་པར་གྱུར་ཏོ། ། དེ་ནས་ དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ། མངོན་པར་མཛད་པས་སྐྱེ་དགུའི་བདག་མོ་ཆེན་མཱོ་གཽ་ཏ་མི་ལ་སོགས་པ་དགེ་སློང་མ་སུམ་ཁྲི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་མངོན་པར་མཛད་དོ། །
BOདེ་ནས་དེའི་ ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ལིད་ཙ་བཱི་གཞོན་ནུ་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ ནས་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕུག་སྦས་ཀྱང་གྲོང་ཁྱེར་ཆེན་པོ་ཙམ་པ་ཡ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ ནས།
BOབཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདམ་བུས་བྱིན་ཡང་གྲོང་ཁྱེར་ཆེན་པོ་བྭ་རཱ་ཎ་སཱི་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་ གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚམས་{བཟངས་,བཟང་}ཡང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།
BOབཅོམ་ལྡན་འདས་ ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེད་དཔོན་ཆེན་པོ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ ནས་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་ བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོས་བྱིན་ཡང་ཀོའུ་ཤམ་བིའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།
BOབཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་ཡང་གནས་བཅས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་ གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། རྒྱལ་པོ་མ་སྐྱེས་དགྲ་ཡང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་སུམ་ཁྲི་ཙམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་སྨྱིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། རྒྱལ་པོ་ཆེན་པོ་བཞི་ དང་། ལྷའི་དབང་པོ་བརྒྱ་བྱིན་དང་།
BOམི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་དཔལ་{བཟངས་ཀྱང་,བཟང་ཡང་}ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་ཡང་གནས་གཙང་མའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་དུ་མས་ཡོངས་སུ་ བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། ལྷ་མ་ཡིན་གྱི་དབང་པོ་བཞི་ཡང་ལྷ་མ་ཡིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག ། ཀླུའི་རྒྱལ་པོ་མ་དྲོས་ཀྱང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག །
BOཀླུའི་རྒྱལ་པོ་ གཟི་ཅན་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་མངོན་པར་མཛད་དོ། ། ཡང་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི། འདི་ནས་སྟེང་དུ་ཚངས་པའི་འཇིག་རྟེན་མན་ཆད་ཐ་ན་འཁར་བའི་རྩེ་མོ་ གཟུགས་པའི་ས་ཁྱོན་ཙམ་ཡང་དབང་ཆེ་བ་དབང་ཆེ་བར་གྲགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མ་གང་བ་གང་ཡང་མེད་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བཟང་སྐྱོང་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BOབཙུན་པ་གལ་ ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་ རངས་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་གང་ལ་གནས་ན་ཐོས་པ་རྒྱ་ མཚོ་འདྲ་བ་དང་། ཐོས་པ་བསྩགས་པ་རྣམས་སུ་གྱུར་པ་དང་། ནེམ་ནུར་མ་མཆིས་པ་དང་། ཐེ་ཚོམ་མ་མཆིས་པ་དང་། ཡིད་གཉིས་མ་མཆིས་པ་རྣམས་སུ་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་མི་ཉམས་པ་རྣམས་ སུ་འགྱུར་བ་དང་། མི་ངལ་བ་རྣམས་སུ་མི་སྐྱེ་བ་དང་།
BOསྐྱེ་བ་དྲན་པ་རྣམས་སུ་འགྱུར་བ་དང་། ཐ་ན་རྨི་ལམ་དུ་ཡང་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བ་རྣམས་སུ་འགྱུར་བ་དང་། གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་ཅིང་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་རྣམས་ སུ་འགྱུར་བ་དང་། རིགས་མཐོ་བ་དང་རིགས་ཆེ་བ་རྣམས་སུ་འགྱུར་བ་དང་། གཡོག་འཁོར་མང་ཞིང་གཡོག་འཁོར་མི་ཕྱེད་པ་རྣམས་སུ་འགྱུར་བ་དང་། རྟོགས་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། དྲན་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བློ་གྲོས་དང་ ལྡན་པ་རྣམས་སུ་འགྱུར་བ་དང་། དཔལ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བརྟན་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། རྫུ་འཕྲུལ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ཤེས་རབ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བསོད་ནམས་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ང་རྒྱལ་བཅག་པ་རྣམས་སུ་འགྱུར་བ་དང་། བྱམས་པ་ལ་གནས་པ་རྣམས་སུ་འགྱུར་བ་དང་། ཡེ་ཤེས་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བློ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བརྩོན་འགྲུས་དང་ལྡན་པ་རྣམས་ སུ་འགྱུར་བ་དང་། མ་ཞུམ་པ་རྣམས་སུ་འགྱུར་བ་དང་།
BOདོན་གྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཆོས་ཀྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཞི་གནས་ཀྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ལྷག་མཐོང་གི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། བསམ་ གཏན་གྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཏིང་ངེ་འཛིན་གྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཤེས་རབ་ཀྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ཀྱིས་མི་སྐྲག་མི་དངང་དངང་བར་མི་ འགྱུར་བ་རྣམས་སུ་འགྱུར་བ་དང་། གཡང་ས་ཆེན་པོར་མི་ལྟུང་བའི་སྟེང་དུ་ཆོས་རབ་ཏུ་འཛིན་པ་དང་། ཆོས་སྨྲ་བ་ཆེན་པོ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་སེམས་ཀྱིས་སྨོན་པ་དེ་དང་དེར་སྐྱེ་བ་དང་། མུ་སྟེགས་ཅན་གྱི་གནས་ཐམས་ཅད་ཀྱིས་ ཡོངས་སུ་མི་ཟིན་པ་རྣམས་སུ་འགྱུར་བ་དང་། རྒྱུའི་སྟོབས་ཅན་རྣམས་སུ་འགྱུར་གྱི་རྐྱེན་གྱི་སྟོབས་ཅན་རྣམས་སུ་མི་འགྱུར་བ་དང་། བསམ་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། སྦྱོར་བའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། དབང་པོའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་།
BOདམིགས་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། ངེས་པར་སེམས་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། ཞི་གནས་ཀྱི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། རྣམ་པར་ལྟ་བའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། མོས་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། སྨོན་ལམ་ གྱི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། བསམ་པ་ཡོངས་སུ་མི་ཟད་པ་རྣམས་སུ་འགྱུར་བ་དང་། ཐོས་པ་རྒྱ་མཚོ་དང་མཚུངས་པས། རྒྱ་མཚོ་ཆུ་གཏེར་ལྟ་བུ་རྣམས་སུ་འགྱུར་བ་དང་། དཀར་པོའི་ཆོས་ཡོངས་སུ་རྫོགས་པས་ཟླ་བ་ལྟ་བུ་རྣམས་སུ་འགྱུར་བ་དང་། མི་ཤེས་ པའི་མུན་པ་བསལ་བས་ཉི་མ་ལྟ་བུ་རྣམས་སུ་འགྱུར་བ་དང་། སྣང་བར་བྱེད་པས་མར་མེ་ལྟ་བུ་རྣམས་སུ་འགྱུར་བ་དང་། ཤིན་ཏུ་མི་གོས་པས་བར་སྣང་ལྟ་བུ་རྣམས་སུ་འགྱུར་བ་དང་། སེམས་ནམ་མཁའ་དང་མཚུངས་པས་མི་གནས་པ་རྣམས་སུ་འགྱུར་བ་དང་། ཆོས་ ཐམས་ཅད་ངེས་པར་རྟོགས་པས་རྡོ་རྗེ་ལྟ་བུ་རྣམས་སུ་འགྱུར་བ་དང་། མཐུ་བརྟན་པས་རི་ལྟ་བུ་རྣམས་སུ་འགྱུར་བ་དང་། མི་གཡོ་བས་བརྟན་པའི་ཆོས་རྣམས་སུ་འགྱུར་བ་དང་། ལེགས་པར་གནས་པས་སྒོའི་ཐེམ་པ་ལྟ་བུ་རྣམས་སུ་འགྱུར་བ་དང་། སེམས་ལས་སུ་རུང་བས་བྱི་ལའི་ པགས་པ་ལྟ་བུ་རྣམས་སུ་འགྱུར་བ་དང་།
BOབྱ་ལྟར་གང་དང་གང་དུ་འདོད་པར་འགྲོ་བས་ཡོངས་སུ་འཛིན་པ་མ་མཆིས་པ་རྣམས་སུ་འགྱུར་བ་དང་། གདོལ་བུ་ལྟ་བུར་ང་རྒྱལ་བཅག་པ་རྣམས་སུ་འགྱུར་བ་དང་། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། ཡུལ་འཁོར་དང་། ཕོ་ བྲང་འཁོར་ལ་མངོན་པར་དགའ་བ་མི་སྐྱེད་པ་དང་། {རི་དགས་,རི་དྭགས་}དང་། སྤྲེའུ་དང་མཚུངས་པས་དགོན་པ་ལ་མངོན་པར་དགའ་བ་རྣམས་སུ་འགྱུར་བ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་ལྷན་ཅིག་ཏུ་མི་སྟེན་པས་མ་འདྲེས་པ་རྣམས་སུ་འགྱུར་བ་དང་། ཚོགས་ཡོངས་ སུ་སྡུད་པས་ཚོགས་ཀྱི་སྟོན་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱིས་མི་བསྐྱོད་པ་རྣམས་སུ་འགྱུར་བ་དང་། བདུད་ཐམས་ཅད་ཀྱིས་གདུལ་དཀའ་བ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ཤིན་ཏུ་ངེས་པར་ཤེས་པས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་སུ་འགྱུར་བ་དང་། བྱམས་པ་ཆེན་པོ་རབ་ཏུ་མི་གཡོ་བས་ཟིལ་ཀྱིས་གནན་པར་དཀའ་ཞིང་བསམ་པ་བརྟན་པ་རྣམས་སུ་འགྱུར་བ་དང་། དམིགས་སུ་མེད་ པ་ལ་སྤྱད་ཅིང་བརྗོད་དུ་མེད་པའི་སྤྱོད་ཡུལ་དང་ལྡན་པས་ལྷག་པའི་བསམ་པ་ཟབ་པ་རྣམས་སུ་འགྱུར་བ་དང་།
BOཆོས་ཀྱི་ཤུགས་ཀྱི་དགའ་བས་བག་ཡོད་པ་མང་ཞིང་བསམ་པ་མཉེན་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་རིམ་གྲོའི་ལས་བགྱིད་ པས་ལྷག་པའི་བསམ་པ་རྒྱ་ཆེ་བ་རྣམས་སུ་འགྱུར་བ་དང་། དགེ་བའི་རྩ་བ་སྣ་ཚོགས་ཡང་དག་པར་བསྒྲུབས་པས་ལྷག་པའི་བསམ་པ་སྣ་ཚོགས་རྣམས་སུ་འགྱུར་བ་དང་། རྒྱན་གྱིས་བརྒྱན་པ་རྣམ་པར་དག་པས་ལྷག་པའི་བསམ་པ་དགེ་བ་རྣམས་སུ་འགྱུར་བ་དང་། རྫུན་དང་ཁོང་ཁྲོ་བའི་ སྐྱོན་སྤངས་པས་ལྷག་པའི་བསམ་པ་བཟང་པོ་རྣམས་སུ་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་ཐོབ་པས་ལྷག་པའི་བསམ་པ་ཡོངས་སུ་དག་པ་རྣམས་སུ་འགྱུར་བ་དང་། སེམས་དང་ཞིང་ཐ་བ་མེད་ལ་ཤེས་རབ་རྒྱས་པ་ཡོངས་སུ་བཟུང་བས་ཡིད་བདེ་བའི་ལྷག་པའི་ བསམ་པ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་གྱིས་བརྒྱན་པ་རྣམ་པར་དག་པས་བཀོད་པ་ཆེན་པོ་ལ་སྤྱད་པའི་ལྷག་པའི་བསམ་པ་རྣམས་སུ་འགྱུར་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཡིད་ལ་བགྱི་བ་དང་བྲལ་བས། ཚུལ་ཁྲིམས་ཡོངས་སུ་དག་པ་ རྣམས་སུ་འགྱུར་བ་དང་། བརྩམས་པ་ཐམས་ཅད་ཉམས་སུ་ལོན་པས་ཡི་དམ་ལ་བརྟན་པ་རྣམས་སུ་འགྱུར་བ་དང་།
BOསེམས་ཅན་ཐམས་ཅད་དགེ་བའི་ཆོས་རྗེས་སུ་སྤྱོད་པའི་སྔོན་དུ་འགྲོ་བ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་རྣམས་དང་ཕ་རོལ་ཏུ་ ཕྱིན་པ་རྣམས་ལ་ཡོངས་སུ་མི་འཇིགས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕྱིར་མི་ལྡོག་པ་རྣམས་སུ་འགྱུར་བ་དང་། བདུད་དང་མུ་སྟེགས་ཅན་གཞན་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་རྣམས་སུ་འགྱུར་བ་དང་། ཡིད་ལ་བྱེད་པ་རྣམས་ སངས་རྒྱས་ཀྱི་ཆོས་རྣམས་ལ་གཞོག་པས་ཆོས་ཐམས་ཅད་ལ་མོས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ལ་ཕར་འདུ་ཤེས་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ལ་སྣང་བ་སྐྱེས་པས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པས་ཤེས་པ་སྒྲིབ་པ་མེད་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ལ་རློམ་སེམས་མེད་པས་སྒྱུ་མའི་སྐྱེས་བུ་ལྟ་བུ་རྣམས་སུ་འགྱུར་བ་དང་། མ་སྐྱེས་མ་འོངས་ཤིང་འགྲོ་བ་མེད་པའི་ཆོས་དང་ལྡན་པས་སྤྲུལ་པ་ལྟ་བུ་རྣམས་སུ་འགྱུར་བ་དང་། དུས་གསུམ་ལ་རྟོག་པས་རྨི་ལམ་ལྟ་བུ་རྣམས་སུ་འགྱུར་བ་དང་།
BOའཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རང་གི་ལུས་ཡང་དག་པར་སྟོན་པས་གཟུགས་བརྙན་ལྟ་བུ་རྣམས་སུ་འགྱུར་བ་དང་། འཕོ་བ་མེད་ཅིང་མི་གནས་ལ་རྟེན་པ་མེད་པའི་ཆོས་ཅན་པས་བྲག་ཅ་ལྟ་བུ་རྣམས་སུ་འགྱུར་བ་ དང་། འཆི་འཕོ་དང་། སྐྱེ་བ་ཐམས་ཅད་ལ་གྲིབ་མ་ལྟ་བུ་རྣམས་སུ་འགྱུར་བ་དང་། དངོས་པོའི་འདུ་ཤེས་སྤངས་པས་དངོས་པོ་མེད་པར་ཤེས་པ་ལ་གནས་པ་རྣམས་སུ་འགྱུར་བ་དང་། གཉིས་ལ་ཀུན་ཏུ་སྤྱོད་པ་མེད་པས་མཚན་ཉིད་མེད་པའི་ཆོས་ལ་གཞོལ་བ་རྣམས་སུ་འགྱུར་བ་དང་། བྱང་ ཆུབ་ཀྱི་སེམས་ཚད་མེད་པས། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་རྣམས་སུ་འགྱུར་བ་དང་། སེམས་ཀྱི་རྒྱུད་མི་གཡོ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་གཡོ་བ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མི་ཆགས་པའི་སྤྱོད་ཡུལ་དང་ལྡན་པ་ རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་ལ་མཁས་པས་གཟུངས་ཀྱི་སྒོར་ཞུགས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་གྱུར་པས་ཆོས་ཀྱི་སྣོད་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་བརྟན་པས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སུ་འགྱུར་བ་དང་།
BOཁྱུ་མཆོག་དང་སེང་གེའི་སྒྲ་སྒྲོགས་པས་བག་ཚ་བ་མེད་པ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་པ་ཐམས་ཅད་ཡང་དག་པར་དགའ་བར་བྱེད་པས་འཇིགས་པ་མེད་པ་རྣམས་སུ་འགྱུར་བ་དང་། སངས་ རྒྱས་ཐམས་ཅད་དང་མཉམ་པས་རྨོངས་པ་མེད་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་ཅིང་ཐེ་ཚོམ་དང་བྲལ་བས་དེ་བཞིན་ཉིད་རབ་ཏུ་རྟོགས་པ་རྣམས་སུ་འགྱུར་བ་དང་། དྲིས་པ་ཐམས་ཅད་ལུང་བསྟན་པ་ལ་སྲིད་པ་དང་དུས་གསུམ་ སྟོན་ནུས་པ་རྣམས་སུ་འགྱུར་བ་དང་། སྙིང་རྗེ་ཆེན་པོ་ཐོབ་པས་ཕན་པ་འདོད་པ་རྣམས་སུ་འགྱུར་བ་དང་། ཆོས་སྟོན་པ་ལ་ངལ་བ་མེད་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ལ་གནས་པ་རྣམས་སུ་འགྱུར་བ་དང་། སྒྱུ་མེད་པས་གཡོ་མེད་པ་ རྣམས་སུ་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་སྒྲོན་མར་གྱུར་པས་དྲང་པོ་རྣམས་སུ་འགྱུར་བ་དང་། ཁམས་གསུམ་ཐམས་ཅད་ན་ཚད་མེད་པ་རྣམས་སུ་འགྱུར་བ་དང་། ཐ་སྙད་ཙམ་དུ་རྣམ་པར་དཔྱོད་པས་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་སུ་འགྱུར་བ་དང་། གཞི་མེད་ པ་ལ་དགའ་བས་མ་འདྲེས་པར་གནས་པ་རྣམས་སུ་འགྱུར་བ་དང་།
BOརྣམ་པར་མི་རྟོག་པའི་ཆོས་ཅན་པས་ཡང་དག་པའི་མཐའ་ལ་གནས་པ་རྣམས་སུ་འགྱུར་བ་དང་། ཐེག་པ་ཆེན་པོ་ལ་སེམས་ཅན་ཐམས་ཅད་གཞོག་པས་ཐམས་ཅད་མཁྱེན་པའི་གཏམ་ཡང་དག་པར་སྟོན་པ་རྣམས་སུ་ འགྱུར་བ་དང་། འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་ཐམས་ཅད་དང་བྲལ་བས་མི་འཇིགས་པ་ཐོབ་པ་རྣམས་སུ་འགྱུར་བ་དང་། མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ་དེ་བཞིན་གཤེགས་པའི་དགོངས་ཏེ་གསུངས་པ་ལ་མཁས་པ་རྣམས་སུ་འགྱུར་བ་དང་། འཁོར་ཐམས་ཅད་ཀྱི་ནང་དུ་ ཉེ་བར་འགྲོ་བས་བཞིན་ཀུན་ཏུ་སྟོན་པ་རྣམས་སུ་འགྱུར་བ་དང་། ཐེག་པ་ཆེན་པོ་ལ་འཇིག་རྟེན་པ་ཐམས་ཅད་ཀྱིས་མཆོད་ཅིང་ཐམས་ཅད་མཁྱེན་པ་ལྟར་བསོད་ནམས་ཀྱི་བདག་པོ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་པ་ཐམས་ཅད་ཀྱི་སྦྱིན་གནས་སུ་གྱུར་པས་ཡོན་ཏན་ཟད་མི་ཤེས་པ་ རྣམས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་དགའ་བ་དང་། དད་པ་ཆེན་པོ་རབ་ཏུ་རྙེད་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་དྲི་བ་ལ་དགེ་བའི་སྤོབས་པ་ཅན་རྣམས་སུ་འགྱུར་བ་དང་། འཁོར་གྱི་ནང་དུ་འཇིགས་ཤིང་ བག་ཚ་བ་སྤངས་པས་ཡིད་སྤ་མི་འགོང་བ་རྣམས་སུ་འགྱུར་བ་དང་།
BOཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པས་སྨྲ་བའི་སྟག་ལྟ་བུ་རྣམས་སུ་འགྱུར་བ་དང་། ཕ་རོལ་གྱི་ཕྱོགས་ཐམས་ཅད་འཇོམས་པས་དམ་བཅས་པ་མ་ཉམས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ ཅད་ཀྱིས་གནང་བས་ཆོས་ཀྱི་འབེལ་བའི་གཏམ་གཏན་ལ་འབེབས་པའི་ཕྱིར། སེང་གེའི་སྒྲ་སྒྲོག་ཅིང་སེང་གེའི་ཁྲི་ལ་འདུག་པ་མང་བ་རྣམས་སུ་འགྱུར་བ་དང་། ཡང་དག་པར་བརྗོད་པ་ལ་འཇུག་པ་ཐམས་ཅད་རབ་ཏུ་རྟོགས་པས། འཇིག་རྟེན་རྒྱང་པན་པ་ཐམས་ཅད་མ་བསྟན་པ་ རྣམས་སུ་འགྱུར་བ་དང་། སངས་རྒྱས་སུ་འགྱུར་བའི་རྒྱུ་ལ་གནས་པས་དམ་པའི་ཆོས་སྨྲ་བ་རྣམས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཞབས་འབྲིང་བགྱིད་པས་ཆོས་འདོད་པ་རྣམས་སུ་འགྱུར་བ་དང་། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བགྱིད་པས་མི་སྐྱོ་བ་རྣམས་ སུ་འགྱུར་བ་དང་། ཕྱོགས་བཅུར་རྣམ་པར་རྒྱུ་བས་གནས་མ་མཆིས་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པས་སྨོན་ལམ་འདེབས་པ་རྣམས་སུ་འགྱུར་བ་དང་། རིན་པོ་ཆེའི་མཆོག་ལ་ངལ་སོས་པར་བགྱིད་པ་ལ་མཁས་པས། ཆོས་ཀྱི་ རྒྱ་མཚོར་ཞུགས་པ་རྣམས་སུ་འགྱུར་བ་དང་།
BOའཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མི་གཡོ་བ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་གྱིས་རྣམ་པར་རོལ་པ་སྤྱོད་པས་ཆོ་འཕྲུལ་ཆེན་པོ་མྱོང་བ་ རྣམས་སུ་འགྱུར་བ་དང་། སངས་རྒྱས་བལྟ་བ་སེམས་ཀྱི་སྐད་ཅིག་གཅིག་ལ་རག་ལས་པ་རྣམས་སུ་འགྱུར་བ་དང་། ཆོས་ལ་གུས་པ་རྙེད་པས་ཡེ་ཤེས་ཀྱིས་བསྐོར་བ་རྣམས་སུ་འགྱུར་བ་དང་། ཆོས་ཀྱི་སྐུ་དང་འདྲ་བར་རྟོགས་པས་ནམ་མཁའ་ལྟ་བུ་རྣམས་སུ་ གྱུར་བ་དང་། སངས་རྒྱས་ཀྱི་གདུང་མི་འཆད་པར་བགྱིད་པས་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་འཛིན་དུ་འཇུག་པ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱུན་མི་གཅོད་པ་རྣམས་སུ་འགྱུར་བ་དང་། ལེགས་པར་གནས་ཤིང་མྱུར་བའི་ཅང་ཤེས་ པས་གོ་ཅ་ཆེན་པོ་བགོས་པ་རྣམས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་ས་ལ་ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་བས་དབང་བསྐུར་བ་རྣམས་སུ་འགྱུར་བ་དང་། བགྲང་བའི་ཚུལ་གྱིས་ཆོག་ཤེས་པས་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་རབ་ཏུ་ རྟོགས་པ་རྣམས་སུ་འགྱུར་བ་དང་།
BOགྲངས་ཀྱི་རྣམ་པ་ཐམས་ཅད་ཉེ་བར་རྟོགས་པས་འཇིག་པ་དང་འཆགས་པ་ཐམས་ཅད་ལ་མཁས་པ་རྣམས་སུ་འགྱུར་བ་དང་། གཏོང་བ་ཐམས་ཅད་ལ་ནན་ཏན་བགྱིད་པས་མི་གནས་ཤིང་ལེན་པ་མ་མཆིས་པ་རྣམས་སུ་འགྱུར་བ་དང་། འགྱོད་པ་ མེད་པའི་སྦྱིན་བདག་ཆེན་པོར་གྱུར་པས་གཏོང་བ་ལ་མཁས་པ་རྣམས་སུ་འགྱུར་བ་དང་། སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱེ་བའི་གནས་རྣམས་དོན་དུ་མི་གཉེར་བ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་ རྒྱས་ཀྱི་ཞིང་དག་མཐོང་ཞིང་ཆོས་ཀྱང་ཉན་ལ་དེ་ཡང་འཛིན་ཅིང་མི་བསྐྱུད་ལ། ལྔ་མངོན་པར་ཤེས་པ་ཡང་མ་ལགས། དྲུག་མངོན་པར་ཤེས་པ་ཡང་མ་ལགས་ཤིང་། བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་ཏེ། སངས་རྒྱས་ཀྱི་ཞིང་དེ་ དག་ན་གནས་པ་ཡང་མ་ལགས་ལ། བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གནས་བཞིན་དུ་སངས་རྒྱས་རྣམས་ཀྱང་མཐོང་ལ་ཆོས་ཀྱང་ཉན་ཅིང་། དེ་ཐམས་ཅད་ཀྱང་ཀུན་ཏུ་ཤེས་ཏེ། ཇི་ལྟར་བདག་ད་ལྟར་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་མཆིས་ བཞིན་དུ་ཐེ་ཙོམ་དང་ནེམ་ནུར་མ་མཆིས་པ་དེ་བཞིན་དུ།
BOབྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་ཞིང་། ཆོས་ཉན་པ་དང་མི་འབྲལ་བ་རྣམས་སུ་འགྱུར་བའི་ཏིང་ངེ་འཛིན་གང་ལགས། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་དང་ པོའོ། ། ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ལེགས་སོ་ལེགས་སོ། ། ཡང་བཟང་སྐྱོང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་ དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཤིང་། བཟང་སྐྱོང་ཁྱོད་དེ་ལྟར་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ། ། བཟང་སྐྱོང་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་དགེ་བའི་རྩ་ བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་དོན་དུ་གཉེར་བ་ཆོས་འདོད་པ་མི་དམིགས་པར་ཚངས་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་སློབ་པར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་དགའ་ བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ།
BOབྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་འཛིན་དུ་འཇུག་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་གཟེངས་སྟོད་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ལུང་འབོག་པ། བྱང་ཆུབ་སེམས་དཔའ་རྣམས་ ལ་སྒྲུབ་པར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པར་འདོད་པ། སྙིང་རྗེ་ཆེ་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། སངས་རྒྱས་མཐོང་བ་སྨོན་ལམ་རྒྱ་ཆེ་བ། སྤྱོད་ཡུལ་ཟབ་པ། ཐམས་ ཅད་མཁྱེན་པ་སེམས་པ། བྱང་ཆུབ་ཡང་དག་པར་འཛིན་པ། དེ་བཞིན་གཤེགས་པའི་གདུང་སྟོན་པ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུ་དང་མཉམ་ཞིང་མཚུངས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཀུན་ཏུ་སྤྱོད་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་དང་མངོན་ སུམ་དུ་གནས་པ་སྟེ། བཟང་སྐྱོང་ཁྱོད་ཀྱི་ཡོན་ཏན་བརྗོད་ན་ལྟ་མཐར་མི་ཕྱིན་ཏོ། ། བཟང་སྐྱོང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་བཟུང་ཞིང་མ་བརྗེད་ལ། རྣ་བླགས་ཏེ་ཉན་ཅིང་སེམས་མི། གཡེང་བ་རྙེད་ན། ཡོན་ཏན་ གྱི་ཁྱད་པར་དེ་དག་རྙེད་པ་མི་དཀའ་བར་འགྱུར་རོ། །
BOདེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་དེ་བས་ན་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་དེ་བཤད་པར་གསོལ། དེ་ནི་ སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མིའི་དོན་དང་། སྨན་པ་དང་བདེ་བར་འགྱུར་ཞིང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་སྣང་བ་ཆེན་ པོ་བགྱིས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། ། བཅོམ་ལྡན་འདས་དེ་བཞིན་ ནོ། ། ཞེས་གསོལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ཆོས་ གཅིག་ལ་ཀུན་ཏུ་བསྟེན་ངེས་པར་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས། ལམ་དུ་བྱས།
BOགཞིར་བྱས། ཡང་དག་པར་བསླང་། ལེགས་པར་བྱང་བ་བྱས། ཤིན་ཏུ་ཡོངས་སུ་སྦྱངས། ཤིན་ཏུ་མཉམ་པར་བཞག ། ཤིན་ཏུ་ཡང་དག་པར་བརྩམས་ན་ཡོན་ཏན་ཐམས་ཅད་ཁྱད་ པར་དུ་འཕགས་པར་འགྱུར་རོ། ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། མང་དུ་ཐོས་པ་སྔོན་དུ་འགྲོ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། ། བཟང་སྐྱོང་དེ་ལ་ད་ལྟར་གྱི་སངས་རྒྱས་ མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་དམིགས་པའི་སེམས་ཡིད་ལ་བྱེད་པ། སེམས་མི་གཡེང་བ། དྲན་པ་ཉེ་བར་གནས་པ་དང་ཤེས་རབ་ཐོབ་པ། བརྩོན་འགྲུས་མི་གཏོང་བ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་ བཀུར་བྱེད་པ། སྟོང་པ་ཉིད་ལ་ཀུན་ཏུ་སྟེན་པ། སྒོམ་པ་མང་དུ་བྱེད་པ། སྒྲིབ་པ་རྣམས་སྤོང་བ། རྨུགས་པ་དང་གཉིད་རྣམ་པར་སྤོང་བ། གཏམ་ཡོངས་སུ་སྤོང་བ། སྡིག་པའི་གྲོགས་པོ་རྣམས་རྣམ་པར་སྤོང་བ། དགེ་བའི་བཤེས་གཉེན་རྣམས་ལ་ངེས་པར་སྟེན་པ། དབང་ པོ་རྣམས་མི་གཡེང་བ། ཟས་ཀྱི་ཚོད་ཤེས་པ། ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་མི་ཉལ་བའི་བརྩོན་འགྲུས་དང་ལྡན་པ། གོས་དང་། ཟས་དང་།
BOམལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ལ་མི་ཆགས་པ། དགོན་པ་ལ་གནས་པ་མི་གཏོང་བ། ལུས་ལ་ཆེད་ ཆེར་མི་བྱེད་པ། སྲོག་ལ་མི་ལྟ་བ། ལུས་གཏོང་བ། སེམས་ཅན་ལ་ཕན་འདོགས་པ། གཉེན་རྣམས་ཡོངས་སུ་སྤོང་བ། སྐྱེས་པའི་ས་རིང་དུ་བྱེད་པ། བྱམས་པ་ལ་ཀུན་ཏུ་སྟེན་པ། སྙིང་རྗེ་ཐོབ་པ། དགའ་བ་ལ་གནས་པ། བཏང་སྙོམས་སྒོམ་པ། ཉེ་བའི་ཉོན་མོངས་ པ་རྣམས་ཡོངས་སུ་སྤོང་བ། བསམ་གཏན་རྣམས་སྒྲུབ་ཅིང་། དེ་དག་གི་རོ་མྱོང་བར་མི་བྱེད་པ། གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་པ། མི་སྡུག་པའི་འདུ་ཤེས་རྙེད་པ། དྲན་པ་མི་གཡེང་བ་ཕུང་པོ་རྣམས་ཡོངས་སུ་མི་འཛིན་པ། ཁམས་རྣམས་ལ་རློམ་སེམས་མེད་པ། སྐྱེ་མཆེད་རྣམས་ལ་མངོན་པར་མི་ཆགས་པ། རིགས་སྨྲ་བས་སྙེམས་པར་མི་བྱེད་པ། ང་རྒྱལ་ཚར་གཅོད་པ། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ། སེམས་ཅན་ལ་ཕན་པའི་གཞིར་གྱུར་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སེམས་ཅན་ཐམས་ཅད་མི་གཏོང་བ། སེམས་ཅན་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་པ། སེམས་ཅན་ཐམས་ཅད་ལ་བདག་ཏུ་འདུ་ཤེས་པ། སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་པ། ཕར་འདུ་ཤེས་པ། བུར་འདུ་ཤེས་པ། གཉེན་དུ་འདུ་ཤེས་པ།
BOསེམས་ཅན་ཐམས་ཅད་ལ་ཉོན་མོངས་པ་མེད་པར་འདུ་ཤེས་ པ། དངོས་པོ་ཐམས་ཅད་ཡོངས་སུ་མི་འཛིན་པ། ཚུལ་ཁྲིམས་མཆོག་ཏུ་མི་འཛིན་པ། ཏིང་ངེ་འཛིན་ལ་ངེས་པར་སྟེན་པ། མང་དུ་ཐོས་པ་འདོད་ཅིང་དེས་ཀྱང་རློམ་སེམས་སུ་མི་བྱེད་པ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སྐྱོན་མེད་པ། ཏིང་ངེ་འཛིན་གྱི་ཕུང་པོ་ལ་གཡོ་བ་མེད་པ། ཆོས་ རྣམས་ལ་ཐེ་ཙོམ་མེད་པ། སངས་རྒྱས་དང་འཐུན་པ། ཆོས་མི་སྤོང་བ། དགེ་འདུན་མི་འབྱེད་པ། ཕྲ་མའི་ཚིག་སྤོང་བ། འཕགས་པ་རྣམས་ཀྱི་དྲུང་དུ་ཉེ་བར་འགྲོ་ཞིང་དེ་དག་ལ་བསྙེན་བཀུར་བྱེད་པ། བྱིས་པ་རྣམས་རྣམ་པར་སྤོང་བ། འཇིག་རྟེན་པའི་གཏམ་ལ་མངོན་པར་མི་དགའ་ཞིང་ མི་འདོད་ལ་རིང་དུ་བྱེད་པ། འཇིག་རྟེན་ལས་འདས་པའི་གཏམ་ལ་མངོན་པར་དགའ་ཞིང་འདོད་ལ་འདུན་ཅིང་སྟེན་པ། གཏམ་རྒྱུད་མ་ཡིན་པ་རྣམ་པར་སྤོང་བ། དགའ་བར་བྱེད་པའི་ཆོས་དྲུག་ལ་སྟེན་པ། སྙན་པ་རྣམས་སྨྲ་བ། སྒྲིབ་པ་ལྔ་སྤོང་བ། རྣམ་པར་གྲོལ་ བའི་སྐྱེ་མཆེད་ལྔ་ལ་སྟེན་པ། ཕུང་པོ་ལྔ་ཡོངས་སུ་ཤེས་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་སྤོང་བ། དགེ་བ་བཅུའི་ལས་ཀྱི་ལམ་སྒོམ་པ་སྟོབས་བཅུ་སྒྲུབ་པ། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་རྣམ་པར་སྦྱོང་བ།
BOའདུ་ཤེས་དགུ་རྣམ་པར་འཇིག་པ། ལེ་ལོའི་ དངོས་པོ་བརྒྱད་རྣམ་པར་སྤོང་བ། བརྩམས་པའི་དངོས་པོ་བརྒྱད་ལ་ངེས་པར་སྟེན་པ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ལ་ཀུན་ཏུ་སྟེན་པ། རྣམ་པར་གྲོལ་བ་བརྒྱད་སྒོམ་པ། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཐོབ་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ འཐུན་པ། བསམ་གཏན་ལ་མི་ཆགས་པ། ཐོས་པས་རློམ་སེམས་མི་བྱེད་པ། ང་རྒྱལ་བཅོམ་པ། ཆོས་ཉན་པར་འདོད་པ། ཆོས་འདོད་པ། ཆོས་དོན་དུ་གཉེར་བ། ཆོས་ལ་འདུན་པ། ཆོས་ལ་ཕྱོགས་པ། ཆོས་ལ་འབབ་པ། ཆོས་ལ་གཞོལ་བ། ཆོས་ལ་བརྩོན་ པ། བདག་ཏུ་འདུ་ཤེས་པས་རློམ་སེམས་སུ་མི་བྱེད་པ། སེམས་ཅན་དུ་འདུ་ཤེས་པ་སྤོང་བ། སྲོག་ཏུ་འདུ་ཤེས་པ་མི་དམིགས་པ། གང་ཟག་ཏུ་འདུ་ཤེས་པ་ཡོངས་སུ་སྤོང་བ། ཕུང་པོར་འདུ་ཤེས་པ་རྣམས་སེལ་བ། དངོས་པོར་འདུ་ཤེས་པ་ལ་མི་གནས་པ། མྱ་ངན་ལས་འདའ་ བ་མི་འདོད་པ། ཕུང་པོ་རྣམས་མི་འདོད་པ། འཁོར་བ་ལ་མི་བཟད་པའི་འཇིགས་པར་འདུ་ཤེས་པ། ཕུང་པོ་རྣམས་ལ་གཤེད་མར་འདུ་ཤེས་པ། ཁམས་རྣམས་ལ་སྦྲུལ་གདུག་པར་འདུ་ཤེས་པ། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ། ཁམས་གསུམ་ལ་མི་བདེ་བར་ འདུ་ཤེས་པ།
BOམྱ་ངན་ལས་འདས་པ་ལ་ཕན་ཡོན་དུ་ལྟ་བ། འདོད་པ་རྣམས་ལ་མཆིལ་མའི་ཐལ་བ་ལྟར་སྤོང་བར་འདུ་ཤེས་པ། ཟས་ལ་མི་འཐུན་པར་འདུ་ཤེས་པ། མངོན་པར་འབྱུང་བ་ལ་གཞོལ་བ། ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་བ། བུ་དང་བུ་མོ་རྣམས་ལ་དགྲར་ འདུ་ཤེས་པ། ཆུང་མ་ལ་སྲིང་མོར་འདུ་ཤེས་པ། སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པར་དད་པ། སེམས་ཅན་ཐམས་ཅད་དང་མི་འཐུན་པ་མེད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པ་མེད་པ། སངས་རྒྱས་ཐམས་ཅད་མངོན་སུམ་དུ་གྱུར་པ། ལེགས་པར་ བསྙེན་པར་རྫོགས་ཤིང་ཚངས་པ་ལེགས་པར་སྤྱད་པ། ལུས་ཐམས་ཅད་རྟོགས་པ། མོས་པ་ཡོངས་སུ་དག་པ། ལྷག་པའི་བསམ་པ་དགེ་བ། སེམས་ལས་སུ་རུང་བ། མི་རིགས་པ་ལ་བརྩོན་པ་རྣམས་རྣམ་པར་སྤོང་བ། རིགས་པར་བརྩོན་པ་རྣམ་པར་སྟོན་པ། མཚན་མ་ ཐམས་ཅད་རྣམ་པར་སེལ་བ། དུས་གསུམ་མཉམ་པ། སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ། དགེ་བའི་རྩ་བ་ཐམས་ཅད་སྐྱེད་པ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ། ཏིང་ངེ་འཛིན་ཐམས་ཅད་ལ་དབང་བ། སངས་རྒྱས་ཀྱི་སྐུའི་མཚན་ལ་མངོན་པར་མི་ ཆགས་པ། ཆོས་ཐམས་ཅད་ལ་མཉམ་པ། འཇིག་རྟེན་དང་མི་རྩོད་པ། བྱ་བ་རྣམས་ལ་མི་འཐུན་པ་མེད་པ།
BOརྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ། ངེས་པར་འབྱུང་བའི་ལམ་དེ་བཞིན་གཤེགས་པའི་ས་ལ་བཟོད་པ་ཐོབ་པ། ཆོས་ཀྱི་དབྱིངས་ལ་འཇུག་པ། ནམ་ མཁའི་ཁམས་ཡོངས་སུ་ཤེས་པ། སེམས་ཅན་གྱི་ཁམས་ལ་མངོན་པར་མི་ཆགས་པ། མི་སྐྱེ་བ། མི་འགག་པ། གནས་པ་མེད་པ། མྱ་ངན་ལས་འདས་པའི་དབྱིངས་མངོན་སུམ་དུ་གྱུར་པ། ཤེས་རབ་ཀྱི་མིག་རྣམ་པར་སྦྱོང་བ། ཆོས་ཐམས་ཅད་ལ་གཉིས་སུ་མེད་པ། བྱང་ཆུབ་ཀྱི་སེམས་ལ་མཐའ་དང་དབུང་མེད་པ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ། སངས་རྒྱས་ཐམས་ཅད་དང་ཐོགས་པ་མེད་པའི་ཡེ་ཤེས་ལ་འཇུག་པ། ཡེ་ཤེས་ལ་སྒྲིབ་པ་མེད་པ། བྱང་ཆུབ་ཀྱི་ཕྱིར་སེམས་ཡོངས་སུ་སྨིན་པ། སངས་རྒྱས་ཀྱི་ཡེ་ཤེས་གཞན་ལ་རག་ མ་ལས་པ། དགེ་བའི་བཤེས་གཉེན་རྣམས་ལ་སྟོན་པར་འདུ་ཤེས་པ། བྱང་ཆུབ་སེམས་དཔའ་རྣམས་ལ་མི་འབྱེད་པ། བདུད་ཀྱི་ལས་རྣམས་རྣམ་པར་སྤོང་བ། འགྲོ་བ་ཐམས་ཅད་སྤྲུལ་པ་དང་མཚུངས་པ། དེ་བཞིན་གཤེགས་པ་བལྟ་བ་ལ་མིག་ཡོར་དང་མཚུངས་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་ཚོལ་བ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སེམས་མཉམ་པ། དེ་བཞིན་གཤེགས་པ་རྣམས་བལྟ་བ་ལ་ཡང་དག་པའི་མཐའ་དང་མཉམ་པ།
BOསངས་རྒྱས་ཐམས་ཅད་ལ་ཡོན་ཏན་གྱི་ཆོས་ཐམས་ཅད་མཉམ་པ་འདི་ནི་བཟང་ སྐྱོང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་གཉིས་པའོ། ། ། ། བཟང་སྐྱོང་ཆོས་དེ་རྣམས་ནི་ཏིང་ངེ་འཛིན་དེ་ཡོངས་སུ་སྐྱེད་པར་འགྱུར་ཏེ། བཟང་སྐྱོང་དེ་ལ་ཏིང་ངེ་འཛིན་ གང་ཆོས་དེ་རྣམས་ཀྱིས་ཡོངས་སུ་སྐྱེད་པར་འགྱུར་བའི་ཏིང་ངེ་འཛིན་དེ་གང་ཞེ་ན། འདི་ལྟ་སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། བཟང་སྐྱོང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ཡང་གང་ཞེ་ན། བཟང་སྐྱོང་དེ་ལ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད་པར་འགྱུར་ལ། དེས་གཅིག་པུ་དབེན་པར་སོང་སྟེ་འདུག་ནས་འདི་སྙམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཚེ་དཔག་མེད་དེ་ཕྱོགས་གང་རོལ་ན་གནས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཅིང་བཞུགས་སྙམ་དུ་སེམས་བསྐྱེད་པར་བྱའོ། །
BOདེས་ཇི་སྐད་དུ་ཐོས་པའི་རྣམ་པས་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་ འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་དེ། ད་ལྟར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་བཞུགས་སོ། ། འཚོའོ་ གཞེས་སོ། ། ཆོས་ཀྱང་སྟོན་ཏོ་སྙམ་དུ་ཡིད་ལ་བྱེད་དེ། དེས་ཀྱང་སེམས་མ་གཡེངས་པས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་དོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་སྐྱེས་པའམ། བུད་མེད་གང་ལ་ལ་ཞིག་ཉལ་བའི་རྨི་ལམ་དུ་གཟུགས་ཀྱི་རྣམ་པ་མཐོང་སྟེ། དངུལ་ལམ། གསེར་ རམ། མཛའ་བཤེས་སམ། ཉེ་དུའམ། སྣག་གི་གཉེན་མཚམས་སམ། མཛའ་བོའམ། ཡིད་དུ་འོང་བ་དང་། སྡུག་པ་དང་མི་འཐུན་པ་མེད་པ་དག་མཐོང་ལ། དེ་རྨི་ལམ་ན་དེ་དག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་ཅིང་། སྨྲ་ཀུན་ཏུ་སྨྲ་བར་རྨིས་པ་ལས་ དེ་སད་ནས་ཇི་ལྟར་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། སྨྲས་པ་དང་། ཀུན་ཏུ་སྨྲས་པ་དེ་ཐམས་ཅད་གཞན་དག་ལ་ཡང་བརྗོད་ཅིང་།
BOདེ་རྨི་ལམ་གྱི་མཚན་མ་རྗེས་སུ་དྲན་པས་མཆི་མ་ཀློག་པར་བྱེད་པ་དེ་བཞིན་དུ། བཟང་སྐྱོང་བྱང་ཆུབ་ སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་ཡང་རུང་གཅིག་པུ་དབེན་པར་སོང་སྟེ་འདུག་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཇི་སྐད་དུ་ཐོས་པའི་རྣམ་པས་ཡིད་ལ་བྱས་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སྐྱོན་མེད་ཅིང་དྲན་པ་ གཡེང་བ་མེད་པར་ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ། བཞིའམ། ལྔའམ། དྲུག་གམ། ཉིན་ཞག་བདུན་དུ་ཡིད་ལ་བྱའོ། ། དེ་གལ་ཏེ་ཉིན་ཞག་བདུན་དུ་སེམས་མི་གཡེང་བར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཡིད་ལ་བྱེད་ན་དེ་ཉིན་ཞག་བདུན་ ཡོངས་སུ་ཚང་སྟེ་འདས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་མཐོང་ངོ་། ། དེ་གལ་ཏེ་ཉིན་མོ་བཅོམ་ལྡན་འདས་དེ་མ་མཐོང་ན། དེ་ཉལ་བའི་རྨི་ལམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་ཞལ་སྟོན་ཏོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་ བུད་མེད་དམ་སྐྱེས་པ་ཉལ་བའི་རྨི་ལམ་ན་བདག་ཉིད་ཁྱིམ་ན་འདུག་པར་ཡང་མི་ཤེས། ཕྱོགས་ན་འདུག་པར་ཡང་མི་ཤེས་ཤིང་། དེའི་མིག་གི་དབང་པོ་ལ་རྩིག་པས་སྒྲིབ་པར་ཡང་མི་བྱེད།
BOམུན་པ་དང་རབ་རིབ་ཏུ་ཡང་མི་བྱེད་པ་དེ་བཞིན་དུ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ཡང་ཇི་ལྟར་འཇིག་རྟེན་གྱི་བར་དག་གིས་སྒྲིབ་པར་ཡང་མི་བྱེད། རིའི་རྒྱལ་པོ་རི་རབ་དང་། རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། དེ་བཞིན་དུ་གཞན་ཡང་རི་ནག་པོ་རྣམས་ཀྱིས་མིག་གི་དབང་པོ་ལ་སྒྲིབ་པར་མི་བྱེད་པ་དེ་ལྟ་དེ་ལྟར་སེམས་ བསྐྱེད་དེ། བྱང་ཆུབ་སེམས་དཔའ་དེ་ལྷའི་མིག་ཐོབ་པས། དེ་བཞིན་གཤེགས་པ་མཐོང་བ་ཡང་མ་ཡིན། ལྷའི་རྣ་བའི་ཁམས་ཐོབ་པས། དམ་པའི་ཆོས་ཉན་པ་ཡང་མ་ཡིན། རྫུ་འཕྲུལ་གྱི་སྟོབས་ཐོབ་པས། འཇིག་རྟེན་གྱི་ཁམས་དེར་སྐད་ཅིག་ཏུ་ འགྲོ་བ་ཡང་མ་ཡིན་གྱི། བཟང་སྐྱོང་བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གནས་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེ་མཐོང་ཞིང་བདག་ཉིད་འཇིག་རྟེན་གྱི་ཁམས་དེ་ན་འདུག་པ་སྙམ་དུ་ཡང་ཤེས་ལ། ཆོས་ཀྱང་ཉན་ཏོ། ། འཆད་པ་ ཐོས་ནས་ཀྱང་ཆོས་དེ་དག་ཀུན་འཛིན་ཏོ། ། ཀུན་ཆུབ་པར་བྱེད་དོ། ། འཛིན་པར་བྱེད་དོ། །
BOབཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་དེ་ལ་བཀུར་སྟིར་བྱེད་དོ། ། བླ་མར་བྱེད་དོ། ། རི་མོར་བྱེད་དོ། ། མཆོད་པར་བྱེད་དོ། ། བྱང་ཆུབ་ སེམས་དཔའ་དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་ཇི་སྐད་དུ་ཐོས་པ་དང་། ཇི་ལྟར་བཟུང་བ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་དེ་དག་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་འཆད་དོ། ། ། ། བམ་པོ་གཉིས་པ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ ཞིག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་འདུག་པ་ལས་ཡངས་པ་ཅན་གྱི་གྲོང་ཁྱེར་ན་སྨད་འཚོང་མ་ཡིད་{བཟངས་,བཟང་}ཞེས་བྱ་བ་ཞིག་ཡོད་པར་ཐོས་སོ། ། སྐྱེས་བུ་གཉིས་པས་ནི་སྨད་འཚོང་མ་ཨ་མྲ་སྐྱོང་ཞེས་བྱ་བ་ཞིག་ཡོད་པར་ཐོས་སོ། ། སྐྱེས་བུ་གསུམ་པས་ནི་སྔོན་གྱི་སྨད་ འཚོང་མ་ཨུད་པ་ལའི་མདོག་ཅེས་བྱ་བ་ཡོད་པར་ཐོས་སོ། ། དེ་རྣམས་ཀྱིས་དེ་དག་ཐོས་ནས་སོ་སོར་སོ་སོ་ལ་སེམས་ཆགས་པར་གྱུར་མོད་ཀྱི། སྐྱེས་བུ་དེ་རྣམས་ཀྱིས་སྨད་འཚོང་མ་དེ་རྣམས་མཐོང་བ་ནི་མ་ཡིན་ཏེ། མིང་དང་གཟུགས་དང་ཁ་དོག་ཙམ་ཞིག་ཐོས་པས་འདོད་ ཆགས་ཀྱི་སེམས་སྐྱེད་པར་གྱུར་ཏོ། །
BOདེ་དག་ཕྱི་ཕྱིར་ཞིང་དེ་ཡིད་ལ་བྱེད་བཞིན་དུ་ཉལ་བ་དང་། རྨི་ལམ་དུ་ཡང་སྨད་འཚོང་མ་དེ་དག་གི་དྲུང་དུ་བདག་ཅག་དོང་བ་སྙམ་དུ་ཤེས་ཏེ། ཇི་ལྟར་སྐྱེས་བུ་དེ་དག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་འཁོད་ཅིང་སྔོན་མ་ཉལ་བར། དེ་ལྟ་དེ་ལྟར་ འདོད་ཆགས་དང་ལྡན་པའི་སེམས་སྐྱེད་པ་དེ་བཞིན་དུ། སྐྱེས་བུ་དེ་དག་ཉལ་ནས་ཀྱང་རྨི་ལམ་ན་སྨད་འཚོང་མ་དེ་དག་མཐོང་ཞིང་ཕན་ཚུན་སྤྲད་དེ། འཁྲིག་པའི་ཆོས་ལ་བསྟེན་ནས། འཁྲིག་པ་ལ་དད་པ་དེ་དང་ཡང་བྲལ་བར་གྱུར་པར་ཡང་རྨིས་སོ། ། དེ་དག་སད་ནས་ཇི་ལྟར་མཐོང་བ་ དང་། ཐོས་པ་དང་ཤེས་པ་དང་། རྟོགས་པའི་རྨི་ལམ་ན་མྱོང་བ་རྗེས་སུ་དྲན་ནས་བཟང་སྐྱོང་ཁྱོད་གང་ན་བ་དེར་དོང་སྟེ་ཕྱིན་ནས་ཁྱོད་ལ་དོན་དེ་དག་བརྗོད་དོ། ། ཁྱོད་ཀྱིས་དོན་དེ་དག་ཐོས་ནས་ལུང་འདི་ཉིད་ཀྱིས་ཅི་ནས་ཀྱང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། ། ངས་ཀྱང་སྐྱེས་བུ་དེ་དག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལེགས་པར་སད་པ་ཞེས་བྱ་བ་རྣམས་སུ་འགྱུར་རོ་ཞེས་ལུང་སྟོན་ཏོ། །
BOསྐྱེས་བུ་དེ་ དག་བཟོད་པ་རྙེད་ཀྱང་ད་དུང་སྔོན་གྱི་མཚན་མ་དེ་དག་མཐོང་ཞིང་རྗེས་སུ་དྲན་ནོ། ། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་དང་ལྡན་པ་དེ་ནི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་འདུག་བཞིན་དུ། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་དེ་ཐོས་སོ། ། དེས་དེ་བཞིན་གཤེགས་པ་དེའི་མཚན་དང་གཟུགས་དང་། ཡོན་ཏན་ཙམ་ཞིག་ཐོས་ནས་སེམས་མི་གཡེང་བར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་དེ་ཡང་དག་པར་རྗེས་སུ་དྲན་པར་བྱེད་དོ། ། དེ་ཕྱི་ཕྱིར་ཞིང་ཡིད་ལ་བྱེད་པས་དེ་བཞིན་གཤེགས་པ་དེ་མཐོང་ངོ་། ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཏེ། དེས་དེ་ བཞིན་གཤེགས་པ་དེ་མཐོང་ནས། བཅོམ་ལྡན་འདས་ཆོས་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་འདིར་སྐྱེ་བར་འགྱུར་ཞེས་ཞུ་བ་ཞུའོ། །
BOདེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད་པ་དེའི་ཚེ་དེ་བཞིན་གཤེགས་པ་ལ་ ཞུའོ། ། དེ་སྐད་ཞུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་སངས་རྒྱས་རྗེས་སུ་དྲན་པ་ཀུན་ཏུ་བསྟེན་ངེས་པར་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ན་འཇིག་ རྟེན་གྱི་ཁམས་འདིར་སྐྱེ་བར་བྱེད་དོ། ། སངས་རྒྱས་རྗེས་སུ་དྲན་པ་ཀུན་ཏུ་བསྟེན་ངེས་པར་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ན་སངས་རྒྱས་ཀྱི་ཞིང་འདིར་སྐྱེ་བར་འགྱུར་རོ། ། རིགས་ཀྱི་བུ་དེ་ལ་སངས་རྒྱས་རྗེས་སུ་དྲན་པ་དེ་གང་ཞེ་ན། འདི་ལྟ་སྟེ། གང་དེ་བཞིན་གཤེགས་ པ་ཡིད་ལ་བྱེད་པ་སྟེ། འདི་ལྟར་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་གསེར་གྱི་མདོག་ལྟ་བུའི་སྐུ་དང་ལྡན་པ།
BOགསེར་གྱི་གཟུགས་འཚེར་ཞིང་གསལ་ལ་ལེགས་པར་གནས་པ་དང་འདྲ་བ་རིན་པོ་ཆེའི་མཆོད་སྡོང་ལྟར་ཤིན་ཏུ་བརྒྱན་པ། ཉན་ཐོས་ཀྱི་དགེ་འདུན་གྱི་ནང་ ན་ཆོས་ཀྱང་སྟོན་ཏེ་ཅི་ནས་ཀྱང་ཆུད་མི་ཟ་བ་དེ་ལྟར་སྟོན་ཏོ། ། ཅི་ཞིག་ཆུད་མི་ཟ་ཞེ་ན། ས་ཆུད་མི་གཟོན་ནོ། ། ཆུ་དང་། མེ་དང་། རླུང་དང་། འབྱུང་པོ་དང་། ལྷ་དང་། བྲམ་ཟེ་དང་། སྐྱེ་དགུའི་བདག་པོ་ཆུད་མི་གཟོན་ཏོ། ། གཟུགས་ཆུད་མི་གཟོན་ཏོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཆུད་མི་གཟོན་ཏོ། ། དེ་དེ་བཞིན་གཤེགས་པ་རློམ་སེམས་སུ་མི་བྱེད། མི་དམིགས། མངོན་པར་མི་ཆགས། ཡང་དག་པར་མི་ཤེས། མི་རྟོག ། རྣམ་པར་མི་རྟོག ། ཡང་དག་པར་རྗེས་སུ་མི་མཐོང་སྟེ། གང་དེ་ ལྟར་དེ་བཞིན་གཤེགས་པ་མི་དམིགས་པར་ཡིད་ལ་བྱེད་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་དེ་བསྒོམས་ཤིང་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ། བཟང་སྐྱོང་ཁྱོད་གང་ན་བ་དེར་སོང་ནས་ཕྱིན་པ་དང་ཏིང་ངེ་འཛིན་འདི་བརྗོད་དོ། །
BOབཟང་སྐྱོང་དེ་ལ་ཁྱོད་ཀྱིས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། ། དེ་ལ་ངས་ཀྱང་སྐྱེས་བུ་དེ་ནི་མ་འོངས་ པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་རྙེད་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་སྟོན་ཏོ། ། བཟང་སྐྱོང་ཁྱོད་ཉིད་དང་གནས་བརྟན་འོད་སྲུང་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་ མཚམས་{བཟངས་,བཟང་}དང་། གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་ཏིང་ངེ་འཛིན་འདི་ཐོབ་པ་རྣམས་ཏིང་ངེ་འཛིན་འདི་ལས་དབང་དུ་གྱུར་པ་ཡིན་ཏེ། བཟང་སྐྱོང་སྔོན་བྱུང་བ་འདས་པའི་དུས་ན་སྐྱེས་བུ་གཅིག་ཅིག་དགོན་པའི་མྱ་ངམ་ཞིག་ཏུ་སོང་བ་དང་། དེ་བཀྲེས་ཤིང་སྐོམས་ནས་ རྨུགས་པ་དང་གཉིད་ཀྱིས་ནོན་ཏེ་དེ་ཉལ་བ་དང་། རྨི་ལམ་ན་བཟའ་བ་དང་། བཏུང་བ་མང་པོ་ཞིག་རྙེད་དོ། ། རྙེད་ནས་ཀྱང་ཇི་ཙམ་ཆོག་པར་ཟོས་ཏེ། བཀྲེས་པ་དང་སྐོམ་པ་དེ་དག་ཀྱང་མེད་པར་གྱུར་ཏོ། ། དེ་སད་པ་དང་ཡང་ལུས་དང་ལྟོ་མ་རྒྱས་པར་གྱུར་ནས། དེ་འདི་སྙམ་དུ་ འདི་ལྟ་སྟེ།
BOརྨི་ལམ་དང་འདྲ་བ་དེ་ལྟ་བུའི་ཆོས་ཤིག་ཡོད་དོ་སྙམ་སྟེ། དེ་དེ་ལྟར་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་གྱུར་ཏོ། ། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་། ཕྱོགས་གང་དང་གང་ན་དེ་བཞིན་གཤེགས་པ་བཞུགས་པར་ཐོས་པའི་ཕྱོགས་དེ་དང་དེ་ལོགས་སུ་དེ་བཞིན་གཤེགས་པ་དེ་ཡིད་ལ་བྱས་ན་དེས་སངས་རྒྱས་མཐོང་བ་ཐོབ་པོ། ། དེས་དངོས་པོའི་འདུ་ཤེས་སུ་མི་བྱའི་ནམ་མཁའི་འདུ་ཤེས་སུ་ བྱ་སྟེ། དེ་ནམ་མཁའི་འདུ་ཤེས་ལ་ཤིན་ཏུ་གནས་ཤིང་སངས་རྒྱས་ཀྱི་འདུ་ཤེས་སུ་ཤིན་ཏུ་ཡིད་ལ་བྱས་པས། དེ་བཞིན་གཤེགས་པ་བཻདཱུརྱའི་སྐུ་གཟུགས་ལྟ་བུ་བཟང་པོ་བྱང་ཆུབ་སེམས་དཔའ་དེས་མངོན་སུམ་དུ་མཐོང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལྟ་བུ་དེ་མཐོང་བར་འགྱུར་རོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་རང་སྐྱེས་པའི་ཡུལ་ནས་ལྗོངས་ཀྱི་ཕྱོགས་གཞན་ཞིག་ཏུ་སོང་སྟེ་ཕྱིན་པ་དང་།
BOརང་སྐྱེས་པའི་ཡུལ་དེ་རྗེས་ སུ་དྲན་ནས་ཇི་ལྟར་མཐོང་བ་དང་། ཐོས་པ་དང་། ཤེས་པ་དང་། རྟོགས་པའི་ཆོས་རྣམས་ཡིད་ལ་བྱེད་པ་ལས་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ། དེ་ཉལ་བ་དང་རྨི་ལམ་ན་རང་སྐྱེས་པའི་ཡུལ་དུ་སོང་ནས་དེ་ན་བདག་ཉིད་འདུག་པ་སྙམ་དུ་ཤེས་ཤིང་། ཇི་ལྟར་སྔོན་མཐོང་བ་དང་། ཐོས་པ་དང་ བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དེ་དག་ཀྱང་མཐོང་ངོ་། ། དེ་ན་འགྲོ་ཞིང་ལྡོག་པ་དག་ཀྱང་བྱེད་དོ། ། དེ་སད་པ་དང་གཉེན་འདབ་དང་། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ཀྱི་ནང་དུ་ང་ནི་འདི་ལྟར་སོང་སོང་ངོ་། ། ངས་ནི་འདི་དག་མཐོང་ངོ་། ། དེར་ངས་ནི་འདི་དག་མྱོང་ངོ་ཞེས་དོན་དེ་དག་ཀྱང་རྗོད་དོ། ། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་། ཕྱོགས་གང་དང་གང་ན་དེ་བཞིན་གཤེགས་པ་བཞུགས་པར་ཐོས་པའི་ཕྱོགས་དེ་དང་དེ་ལོགས་སུ་དྲན་པ་ དང་ལྡན་ཞིང་། སེམས་གཡེང་བ་མེད་པས་སངས་རྒྱས་མཐོང་བ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་ཡིད་ལ་བྱའོ། །
BOདེ་ལྟར་ན་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་བཻདཱུརྱའི་སྐུ་གཟུགས་བཟང་པོར་གནས་པར་མཐོང་བར་འགྱུར་རོ། ། བཟང་སྐྱོང་འདི་ལྟ་སྟེ་ དཔེར་ན་དགེ་སློང་མི་སྡུག་པ་སྒོམ་པ་ཞིག་གིས་མདུན་ན་རྣམ་པར་བམ་པའི་གཟུགས་རྣམས་མཐོང་ཞིང་རྣམ་པར་སྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་ཟོས་པ་དང་། ཤ་རྣམས་འཕགས་པའམ། ཤ་དང་ཁྲག་མེད་པའམ། དཀར་པོ་ འམ། ཁ་དོག་དུང་དང་འདྲ་བའམ། ཀེང་རུས་ཤིག་མདུན་དུ་མཐོང་ན་རྣམ་པར་སྔོས་པ་ནས། ཀེང་རུས་ཀྱི་བར་དུ་དེ་དག་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་ངོ་། ། དེ་དག་སུས་ཀྱང་མ་བྱས། སུས་ཀྱང་མ་བགགས་ཏེ། བཟང་སྐྱོང་འོན་ཀྱང་དགེ་སློང་དེའི་སེམས་རྩེ་ གཅིག་པའི་དབང་གིས་མདུན་ན་ཀེང་རུས་འདུག་པ་མཐོང་ངོ་། ། བཟང་སྐྱོང་དེ་བཞིན་དུ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་ཕྱོགས་གང་དང་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ པའི་ཕྱོགས་དེ་དང་དེ་ལོགས་སུ་སངས་རྒྱས་མཐོང་བ་འཐོབ་པར་བྱ་བའི་ཕྱིར་ཡིད་ལ་བྱེད་དོ། །
BOཕྱོགས་དེ་དང་དེ་ལོགས་སུ་ཡིད་ལ་བྱས་པས་དེས་ཕྱོགས་དེ་དང་དེ་ལོགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། བཟང་ སྐྱོང་འདི་ལྟ་སྟེ། སངས་རྒྱས་མཐོང་བ་འཐོབ་པར་འགྱུར་བ་འདི་ནི་ཏིང་ངེ་འཛིན་འདིའི་རྒྱུ་འཐུན་པ་ཡིན་ནོ། ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་མཐུ་དང་། རང་གིས་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དང་། ཏིང་ངེ་འཛིན་ཐོབ་པའི་ཕྱིར་དང་། འདི་དག་ གསུམ་ཚོགས་ཤིང་འདུས་པས། དེས་དེ་བཞིན་གཤེགས་པ་རྣམས་མཐོང་ཞིང་སྣང་བར་འགྱུར་རོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་བུད་མེད་དམ་སྐྱེས་པ་གང་ལ་ལ་མགོ་འཁྲུ་ཞིང་རྒྱན་འདོགས་པའི་རང་བཞིན་ཅན་ཞིག་ཡོད་ལ། དེ་འབྲུ་མར་དང་བའི་སྣོད་དམ། ཆུ་དང་བའི་སྣོད་དམ། ཡོངས་སུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་རམ། མཐིང་བུས་བསྐུས་པའི་ས་ཕྱོགས་ལ། བདག་ཉིད་བལྟ་བར་བསམས་ནས་དེས་དེར་བདག་ཉིད་ཀྱི་གཟུགས་མཐོང་ན། བཟང་སྐྱོང་དེ་ལ་ཇི་སྙམ་དུ་སེམས། འབྲུ་མར་དང་བའི་སྣོད་དམ། ཆུ་དང་བའི་སྣོད་དམ། ཡོངས་སུ་ཕྱིས་པའི་མེ་ལོང་ གི་དཀྱིལ་འཁོར་རམ།
BOམཐིང་བུས་བསྐུས་པའི་སའི་ཕྱོགས་དེ་ལ། གང་སྐྱེས་པའམ་བུད་མེད་ཀྱི་གཟུགས་སྣང་བ་དེ་སྐྱེས་པའམ། བུད་མེད་གང་ཡང་དེའི་ནང་དུ་སོང་བའམ། དེའི་ནང་དུ་ཞུགས་པ་ཡོད་དམ། བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ མཆིས་མོད་ཀྱི། བཙུན་པ་བཅོམ་ལྡན་འདས་འབྲུ་མར་དང་། ཆབ་དེ་དང་ཞིང་རྙོག་པ་མ་མཆིས་པའམ། མེ་ལོང་གི་དཀྱིལ་འཁོར་དེ་ལེགས་པར་ཡོངས་སུ་ཕྱིས་པའམ། མཐིང་བུས་བསྐུས་པའི་ས་ཆེན་པོ་དེ་དག་པའི་སླད་དུ་གཟུགས་བརྙན་མདུན་ན་མཆིས་ཏེ། ཆབ་དང་། འབྲུ་མར་དང་། མེ་ལོང་དང་། ས་ཆེན་པོ་དེ་ལས་སྐྱེས་པའམ། བུད་མེད་ཀྱི་ལུས་དེ་བྱུང་བའང་མ་ལགས། གང་ནས་ཀྱང་མ་མཆིས། གང་དུ་ཡང་མ་མཆིས། གང་ནས་ཀྱང་མ་སྐྱེས། གང་དུ་ཡང་མ་འགགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ལེགས་སོ་ལེགས་སོ། ། བཟང་སྐྱོང་ཁྱོད་ཡང་ལེགས་སོ། ། བཟང་སྐྱོང་དེ་དེ་བཞིན་ནོ། ། ཇི་སྐད་སྨྲས་པ་བཞིན་ཏེ། གཟུགས་རྣམས་ཤིན་ཏུ་ཡོངས་སུ་དག་པ་ལས་གཟུགས་བརྙན་རྣམས་སྣང་བར་འགྱུར་རོ། །
BOདེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཏིང་ངེ་འཛིན་ འདི་ཤིན་ཏུ་བསྒོམས་པས་ཚེགས་ཆུང་ངུས་དེ་བཞིན་གཤེགས་པ་དེ་རྣམས་བྱང་ཆུབ་སེམས་དཔའ་དེས་མཐོང་ངོ་། ། མཐོང་ནས་ཀྱང་ཞུ་བ་ཞུ་ཞིང་ཞུས་པ་ལུང་བསྟན་པས་ཡི་རངས་པར་འགྱུར་རོ། ། དེ་འདི་སྙམ་དུ་དེ་བཞིན་གཤེགས་པ་འདི་ག་ཞིག་ནས་བྱོན་ཏམ། བདག་ག་ཞིག་ཏུ་སོན་ ཏམ་སྙམ་པ་ལས། དེས་དེ་བཞིན་གཤེགས་པ་དེ་གང་ནས་ཀྱང་མ་བྱོན་པར་རབ་ཏུ་ཤེས་སོ། ། བདག་གི་ལུས་ཀྱང་གང་དུ་ཡང་མ་སོང་བར་རབ་ཏུ་འདུ་ཤེས་ནས། དེ་འདི་སྙམ་དུ་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ཇི་ལྟ་ཇི་ ལྟར་རྣམ་པར་རྟོག་པ་དེ་ལྟ་དེ་ལྟར་སྣང་ངོ་། ། སེམས་དེ་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་ཏེ། གཞན་དུ་ན་དམིགས་པ་ལ་བརྟེན་ནས་སྐྱེའོ། ། གང་རྟེན་ཅིང་འབྲེལ་པར་བྱུང་བ་དེ་ནི་དངོས་པོ་མེད་པའོ། ། གང་དངོས་པོ་མེད་པ་དེ་ནི་མ་སྐྱེས་ པའོ། ། གང་མ་སྐྱེས་པ་དེ་ནི་དམིགས་སུ་མེད་པའོ། ། གང་དམིགས་སུ་མེད་པ་དེ་ནི་རང་བཞིན་སྟོང་པའོ། ། གང་རང་བཞིན་སྟོང་པ་དེ་ནི་གདགས་སུ་མེད་པའོ། ། གང་གདགས་སུ་མེད་པ་དེ་ནི་བལྟ་བའམ། རྣམ་པར་ཤེས་པའམ།
BOཆགས་པར་བྱ་བའམ། བསྟན་པའམ། ཆུད་གཟན་པར་བྱ་བའམ། རབ་ཏུ་གཞག་པར་བྱ་བ་མི་ནུས་སོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སེམས་ཀྱིས་སངས་རྒྱས་བྱེད་པ་སྟེ། ། སེམས་ཉིད་ཀྱིས་ཀྱང་མཐོང་བའོ། ། སེམས་ཉིད་ང་ཡི་སངས་རྒྱས་ཏེ། སེམས་ཉིད་དེ་བཞིན་ གཤེགས་པའོ། ། སེམས་ཉིད་ང་ཡི་ལུས་ཡིན་ཏེ། ། སངས་རྒྱས་སེམས་ཀྱིས་མཐོང་བའོ། ། སེམས་ཉིད་ང་ཡི་བྱང་ཆུབ་སྟེ། ། སེམས་ཉིད་རང་བཞིན་མེད་པའོ། ། སེམས་ཀྱིས་སེམས་ནི་མི་ཤེས་ཤིང་། ། སེམས་ཀྱིས་སེམས་ནི་མི་མཐོང་ངོ་། ། སེམས་སུ་ འདུ་ཤེས་མི་ཤེས་ཡིན། ། སེམས་སུ་མི་ཤེས་མྱ་ངན་འདའ། ། ཆོས་འདི་དག་ནི་སྙིང་པོ་མེད། ། རློམ་སེམས་ལས་ནི་ཀུན་འབྱུང་སྟེ། ། སྟོང་པ་ཉིད་ལས་གང་རློམ་པའི། ། རློམ་སེམས་དེ་འདིར་སྟོང་པ་ཡིན། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ། གསུམ་པའོ། ། ། ། བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་ནི་དེ་ལྟ་བུ་ཡིན་ནོ། ། བཟང་སྐྱོང་ཆོས་བཞི་དང་ལྡན་ན།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ ཏིང་ངེ་འཛིན་འདི་ཐོབ་བོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། མི་འཕྲོགས་པའི་དད་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་། གཞན་གྱི་དྲིང་མི་འཇོག་པའི་ཤེས་རབ་དང་། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། ཟླ་བ་གསུམ་གྱི་བར་དུ་སེ་གོལ་བརྡབ་པ་ཙམ་ཡང་བདག་གི་འདུ་ཤེས་མི་སྐྱེད་པ་དང་། ཟླ་བ་གསུམ་གྱི་བར་དུ་སེ་གོལ་བརྡབ་པ་ཙམ་ཡང་རྨུགས་པ་དང་། གཉིད་ཀྱིས་མི་ནོན་པ་དང་། བཤང་བ་དང་། གཅི་བ་བྱེད་པ་མ་གཏོགས་པར་ཟླ་བ་ གསུམ་གྱི་བར་དུ་བརྩོན་འགྲུས་བརྩམས་ཏེ་འཆག་པ་ལ་ཞུགས་ནས་ས་ལ་མི་འདུག་པ་དང་། གཞན་དག་ལ་ཡང་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གཏོང་བའི་སྟེང་དུ་རྙེད་པ་དང་། བཀུར་སྟི་དང་།
BOཚིགས་སུ་བཅད་པ་ལ་མི་རེ་བ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བལྟ་བར་སེམས་ཅན་ རྣམས་ལ་སྐུལ་བ་དང་། ཆོས་མཉན་པར་སེམས་ཅན་རྣམས་ལ་སྐུལ་བ་དང་། བྱང་ཆུབ་ཀྱི་སེམས་སྐྱེད་པར་སེམས་ཅན་རྣམས་ལ་སྐུལ་བ་དང་། ཕྲག་དོག་མེད་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་ བོ། ། བཟང་སྐྱོང་གཞན་ཡང་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་འདི་འདོད་པས། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་གཞུག་སྟེ། ཐ་ན་རི་མོར་ཡང་འདྲིར་འཇུག་པ་ དང་། ཏིང་ངེ་འཛིན་འདི་འདོད་པས། ཏིང་ངེ་འཛིན་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཅི་ནས་ཀྱང་ཏིང་ངེ་འཛིན་འདི་འཛིན་པར་ལེགས་པར་བྲིས་ཤིང་གླེགས་བམ་སྦྱིན་པ་དང་།
BOམངོན་པའི་ང་རྒྱལ་ཅན་གྱི་གང་ཟག་རྣམས་མངོན་པའི་ང་རྒྱལ་མེད་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལ་འཇོག་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བ་དང་། སྦ་བ་དང་། ཡང་དག་པར་གཟུང་བའི་ཕྱིར་གནས་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། དེ་ ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བདེ་གཤེགས་བསྟན་པ་ལ་ནི་དད་པ་སྐྱེད། ། སྟོང་པ་ཉིད་ཀྱི་ཆོས་བཤད་མ་སྨོད་ཅིག ། བརྩོན་འགྲུས་བརྩམས་ཤིང་གཉིད་ནི་སྤངས་བྱས་ཏེ། ། ཟླ་གསུམ་ཚང་བར་ནམ་ཡང་མ་འདུག་ཤིག ། རྙེད་དང་བཀུར་སྟི་ཚིགས་བཅད་མི་རྟེན་པར། ། བདེ་གཤེགས་གསུངས་པའི་ཆོས་ནི་བཤད་བྱ་ཞིང་། ། མཚུངས་པ་མེད་པའི་བསྟན་པ་རྒྱས་པར་བྱ། ། རྟེན་པ་མེད་ན་ཆོས་འདི་ཐོབ་པར་འགྱུར། ། ཕྲག་དོག་མེད་ཅིང་ཁྲོ་བ་བསྐྱེད་མི་བྱ། ། འདོད་ཆགས་སྤངས་ཤིང་སེམས་ནི་རྣམ་ གྲོལ་ལ། ། མཉམ་པར་གཞག་ཅིང་བསམ་གཏན་དགའ་བྱས་ཏེ། ། སྦྱོར་བར་བྱེད་ན་ཆོས་འདི་འཐོབ་པར་འགྱུར། ། གསེར་མདོག་བསོད་ནམས་བརྒྱ་པའི་མཚན་མངའ་ལ། །
BOམཛེས་ཤིང་ཀུན་ནས་ཡོངས་སུ་རྒྱས་གྱུར་པ། ། གསེར་གྱི་གཟུགས་བཞིན་དུ་ནི་ལྟ་སྡུག་པའི། ། བསོད་ནམས་མཆོག་མཚན་སངས་རྒྱས་དྲན་པར་བྱོས། ། སངས་རྒྱས་འདས་པའམ་ཡང་ན་མ་བྱོན་པ། ། ཐལ་མོ་སྦྱར་ཏེ་རྗེས་སུ་དྲན་པར་བྱོས། ། མི་མཆོག་གང་དག་ད་ལྟར་བཞུགས་པ་ཡང་། ། དེ་དག་མཆོད་ཕྱིར་བདེ་གཤེགས་དྲན་པར་བྱོས། ། དང་བའི་སེམས་ཀྱིས་མེ་ཏོག་ ཕྲེང་བ་དང་། ། བྱུག་པ་དག་དང་བཟའ་དང་བཅའ་བ་ཡིས། ། བདེ་བར་གཤེགས་པ་ལ་ནི་མཆོད་པ་བྱོས། ། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར། ། ཏིང་ངེ་འཛིན་གྱི་མཆོག་འདི་འདོད་པས་ན། ། སེམས་ནི་རངས་ཤིང་དགའ་བ་འདྲ་མེད་པས། ། རྔ་དུང་རྫ་རྔ་དག་གི་སིལ་སྙན་དང་། ། དཔེ་མེད་རིང་བསྲེལ་ལ་ནི་རོལ་མོ་བྱེད། ། ཏིང་ངེ་འཛིན་གྱི་མཆོག་ནི་འདོད་པས་ན། ། རི་མོ་ལེགས་པར་བྲིས་ཤིང་མཚན་རྫོགས་ལ། ། གསེར་གྱི་མདོག་འདྲ་རྒྱ་ཆེ་སྐྱོན་མེད་པའི། ། མཚུངས་པ་མེད་པའི་སྐུ་གཟུགས་བྱེད་པ་དང་། ། དགའ་བར་བྱེད་པའི་ཆོས་ནི་མདུན་བཞག་ནས། ། ཚུལ་ཁྲིམས་ཡོངས་དག་ཐོས་པ་ཚོལ་བྱེད་ལ། ། ལེ་ལོའི་དངོས་པོ་ཡོངས་སུ་སྤངས་བྱས་ན། ། ཏིང་འཛིན་འདི་ནི་རིང་པོར་མི་ཐོགས་རྙེད། །
BOཀུན་ནས་མནར་སེམས་སུ་ལའང་མ་བྱེད་ཅིག ། བྱམས་ལ་གནས་དང་སྙིང་རྗེ་གནས་པ་དང་། ། འདོད་པའི་ཡོན་ཏན་བཏང་སྙོམས་བྱས་ན་ནི། ། ཏིང་འཛིན་འདི་ནི་རིང་པོར་མི་ཐོགས་རྙེད། ། ཆོས་སྨྲ་བ་ལའང་དེ་བཞིན་བྱམས་པ་སྐྱེད། ། སྟོན་པར་འདུ་ཤེས་རྟག་ཏུ་ཉེ་བར་ཞོག ། ང་རྒྱལ་མ་བྱེད་ཆགས་པ་སྤང་བར་བྱོས། ། ཆོས་སྦྱིན་པ་ལ་ནམ་ཀྱང་འཇུངས་མ་གྱུར། ཕན་ཡོན་བཟང་པོ་འདི་དག་བླང་བར་བྱོས། ། གདམས་ངག་ གནས་ནི་བདེ་བར་གཤེགས་པས་བསྟན། ། འདི་ནི་སངས་རྒྱས་མང་པོའི་བསྟན་པ་སྟེ། ། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཞི་པའོ། ། ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པས་ཆོས་སྨྲ་བའི་དགེ་སློང་ལ་གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པར་བྱ་སྟེ། ཀླན་ཀ་བཙལ་བ་མེད་པའི་སེམས་ཀྱིས་སྟོན་པར་འདུ་ཤེས་བསྐྱེད་ལ། ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། ། བཟང་སྐྱོང་གལ་ཏེ་བྱང་ཆུབ་སེམས་ དཔའ་དེས་ཆོས་སྨྲ་བའི་དགེ་སློང་དེ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱིས་གནས་སམ། ཐ་བའི་སེམས་ཀྱིས་གནས་སམ། སེམས་མ་དད་པས་གནས་ན།
BOབཟང་སྐྱོང་བྱང་ཆུབ་སེམས་དཔའ་དེས་ཏིང་ངེ་འཛིན་འདི་ཐོབ་པ་ནི་གནས་མ་ཡིན་ཏེ་སྐབས་མེད་དོ། ། གལ་ཏེ་ཆོས་སྨྲ་བའི་དགེ་སློང་ དེ་ལ་སྟོན་པའི་འདུ་ཤེས་མི་སྐྱེད་ན་ཡང་གནས་དེ་མེད་དོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་མ་གུས་པས་ནི་དམ་པའི་ཆོས་ནུབ་པར་འགྱུར་རོ། ། བཟང་སྐྱོང་འདི་ལྟ་སྟེ། དཔེར་ན་མིག་དང་ལྡན་པའི་སྐྱེས་བུ་ཞིག་གིས་ནམ་ཐང་ཞིང་། སྤྲིན་མེད་པའི་མཚན་མོ་ནམ་གྱི་གུང་ཐུན་ལ་ གདོང་གྱེན་དུ་བར་སྣང་ལ་བལྟས་ན། དེས་དེར་སྐར་མའི་གཟུགས་མང་པོ་རྣམས་མཐོང་ངོ་། ། བཟང་སྐྱོང་དེ་བཞིན་དུ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ལ་གནས་པ་ནི་ནམ་མཁའི་འདུ་ཤེས་ཤིན་ཏུ་ཉེ་བར་གནས་ ཤིང་སངས་རྒྱས་ཀྱི་འདུ་ཤེས་ཤིན་ཏུ་བྱིན་གྱིས་བརླབས་པའི་ཕྱིར་སངས་རྒྱས་ཀྱི་མཐུ་དང་། ཏིང་ངེ་འཛིན་འདི་བསྒོམས་པས་འཇིག་རྟེན་གྱི་ཁམས་གཞན་དུ་ཤར་ཕྱོགས་སུ་བལྟས་ན། ཚེགས་ཆུང་ངུས་སངས་རྒྱས་མང་པོ་རྣམས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ། ། ཚེགས་ ཆུང་ངུས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་།
BOསངས་རྒྱས་བྱེ་བ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་ མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ཚེགས་ཆུང་ངུས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ། ། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཕྱོགས་མཚམས་བཞི་དང་། འོག་གི་ཕྱོགས་དང་། སྟེང་གི་ཕྱོགས་རྒྱས་པར་བྱ་སྟེ། དེ་ལྟར་ ཕྱོགས་བཅུར་བལྟས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཚེགས་ཆུང་ངུས་སངས་རྒྱས་མང་པོ་རྣམས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ། ། ཚེགས་ཆུང་ངུས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་ མང་པོ་དང་། སངས་རྒྱས་བྱེ་བ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ། ཚེགས་ཆུང་ངུས་མིག་གི་དབང་པོ་ལ་སྣང་བར་གྱུར་ཏོ། །
BOབཟང་སྐྱོང་དེ་ལྟར་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་ནི་ཚེགས་ཆུང་ངུས་སངས་རྒྱས་མང་པོ་རྣམས་མིག་གི་དབང་པོ་ལ་སྣང་བར་འགྱུར་ རོ། ། ཚེགས་ཆུང་ངུས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་ སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་ཚེགས་ཆུང་ངུས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། སངས་རྒྱས་ཀྱི་སྤྱན་གང་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀྱིས་ཐམས་ཅད་ཐུགས་སུ་ཆུད་པ་དང་། ཐམས་ཅད་གཟིགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སངས་རྒྱས་ཀྱི་སྤྱན་ཡོད་དོ། །
BOབཟང་སྐྱོང་དེ་བཞིན་དུ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་ གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་ནི་ཚེགས་ཆུང་ངུས་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་ བ་ཡོངས་སུ་རྫོགས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། བླ་ན་མེད་པའི་ཤེས་རབ་ཀྱི་དབང་པོ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དཔེར་ན་མིག་ལྡན་མི་ཞིག་མཚན་མོ་དབེན་པའི་དུས། ། ནམ་གྱི་གུང་ཐུན་ལྡང་བྱས་ནམ་མཁའ་རྣམ་དག་ལ། །
BOདེས་ནི་སྐར་མ་མང་པོ་བརྒྱ་སྟོང་མཐོང་གྱུར་ཏེ། ། དྲན་ལྡན་བསམས་ན་ཉིན་པར་དུ་ཡང་དྲན་པར་འགྱུར། ། དེ་ལྟར་བྱང་ ཆུབ་སེམས་དཔས་ཏིང་འཛིན་འདི་ཐོབ་ནས། ། སངས་རྒྱས་དཔའ་བོ་མང་པོ་བརྒྱ་སྟོང་མཐོང་བར་འགྱུར། ། དེ་ལས་ལངས་པའི་དུས་དེ་ན་ཡང་དྲན་འགྱུར་ཞིང་། ། འཁོར་ལ་འཇིག་རྟེན་མགོན་པོ་འདི་འདྲའོ་ཞེས་ཀྱང་སྨྲ། ། ཇི་ལྟར་ངའི་མིག་སངས་རྒྱས་སྤྱན་དེ་རྣམ་དག་ལ། ། རབ་རིབ་ མེད་ཅིང་ཡོངས་དག་དེས་ནི་འཇིག་རྟེན་ལྟ་བ་ལྟར། ། དེ་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན། ། རྡུལ་མེད་ཏིང་འཛིན་འདི་ཡིན་དེས་ནི་མི་དབང་མཐོང་། ། སྟོབས་བཅུ་རྐང་གཉིས་དབང་པོ་འཇིག་རྟེན་གཙོ་ལྟའི་ཚེ། ། ཐུབ་རྣམས་དངོས་པོའི་འདུ་ཤེས་ནམ་ཡང་མི་སྐྱེད་དོ། ། དུག་བཅོམ་ཡོངས་དག་དངོས་པོའི་འདུ་ཤེས་མེད་པ་ཡི། ། བྱང་ཆུབ་སེམས་དཔའ་གཙོ་བོའི་ཡོན་ཏན་ཁྱད་པར་ཉོན། ཆོས་མཆོག་བསིལ་བ་དེ་དག་ཀྱང་ནི་མཉན་པར་བྱོས། ། སྟོང་པ་ཉིད་ཆོས་བདེ་བ་མྱུར་དུ་དྲན་པར་བྱོས། ། ངས་ཀྱང་རྒྱལ་བའི་བྱང་ཆུབ་རྙེད་ནས་སྐྱེ་དགུ་ལ། ། སྐྱེ་ བོ་མང་ལ་བདེ་བའི་ཆོས་འདི་བཤད་པར་བྱ། ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཚེ་དཔག་མེད་སྐྱེས་ནས། །
BOའཇིག་རྟེན་མགོན་པོ་བརྒྱ་སྟོང་མང་པོ་མཐོང་གྱུར་པ། ། དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་འཛིན་འདི་ཐོབ་ན། ། སངས་རྒྱས་དཔའ་བོ་མང་པོ་བརྒྱ་སྟོང་མཐོང་བར་འགྱུར། ། ཇི་ལྟར་ དྲན་ལྡན་དགེ་སློང་བཟང་པོ་ཀུན་དགའ་བོས། ། ང་ལས་ཐོས་པ་རབ་ཏུ་བཟུང་ཞིང་དེ་ཡང་ཀུན་འཛིན་པ། ། དེ་ལྟར་བྱང་ཆུབ་སེམས་དཔས་ཏིང་འཛིན་འདི་ཐོབ་ན། ། ཆོས་མང་ཐོས་ཤིང་དེ་ཡང་ཐམས་ཅད་འཛིན་པར་འགྱུར། ། ཏིང་ངེ་འཛིན་འདི་ཐོས་ནས་ཡང་དག་དགའ་བསྐྱེད་ལ། ། འཇིག་རྟེན་གསང་ཚིག་སྣ་ཚོགས་ཐམས་ཅད་སྤང་བྱོས་ཏེ། ། མྱུར་དུ་དད་པར་བྱོས་ལ་ཆོས་ཀྱི་སྦྱིན་པའང་བྱིན། ། དེ་ལྟར་ཡོངས་དག་ཞི་བའི་ས་འདི་ཐོབ་པར་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ། ། ། ། བཟང་སྐྱོང་དེ་ལ་བྱང་ཆུབ་ སེམས་དཔས་ཏིང་ངེ་འཛིན་འདི་ཐོབ་པར་བྱ་བ་དང་། འདི་ལྟ་སྟེ། ཡོངས་སུ་བསྒྲུབ་པར་བྱ་བའི་ཕྱིར་སྤྲོ་བ་དང་བརྩོན་འགྲུས་ཆེན་པོ་བསྐྱེད་པར་བྱའོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོའི་གྲུ་རིན་པོ་ཆེས་ཡོངས་སུ་གང་བ་ཞིག་རྒྱ་མཚོ་ཆེན་པོ་རྒལ་ཏེ་འཇིགས་པ་ཐམས་ཅད་ སྤངས་པ་ལས། ཚུ་རོལ་གྱི་འགྲམ་དུ་ཆག་ན།
BOདེ་ལ་འཛམ་བུའི་གླིང་བའི་མི་རྣམས་ཀྱིས་སྒྲ་ཆེན་པོ་དང་། སྐད་ཆེན་པོ་དང་། འོ་དོད་བོད་པར་བྱའོ། ། བདག་ཅག་ནི་རིན་པོ་ཆེ་འདི་དག་ལས་ཉམས་སོ་ཞེས་མྱ་ངན་ཆེན་པོས་སྨྲེ་སྔགས་ཀྱང་གདོན་པར་བྱའོ། ། བཟང་སྐྱོང་དེ་བཞིན་ དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཏིང་ངེ་འཛིན་རིན་པོ་ཆེ་འདི་ལྟ་བུ་འདི་རྣ་ལམ་དུ་གྲག་པར་གྱུར་ལ། ཐོས་ནས་ཀྱང་གླེགས་བམ་དུ་འདྲི་བར་མི་བྱེད། སྟོན་པར་མི་བྱེད། འདོན་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་མི་བྱེད། འཆད་པར་མི་བྱེད། སྒོམ་པར་མི་བྱེད། ནན་ཏན་གྱིས་སྒྲུབ་པར་མི་བྱེད་ན། བཟང་སྐྱོང་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྒྲ་ཆེན་པོ་དང་། སྐད་ཆེན་པོ་དང་། འོ་དོད་བོད་པར་བྱའོ། ། འདི་ལྟར་ཏིང་ངེ་འཛིན་ཟབ་མོ་རིན་པོ་ཆེ་འདི་ལྟ་བུ་ སངས་རྒྱས་ཀྱིས་བསྔགས་པ། སངས་རྒྱས་ཀྱིས་བསྟོད་པ། སངས་རྒྱས་ཀྱིས་སྟོད་དུ་བཅུག་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ཐོས་ནས་ཡི་གེར་འདྲི་བར་མི་བྱེད། སྟོན་པར་མི་བྱེད། འདོན་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་ མི་བྱེད།
BOའཆད་པར་མི་བྱེད། སྒོམ་པར་མི་བྱེད། ནན་ཏན་གྱིས་སྒྲུབ་པར་མི་བྱེད་ཅིང་། ང་རྒྱལ་གྱིས་ནོན་ལ་མི་ཤེས་ཏེ། མང་དུ་ཐོས་པ་ཡོངས་སུ་རྫོགས་པ་མི་འཛིན་པའི་སེམས་ཅན་དེ་དག་ནི་ཏིང་ངེ་འཛིན་རིན་པོ་ཆེ་འདི་ལྟ་བུ་འདི་ལས་ཡོངས་སུ་ཉམས་སོ་ཞེས་ མྱ་ངན་ཆེན་པོས་སྨྲེ་སྔགས་ཀྱང་གདོན་པར་བྱའོ། ། བཟང་སྐྱོང་ཏིང་ངེ་འཛིན་འདི་ཉན་མི་འདོད་པར་འགྱུར་བ་དང་། ཏིང་ངེ་འཛིན་འདི་འཛིན་པར་མི་འགྱུར་བའི་སེམས་ཅན་དེ་དག་ནི་བཟང་སྐྱོང་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་པར་ངས་བཤད་དོ། ། བཟང་སྐྱོང་གང་ཏིང་ངེ་འཛིན་ རིན་པོ་ཆེ་འདི་ལྟ་བུ་འདི་ཐོས་ནས་ཡི་གེར་འདྲི་བར་མི་བྱེད། སྟོན་པར་མི་བྱེད། འདོན་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་མི་བྱེད། འཆད་པར་མི་བྱེད། སྒོམ་པར་མི་བྱེད། ནན་ཏན་གྱིས་སྒྲུབ་པར་མི་བྱེད་པའི་སེམས་ཅན་དེ་དག་ནི་ཡོངས་སུ་ཉམས་པ་ཇི་ཙམ་དུ་འགྱུར་བ་ལྟོས་ ཤིག ། བཟང་སྐྱོང་སེམས་ཅན་དེ་ལྟ་བུ་དེ་རྣམས་ལ་ནི་ཆོས་དེ་ལྟ་བུ་དག་ཆེད་མི་ཆེ་བར་ངས་བཤད་དོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན།
BOསྐྱེས་བུ་གང་ལ་ལ་ཞིག་བྱིས་པའི་རང་བཞིན་ཅན་ཤེས་རབ་འཆལ་པའི་རང་བཞིན་ཅན་ཞིག་ལ་ཙན་དན་དམར་པོ་སར་པ་ཞིག་བྱིན་པ་དང་། དེ་དེ་ལ་མི་གཙང་ བའི་འདུ་ཤེས་བསྐྱེད་དོ། ། བཙོག་པའི་འདུ་ཤེས་བསྐྱེད་དོ། ། དེ་ལ་སྐྱེས་བུ་མཁས་པའི་རང་བཞིན་ཅན་ཙན་དན་གྱི་ཚོང་པ་ཞིག་གིས་འདི་སྐད་དུ་ཀྱེ་སྐྱེས་བུ་ཁྱོད་ཙན་དན་སར་པ་འདི་ལ་མི་གཙང་བའི་འདུ་ཤེས་མ་སྐྱེད་ཅིག ། བཙོག་པའི་འདུ་ཤེས་མ་སྐྱེད་ཅིག ། ཀྱེ་སྐྱེས་བུ་འདིའི་དྲི་ཇི་ཙམ་དུ་ དགའ་བར་བྱེད་པ་རེ་ཞིག་སྣོམས་ཤིག ། ཀྱེ་སྐྱེས་བུ་འདིའི་ཁ་དོག་ཅི་ཙམ་དུ་བལྟ་ན་སྡུག་པ་ཡང་ལྟོས་ཤིག་སྨྲས་པ་དང་། བྱིས་པའི་རང་བཞིན་ཅན་ཤེས་རབ་འཆལ་པའི་རང་བཞིན་ཅན་གྱི་སྐྱེས་བུ་དེས་ཙན་དན་དམར་པོ་དེ་མཐོང་ནས་སྣོམ་མི་འདོད་པའི་ཕྱིར་རང་གིས་ཀྱང་མ་བླངས། ལྟ་མི་འདོད་ པའི་ཕྱིར་མིག་ཀྱང་འཛུམས་པར་བྱེད་པ་དེ་བཞིན་དུ། བཟང་སྐྱོང་མ་འོངས་པའི་དུས་ན། དགེ་སློང་བྱང་ཆུབ་སེམས་དཔའ་རློམ་སེམས་ཅན་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ། ཚུལ་ཁྲིམས་འཆལ་པ། དམ་པའི་ ཆོས་ངེས་པའི་དོན་རིན་པོ་ཆེ་མི་ལེན་པ།
BOདམ་པའི་ཆོས་ངེས་པའི་དོན་རིན་པོ་ཆེ་ཡོངས་སུ་སྤོང་བར་བྱེད་པ། ཤེས་རབ་འཆལ་པ། རབ་ལས་ཡོངས་སུ་ཉམས་པ། བསམ་གཏན་རྙེད་པས་ལྷག་པའི་ང་རྒྱལ་ཅན་གང་ཟག་ལ་རྟེན་པ། གང་ཟག་ཏུ་ལྟ་བ། གང་ཟག་ཏུ་གནས་པ། ཆོས་སུ་དམིགས་པ་ལ་མངོན་པར་ཞེན་པ། སྟོང་པ་ཉིད་བཤད་པས་སྐྲག་པ་དེ་དག་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་བཤད་པ་ཐོས་ན། རྣ་བླགས་ཏེ་ཉན་པར་མི་བྱེད། མངོན་པར་དད་པར་མི་བྱེད། འཛིན་པར་མི་བྱེད། ཀུན་ཆུབ་པར་མི་བྱེད། འཆང་བར་ མི་བྱེད། ཀློག་པར་ཡང་མི་བྱེད་ན། གཞན་དག་ལ་རྒྱ་ཆེར་འཆད་པ་ལྟ་ཅི་སྨོས། དེ་དག་དེའི་ཕྱིར་བྱམས་པ་དང་དགའ་བ་རྒྱ་ཆེན་པོ་ཡང་མི་འཐོབ་ན། དེ་བཞིན་ཉིད་དུ་སྒྲུབ་པ་ལྟ་ཅི་སྨོས་པའི་སྟེང་དུ་ཐོས་ནས་ཀྱང་སྤོང་བར་བྱེད་དོ། ། མངོན་པར་མ་དད་དོ། ། མི་ལེན་ཏོ། ། མོས་པར་མི་ བྱེད་དོ། ། དཔྱ་བའི་བསམ་པ་དང་། བསྟིང་བའི་བསམ་པ་དང་། སྨད་པའི་བསམ་པས་ཚིག་ཀྱང་འདི་སྐད་དུ་གསུང་རབ་འདི་དག་འབར་དང་། འདི་ལྟར་དགེ་སློང་ཀུན་དགའ་བོ་འདྲ་བ་འཇིག་རྟེན་དུ་འབྱུང་བ་དང་། འདི་ལྟ་བུའི་མདོ་སྡེ་འབྱུང་བ་ནི་ངོ་མཚར་ཏོ་ཞེས་ཟེར་ཞིང་།
BOལྐོག་ཏུ་དོང་ནས་ ཀྱང་ཕན་ཚུན་དུ་མདོ་སྡེ་འདི་ལྟ་བུ་དག་ནི་རང་གིས་བྱས་པ་རང་བཟོ་བྱས་པ་སྟེ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན། སངས་རྒྱས་ཀྱིས་གནང་བ་མ་ཡིན་ནོ་ཞེས་དེ་སྐད་ཀྱང་རྗོད་ཅིང་སྨོད་པར་བྱེད་དེ། སྐྱེས་བུ་བླུན་པོ་དེ་ལྟ་བུ་དག་ནི་དམ་པའི་ཆོས་རིན་པོ་ཆེ་ལས་ཡོངས་སུ་ཉམས་པ་དང་། དམ་པའི་ཆོས་རིན་པོ་ཆེ་ཡོངས་སུ་སྤངས་པར་རིག་པར་བྱའོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་བྱིས་པའི་རང་བཞིན་ཅན་དེ་ཙན་དན་དམར་པོ་དེ་མཐོང་ནས་མི་བསྣོམ་པའི་ཕྱིར་སྣ་ཡང་འགོག་པ་དང་། མི་མཐོང་བར་བྱ་བའི་ཕྱིར་མིག་ཀྱང་འཛུམས་པ་དེ་བཞིན་དུ། བཟང་སྐྱོང་སྐྱེས་བུ་བླུན་ པོ་དེ་དག་ཀྱང་ཏིང་ངེ་འཛིན་རིན་པོ་ཆེ་འདི་ལྟ་བུ་འདི་ཐོས་ནས། ཕྱི་ཕྱིར་ཞིང་མཉན་པར་མི་སེམས། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། བཀླག་པར་བྱ་བར་མི་སེམས་པའི་སྟེང་དུ་ཐོས་ནས་ཀྱང་འདི་ལྟ་སྟེ། ཉན་མི་འདོད་པའི་ཕྱིར་གནས་དེ་ནས་འགྲོ་བར་ འགྱུར་རོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན།
BOསྐྱེས་བུ་རིན་པོ་ཆེ་འཚོང་བ་ལ་ལ་ཞིག་གིས་སྐྱེས་བུ་བླུན་པོའི་རང་བཞིན་ཅན་དེ་རྣམས་ལ་ནོར་བུ་རིན་པོ་ཆེ་བཻདཱུརྱ་རིན་ཐང་མེད་པ་ཞིག་བསྟན་པར་བསམས་པ་དང་། དེ་ལ་སྐྱེས་བུ་བླུན་པོའི་རང་བཞིན་ཅན་དེ་དག་ གིས་ནོར་བུ་རིན་པོ་ཆེ་དེ་མཐོང་ནས། དེ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་སྐྱེས་བུ་ནོར་བུ་རིན་པོ་ཆེ་འདིའི་རིན་ཇི་ཙམ། རིན་པོ་ཆེ་འཚོང་བ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ནོར་བུ་རིན་པོ་ཆེ་འདིའི་འོད་ཀྱིས་ས་ཕྱོགས་ཇི་ཙམ་ཁྱབ་པ་དེ་ཙམ་གྱི་ཕྱོགས་བཞིར་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་ གང་བར་བྱས་པ་དེ་བྱིན་ཅིག ། དེ་ཅིའི་ཕྱིར་ཞེ་ན། ནོར་བུ་རིན་པོ་ཆེ་འདིའི་རིན་ཐང་ཚང་བ་ནི་དེ་ཡིན་ནོ། ། སེམས་ཅན་བླུན་པའི་རང་བཞིན་ཅན་དེ་དག་གིས་དེ་ལས་ནོར་བུ་རིན་པོ་ཆེ་དེའི་རིན་ཐང་ཐོས་པ་དང་། གད་མོས་འདེབས་ཤིང་འཕྱ་བར་བྱེད། སྟིང་བར་བྱེད་ལ། ནོར་བུ་རིན་པོ་ཆེ་དེ་ཡང་ ལག་པ་གཉིས་ཀྱིས་དཔོག་པར་བྱེད་དོ། ། བཟང་སྐྱོང་དེ་བཞིན་དུ་མ་འོངས་པའི་དུས་ན་དགེ་སློང་རྟོག་པ་མང་བ། བསོད་ནམས་ཆུང་བ། དགེ་བའི་རྩ་བ་མ་བསྐྱེད་པ། སྔོན་གྱི་རྒྱལ་བ་ལ་བྱ་བ་མ་བྱས་པ། ང་རྒྱལ་གྱིས་གཟིར་བ།
BOཕྲག་དོག་གིས་གཟིར་བ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པས་གཟིར་བ། ཚུལ་ཁྲིམས་རྣམས་ཡོངས་སུ་མ་དག་པ། ཏིང་ངེ་འཛིན་རྣམས་མ་ཐོབ་པ། ཤེས་རབ་རྣམས་མ་ཐོབ་པ། ཐོས་པ་ཉུང་བ། སློབ་དཔོན་དང་མ་འགྲོགས་པ། གང་ཟག་ཏུ་ལྟ་བ་དང་། གང་ཟག་ལ་རྟེན་པ། གང་ཟག་ལ་གནས་པ། ཆོས་སུ་ དམིགས་པ་ལ་མངོན་པར་ཞེན་པ་རྣམས་ནི་སྟོང་པ་ཉིད་བཤད་པས་སྐྲག་པར་འགྱུར་ཏེ། དེ་དག་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐོས་ནས་རྟོག་པར་མི་འགྱུར། མངོན་པར་དད་པར་མི་འགྱུར། ཡིད་ཆེས་པར་མི་འགྱུར། མོས་པར་མི་འགྱུར་བའི་སྟེང་དུ་ ཐོས་ཀྱང་གད་མོས་འདེབས་པར་འགྱུར། འཕྱ་བར་འགྱུར། སྟིང་བར་འགྱུར་རོ། ། ལྐོག་ཏུ་དོང་ནས་ཀྱང་ཕན་ཚུན་ནས་སྨོད་པར་བྱེད་སྤོང་བར་བྱེད་ཅིང་། ཚིག་ཀྱང་འདི་སྐད་དུ་དགེ་སློང་འདི་དག་ནི་སྤྱི་བརྟོལ་ཅན་ནོ། ། དགེ་སློང་འདི་དག་ནི་མུ་ཅོར་སྨྲ་བ་སྟེ། འདི་ལྟར་འདི་དག་ནི་སངས་ རྒྱས་ཀྱིས་མ་གསུངས་པ། རང་གིས་བྱས་ཤིང་རང་བཟོ་བྱས་པ། ཚིག་དང་ཡི་གེ་སྣ་ཚོགས་པ། གཏམ་ཙམ་དུ་བཤད་པ་ལ་མདོ་སྡེའི་མིང་གིས་འཆད་པ་ངོ་མཚར་ཏོ་ཞེས་ཟེར་ཞིང་།
BOམདོ་སྡེ་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་དེ་དག་སྐྱེ་བོ་རྣམས་ལ་ཡང་དེ་ལྟར་ ཤེས་པར་བྱེད་དོ། ། དེ་ལྟར་སྐྱེས་བུ་བླུན་པོ་བསོད་ནམས་ཆུང་བ་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ། སྔོན་གྱི་རྒྱལ་བ་ལ་བྱ་བ་མ་བྱས་པ། བླ་ན་མེད་པའི་ཆོས་རིན་པོ་ཆེ་ཡོངས་སུ་སྤངས་པ་ཆོས་རིན་པོ་ཆེ་ལས་ཕྱི་རོལ་ཏུ་གྱུར་པ་དེ་དག་བསོད་ནམས་ཆུང་བ་ཉིད་ལ་སྟེན་པར་འགྱུར། སྒོམ་པར་ འགྱུར། མང་དུ་བྱེད་པར་འགྱུར་རོ། ། བཟང་སྐྱོང་དེ་ན་ཡང་སེམས་ཅན་གཞན་ཁ་ཅིག་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ་དེ་དག་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐོས་ནས། འདི་ལྟ་སྟེ་རྒྱས་པར་བྱ་བའི་ཕྱིར་འཛིན་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཡི་གེར་འདྲི་བར་འགྱུར། ཡི་གེར་འདྲིར་འཇུག་པར་འགྱུར། འཆད་པར་འགྱུར། ཀློག་པར་འགྱུར། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་འཆད་པར་འགྱུར། ལྷག་པར་དད་པར་འགྱུར། རྟོག་པ་མང་བར་འགྱུར། མོས་པ་མང་བར་འགྱུར། སྤྱོད་ ལམ་དང་བར་འགྱུར། ངོ་ཚ་ཤེས་པ་དང་འགྱོད་པ་དང་ལྡན་པར་འགྱུར། བསླབ་པ་འདོད་པར་འགྱུར། ཟབ་མོ་ལ་མོས་པར་འགྱུར།
BOཤེས་རབ་དང་ལྡན་པར་འགྱུར། མང་དུ་ཐོས་པར་འགྱུར། བྱམས་པ་ལ་གནས་པ་དང་སྙིང་རྗེ་ཐོབ་པར་འགྱུར། དེ་དག་ཏིང་ངེ་འཛིན་འདི་མཉན་པའི་ཕྱིར་ གང་ལ་ལར་སོང་བ་དེར་སྟོན་པར་འགྱུར། ཡང་དག་པར་སྟོན་པར་འགྱུར་རོ། ། དེ་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱིས་གསུངས་པ། འདི་འདྲ་བ་འདི་ཅི་ནས་ཀྱང་ཡུན་རིང་དུ་གནས་པར་གྱུར་ཅིག ། རྒྱས་པར་གྱུར་ཅིག ། སྙམ་དུ་སེམས་སྐྱེད་པར་འགྱུར་རོ། ། བཟང་ སྐྱོང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཁོར་འདི་རྣམས་ཀྱི་མདུན་དུ་ཁྱོད་མོས་པར་བྱའོ། ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕུལ་བ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཉན་ཅིང་ཐོས་ནས་ཀྱང་རྟོག་པར་བྱེད། མངོན་པར་དད་པར་བྱེད། ཡིད་ཆེས་པར་བྱེད་ལ་འདི་ནི་བདེན་པ་ཉིད་དོ་ཞེས་མོས་པར་བྱེད་ཅིང་།
BOསངས་རྒྱས་ཀྱིས་གསུངས་པ་ཡིན་ནོ་ཞེས་ཚིག་ཏུ་ཡང་བརྗོད་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་རོ། ། དེ་ནས་དེའི་ཚེ་དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གང་གིས་སྟོང་གསུམ་ཐམས་ཅད་དུ། ། རིན་པོ་ཆེས་ནི་བཀང་བྱས་ཏེ། ། བླ་མེད་བྱང་ཆུབ་བཙལ་བའི་ཕྱིར། ། འཇིག་རྟེན་མགོན་ལ་ཕུལ་བ་བས། ། གང་གིས་སངས་རྒྱས་ཀྱིས་བསྔགས་པའི། ། མདོ་སྡེ་ཏིང་འཛིན་འདི་ལྟ་བུ། ། ཐོས་ནས་མོས་པར་བྱེད་ན་ནི། ། དེ་ཡི་བསོད་ནམས་ཁྱད་པར་འཕགས། ། སྒྱུ་དང་གྱ་གྱུ་གཡོ་དང་ལྡན། ། རྒོད་ཅིང་དབང་པོ་མ་བསྡུས་ལ། ། སྡིག་པའི་གྲོགས་པོས་ཟིན་གྱུར་པ། ། བློ་ངན་རྣམས་ནི་དད་མི་འགྱུར། ། ཚུལ་ཁྲིམས་འཆལ་ཅིང་སྡིག་ཆོས་ཅན། ། ང་ཞེས་ང་རྒྱལ་དམ་དུ་ གནས། ། ཕན་ཚུན་དག་ནས་འདུས་ནས་ཀྱང་། ། རྒྱལ་བའི་བསྟན་ལ་གད་མོས་འདེབས། ། མདོ་སྡེ་དེ་དག་ཆོས་ཀྱི་རྒྱལ། ། སངས་རྒྱས་ཀྱིས་ནི་མ་གསུངས་ཞེས། ། མ་བསྡམས་དེ་དག་དེ་འདྲ་བའི། ། ཚིག་དག་ཀྱང་ནི་བརྗོད་པར་འགྱུར། ། གང་ཞིག་ཏིང་འཛིན་མདོ་འདི་ལ། ། ཐོས་ནས་རྟོག་ པར་མི་འགྱུར་བ། །
BOམ་རུངས་ཆུད་ཟོས་མི་ཤེས་ཤིང་། ། ལྟ་བ་ངན་ལ་དམིགས་ཅན་ནོ། ། སངས་རྒྱས་ཀྱིས་ནི་གསུངས་པ་ཡི། ། མདོ་སྡེ་འདི་འདྲ་འདི་དག་ལ། ། བསོད་ནམས་ཆུང་ཞིང་དམིགས་གནས་པས། ། དད་པར་བྱ་བ་མི་ནུས་སོ། ། གང་ཞིག་མདོ་སྡེ་འདི་འདྲ་བ། ། ཐོས་ནས་དགའ་ བར་འགྱུར་བ་ནི། ། མི་མཆོག་ཏུ་ནི་མི་འགྱུར་སྙམ། ། དེ་ལ་ཐེ་ཙོམ་མ་བྱེད་ཅིག ། གང་ཞིག་ཚུལ་ཁྲིམས་ཡོངས་དག་ཅིང་། ། ལྟ་བའང་རྟག་ཏུ་དྲང་བ་དང་། ། ཆོས་འདི་ལ་ནི་གུས་བཅས་པ། ། ངས་ནི་དེ་ལ་ཆོས་བཤད་དོ། ། གང་གིས་དཔའ་ཆེན་འཇིག་རྟེན་མགོན། ། འོད་བྱེད་པ་ནི་མཐོང་ གྱུར་པ། ། དེ་དག་དོན་དུ་བཤད་པར་བྱས། ། དེ་དག་ཀྱང་ནི་ཆོས་འཛིན་ཤོག ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་ལྷག་པའི་ང་རྒྱལ་ཅན་གྱི་ལེའུ་སྟེ་དྲུག་པའོ། ། ། ། བམ་པོ་གསུམ་པ། བཟང་སྐྱོང་ད་ལྟར་ང་ཏིང་ངེ་འཛིན་འདི་འཆད་པའི་ཚེ་གང་གིས་ང་ལ་མཉེས་པར་ བྱེད་པ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བའམ། དགེ་བའི་བཤེས་གཉེན་དང་བྲལ་བ་མ་གཏོགས་པར་ཏིང་ངེ་འཛིན་འདི་ཐོས་ནས་སྤོང་བའམ། སྨོད་པར་འགྱུར་བ་དེ་ནི་གནས་མ་ཡིན་ཏེ་སྐབས་མེད་དོ། །
BOབཟང་སྐྱོང་འདི་ན་དགེ་བའི་བཤེས་ གཉེན་གྱི་ལག་ཏུ་སོང་བ་ལས་ཀྱང་སྐྱེས་བུ་བླུན་པོ་ཁ་ཅིག་ཏིང་ངེ་འཛིན་འདི་ཐོས་ནས་མངོན་པར་དད་པར་མི་བྱེད། ཡིད་ཆེས་པར་མི་བྱེད། མོས་པར་མི་བྱེད་ན། གང་དག་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། མང་དུ་ཐོས་པ་དེ་ནི་དེ་ ལྟར་བསྒྲུབ་པར་དཀའོ། ། སངས་རྒྱས་བལྟ་བ་དེ་ནི་དེ་ལྟར་རྙེད་པར་དཀའོ། ། བཟང་སྐྱོང་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པར་བྱ་བ་ནི་དེ་ལྟར་དཀའོ། ། བཟང་སྐྱོང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ འདི་ཡང་དེ་ལྟར་བསྒྲུབ་པར་དཀའོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་ལྟ་བུ་འདི་ཐོས་ནས་མི་སྐྲག་མི་དངང་དངང་བར་མི་འགྱུར། གད་མོས་མི་འདེབས། འཕྱ་བར་མི་བྱེད། སྟིང་བར་མི་བྱེད། སྤོང་བར་མི་བྱེད་པའི་སྟེང་དུ་ཐོས་ནས་ཀྱང་ རྗེས་སུ་ཡི་རང་བར་བྱེད། མངོན་པར་དད་པར་བྱེད། ཡིད་ཆེས་པར་བྱེད། འདུན་པར་བྱེད་ཅིང་ཏིང་ངེ་འཛིན་འདི་བསྟན་པ་དང་། གཟུང་བ་དང་།
BOཀུན་ཆུབ་པར་བྱ་བ་དང་། བཅང་བ་དང་། བཀླག་པ་དང་། ཡི་གེར་བྲི་བ་དང་། བཤད་པ་དང་། བསྒོམ་པའི་ཕྱིར་འདོད་པ་སྐྱེད་པ་ནི་བཟང་སྐྱོང་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་གཟིགས་སོ། ། དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན་ཏོ། ། བཟང་སྐྱོང་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་ཇི་ལྟར་དེ་བཞིན་གཤེགས་པས་གཟིགས་ཤིང་། ཇི་ལྟར་དེ་བཞིན་གཤེགས་པས་མཁྱེན་ཅེ་ན། གང་དག་ཏིང་ངེ་འཛིན་འདི་འཛིན་པར་འགྱུར་བ་དང་། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། ཀློག་པར་འགྱུར་བ་དང་། ཡི་གེར་འདྲི་བར་འགྱུར་བ་དང་། སྟོན་པར་འགྱུར་བ་དང་། སྒོམ་པར་འགྱུར་བའི་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་ནི་བཟང་སྐྱོང་ ཚུལ་ཁྲིམས་འཆལ་པར་མི་འགྱུར། དད་པ་མེད་པར་མི་འགྱུར། ཆོས་མི་འདོད་པར་མི་འགྱུར། ལོག་པར་ལྟ་བར་མི་འགྱུར། དམིགས་པ་ལ་མངོན་པར་ཞེན་པར་མི་འགྱུར་གྱིས། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་དད་པ་ཅན་དུ་འགྱུར་རོ། །
BOའདི་ལྟ་སྟེ་ཆོས་ འདི་ལྟ་བུ་འདི་དག་ལེན་པར་བྱེད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་རྟོག་པ་མང་བ་དང་མོས་པ་མང་བ་དང་ཡིད་ཆེས་པ་དང་། ཆོས་འདོད་པ་དང་། ཟབ་མོ་ལ་མོས་པ་རྣམས་སུ་འགྱུར་རོ། ། བཟང་སྐྱོང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་བསོད་ནམས་ཆུང་བ་དང་། དགེ་བའི་ རྩ་བ་ཆུང་བར་མི་འགྱུར་གྱི། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་། དགེ་བའི་རྩ་བ་རྣམས་འབར་བ་ཡིན་ནོ། ། བཟང་སྐྱོང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། སངས་ རྒྱས་གཅིག་དང་། གཉིས་དང་། གསུམ་ལ་དགེ་བའི་རྩ་བ་རྣམས་བསྐྱེད་པ་མ་ཡིན་གྱི། བཟང་སྐྱོང་རིགས་ཀྱི་བུ་དེ་ལྟ་བུ་དེ་དག་ནི་སངས་རྒྱས་བརྒྱ་ལ་བསྙེན་བཀུར་བྱས་པར་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟ་བུ་དེ་དག་ནི་སངས་རྒྱས་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། དེ་བཞིན་གཤེགས་ པ་དེ་དག་ལས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཏིང་ངེ་འཛིན་འདི་ཐོས་ཤིང་རྗེས་སུ་ཡི་རང་བ་དང་མོས་པར་འགྱུར་རོ། །
BOདེ་དག་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་ཡང་ཏིང་ངེ་འཛིན་འདི་ཐོས་ནས་མི་སྤོང་བར་འགྱུར་བའི་སྟེང་དུ་ཐོས་ནས་ཀྱང་རྗེས་སུ་ཡི་རང་བར་འགྱུར། ལེགས་སོ་ཞེས་བྱ་བ་འབུལ་ བར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ལུང་ནོད་པར་འགྱུར། འཆད་པར་འགྱུར། སྒོམ་པའི་སྦྱོར་བ་ལ་བརྩོན་པར་འགྱུར་རོ། ། བཟང་སྐྱོང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཐོས་ནས་ མི་སྐྲག་མི་དངང་དངང་བར་མི་འགྱུར་ཞིང་། མི་སྤོང་བའི་སྟེང་དུ་ཐོས་ནས་ཀྱང་རྗེས་སུ་ཡི་རང་བར་བྱེད། མངོན་པར་དད་པར་བྱེད། མངོན་པར་ཡིད་ཆེས་པར་བྱེད། མོས་པར་བྱེད། ལེགས་སོ་ཞེས་བྱ་བ་འབུལ་བར་བྱེད་ཅིང་། ཐོས་ནས་ཀྱང་འཛིན་པར་བྱེད། ཀུན་ཆུབ་པར་བྱེད། འཆང་ བར་བྱེད། ཀློག་པར་བྱེད། ཡི་གེར་འདྲི་བར་བྱེད། ཡི་གེར་འདྲིར་འཇུག་པར་བྱེད།
BOསྟོན་པར་བྱེད་ཅིང་ཐ་ན་ཉིན་ཞག་འགའ་ཡང་ཏིང་ངེ་འཛིན་འདི་བསྒོམ་པའི་ཕྱིར་བསྒོམ་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་བྱེད་ན་བཟང་སྐྱོང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་དེའི་གཞི་ལས་བསོད་ནམས་མང་པོ་སྐྱེད་ པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་གྲངས་མེད་པ་བསྐྱེད་པར་འགྱུར་རོ། ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། བསམ་པ་བཞིན་དུ་ཡོངས་སུ་རྫོགས་པའང་འཐོབ་པར་འགྱུར་རོ། ། བཟང་ སྐྱོང་འོན་ཀྱང་ཡང་དོན་དེ་ཉིད་ལྷག་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་ཏོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་བྱུང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་དུ་བླགས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་འདིའི་རྩྭ་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་ཐ་ན་སོར་བཞི་ཙམ་པ་དེ་དག་ཐམས་ཅད་ཀྱང་རྡུལ་ཕྲ་རབ་ཀྱི་རྡུལ་དུ་བླགས་ལ།
BOདེ་ནས་མི་དེས་དེ་ལས་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་བླངས་ཏེ་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཐམས་ཅད་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཆར་བཅད་དེ་ཚུལ་དེ་ལྟ་བུར་རྡུལ་ཕྲ་རབ་ ཀྱི་རྡུལ་དེ་དག་ཐམས་ཅད་ཆ་དེ་སྙེད་དུ་བཅད་ན། བཟང་སྐྱོང་ཁྱོད་ཇི་སྙམ་དུ་སེམས། རྡུལ་ཕྲ་རབ་ཀྱི་རྡུལ་དེ་མང་བ་ཡིན་ནམ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ། ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་གི་ཆ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ལ་དབུལ་བར་ཕུལ་ན། དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ཁྱོད་མོས་པར་བྱའོ། ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། ། བཟང་སྐྱོང་ཡང་རིགས་ཀྱི་བུའམ།
BOརིགས་ཀྱི་བུ་མོ་གང་གིས་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་དབུལ་བར་ཕུལ་བ་བས། བཟང་སྐྱོང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ད་ལྟར་གྱི་སངས་རྒྱས་ མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཐོས་ནས་རྟོག་པར་བྱེད། མངོན་པར་དད་པར་བྱེད། ཡིད་ཆེས་པར་བྱེད། མོས་པར་བྱེད་ལ་བརྟགས་ཤིང་མངོན་པར་དད་དེ། ཡིད་ཆེས་ཤིང་མོས་པར་བྱས་ནས་ཀྱང་འཛིན་པར་བྱེད། ཀུན་ཆུབ་པར་བྱེད། འཆང་བར་ བྱེད། ཀློག་པར་བྱེད། ཡི་གེར་འདྲི་བར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་འཆད་པར་བྱེད། སྟོན་པར་བྱེད། ཡང་དག་པར་འཆད་པར་བྱེད་ན། དགེ་བའི་རྩ་བ་སྔ་མ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདིའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་ན། གང་ཞིག་ཐ་ན་བ་འཇོས་ ཙམ་ཞིག་བསྒོམ་པའི་སྦྱོར་བ་ལ་བརྩོན་པར་གནས་པ་ལྟ་ཅི་སྨོས། བཟང་སྐྱོང་གང་ཞིག་ཏིང་ངེ་འཛིན་འདི་ཐོས་ནས་འཛིན་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཡི་གེར་འདྲི་བར་འགྱུར་ཞིང་། གཞན་དག་ལ་ཡང་རྒྱ་ཆེར་གོ་བར་བྱེད། སྟོན་ པར་བྱེད།
BOཡང་དག་པར་འཆད་པར་བྱེད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དེའི་ཚད་ཀྱང་ང་མི་སྨྲ་ན། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཏིང་ངེ་འཛིན་འདི་བསྒྲུབས་ཏེ་དེ་བཞིན་ཉིད་དུ་སློབ་ཅིང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་ལྟ་ཅི་སྨོས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་དག ། རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་ནི། ། དེ་ཡི་འབྲས་བུ་ཆུང་བར་སྨྲའོ། ། གང་གིས་ཆོས་འདི་འདྲ་བ་ཐོས་པ་དང་། ། བསོད་ནམས་མང་འདོད་བྱང་ཆུབ་སེམས་དཔའ་གང་། ། ཏིང་འཛིན་འདི་ནི་འཆང་ཞིང་ཀློག་བྱེད་ལ། ། ཐོས་ནས་སྙོམ་པ་མེད་པར་སྟོན་པ་ནི། ། བསོད་ནམས་ཕུང་པོ་མཐའ་མེད་ལྡན་པར་འགྱུར། ། གང་གིས་འཇིག་རྟེན་ཁམས་འདི་རྡུལ་ཕྲན་ལྟར། ། བཅད་ཅིང་གཤེགས་ཏེ་རྡུལ་དུ་བྱས་གྱུར་པ། ། དེ་སྙེད་ཀྱི་ནི་འཇིག་རྟེན་ཁམས་ཀྱི་རྣམས། ། རིན་ཆེན་ བཀང་སྟེ་སྦྱིན་པ་བྱིན་པ་བས། ། གང་གིས་ཏིང་འཛིན་སངས་རྒྱས་རྣམས་ཀྱིས་གནང་། ། བདེ་གཤེགས་བསྔགས་པ་འདི་ལ་ཚིག་བཞི་པའི། ། ཚིགས་བཅད་འགའ་ཞིག་ཀུན་ཏུ་ཆུབ་བྱེད་ན། །
BOདེ་ཡི་བསོད་ནམས་དཔེ་ཡོད་མི་འགྱུར་ན། ། གང་ཞིག་སྐད་ཅིག་ཙམ་མམ་བ་འཇོས་ཙམ། ། ཀུན་ཆུབ་བྱེད་དམ་འཛིན་དང་ཀློག་པ་ལྟ། ། སྨོས་ཀྱང་མི་དགོས་དེ་ཡི་སྟེང་དུ་ཡང་། ། དེ་ཡི་བསོད་ནམས་ལ་ནི་ཚད་མི་རྙེད། ། སེམས་ཅན་ཐམས་ཅད་བདེ་བར་གཤེགས་གྱུར་ཏེ། ། ཡེ་ཤེས་རྣམ་དག་དོན་དམ་ཐུགས་སུ་ཆུད། ། དེ་དག་བསྐལ་པ་བྱེ་བ་རབ་མང་ངམ། ། དེ་བས་ཚིགས་ བཅད་གཅིག་བཤད་བསོད་ནམས་འཕགས། ། དེ་སྲིད་བར་དུ་ཆོས་མང་བྱེ་བ་རྣམས། ། བསྟན་ནས་དེ་དག་མྱ་ངན་འདས་པ་བས། ། ཏིང་འཛིན་འདི་ལས་ཚིགས་བཅད་གང་འཛིན་པ། ། དེ་ཡི་བསོད་ནམས་ཚད་གཟུང་སླ་བ་མིན། ། ཇི་ཙམ་རྒྱ་ཆེ་འཇིག་རྟེན་ཁམས་ཡོད་པ། ། ཕྱོགས་ བཞི་དང་ནི་འོག་དང་དེ་བཞིན་སྟེང་། ། རིན་ཆེན་བཀང་སྟེ་བསོད་ནམས་འདོད་པའི་ཕྱིར། ། འཇིག་རྟེན་མཁྱེན་ལ་དབུལ་བར་ཕུལ་བས་ནི། ། གང་ཞིག་ཏིང་འཛིན་ཞི་བ་རྡུལ་མེད་འདི། ། རབ་ཏུ་བསྒོམས་ཤིང་གཞན་ལ་སྟོན་བྱེད་པའི། ། བསོད་ནམས་དེ་ལ་འཇིག་རྟེན་ཁམས་ཡངས་ པས། ། དེ་ཡི་ཆ་དང་དཔེར་ཡང་མི་འགྱུར་རོ། ། གང་ཞིག་ཏིང་འཛིན་ཞི་བ་འདི་སྒོམ་པ། ། དེ་ནི་ནམས་ཀྱང་ཡིད་གཉིས་ཐེ་ཙོམ་མེད། ། དེ་ལ་ནམས་ཀྱང་ལོག་ལྟུང་འཇིགས་པ་མེད། །
BOདེ་ནི་ཆོས་ལའང་ནེམ་ནུར་མི་འབྱུང་ངོ་། ། སངས་རྒྱས་བཤད་པའི་ཏིང་འཛིན་འདི་བསྒོམས་པས། ། དེ་ནི་ང་ལའང་བསྙེན་བཀུར་བྱས་པར་འགྱུར། ། བསོད་ནམས་རྒྱ་ཆེ་བསམ་མི་ཁྱབ་པའང་བཟུང་། ། བྱང་ཆུབ་སེམས་དཔའ་ཐོས་པས་འཕགས་པར་འགྱུར། ། གང་ཞིག་ཕྱི་དུས་འཇིགས་བྱེད་ཆེན་པོའི་ཚེ། ། ཏིང་འཛིན་འདི་ནི་ཐོས་ནས་འཛིན་བྱེད་པ། ། དེས་ནི་ང་དང་འདས་པའི་སངས་རྒྱས་ སམ། ། མ་བྱོན་དག་ལའང་བསྙེན་བཀུར་བྱས་པར་འགྱུར། ། མོས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱ། ། བག་ཡོད་པར་ནི་བརྩོན་འགྲུས་བརྩམ་པར་བྱོས། ། དགའ་བའི་སེམས་ཀྱིས་བརྟན་པར་སྦྱོར་བར་བྱོས། ། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར། ། ཏིང་འཛིན་འདི་ནི་ ཡོངས་སུ་འདྲི་བྱེད་ན། ། དེས་ནི་རྒྱལ་བ་བརྒྱ་ཡང་མཉེས་པར་བྱས། ། གང་ཞིག་ཕྱི་དུས་འཇིགས་བྱེད་ཆེན་པོའི་ཚེ། ། ཏིང་འཛིན་ཐོས་ནས་མངོན་པར་དད་བྱེད་པ། ། དེས་ནི་ང་དང་དགེ་སློང་འདི་དག་དང་། ། ཁྱིམ་བདག་བཟང་སྐྱོང་ཁྱོད་ཀྱང་མཐོང་བ་ཡིན། ། གང་ཞིག་ཏིང་འཛིན་ཞི་བ་འཕགས་ པ་འདི། ། དང་བའི་སེམས་ཀྱིས་གཞན་ལ་རྗོད་བྱེད་ཅིང་། ། ཏིང་འཛིན་ཆེན་པོ་འདི་ནི་ཐོབ་གྱུར་ན། ། བྱང་ཆུབ་སེམས་དཔའ་མང་དུ་ཐོས་ཞེས་བྱ། །
BOའདི་ནི་སངས་རྒྱས་ཀུན་གྱིས་འཐུན་པར་བསྔགས། ། ཐོས་ཀུན་སངས་རྒྱས་བྱང་ཆུབ་ཏུ་ཡང་བསྐྱེད། ། སངས་རྒྱས་ཀྱིས་གནང་མཁས་པས་ བསྔགས་པ་ཡི། ། ཏིང་འཛིན་འདི་ནི་ཤིན་ཏུ་གོམས་བྱས་ན། ། ཇི་ལྟར་གནང་ཞིང་བདེ་གཤེགས་ཀྱིས་བསྔགས་པའི། ། ཐོས་པའི་རིགས་ནི་རབ་ཏུ་ཐོས་པར་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བདུན་པའོ། ། ། ། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་ང་ད་ལྟར་ཁྱོད་ཀྱི་མདུན་ན་འདུག་ཅིང་ཆོས་སྟོན་པ་དེ་བཞིན་དུ་བཟང་སྐྱོང་བྱང་ཆུབ་སེམས་དཔའས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སངས་རྒྱས་ཀྱི་ གདན་ལ་བཞུགས་ཤིང་ཆོས་སྟོན་པར་ཡང་ཡིད་ལ་བྱའོ། ། དེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་སྐུ་ཡོངས་སུ་གྲུབ་པ་དང་ལྡན་པར་དེ་བཞིན་གཤེགས་པ་རྣམས་ཡིད་ལ་བྱའོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་རེ་རེ་ཡང་བསོད་ནམས་བརྒྱས་བསྐྱེད་པར་བལྟའོ། །
BOམཚན་མ་རྣམས་ཀྱང་གཟུང་བར་བྱའོ། ། སྤྱི་གཙུག་བལྟར་མི་མཐོང་བ་ཡང་ཡོངས་སུ་ཞུ་བར་བྱའོ། ། ཞུས་ནས་ཀྱང་སྐྱེས་བུ་ཆེན་པོའི་མཚན་རྣམས་ཀྱི་མཚན་མ་རྣམས་ཀྱང་གཟུང་ བར་བྱའོ། ། བཟུང་ནས་ཀྱང་འདི་ལྟར་བསླབ་པར་བྱ་སྟེ། ཨ་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཛེས་པ་ནི་ངོ་མཚར་ཏེ། བདག་ཀྱང་མ་འོངས་པའི་དུས་ན་ལུས་ཡོངས་སུ་གྲུབ་པ་འདི་ལྟ་བུ་དང་ལྡན་པར་འགྱུར་རོ། ། མཚན་འདི་ལྟ་བུ་དག་ ཡོངས་སུ་རྫོགས་པར་འགྱུར་རོ། ། བདག་ཀྱང་ཚུལ་ཁྲིམས་འདི་ལྟ་བུ་དང་ལྡན་པར་འགྱུར་རོ། ། དེ་བཞིན་དུ་ཏིང་ངེ་འཛིན་དང་། དེ་བཞིན་དུ་ཤེས་རབ་དང་། དེ་བཞིན་དུ་རྣམ་པར་གྲོལ་བ་དང་། དེ་བཞིན་དུ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ལྡན་པར་འགྱུར་རོ། ། བདག་ཀྱང་དེ་བཞིན་དུ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་འཁོར་བཞི་དང་ལྷ་དང་བཅས་པའི་འཇིག་རྟེན་ལ་ཆོས་འཆད་པར་འགྱུར་རོ་སྙམ་དུ་བསླབ་པར་བྱའོ། ། དེས་དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་ཡིད་ལ་ བྱས་ནས་ཡང་འདི་ལྟར་བསླབ་པར་བྱ་སྟེ།
BOང་ཞེས་བྱ་བའི་ཆོས་དེ་ནི་གང་ཡིན་ངའི་ཞེས་བྱ་བའི་ཆོས་དེ་ཡང་གང་ཡིན། བྱང་ཆུབ་དེ་ཡང་གང་ཡིན། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ཡང་སུ་ཡིན། ཅི་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་སེམས་ཀྱིས་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ། གལ་ཏེ་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱར་ནི་ལུས་ནི་བེམས་པོ་གཡོ་བ་མེད་པ། བྱེད་པ་མེད་པ། སེམས་པ་མེད་པ། རྩྭ་དང་། ཤིང་དང་། རྡོ་དང་། རྩིག་པ་དང་། མིག་ཡོར་དང་འདྲ་བ་ཡིན་ལ། བྱང་ཆུབ་ནི་གཟུགས་མེད་པ། བསྟན་དུ་མེད་ པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་ན། བེམས་པོ་གཡོ་བ་མེད་པ། བྱེད་པ་མེད་པ། སེམས་པ་མེད་པའི་ལུས་ཀྱིས་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་མི་བྱེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར། ཅི་སྟེ་སེམས་ ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱར་ནི་སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་པ། སྒྱུ་མ་ལྟ་བུ་ཡིན་ལ། བྱང་ཆུབ་ནི་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ།
BOརྣམ་པར་རིག་པར་བྱེད་པ་མ་ཡིན་ན། གཟུགས་ མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་ལ། སྒྱུ་མ་ལྟ་བུའི་སེམས་ཀྱིས་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར་སྙམ་དུ་བསླབ་ པར་བྱའོ། ། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་དཔའས་འདི་ལྟར་བསླབ་པར་བྱ་སྟེ། ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། སེམས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། སེམས་ཀྱིས་སེམས་མེད་པ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་ རྒྱའོ། ། གཟུགས་ཀྱིས་གཟུགས་མེད་པ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། སེམས་ཀྱིས་སེམས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། གཟུགས་ཀྱིས་གཟུགས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ་སྙམ་དུ་བསླབ་པར་བྱའོ། ། བཟང་ སྐྱོང་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ནི་མཐར་འཛིན་པ་ཐམས་ཅད་རྣམ་པར་སྤངས་པ་སྟེ། དེས་ན་དེ་བཞིན་གཤེགས་པ་ལུས་ལ་ལུས་ཀྱི་རྗེས་སུ་གཟིགས་ཤིང་སྤྱོད་དོ། ། སེམས་ལ་སེམས་ཀྱི་རྗེས་སུ་གཟིགས་ཤིང་སྤྱོད་དོ།
BO། བཟང་སྐྱོང་ཤེས་རབ་གང་ཆོས་ཐམས་ ཅད་རབ་ཏུ་ཤེས་པར་བྱེད་པའི་ཤེས་རབ་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་པ། ཟག་པ་མེད་པ་དེ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་རོ། ། མངོན་པར་རྫོགས་པར་འཚང་མི་རྒྱ་བར་ཡང་མི་འགྱུར་རོ། ། དེ་ཅིའི་ཕྱིར་ ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཟག་པ་མེད་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཟག་པ་མེད་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གཟུགས་ཀྱང་ཟག་པ་མེད་པ། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་ཟག་པ་མེད་པ་ཡིན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་སམ། ཏིང་ངེ་འཛིན་ཏམ་ ཤེས་རབ་བམ། རྣམ་པར་གྲོལ་བའམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཟག་པ་མེད་པ་ཡིན་པར་ལྟ་སྨོས་ཀྱང་ཅི་དགོས། བཟང་སྐྱོང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་ཀྱང་ཟག་པ་མེད་པའོ། །
BOདེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་གང་བཤད་པའམ། འཆད་པའམ། འཆང་བར་འགྱུར་བའི་ཆོས་དེ་ཡང་ཟག་པ་མེད་པ་སྟེ། བྱིས་པ་མི་མཁས་པ་རྣམས་ཀྱིས་མི་ཤེས་ཀྱི། མཁས་པ་རྣམས་ཀྱིས་ཡང་དག་པར་རྟོགས་ སོ། ། བཟང་སྐྱོང་དེའི་ཚེ་ན་བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་པར་བྱ་སྟེ། ཅི་ལུས་ཀྱིས་བྱང་ཆུབ་མངོན་པར་འཚང་རྒྱའམ། འོན་ཏེ་ཤེས་རབ་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་དུ་བསླབ་པར་བྱའོ། ། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་འདི་ལྟར་ལུས་ཀྱིས་ཀྱང་བྱང་ཆུབ་མངོན་པར་འཚང་མི་རྒྱ། ཤེས་རབ་ཀྱིས་ཀྱང་མ་ཡིན་ནོ་སྙམ་དུ་བསླབ་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་དེ་ནི་ཟག་པ་མེད་ཅིང་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ཀྱང་མི་དམིགས་ཏེ། དེ་དེའི་རྒྱུས་བྱང་ཆུབ་བཙལ་བ་ལ་བཏང་ སྙོམས་སུ་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་དེ་ཡང་ཟག་པ་མེད་ཅིང་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ཀྱང་མི་དམིགས་སོ། ། དེས་རང་གིས་ལུས་དང་། རང་གིས་སེམས་ཡོངས་སུ་བཙལ་ཀྱང་མི་དམིགས་སོ། །
BOདེས་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་བཙལ་ཀྱང་མི་དམིགས་ སོ། ། སུ་ཞིག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་ཀྱང་མི་དམིགས་སོ། ། གང་གིས་བྱང་ཆུབ་མངོན་པར་འཚང་རྒྱ་ཞེས་ཀྱང་མི་དམིགས་སོ། ། ཅི་ཞིག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་ཞེས་ཀྱང་མི་དམིགས་ཤིང་མི་མཐོང་ངོ་། ། དེ་ཆོས་ཐམས་ཅད་ལ་དེ་ལྟར་རྣམ་པར་ ལྟ་བ་ན་ཡང་དག་པར་མི་མཐོང་ངོ་། ། དེ་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ཡང་དེ་དག་རང་བཞིན་གྱིས་ཞི་བ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། གང་མ་སྐྱེས་པ་དེ་ནི་མ་ཞི་བའི་ཕྱིར་རོ། ། དེ་མ་སྐྱེས་པ་ཞི་བའི་ཆོས་ཐམས་ཅད་ལ་ཞི་བའི་ཆོས་རྣམས་སུ་རྟོག་གོ ། ཞི་བའི་ཆོས་ཐམས་ཅད་ལ་ཞི་བ་དང་བྲལ་བར་རྟོག་གོ། ། དེས་དེ་ལྟར་བརྟགས་ནས་ཆོས་རྣམས་ཞི་བ་ཞེས་ཀྱང་བརྟག་པར་མི་བྱའོ། ། མ་ཞི་བར་ཡང་བརྟག་པར་མི་བྱའོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མ་སྐྱེས་པ་དང་། ཡོངས་སུ་མ་གྲུབ་པའི་ཕྱིར་རོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་མེ་མ་བུས་མ་འབར་བར་འདི་སྐད་དུ་བདག་གིས་མེ་འདི་ཞི་བར་བྱའོ་ཞེས་ཟེར་ན། བཟང་སྐྱོང་དེ་ཇི་སྙམ་དུ་སེམས།
BOསྐྱེས་བུ་དེ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ། བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེ་བཞིན་དུ་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། ། གང་ཞིག་འདི་སྐད་དུ་འཇིག་རྟེན་གྱི་ཀུན་རྫོབ་མ་གཏོགས་པར་ང་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། ། ང་ནི་ཆོས་ཐམས་ཅད་སྤོང་བར་འགྱུར་རོ། ། ང་ནི་ཆོས་ཐམས་ ཅད་མངོན་སུམ་དུ་བྱེད་པར་འགྱུར་རོ། ། ང་ནི་ཆོས་ཐམས་ཅད་བསྒོམ་པར་འགྱུར་རོ། ། ང་ནི་ཆོས་ཐམས་ཅད་ཞི་བར་བྱེད་པར་འགྱུར་རོ། ། ང་ནི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། ། ང་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། ། ང་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ པར་འགྱུར་རོ། ། ང་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་རོ། ། ང་ནི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། ། ང་ནི་རང་བྱང་ཆུབ་ཐོབ་པར་འགྱུར་རོ། ། ང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ང་ནི་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་འགྱུར་རོ། །
BOང་ནི་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱེད་པར་འགྱུར་རོ་ཞེས་ཟེར་ན་དེ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ། བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རང་བྱང་ཆུབ་འདོད་པ་དང་། དགྲ་བཅོམ་པ་ཉིད་འདོད་པས་ཆོས་དེ་དག་ལ་དེ་ ལྟར་བརྟག་པར་བྱའོ། ། ཆོས་དེ་དག་ལ་དེ་ལྟར་བརྟགས་ནས་ཆོས་རྣམས་ཞི་བ་ཞེས་བརྟག་པར་མི་བྱའོ། ། ཆོས་རྣམས་མ་ཞི་བ་ཞེས་ཀྱང་བརྟག་པར་མི་བྱའོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་ལ་ཞིག་ཅི་ཡང་མེད་ཅིང་མ་སྐྱེས་ཏེ། ཡོངས་སུ་མ་གྲུབ་པའི་ཆོས་ཐམས་ ཅད་ལ་ཆོས་ཐམས་ཅད་ཞི་བའོ་ཞེས་རྟོག་ན་འདི་ནི་མཐའ་གཅིག་གོ། ། ཆོས་ཐམས་ཅད་མ་ཞི་བའོ་ཞེས་རྟོག་ན་འདི་ནི་མཐའ་གཉིས་པའོ། ། བཟང་སྐྱོང་གང་ཞི་བ་དང་མ་ཞི་བའི་མཐའ་འདི་གཉིས་མི་དམིགས་པ་དང་། མི་རྟོག་པ་དང་། རྣམ་པར་མི་སྒྲུབ་པ་དང་། ཡིད་ལ་མི་བྱེད་པ་དང་།
BOཀུན་ཏུ་ མི་སྤྱོད་པ་འདི་ནི་བགྲང་བའི་ཚུལ་དུ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བསྟན་པས་དབུ་མའི་ལམ་ཞེས་བྱ་སྟེ། དོན་དམ་པར་ནི་འདི་ལ་མཐའ་དང་དབུང་དམིགས་སུ་མེད་དོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་འདྲ་བ་མྱ་ངན་ལས་འདས་པ་དང་མཉམ་པ་སྟེ། དེ་ དག་ནི་ཆད་པ་མེད་པ། མ་ཞིག་པ། མི་རྟག་པ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། མཚན་མ་མེད་པ། གྲངས་མེད་པ་སྟེ། མཁས་པ་རྣམས་ཀྱིས་ཀྱང་དེ་ལ་གྲངས་ཀྱིས་ཉེ་བར་མི་འགྲོ་ཞིང་མི་དམིགས་པས་ན་ཆོས་ཐམས་ཅད་ནི་གྲངས་མེད་ པ་ཞེས་བྱའོ། ། བཟང་སྐྱོང་དེ་ལྟར་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་མངོན་པར་ཞེན་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ཆོས་ཐམས་ཅད་ནི་མངོན་པར་ཞེན་པར་བྱ་བ་མ་ཡིན་ཞིང་། དེ་དག་ལ་ནི་ མངོན་པར་ཞེན་པ་མེད་པ་སྟེ། རྩ་བ་ཆད་པ། རྩ་བ་དང་བྲལ་བ། རྟེན་པ་མེད་པ་ཞེས་བྱའོ། །
BOབཟང་སྐྱོང་བྱང་ཆུབ་སེམས་དཔའ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ན་མཆོག་ཏུ་ འཛིན་པ་མེད་ཅིང་མི་དམིགས་པ་དང་། ལོག་པར་འཛིན་པ་མེད་པ་དེ་ལྟར་བསྒོམ་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ཆོས་ཐམས་ཅད་ནི་གཟུང་བ་མེད་པ་སྟེ། ཤིན་ཏུ་ཞི་བ་ནམ་མཁའ་དང་འདྲ་བ་མྱ་ངན་ལས་འདས་པ་དང་མཉམ་པའོ་ཞེས་དེ་བཞིན་གཤེགས་པས་བཀའ་སྩལ་བའི་ ཕྱིར་རོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་གསེར་གྱི་གར་བུ་ཤིན་ཏུ་བསྲེགས་པ། ཤིན་ཏུ་བཙོས་པ་ལྕགས་ཀྱི་ཐུ་ལུམ་དང་འདྲ་བ་ནི་མཁས་པ་རྣམས་ཀྱིས་འཛིན་པར་མི་བྱེད་དོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཚ་བའི་བདག་ཉིད་དེ། བཟང་སྐྱོང་དེ་ནི་རིན་པོ་ཆེའི་མཆོག་ གསེར་ཡིན་མོད་ཀྱི། འོན་ཀྱང་བཟང་སྐྱོང་འདི་ལྟ་སྟེ། ཤིན་ཏུ་ཚ་བའི་ཕྱིར་འཛིན་པར་མི་བྱེད་དོ། ། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ན་མངོན་པར་ཞེན་པར་མི་བྱའོ། ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་།
BOའདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སུ་ཡང་མངོན་པར་ཞེན་པར་མི་བྱའོ། ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་ཡང་མངོན་པར་ཞེན་པར་མི་བྱའོ། ། སངས་ རྒྱས་ཀྱི་ཆོས་ཐམས་ཅད་དུའང་མངོན་པར་ཞེན་པར་མི་བྱའོ། ། རྣམ་པ་ཐམས་ཅད་དུའང་མངོན་པར་ཞེན་པར་མི་བྱའོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་ཞེན་པ་ནི་འཁོར་བའི་བདག་ཉིད་ཅན་སྡུག་བསྔལ་གྱི་ཆོས་ཐམས་ཅད་སྐྱེད་པའོ། ། བཟང་སྐྱོང་འོན་ཀྱང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ན། འདི་ལྟར་ཡོན་ཏན་གྱི་ཆོས་རྨད་དུ་བྱུང་བ་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་འདི་ལྟ་སྟེ། ཡེ་ཤེས་ཆེན་ པོ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་།
BOའཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ནི་ངོ་མཚར་ཆེའོ་ཞེས་དེ་ལྟར་ཡོན་ཏན་གྱི་ཆོས་ཁྱད་པར་དུ་ འཕགས་པ་ལ་འདོད་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལ་འདོད་པར་བྱའི་ཡེ་ཤེས་དེ་ལ་མངོན་པར་ཞེན་པར་མི་བྱའོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ལ་ཡང་མངོན་པར་ཞེན་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་ སྐྱོང་ཆོས་འདི་དག་ནི་མངོན་པར་ཞེན་པ་མེད་པའི་མངོན་སུམ་དུ་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། མེ་ལོང་ཕྱིས་པའམ་འབྲུ་མར་སྣོད་དག་ལ། ། བུད་མེད་བརྒྱན་པས་བཞིན་ནི་བལྟས་བྱས་ཏེ། ། དེ་ལ་དེ་ནི་འདོད་ཆགས་སྐྱེས་གྱུར་ནས། ། འདོད་པ་ཚོལ་ཞིང་ཀུན་ཏུ་རྒྱུག་པར་བྱེད། ། མེད་པའི་ཆོས་ལ་བུད་མེད་ཕྱིན་ཅི་ལོག ། མི་བཟད་གདུངས་ཤིང་འདོད་པས་གཟིར་གྱུར་པ། ། བུད་མེད་རང་གི་ལུས་ཀྱིས་བསླུས་གྱུར་པ། ། ཆོས་འདི་རྣམས་ནི་གསོག་ཏུ་མི་ཤེས་ལྟར། ། བྱང་ཆུབ་འཚང་རྒྱ་བདུད་རྩི་རིག་འགྱུར་ཞིང་། ། སྡུག་ བསྔལ་གཟིར་བའི་སེམས་ཅན་དགྲོལ་འགྱུར་སྙམ། ། བྱང་ཆུབ་སེམས་དཔའ་སེམས་ནི་དེ་བཞིན་ཏེ།
BO། མི་ཤེས་པས་ནི་སེམས་ཅན་ཞེས་ཀྱང་བྱ། ། དོན་དམ་ལ་ནི་གང་ཞིག་སྐྱེ་འཆི་དང་། ། མྱ་ངན་འདའ་བའི་སེམས་ཅན་འགའ་མི་དམིགས། ། ཆོས་རྣམས་གཟུང་མེད་ནམ་མཁའི་ཟླ་ བ་འདྲ། ། བྱང་ཆུབ་བཙལ་ཀྱང་རྙེད་པར་མི་འགྱུར་ཏེ། ། གཟུགས་བརྙན་ལྟ་བུ་ནམ་མཁའི་ཟླ་བ་འདྲ། ། སྒྱུ་མ་ལྟ་བུ་སྟོང་པ་སྨིག་རྒྱུ་འདྲ། ། ཆོས་རྣམས་དངོས་པོ་མེད་ཅིང་རང་བཞིན་སྟོང་། ། དེ་ལ་བྱིས་པ་རྟག་ཏུ་ཡོད་འདུ་ཤེས། ། འདི་ལ་མི་ནི་ཉོན་མོངས་འགའ་མེད་པར། ། བྱང་ཆུབ་ མཁས་པ་གང་གིས་ཤེས་གྱུར་ཅིང་། ། འཇིག་རྟེན་འཁྲུལ་བར་དོན་དམ་ཤེས་གྱུར་ན། ། དེ་ནི་འཇིག་རྟེན་གཙོ་བོ་སངས་རྒྱས་འགྱུར། ། སངས་རྒྱས་བྱང་ཆུབ་སེམས་ཀྱིས་བརྟགས་པ་ཡིན། ། སེམས་ཀྱང་རྣམ་དག་རང་བཞིན་འོད་གསལ་ཞིང་། ། རྙོག་མེད་འགྲོ་བ་ཀུན་དང་མ་འདྲེས་པར། ། གང་ གིས་ཤེས་པ་བྱང་ཆུབ་མཆོག་འཚང་རྒྱ། ། ཆོས་ཀུན་ཟག་པ་མེད་ཅིང་གཟུགས་མེད་ལ། ། དབེན་ཞིང་སྟོང་པར་རྣམ་པར་མི་རྟོག་པར། ། འདོད་ཆགས་བྲལ་ཞིང་སེམས་ནི་རྣམ་གྲོལ་ཏེ། ། གང་གིས་ཤེས་པས་ཏིང་འཛིན་འདི་ཐོབ་བོ། ། རྒྱལ་བའི་སྐུ་ལ་དམིགས་པར་བྱས་ནས་སུ། ། རང་ བཞིན་རྣམ་དག་ཆོས་ནི་མཉན་པར་བྱོས། །
BOསྒོམ་དང་རྣམ་སྒོམ་{ཆུང་ཟད་,ཅུང་ཟད་}འདིར་མ་བྱེད། ། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར། ། ནམ་མཁའི་འདུ་ཤེས་ལ་ནི་གནས་བྱས་ན། ། ཕྲ་རབ་རྡུལ་གྱི་འདུ་ཤེས་འགག་པར་འགྱུར། ། རྟོག་པ་མེད་ཅིང་མ་བྱས་ཞིག་མེད་པར། ། གང་གིས་ཤེས་ པས་ཏིང་འཛིན་འདི་ཐོབ་པོ། ། གཟུགས་ཀུན་རྟོག་པ་མེད་པར་ཤེས་བྱས་ནས། ། མིག་གིས་གང་དུ་བལྟས་ཀྱང་མི་ཆགས་ཤིང་། ། འཇིག་རྟེན་འདིར་ནི་ཉི་མ་བདུན་ཤར་བ། ། དེ་ལྟར་དེས་ནི་སངས་རྒྱས་མཐོང་བར་འགྱུར། ། མིག་ཀྱང་རྣམ་དག་རྣ་བའང་ཡོངས་དག་ཅིང་། ། བརྩོན་འགྲུས་བརྩམས་ལ་དྲན་ལྡན་ཤེས་བཞིན་གྱིས། ། ཏིང་འཛིན་འདི་ནི་ལེགས་པར་བསྒོམ་བྱས་ཏེ། ། མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་འཛིན། ། མི་མཐོང་ཏིང་འཛིན་དེ་ནི་གང་ཡིན་དང་། ། སེམས་ཅན་ཀུན་གྱི་ཏིང་འཛིན་གང་ཡིན་ཏེ། ། གང་གིས་མི་མཐོང་གང་གིས་རྣམ་མི་མཐོང་། ། འདིར་ནི་མུ་སྟེགས་མང་པོ་གཞན་བརླག་འགྱུར། ། མཚན་མའི་འདུ་ཤེས་དག་ནི་བསལ་བྱས་ན། ། དེ་ནི་སེམས་ཀྱང་རྣམ་དག་སངས་རྒྱས་མཐོང་། ། མཐོང་བར་གྱུར་ནས་ཕྱིར་ཡང་མི་མཐོང་ལ། ། དེ་ནི་འཇིག་རྟེན་གཙོ་བོ་སངས་རྒྱས་འགྱུར། ། དེ་ཡི་མདུན་ན་ས་མེད་ཆུ་ཡང་མེད། །
BOམེ་ཡང་མེད་ ཅིང་རླུང་མེད་ནམ་མཁའ་འང་མེད། ། དེས་ཀྱང་སངས་རྒྱས་རྣམས་ནི་བཞུགས་གྱུར་ཅིང་། ། དམ་པའི་ཆོས་འཆད་པ་ནི་དམིགས་པར་འགྱུར། ། ཇི་ལྟར་ང་ནི་ཆོས་འཆད་འདུག་པ་ལ། ། གང་དག་ཆོས་འདོད་པ་རྣམས་ལྟ་བ་བཞིན། ། སངས་རྒྱས་དེ་བཞིན་ཆོས་མཆོག་མ་གཏོགས་པར། ། དེ་ལ་ དམིགས་པ་གཞན་ནི་མི་འབྱུང་ངོ་། ། དེ་ལྟ་བུ་དང་ལྡན་པ་དག་ལ་ནི། ། ཏིང་འཛིན་རྡུལ་བྲལ་འདི་ནི་ལེགས་བཟུང་བའི། ། སངས་རྒྱས་མང་པོ་འཆད་པ་མ་གཏོགས་པར། ། ཉན་སྟོན་གཞན་ནི་གང་ཡང་མི་དམིགས་སོ། ། གང་ཞིག་ཏིང་འཛིན་ཞི་བ་འཕགས་པ་འདི། ། མ་བཤད་པ་དང་འཆད་པར་ མི་འགྱུར་བའི། ། སངས་རྒྱས་སྔར་འདས་གང་ཡང་མ་བྱུང་ཞིང་། ། མ་བྱོན་པ་དང་གང་ཡང་མི་བཞུགས་སོ། ། སྲོག་ཆགས་དག་ལ་ཕན་ཕྱིར་འཇིག་རྟེན་དུ། ། ད་ལྟར་མི་ཡི་མཆོག་ཏུ་ང་བྱུང་བའང་། ། སངས་རྒྱས་འདྲེན་འདི་རྗེས་སུ་དྲན་གྱུར་ཏེ། ། ཏིང་འཛིན་ཞི་བ་ལྟ་དཀའ་འདི་འཆད་དོ། ། ལུས་དང་དེ་ བཞིན་སྲོག་ལའང་མི་ལྟ་ཞིང་། ། སངས་རྒྱས་ཡོན་ཏན་རྣམས་ནི་ཚོལ་འདོད་པས། ། ཏིང་འཛིན་འདི་ལ་གནས་པར་བྱས་ནས་ནི། ། སངས་རྒྱས་བྱང་ཆུབ་རྙེད་པར་མི་དཀའོ། ། རང་བཞིན་གཅིག་པའི་མི་མཆོག་མང་པོ་དག །
BOམཁས་པ་གང་གིས་མཐོང་ནས་ཞུ་འདོད་པ། ། དེས་ནི་རིངས་ཤིང་རིངས་པར་མྱུར་ཚུལ་དུ། ། རྡུལ་མེད་དག་པའི་ཏིང་འཛིན་བསྒོམ་པར་བྱ། ། གང་ཞིག་སེམས་ཅན་དག་ལ་ཕན་ཕྱིར་ཞུགས། ། ཐོས་མང་རྒྱ་ཆེ་བསམ་གྱིས་མི་ཁྱབ་ཚོལ། ། དེས་ནི་རིངས་ཤིང་རིངས་པར་མྱུར་ཚོལ་དུ། ། རྡུལ་མེད་དག་པའི་ཏིང་འཛིན་བསྒོམ་པར་བྱ། ། འདི་ལ་འདོད་ཆགས་མེད་ཅིང་ཞེ་སྡང་མེད། ། འདི་ལ་གཏི་ མུག་མེད་ཅིང་ཕྲག་དོག་མེད། ། འདི་ལ་ཤེས་དང་མི་ཤེས་པ་ཡང་མེད། ། དེ་བས་ཏིང་འཛིན་ཞི་བ་འདི་ཤེས་བྱོས། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་འདི་ལྟར་ཏིང་ངེ་འཛིན་ཟབ་མོ་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ངོ་མཚར་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཏིང་ངེ་ འཛིན་འདི་ཐོས་ནས་ལུང་ནོད་པ་འམ་བསྒོམ་པར་འཚལ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེས་ཆོས་གང་དག་ལ་གནས་ཏེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བགྱི།
BOབསྒོམ་པར་བགྱི། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་པ་དེས་ཚུལ་ཁྲིམས་ཡོངས་སུ་དག་པར་བྱའོ། ། ཚུལ་ཁྲིམས་ལ་སྐྱོན་མེད་པར་བྱའོ། ། བྱང་ཆུབ་སེམས་ དཔའ་བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ལ་སྐྱོན་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་བྱང་ཆུབ་སེམས་ དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེས་སོ་སོར་ཐར་པའི་སྡོམ་པས་བསྡམ་པར་བྱའོ། ། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཆུང་རབ་ལ་ཡང་འཇིགས་པར་ ལྟ་བ་དང་། སྤྱོད་ལམ་ཡོངས་སུ་དག་པར་བྱའོ། ། ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་བསླབ་པར་བྱའོ། ། ཟབ་མོ་ལ་མོས་པ་དང་།
BOདམིགས་སུ་མེད་པ་ལ་བཟོད་པར་བྱའོ། ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཐོས་ནས་ མི་སྐྲག་པར་བྱའོ། ། མི་དངང་བར་བྱའོ། ། དངང་བར་མི་འགྱུར་བར་བྱའོ། ། བཟང་སྐྱོང་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ལ་སྐྱོན་མེད་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཚུལ་ཁྲིམས་ཡོངས་སུ་མ་དག་པ་དང་། ཚུལ་ཁྲིམས་ལ་སྐྱོན་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་ པར་བྱུང་བ་གང་ལ་ལ་གཟུགས་ལ་གནས་ཏེ་ཚངས་པར་སྤྱད་པ་སྤྱོད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་ཏེ་ཚངས་པར་སྤྱད་པ་སྤྱོད་ཅིང་བདག་གི་ཚུལ་ཁྲིམས་དང་། དཀའ་ཐུབ་དང་།
BOཚངས་པར་སྤྱོད་པ་འདིས་ལྷའམ་ལྷ་ལ་ལ་ཞིག་ཏུ་གྱུར་ ཅིག་ཅེས་ཟེར་བ་འདི་ནི་བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཡིན་ཚུལ་ཁྲིམས་ལ་སྐྱོན་ཡོད་པ་ཡིན་ནོ། ། འདི་ལྟ་སྟེ་སྲིད་པའི་འདུ་ཤེས་མཆོག་ཏུ་བཟུང་ནས་དེ་འདོད་པ་ལ་བསྟེན་པར་འདོད་ཅིང་སྲིད་པར་སྐྱེ་བའི་གནས་གཟུང་བར་ འདོད་པས་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཡིན་ནོ། ། བཟང་སྐྱོང་དེ་བས་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་ཏིང་ངེ་འཛིན་འདི་ཐོས་ནས་འཆད་པའམ། བསྒོམ་པར་འདོད་པ་དེས་ཚུལ་ཁྲིམས་ཡོངས་སུ་དག་པར་བྱའོ། ། ཚུལ་ཁྲིམས་ལ་སྐྱོན་མེད་པར་ བྱའོ། ། ཚུལ་ཁྲིམས་འདྲེན་མ་མ་ཡིན་པར་བྱའོ། ། ཚུལ་ཁྲིམས་མ་ཉམས་པར་བྱའོ། ། ཚུལ་ཁྲིམས་སྲ་སྲེར་མ་གྱུར་པར་བྱའོ། ། རྟེན་པ་མེད་པའི་ཚུལ་ཁྲིམས་དང་། མཆོག་ཏུ་འཛིན་པ་མེད་པའི་ཚུལ་ཁྲིམས་དང་། དམིགས་པ་མེད་པའི་ཚུལ་ཁྲིམས་དང་། མ་ཞིག་པའི་ཚུལ་ཁྲིམས་དང་། མཁས་པས་བསྔགས་པའི་ཚུལ་ ཁྲིམས་དང་། འཕགས་པས་བསྔགས་པའི་ཚུལ་ཁྲིམས་རྣམས་སུ་བྱའོ། ། དེས་སྦྱིན་པ་འབྱེད་པ་ལ་དགའ་བར་བྱའོ། །
BOའདི་ལྟ་སྟེ་སྦྱིན་པའི་མཆོག་སྦྱིན་པ་བླ་ན་མེད་པ། ཆོས་ཀྱི་སྦྱིན་པ་ལ་བརྩོན་འགྲུས་བརྩམ་པར་བྱའོ། ། དྲན་པ་ཉེ་བར་གནས་པར་བྱའོ། ། དད་པ་དང་ལྡན་པར་བྱའོ། ། དེས་པ་ དང་ངོ་ཚ་ཤེས་པ་དང་ལྡན་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་བྱའོ། ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་ལྷག་པར་མ་ཞེན་པར་བྱའོ། ། སེར་སྣ་མེད་ཅིང་ཕྲག་དོག་མེད་པ་དང་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པར་བྱའོ། ། འཇིག་རྟེན་པའི་གཏམ་དོན་དུ་མི་གཉེར་གྱི་ གཏམ་ཡོངས་སུ་སྤང་ཞིང་། འཇིག་རྟེན་ལས་འདས་པའི་གཏམ་དོན་དུ་གཉེར་བར་བྱའོ། ། བྱས་པ་ཤེས་པ་དང་བྱས་པ་གཟོ་བར་བྱའོ། ། སྒྲ་ཆུང་བ་དང་སྨྲ་བ་ཉུང་བར་བྱའོ། ། གུས་པ་དང་བཅས་པ་དང་ཞེ་ས་དང་བཅས་པར་བྱའོ། ། འདི་ལྟ་སྟེ་དགེ་བའི་བཤེས་གཉེན་ནི་རྙེད་པར་དཀའ་བས་སློབ་ དཔོན་དང་མཁན་པོ་ལ་བསྙེན་བཀུར་བྱ་བར་སྤྲོ་བར་བྱའོ། ། དེས་སུ་ལས་ཆོས་འདི་ལྟ་བུ་འདི་རྣམས་ཐོས་པར་འགྱུར་བ་དང་བླངས་པ་དང་། གླེགས་བམ་དུ་བྲིས་པར་འགྱུར་བ་དང་། ཚིག་གིས་སྟོན་པའི་རག་ལས་པར་འགྱུར་བ་དེ་དང་། གང་ལས་མདོ་སྡེ་འདི་ལྟ་བུ་ཀུན་ཆུབ་པར་བྱེད་པའམ། ཀུན་ཆུབ་ པར་བྱེད་པར་འགྱུར་བའམ།
BOགླེགས་བམ་དུ་འདྲི་བའམ། བྲིས་པར་འགྱུར་བ་དེ་ལ་དེས་ཕར་འདུ་ཤེས་བསྐྱེད་པར་བྱའོ། ། དགེ་བའི་བཤེས་གཉེན་དུ་འདུ་ཤེས་བསྐྱེད་པར་བྱའོ། ། སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། ། དེ་ཆོས་དེ་ལྟ་བུ་འདི་རྣམས་ཀྱི་དོན་དང་བྱང་ཆུབ་ཡོངས་སུ་སྨིན་པར་བྱ་ བའི་ཕྱིར་དེས་དེ་ལ་ལྷག་པར་ཡང་དགའ་བ་དང་དང་བ་དང་གུས་པ་བསྐྱེད་པར་བྱའོ། ། བཟང་སྐྱོང་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཆོས་འདི་ལྟ་བུ་འདི་རྣམས་ཀྱི་ཆོས་འཆད་པའི་ དགེ་སློང་ལ་དགའ་བ་དང་། དང་བ་དང་། གུས་པ་མི་སྐྱེད་ཅིང་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། སྟོན་པའི་འདུ་ཤེས་ཀྱང་མི་སྐྱེད་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ དེ་དག་ཆོས་འདི་ལྟ་བུ་ཀུན་ཆུབ་པར་མ་བྱས་པའི་ཆོས་རྣམས་ཀུན་ཆུབ་པར་འགྱུར་བ་དང་། ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གནས་པ་དང་། ཆུད་མི་ཟ་བ་དང་མེད་པར་མི་འགྱུར་བ་ནི་གནས་མ་ཡིན་ཏེ་སྐབས་མེད་དོ། །
BOབྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ ཀྱི་བུ་དེས་ཏིང་ངེ་འཛིན་འདི་འཐོབ་པ་དེ་ཡང་གནས་མེད་དོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མ་གུས་པས་ནི་དམ་པའི་ཆོས་ནུབ་པར་འགྱུར་བའི་ཕྱིར་རོ། ། བཟང་སྐྱོང་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། ཉན་ཐོས་དང་། རང་སངས་ རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཆོས་འདི་ལྟ་བུ་འདི་དག་སྟོན་པར་བྱེད་པའི་དགེ་སློང་དང་། གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་། ཀུན་ཆུབ་པར་བྱས་པ་དང་། གླེགས་བམ་དུ་བྲིས་པར་གྱུར་པ་དེ་དག་ལ་དགའ་བ་དང་། དང་བ་དང་གུས་པའང་སྐྱེད་ཅིང་། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། སྟོན་པའི་འདུ་ཤེས་ཀྱང་ཉེ་བར་གཞོག་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཀུན་ ཆུབ་པར་མ་བྱས་པའི་ཆོས་རྣམས་ཀུན་ཆུབ་པར་འགྱུར་བ་དང་། ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གནས་པ་དང་། ཆུད་མི་ཟ་བ་དང་། མེད་པར་མི་འགྱུར་བའི་གནས་ཡིན་ཏེ། དེ་ནི་གནས་ཡོད་དོ། །
BOབཟང་སྐྱོང་དེ་བས་ན་ཁྱོད་མོས་པར་བྱའོ། ། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། ། འདི་ལྟར་ ཆོས་འདི་ལྟ་བུ་སྟོན་པའི་དགེ་སློང་རྣམས་ལ་དགའ་བ་དང་དང་བ་དང་གུས་པ་བསྐྱེད་པར་བྱའོ། ། དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང་། སྟོན་པར་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ནོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་ མངོན་པར་བྱུང་བ་ཏིང་ངེ་འཛིན་འདི་ལུང་ནོད་པར་འདོད་པ་དང་། བསྒོམ་པར་འདོད་པ་དེས་འགྱོད་པ་དང་བྲལ་བར་བྱའོ། ། དགོན་པ་ལ་དགའ་བ་དང་། དགོན་པ་ལ་གཞོལ་བ་དང་། དགོན་པ་ལ་འབབ་པ་དང་། དགོན་པ་ལ་བབ་པར་བྱའོ། ། ལྗོངས་ཀྱི་ཕྱོགས་ལ་མངོན་པར་མི་དགའ་བར་བྱའོ། ། མཛའ་བོའི་ཁྱིམ་དང་ཟས་སྦྱིན་པའི་ཁྱིམ་མི་འདོད་པས་སྲོག་ལ་མི་ལྟ་བར་བྱའོ། ། ལུས་གཏོང་བས་ལུས་ལ་མི་ཆགས་པ་དང་། དགོན་པའི་འདུ་ཤེས་ཐོབ་པར་བྱའོ། ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་དང་། དམ་པའི་ཆོས་རབ་ཏུ་གཟུང་བར་བྱའོ། ། ལྷུང་བཟེད་ དང་ཆོས་གོས་ལ་མི་ཆགས་པ་དང་མི་{སྩོགས་,སོགས་}པར་བྱའོ། ། མགྲོན་དུ་གཉེར་མི་དགོས་པར་བསོད་སྙོམས་སྤྱད་པར་བྱའོ། །
BOའཛེམ་ཞིང་འགྱོད་པ་དང་ལྡན་པར་བྱའོ། ། གསེར་བདག་གིར་མི་བྱེད་པར་བྱའོ། ། ཀུན་ནས་ལྡང་བ་མེད་པས་འགྱོད་པ་དང་བྲལ་བར་བྱའོ། ། ཁོང་ཁྲོ་བ་སྤངས་པས་ བྱམས་པ་ལ་གནས་པར་བྱའོ། ། འཚེ་བ་སྤངས་པས་སྙིང་རྗེ་ལ་གནས་པར་བྱའོ། ། མངོན་པར་མི་དགའ་བ་སྤངས་པས་དགའ་བ་ལ་གནས་པར་བྱའོ། ། མཚན་མ་ཐམས་ཅད་སྤངས་པས་བཏང་སྙོམས་ལ་གནས་པར་བྱའོ། ། བརྩོན་འགྲུས་བརྩམས་པས་བསླབ་པ་འདོད་པར་བྱའོ། ། རྨུགས་ པ་དང་གཉིད་ཀྱིས་མི་ནོན་པར་འཆག་པ་ལ་ཞུགས་པར་བྱའོ། ། བཟང་སྐྱོང་དེ་བས་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་བྱུང་བ་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པ་དང་། བསྒོམ་པར་འདོད་པ་དེས་ཆོས་དེ་དག་ལ་གནས་ཏེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ། ། བསྒོམ་པར་ བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་འདི་ལྟར་རྒྱ་ཆེ་ཞིང་བཟང་བའི་ཆོས་འདི་དག་དེ་བཞིན་གཤེགས་པས་བསྟན་ཅིང་གསུངས་པ་ནི་ངོ་མཚར་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་གང་དག་འབྱུང་བ་དེ་དག་ནི་ཏིང་ངེ་འཛིན་འདི་ཐོས་ནས།
BOསྐྲག་པར་འགྱུར། དངང་བར་འགྱུར། དངང་བར་བགྱིད་པར་འགྱུར་རོ། ། ཆོས་དེ་ལྟ་བུར་བཟང་བ་དེ་དག་འཆད་པ་ལ་ཡང་དགའ་བ་དང་། མགུ་བ་དང་། དང་བ་རྒྱ་ཆེན་ པོ་མི་འཐོབ་ཅིང་དེ་དག་འདི་སྙམ་དུ་བདག་ཅག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་ལས་ཏིང་ངེ་འཛིན་འདི་བསྒྲུབ་པར་བྱའོ། ། ད་ལྟར་ནི་བདག་ཅག་ལུས་སྐེམ་ཞིང་ནད་མང་ངོ་སྙམ་དུ་སེམས་པར་འགྱུར་ཏེ། དེ་དག་ད་ལྟར་གྱི་སངས་རྒྱས་མངོན་ སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐོས་ནས་ཞུམ་པར་འགྱུར་ཀུན་ཏུ་ཞུམ་པར་འགྱུར་ཞིང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་བསྒྲུབ་པར་བརྩོན་འགྲུས་ཀྱང་མི་རྩོམ་པར་འགྱུར་རོ། ། བཙུན་པ་བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པའི་དྲན་པ་ལ་གནས་པ། ཆོས་འཚལ་བ། ཆོས་ལ་གུས་པ། ཆོས་འཛིན་པ། ཆོས་སྟོན་པ། ཆོས་སྨྲ་བ། ཆོས་ཡོངས་སུ་ལེན་པ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་སྤྱོད་པ། ལུས་དང་སྲོག་ཡོངས་སུ་གཏོང་བ། རྙེད་པ་དང་ བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་རྟེན་པ། ཡོན་ཏན་གྲགས་པ་མི་འཚལ་བ། ལྷུང་བཟེད་དང་ཆོས་གོས་ལ་མི་ཆགས་པ།
BOགྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་སྲིད་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་ལ་མངོན་པར་མི་དགའ་བ། དབེན་པ་ལ་གཞོལ་ བ། དབེན་པ་ལ་འབབ་པ། དབེན་པ་ལ་བབ་པ་གང་དག་འབྱུང་བ་དེ་དག་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཐོས་ནས་ཞུམ་པར་མི་འགྱུར། ཀུན་དུ་ཞུམ་པར་མི་འགྱུར། སྐྲག་པར་མི་འགྱུར། དངང་བར་མི་འགྱུར། དངང་བར་བགྱིད་ པར་མི་འགྱུར་བའི་སྟེང་དུ་དགའ་བ་དང་། མགུ་བ་དང་། དང་བ་རྒྱ་ཆེན་པོ་ཡང་འཐོབ་བོ། ། དེ་དག་ཏིང་ངེ་འཛིན་འདི་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བ་དང་། བཀླག་པ་དང་། ཡི་གེར་བྲི་བ་དང་། བསྟན་པ་དང་། བསྒོམ་པའི་སླད་དུ་བརྩོན་འགྲུས་རྒྱ་ཆེན་པོ་ཡང་རྩོམ་ མོ། ། བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདི་དག་ནི་མ་བྱོན་པའི་སངས་རྒྱས་ལས་མང་དུ་ཐོས་པ་འཚལ་བར་མི་འགྱུར་རོ། ། སྔགས་དང་ཡོན་ཏན་དང་ཆོས་ཀྱི་ཁྱད་པར་བསྒྲུབ་པའི་སླད་དུ་སྦྱོར་བར་ཡང་མི་འགྱུར་རོ། །
BOདེ་ལྟ་ལགས་ཀྱིས་ཀྱང་བཙུན་པ་བཅོམ་ ལྡན་འདས་མ་འོངས་པའི་དུས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ། བརྩོན་འགྲུས་བརྩམས་པ་གང་དག་འབྱུང་བ་དེ་དག་ནི་དེ་བཞིན་གཤེགས་པས་གསུངས་པའི་ཏིང་ངེ་འཛིན་འདི་ལྟ་བུ་འདི་ཐོས་ནས། འདི་སྙམ་དུ་བདག་ཅག་ནི་འདི་ཉིད་དུ་ལུས་དང་། པགས་ པ་དང་། ཤ་དང་། ཁྲག་དང་། རུས་པ་དང་། ཆུ་བ་དང་། རྐང་རྣམས་སྐམས་ཤིང་ཡོངས་སུ་སྐམས་ཀྱང་བླའི། འདི་ལྟར་བདག་ཅག་ལེ་ལོ་ཅན་དུ་གྱུར་ཏེ་འཆི་བའི་དུས་བྱེད་པར་ནི་མི་བྱའོ། ། བདག་ཅག་གིས་ཆོས་རྒྱ་ཆེ་ཞིང་བཟང་བ་འདི་ལྟ་བུ་འདི་དག་ཀུན་ཆུབ་པ་དང་། བཤད་པ་དང་། བསྒོམ་པ་མ་བྱས་པར་བརྩོན་འགྲུས་གཏང་བར་ནི་མི་བྱའོ་སྙམ་སྟེ། དེ་ལྟར་བརྩོན་འགྲུས་རྩོམ་པར་འགྱུར་རོ། ། སྐྱེས་བུ་དམ་པ་བརྩོན་འགྲུས་རྟག་ཏུ་བརྩམས་པ་དེ་ལྟ་བུ་དེ་དག་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ཐོས་ནས་ཐོས་མ་ཐག་ཏུ་དགའ་བ་དང་། མགུ་བ་དང་། དང་བ་ཤིན་ཏུ་རྒྱ་ཆེ་བའང་འཐོབ་བོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
BOབཟང་སྐྱོང་ལེགས་སོ་ལེགས་སོ། ། ཡང་བཟང་སྐྱོང་ཁྱོད་ཀྱིས་རྗེས་སུ་འཐུན་པའི་ཆོས་བཤད་པ་ནི་ཕྱིན་ཅི་མ་ ལོག་ཅིང་དེ་ལྟར་དེ་བཞིན་ཡིན་ཏེ། ལེགས་སོ། ། ང་ཡང་དེ་ལ་རྗེས་སུ་ཡི་རང་སྟེ། ངས་གང་ལ་རྗེས་སུ་ཡི་རང་བ་དེ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་རྗེས་སུ་ཡི་རང་བར་མཛད་དོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་ བཅད་པ་འདི་དག་གསུངས་སོ། ། སོ་སོར་ཐར་པར་བསླབ་པ་ངས་བཤད་གང་། ། དེ་ཀུན་སློབ་པར་བྱེད་ཅིང་དགོན་པར་སྟེན། ། སྦྱངས་པའི་ཡོན་ཏན་དག་ལ་རྟག་སྤྱོད་ན། ། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར། ། མགྲོན་དུ་གཉེར་བ་ཐམས་ཅད་སྤང་བྱས་ཤིང་། ། རོ་ལ་ཆགས་པའང་ ཡོངས་སུ་སྤང་བྱས་ཏེ། ། གང་ལས་མཉན་ལ་སྟོན་པར་འདུ་ཤེས་ཤིང་། ། མཉམ་ཞིང་མཚུངས་པའི་འདུ་ཤེས་ཉེ་བར་གཞོག ། ཕྲག་དོག་འདོད་པ་ང་རྒྱལ་སྤང་བྱས་ལ། ། འདོད་ཆགས་ཞེ་སྡང་གཏི་མུག་སྤང་བྱས་ཏེ། ། བསམ་གཏན་སྦྱོར་སེམས་ཡང་དག་བསྐྱེད་བྱས་ཏེ། ། ཏིང་ངེ་ འཛིན་འདི་ལ་ནི་འཇུག་པར་བྱ། ། ཕྲག་དོག་མེད་ཅིང་འདོད་ཆགས་སྤང་བྱས་ལ། ། རབ་ཏུ་བསྡམས་ཤིང་ཁྲོ་བ་སྤང་བྱས་ཏེ། །
BOརྒྱལ་བའི་སྐུ་ལ་དམིགས་པ་དག་བྱས་ནས། ། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ། ། བརྩོན་འགྲུས་མི་གཏོང་གཉིད་ཀྱིས་མི་ནོན་ཅིང་། ། གཉེན་དང་མཛའ་དང་ལྷན་ ཅིག་མི་འགྲོགས་ལ། ། འཆག་དང་ལྡན་ཞིང་མང་དང་གྲོགས་སྤོངས་ཏེ། ། ཏིང་འཛིན་རྡུལ་མེད་དེ་ནི་བསྒོམ་པར་བྱོས། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་དགུ་པའོ། ། ། ། བམ་པོ་བཞི་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་སློང་མ་གང་ལ་ལ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འཚལ་ན། བཙུན་པ་བཅོམ་ལྡན་འདས་དེས་ཆོས་གང་ལ་གནས་ཏེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བགྱི། བསྒོམ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་སློང་མ་གང་ལ་ལས་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ།
BOབསྒོམ་པར་འདོད་པ་དེས་རྟག་ཏུ་གུས་པ་དང་བཅས་པར་བྱའོ། ། རྟག་ཏུ་ཕྲག་དོག་མེད་པ་དང་མི་ཁྲོ་བར་བྱའོ། ། ང་རྒྱལ་བཅོམ་པ་དང་། ཁེངས་པ་མེད་པ་དང་། བརྩོན་འགྲུས་བརྩམ་པར་བྱའོ། ། ལེ་ལོ་མེད་པ་དང་རྨུགས་པ་དང་གཉིད་སྤང་བར་བྱའོ། ། མི་ཉལ་བར་སྦྱོར་བ་ལ་བརྩོན་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། ཆོས་གོས་དང་། ཟས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་བཙལ་བ་ ཐམས་ཅད་སྤང་བར་བྱའོ། ། འཚོ་བ་ཡོངས་སུ་དག་པ་དང་། ལུས་དང་སྲོག་ལའང་མི་རྟེན་པར་བྱའོ། ། རྟག་ཏུ་ཆོས་འདོད་པ་དང་། མང་དུ་ཐོས་པ་ཚོལ་བ་ལ་བརྩོན་པར་བྱའོ། ། མ་ཆགས་པ་དང་ཞེ་མི་སྡང་བ་དང་། རྨུགས་པ་མེད་པའི་སེམས་སུ་བྱའོ། ། བདུད་ཀྱི་ཕྱོགས་སྤང་བར་བྱའོ། ། མཉེ་བ་དང་། བརྒྱན་པ་དང་། ལུས་ལ་ཀླུབས་པ་རྣམས་སྤང་བར་བྱའོ། ། ལྷུང་བཟེད་དང་ཆོས་གོས་ལ་མ་ཆགས་པར་བྱའོ། ། གྲགས་པ་ལ་མི་ཆགས་པ་དང་། ཕྲ་མ་མེད་པ་དང་། ངོ་མི་རྟག་པ་རྣམས་སྤང་བར་བྱའོ། ། བཟང་སྐྱོང་དེ་བས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ པའི་དགེ་སློང་མ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ།
BOབསྒོམ་པར་འདོད་པ་དེས་སློབ་དཔོན་ལ་སྟོན་པའི་འདུ་ཤེས་བཞག་སྟེ་ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ། ། ཆོས་དེ་དག་ལ་གནས་ཏེ་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་ སུ་བཅད་པ་འདི་དག་གསུངས་སོ། ། དགེ་སློང་མ་གང་ཏིང་འཛིན་འདི་འདོད་པས། ། རྟག་ཏུ་གུས་བྱས་ཕྲག་དོག་ཁྲོ་བ་དང་། ། ང་རྒྱལ་དེ་བཞིན་ཁེངས་པ་སྤང་བྱས་ན། ། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར། ། ཏིང་ངེ་འཛིན་འདི་ཚོལ་བར་གྱུར་ན་ནི། ། བརྩོན་འགྲུས་བརྩམས་ ཤིང་གཉིད་ནི་སྤང་བྱས་ལ། ། ཚོལ་བ་ཐམས་ཅད་རྣམ་པར་སྤང་བྱས་ཏེ། ། སྲོག་ལའང་མི་རྟེན་པར་ནི་ཆོས་འདོད་བྱོས། ། གང་ཞིག་ཏིང་འཛིན་འདི་ནི་གཟུང་འདོད་པས། ། ཉོན་མོངས་གཟིར་བས་འདོད་ཆགས་ཞེ་སྡང་དང་། ། ལྡན་པའི་སེམས་དང་གནས་པར་མི་བྱ་ཞིང་། ། ནམ་ ཡང་བདུད་ཀྱི་ཞགས་པས་མི་ཟིན་བྱོས། ། གང་ཞིག་ཏིང་འཛིན་འདི་ནི་གཟུང་འདོད་པས། ། སྒྱུ་དང་ལྡན་པར་སྤྱད་པར་མི་བྱ་ཞིང་། ། མཉེ་བ་དང་ནི་རྒྱན་དང་ཕྲ་མ་དང་། ། ངོ་མི་རྟག་པ་ཐམས་ཅད་སྤང་བར་བྱ། ། ལྷུང་བཟེད་ཕྱིར་དང་བསྔགས་པ་དག་གི་ཕྱིར། ། སྐད་ཅིག་ཙམ་ཡང་རྣམ་པར་ མི་རྟོག་གོ། །
BOགང་ལས་ཉན་ལ་སྟོན་པར་འདུ་ཤེས་ཤིང་། ། མཉམ་ཞིང་མཚུངས་པའི་འདུ་ཤེས་ཉེ་བར་ཞོག ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་པའོ། ། ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ་གོས་དཀར་པོ་འཚལ་ཞིང་ཁྱིམ་ན་གནས་པ་གང་ཏིང་ངེ་འཛིན་འདི་ཐོས་ནས་ཐ་ན་ཞག་གཅིག་གམ་ཞག་གཉིས་སུ་ལུང་མནོད་པའམ་བསྒོམ་པར་འཚལ་ན། བཙུན་པ་བཅོམ་ ལྡན་འདས་དེས་ཆོས་གང་ལ་གནས་ཏེ་ཏིང་ངེ་འཛིན་འདི་ལུང་མནོད་པར་བགྱི། བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེ་བས་ན་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ་གོས་དཀར་པོ་གྱོན་ཞིང་ཁྱིམ་ན་གནས་པ་གང་ཏིང་ངེ་འཛིན་འདི་ཐོས་ནས་ཐ་ན་ཞག་ གཅིག་གམ། ཞག་གཉིས་སམ། ཐ་ན་བ་འཇོས་ཙམ་ཡང་ལུང་མནོད་པའམ། བསྒོམ་པར་འདོད་ན། བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ་གོས་དཀར་པོ་གྱོན་ཞིང་ཁྱིམ་ན་གནས་པ་དེས་དད་པ་དང་ལྡན་པར་བྱའོ། ། འཇུངས་པ་མེད་པ་དང་། ལྷུག་པར་གཏོང་བར་ བྱའོ། ། སྦྱིན་པ་བགེད་པ་ལ་དགའ་བ་དང་།
BOརྣམ་པར་སྨིན་པ་ལ་རེ་བ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱའོ། ། དེས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱའོ། ། ཆོས་ལ་སྐྱབས་སུ་འགྲོ་བར་བྱའོ། ། དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱའོ། ། ཚུལ་ཁྲིམས་ཡོངས་སུ་ དག་པར་བྱའོ། ། བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བར་བྱའོ། ། ལྷ་གཞན་མེད་པར་བྱ་ཞིང་བསམ་པ་སངས་རྒྱས་ཀྱི་རྗེས་སུ་སོང་བར་བྱའོ། ། ཚུལ་ཁྲིམས་ལ་སྐྱོན་མེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་གཟུང་ཞིང་སྒྲུབ་ལ། གཞན་ལ་ཡང་དེ་ཡང་དག་པར་འཛིན་ དུ་འཇུག་པ་དང་། ཆང་འཐུང་བ་ལས་ཕྱིར་ལྡོག་པར་བྱའོ། ། མ་འཕྱར་བར་བྱའོ། ། གཞན་དག་ལ་ཆང་གི་མི་སྙན་པ་བརྗོད་ཅིང་གཞན་ལ་ཡང་ཆང་མི་སྦྱིན་པ་དང་། གཞན་དག་ལ་ཡང་འདོད་པ་སྨད་ཅིང་ཚངས་པར་སྤྱད་པར་བྱའོ། ། ཕྲག་དོག་མེད་པར་བྱའོ། ། འཚོ་བ་ཡོངས་སུ་ དག་པར་བྱའོ། ། བུ་ལ་སྲེད་པར་མི་བྱའོ། ། བུ་མོ་ལ་སྲེད་པ་མི་བསྐྱེད་དོ། ། ཆུང་མ་ལ་སྲེད་པ་མ་སྐྱེད་ཅིག ། ནོར་ལ་སྲེད་པར་མི་བྱའོ། ། ཁྱིམ་ལ་སྲེད་པར་མི་བྱའོ། ། དེས་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བ་དང་། རབ་ཏུ་བྱུང་བ་ལ་སེམས་གཞོལ་བར་བྱའོ། །
BOཡན་ལག་བརྒྱད་དང་ལྡན་པའི་ཉེ་བར་གནས་པའི་ཏིང་ངེ་འཛིན་ འདི་ལ་གཞོལ་བ་དང་། གཙུག་ལག་ཁང་ལ་གནས་པར་བྱའོ། ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པ་དང་། སེམས་བྱང་ཆུབ་ལ་གཞོལ་ཞིང་ཐེག་པ་གཞན་མི་འདོད་པར་བྱའོ། ། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ལ་འཕྱ་བར་མི་བྱའོ། ། ཚངས་པར་སྤྱོད་པ་རྣམས་ལ་གུས་ པ་དང་བཅས་པ་དང་ཞེ་ས་དང་བཅས་པར་བྱའོ། ། སློབ་དཔོན་གང་ལས་ཏིང་ངེ་འཛིན་འདི་ལུང་མནོས་པ་དེ་ལ་ཤིན་ཏུ་ཕངས་པར་བསམ་པ་དང་། དང་བ་དང་། གུས་པར་བྱའོ། ། དགེ་བའི་བཤེས་གཉེན་དུའང་འདུ་ཤེས་ཉེ་བར་གཞག་པར་བྱའོ། ། སྟོན་པར་ཡང་འདུ་ཤེས་ཉེ་བར་གཞག་པར་ བྱའོ། ། དེ་ལ་བདེ་བའི་ཡོ་བྱད་ཐམས་ཅད་དབུལ་བར་བྱའོ། ། བྱས་པ་ཤེས་པ་དང་། བྱས་པ་གཟོ་བ་དང་། གུས་པ་དང་བཅས་པས་གནས་པར་བྱ་སྟེ། བཟང་སྐྱོང་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ་ཁྱིམ་ན་གནས་པས་ཏིང་ངེ་འཛིན་འདི་ལ་སྦྱོར་བར་བྱའོ། ། ཆོས་དག་ལ་ཡང་གནས་ ཏེ་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་གང་། ། ཏིང་འཛིན་འདི་ནི་གཟུང་བར་འདོད་གྱུར་པས། །
BOརྟག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཅིང་། ། མངོན་འབྱུང་ སེམས་བརྟན་ཡང་དག་བསྐྱེད་བྱས་ཏེ། ། བསླབ་གཞི་ལྔ་ནི་ཡོངས་སུ་གཟུང་བྱས་ལ། ། ཡན་ལག་བརྒྱད་པའི་གསོ་སྦྱོང་བསྙེན་བྱས་ཤིང་། ། ཁྱིམ་མ་སྤངས་པར་གཙུག་ལག་ཁང་གནས་ཏེ། ། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ། ། སུ་ལའང་ཆང་ནི་བླུད་པར་མི་བྱ་ཞིང་། ། སངས་ རྒྱས་མ་བསྔགས་བཏུང་བ་རྣམས་སྤངས་ལ། ། བསླབ་པ་འདི་དག་ལ་ནི་གནས་བྱས་ཏེ། ། ཏིང་ངེ་འཛིན་འདི་ལུང་ནི་མནོད་པར་བྱ། ། བུ་ལ་མི་སྲེད་བུ་མོ་མི་སྲེད་ལ། ། ཆུང་མ་མི་སྲེད་ཁྱིམ་ལའང་མི་སྲེད་ཅིང་། ། དགེ་བསྙེན་ངོ་ཚ་ཤེས་དང་ལྡན་བྱས་ཏེ། ། དེས་ནི་ཏིང་འཛིན་འདི་ལ་འཇུག་ པར་བྱ། ། ནད་མེད་བྱ་ཞིང་སུ་དག་ལ་ཡང་ནི། ། མི་བསྙེན་མི་བརྗོད་མང་པོ་ཐམས་ཅད་སྤང་། ། སྐྱོན་མེད་བཟོད་པ་དག་ལ་གནས་ནས་སུ། ། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ། ། ཏིང་འཛིན་འཕགས་པ་འདི་ལ་འཇུག་པ་ན། སངས་རྒྱས་ཆོས་ལ་རྟག་ཏུ་གུས་བཅས་ཤིང་། ། སེམས་ནི་ དང་ལ་གཡོ་མེད་ཕྲག་དོག་མེད། ། དགེ་འདུན་བསྙེན་བཀུར་བྱ་བར་སྤྲོ་བར་བྱོས། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་གཅིག་པའོ། ། ། །
BOདེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་བསྙེན་མ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འཚལ་ན། བཙུན་པ་བཅོམ་ལྡན་འདས་དེས་ཆོས་གང་ལ་གནས་ཏེ། ཏིང་ངེ་འཛིན་འདི་ལུང་ མནོད་པར་བགྱི། བསྒོམ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་དེ་བས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་བསྙེན་མ་ གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་པ་དེས་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བར་བྱའོ། ། བཟང་སྐྱོང་དགེ་བསྙེན་མས་གསུམ་ལ་སྐྱབས་སུ་སོང་ཞིང་ལྷ་གཞན་མེད་པར་བྱའོ། ། བཟང་སྐྱོང་དགེ་བསྙེན་མས་དགེ་མཚན་དང་ལྟས་ཡོངས་སུ་ སྤང་བ་དང་སྒྱུ་མེད་པར་བྱའོ། ། བཟང་སྐྱོང་དགེ་བསྙེན་མས་སྤྱོད་ལམ་མི་བཅོས་པ་དང་། འཇུངས་པ་མེད་པར་བྱའོ། ། བཟང་སྐྱོང་དགེ་བསྙེན་མས་སྦྱིན་པ་བགེད་པ་ལ་དགའ་བ་དང་། ཆོས་འདོད་པར་བྱའོ། །
BOབཟང་སྐྱོང་དགེ་བསྙེན་མས་ཡོངས་སུ་འདྲི་བའི་རང་བཞིན་ཅན་དང་། གུས་ པ་དང་བཅས་པ་དང་། ཞེ་ས་དང་བཅས་པར་བྱའོ། ། དགེ་སློང་དང་དགེ་སློང་མ་དག་མཐོང་ན་སྟན་ལ་བདར་བར་བྱའོ། ། བཟང་སྐྱོང་དེ་བས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་བསྙེན་མ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་ན། དགེ་བསྙེན་མ་ དེས་ཆོས་དེ་ལྟ་བུ་དེ་དག་ལ་གནས་ཏེ་ཏིང་ངེ་འཛིན་འདི་ལུང་ནོད་པར་བྱའོ། ། བསྒོམ་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སངས་རྒྱས་གནང་ཞིང་བདེ་གཤེགས་བསྔགས་པ་ཡི། ། དགེ་བསྙེན་མ་གང་ཏིང་འཛིན་འདི་ཚོལ་བ། ། བསླབ་གཞི་ལྔ་པོ་དག་ནི་ཡོངས་བཟུང་སྟེ། ། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ། ། སངས་རྒྱས་ཆོས་དང་དེ་བཞིན་དགེ་འདུན་ལས། ། ལྷ་གཞན་མེད་ཅིང་གུས་དང་བཅས་བྱས་ཏེ། ། ལོག་པའི་ལམ་ནི་ཐམས་ཅད་སྤང་བྱས་ལ། ། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ། ། སྲོག་ ཆགས་མི་གསོད་མ་བྱིན་མི་ལེན་ཅིང་། ། {བརྫུན་,རྫུན་}དུ་སྨྲ་བ་རྣམས་ཀྱང་མི་ཟེར་ལ། ། ནམ་ཡང་འདོད་ལ་ལོག་པར་མི་གཡེམ་པར། ། དེས་ནི་ཏིང་ངེ་འཛིན་འདི་ལུང་མནོད་བྱ། །
BOའཇུངས་པ་མེད་ལ་རྣམ་སྨིན་མི་རེ་ཞིང་། ། སྤྱོད་ལམ་བཅོས་མ་དག་ཀྱང་མེད་བྱས་ལ། ། ཕྲག་དོག་དང་ནི་ང་རྒྱལ་ ཁྲོ་སྤངས་ཏེ། ། དེས་ནི་ཏིང་ངེ་འཛིན་འདི་ལུང་ནོད་བྱ། ། དགེ་སློང་དེ་བཞིན་དགེ་སློང་མ་མཐོང་ན། ། གུས་དང་བཅས་པས་ལངས་ཤིང་སྟན་འབུལ་བ། ། ཆོས་འདོད་དགེ་བ་གང་ཞེས་ཚོལ་བྱེད་ཅིང་། ། དེས་ནི་ཏིང་ངེ་འཛིན་འདི་ལུང་མནོད་བྱ། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་ དགེ་བསྙེན་མའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཀྱི་ཆེད་དང་། བྱང་ཆུབ་སེམས་དཔའ་འདོད་ཆེན་པ་རྣམས་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་རྣམས་དང་། བརྩོན་འགྲུས་བརྩམས་པ་རྣམས་དང་། བརྩོན་ པ་མི་འདོར་བ་རྣམས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆེད་དུ་ཆོས་གང་ལ་གནས་ན།
BOཏིང་ངེ་འཛིན་འདི་ལུང་མནོད་པར་བགྱི་བའམ། བསྒོམ་པར་བགྱི་བའི་ཆོས་རྒྱ་ཆེ་ཞིང་བཟང་བ་གསུངས་པ་ངོ་མཚར་ཏོ། ། བཙུན་པ་བཅོམ་ ལྡན་འདས་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་དེའི་ཚེ། ཅི་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་འདིར་སྤྱོད་པར་འགྱུར་ལགས་སམ། རྒྱས་པར་བགྱིད་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ང་ཡོངས་སུ་མྱ་ངན་ལས་འདས་ ནས་ལོ་བཞི་སྟོང་དུ་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་རོ། ། རྒྱས་པར་བྱེད་པར་འགྱུར་རོ། ། དེའི་འོག་ཏུ་སའི་ཁུང་དུ་སོང་བར་འགྱུར་རོ། ། ཡང་དེ་ལོ་ལྔ་བརྒྱ་པ་ཐ་མ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་འཇིག་པར་གྱུར་པ། དགེ་སྦྱོང་འཇིག་ པར་གྱུར་པ། དམ་པའི་ཆོས་སྤོང་བར་གྱུར་པ། སེམས་ཅན་འཇིག་པར་གྱུར་པ། རྒྱལ་སྲིད་འཁྲུག་པར་གྱུར་པ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་དམས་པའི་དུས་ལ་བབ་པ། ཚུལ་ཁྲིམས་འཆལ་པའི་ཕྱོགས་འཕེལ་བའི་དུས་ལ་བབ་པ། དམ་པའི་ཆོས་ཀྱི་ཕྱོགས་ དམས་པའི་དུས་ལ་བབ་པ། དམ་པ་མ་ཡིན་པའི་ཕྱོགས་ཀྱི་ཆོས་འཕེལ་བའི་དུས་ལ་བབ་པ། ཟད་པའི་དུས་ལ་བབ་པ་ན།
BOསེམས་ཅན་གང་མདོ་སྡེ་འདི་ལྟ་བུ་ཐོབ་པར་འགྱུར་བའི་ཕྱིར་དགེ་བའི་རྩ་བ་འབར་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་ སྐྱེད་པ། དགེ་བའི་རྩ་བ་སྨིན་པ། ས་བོན་བཏབ་པའི་སེམས་ཅན་རྣམས་ནི་ཉུང་ཟད་ཅིག་འབྱུང་སྟེ། སེམས་ཅན་དེ་ལྟ་བུ་དེ་དག་གི་དོན་དུ་འདི་ལྟ་སྟེ་སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་རོ། ། རྒྱས་པར་བྱེད་པར་འགྱུར་རོ། ། དེ་དག་གིས་ཀྱང་ཏིང་ངེ་ འཛིན་འདི་ཐོས་ནས་དགའ་བ་དང་། མགུ་བ་དང་། དང་བ་རྒྱ་ཆེན་པོ་འཐོབ་བོ། ། ཐོས་ནས་ཀྱང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཡི་གེར་འདྲི་བར་འགྱུར། འཆད་པར་འགྱུར། རྒྱས་པར་བྱེད་པར་འགྱུར། བསྒོམ་ པའི་སྦྱོར་བ་ལ་བརྩོན་པར་འགྱུར། ཐ་ན་གླེགས་བམ་དུ་བྲིས་ཤིང་འཆང་བར་འགྱུར་རོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། ལིད་ཙ་བཱི་གཞོན་ནུས་བཅོམ་ལྡན་འདས་ལ་ ཕྱི་མའི་དུས་ན་དམ་པའི་ཆོས་འདི་འགྱུར་བ་དང་།
BOརྣམ་པར་འཇིག་པ་ཐོས་ནས་ཆོས་ཀྱི་ཤུགས་ཀྱིས་ངུ་ཞིང་མཆི་མ་ཀློག་པར་བྱེད་དེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། ལིད་ཙ་བཱི་གཞོན་ནུ་མཆི་མ་ཕྱིས་ཏེ། སྟན་ལས་ལངས་ནས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་ བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་བའི་ཐ་མར་གྱུར་པ། ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་བ་ཐ་མར་གྱུར་པ། དམ་པའི་ཆོས་སྤོང་བར་གྱུར་པ་ན་ཡང་། མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་བགྱིའོ། ། ཀུན་ཆུབ་པར་བགྱིའོ། ། ཡི་གེར་བྲི་བར་བགྱིའོ། ། བཅང་བར་བགྱིའོ། ། བཀླག་པར་བགྱིའོ། ། རྒྱས་པར་བགྱིའོ། ། བསྒོམ་པའི་སྦྱོར་བ་ལ་བརྩོན་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་ ཉན་པ་དང་། འདྲི་བ་དང་། འཛིན་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འཆང་བ་དང་།
BOཀློག་པ་དང་། འཆད་པ་དང་། རྒྱས་པར་བགྱིད་པ་དང་། བསྒོམ་པས་ཆོག་མ་འཚལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱེའུ་འདམ་བུས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚམས་{བཟངས་,བཟང་}དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་རྣམས་བཅོམ་ལྡན་འདས་ལས་ལོ་ལྔ་བརྒྱ་པ་ཐ་མར་གྱུར་པ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འདི་འགྱུར་བ་དང་། རྣམ་པར་འཇིག་པ་ཐོས་ནས་ཆོས་ཀྱི་ཤུགས་ཀྱིས་ངུ་ཞིང་མཆི་མ་ཀློག་པར་བྱེད་དོ། ། དེ་ནས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། ཚོང་དཔོན་གྱི་བུ་ཕུག་སྦས་དང་། ཁྱེའུ་འདམ་བུས་བྱིན་དང་། རིགས་ཀྱི་བུ་མཚམས་{བཟངས་,བཟང་}དང་། དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་རྣམས་མཆི་མ་ཕྱིས་ནས་སྟན་ ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།
BOབཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་ པའི་དུས་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་པ་ཐ་མར་གྱུར་པ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་སྤོང་བར་གྱུར་པ་ན་ཡང་། མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་བགྱིའོ། ། ཀུན་ཆུབ་པར་བགྱིའོ། ། ཡི་གེར་བྲི་བར་བགྱིའོ། ། བཅང་བར་བགྱིའོ། ། བཀླག་པར་བགྱིའོ། ། གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བགྱིའོ། ། བསྒོམ་པར་བགྱིའོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྐལ་པ་བྱེ་ བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་རིང་དུ་གནས་པར་བགྱིའོ། ། རྒྱ་ཆེ་བ་དང་རྒྱས་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་སྔོན་མ་ཐོས་པའི་ཆོས་རྣམས་ཡང་དག་པར་ལེན་པར་ བགྱིད་པ་དང་། ཡང་དག་པར་སྒྲོགས་པར་བགྱིད་དོ། །
BOབཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཟབ་མོ་འཇིག་རྟེན་པ་ཐམས་ཅད་ཡིད་ཆེས་པར་མི་འགྱུར་བ་བསྒོམ་པར་བགྱིའོ། ། བསྟན་པར་བགྱིའོ། ། དེ་ནས་འཁོར་དེ་དག་ནས་དགེ་སློང་དང་། དགེ་སློང་མ་དང་། དགེ་ བསྙེན་དང་། དགེ་བསྙེན་མ་སྲོག་ཆགས་ལྔ་བརྒྱ་ཙམ་སྟན་ལས་ལངས་ཏེ། གུས་པ་དང་བཅས། ཞེ་ས་དང་བཅས་པས། བཅོམ་ལྡན་འདས་ལས་ལོ་ལྔ་བརྒྱ་པ་ཐ་མར་གྱུར་པ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ་ན་དམ་པའི་ཆོས་རྣམ་པར་འཇིག་པ་དང་། དམ་པའི་ཆོས་ མི་ལེན་པའི་དུས་ཐོས་ནས་དམ་པའི་ཆོས་འགྱུར་བའི་ཤུགས་ཀྱིས་ངུ་ཞིང་མཆི་མ་ཀློག་པར་གྱུར་ཏོ། ། དེ་ནས་སྲོག་ཆགས་ལྔ་བརྒྱ་ཙམ་པོ་དེ་དག་གིས་མཆི་མ་ཕྱིས་ནས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་ལྔ་བརྒྱ་པ་ཐ་མར་གྱུར་པ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ་ན་མདོ་སྡེ་འདི་ལྟ་ བུ་འདི་དག་གཟུང་བར་བགྱིའོ། ། བསྒོམ་པར་བགྱིའོ། །
BOགཞན་དག་ལ་ཡང་རྒྱ་ཆེར་བསྒྲག་པར་བགྱིའོ། ། སྐྱེས་བུ་དམ་པ་འདི་དག་ལ་ཡང་ལུས་ཀྱིས་ཞལ་ཏར་བགྱི་བ་བགྱིའོ། ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ཡང་དེའི་ཚེ་མཉན་པར་བགྱིའོ། ། དེར་ ཡང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། ། དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པ་གཞན་དག་ཀྱང་དམ་པའི་ཆོས་དཀོན་མཆོག་འདིས་ཕན་གདགས་པར་བགྱིའོ། ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་སྐྱེས་བུ་དམ་པ་འདི་དག་ལ་གཏད་པར་གསོལ། བཅོམ་ལྡན་འདས་ཏིང་ངེ་ འཛིན་འདི་སྐྱེས་བུ་དམ་པ་འདི་དག་ལ་གདམས་པར་གསོལ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསེར་གྱི་ཁ་དོག་ལྟ་བུའི་འཛུམ་པ་མཛད་དེ། དེས་འཇིག་རྟེན་གྱི་ཁམས་མཐའ་ཐུག་པ་མེད་པ་རྣམས་འོད་ཀྱིས་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་ མངོན་པར་བྱུང་ནས་ཉི་མ་དང་ཟླ་བའི་འོད་ཀྱང་ཟིལ་གྱིས་མནན་ཏེ་སླར་ལྷགས་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་མཚམས་སུ་ནུབ་པར་གྱུར་ཏོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།
BOབཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འཐུན་པའི་ཚིགས་སུ་བཅད་པ་འདི་ལྟ་བུ་དག་གིས་མངོན་པར་བསྟོད་དོ། ། ཚུལ་ཁྲིམས་ རྣམ་དག་སྤྱོད་ཡུལ་ཡོངས་སུ་དག ། མཐུ་ཆེ་བ་ཡི་ནང་ནའང་རྫུ་འཕྲུལ་ཆེ། ། སྐྱེ་དགུ་ཀུན་ལས་མཆོག་ཏུ་འཕགས་གྱུར་པ། ། དྲི་མ་བྲལ་བའི་ཉི་མ་བཞིན་དུ་མཛེས། ། མ་ཆགས་མཁྱེན་ལྡན་ཤིན་ཏུ་རྣམ་གྲོལ་ཐུགས། ། ཀ་ལ་པིང་ཀའི་གསུངས་ལྡན་ལྷ་ཡི་ལྷ། ། ཕས་ཀྱི་རྒོལ་ བ་ཀུན་གྱིས་མི་བསྐྱོད་པ། ། འཛུམ་པ་འདི་མཛད་རྒྱུ་རྐྱེན་ཅི་ཞིག་ལགས། ། ཕན་ཕྱིར་ཐུགས་བརྩེ་རྐང་གཉིས་ནང་ན་གཙོ། ། དོན་དམ་གསལ་བས་ལུང་ནི་བསྟན་པར་གསོལ། ། ཁྱོད་ཀྱི་གསུང་སྒྲ་ཡིད་དུ་འོང་ཐོས་ན། ། འཕགས་པའི་དགའ་བ་ཟང་ཟིང་མེད་པ་འཐོབ། ། རྒྱལ་ མཆོག་རྣམ་པར་འདྲེན་པ་རྒྱུ་མེད་པར། ། གང་ཟག་མཆོག་ནི་འཛུམ་པ་མི་མཛད་ན། ། འཛུམ་པ་འདི་མཛད་རྒྱུ་རྐྱེན་ཅི་ཞིག་ལགས། ། འཇིག་རྟེན་ཕན་ཕྱིར་ཐུགས་བརྩེ་ཁྱོད་ལ་ཞུའོ། ། འཇིག་རྟེན་མགོན་པོ་འཛུམ་པ་མཛད་པ་ལས། ། དེ་རིང་སུ་ཡི་དགོས་པ་རྒྱ་ཆེར་འབྱུང་། ། སུ་ཞིག་ སངས་རྒྱས་ཡེ་ཤེས་བརྟན་པར་གནས། ། སུ་ཞིག་དེ་རིང་རྒྱལ་སྲིད་མཆོག་ཐོབ་འགྱུར། །
BOསུ་ཞིག་དེ་རིང་བསོད་ནམས་བརྟན་པར་གནས། ། སུ་ཞིག་ཆོས་མཛོད་འདི་ནི་འཛིན་པར་འགྱུར། ། སུ་ཞིག་དེ་རིང་ཅོད་པན་ཆེ་ཐོགས་ཏེ། ། རང་གི་ལག་གིས་རང་ གི་མགོ་ལ་འདོགས། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སླར་ཚིགས་སུ་བཅད་དེ་གསུངས་པ། ཀུན་དགའ་གྲོགས་པོ་ལྔ་བརྒྱ་ཚོགས་པ་དག ། དགའ་བའི་སེམས་ཀྱིས་མདུན་དུ་འཁོད་གྱུར་ཅིང་། ། བདག་ཅག་ཆོས་འདི་ཐོབ་པར་ཤོག་ཤིག་ཅེས། ། ཚིག་ཏུ་རྗོད་པར་བྱེད་པ་འདི་དག་ལྟོས། ། ནམ་ཞིག་བདག་ཅག་འདི་འདྲར་འགྱུར་ཞེས་ཏེ། ། དེ་དག་ང་ལ་ཡང་ནི་ལྟ་བར་བྱེད། ། བདག་ཅག་བྱང་ཆུབ་མཆོག་འདི་འཛིན་ཏོ་ཞེས། ། ང་ཡི་མདུན་དུ་འདུག་ནས་ཚིག་ཏུ་བརྗོད། ། མ་འོངས་ཕྱི་དུས་དེ་འདྲར་གྱུར་པའི་ཚེ། ། མདོ་སྡེ་འདི་དག་ བསྒྲགས་པར་བྱ་བའི་ཕྱིར། ། མཁས་པ་བརྒྱད་པོ་འདི་དག་ལ་སོགས་པ། ། ལྔ་བརྒྱ་འདི་དག་རྣམས་ཀྱང་ལངས་པར་གྱུར། ། མོས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱ། ། འདིར་ནི་ང་ཡི་ཡེ་ཤེས་ཆགས་པ་མེད། ། འདི་དག་གིས་ནི་རྒྱལ་བ་གཅིག་པུ་ལ། ། ཐལ་མོ་སྦྱར་བ་བྱས་ནས་ ལངས་པ་མིན། ། སྔོན་དག་དྲན་ཏེ་སྐྱེ་བ་སྔ་མ་ལ། ། སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་ཚང་བར་བྱུང་། །
BOཆོས་འདི་དག་ནི་བསྒྲགས་པར་བྱ་བའི་ཕྱིར། ། དེ་ལའང་འདི་དག་བརྒྱད་ལ་སོགས་པའང་ལངས། ། དེ་བས་ཀྱང་ནི་ཤིན་ཏུ་སྔ་བ་ན། ། ཚུལ་ཁྲིམས་རྣམ་དག་གྲགས་པ་ཆེན་ པོ་པ། ། བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་བྱུང་། ། དེ་དག་ལས་ཀྱང་རྒྱ་ཆེ་ཆོས་འདི་བླངས། ། ང་ཡི་གསུང་རབ་རྒྱ་ཆེ་བ་དག་ཀྱང་། ། དོན་དུ་གཉེར་ཅིང་ཡོངས་སུ་འཛིན་པར་བྱེད། ། སེམས་ནི་དགའ་ཞིང་མགུ་བ་དཔེ་མེད་པས། ། མང་པོ་བྱང་ཆུབ་སེམས་ལ་སྐུལ་བར་བྱེད། ། དེ་ནི་ཕྱི་དུས་མྱ་ངན་ང་འདས་ཚེ། ། སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ནས། ། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། ། ཡི་གེ་བྲིས་ནས་སྒྲོམ་དུ་བཅུག་ནས་ཀྱང་། ། མཆོད་རྟེན་ས་དང་བྲག་དང་རི་དག་དང་། ། ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ། ། མདོ་སྡེ་བཞག་པ་ བྱས་ནས་དེ་དག་རྣམས། ། ལྷ་ཡི་བརྟུལ་ཞུགས་འདྲ་བར་བྱ་ཕྱིར་འགྲོ། ། དེ་དག་ཕྱི་མའི་དུས་ཚེ་སོ་སོའི་རིགས། ། ཐམས་ཅད་བོར་སྟེ་སླད་དུ་བབས་གྱུར་ནས། ། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། ། བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། ། དེ་དག་ཆོས་འདི་འདོད་ པས་ཡུལ་ཡུལ་དུ། ། དོང་ཞིང་མདོ་སྡེ་བཟང་པོ་འདི་རྙེད་འགྱུར། །
BOརྙེད་ནས་ཡིད་ནི་མཆོག་ཏུ་དགའ་གྱུར་པས། ། རྟེན་པ་མེད་པར་སྐྱེ་བོ་མང་ལ་གཏོང་། ། ལུས་དང་དེ་བཞིན་སྲོག་ཀྱང་སྤང་བྱས་ཏེ། ། མཁས་པ་དེ་དག་ཆོས་འདོད་ཆོག་མི་ཤེས། ། ཕས་ཀྱི་རྒོལ་བ་ཀུན་དང་མི་ འཐུན་ཞིང་། ། གྱ་ནོམ་རྒྱ་ཆེ་ཆོས་ནི་སྦྱིན་པར་བྱེད། ། གང་དག་ང་ཡི་མདུན་ན་ལངས་གྱུར་པ། ། ལྔ་བརྒྱ་འདི་དག་ཐམས་ཅད་མ་གཏོགས་པར། ། མདོ་སྡེ་འདི་ལ་འཛིན་པར་བྱེད་པ་དང་། ། འཆང་དང་ཀློག་པར་བྱེད་པ་སུ་ཡང་མེད། ། དགེ་སློང་བརྒྱད་དང་དེ་བཞིན་བྱང་ཕྱོགས་ སུ། ། ཡོངས་སུ་ལེན་ཅིང་ཆོས་འཛིན་དགའ་བ་དག ། ཆོས་འདོད་འཇིག་རྟེན་ཕན་ཞིང་བརྩེ་བ་དག ། ལེན་པའི་ཕྱིར་ནི་མང་པོ་འབྱུང་བར་འགྱུར། ། གང་དག་དེར་ནི་ཤིན་ཏུ་རྒྱས་འཛིན་ཅིང་། ། སྙན་ཚིག་རྙེད་ལ་མ་རྟེན་འབྱུང་བ་ནི། ། བརྒྱད་ལ་སོགས་པ་དགེ་སློང་ལྔ་བརྒྱ་པོ། ། འདི་དག་ཐམས་ཅད་རྣམས་ནི་ཚང་བའོ། ། དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་། ། དགེ་བསྙེན་མ་ནི་མཁས་ཤིང་འཇུངས་བྲལ་འདི། ། གང་དག་ལངས་ཤིང་ཕྱི་དུས་ཆོས་འཛིན་པ། ། དེ་དག་ཐམས་ཅད་མི་མཆོག་རྒྱལ་བར་འགྱུར། ། ཡོན་ཏན་བསམ་གྱིས་མི་ཁྱབ་ཀུན་དང་ ལྡན། ། གསེར་གྱི་ཁ་དོག་བསོད་ནམས་བརྒྱ་ཡི་མཚན། །
BOཕན་ཕྱིར་ཐུགས་བརྩེ་སེམས་ཅན་མང་པོ་འགྲོལ། ། བདེ་བ་སྦྱིན་ཞིང་ཉོན་མོངས་ཐམས་ཅད་སེལ། ། དེ་དག་འདི་ནས་འཆི་འཕོས་ཕྱི་ནས་ཡང་། ། ལོག་ལྟུང་སར་ནི་ནམས་ཀྱང་འགྲོ་མི་འགྱུར། ། སྐྱེ་བ་ཐམས་ཅད་དུ་ནི་འདུས་ གྱུར་ཅིང་། ། མི་མཆོག་རྣམས་ནི་མཉེས་པ་བྱེད་པར་འགྱུར། ། དེ་དག་གིས་ནི་མི་ཁོམ་བརྒྱད་ཀྱང་སྤངས། ། དེས་ནི་ངན་སོང་ཐམས་ཅད་སྤངས་པའོ། ། དེས་ནི་བསོད་ནམས་ཚད་མེད་ཇི་སྙེད་བཟུང་། ། ཡོན་ཏན་མཐའ་ནི་བཤད་པར་མི་ནུས་སོ། ། སངས་རྒྱས་ཞིང་འདིར་མཉེས་པར་ བྱེད་པར་འགྱུར། ། འདུས་པར་གྱུར་ནས་སངས་རྒྱས་གང་འགྱུར་བ། ། དེ་དག་ཕན་པའི་ཕྱིར་ནི་སྙིང་བརྩེ་ལ། ། བླ་མེད་ཞི་ལམ་ཚོལ་ཞིང་གུས་པར་བྱེད། ། དེ་དག་བསྐལ་པ་གཅིག་ལ་འདུས་གྱུར་ཏེ། ། རྐང་གཉིས་གཙོ་ལ་མཆོད་པ་དག་བྱས་ནས། ། བླ་ན་མེད་པའི་རྡུལ་ མེད་བྱང་ཆུབ་ཕྱིར། ། འཕགས་པ་ཟང་ཟིང་མེད་པའི་བཟོད་འཐོབ་འགྱུར། ། དེ་དག་ན་ཡང་དེ་བཞིན་ཆོས་འཛིན་པ། ། ཕྱི་མའི་དུས་དང་དེ་བཞིན་བར་མའི་དུས། ། དེ་ན་ཚངས་པར་སྤྱོད་པ་འདི་སྤྱད་ནས། ། ཚེ་དཔག་མེད་པའི་སངས་རྒྱས་མཉེས་པར་བྱེད། ། བསྐལ་པ་བཟང་པོ་ འདི་ལ་ཇི་སྙེད་ཀྱི།
BOའཇིག་རྟེན་དོན་མཛད་འོད་མཛད་འབྱུང་བ་དག ། དེ་དག་གི་ཡང་ཆོས་ཀྱི་ཚུལ་འཛིན་པ། ། དུས་གསུམ་ལ་ནི་གནས་པའི་དཔའ་བོའོ། ། མ་འོངས་སངས་རྒྱས་བྱེ་བ་ཕྲག་མང་པོ། ། བསམ་གྱིས་མི་ཁྱབ་གང་དག་ཚད་མེད་པ། ། དེ་ལ་དེས་ནི་རྒྱ་ཆེ་མཆོད་བྱས་ ནས། ། སངས་རྒྱས་བྱང་ཆུབ་ལ་ནི་མཉེས་བྱེད་འགྱུར། ། བྱང་ཆུབ་ཞི་ལ་དེ་དག་རེག་པར་འགྱུར། ། དེ་ལ་འདུས་ནས་གུས་པར་བྱེད་པར་འགྱུར། ། བསྐལ་པ་ཁྲག་ཁྲིག་མང་པོ་འདས་གྱུར་པ། ། དེ་སྲིད་ན་ནི་ས་བོན་དངོས་པོར་འགྱུར། ། ཁྱིམ་གྱི་བདག་པོ་བཟང་སྐྱོང་འདི་དང་ནི། ། རིན་ཆེན་འབྱུང་བའི་རིན་ཆེན་འབྱུང་གནས་དང་། ། དེད་དཔོན་བཟང་དང་ཕུག་སྦས་བྲམ་ཟེའི་ཁྱེའུ། ། སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་བར་འགྱུར། ། དེ་དག་དེ་རྣམས་དང་ནི་དེ་བས་ཀྱང་། ། སངས་རྒྱས་བྱེ་བ་མང་པོའི་ཆོས་འཛིན་པ། ། བསྐལ་པ་བྱེ་བ་མང་པོ་དེ་ཡི་ཚད། ། བརྗོད་ པར་བྱ་ཞིང་མཐའ་རྟོགས་མི་ནུས་སོ། ། སེམས་ཅན་ཆེན་པོ་གང་གིས་རྨི་ལམ་ནའང་། ། དཔའ་བོ་འདི་དག་གི་ནི་མིང་དང་ཐབས། ། ཐོས་པ་དེ་དག་རྒྱལ་བ་ཆེན་པོར་འགྱུར། ། གང་དག་མཐོང་ངམ་ཡང་ན་ཐོས་ནས་ཀྱང་། འདོད་པར་བྱེད་དམ་ཡང་ན་དང་བྱེད་ན། །
BOཐམས་ཅད་བྱང་ཆུབ་ འགྱུར་བར་ཐེ་ཚོམ་མེད། ། དེ་ལ་བསྙེན་བཀུར་བྱེད་པ་སྨོས་ཅི་དགོས། ། བསམ་གྱིས་མི་ཁྱབ་ཆོས་འདི་ཡོངས་སུ་འཛིན། ། མིང་དང་དེ་བཞིན་ཚེ་ཡང་བསམ་མི་ཁྱབ། ། སྣང་བ་བསམ་མེད་ཡོན་ཏན་བསམ་མི་ཁྱབ། ། ཤེས་རབ་ཡེ་ཤེས་དེ་བཞིན་བསམ་མི་ཁྱབ། ། བླ་ན་མེད་པའི་བྱང་ཆུབ་ ཚོལ་བྱེད་ཅིང་། ། སྔོན་གྱི་སངས་རྒྱས་ཚུལ་ཁྲིམས་རྣམ་དག་པ། ། གང་གཱའི་བྱེ་སྙེད་བསམ་མི་ཁྱབ་བྱུང་བ། ། དེ་ལའང་སྦྱིན་པ་རྒྱ་ཆེན་དག་ནི་ཕུལ། ། སངས་རྒྱས་བྱེ་བ་མང་པོ་བཤད་གྱུར་ཀྱང་། ། དེ་ཡི་བསོད་ནམས་ཚད་ནི་ཅུང་ཟད་མེད། ། འདྲ་བའི་སྲས་དང་གྲོགས་པོ་དེ་དག་ ཀྱང་། ། བྱང་ཆུབ་འགྱུར་བར་ཐེ་ཚོམ་འགའ་ཡང་མེད། ། ཀུན་དགའ་ལ་ལ་གང་ཞིག་མདོ་སྡེ་འདི། ། ལེན་ཏམ་འཛིན་ཏམ་ཀློག་པར་བྱེད་པ་དང་། ། ལྔ་བརྒྱ་ཚང་བ་པོ་ནི་དེ་དག་ལ། ། ཐེ་ཙོམ་མེད་པར་དེ་ལ་དགའ་བ་སྐྱེད། ། ཀུན་དགའ་ལ་ལ་གང་ཞིག་མདོ་སྡེ་འདི། བཙལ་བའི་ ཕྱིར་ནི་འདུན་པ་བརྟན་བྱེད་ཅིང་། ། གཉིད་ནི་སྤངས་ལ་བརྩོན་འགྲུས་རྩོམ་བྱེད་ན། ། དེ་དག་ཏིང་ངེ་འཛིན་འདི་རྙེད་མི་དཀའ། ། མདོ་སྡེ་འདི་འདྲ་བ་དག་གཟུང་བྱས་ནས། ། རྙེད་པ་རབ་རྙེད་ངན་འགྲོ་དག་ཀྱང་སྤངས། །
BOབདེ་གཤེགས་བསྟན་པ་ལ་ནི་དོན་ཡོད་དང་། ། མི་ཁོམ་ཐམས་ ཅད་རྣམ་པར་སྤངས་པར་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་སྤྲོ་བ་སྐྱེད་པའི་ལེའུ་སྟེ་བཅུ་གསུམ་པའོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལིད་ཙ་བི་གཞོན་ནུ་ རིན་ཆེན་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་ཁྱེའུ་འདམ་བུས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱི་བུ་མཚམས་{བཟངས་,བཟང་}དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་དེད་དཔོན་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་རྣམས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་པོ་དེ་དག་དང་ལྷན་ཅིག་ཏུ་ ལེགས་པར་གསུངས་པའི་ཕྱིར་རས་བཅོས་བུ་ཟུང་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ། ། བཅོམ་ལྡན་འདས་ལ་རིན་པོ་ཆེ་འགྲེམས་པར་ཡང་བྱེད་དོ། ། བཅོམ་ལྡན་འདས་ལ་བསྙེན་བཀུར་ཡོངས་སུ་སྤྱོད་པར་བྱེད་པར་གསོལ་བའང་འདེབས་སོ། །
BOདེ་ནས་བཅོམ་ལྡན་འདས་ ཀྱིས་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔ་བརྒྱ་ཙམ་པོ་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་རབ་ཏུ་དགའ་བར་མཛད། ཡང་དག་པར་འཛིན་དུ་བཅུག ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་མགུ་བར་མཛད་ དོ། ། དེ་དག་དགའ་བའི་སེམས་དང་། སྐྱོན་མེད་པའི་སེམས་དང་། འཇམ་པའི་སེམས་དང་། འདོད་པར་བྱ་བའི་སེམས་དང་། དང་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འཁོད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་པོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་མུ་སྟེགས་ཅན་གྱི་གསང་ཚིག་ལ་མི་རྟེན་པ་དང་། འདོད་པའི་ཡོན་ཏན་ལ་མི་ཆགས་ པ་དང་།
BOསྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་རྣམས་ཀྱིས་མ་ཕམ་པ་དང་། སྲིད་པའི་འགྲོ་བའི་སྐྱེ་བའི་གནས་རྣམས་ལ་སྨོད་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་པོ། ། བཟང་སྐྱོང་བྱང་ཆུབ་ སེམས་དཔའ་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་འཆང་བར་བྱེད། ཀློག་པར་བྱེད། ཡི་གེར་འདྲི་བར་བྱེད། འཛིན་པར་བྱེད། ཀུན་ཆུབ་པར་བྱེད། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་གང་ཚེ་འདི་ཉིད་ལ་འཐོབ་པར་ འགྱུར་བ་ལྔ་བརྒྱ་ཡོད་པར་རིག་པར་བྱའོ། ། ལྔ་བརྒྱ་གང་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། བྱམས་པ་ལ་གནས་པའི་ལུས་ལ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། ཆུར་མི་འཆི། མེས་མི་འཚིག ། རྒྱལ་པོ་གླགས་ལྟ་བ་དག་གིས་གླགས་མི་རྙེད་པ་དེ་བཞིན་དུ་ བཟང་སྐྱོང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེའང་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། ཆུས་འཆི་བར་མི་བྱེད། མེས་མི་འཚིག ། རྒྱལ་པོ་གླགས་ལྟ་བ་དག་གིས་གླགས་མི་རྙེད་དོ། ། བཟང་སྐྱོང་གཞན་ཡང་གལ་ཏེ་བསྐལ་པས་སྲེག་པ་བྱུང་ བར་གྱུར་ཏེ།
BOཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ཡང་མེའི་ཕུང་པོ་དེའི་ནང་དུ་མཆོངས་ན། མེའི་ཕུང་པོ་དེ་ཞི་བར་འགྱུར་རོ། ། འདི་ལྟ་སྟེ་དཔེར་ན་ཆུའི་བུམ་པ་ཆེན་པོས་ནི་མེའི་ཕུང་པོ་ཞི་བར་བྱེད་དོ། ། བཟང་སྐྱོང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་ དེ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་རྒྱལ་པོའམ། ཆོམ་རྐུན་ནམ། མེའམ། ཆུའམ། སྐྱེ་བོའམ། ཀླུའམ། རོ་ལངས་སམ། གནོད་སྦྱིན་ནམ། སྲིན་པོའམ། སེང་གེའམ། སྟག་གམ། ཁྱིའམ། ཝའམ། སྤྱང་ཀིའམ། མིའམ། མི་ མ་ཡིན་པའམ། {ཡི་དགས་,ཡི་དྭགས་}སམ། གྲུལ་བུམ་གྱིས་བར་ཆད་བྱེད་ན་ལུས་སམ། སྲོག་གམ། ལྷུང་བཟེད་དམ། གོས་སམ། ཚངས་པར་སྤྱོད་པའམ། འཆད་པའམ། ཁ་ཏོན་བྱེད་པའམ། བསམ་གཏན་ནམ་ཚུལ་བཞིན་ཡིད་ལ་བྱེད་པའི་བར་ཆད་བྱེད་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་དེ་ནི་ གནས་མེད་དོ། ། བཟང་སྐྱོང་ཏིང་ངེ་འཛིན་འདི་འཛིན་པའི་དགེ་སློང་དེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་མིག་ནད་ཀྱིས་འདེབས་པའམ། རྣ་ནད་ཀྱིས་འདེབས་པའམ། སྣ་ནད་ཀྱིས་འདེབས་པའམ། ལྕེ་ནད་ཀྱིས་འདེབས་པའམ། ལུས་ནད་ཀྱིས་འདེབས་པའམ། སེམས་ནད་ཀྱིས་འདེབས་པའམ།
BOདེ་དག་ལས་གཞན་པའི་ནད་ཀྱི་རྣམ་པས་བྱང་ཆུབ་སེམས་དཔའ་དེའི་འཚོ་བ་འགོག་པར་བྱེད་པ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ། ། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ལྷ་རྣམས་ཀྱང་སྲུང་ ངོ་། ། ཀླུ་རྣམས་ཀྱང་སྲུང་ངོ་། ། གནོད་སྦྱིན་རྣམས་ཀྱང་སྲུང་ངོ་། ། དྲི་ཟ་རྣམས་ཀྱང་སྲུང་ངོ་། ། མི་རྣམས་ཀྱང་སྲུང་ངོ་། ། མི་མ་ཡིན་པ་རྣམས་ཀྱང་སྲུང་ངོ་། ། ལྷ་མ་ཡིན་རྣམས་ཀྱང་སྲུང་ངོ་། ། ནམ་མཁའ་ལྡིང་རྣམས་ཀྱང་སྲུང་ངོ་། ། མི་འམ་ཅི་རྣམས་ཀྱང་སྲུང་ངོ་། ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་ སྲུང་ངོ་། ། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་མཚམས་{བཟངས་,བཟང་}རྣམས་ཀྱང་སྲུང་ངོ་། ། དེ་དག་ལས་གཞན་པ་ལྷའི་བུ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དག་ཀྱང་སྲུང་ངོ་། ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སྲུང་ངོ་། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་སྲུང་ངོ་། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྷ་རྣམས་དང་།
BOཀླུ་རྣམས་དང་། གནོད་སྦྱིན་ རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་རྣམས་དང་། རྒྱལ་པོ་ཆེན་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྡུག་ པར་འགྱུར་རོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལྷ་རྣམས་ཀྱང་སྙན་པར་སྒྲོགས་སོ། ། ཀླུ་རྣམས་ཀྱང་སྙན་པར་སྒྲོགས་སོ། ། གནོད་སྦྱིན་རྣམས་ཀྱང་སྙན་པར་སྒྲོགས་སོ། ། མི་རྣམས་ཀྱང་སྙན་པར་སྒྲོགས་སོ། ། མི་མ་ཡིན་པ་རྣམས་ཀྱང་ སྙན་པར་སྒྲོགས་སོ། ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་སྙན་པར་སྒྲོགས་སོ། ། བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་རྣམས་ཀྱང་སྙན་པར་སྒྲོགས་སོ། ། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ ལྡན་འདས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སྙན་པར་སྒྲོགས་སོ། ། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ལྷ་རྣམས་ཀྱང་ལྟ་བར་འདོད་དོ། ། ཀླུ་རྣམས་ཀྱང་ལྟ་བར་འདོད་དོ། །
BOགནོད་སྦྱིན་རྣམས་ཀྱང་ལྟ་བར་འདོད་དོ། ། དྲི་ ཟ་རྣམས་ཀྱང་ལྟ་བར་འདོད་དོ། ། མི་འམ་ཅི་རྣམས་ཀྱང་ལྟ་བར་འདོད་དོ། ། མི་རྣམས་ཀྱང་ལྟ་བར་འདོད་དོ། ། མི་མ་ཡིན་པ་རྣམས་ཀྱང་ལྟ་བར་འདོད་དོ། ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་ལྟ་བར་འདོད་དོ། ། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་དག་ཀྱང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཐ་ན་རྨི་ལམ་དུའང་ཞལ་སྟོན་པར་མཛད་དོ། ། མིང་ནས་བརྗོད་པར་ཡང་མཛད་དོ། ། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ། བྱང་ཆུབ་སེམས་དཔའ་ རྣམས་ཀྱང་ལྟ་བར་འདོད་དོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གཟིགས་པར་བཞེད་དོ། ། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ལྷ་རྣམས་ཀྱང་ལྟར་འོང་ངོ་། ། ཀླུ་རྣམས་ཀྱང་ལྟར་འོང་ངོ་། ། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་ མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་རྣམས་ཀྱང་ལྟར་འོང་ངོ་། ། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་།
BOལྷའི་བུ་མཚམས་{བཟངས་ཀྱང་,བཟང་ཡང་}ལྟར་འོང་ངོ་། ། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ མ་བཤད་ཅིང་མ་ཐོས་པའི་མདོ་སྡེ་དག་ཀྱང་ཐ་ན་རྨི་ལམ་དུ་ཡང་སྒྲ་གྲག་ཅིང་དབྱངས་ཐོས་པར་འགྱུར་རོ། ། བཟང་སྐྱོང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་འཛིན་ཏམ། ཀུན་ཆུབ་པར་བྱེད་དམ། འཆང་ངམ། ཀློག་གམ། ཡི་གེར་འདྲི་འམ། འཆད་པར་ བྱེད་པ་དེ་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ང་སྙན་པ་བརྗོད་ཅིང་ཡོན་ཏན་སྒྲོགས་པར་བྱེད་ན། གང་སྒྲུབ་པར་བྱེད་པ་ལྟ་ལ་སྨོས་ཀྱང་ཅི་དགོས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བྱང་ཆུབ་སེམས་དཔའ་གང་ཞིག་ཏིང་ངེ་ འཛིན། ། བདེ་བར་གཤེགས་པས་གསུངས་པ་འདི་འཆད་པའི། ། ཡོན་ཏན་ཡོངས་སུ་བཤད་པར་བྱ་བ་ནི། ། གང་གཱའི་བྱེ་མ་སྙེད་ལས་གཅིག་བླངས་བཞིན། ། གང་ཞིག་ཏིང་ངེ་འཛིན་འདི་འཆང་བྱེད་པ། ། དེ་ལ་མེ་དང་མཚོན་གྱིས་མི་ཚུགས་ཤིང་། ། དེ་ལ་རྐུན་པོས་གནོད་པ་བྱེད་མི་ འགྱུར། ། དེ་ལ་རྒྱལ་པོ་མི་བྱམས་མི་བྱེད་དོ། ། གདུག་པའི་སྦྲུལ་དག་འཁྲུགས་ཤིང་འཇིགས་བྱེད་པས། །
BOགདུག་པའི་ཡིད་ཀྱིས་མི་ལ་འཚེ་བྱེད་ན། ། གང་ཞིག་ཏིང་འཛིན་འདི་ལ་འཇུག་བྱེད་པ། ། དེ་ཡི་བྱིན་གྱིས་དེ་དག་དུག་མེད་འགྱུར། ། མི་དང་ཀླུ་དང་གནོད་སྦྱིན་སྲིན་པོ་དག ། ཕས་ཀྱི་ རྒོལ་བ་འཁྲུགས་ཤིང་འཇིགས་བྱེད་པས། ། གང་དག་ཏིང་འཛིན་འདི་ལ་འཇུག་བྱེད་པ། ། དེ་ཡི་བྱིན་ལ་ནམས་ཀྱང་མི་བཟོད་དོ། ། དགོན་པའི་གཅན་གཟན་མི་སྲུན་གང་འཁོད་པ། ། སྤྱང་ཀི་ཝ་དང་དེ་བཞིན་སེང་གེ་སྟག ། དེ་དག་དགོན་པའི་གནས་སུ་གནས་པ་དེའི། ། གྲོགས་བྱེད་པ་དང་གཡོག་བྱེད་པར་ཡང་འགྱུར། ། གནོད་སྦྱིན་ཤ་ཟ་མདངས་འཕྲོགས་འཇིགས་བྱེད་པ། ། གདུག་པའི་ཡིད་ཀྱིས་མི་ལ་འཚེ་བྱེད་ན། ། གང་ཞིག་ཏིང་འཛིན་འདི་ལ་འཇུག་བྱེད་པ། ། དེ་ཡི་བྱིན་གྱིས་དེ་དག་སྤ་ཡང་འགོང་། ། གང་ཞིག་ཏིང་འཛིན་འདི་ནི་འཆད་བྱེད་པ། ། དེ་ནི་རྣ་ནད་མེད་ཅིང་ལུས་ནད་མེད། ། མིག་གི་དབང་པོ་རྣམས་ཀྱང་ཉམས་མི་འགྱུར། ། ཚིག་ཀྱང་གསལ་ཞིང་སྤོབས་པས་སྨྲ་བར་འགྱུར། ། གང་ཞིག་ཏིང་འཛིན་འདི་ལ་འཇུག་པ་སྟེ། ། དེ་ལ་ནམས་ཀྱང་སེམས་དམྱལ་ངན་འགྲོ་མེད། ། དེ་ཡི་ལུས་ལ་ནད་ཀྱིས་མི་འདེབས་ཤིང་། ། དེ་ལ་ནམས་ཀྱང་ལོག་ལྟུང་འཇིགས་པ་མེད། ། ཁ་ཏོན་བྱས་ཏེ་གཞན་ལ་སྟོན་བྱེད་ན། །
BOདེ་ལ་ལྷ་དང་ཀླུ་དང་གྲུལ་བུམ་དང་། ། ལྷ་མ་ཡིན་དང་ལྟོ་འཕྱེ་ཆེ་རྣམས་སྲུང་། ། དེ་ལ་གདུག་པར་སེམས་པའང་དང་བར་འགྱུར། ། ཁ་ཏོན་བྱས་ཏེ་གཞན་ལ་སྟོན་བྱེད་ན། ། དེ་ལ་ལྷ་མི་ཀླུ་དང་ལྷ་མ་ ཡིན། ། གནོད་སྦྱིན་མིའམ་ཅི་དག་ཆེར་སྙན་སྒྲོགས། ། སངས་རྒྱས་རྣམས་ཀྱང་བུ་གཅིག་བཞིན་དུ་སྟོད། ། ཁ་ཏོན་བྱས་ཏེ་གཞན་ལ་སྟོན་བྱེད་ན། ། དེ་ནི་ཆོས་ལ་ཐེ་ཙོམ་འབྱུང་མི་འགྱུར། ། དེ་ནི་བྱང་ཆུབ་ཐེ་ཙོམ་ཡོང་མི་འབྱུང་། ། དེ་ཡི་གཟུགས་དང་མཉམ་པའང་མི་འབྱུང་ངོ་། ། ཏིང་ འཛིན་འདི་ནི་ཁ་ཏོན་བྱེད་པ་དེ། ། རྒྱལ་པོ་འཁྲུགས་དང་དེ་བཞིན་སེམས་ཅན་འཁྲུགས། ། མུ་གེའི་དགོན་པ་བྱུང་བར་གྱུར་ན་ཡང་། ། དེ་ལ་གནོད་དང་བཀྲེས་པར་མི་འགྱུར་རོ། ། ཏིང་འཛིན་འདི་ནི་ཁ་ཏོན་བྱེད་པ་དེ། ། སེམས་ཅན་དག་ལ་བདུད་ནི་ཉེར་གནས་ཀྱང་། ། དེ་ནི་མི་སྐྲག་བ་སྤུ་མི་གཡོ་ སྟེ། ། དེ་ཡི་ཡོན་ཏན་བསམ་གྱིས་མི་ཁྱབ་འགྱུར། ། འཚེ་བ་དང་ནི་ཉེས་དང་ཉོན་མོངས་པ། ། ཇི་སྙེད་གང་དག་ངས་ནི་བཤད་གྱུར་པ། ། སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པར། ། དེ་དག་དེ་ཡི་ལུས་ལ་མི་ཚུགས་སོ། ། ཟད་པ་ཕྱི་མའི་དུས་ན་གང་ལག་ཏུ། །
BOམདོ་སྡེ་རྒྱ་ཆེ་འདི་དག་འོངས་ པ་ནི། ། སྲས་ཀྱི་ཐུ་བོ་བཞིན་དུ་མདུན་བཞག་སྟེ། ། བསྟོད་ཅིང་བསླང་ལ་སྙན་པ་དག་ཀྱང་གསུང་། ། བག་ཡོད་པར་ཡང་བརྩོན་འགྲུས་བརྩམས་པར་བྱོས། ། འཐུན་པར་བྱས་ཏེ་ཆོས་ཀྱང་སྤྱད་པར་བྱོས། ། གང་ཞིག་འཛིན་ཅིང་ཀློག་ལ་སྟོན་བྱེད་པ། ཁྱེད་ཀྱི་དོན་དུ་འདི་དག་འཆད་པར་ བྱེད། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་ཆོས་སྨྲ་བ་བསྔགས་པའི་ལེའུ་སྟེ་བཅུ་བཞི་པའོ། ། ། ། བམ་པོ་ལྔ་པ། ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་བཀའ་སྩལ་པ། བཟང་སྐྱོང་ངས་མངོན་པར་ཤེས་ཏེ། འདས་པའི་དུས་བསྐལ་བ་གྲངས་མེད་པ། རྒྱས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད་པར་གྱུར་པ། དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་ཞེས་བྱ་བ། རིགས་པ་དང་ཞབས་སུ་ལྡན་པ། བདེ་ བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །
BOབཟང་སྐྱོང་དེའི་ཚེ་ཚོང་དཔོན་གྱི་བུ་བཟང་བྱིན་ཞེས་བྱ་བ་ཞིག་ཡོད་པར་གྱུར་ཏེ། དེ་སྲོག་ཆགས་ཉི་ཁྲིས་ཡོངས་ སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེའི་ ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་། ཚོང་དཔོན་གྱི་བུ་བཟང་སྦྱིན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ལ་ཏིང་ངེ་འཛིན་འདི་ཡོངས་ སུ་ཞུས་སོ། ། བཟང་སྐྱོང་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེས་ཀྱང་ཚོང་དཔོན་གྱི་བུ་བཟང་སྦྱིན་དེའི་ལྷག་པའི་བསམ་པ་མཁྱེན་ནས་ཏིང་ངེ་འཛིན་འདི་རྒྱ་ཆེར་བསྟན་ཏོ། ། ཡང་དག་པར་བཤད་དོ། ། བཟང་སྐྱོང་དེ་ནས་ཚོང་ དཔོན་གྱི་བུ་བཟང་སྦྱིན་དེས་ཏིང་ངེ་འཛིན་འདི་ཐོས་ནས་འཛིན་པར་བྱེད་དོ། ། བཟུང་ནས་སྒོམ་པར་བྱེད་དོ། །
BOབསྒོམས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ཚོན་ ཅན་གྱོན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཚངས་པར་སྤྱད་དོ། ། ལོ་བརྒྱད་ཁྲིར་ཏིང་ངེ་འཛིན་འདི་བསྒོམ་ཞིང་གནས་པར་གྱུར་ཏོ། ། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ལས་ཐོས་པ་ཐམས་ཅད་ བཟུང་ཞིང་། འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཀྱང་ཐོས་པ་ཐམས་ཅད་བཟུང་སྟེ། དེ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏོ། ། དེ་དུས་གཞན་ཞིག་ན་ཚེ་བརྗེས་ནས་ལུས་ཞིག་སྟེ་ཤི་བ་དང་། བདེ་འགྲོ་ མཐོ་རིས་ཀྱི་འཇིག་རྟེན་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། ། སྐྱེས་ནས་ཀྱང་དེས་འཇིག་རྟེན་གྱིས་ཁམས་དེ་ཉིད་དུ་དེ་བཞིན་གཤེགས་པ་གཉིས་པ་གློག་གི་ལྷ་ཞེས་བྱ་བ་མཉེས་པར་བྱས་སོ། ། བསྐལ་པ་དེ་ཉིད་ལ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་ བུར་སྐྱེས་ཏེ།
BOརྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལས་མངོན་པར་བྱུང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གློག་གི་ལྷ་དེ་ལས་རབ་ཏུ་བྱུང་སྟེ། ལོ་བརྒྱད་ཁྲིར་ཏིང་ངེ་འཛིན་འདི་སྒོམ་ཞིང་ཚངས་པར་སྤྱོད་པ་སྤྱད་དོ། ། དེས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་པ་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་མཉེས་པར་བྱས་སོ། ། བསྐལ་པ་དེ་ཉིད་ལ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ཏེ། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་ལྟ་བུ་དེ་ལས་མངོན་པར་བྱུང་ནས། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་དེ་ལས་རབ་ཏུ་བྱུང་སྟེ། ལོ་བརྒྱད་ཁྲི་བཞི་སྟོང་དུ་ཏིང་ངེ་འཛིན་འདི་བསྒོམ་ཞིང་ཚངས་པར་སྤྱོད་པ་སྤྱད་དོ། ། ཚོང་དཔོན་གྱི་བུ་བཟང་སྦྱིན་དེ་ཡང་དེ་ནས་ཕྱིས་བསྐལ་པ་བརྒྱད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། བཟང་སྐྱོང་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་བཟང་སྦྱིན་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་དེ་ལྟར་ཐེ་ཙོམ་མམ། ཡིད་གཉིས་སམ།
BOསོམ་ཉི་ཟ་བར་གྱུར་ན་བཟང་སྐྱོང་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེ། དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་བཟང་སྦྱིན་ཞེས་བྱ་བར་གྱུར་ཏོ། ། བཟང་སྐྱོང་ཚོང་དཔོན་གྱི་བུ་བཟང་སྦྱིན་དེ་ཆོས་དོན་དུ་གཉེར་ཞིང་ཆོས་འདོད་ལ་ཆོས་ལ་འདུན་པ་དང་ལྡན་ཏེ། དེའི་ཕྱིར་ མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ལྟོས། བཟང་སྐྱོང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཡེ་ཤེས་སྐྱེད་ པ་དང་། ། ཐོས་པ་རྒྱ་མཚོ་ལྟ་བུར་འགྱུར་ལ། ཇི་ཙམ་དུ་ཕན་པ་མང་པོར་གྱུར་པ་ལ་ལྟོས། བཟང་སྐྱོང་དེ་བས་ན་ཁྱོད་ཀྱིས་ཏིང་ངེ་འཛིན་འདི་གཟུང་བར་བྱའོ། ། ཀུན་ཆུབ་པར་བྱའོ། ། ཡི་གེར་བྲི་བར་བྱའོ། ། བཅང་བར་བྱའོ། ། བཀླག་པར་བྱའོ། ། བཟུང་ཞིང་ཀུན་ཆུབ་པར་བྱས་ནས་གཞན་ དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། ། བསྟན་པར་བྱའོ། ། བརྗོད་པར་བྱའོ། ། བསྒོམ་པའི་སྦྱོར་བ་ལའང་བརྩོན་པར་བྱའོ། །
BOདེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་དེ་ནི་འདི་ལྟར་ཏིང་ངེ་འཛིན་འདི་ཕྱི་ཕྱིར་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ན་སངས་རྒྱས་ཀྱི་ཡེ་ཤེས་འཐོབ་པར་འགྱུར་ བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་དང་། ལྟག་ན་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་བ་མ་གཏོགས་ པར་ཆོས་གཞན་འཐོབ་པར་མི་འགྱུར་རོ། ། ཡང་བཟང་སྐྱོང་ཡང་དག་པར་སྨྲ་བས་གང་ལ་མིག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་སྐྱེད་པ། སངས་རྒྱས་ཀྱི་ཆོས་རྣམས་སྐྱེད་པར་བྱེད་པ་ཞེས་སྨྲ་བ་དེ་དག་ནི་བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། ། ཡང་བཟང་སྐྱོང་ཡང་དག་ པར་སྨྲ་བས་གང་ལ་སངས་རྒྱས་ཀྱི་རིགས་སོ། ། ཆོས་ཀྱི་རིགས་སོ། ། དགེ་འདུན་གྱི་རིགས་སོ། ། སངས་རྒྱས་ཀྱི་སའོ། ། ཐོས་པའི་རིགས་སོ། ། ཐོས་པ་རྒྱ་མཚོ་ལྟ་བུའོ། ། ཐོས་པ་བསགས་པའོ། ། ཐོས་པའི་གཞིའོ། ། ཡོན་ཏན་བསགས་པའོ། ། བཟོད་པ་སྐྱེད་པའོ། ། བྱམས་པ་སྐྱེད་པའོ། ། སྙིང་རྗེ་ཐོབ་པའོ། །
BOབྱང་ཆུབ་སྐྱེད་པའི་ཆོས་སོ་ཞེས་སྨྲ་བ་དེ་དག་ནི་བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། ། ཡང་བཟང་སྐྱོང་ཡང་དག་པར་སྨྲ་བས་གང་ལ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མུན་པ་སེལ་བར་བྱེད་པའི་ཆོས་ སོ། ། སྣང་བ་ཆེན་པོ་བྱེད་པའི་ཆོས་སོ་ཞེས་སྨྲ་བ་དེ་དག་ནི་བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། ། ཡང་བཟང་སྐྱོང་ཡང་དག་པར་སྨྲ་བས་གང་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་ པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་སྐྱེད་པར་བྱེད་པའི་ཆོས་སོ་ཞེས་སྨྲ་བ་དེ་དག་ནི་བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། ། བཟང་སྐྱོང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འདི་ཉིད་ན་འདུག་བཞིན་དུ། འཇིག་རྟེན་ གྱི་ཁམས་གཞན་དག་གི་སངས་རྒྱས་ཀྱང་ལྟ། ཆོས་ཀྱང་ཉན། དགེ་འདུན་ཡང་ལྟ་བར་བྱེད་པའི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཇི་ཙམ་དུ་རྒྱ་ཆེ་བ་ལ་ལྟོས།
BOབཟང་སྐྱོང་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་ འཛིན་རིན་པོ་ཆེ་འདི་སྒྲུབ་པར་འདོད་པས། དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟུལ་བ་བརྟན་པར་བྱའོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟུལ་བ་བརྟན་པར་བྱ་ཞེ་ན། བཟང་སྐྱོང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བར་བྱ་སྟེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་པར་བརྟག་པར་ནི་མི་བྱའོ། ། ཚོར་བ་ལ་ཚོར་བའི་རྗེས་སུ་བལྟ་བར་བྱ་སྟེ། ཚོར་བ་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་པར་བརྟག་པར་ནི་མི་བྱའོ། ། སེམས་ལ་སེམས་ཀྱིས་རྗེས་སུ་བལྟ་བར་བྱ་སྟེ། སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་པར་བརྟག་པར་ནི་མི་བྱའོ། ། ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ་བར་བྱ་སྟེ། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་པར་བརྟག་པར་ནི་མི་བྱའོ། ། བཟང་སྐྱོང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་དང་།
BOཉན་ཐོས་ལུས་མངོན་སུམ་དུ་བྱེད་པ་རྣམས་མ་གཏོགས་པར་ཏིང་ངེ་འཛིན་འདི་ལ་སུ་ཞིག་མངོན་པར་དད་པར་འགྱུར། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་ དཔའི་ཏིང་ངེ་འཛིན་འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་འཁྲུལ་ཏོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཉིད་ཡིད་ལ་བྱ། ཆོས་དེ་དག་ཉིད་ལ་བལྟ་བར་བྱ། སངས་རྒྱས་བཅོམ་ལྡན་འདས་དག་ཀྱང་ཡིད་ལ་བྱ། དེ་བཞིན་གཤེགས་པ་རྣམས་ཀྱང་བལྟ་བར་བྱ། ཆོས་ཀྱང་ མཉན་པར་བྱ་སྟེ་མངོན་པར་ཞེན་པར་ནི་མི་བྱའོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ། རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། ཐོག་མ་ཉིད་ནས་ཉེ་བར་ཞི་བའོ། ། བཟང་སྐྱོང་ཆོས་འདི་དག་ཐམས་ཅད་ནི་དམིགས་པའི་དབང་དུ་གྱུར་པས་ དམིགས་སུ་མེད་པའོ། ། ཆོས་འདི་དག་ཐམས་ཅད་ནི་ཡིད་ལ་བྱ་བ་དེ་ཉིད་ཀྱིས་དབེན་པའོ། ། ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་དམིགས་སུ་མེད་པས་གཟུང་དུ་མེད་པའོ། ། ཆོས་འདི་དག་ཐམས་ཅད་ནི་ནམ་མཁའ་དང་འདྲ་བས་མི་ཆགས་པའོ། །
BOཆོས་འདི་དག་ཐམས་ཅད་ནི་བདག་ དང་སེམས་ཅན་གྱི་འདུ་ཤེས་དང་བྲལ་བའི་ཕྱིར་ཤིན་ཏུ་རྣམ་པར་དག་པའོ། ། ཆོས་འདི་དག་ཐམས་ཅད་ནི་རྒྱུའི་དབང་ལས་གྱུར་པས་ཉོན་མོངས་པ་མེད་པའོ། ། ཆོས་འདི་དག་ཐམས་ཅད་ནི་སྲོག་དང་གང་ཟག་མི་དམིགས་པའི་ཕྱིར་བགྲང་དུ་མེད་པའོ། ། ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་ འོད་གསལ་བས་མྱ་ངན་ལས་འདས་པ་དང་མཉམ་པའོ། ། ཆོས་འདི་དག་ཐམས་ཅད་ནི་དངོས་པོ་མི་དམིགས་པའི་ཕྱིར་ཉེ་བར་གྱུར་པའོ། ། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཏིང་ངེ་འཛིན་འདི་བསྒོམ་པར་འདོད་པར་གྱུར་ན། དེས་ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱང་མཐོང་ཞིང་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་སྒོམ་པར་བྱེད། ཆོས་ཀྱང་ཉན་ཅིང་ཆོས་ལ་ཆོས་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་སྒོམ་པར་བྱེད་ལ། བདག་ཀྱང་མི་དམིགས་ཤིང་ཆོས་ཀྱང་མི་སྙེམས་པ་དེ་ལྟར་མཚན་ མའི་རྣམ་པའི་འཇུག་པས་མཚན་མ་མེད་པའི་འཇུག་པ་ལ་འཇུག་པར་བྱའོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོའི་འདུ་ཤེས་ཅན་གྱིས་ནི་སངས་རྒྱས་མཐོང་བར་མི་འགྱུར་རོ། །
BOཆོས་ཀྱི་འདུ་ཤེས་ཅན་གྱིས་ཆོས་མཐོང་བར་མི་འགྱུར་རོ། ། རྣམ་པར་སྨིན་པ་ལ་རེ་བས་ནི་གཏོང་བ་ཕུན་སུམ་ཚོགས་པར་མི་ འགྱུར་རོ། ། བསྒོམ་པ་ལ་མངོན་པར་དགའ་བས་ནི་ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར་རོ། ། ཆོས་ལ་སེར་སྣ་བྱེད་པས་ནི་མང་དུ་ཐོས་པར་མི་འགྱུར་རོ། ། གང་ཟག་ལ་རྟེན་པས་ནི་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། ། བྲེ་མོ་གཏམ་ལ་མངོན་པར་དགའ་བས་ནི་དབེན་པ་མཐོང་ བར་མི་འགྱུར་རོ། ། གནས་ལ་དགའ་བས་ནི་འབྲས་བུ་ཐོབ་པར་མི་འགྱུར་རོ། ། རྗེས་སུ་ཆགས་པས་ནི་སྐྱོན་མཐོང་བར་མི་འགྱུར་རོ། ། གནོད་སེམས་ལ་མངོན་པར་དགའ་བས་ནི་བཟོད་པ་དང་ངེས་པར་མི་འགྱུར་རོ། ། སྡང་ཞིང་ཞེ་འགྲས་པས་ནི་ཕན་ཡོན་མཐོང་བར་མི་འགྱུར་རོ། ། ཉན་ ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་གང་གི་ཕྱིར་བཟོད་པ་ཐོབ་པར་འགྱུར་བའི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་མངོན་སུམ་དུ་མི་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ལ་ནི་སེར་སྣ་མི་འབྱུང་ངོ་། ། དམིགས་པ་ ཅན་གྱི་སྟོང་པ་ཉིད་སྒོམ་པར་མི་འགྱུར་རོ། ། ལེ་ལོ་ཅན་ནི་མངོན་པར་རྟོགས་པ་ཐོབ་པར་མི་འགྱུར་རོ། །
BOའདོད་པ་ལ་སྟེན་པ་ནི་ཞི་གནས་སུ་མི་འགྱུར་རོ། ། རྟེན་པ་ནི་བསྒོམ་པ་འགྲུབ་པར་མི་འགྱུར་རོ། ། བཟང་སྐྱོང་དེ་བས་ན་ཏིང་ངེ་འཛིན་འདི་ཅི་ནས་ཀྱང་ནུབ་པར་མི་འགྱུར་བར། ལྷ་དང་བཅས་ པའི་འཇིག་རྟེན་ལ་གཏད་དོ། ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་ཁྲག་ཁྲིག་ཕྲག་{བཅྭ་,བཅོ་}བརྒྱད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། སྲོག་ཆགས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་ པའི་སྐྱེ་དགུ་བརྒྱད་སྟོང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་སེམས་རྣམ་པར་གྲོལ་བར་གྱུར་ནས། གང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་དེ་དག་མིང་ཐ་དད་ཀྱིས་ ཀྱང་ཚེའི་ཚད་གཅིག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། བཟང་སྐྱོང་ཡང་གང་གིས་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ང་ལ་མཉེས་པར་བྱས་པ་ལྟ་ཅི་སྨོས།
BOགང་གིས་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གྲོགས་ པོར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། བཟང་སྐྱོང་ཆོས་འདི་བཤད་པའི་ཚེ་སེམས་ཅན་ཚད་མེད་པ་རྣམས་ཀྱང་ཡེ་ཤེས་མཐོང་བ་སྐྱེས་སོ། ། དགེ་སློང་བརྒྱད་བརྒྱ་ཡང་ལེན་པ་མེད་ པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གང་དག་ཏིང་འཛིན་འདི་ནི་འཛིན་གྱུར་པ། ། དེ་དག་ཤེས་རབ་ཚད་ནི་{ཆུང་ཟད་,ཅུང་ཟད་}མེད། ། ཚུལ་ཁྲིམས་ཚད་དང་རྡུལ་དང་དྲི་མ་མེད། ། ཚུལ་ཁྲིམས་རྣམ་དག་སེམས་ ཀྱང་ཡོངས་སུ་དག ། གང་དག་ཏིང་འཛིན་འདི་ནི་འཛིན་གྱུར་པ། ། དེ་དག་ཤེས་རབ་ནམས་ཀྱང་ཉམས་པ་མེད། ། ཏིང་འཛིན་ཐོས་ནས་ནམས་ཀྱང་ཉམས་པ་མེད། ། ཟླ་བ་བཞིན་དུ་ཡོན་ཏན་ཐམས་ཅད་སྟོན། ། གང་དག་ཏིང་འཛིན་འདི་ནི་འཛིན་གྱུར་པ། ། དེས་ནི་སངས་རྒྱས་བསམ་མི་ཁྱབ་པ་བསྟོད། ། དེས་ནི་ཆོས་ཀྱང་བསམ་མི་ཁྱབ་པ་མཐོང་། ། དེ་ལ་བསམ་མི་ཁྱབ་པའི་ལྷ་རྣམས་བསྲུང་། ། སྔོན་གྱི་སངས་རྒྱས་བསམ་གྱིས་མི་ཁྱབ་བྱུང་། །
BOདེས་ནི་བསམ་གྱིས་མི་ཁྱབ་ཆོས་བཤད་པ། ། གང་ཞིག་ཏིང་འཛིན་འདི་ནི་འཛིན་གྱུར་པ། ། དེས་ནི་ཐམས་ཅད་མཐོང་ཞིང་བསྙེན་བཀུར་བྱས། ། གང་ཞིག་ཏིང་ འཛིན་འདི་ནི་འཛིན་གྱུར་པ། ། རྒྱལ་བ་གང་དག་སྡུག་བསྔལ་ཀུན་སྒྲོལ་བ། ། འཇིག་རྟེན་དོན་དུ་བྱུང་སྟེ་བཞུགས་པ་ཡི། ། རྒྱལ་བ་དེ་དག་དེ་ཡིས་གུས་བྱས་འགྱུར། ། མ་བྱོན་སངས་རྒྱས་མང་པོ་བསམ་མི་ཁྱབ། ། དང་བའི་སེམས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར། ། བྱང་ཆུབ་སེམས་དཔའ་གང་ ཞིག་ལྟ་འདོད་པས། ། ཏིང་ངེ་འཛིན་མཆོག་འདི་ནི་གཟུང་བར་བྱོས། ། གང་ཞིག་ཏིང་འཛིན་འདི་ནི་འཛིན་འགྱུར་བ། ། མི་དེ་དག་ནི་རྙེད་པ་བསམ་མི་ཁྱབ། ། དེ་དག་མི་ཡི་འཇིག་རྟེན་ལེགས་པར་འོངས། ། རབ་བྱུང་ལེགས་སྤྱད་བསོད་སྙོམས་ལེགས་པར་ཟོས། ། ཕྱི་མའི་དུས་ན་ཏིང་ འཛིན་མཆོག་འདི་ནི། ། གང་གི་ལག་ཏུ་གནས་པར་གྱུར་པ་དེ། ། རྙེད་པ་དམ་པ་ཤིན་ཏུ་ལེགས་པར་རྙེད། ། དེས་ནི་བསམ་གྱིས་མི་ཁྱབ་ཆོས་ཀྱང་བཟུང་། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅོ་ལྔ་པའོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བཟང་སྐྱོང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས།
BOཔུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་སང་ དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་བཤོས་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་ཅང་མི་གསུང་བས་གནང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་ཤེས་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་སྟེ། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། དགེ་སློང་མ་སྐྱེ་དགུའི་ བདག་མོ་ཆེན་མོ་གོ་ཏ་མཱིའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། །
BOའཕགས་མ་ ཐུགས་བརྩེ་བའི་སླད་དུ་སང་དགེ་སློང་མའི་དགེ་འདུན་དང་། ཐབས་གཅིག་བདག་གི་བཤོས་གསོལ་བར་ཅི་གནང་། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྙིང་བརྩེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་ཅང་མི་སྨྲ་བས་གནང་ངོ་། ། དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽའུ་ཏ་མཱིས་ཅང་མི་སྨྲ་བས་གནང་བར་རིག་ནས། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་སོང་ངོ་། ། སོང་ནས་ཀྱང་ལིང་ ཙ་བཱི་གཞོན་ནུ་རིན་ཆེན་འབྱུང་གནས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ལིང་ཙ་བཱི་གཞོན་ནུ་རིན་ཆེན་འབྱུང་གནས་ལ་འདི་སྐད་ཅེས་སྨྲས་སོ། ། ཉེ་དུ་བོ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་འདིར་རྒྱལ་པོའི་ཁབ་འདིའམ། ལྗོངས་ཀྱི་ཕྱོགས་གཞན་དག་ནས་དགེ་བསྙེན་ཇི་སྙེད་ཅིག་ འདུས་ལ་ཐམས་ཅད་འཁོར་དང་བཅས་ཏེ། ཁོ་བོའི་ཚིག་གིས་སང་གི་གདུགས་ཚོད་ལ་མགྲོན་དུ་བོས་ཤིག །
BOདེ་ནས་ལིང་ཙ་བཱི་གཞོན་ནུ་རིན་ཆེན་འབྱུང་གནས་ཀྱི་འཁོར་དེར་དགེ་བསྙེན་ཇི་སྙེད་ཅིག་འདུས་པ་དེ་དག་ཐམས་ཅད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་ཁྱེད་ ཅག་འཁོར་དང་བཅས་པར་སང་མགྲོན་དུ་བོས་སོ་ཞེས་བསྒོའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། ལིང་ཙ་བཱི་གཞོན་ནུ་རིན་ཆེན་འབྱུང་གནས་དང་། ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྲམ་ཟེ་འདམ་བུས་བྱིན་དང་། ཁྱིམ་ བདག་ཆུ་ལྷ་དང་། ཁྱིམ་བདག་དབང་པོས་བྱིན་དང་། ཁྱིམ་བདག་གཞན་དག་ཀྱང་རང་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། དགེ་སློང་གི་དགེ་འདུན་གྱི་ཞབས་ལ་ཡང་མགོ་བོས་ ཕྱག་འཚལ་ཏེ། འོད་མའི་ཚལ་ནས་བྱུང་ནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། བཟང་སྐྱོང་གི་ཁྱིམ་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། དེ་ཉིད་ཀྱི་ནུབ་མོ་དེ་དག་ཐམས་ཅད་དང་ཐ་ན་སློང་བ་རྣམས་ཀྱི་ཕྱིར་ཡང་བཅའ་བར་བྱ་བ་དང་། བཟའ་བར་བྱ་བ་དང་། མྱང་བར་བྱ་བ་དང་། བལྡག་ པར་བྱ་བ་བསོད་པ་མང་དུ་སྦྱར་རོ། །
BOཟས་རོ་བརྒྱ་པ་ཡང་བཤམས་ཤིང་གཡོས་སོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་པ་རླབས་པོ་ཆེ་དང་། བརྙས་པ་མེད་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་ཞུགས་པ་ཡིན་ནོ། ། དེ་ ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་མཚམས་{བཟངས་,བཟང་}དང་། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་མི་མང་པོ་ཡང་སྤྲུལ་ཏེ། སྐྱོ་བ་སྐྱེ་བའི་ཚུལ་དུ་ཁྱིམ་བདག་དེ་རྣམས་ལ་བྱང་ཆུབ་ཀྱི་ཕན་གདགས་པ་དང་། ཡོངས་སུ་སྨིན་པར་བྱ་ བའི་ཕྱིར་བརྩོན་པར་བྱེད་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། ལིང་ཙ་བཱི་གཞོན་ནུ་རིན་ཆེན་འབྱུང་གནས་དེ་དག་དང་། ཁྱིམ་བདག་གཞན་དག་ཀྱང་རང་རང་གི་གཉེན་རྣམས་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་དང་ལྡན་པར་ཕྱག་དར་བྱ་བ་རྣམས་ཀྱང་ ཕྱག་དར་ལེགས་པར་བྱས། དར་གྱི་ལྡ་ལྡི་ནི་བྲེས། སྤོས་ཀྱི་སྣོད་ཀྱིས་ནི་བདུགས། མེ་ཏོག་གི་སིལ་མས་ནི་འཐོར་དུ་བཙུད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་རང་གི་གཉེན་དང་བཅས་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའང་བརྒྱན།
BOརོ་བརྒྱ་དང་ལྡན་པའི་ བཤོས་ཀྱང་སྦྱར་ཏེ། དེའི་མཚན་མོ་འདས་ནས་གཉེན་རྣམས་ཀྱིས་བསྐོར་ཅིང་མདུན་དུ་བདར་ཏེ་ལྷན་ཅིག་ཏུ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཙུན་པ་བཅོམ་ལྡན་འདས་བཤོས་ཀྱི་དུས་ལ་བབ་པོ། ། བཙུན་པ་བཅོམ་ལྡན་འདས་བཤོས་ཀྱི་ཚོད་ལ་བབ་པོ། ། བཤོས་ནི་སྦྱར་ལགས་ཏེ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ། ཞེས་གདུགས་ཚོད་ལ་བབ་པར་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ ཆོས་གོས་དང་ཤམ་ཐབས་བནབས། ལྷུང་བཟེད་བསྣམས་ནས། དགེ་སློང་གི་དགེ་འདུན་དང་ཐབས་ཅིག ། དགེ་སློང་མའི་དགེ་འདུན་དང་ཐབས་ཅིག ། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་དང་ཡང་ཐབས་ཅིག་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བཟང་སྐྱོང་གི་ཁྱིམ་ག་ལ་བ་དེར་གཤེགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་མཛད་པ་མངོན་པར་མཛད་པས།
BOབདག་གི་ཁྱིམ་འདི་ཡངས་ཤིང་རྒྱ་ཆེ་ ལ་བཻ་དཱུརྱ་སྔོན་པོ་ལྟ་བུར་གྱུར་ཏེ། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་མཐོང་ཞིང་འཁོར་མང་པོ་འདི་དག་ཀྱང་། བག་ཡངས་སུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་མཛད་པ་མངོན་པར་མཛད་ན་ལེགས་སོ་སྙམ་དུ་བསམས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེའི་སེམས་ཀྱི་རྟོག་པ་མཁྱེན་ནས། ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་མཛད་པ་མངོན་པར་མཛད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གི་ཁྱིམ་དེ་ཡངས་ཤིང་རྒྱ་ཆེ་ལ་བཻ་དཱུརྱ་སྔོན་པོ་ལྟ་བུར་གྱུར་ཏེ། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་ཅི་ནས་ ཀྱང་མཐོང་ཞིང་འཁོར་དེ་དག་ཐམས་ཅད་ཀྱང་། བག་ཡངས་སུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་དུ་མཛད་པ་མངོན་པར་མཛད་དོ། ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གི་ཁྱིམ་དུ་གཤེགས་སོ། ། གཤེགས་ནས་ཀྱང་དགེ་སློང་དང་། དགེ་ སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་དང་། ཐབས་ཅིག་ཏུ་གདན་བཤམས་པ་ལ་བཞུགས་སོ། །
BOདེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། ལིང་ཙ་བཱི་གཞོན་ནུ་རིན་ཆེན་འབྱུང་གནས་དང་། ཁྱིམ་བདག་དེད་དཔོན་ཆེ་{བཟངས་,བཟང་}དང་ ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྲམ་ཟེ་འདམ་བུས་བྱིན་དང་། ཁྱིམ་བདག་དབང་པོས་བྱིན་དང་། ཁྱིམ་བདག་ཆུ་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་བཞུགས་པར་རིག ། དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་ ཀྱང་འཁོད་པར་རིག་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་ལ་རང་གི་ལག་གིས་བཅའ་བར་བྱ་བ་དང་། བཟའ་བར་བྱ་བ་དང་། མྱང་བར་བྱ་བ་དང་། རོ་སྣ་བརྒྱ་དང་ལྡན་པའི་ཟས་བསོད་ པ་མང་པོས་ཚིམ་པར་བྱས་སོ། ། བསྟབས་སོ། ། རང་གི་ལག་གིས་བཟའ་བར་བྱ་བ་དང་། བཅའ་བར་བྱ་བ་དང་། མྱང་བར་བྱ་བ་དང་། རོ་སྣ་བརྒྱ་དང་ལྡན་པའི་ཟས་བསོད་པ་མང་པོས་ཚིམ་པར་བྱས་ཤིང་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཕྱག་བཅབས། ལྷུང་བཟེད་གྱུར་ པར་རིག་པ་དང་། ཅི་རིགས་པའི་སྟན་ཞིག་བླངས་ནས། བཅོམ་ལྡན་འདས་ལ་མདུན་གྱིས་བལྟས་ཏེ།
BOབཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། ལིད་ཙ་བཱི་གཞོན་ནུ་རིན་ཆེན་འབྱུང་ གནས་དང་། ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྲམ་ཟེ་འདམ་བུས་བྱིན་དང་། ཁྱིམ་བདག་དབང་པོས་བྱིན་དང་། ཁྱིམ་བདག་ཆུ་ལྷ་རྣམས་དང་འཁོར་བཞི་པོ་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད་དོ། ། ཡང་དག་པར་འཛིན་ དུ་བཅུག་གོ། ། ཡང་དག་པར་གཟེངས་བསྟོད་དོ། ། ཡང་དག་པར་མགུ་བར་མཛད་དོ། ། ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད། ཡང་དག་པར་འཛིན་ཏུ་བཅུག ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་མགུ་བར་མཛད་ནས་བཞེངས་ཏེ། དགེ་སློང་གི་དགེ་འདུན་ དང་ཐབས་ཅིག་ཏུ་སླར་གཤེགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ཟས་ཀྱི་བྱ་བ་བྱས་ནས་རང་གི་མཛའ་བོ་དང་། གཉེན་དང་། སྣག་གི་གཉེན་མཚམས་རྣམས་དང་། ལྷན་ཅིག་ཏུ་སྲོག་ཆགས་འབུམ་དུ་ཚང་བས་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།
BOལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། དེད་དཔོན་ཆེ་ བཟང་དང་། ཕུག་སྦས་དང་། འདམ་བུས་བྱིན་དང་། མཚམས་{བཟངས་,བཟང་}དང་། དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་རྣམས་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ ཏུ་འཁོད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་འཁོར་ཐམས་ཅད་འཁོད་པར་རིག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་ རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར། རྣ་བླགས་ཏེ་ཉན་པ་དང་། སེམས་མི་གཡེང་བའི་སླད་དུ་ཀུན་ཏུ་འཛིན་པ་དང་མི་བསྐྱུད་པར་འགྱུར། ཀུན་ཏུ་བཟུང་ནས་ཀྱང་འཐོབ་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ཆོས་ལྔ་དང་ལྡན་ན།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་རོ། ། རྣ་བླགས་ཏེ་ ཉན་པ་དང་། སེམས་མི་གཡེང་བའི་ཕྱིར་ཀུན་ཏུ་འཛིན་པ་དང་། མི་བརྗེད་པར་འགྱུར་བ། ཀུན་ཏུ་བཟུང་ནས་ཀྱང་འཐོབ་པར་འགྱུར་རོ། ། བཟང་སྐྱོང་ལྔ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པ་ཡིན་ཏེ། ཟད་མི་ཤེས་པ་ཟད་ པ་དང་བྲལ་བ། མི་ཟད་པ་རྣམ་པར་མི་ཟད་པ། རྙོག་པ་མེད་པ་རྙོག་པ་ལས་ཡང་དག་པར་འདས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ། རྡུལ་མེད་པ་རྡུལ་དང་བྲལ་བ། རྡུལ་ལས་འདས་པ། རྡུལ་ཐམས་ཅད་དང་བྲལ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ་སྟེ། བཟང་སྐྱོང་ཆོས་དང་པོ་ འདི་དང་ལྡན་ན། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་ཐམས་ཅད་ལ་སྨོད་ཅིང་། བྱང་ཆུབ་ལ་རྟེན་པ་མ་གཏོགས་པར་ སྐྱེ་བའི་གནས་ཐམས་ཅད་མི་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ལ་བལྟ་བར་འདོད་ཅིང་།
BOམུ་སྟེགས་ཅན་གྱི་སྐྱེ་མཆེད་ཐམས་ཅད་དང་། མུ་སྟེགས་ཅན་གྱི་སྔགས་ཐམས་ཅད་ལ་མི་རྟེན་པ་དང་། འདོད་པའི་ལོངས་སྤྱོད་མི་འདོད་པ་དང་། ཚངས་པར་སྤྱོད་པ་ལ་མངོན་པར་དགའ་ བ་སྟེ་འཁྲིག་པའི་ཆོས་སྤངས་ནས་དེ་རྟོག་པ་ཙམ་གྱིས་ཀྱང་འདོད་པ་ལ་མི་རྟེན་ན་དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས་ཏེ། བཟང་སྐྱོང་ཆོས་གཉིས་པ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་ཚད་མེད་པ་རྣམས་བསྒོམས་ཤིང་། སེམས་ཤིན་ཏུ་ལེགས་པར་བསྡུས་ལ་གནོད་པ་མེད་པའི་སེམས་སུ་གྱུར་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་གྱུར་ཅིང་སེམས་ཅན་ཐམས་ཅད་ལ་བསྡུ་བའི་དངོས་པོ་བཞིས་སྡུད་པ་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པ་སྟེ་དེ་བཞིའོ། ། བཟང་སྐྱོང་ཆོས་གསུམ་པོ་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཆེན་པོ་དང་ ལྡན་པར་གྱུར་པ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་།
BOབཏང་སྙོམས་ཆེན་པོ་ལ་སྤྱོད་པ་ཡིན་ཏེ། དེ་དགེ་སློང་ངམ། དགེ་སློང་མ་ལྟུང་བ་བྱུང་བ་མི་གླེང་ཞིང་དང་དུ་ལེན་པའི་རང་བཞིན་ཅན་ཡིན་པས་བཟོད་པ་ཡིན། དེ་མཁན་པོ་དང་སློབ་དཔོན་ལ་གུས་པ་དང་བཅས། ཞེ་ས་དང་ བཅས་ཤིང་སྟོན་པར་འདུ་ཤེས་པ་ཡིན། བདག་ཀྱང་བདག་ཏུ་སྨྲ་བ་མ་ཡིན། སེམས་ཅན་དུ་སྨྲ་བ་མ་ཡིན། སྲོག་ཏུ་སྨྲ་བ་མ་ཡིན། གང་ཟག་ཏུ་སྨྲ་བ་མ་ཡིན། གསོ་བར་སྨྲ་བ་མ་ཡིན། སྐྱེས་བུར་སྨྲ་བ་མ་ཡིན། ཤེད་ཅན་ལས་སྐྱེས་སུ་སྨྲ་བ་མ་ཡིན། ཤེད་བུར་སྨྲ་བ་མ་ཡིན་ཞིང་གཞན་དག་ ཀྱང་ཆོས་འདི་ལ་སྐུལ་བ་སྟེ། བཟང་སྐྱོང་ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ནན་ཏན་བྱེད་པ་ཡིན། ལུས་ཀྱི་སྤྱོད་ པ་ཡོངས་སུ་དག་པ་དང་། ངག་གི་སྤྱོད་པ་ཡོངས་སུ་དག་པ་དང་། ཡིད་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། འཚོ་བ་ཡོངས་སུ་དག་ཅིང་མང་དུ་ཐོས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཐབས་ཅིག་ཏུ་དགོངས་པའི་ཚིག་ལ་མཁས་པ་ཡིན་ཏེ།
BOབཟང་སྐྱོང་ ཆོས་ལྔ་པོ་འདི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་ཆོས་ལྔ་པོ་དེ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ གཞན་ལྔ་དང་ལྡན་ན་ཏིང་ངེ་འཛིན་འདི་འཐོབ་སྟེ། ལྔ་གང་ཞེ་ན། བཟང་སྐྱོང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་བདག་པོ་སྦྱིན་པ་བྱེད་པ་ཡིན་ཏེ། སེམས་ལ་བསྲི་བ་མེད་པ། འཇུངས་པ་མེད་པ། ལྷུག་པར་གཏོང་བ། ལག་པ་བརྐྱང་བ། སྦྱིན་པ་བགེང་བར་དགའ་ བ། རྣམ་པར་སྨིན་པ་ལ་རེ་བ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ། སེམས་ཅན་རྣམས་ལ་སྙིང་བརྩེ་བ། འགྱོད་པ་དང་བྲལ་བ། སྦྱིན་པ་བྱིན་ནས་འགྱོད་པར་མི་བྱེད་པ་ཡིན་ཏེ། བཟང་སྐྱོང་ཆོས་དང་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་ རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐ་ན་ཐོས་པ་ཙམ་ཡང་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་བདག་པོ་སྦྱིན་པ་བྱེད་པ་ཡིན་ཏེ།
BOའདི་ལྟར་བླ་ན་མེད་པའི་ཆོས་སྦྱིན་པར་བྱེད་པ། ཤིན་ཏུ་ངེས་པར་གསུངས་པའི་ཚིག་དང་། ཡི་གེ་དང་། ཐོགས་པ་མེད་པའི་ཚིག་དང་། ཡི་གེ་དང་། འཆབ་པ་མེད་པའི་ངེས་པའི་ཚིག་དང་། ཟབ་མོ་དོན་དམ་པའི་ཚུལ་བསྟན་པ་དེ་བཞིན་གཤེགས་པས་གསུངས་པའི་བླ་ན་མེད་པའི་ཆོས་ཀྱི་སྦྱིན་པ་གཏོང་ཞིང་དེ་ལ་གནས་པར་གྱུར་པ་བཟོད་པ་ཕུན་སུམ་ཚོགས་པ་དང་། དེས་པ་ཕུན་ སུམ་ཚོགས་པར་གྱུར་པ་དང་། དེ་གཞན་གྱིས་ཁ་བྱས་ཤིང་སྤྱོས་ཀྱང་མི་ཁྲོ། མི་གཤེ། གནོད་པར་མི་བྱེད། རྨོངས་པར་མི་བྱེད། ཡི་ཆད་པར་མི་འགྱུར། ཁྲོ་བ་མང་བར་མི་འགྱུར་ཞིང་། འཇིགས་པ་མེད་པ་ཡིན་ཏེ། བཟང་སྐྱོང་ཆོས་གཉིས་པ་འདི་དང་ལྡན་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོས་ནས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། རྒྱས་པར་བྱེད་པར་བྱ་བའི་ཕྱིར་གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་ པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱ། གླེགས་བམ་དུའང་བྲིས་ཏེ་བཅང་བར་བྱ་ཞིང་ཆོས་ལ་འཇུངས་པ་མེད་པར་བྱ་སྟེ།
BOབཟང་སྐྱོང་ཆོས་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཕྲག་དོག་མེད་པ། གདུང་བ་མེད་པ། རྨུགས་པ་དང་གཉིད་དང་བྲལ་བ། སྒྲིབ་པ་རྣམས་དང་བྲལ་བ། བདག་ལ་མི་སྟོད་པ། གཞན་ལ་མི་སྨོད་པ་ཡིན་ཏེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པ་དང་ལྡན་པ་དང་། དང་བ་མང་བ་ཡིན། རྒན་པ་དང་། བར་མ་དང་། གཞོན་པ་རྣམས་ལ་གུས་པ་དང་བཅས། རྫེས་དང་བཅས་པ་ཡིན། བྱས་པ་ཤེས་པ་དང་བྱས་པ་ གཟོ་བ་ཡིན། དེ་བྱས་པ་{ཆུང་ཟད་,ཅུང་ཟད་}ལའང་དྲིན་དུ་གཟོན་མང་པོ་ལྟ་ལ་ཅི་སྨོས། བདེན་པའི་ཚིག་ལ་གནས་ཤིང་གཞན་དུ་མི་སྨྲ་བ་ཡིན་ཏེ། བཟང་སྐྱོང་ཆོས་དེ་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་ སུ་བཅད་པ་འདི་དག་གསུངས་སོ། ། ཟབ་མོའི་ཆོས་ལ་བཟོད་པ་སྐྱེད་བྱེད་ཅིང་། ། འགྲོ་བ་ཐམས་ཅད་ལ་ནི་སྨོད་བྱེད་པ། །
BOའགྲོ་བ་དྲུག་པོ་ཀུན་ཀྱང་མི་འདོད་པ། ། དེ་འདྲ་དེས་ནི་ཏིང་འཛིན་མྱུར་དུ་འཐོབ། ། ཕས་ཀྱི་རྒོལ་བ་ཀུན་ལ་མི་རྟེན་ཅིང་། ། གསང་ཚིག་ཉན་པར་མི་བྱེད་ག་ལ་འཛིན། ། འདོད་པའི་ཡོན་ཏན་ལྔས་ནི་སྐྱོ་བར་གྱུར། ། དེ་འདྲ་དེས་ནི་ཏིང་འཛིན་མྱུར་དུ་ཐོབ། ། ཚུལ་ཁྲིམས་རྣམ་དག་ཚངས་པར་སྤྱོད་གནས་ཏེ། ། བུད་མེད་ལ་ནི་ནམས་ཀྱང་རྟོག་མི་སྐྱེད། ། འདོད་ཆགས་སྤངས་ཤིང་བདེ་གཤེགས་སྲས་གྱུར་པ། ། དེ་འདྲ་དེས་ནི་ཏིང་འཛིན་མྱུར་དུ་ཐོབ། ། རྣམ་སྨིན་མི་ རེ་བར་ནི་སྦྱིན་པ་སྦྱིན། ། རྟེན་པ་མེད་པར་བྱིན་ནས་མི་གདུང་ཞིང་། ། སངས་རྒྱས་ཡེ་ཤེས་རེག་བྱ་མ་གཏོགས་པར། ། སྦྱིན་པ་སྦྱིན་ནས་སྨོན་པ་{ཆུང་ཟད་,ཅུང་ཟད་}མེད། ། སེམས་ཅན་སྙིང་བརྩེའི་ཕྱིར་ནི་སྦྱིན་བྱིན་ནས། ། མྱ་ངན་བྱེད་པ་མེད་ཅིང་འགྱོད་པ་མེད། ། སྦྱིན་དང་དུལ་དང་བསྡམས་ལ་ རྟག་ཏུ་གནས། ། དེ་འདྲ་དེས་ནི་ཏིང་འཛིན་འདི་རྙེད་འགྱུར། ། གང་ཞིག་འཇུངས་མེད་སྦྱིན་བདག་སྦྱིན་བྱེད་པ། ། གྱ་ནོམ་པ་དང་ཡིད་འོང་སྦྱིན་པ་བྱིན། ། བྱིན་ནས་དེ་ནི་ཡིད་ཀྱང་དགའ་བར་འགྱུར། ། དེ་འདྲ་དེས་ནི་ཏིང་འཛིན་འདི་རྙེད་འགྱུར། ། བདེ་གཤེགས་གསུངས་པ་ཟབ་ཅིང་ཞི་བ་ ཡི། །
BOགྱ་ནོམ་མདོ་སྡེ་དག་ནི་འཆང་བྱེད་ཅིང་། ། གང་དག་ཆོས་ཀྱི་སྦྱིན་བདག་གྱུར་པ་ནི། ། དེ་འདྲ་དེས་ནི་ཏིང་འཛིན་འདི་རྙེད་འགྱུར། ། ཆོས་ལ་རྟག་ཏུ་གནས་པར་གྱུར་བྱས་ནས། ། བཟོད་དང་དེས་ལ་གནས་ཤིང་ཕྲག་དོག་མེད། ། གཞན་དག་འཁྲོས་ན་ཁྲོ་བར་མི་བྱེད་པ། ། དེ་འདྲ་དེས་ནི་ ཏིང་འཛིན་འདི་རྙེད་འགྱུར། ། གང་དག་ལ་ལ་ཏིང་འཛིན་འདི་འདོད་ཅིང་། ། ཆོས་འདི་རིང་དུ་གནས་པར་བྱ་བའི་ཕྱིར། ། གཞན་ལའང་སྟོན་ཅིང་བྲིས་ནས་འཇོག་བྱེད་པ། ། དེ་འདྲ་དེས་ནི་ཏིང་འཛིན་འདི་རྙེད་འགྱུར། ། ནམས་ཀྱང་ཆོས་ལ་འཇུངས་པར་མི་འགྱུར་ཞིང་། ། བདེ་གཤེགས་ སྲས་འགྱུར་ཕྱིར་ནི་མ་གཏོགས་པར། ། རྙེད་དང་བཀུར་སྟིའི་ཕྱིར་ནི་མི་འཆད་པ། ། དེ་འདྲ་དེས་ནི་ཆོས་འདི་རྙེད་པར་འགྱུར། ། ཕྲག་དོག་མེད་ཅིང་སྒྲིབ་པ་རྣམ་པར་སྤངས། ། གཉིད་དང་བྲལ་ལ་ཀུན་ཏུ་གདུང་བ་མེད། ། བདག་ལ་མི་སྟོད་གཞན་ལ་མི་སྨོད་པ། ། དེས་ནི་བདག་མེད་འདུ་ ཤེས་རྙེད་མི་དཀའ། ། དད་དང་ལྡན་ལ་སྒྱུ་མེད་གཡོ་མེད་ཅིང་། ། སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་དད། ། དེས་ནི་བྱས་པ་ཤེས་ཤིང་བྱས་པ་སྲུང་། ། དེས་ནི་ཅུང་ཟད་ཙམ་ཡང་རྙེད་མི་དཀའ། །
BOརྟག་ཏུ་བདེན་པའི་ཚིག་ནི་སྨྲ་བྱེད་ཅིང་། ། ཆུང་ངམ་ཉུང་ངམ་མང་ངམ་བཟང་ཡང་ རུང་། ། ནམས་ཀྱང་ལེགས་སྤྱད་ཆུད་མི་གསོན་པ་ཡི། ། ཆོས་འདོད་དེ་ནི་རྙེད་པར་དཀའ་མི་འགྱུར། ། ཚུལ་ཁྲིམས་རྣམ་དག་བྱས་པ་བསྲུང་བ་ཡི། ། མི་གང་ལ་ལ་ཆོས་འདི་འཆང་བྱེད་པ། ། དེས་ནི་བྱང་ཆུབ་རྙེད་པར་མི་དཀའ་ན། ། ཏིང་འཛིན་ཞི་བ་འདི་ལྟ་སྨོས་ཅི་དགོས། ། བཟང་ སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་དྲུག་པའོ། ། ། ། བཟང་སྐྱོང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་དེ་བཞིན་གཤེགས་པ་མར་མར་མེ་མཛད་མཐོང་མ་ཐག་ཏུ། དེ་ལས་ངས་ཏིང་ངེ་འཛིན་འདི་འཐོབ་པོ། ། ངས་ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ། དེའི་མོད་ལ་ངས་ ཚད་མེད་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས། ངའི་མིག་ལམ་དུ་སྣང་བར་གྱུར། དམ་པའི་ཆོས་འཆད་པ་ཡང་ཐོས་ཤིང་དེ་ཐམས་ཅད་ཀྱང་ཇི་སྐད་དུ་ཐོས་པ་བཞིན་དུ་འཛིན་པར་གྱུར་ཏོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
BOསྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་ རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། ། བཟང་སྐྱོང་དེ་བས་ན་ཁྱེད་ཀྱིས་འཕགས་པ་བྱིས་པ་རྣམས་སྤངས་པ་མཚན་མ་ཐམས་ཅད་དང་བྲལ་བའི་ཆོས་འདི་ལ་བསླབ་པར་བྱའོ། ། དེས་ན་ཁྱེད་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མི་དཀའ་བར་རྙེད་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སངས་རྒྱས་མར་མེ་མཛད་མཐོང་ནས། ། ངས་ནི་ཏིང་ངེ་འཛིན་ཀྱང་བསྒོམ། ། སངས་རྒྱས་མང་པོ་མཐོང་ནས་ཀྱང་། ། མཆོག་གི་ཆོས་ཀྱང་ཐོབ་པར་གྱུར། ། ཇི་ལྟར་བསོད་ནམས་བྱས་པ་དག ། བསམ་པ་བཟང་པོ་འགྲུབ་པ་བཞིན། ། ཁྱེད་ཀྱང་ཆོས་ལ་སྤྱོད་ཅིག་དང་། ། བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། ། སངས་རྒྱས་བྱེ་བ་བསམ་མི་ཁྱབ། ། མཐའ་མེད་ཅིང་ནི་མུ་མེད་པ། ། བྱང་ཆུབ་ཞི་བ་ཚོལ་བྱེད་ཅིང་། ། གང་དག་ངས་ནི་སྔོན་བཀུར་ བ། ། བྱང་ཆུབ་དེ་ནི་ངས་རྙེད་དེ། ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ། གང་དག་བྱང་ཆུབ་བཞག་པ་ནི། ། སེམས་ཅན་བྱེ་བ་དུ་མའོ། ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། །
BOདྲི་ཟ་མིའམ་ཅི་ཡི་རྣམས། ། ཨེ་མའོ་སངས་རྒྱས་བསམ་ཡས་ཞེས། ། མཆོད་པས་ང་ལ་མཆོད་པ་བྱེད། ། མཁས་པའི་མི་ནི་གང་དག་ཀྱང་། ། སངས་རྒྱས་ཆོས་ལ་སྟེན་འདོད་པས། ། མང་དུ་ཐོས་པར་བྱ་བའི་ཕྱིར། ། འདུན་པ་ཉིད་ནི་བསྟན་པར་བྱ། ། སངས་རྒྱས་བྱེ་བ་ཕྲག་སུམ་ཅུ། ། ཤཱཀྱ་སེང་གེ་མི་ཡི་མཆོག ། བྱང་ཆུབ་ཞི་བ་ཚོལ་བྱེད་ཅིང་། ། གང་དག་ངས་ནི་སྔོན་བཀུར་བ། ། སངས་ རྒྱས་བསམ་ཡས་དེ་དག་གིས། ། དེར་ནི་ང་ལ་ལུང་མ་བསྟན། ། དམིགས་སུ་མེད་པའི་ཡེ་ཤེས་ལ། ། ང་ནི་གནས་པར་མ་གྱུར་ཏོ། ། སངས་རྒྱས་གཙོ་བོ་སྐྱོབ་པའི་རྣམས། ། དེ་བཞིན་བསྡུས་པར་ཤེས་པར་བྱ། ། བྱེ་བ་ཁྲག་ཁྲིག་དུ་མའི་རྣམས། ། གང་དག་ངས་ནི་སྔོན་བཀུར་བ། ། དེས་ནི་ང་ཡི་བསམ་མཁྱེན་ནས། ། དེ་བཞིན་གཤེགས་པས་ལུང་བསྟན་ཀྱང་། ། སངས་རྒྱས་ཡེ་ཤེས་བསམ་ཡས་ལ། ། ང་ནི་གནས་པར་མ་གྱུར་ཏོ། ། དེ་ཡི་ཕྱིར་ནི་དོན་དམ་ལ། ། བརྩོན་པ་བཟང་པོ་དག་ཀྱང་བྱོས། ། སངས་རྒྱས་བསམ་གྱིས་མི་ཁྱབ་པའི། ། ཡེ་ཤེས་ མཆོག་ལའང་བསླབ་པར་བྱོས། ། མདོ་སྡེ་འདི་ལ་བསླབ་བྱས་ནས། ། འཇིག་རྟེན་མགོན་པོའི་སྤྱོད་ཡུལ་ལ། ། བླ་ན་མེད་པའི་ཡེ་ཤེས་མཆོག ། བསམ་གྱིས་མི་ཁྱབ་རྟོགས་པར་འགྱུར། །
BOཨེ་མའོ་བླ་མེད་ཡེ་ཤེས་དང་། ། སངས་རྒྱས་ཡེ་ཤེས་བསམ་ཡས་ཤེས། ། བཟང་སྐྱོང་ སེམས་ནི་དགའ་མགུ་ཞིང་། ། གུས་པ་དང་ཡང་བཅས་པར་འགྱུར། ། མ་འོངས་དུས་ན་བདག་ཅག་ཀྱང་། ། ཆོས་འཛིན་ཕྱི་མར་འགྱུར་ཞེས་ཏེ། ། ལྔ་བརྒྱར་ཚང་བ་དེ་དག་ཀྱང་། ། སེམས་དགའ་གུས་དང་བཅས་པར་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ བཅུ་བདུན་པའོ། ། ། ། བམ་པོ་དྲུག་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ཇི་ལྟར་བསྒོམ་པར་ བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཏིང་ངེ་འཛིན་འདི་བསྒོམ་འདོད་པར་གྱུར་ན། དེས་གཟུགས་ལ་གནས་པར་མི་བྱའོ། ། ཚོར་བ་དང་། སེམས་དང་། ཆོས་ལ་གནས་པར་མི་བྱའོ། ། སྐྱེ་བ་ལ་གནས་པར་ མི་བྱའོ། ། ཆོས་ཐམས་ཅད་ལ་གནས་པར་མི་བྱའོ། ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གནས་པར་མི་བྱའོ། ། བྱམས་པ་ལ་གནས་པར་མི་བྱའོ། ། བཟང་སྐྱོང་དེ་ལ་ཏིང་ངེ་འཛིན་གང་ཞེ་ན།
BOགང་ཆོས་དེ་དག་ལ་ནན་ཏན་དུ་བྱེད་ཀྱི་ལོག་པའི་ནན་ཏན་དུ་བྱེད་པ་མ་ ཡིན་པའོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱི་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག་པ་དང་། ཚོར་བ་དང་། སེམས་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱི་ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་ རྟོག་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཏིང་ངེ་འཛིན་འདི་འཐོབ་བོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག ། ཚོར་བ་དང་། སེམས་ དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག་ན། ཆོས་ཐམས་ཅད་མི་དམིགས་པར་འགྱུར་རོ། ། ཆོས་ཐམས་ཅད་མི་དམིགས་པས་དེ་མི་རྟོག་རྣམ་པར་མི་རྟོག་གོ ། བཟང་སྐྱོང་གང་མི་རྟོག་རྣམ་པར་མི་རྟོག་པ་དེ་ནི། ཆོས་གང་ ཡང་མི་མཐོང་ངོ་། ། བཟང་སྐྱོང་གང་ལ་ཆོས་གང་ཡང་མི་མཐོང་བ་དེ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཤེས་བྱའོ། །
BOབཟང་སྐྱོང་གང་སྒྲིབ་པ་མེད་པའི་ཡེ་ཤེས་དེ་ནི་བཟང་སྐྱོང་ཏིང་ངེ་འཛིན་ཅེས་བྱའོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་དང་ལྡན་པ་དེ་ནི། སངས་རྒྱས་ཚད་ མེད་གྲངས་མེད་པ་རྣམས་མཐོང་ངོ་། ། དམ་པའི་ཆོས་ཀྱང་ཐོས་སོ། ། ཐོས་ནས་ཀྱང་ཀུན་ཆུབ་པར་བྱེད་དོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་གང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། ཐོགས་པ་མེད་པའི་ཡེ་ཤེས་ ཀྱང་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། གནས་ནས་ཀྱང་ཆོས་གང་ཡང་མི་མཐོང་ངོ་། ། མ་མཐོང་ནས་ཀྱང་མི་རྟོག་རྣམ་པར་མི་རྟོག་ཅིང་། དམུས་ལོང་ཡང་མ་ཡིན། འོན་པ་ཡང་མ་ཡིན་ནོ། ། དེ་བཞིན་དུ་ཚོར་བ་དང་། སེམས་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ་གནས་ནས་ཀྱང་། ཆོས་གང་ཡང་མི་མཐོང་ངོ་། ། མ་མཐོང་ནས་ཀྱང་མི་རྟེན་པར་འགྱུར། མི་རྟེན་ནས་ཀྱང་ལམ་སྒོམ་པར་བྱེད། ལམ་རྣམ་པར་བསྒོམས་པའི་ཕྱིར། དེ་ཆོས་རྣམས་ལ་ཐེ་ཙོམ་དུ་མི་འགྱུར། ཐེ་ཙོམ་མེད་པས་སངས་ རྒྱས་མཐོང་བར་འགྱུར་རོ། །
BOསངས་རྒྱས་མཐོང་ནས་ཀྱང་ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་རྣམ་པར་གྲོལ་བ་འབྱུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འདུ་ཤེས་འཇུག་ན། དེ་ཉིད་དེའི་དམིགས་པར་ལྟ་བར་འགྱུར་རོ། ། དེ་ཉིད་ཡོད་པར་ལྟ་བ་ དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བར་འགྱུར་རོ། ། དེ་ཉིད་ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བ་དང་། མཚན་མར་ལྟ་བ་དང་། དངོས་པོར་ལྟ་བ་དང་། རྒྱུར་ལྟ་བ་དང་། རྐྱེན་དུ་ལྟ་བ་དང་། དམིགས་པ་ འཛིན་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ། ཆོས་ཐམས་ཅད་ནི་མཚན་མ་མེད་པ། མི་གཟུང་བ། གཟུང་བ་མེད་པར་བྱང་ཆུབ་སེམས་དཔས་མཐོང་སྟེ། དེ་དག་ཆོས་ཐམས་ཅད་མི་དམིགས་སོ། ། རློམ་སེམས་སུ་མི་བྱེད་དོ། ། མི་ མཐོང་ངོ་། ། ཇི་ལྟར་མི་དམིགས་ཤིང་རློམ་སེམས་སུ་མི་བྱེད་ལ་མི་མཐོང་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ། དཔེར་ན་གཞན་མུ་སྟེགས་ཅན་ནམ། གཞན་མུ་སྟེགས་ཅན་གྱི་ཉན་ཐོས་བདག་ཏུ་འདུ་ཤེས་པ་ལ་གནས་པ། སེམས་ཅན་དང་། སྲོག་དང་།
BOགང་ཟག་ཏུ་འདུ་ཤེས་པ་ལ་གནས་པ་ ཆོས་ཐམས་ཅད་དུ་འདུ་ཤེས་པ་ལ་གནས་པ། ཆོས་རྣམས་ལ་དམིགས་ཤིང་། རློམ་སེམས་སུ་བྱེད་པ། མཐོང་བར་བྱེད་པ་དེ་ལྟར་བཟང་སྐྱོང་བྱང་ཆུབ་སེམས་དཔས་མི་མཐོང་ངོ་། ། བཟང་སྐྱོང་ཡང་བྱང་ཆུབ་སེམས་དཔས་ཇི་ལྟར་མཐོང་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། དེ་བཞིན་ གཤེགས་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་ཆོས་ཐམས་ཅད་མཐོང་བ་དེ་བཞིན་དུ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་བལྟ་བར་བྱའོ། ། དེ་མཐོང་ ནས་མངོན་པར་དགའ་བར་མི་བྱའོ། ། མངོན་པར་དགའ་བ་མེད་པས་དགའ་བ་ཅན་དུ་མི་འགྱུར་ཞིང་དགའ་བ་དང་བྲལ་ཏེ་དགའ་བ་ཡང་དག་པར་བཅོམ་པའི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་འདི་སྒོམ་མོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། ནམ་མཁའ་གཟུགས་མེད་པ། བསྟན་དུ་མེད་ པ། གནས་པ་མེད་པ། ཤིན་ཏུ་རྣམ་པར་དག་པ། ཉོན་མོངས་པ་མེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་བལྟ་སྟེ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་དེའི་མིག་ཐོགས་པ་མེད་པར་འགྱུར་རོ། །
BOབྱང་ཆུབ་སེམས་དཔའ་མིག་ཐོགས་པ་མེད་ པ་དེ་ལ་ཆོས་རྣམས་མངོན་སུམ་དུ་འགྱུར་ཏེ། དེ་ཡིད་ལ་བྱས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་ཀ་བ་བརྒྱན་པ་ལྟ་བུ། འོད་ཟེར་གྱི་རྒྱལ་པོ་མངོན་པར་འཕགས་པ་ལྟ་བུ། ཟླ་བ་ཉ་བ་སྐར་མས་བསྐོར་བ་ལྟ་བུ། འཁོར་ ལོས་སྒྱུར་བའི་རྒྱལ་པོ་སྟོབས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚངས་པ་ཚངས་པའི་འཇིག་རྟེན་ན་ཚངས་པའི་སྟན་ལ་འདུག་པ་ལྟ་བུ། ལྷའི་རྒྱལ་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷས་བསྐོར་བ་ལྟ་བུ། རི་ཡི་རྩེ་མོ་ལ་མེ་འབར་བ་ལྟ་བུ། སྨན་པའི་རྒྱལ་པོ་སྨན་གཏོང་བ་ལྟ་བུ། {རི་དགས་,རི་དྭགས་} ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་འཇིགས་པ་མེད་པར་ཝ་ཐམས་ཅད་སྐྲག་པར་བྱེད་པ་ལྟ་བུ། ངང་པའི་མཆོག་བར་སྣང་ལ་འཕུར་བ་ལྟ་བུ། རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ནས་མངོན་པར་འཕགས་པ་ལྟ་བུ། རིའི་རྒྱལ་པོ་གངས་རི་མེ་ཏོག་དང་སྨན་ཐམས་ཅད་ཡོངས་སུ་རྒྱས་པ་ལྟ་བུ། རི་ཁོར་ ཡུག་རླུང་གི་བུ་ལས་སྐྱེས་པས་འཛིན་ཅིང་འགྲེང་བ་ལྟ་བུ། རླུང་གི་ཕུང་པོ་ས་ཆུའི་ཕུང་པོ་འཛིན་པ་ལྟ་བུ། ཆུའི་ཕུང་པོས་སའི་ཕུང་པོ་འཛིན་པ་ལྟ་བུར་མཐོང་ངོ་། །
BOདེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། རི་རབ་ཀྱི་ནི་རྩེ་མཛེས་པ། ། དྲི་མེད་དྲི་ མ་བྲལ་ཞིང་དག ། ནམ་མཁའ་དང་ནི་མཉམ་ཞིང་འདྲ། ། ལྷ་རྣམས་ཀྱིས་ནི་རབ་ཏུ་བརྒྱན། ། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གཟི་བརྗིད་དང་། དཔལ་གྱིས་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ལྷམ་མེ་ལྷན་ནེ་ལྷང་ངེར་དམིགས་པར་བྱས་ཏེ། མཐོང་ཞིང་ཆོས་འཆད་པའང་ཐོས་པར་འགྱུར་རོ། ། ཐོས་ནས་ཀྱང་འཛིན་པར་བྱེད། ཀུན་ཆུབ་པར་བྱེད། ། འཆང་བར་བྱེད་དེ། ། བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་འདི་ ལས་ལངས་ནས་ཀྱང་། ཆོས་ཇི་སྐད་དུ་ཐོས་པ་དང་། ཇི་ལྟར་བཟུང་བ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པ་བཞིན་དུ་གཞན་དག་ལའང་རྒྱ་ཆེར་སྟོན་པར་འགྱུར། འཆད་པར་འགྱུར་རོ། ། བཟང་སྐྱོང་དེ་ལྟར་ཏིང་ངེ་འཛིན་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པ་མང་དུ་བྱེད་ པའོ། ། འདི་ལྟ་སྟེ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་ཡོན་ཏན་མང་པོ་སྐྱེད་པར་བྱེད་པའོ། །
BOབཟང་སྐྱོང་དེ་བས་ན་བྱང་ཆུབ་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཏིང་ངེ་འཛིན་འདི་གཟུང་བར་བྱའོ། ། ཀུན་ཆུབ་པར་བྱའོ། ། བཅང་བར་བྱའོ། ། བཀླག་ པར་བྱའོ། ། བྲི་བར་བྱའོ། ། གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ། ། བསྟན་པར་བྱའོ། ། བསྒྲགས་པར་བྱའོ། ། བསྒོམ་པའི་སྦྱོར་བ་ལའང་བརྩོན་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དྲི་བྲལ་རྡུལ་བྲལ་དྲི་མེད་སངས་ རྒྱས་ཏེ། ། ཆགས་པ་མེད་ཅིང་སྐྱེ་བོ་མང་པོས་མཆོད། ། རྔ་རྡུང་འཁར་རྔ་ལྷ་ཡི་རོལ་མོའི་སྒྲ། ། རོལ་མོ་ཕྲག་བརྒྱས་ཕན་མཛད་ཕྱག་བྱ་བ། ། མེ་ཏོག་སིལ་མ་དག་གིས་གཏོར་བྱས་ཤིང་། ། སྐྱེ་བོ་མང་པོས་རིང་བསྲེལ་མཆོད་རྟེན་མཆོད། ། ལྷ་ཡི་ཕྲེང་བ་དྲི་དང་གདུགས་སྣ་ཚོགས། ། ཏིང་འཛིན་ འདི་ནི་ཚོལ་ཞིང་འདོགས་པར་བྱེད། ། གང་ཞིག་ཀུན་རྫོབ་ལ་ནི་གནས་བྱས་ནས། ། ཤིན་ཏུ་རྒྱས་ཆོས་བལྟ་དཀའ་གྱ་ནོམ་འབྱེད། ། མ་ཆགས་ཡེ་ཤེས་རྒྱལ་བ་དྲན་བྱེད་ཅིང་། ། སྟོང་པ་ཉིད་ལས་ནམས་ཀྱང་ཉམས་མི་འགྱུར། ། ཟླ་བ་དྲི་མེད་ཉི་མ་ཤར་བ་འམ། ། ཚངས་པའི་འཇིག་རྟེན་ཚངས་ པ་འདུག་པ་བཞིན། །
BOརྣམ་དག་སེམས་ཀྱིས་རྒྱལ་བ་དྲན་བྱེད་ཅིང་། ། སྟོང་པ་ཉིད་ནི་ནམས་ཀྱང་མི་འདོར་རོ། ། ཇི་ལྟར་སུམ་ཅུ་རྩ་གསུམ་ལྷ་ཡི་རྒྱལ། ། སུམ་ཅུ་རྩ་གསུམ་ལྟ་བས་ཟིལ་གྱིས་གནོན། ། དེ་ལྟར་རྒྱལ་བས་འཇིག་རྟེན་ཟིལ་མནན་ཏེ། ། དཔལ་གྱི་ལྷམ་མེ་ལྷན་ནེ་ལྷང་ངེའོ། ། ཚལ་གྱི་མཆོག་ལ་མེ་དག་མཆེད་གྱུར་ཏེ། ། མར་གྱི་མེ་བསྲེགས་མེ་ལྕེ་རབ་འབར་བ། ། འོད་ཟེར་བརྒྱ་སྟོང་དག་ནི་འབྱུང་བ་ལྟར། ། དེ་བཞིན་རྒྱལ་བ་མཚན་གྱིས་རྒྱས་པར་ལྟོས། ། ཇི་ལྟར་སྨན་པ་ཟུག་རྔུ་འབྱིན་བྱེད་པ། ། ནད་པ་རྣམས་ལ་ནད་དཔྱད་བྱེད་པ་ལྟར། ། རྒྱལ་བ་མི་ཡི་སེང་གེ་ སྨན་པ་མཆོག ། ཇི་ལྟར་འཐུན་པ་བདེ་གཤེགས་གཏམ་ཡང་གསུང་། ། འཁོར་ལ་སེང་གེའི་སྒྲ་ནི་སྒྲོགས་མཛད་ཅིང་། ། ཁྱུ་མཆོག་སངས་རྒྱས་འཇིག་རྟེན་ཀུན་མི་བསྙེངས། ། ནགས་གནས་སེང་གེ་ཝ་ལ་བཞིན་དུ། ། ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན། ། ཇི་ལྟར་ངང་པའི་ རྒྱལ་པོ་མཆོག་དག་ནི། ། མཁའ་ལ་འཕུར་ན་དཀར་ཞིང་རྣམ་དག་མཛེས། ། དེ་ལྟར་བདེ་བར་གཤེགས་པ་གསེར་གྱི་མདོག ། བདེ་གཤེགས་སྲས་ཀྱི་ཐུ་བོ་རྣམས་ཀྱང་དྲན། ། ཇི་ལྟར་རི་རྒྱལ་གངས་ཅན་ལྷམ་མེ་ཞིང་། ། ལྷག་གེ་བ་དང་རྒྱལ་རིགས་རྒྱལ་པོ་འམ། །
BOཇི་ལྟར་ཀ་བ་རིན་ཆེན་སྣ་ཚོགས་བརྒྱན། ། དེ་ལྟར་རྒྱལ་བ་མཚན་གྱིས་བརྒྱན་པར་བལྟ། ། མི་གཡོ་མ་རལ་ཇི་ལྟར་རྡོ་རྗེ་འདྲ། ། ཁོར་ཡུག་རི་ནི་རླུང་གི་བུ་སྐྱེས་འཛིན། ། དེ་ལྟར་བདེ་གཤེགས་བསྐལ་པ་ཕྱོགས་འཛིན་ཅིང་། ། ཕན་དང་ལྡན་ཞིང་བྱམས་ལྡན་ཆོས་ཀྱང་ཆེ། ། ཇི་ལྟར་ཆུ་ལ་ས་དག་ རྟེན་པ་དང་། ། ཇི་ལྟར་རླུང་ལ་ཆུ་ཡང་རྟེན་པ་དང་། ། ཇི་ལྟར་ནམ་མཁའ་ལ་ནི་རླུང་རྟེན་པ། ། དེ་ལྟར་རྒྱལ་བ་ཡོན་ཏན་ཀུན་ལ་བཞུགས། ། ཇི་ལྟར་སུམ་ཅུ་རྩ་གསུམ་རི་རབ་རྒྱལ། ། ལྷན་ནེ་ལྷག་གེ་ཐམས་ཅད་ཡོངས་སུ་རྒྱས། ། དེ་ལྟར་བདེ་གཤེགས་རི་རབ་ལྟ་བུ་ཡང་། ། རིན་ཆེན་ ཚོགས་ཀྱི་ནང་ན་བཞུགས་པ་མཛེས། ། མ་ཆགས་སེམས་ལྡན་རྒྱལ་བ་དྲན་བྱེད་ན། ། མུན་དང་བྲལ་ཞིང་མི་སྣང་མེད་པ་ཡི། ། ཏིང་འཛིན་རྡུལ་བྲལ་རྣམ་དག་དེ་མིག་འགྱུར། ། དེ་ནི་དངོས་པོའི་འདུ་ཤེས་ཀུན་དང་བྲལ། ། རྒྱལ་བ་རྣམ་དག་སེམས་ནི་དྲན་བྱེད་ན། ། རྡུལ་དང་དྲི་མ་བྲལ་ ཞིང་ཁྲོ་བ་སྤངས། ། མ་རིག་བྲལ་ཞིང་དེ་ཡི་ཡེ་ཤེས་དག ། དེ་ཡི་ཡེ་ཤེས་རྡུལ་བྲལ་འབྱུང་བར་འགྱུར། ། རྒྱལ་བ་ཚུལ་ཁྲིམས་རྣམ་དག་དྲན་བྱེད་ན། ། དེ་ཡི་ཡེ་ཤེས་རབ་རིབ་བྲལ་ཞིང་དག །
BOང་དང་བདག་ལྟ་དེ་ལ་ཕྱིས་ཀྱང་མེད། ། དངོས་པོའི་འདུ་ཤེས་ནམས་ཀྱང་འབྱུང་མི་ འགྱུར། ། དེ་ནི་སྲིད་པའི་རྒྱུད་ལ་ལྟ་དང་བྲལ། ། ཐེ་ཚོམ་ལམ་བྲལ་ཡེ་ཤེས་རྣམ་པར་དག ། ནམས་ཀྱང་གཟུགས་ཀྱི་འདུ་ཤེས་མི་འགྱུར་ཞིང་། ། ཞི་ལམ་བསིལ་བའི་དངོས་པོའི་ཆོས་ཀྱང་ཉན། ། ས་དང་ཆུ་དང་མེ་དང་རླུང་དག་ནི། ། རང་གི་དངོས་པོ་མེད་ཅིང་ཐམས་ཅད་སྟོང་། ། རྒྱལ་ བ་མཆོག་རབ་བསྟན་པ་ཐོས་ནས་ཀྱང་། ། དེ་ནི་དངོས་པོའི་འདུ་ཤེས་མི་འབྱུང་ངོ་། ། དངོས་སུ་ཤེས་པ་ཐམས་ཅད་ཚར་བཅད་ཅིང་། ། འགྲོ་བ་ཐམས་ཅད་སྟོང་པར་རིག་ནས་ཀྱང་། ། ཇི་ལྟར་འདབ་ཆགས་ནམ་མཁར་མི་ཆགས་བཞིན། ། ནམས་ཀྱང་ཡིད་ནི་ཆགས་པར་མི་འགྱུར་རོ། ། མཆོག་ རབ་རྒྱལ་ལ་རི་མོ་བྱས་པས་ནི། ། རྫུ་འཕྲུལ་སྟོབས་ལ་གནས་ཤིང་ཡིད་རྣོ་བས། ། འཇིག་རྟེན་ཀུན་ན་ཕྱོགས་བཅུར་རྣམ་པར་སྣང་། ། ཡོན་ཏན་ཚད་མེད་པ་ནི་ཀུན་དང་ལྡན། ། ལག་པ་རྐང་པ་དེ་བཞིན་མགོ་བོ་མིག ། རྒྱལ་སྲིད་རྟ་དང་བ་གླང་ཐམས་ཅད་དང་། ། འཇིག་རྟེན་པ་ཡི་རིན་ཆེན་ ཀུན་གཏོང་ཡང་། ། ཚུལ་ཁྲིམས་ཕུང་པོ་ཡོངས་སུ་གཏོང་མི་བྱེད། ། སྙིང་རྗེ་བསྐྱེད་ནས་འཇིག་རྟེན་ཀུན་ཕན་ཕྱིར། །
BOཆོས་ཀྱི་གཙོ་བོ་རིན་ཆེན་སྟོན་པར་བྱེད། ། འདུས་བྱས་མ་ལུས་ཐམས་ཅད་སྤོང་བྱེད་ཀྱང་། ། བྱང་ཆུབ་སེམས་ནི་ཡོངས་སུ་གཏོང་མི་བྱེད། ། དགེ་སློང་དང་ནི་རྒྱལ་སྲས་ ལེགས་ཞུགས་དང་། ། དེ་བཞིན་དགེ་སློང་མ་དང་དགེ་བསྙེན་དང་། ། དད་ལྡན་ཆགས་དང་བྲལ་བའི་དགེ་བསྙེན་མས། ། རྗེས་སུ་དྲན་པར་བྱས་ན་གནས་འདི་འཐོབ། ། ཏིང་འཛིན་ཞི་བ་འདི་ནི་སུ་འཆང་བའི། ། བདེ་གཤེགས་སྲས་པོ་ཏིང་ངེ་འཛིན་མཁས་པ། ། དེ་ལ་ཡོན་ཏན་མང་པོ་དེ་དག་ འབྱུང་། ། བླ་མེད་རྣམ་པ་མང་པོའི་གནས་འབྱུང་ངོ་། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་{བཅྭ་,བཅོ་}བརྒྱད་པའོ། ། ། ། བཟང་སྐྱོང་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་འཆད་པའམ་འཐོབ་པར་འདོད་པ་དེས་དང་པོ་ཉིད་ནས་མཚན་མའི་འདུ་ ཤེས་རྣམས་བསལ་བར་བྱའོ། ། མཚན་མའི་འདུ་ཤེས་རྣམས་བསལ་ནས་ལྷག་པའི་ང་རྒྱལ་དུ་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་ལྷག་པའི་ང་རྒྱལ་སྤངས་ཤིང་། ཡིད་ལ་མཚན་མ་དང་བྲལ་བས། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱ་སྟེ། བརྩད་པར་མི་བྱའོ། ། དེ་ལ་ཇི་ལྟར་ན་རྩོད་ པ་མེད་པར་འགྱུར་ཞེ་ན། གང་སྟོང་པ་ཉིད་མི་སྤོང་བ་སྟེ།
BOའདི་ནི་རྩོད་པ་མེད་པའོ། ། བཟང་སྐྱོང་རྩོད་པ་མེད་པ་གཙོ་བོར་བྱེད་པའི་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ། ། བཟང་སྐྱོང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག ། ཏིང་ངེ་འཛིན་འདི་ལུང་ནོད་ པར་འདོད་པར་གྱུར་ན། དེས་ཆོས་བཅུ་དང་ལྡན་པར་བྱ་སྟེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། བཟང་སྐྱོང་ང་རྒྱལ་བཅོམ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གཞན་གྱི་རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་ཕྲག་དོག་མེད་པ་དང་། གུས་པ་དང་བཅས་ཤིང་ རྗེ་ས་དང་བཅས་པ་དང་། བྱས་པ་ཤེས་ཤིང་བྱས་པ་གཟོ་བ་དང་། འཇུངས་པ་མེད་ཅིང་འགྱོད་པ་དང་བྲལ་བ་དང་། དད་པ་དང་ལྡན་ཞིང་བརྟག་པ་མང་བ་དང་། བརྩོན་འགྲུས་བརྩམས་ཤིང་འཆག་པ་ལ་ཞུགས་པ་དང་། མགྲོན་དུ་གཉེར་བ་ལ་མི་ལྟོས་པར་བསོད་སྙོམས་ བྱེད་པ་དང་། ཟབ་མོ་ལ་མོས་པས་ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ། ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཏིང་ངེ་འཛིན་འདི་ལུང་མནོད་པར་འདོད་པ་དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་སྟེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱ། གདོན་པར་བྱ། བཅང་བར་བྱ་སྟེ།
BOབཟང་སྐྱོང་ཆོས་བཅུ་པོ་དེ་དག་དང་ལྡན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཏིང་ངེ་འཛིན་འདི་མནོད་པར་བྱའོ། ། དེ་ལྟར་ཞུགས་པ་དེ་ནི་ཆོས་བརྒྱད་འཛིན་ཏོ། ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། ཤིན་ཏུ་བྱང་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དང་། ཤེས་རབ་དང་ལྡན་པས་ལྟ་བ་རྣམ་པར་ དག་པ་དང་། ཡང་འབྱུང་བ་མེད་པས། ཤེས་རབ་རྣམ་པར་དག་པ་དང་། འཁོར་ཐམས་ཅད་ལ་དོན་དུ་མི་གཉེར་བས་གཏོང་བ་ཡོངས་སུ་དག་པ་དང་། ཤིན་ཏུ་བརྗེད་པ་མེད་པས་ཐོས་པ་རྣམ་པར་དག་པ་དང་། བྱང་ཆུབ་འཐོབ་པས་བརྩོན་འགྲུས་རྣམ་པར་དག་པ་དང་། རྟེན་མེད་པས་ བཀུར་སྟི་ཐོབ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ཅན་ཐམས་ཅད་ཀྱིས་མི་བསྐྱོད་པ་སྟེ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ནི་ཆོས་བརྒྱད་པོ་འདི་དག་རབ་ཏུ་འཛིན་ཏོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། མཁས་པས་མཚན་མའི་འདུ་ཤེས་མི་བསྐྱེད་ཅིང་། ། ང་རྒྱལ་ངའོ་སྙམ་པའི་ང་རྒྱལ་སྤང་། ། བཟོད་པ་རྡུལ་བྲལ་འདུས་མ་བྱས་བསྐྱེད་ནས། ། དེས་ནི་ཏིང་འཛིན་འདི་ཡང་ལུང་མནོད་བྱ། ། མཁས་པས་སྟོང་པ་ཉིད་དང་མཚན་མེད་དང་། །
BOཞི་བ་མྱ་ངན་འདས་ལ་བརྩད་མི་བྱ། ། མི་བསྐྱོད་ཆོས་ ཅན་སྟོན་པ་དང་ཡང་འཐུན། ། དེ་འདྲ་དེས་ནི་ཏིང་འཛིན་འདི་ལུང་མནོས། ། མཁས་པ་ང་རྒྱལ་ཕྲག་དོག་མི་བྱེད་ཅིང་། ། བྱས་གཟོ་སངས་རྒྱས་ཆོས་དང་དགེ་འདུན་ལ། ། དང་བ་སྐྱེས་པར་གྱུར་ཅིང་མི་བསྐྱོད་པ། ། དེས་ནི་ཏིང་འཛིན་འདི་ཡང་མྱུར་ལུང་ནོས། ། འཇུངས་པ་མེད་ཅིང་མུན་བྲལ་ མི་རྩུབ་ལ། ། བརྟག་དང་ལྡན་ལ་ཤིན་ཏུ་དད་པ་ཅན། ། འཆག་སར་ཞུགས་ཤིང་བརྩོན་འགྲུས་རྩོམ་བྱེད་པས། ། ཏིང་འཛིན་འདི་ནི་རབ་ཏུ་འདོད་པར་བྱ། ། དགེ་སློང་རྟག་ཏུ་བསོད་སྙོམས་སྤྱད་བྱ་སྟེ། ། མགྲོན་དུ་བོས་པའང་སྤང་ན་སོགས་ཅི་སྨོས། ། དོན་དམ་དམིགས་སུ་མེད་ལ་རབ་ཏུ་ མཁས། ། དེ་འདྲ་དེས་ནི་ཏིང་འཛིན་འདི་ཟུང་ཤིག ། གང་ལས་ཏིང་འཛིན་འཕགས་པ་འདི་བྲིས་སམ། ། བཅངས་སམ་གཞན་དག་ལ་ཡང་བསྟན་བྱས་ན། ། དེ་ལས་དེས་ནི་དང་པོར་འདི་ཐོབ་ནས། ། མཁས་པས་དེ་ལ་སྟོན་པར་འདུ་ཤེས་བསྐྱེད། ། ཡོན་ཏན་ཕུན་སུམ་ཚོགས་པར་ འདིར་གནས་ཏེ། ། གང་ཞིག་ཏིང་འཛིན་འདི་ལུང་ནོད་བྱེད་པ། ། དེ་ནི་རྒྱལ་བས་གནང་ཞིང་རྡུལ་བྲལ་ལ། ། རྣམ་པར་དག་པའི་ཆོས་བརྒྱད་མྱུར་དུ་འཛིན། ། མཁས་པ་གང་ལ་ཡོན་ཏན་འདི་སྣང་བ། །
BOཚུལ་ཁྲིམས་ཀྱང་ནི་རྣམ་པར་དག་པར་འགྱུར། ། ཏིང་འཛིན་དག་ཅིང་དེ་ བཞིན་ལྟ་བ་དག ། དེས་ནི་སྲིད་པར་སྲེད་པ་དག་ཀྱང་སྦྱངས། ། མཁས་པ་གང་ལ་ཡོན་ཏན་འདི་སྣང་བ། ། ཡང་སྲིད་མེད་པས་ཤེས་རབ་རྣམ་པར་དག ། རྟེན་པ་དག་ཀྱང་མེད་ཅིང་གཏོང་བ་དག ། མང་དུ་ཐོས་ཤིང་ཉམས་པར་མི་འགྱུར་རོ། ། མཁས་པ་གང་ལ་ཡོན་ཏན་འདི་སྣང་བ། ། བརྩོན་འགྲུས་ བརྩམས་ཤིང་བྱང་ཆུབ་ལས་མི་ཉམས། ། རྙེད་དང་བཀུར་སྟི་ཅུང་ཟད་མི་རྟེན་ཏེ། ། དེ་ནི་བླ་ན་མེད་པའི་བྱང་ཆུབ་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་དགུ་པའོ། ། ། ། བཟང་སྐྱོང་ཆོས་བརྒྱད་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་བཞིན་ གཤེགས་པའི་སྟོབས་བཅུ་འཐོབ་བོ། ། བཅུ་གང་ཞེ་ན། བཟང་སྐྱོང་འདི་ལ་དེ་བཞིན་གཤེགས་པ་གནས་ལ་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་མ་ཡིན་པ་ལ་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་ བཞིན་གཤེགས་པས་གནས་ལ་གནས་དང་། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་།
BOདེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དང་པོ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་ གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ཡང་དག་པར་འཛིན་པ་རྣམས་ཀྱི་གནས་དང་། རྒྱུ་དང་། རྣམ་པར་སྨིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མཁྱེན་པ་འདི་ནི་བཟང་སྐྱོང་། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་གཉིས་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་། འཇིག་ རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། །
BOབཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་གསུམ་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་ པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་ སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་དེ་བཞིན་གཤེགས་པས་ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་མཁྱེན་པ། ཡང་དག་པ་ཇི་ལྟ་བ་བཞིན་ རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཞི་པ་སྟེ། སྟོབས་དེ་ལ་བརྟེན་ནས།
BOདེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན་ དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་ མཁྱེན་པ། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་། གང་ཟག་གཞན་མོས་པ་དུ་མ་དང་། མོས་པ་སྣ་ཚོགས་རྣམས་ཀྱི་མོས་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་དེ་བཞིན་ གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་ལྔ་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། །
BOབཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། ། མཆོག་མ་ཡིན་པ་མཁྱེན་པ་ ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་། དེ་བཞིན་གཤེགས་ པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དྲུག་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་ དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས། བསམ་གཏན་དང་། རྣམ་པར་ཐར་པ་དང་།
BOཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བདུན་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ། འཁོར་གྱི་ནང་དུ་གཤེགས་ ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་སྔོན་གྱི་ གནས་རྗེས་སུ་དྲན་པ་མཁྱེན་པ། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི། དེ་བཞིན་གཤེགས་ པའི་སྟོབས་བརྒྱད་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་།
BOའཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་ལྷའི་མིག་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས། ལྷའི་མིག་མཁྱེན་པ་ཡང་དག་པ་ཇི་ལྟ་ བ་བཞིན་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དགུ་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་ རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་ཟག་པ་ཟད་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་ཟག་པ་ཟད་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་པ་སྟེ། སྟོབས་དེ་ལ་བརྟེན་ནས།
BOདེ་བཞིན་གཤེགས་པས་ཁྱུ་ མཆོག་གི་གནས་རབ་ཏུ་མཁྱེན་ལ། འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་ བསྐོར་རོ། ། བཟང་སྐྱོང་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་བྱང་ཆུབ་སེམས་དཔས་ཡོངས་སུ་འཛིན་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། ། སྟོབས་རྣམས་ཀྱི་ནི་ས་བཤད་ པ། ། ཏིང་འཛིན་འདི་ལ་གནས་ན་ནི། ། བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར། ། གནས་དང་དེ་བཞིན་གནས་མ་ཡིན། ། ཡང་དག་ཇི་བཞིན་མཁྱེན་པ་ནི། ། འཇིག་རྟེན་མགོན་པོ་སྐྱོབ་མཛད་པ། ། སངས་རྒྱས་རྣམས་ཀྱི་སྟོབས་དང་པོ། ། འཇིག་རྟེན་མགོན་པོ་སྐྱོབས་མཛད་པ། རང་བྱུང་རྣམས་ཀྱི་སྟོབས་དང་པོ། ། དེ་ལ་གནས་ནས་རྫོགས་སངས་རྒྱས། ། སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། ། འདས་དང་མ་འོངས་ད་ལྟར་གྱི། ། ལས་རྣམས་རབ་ཏུ་མཁྱེན་པ་ནི། ། འཇིག་རྟེན་མགོན་པོ་སྐྱོབ་མཛད་པ། ། སངས་རྒྱས་རྣམས་ཀྱི་སྟོབས་གཉིས་པའོ། །
BOམོས་ པ་ཆུང་དང་མཆོག་རྣམས་དང་། ། འབྲིང་དག་རབ་ཏུ་མཁྱེན་པ་ནི། ། དཔལ་ལྡན་རྫོགས་པར་སངས་རྒྱས་པའི། ། སྟོབས་གསུམ་པ་ནི་དེ་ཡིན་ནོ། ། དབང་པོ་རྣོ་དང་བར་མ་དང་། ། ཐ་མའི་ཁྱད་པར་མཁས་པ་ནི། ། དྲང་སྲོང་ཆེན་པོ་རྫོགས་སངས་རྒྱས། ། སངས་ རྒྱས་རྣམས་ཀྱི་སྟོབས་བཞི་པའོ། ། ཁམས་རྣམས་སྣ་ཚོགས་རབ་མཁྱེན་ཅིང་། ། ཁམས་རྣམས་ཀྱི་ནི་ཕ་རོལ་ཕྱིན། ། གནས་འདི་དག་ནི་རང་བྱུང་གི། ། སྟོབས་ནི་ལྔ་པ་ཉིད་ཡིན་ནོ། ། ཐམས་ཅད་དུ་ནི་འགྲོ་བའི་ལམ། ། དེ་དང་དེར་ནི་བགྲོད་པ་སྟེ། ། དེ་དག་ཐམས་ཅད་རབ་མཁྱེན་ པ། ། བསམ་གྱིས་མི་ཁྱབ་སྟོབས་དྲུག་པའོ། ། བསམ་གཏན་རྣམ་ཐར་སྙོམས་པར་འཇུག ། ཀུན་ནས་ཉོན་མོངས་རབ་མཁྱེན་ཅིང་། ། གནས་དང་གནས་མིན་མཁྱེན་པ་ནི། ། སྟོབས་བདུན་པ་ཞེས་བྱ་བའོ། ། སྔོན་གྱི་བྱེ་བ་ཚུན་ཆད་ཀྱི། ། བདག་ནི་སྔོན་ན་གར་གནས་པའི། ། སྔོན་ གྱི་གནས་རྣམས་རབ་མཁྱེན་པ། ། དེ་ནི་སྟོབས་ཀྱང་བརྒྱད་པའོ། ། འཆི་འཕོ་དང་ནི་སྐྱེ་བ་མཁྱེན། ། མཐོ་རིས་དང་ནི་ངན་སོང་གཟིགས། ། མིག་གི་ཕ་རོལ་ཕྱིན་ཐོབ་པ། ། འདི་ནི་སྟོབས་ཀྱང་དགུ་པའོ། ། གང་དག་ལྷ་འམ་གང་དག་མི། ། ཟག་པ་ཐམས་ཅད་ང་ལ་ཟད། །
BOང་ལ་ཡང་ སྲིད་མེད་པ་ནི། ། བསམ་གྱིས་མི་ཁྱབ་སྟོབས་བཅུ་པའོ། ། འཇིག་རྟེན་མགོན་པོ་སྐྱོབ་མཛད་པ། ། རང་བྱུང་རྣམས་ཀྱི་སྟོབས་འདི་དག ། ཏིང་འཛིན་འདི་ལ་གནས་ན་ནི། ། དེ་དག་ཐམས་ཅད་རྙེད་མི་དཀའ། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་པའོ། ། ། ། བཟང་སྐྱོང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན། དེ་བཞིན་གཤེགས་པའི་མི་འཇིགས་པ་གང་དག་ཐོབ་པར་འགྱུར་བ་དེ་གང་ཞེ་ན། བཟང་སྐྱོང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་ཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པའི་མི་འཇིགས་པ་ནི་འདི་བཞིའོ། ། བཞི་ གང་ཞེ་ན། འདི་ལྟ་སྟེ། ང་ཡང་དག་པར་རྫོགས་པར་སངས་རྒྱས་པ་ལ་འདི་ལ་ཆོས་འདི་མངོན་པར་སངས་མ་རྒྱས་སོ་ཞེས་ང་ལ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་ རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དབུགས་འབྱིན་པ་ཐོབ་པར་གནས་སོ། ། བག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ། ། མི་འཇིགས་པ་ཐོབ་པར་གནས་སོ། ། འཁོར་གྱི་ནང་དུ་གཤེགས་ཏེ།
BOསེང་གེའི་སྒྲ་ཡང་དག་ པར་བསྒྲག་པར་བྱའོ། ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ་ཞེས་བྱ་བ་འདི་ནི། བཟང་སྐྱོང་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་ འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་དང་པོའོ། ། བཟང་སྐྱོང་གཞན་ཡང་ང་ཟག་པ་ཟད་པ་ལ་དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ། ། ཞེས་འཇིག་རྟེན་ན། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དབུགས་འབྱིན་པ་ཐོབ་པར་གནས་སོ། ། བག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ། ། མི་ འཇིགས་པ་ཐོབ་པར་གནས་སོ། ། འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ། ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ། །
BOཞེས་བྱ་བ་འདི་ནི་བཟང་སྐྱོང་། གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་ཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་གཉིས་པའོ། ། བཟང་སྐྱོང་གཞན་ཡང་གང་ངས་བར་དུ་གཅོད་པའི་ཆོས་སུ་བསྟན་པ་དེ་དེ་དག་ལ་བསྟེན་ན་བར་ དུ་གཅོད་པའི་ཆོས་སུ་མི་འགྱུར་རོ། ། ཞེས་ང་ལ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་ དབུགས་འབྱིན་པ་ཐོབ་པར་གནས་སོ། ། བག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ། ། མི་འཇིགས་པ་ཐོབ་པར་གནས་སོ། ། འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ། ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་ འམ། ལྷའམ། བདུད་དམ། ཚངས་པའམ།
BOསུས་ཀྱང་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ་ཞེས་བྱ་བ་འདི་ནི་བཟང་སྐྱོང་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་ གཤེགས་པའི་མི་འཇིགས་པ་གསུམ་པའོ། ། བཟང་སྐྱོང་གཞན་ཡང་གང་ངས་འཕགས་པའི་ངེས་པར་འབྱུང་བར་འགྱུར་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ཆོས་བཤད་པ་དེ་ལ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དབུགས་འབྱིན་པ་ཐོབ་པར་གནས་སོ། ། བག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ། ། མི་འཇིགས་པ་ཐོབ་པར་ གནས་སོ། ། འཁོར་གྱི་ནང་དུ་གཤེགས་ཏེ་སེང་གེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ། ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ། །
BOཞེས་བྱ་བ་འདི་ནི་བཟང་ སྐྱོང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་ཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་པའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སངས་རྒྱས་མི་འཇིགས་གང་ཡིན་པ། ། མི་འཇིགས་རྣམས་ནི་བཤད་པར་བྱ། ། སེང་གེའི་སྒྲ་ནི་བསྒྲག་བྱས་ཏེ། ། འཁོར་རྣམས་ལ་ནི་ཆོས་ཀྱང་སྟོན། ། ཡང་དག་རྫོགས་སངས་རྒྱས་སྨྲ་ལ། ། ཆོས་འདི་སངས་རྒྱས་མ་གྱུར་ཅེས། ། རྒོལ་བ་དེ་ནི་མ་མཐོང་སྟེ། ། དེ་ཕྱིར་སངས་རྒྱས་མི་འཇིགས་པའོ། ། ཟག་ པ་ཟད་པར་སྨྲས་པ་ལ། ། ཟག་པ་འདི་དག་མ་ཟད་ཅེས། ། ལྷ་དང་བཅས་པའི་འཇིག་རྟེན་ན། ། རྒོལ་བ་དེ་ནི་མ་མཐོང་ངོ་། ། གང་དག་བར་དུ་གཅོད་པའི་ཆོས། ། དེ་དག་གང་གིས་བསྟེན་བྱས་ཀྱང་། ། བར་དུ་གཅོད་པར་མི་འགྱུར་ཞེས། ། ང་ལ་རྒོལ་བ་དེ་མ་མཐོང་། ། མྱ་ ངན་འདས་པ་ཐོབ་པའི་ཕྱིར། ། ངས་ནི་ཆོས་མཆོག་གང་བཤད་པ། ། མྱ་ངན་འདའ་བའི་ཚིག་གི་མཆོག ། དེས་ནི་ང་ལ་རྒོལ་བ་མེད། ། འཇིག་རྟེན་མགོན་པོ་སྐྱོབ་མཛད་པས། ། མི་འཇིགས་གསུངས་པ་འདི་དག་ནི། ། ཏིང་འཛིན་འདི་ལ་གནས་པ་ཡི། །
BOབྱང་ཆུབ་སེམས་ དཔས་འཐོབ་པར་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། ། ། བཟང་སྐྱོང་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ {བཅྭ་,བཅོ་}བརྒྱད་པོ་དེ་དག་གང་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ། ནམ་གྱི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། ནམ་གྱི་ནུབ་མོ་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ ལས་འདས་པ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། ། ཅ་ཅོ་མི་མངའོ། ། བསྙེལ་བ་མི་མངའོ། ། སེམས་མཉམ་པར་མ་བཞག་པ་མི་མངའོ། ། ཐ་དད་པའི་འདུ་ཤེས་མི་མངའོ། ། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་ མངའོ། ། འདུན་པ་ཉམས་པ་མི་མངའོ། ། བརྩོན་འགྲུས་ཉམས་པ་མི་མངའོ། ། དྲན་པ་ཉམས་པ་མི་མངའོ། ། ཏིང་ངེ་འཛིན་ཉམས་པ་མི་མངའོ། ། ཤེས་རབ་ཉམས་པ་མི་མངའོ། ། རྣམ་པར་གྲོལ་བ་ཉམས་པ་མི་མངའོ། ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའོ། །
BOའདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། ། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། ། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། ། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་ འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། དེ་བཞིན་གཤེགས་པའི་གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། བཟང་ སྐྱོང་འདི་དག་ནི་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་གནས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཡིན་ནོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གང་ལ་གནས་ནས་དེ་བཞིན་ གཤེགས། ། ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི། ། སངས་རྒྱས་ཀྱི་ནི་མ་འདྲེས་ཆོས། ། བཤད་ཀྱིས་ང་ལ་མཉན་པར་བྱོས། ། ནམ་གྱི་ནུབ་མོ་རྫོགས་སངས་རྒྱས། ། དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས། །
BOནམ་གྱི་ནུབ་མོ་ལེན་མེད་པར། ། མྱ་ངན་ལས་ནི་འདས་པར་གྱུར། ། དེ་ཡི་བར་དུ་གང་གསུངས་དང་། ། གསུང་དང་གསུང་བར་འགྱུར་བའི་རྣམས། ། དེ་ཀུན་ཡང་དག་ཇི་བཞིན་ཏེ། ། དེ་ནི་མ་འདྲེས་དང་པོའོ། ། ང་ལ་འཁྲུལ་པ་ཅུང་ཟད་མེད། ། ཅ་ཅོ་ང་ལ་མི་མངའོ། ། གསུང་ལ་ཉམས་པ་མི་མངའ་སྟེ། ། ང་ལ་ཞུམ་པ་མི་མངའོ། ། ང་ལ་བསྙེལ་བ་ཡོད་མ་ ཡིན། ། ང་ལ་མ་བརྟགས་བཏང་སྙོམས་མེད། ། ཆོས་ལ་སྣ་ཚོགས་བྱེད་པ་མེད། ། རྟག་ཏུ་མཉམ་པར་བཞག་པ་ཉིད། ། ང་ཡི་འདུན་པ་མ་ཉམས་ཤིང་། ། བརྩོན་འགྲུས་ཀྱང་ནི་མ་ཉམས་སོ། ། ཏིང་འཛིན་ལས་ནི་མི་གཡེང་ཞིང་། ། ང་ལ་ཉམས་པ་མི་མངའོ། ། ང་ཡི་ཤེས་རབ་ ཉམས་པ་མེད། ། རྣམ་པར་གྲོལ་བའང་ཉམས་པ་མེད། ། ང་ཡི་རྣམ་གྲོལ་ཡེ་ཤེས་མཐོང་། ། ང་ལའང་ཉམས་པ་མི་མངའོ། ། ང་ནི་འདས་པའི་དུས་ལ་ཡང་། ། ཡེ་ཤེས་ཐོགས་པ་མི་མངའོ། ། མ་འོངས་པ་ཡི་དུས་ལ་ཡང་། ། ང་ལ་སྒྲིབ་པ་མི་མངའོ། ། ད་ལྟར་བྱུང་བའི་དུས་ལ་ཡང་། ། ང་ལ་ཆགས་པ་མི་མངའོ། ། སྐྱོབ་པ་ང་ནི་ཆོས་ཀུན་ལ། ། ཡེ་ཤེས་བསྒྲིབས་པ་མེད་པའོ། ། ང་ཡི་སྐུ་ཡི་ཕྲིན་ལས་ཀུན། ། ཡེ་ཤེས་ཀྱི་ནི་རྗེས་སུ་འབྲེང་། ། ང་ཡི་གསུང་ཐུགས་ཕྲིན་ལས་ཀུན། །
BOཡེ་ཤེས་སྔོན་དུ་འགྲོ་བ་ཡིན། ། གང་ལ་གནས་ནས་དེ་བཞིན་གཤེགས། ། ཆོས་ཀྱི་ འཁོར་ལོ་བསྐོར་མཛད་པའི། ། རྫོགས་སངས་རྒྱས་ཀྱི་མ་འདྲེས་ཆོས། ། {བཅྭ་,བཅོ་}བརྒྱད་པོ་ནི་དེ་དག་གོ། ། ཏིང་འཛིན་འདི་ལ་བསྒོམ་བྱས་ན། ། སངས་རྒྱས(ཆས་,ཆོས་)ནི་{བཅྭ་,བཅོ་}བརྒྱད་དང་། ། སྟོན་པ་ཡི་ནི་སྟོབས་བཅུ་དང་། ། མི་འཇིགས་རྣམས་ནི་རྙེད་མི་དཀའ། ། བཟང་སྐྱོང་གིས་ཞུས་པའི་ཏིང་ ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། ། ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་བཞིས་རྗེས་སུ་ཡི་རང་བར་བྱའོ། ། བཞི་གང་ཞེ་ན་འདི་ལྟ་སྟེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཏིང་ངེ་འཛིན་འདི་གསན་ནས་ལུང་མནོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་བ་དེ་བཞིན་དུ་བདག་ཀྱང་ཏིང་ངེ་འཛིན་འདི་ཐོས་ནས།
BOབླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་ངོ་། ། བཟང་སྐྱོང་འདི་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་པོའོ། ། བཟང་སྐྱོང་གཞན་ཡང་ཇི་ལྟར་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་བ་ན། ཏིང་ངེ་འཛིན་འདི་གསན་ནས་ལུང་མནོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་ཐོབ་པར་བྱ་བ་དང་། མང་དུ་ཐོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་བར་འགྱུར་ བ་དེ་བཞིན་དུ་བདག་ཀྱང་རྗེས་སུ་ཡི་རང་ངོ་། ། བཟང་སྐྱོང་འདི་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་གཉིས་པའོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔས་འདི་སྐད་དུ། ཇི་ལྟར་ད་ལྟར་བྱུང་བའི་དུས་ན་ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཏིང་ངེ་འཛིན་འདི་གསན་ནས་ལུང་མནོས་ཏེ། རྗེས་སུ་ཡི་རང་ནས། མང་དུ་ཐོས་པ་ཡོངས་སུ་རྫོགས་པར་མཛད་དེ།
BOབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ད་ལྟར་བྱང་ཆུབ་སེམས་ དཔའ་རྣམས་ཏིང་ངེ་འཛིན་འདི་ལ་ཇི་ལྟར་རྗེས་སུ་ཡི་རང་བ་དེ་བཞིན་དུ་བདག་ཀྱང་། ད་ལྟར་གྱི་ཏིང་ངེ་འཛིན་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་ངོ་། ། ཞེས་བརྗོད་པར་བྱ་སྟེ། བཟང་ སྐྱོང་འདི་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་གསུམ་པའོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔས་འདི་སྐད་དུ་བདག་གིས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་འདི་ཐམས་ཅད་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་གྱུར་ཅིག ། ཏིང་ངེ་འཛིན་འདི་ཡང་ཐོབ་པར་གྱུར་ཅིག ། མང་དུ་ཐོས་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བརྗོད་པར་བྱ་སྟེ། བཟང་སྐྱོང་འདི་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བཞི་པའོ། ། བཟང་སྐྱོང་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ ནམས་འདི་དང་།
BOཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་ རང་བ་དེ་དག་གིས་རྗེས་སུ་ཡི་རང་ཞིང་བསྔོས་ན། བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་འཛིན་པར་འགྱུར་བའི་དཔེ་ཙམ་ཞིག་བསྟན་ཏོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ལོ་བརྒྱ་ཕྲག་དུ་མར་འཚོ་བ། མགྱོགས་པའི་མཐུ་རླུང་དང་འདྲ་བ་ཞིག་ ཡོད་ལ་དེ་མི་འདུག་པར་ལོ་བརྒྱ་ཚང་བར་ཤར་ཕྱོགས་སུ་ཡང་སོང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་གི་ཕྱོགས་སུ་ཡང་སོང་ན། བཟང་སྐྱོང་དེ་ཅི་སྙམ་དུ་སེམས། ཚེ་ལོ་བརྒྱ་ཐུབ་ཅིང་ལོ་བརྒྱར་འཚོ་བ། མགྱོགས་པའི་མཐུ་རླུང་དང་འདྲ་བའི་སྐྱེས་བུ་དེས་ མི་འདུག་པར་ཕྱོགས་དྲུག་ཏུ་ཕྱོགས་གཅིག་ཅིང་ཡང་ལོ་བརྒྱ་བརྒྱར་སོང་བའི་སྐྱེས་བུ་དེས་དཔག་ཚད་དུ་ཞིག་ཏུ་སོང་བར་གྱུར་པ་བགྲང་བའམ། གཞལ་བའམ། བསམ་པའམ། དཔག་པར་སྐྱེས་བུ་ལ་ལ་སྤྲོའམ།
BOབྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་གསོལ་པ། བཙུན་པ་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། གནས་བརྟན་ཤ་ར་དྭ་ཏིའི་བུ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་དེ་ནི་མི་ནུས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་བུད་ མེད་དམ་སྐྱེས་པ་གང་ལ་ལ་ཞིག་གིས། སྐྱེས་བུ་ལོ་བརྒྱར་གནས་པ་རླུང་གི་མགྱོགས་པ་བཞིན་དུ་མགྱོགས་པར་འགྲོ་བ་དེའི་སྤྱོད་ཡུལ་རྣམས་གསེར་དང་དངུལ་གྱིས་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕུལ་ལ་ཏིང་ངེ་ འཛིན་འདི་མི་ཉན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡང་ཏིང་ངེ་འཛིན་འདི་ཐོས་ནས་རྗེས་སུ་ཡི་རང་བ་བཞི་པོ་དེ་དག་གིས་རྗེས་སུ་ཡི་རང་ཞིང་རྗེས་སུ་ཡི་རང་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་འདོད་པས་སྔོ་བར་ཡང་བྱེད་ན་བཟང་སྐྱོང་བསོད་ ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། ། སྟོང་དང་སྟོང་ཕྲག་བརྒྱ་དང་བྱེ་བ་ཕྲག་བརྒྱ་དང་། བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང་།
BOགྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། ། ། ། བམ་པོ་བདུན་པ་སྟེ་ཐ་ མ། བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ཙམ་དུ་དོན་ཆེ་བ་ལ་ལྟོས། བཟང་སྐྱོང་དེ་བས་ན་རྣམ་གྲངས་འདིས་ཀྱང་། ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་དོན་ཆེན་པོ་ཡིན་པར་རིག་པར་བྱའོ། ། བཟང་སྐྱོང་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཤིན་ཏུ་རྒྱས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ་བྱུང་བ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་སེང་གེའི་བློ་གྲོས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། ། བཟང་སྐྱོང་དེའི་ཚེ་འཛམ་ བུའི་གླིང་འདི་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་།
BOསྐྱེ་བོ་མང་པོ་དང་། མིས་གང་བར་གྱུར་ཏོ། ། བཟང་སྐྱོང་དེའི་ཚེ་འཛམ་བུའི་གླིང་འདི་ན་གྲོང་ཁྱེར་ཆེན་པོ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ཁྱིམ་བྱེ་བ་ ཕྲག་དགུ་ཡོད་པ་དཔག་ཚད་བཅུ་གཉིས་པ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པར་གྱུར་ཏོ། ། བཟང་སྐྱོང་དེའི་ཚེ་འཛམ་བུའི་གླིང་འདི་ཡང་འདི་ལྟ་སྟེ། དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་དེ། ཡངས་ཤིང་རྒྱ་ཆེ་བར་གྱུར་ཏོ། ། བཟང་སྐྱོང་དེའི་ཚེ་འཛམ་བུའི་གླིང་འདི་ན་གང་དུ་དེ་བཞིན་ གཤེགས་པ་དེ་སྐྱེ་བའི་སར་གྱུར་པ་འདི་ལྟ་སྟེ། བཟང་པོ་བྱུང་བ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་གཅིག་ཅིག་ཡོད་དེ། གྲོང་ཁྱེར་ཆེན་པོ་དེ་ན་སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུ་གནས་སོ། ། བཟང་སྐྱོང་ཡང་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་ བློ་གྲོས་དེའི་ཉན་ཐོས་འདུས་པ་དང་པོ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་དགུ་བཅུ་འདུས་པར་གྱུར་ཏོ། ། ཞག་བདུན་འདས་ནས་ཉན་ཐོས་འདུས་པ་གཉིས་པ་ནི་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་འདུས་པར་གྱུར་ཏོ། ། ཞག་བདུན་པ་གཉིས་འདས་ནས་ཉན་ཐོས་འདུས་པ་གསུམ་པ་ནི་བྱེ་བ་ཕྲག་དགུ་བཅུ་འདུས་ པར་གྱུར་ཏོ། །
BOདག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་ཡང་འདུས་པར་གྱུར་ཏོ། ། དེ་ནས་ཕྱིས་ནི། བཅོམ་ལྡན་འདས་དེའི་ཉན་ཐོས་གྲངས་ཀྱིས་མི་ཆོད་པ་ཞིག་བྱུང་ངོ་། ། བཟང་སྐྱོང་དེའི་ཚེ་དེའི་དུས་ན་མི་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ལེན་པར་གྱུར་ཏེ། འདི་ལྟ་ སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་གསུང་རབ་ལ་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་བ་བཞིན་ནོ། ། བཟང་སྐྱོང་དེའི་ཚེ་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་གྱུར་ཏོ། ། བཟང་སྐྱོང་དེའི་ཚེ་གྲོང་ཁྱེར་ཆེན་པོ་དེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བུ་སྟོང་དུ་ཚང་བ་ཞིག་ཡོད་དེ། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་བློ་གྲོས་དེའི་དྲུང་དུ་སོང་ཞིང་བསྙེན་བཀུར་བྱེད་དོ། ། བཟང་སྐྱོང་དེ་ནས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་བློ་གྲོས་དེས་རྒྱལ་པོ་ཁྱད་པར་དུ་འགྲོ་བ་དེའི་བསམ་པ་ཐུགས་སུ་ཆུད་ནས་ཏིང་ངེ་འཛིན་འདི་བསྟན་ཏོ། ། ཡང་དག་པར་བཤད་དོ།
BO། བཟང་སྐྱོང་དེ་ནས་རྒྱལ་པོ་ཁྱད་པར་དུ་འགྲོ་བ་དེས་ཏིང་ངེ་འཛིན་འདི་ཐོས་ནས་རྗེས་སུ་ཡི་རང་ངོ་། ། རྗེས་སུ་ཡི་རང་ནས་ཀྱང་། བཅོམ་ལྡན་འདས་དེ་ལ་རིན་པོ་ཆེ་སྤར་གང་གིས་གཏོར་ཏོ། ། དེ་དེ་ནས་ཤི་འཕོས་པ་དང་། དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་། འཛམ་བུའི་གླིང་འདིར་རྒྱལ་པོའི་ཁྱིམ་དེ་ཉིད་དུ་སྐྱེས་སོ། ། བཟང་སྐྱོང་དེའི་ཚེ་དེ་བཞིན་ གཤེགས་པ་དེའི་གསུང་རབ་ལ་དགེ་སློང་ཆོས་སྨྲ་བ་རིན་ཆེན་མཆོག་ཅེས་བྱ་བ་ཞིག་བྱུང་སྟེ། དེས་འཁོར་བཞི་ལ་ཏིང་ངེ་འཛིན་འདི་རྒྱ་ཆེར་སྟོན་ཏོ། ། ཡང་དག་པར་སྒྲོགས་སོ། ། བཟང་སྐྱོང་དེའི་ཚེ་རྒྱལ་པོ་ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་དེ་རྒྱལ་པོའི་བུ་ཚངས་པས་བྱིན་ཞེས་བྱ་བར་གྱུར་ཏེ། དེས་དགེ་སློང་དེ་ཏིང་ ངེ་འཛིན་འདི་འཆད་པ་ཐོས་སོ། ། ཐོས་ནས་ཀྱང་ཐོས་མ་ཐག་ཏུ་དང་བ་རྙེད་པར་གྱུར་ཏེ། དང་བའི་སེམས་ཀྱིས་གསེར་སྟོང་ཕྲག་བརྒྱ་དང་། རས་བཅོས་བུ་ཟུང་གཅིག་གིས་དགེ་སློང་དེ་ལ་གཡོགས་སོ། ། བཟང་སྐྱོང་དེ་ནས་རྒྱལ་པོའི་བུ་ཚངས་པས་བྱིན་དེས་དགེ་སློང་དེ་ལས་ཏིང་ངེ་འཛིན་འདི་ཐོས་ནས།
BOདགེ་སློང་དེས་ལེགས་པར་བཤད་པའི་ཕྱིར་དགབ་པ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཏིང་ངེ་འཛིན་འདི་འདོད་པའི་ཕྱིར་ཆོས་སྨྲ་བའི་དགེ་སློང་དེ་ལས་སྲོག་ཆགས་སྟོང་དུ་ཚང་ བ་དང་ལྷན་ཅིག་ཆོས་འདོད་པས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། ། དེ་རབ་ཏུ་བྱུང་ནས་ལོ་བརྒྱད་སྟོང་དུ་རང་གི་འཁོར་སྲོག་ཆགས་སྟོང་པོ་དེ་དག་དང་ལྷན་ཅིག་ཏུ་དགེ་སློང་དེ་ལ་བསྙེན་བཀུར་བྱེད་ཅིང་རྗེས་སུ་འབྲངས་ཀྱང་མཉན་པ་ཙམ་ཞིག་ ཐོབ་པ་མ་གཏོགས་པར་དགེ་སློང་དེ་ལས་ཏིང་ངེ་འཛིན་འདི་མ་ཐོབ་པོ། ། དེ་ཡང་ལན་གཉིས་མ་ཡིན་གྱི། ལན་ཅིག་ཁོ་ན་ཞིག་ཐོས་ནས་རྗེས་སུ་ཡི་རང་བ་བཞི་པོ་དེ་དག་གིས་རྗེས་སུ་ཡི་རང་ངོ་། ། དེས་སྲོག་ཆགས་སྟོང་དུ་ཚང་བ་དེ་དག་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་དེས་སངས་རྒྱས་སྟོང་ཕྲག་ དྲུག་ཅུ་རྩ་བརྒྱད་མཉེས་པར་བྱས་སོ། ། སྐྱེ་བ་ཐམས་ཅད་དུའང་ཏིང་ངེ་འཛིན་འདི་བཤད་ཅིང་གཞན་དག་ལའང་རྒྱ་ཆེར་ཡང་དག་པར་བསྒྲགས་ཏེ།
BOདེས་རིམ་གྱིས་སངས་རྒྱས་གཞན་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱང་མཉེས་པར་བྱས་སོ། ། དེ་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་ བའི་རྩ་བ་དེ་ཉིད་དང་། ཏིང་ངེ་འཛིན་འདི་ཐོབ་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པ་ ཞེས་བྱ་བར་གྱུར་ཏེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་གོ། ། སྲོག་ཆགས་སྟོང་པོ་དེ་དག་ཀྱང་ཏིང་ངེ་འཛིན་གྱིས་ཡོངས་སུ་སྨིན་པར་བྱས་པའི་དགེ་བའི་རྩ་བ་འདི་ཉིད་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྫོགས་ ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པ་ཞེས་བྱ་བར་གྱུར་ཏེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལ་བཞག་གོ། །
BOབཟང་སྐྱོང་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་དོན་ཆེ་བ་ལ་ལྟོས། འདི་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་ཚིག་ཏུ་བརྗོད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་ན། བཟང་སྐྱོང་བྱང་ཆུབ་ སེམས་དཔའ་གང་ཏིང་ངེ་འཛིན་འདི་ཐོས་ནས་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྒྲོགས་པ་དང་། སྒོམ་པའི་སྦྱོར་བ་ལ་བརྩོན་པར་གནས་པ་ལྟ་ཅི་སྨོས་ཏེ། བཟང་སྐྱོང་ཏིང་ངེ་འཛིན་འདི་ཐོས་ནས་རྗེས་སུ་ཡི་རང་བར་ མི་བྱེད། ལུང་ནོད་པར་མི་བྱེད། ཀུན་ཆུབ་པར་མི་བྱེད། འཆང་བར་མི་བྱེད། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྒྲོགས་པར་མི་བྱེད། སྒོམ་པའི་སྦྱོར་བ་ལ་བརྩོན་པར་མི་གནས་པ་ལྟ་སུ་ཞིག་ཡོད། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་འདི་ལྟར་ཏིང་ངེ་འཛིན་འདི་ཐོས་པས་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། ། བཟང་སྐྱོང་དེ་བས་ན་ཁྱོད་མོས་པར་བྱའོ། ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །
BOབྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས། གལ་ཏེ་ ཏིང་ངེ་འཛིན་འདི་དཔག་ཚད་ཙམ་ན་ཡོད་པར་ཐོས་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་དོན་དུ་གཉེར་བ་དེས་ཏིང་ངེ་འཛིན་འདི་མཉན་པའི་ཕྱིར་དཔག་ཚད་ཙམ་གྱི་བར་དེར་འགྲོ་བར་བྱའོ། ། ཐོས་ནས་ཀྱང་གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་བསྟན་པར་བྱ། བཤད་པར་བྱ། བསྒྲག་པར་བྱའོ། ། བསྒོམ་པ་ལ་ཡང་མངོན་པར་དགའ་བར་བྱའོ། ། བཟང་སྐྱོང་དཔག་ཚད་ཙམ་ལྟ་ཞོག་གི ། དཔག་ཚད་གཉིས་ཙམའམ། དཔག་ཚད་གསུམ་ཙམའམ། དཔག་ཚད་བཞི་ཙམའམ། དཔག་ཚད་ ལྔ་ཙམ་ནས་དཔག་ཚད་བཅུའི་བར་ཙམའམ། བཟང་སྐྱོང་དཔག་ཚད་བཅུ་ཙམ་ལྟའང་ཞོག་གི ། གལ་ཏེ་བྱང་ཆུབ་སེམས་དཔས་དཔག་ཚད་བརྒྱ་ན་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལྗོངས་ཀྱི་ཕྱོགས་ཆེ་གེ་མོ་ཞིག་ན་སྤྱོད་དོ་ཞེས་ཏིང་ངེ་འཛིན་འདི་ དཔག་ཚད་བརྒྱའི་བར་ཙམ་ན་ཡོད་པར་ཐོས་ན་ཡང་།
BOབཟང་སྐྱོང་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་དོན་དུ་གཉེར་བ་དེས་ཞུམ་པ་མེད་པ་དང་། སྙོམ་ལས་མེད་པ་དང་། འཇིགས་པ་མེད་པ་དང་། སྒྱིད་ལུག་པ་མེད་པ་དང་། གདུང་བ་མེད་པའི་སེམས་དང་། བརྩོན་ འགྲུས་བརྩམས་པ་མི་ལྷོད་པས་ཏིང་ངེ་འཛིན་འདི་ཐ་ན་མཉན་པ་ཉི་ཙེ་ཙམ་གྱི་ཕྱིར་ཡང་དཔག་ཚད་བརྒྱ་པོ་དེར་འགྲོ་བར་བྱ་ན་ལུང་མནོད་པ་དང་། ཀུན་ཆུབ་པར་བྱ་བ་དང་། བསྒྲག་པར་བྱ་བ་དང་། བསྒོམ་པར་བྱ་བའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་འདི་ལྟར་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་ཏིང་ངེ་འཛིན་འདི་ལ་རག་ལས་པའི་ཕྱིར་རོ། ། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་དོན་དུ་གཉེར་བ་དེ་དག་གིས་དཔག་ཚད་བརྒྱ་པོ་དེར་སོང་ནས། གང་ལས་ཏིང་ངེ་འཛིན་འདི་ཐོས་པར་གྱུར་པའི་སློབ་ དཔོན་དེ་ལ་དེས་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། ། ཆོས་སྨྲ་བའི་རིགས་ཀྱི་བུ་དེ་ལ་བསྙེན་བཀུར་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ཅིང་ཕྱི་བཞིན་འབྲང་བར་བྱའོ། ། ཐ་ན་ཏིང་ངེ་འཛིན་འདི་མཉན་པ་ཙམ་གྱི་ཕྱིར་ཡང་ལོ་གཅིག་གམ།
BOགཉིས་སམ། གསུམ་མམ། བཞིའམ། ལྔའམ། ལོ་བཅུའམ། བརྒྱའམ། ཇི་སྲིད་འཚོ་བའི་བར་དུ་ཕྱི་བཞིན་འབྲང་བར་བྱ་ན་ལུང་མནོད་པའམ། ཀུན་ཆུབ་པར་བྱ་བའམ། བྲི་བའམ། བཅང་བའམ། བསྒྲག་པའམ། བསྒོམ་པའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་རང་ཉམ་གཏང་བར་ བྱ་སྟེ། བཏང་ནས་ཀྱང་སློབ་དཔོན་དེའི་བློ་བཞིན་དུ་འཇུག་པར་བྱའོ། ། གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པས་སློབ་དཔོན་གྱི་ཕྱིར་འབྲང་བར་བྱའོ། ། བཀའ་བཞིན་དུ་བྱེད་པས་ཕྱི་བཞིན་འབྲང་བར་བྱའོ། ། བཀའ་མི་གཅོག་པ་དང་། མཛའ་བ་བརྟག་པ་དང་། ངོ་མི་རྟག་པ་སྤངས་པ་དང་། ཉེས་པར་ལྟ་བ་མེད་པས་ཕྱི་བཞིན་འབྲང་བར་བྱའོ། ། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་ཀྱང་བསྐྱེད་པར་བྱའོ། ། དེ་ལ་སྟོན་པའི་འདུ་ཤེས་ཀྱང་ཉེ་བར་གཞག་པར་བྱའོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་དེས་སློབ་དཔོན་དེ་ལ་དེ་ལྟར་ནན་ཏན་བྱེད་ན་སྔོན་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་ བསགས་པ་མ་གཏོགས་པར་ཐ་ན་ཏིང་ངེ་འཛིན་འདི་ཉན་པ་ཙམ་ཡང་མི་ཐོབ་པ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ། ། བྱང་ཆུབ་སེམས་དཔའ་དེས་སློབ་དཔོན་དེ་ལ་ཁྲེལ་ཡོད་པ་དང་།
BOབྱས་པ་གཟོ་བ་དང་བྱས་པ་ཤེས་པར་བྱའོ། ། དེ་ལྟར་ན་དེའི་ཏིང་ངེ་འཛིན་དེའི་ཚིག་དང་ཡི་གེ་དེ་ཡུན་ རིང་དུ་གནས་པ་དང་། རྨོངས་པ་མེད་པར་འགྱུར་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་གྲོང་གཞན་ན་ཡོད་པར་ཐོས་སམ་གྲོང་གི་ཞིང་གཞན་ན་ཡོད་པར་ཐོས་ལ། ཐོས་ནས་ཀྱང་ཐ་ན་མཉན་པ་ཙམ་གྱི་ཕྱིར་ཡང་འགྲོ་བར་བྱ་བ་ལྟ་ཅི་སྨོས། ལུང་མནོད་པར་བྱ་བ་དང་། ཀུན་ཆུབ་པར་ བྱ་བ་དང་། བཅང་བར་བྱ་བ་དང་། བཀླག་པར་བྱ་བ་དང་། བྲི་བར་བྱ་བ་དང་། བསྒོམ་པར་བྱ་བ་དང་། གཞན་དག་ལ་ཡང་ཡང་དག་པར་བསྒྲག་པར་བྱ་བའི་ཕྱིར་ལྟའང་སྨོས་ཀྱང་ཅི་དགོས། བཟང་སྐྱོང་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་ཚོལ་བས་ཐ་ན་ཏིང་ངེ་འཛིན་འདི་ཐོས་པ་ཙམ་ཡང་ ཐོབ་པ་ནི་བཟང་སྐྱོང་ཁྱོད་མོས་པར་བྱ་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ཏིང་ངེ་འཛིན་འདི་ཉིད་ཚོལ་བའི་དགེ་བའི་རྩ་བ་དང་། ཆོས་དོན་དུ་གཉེར་བའི་དགེ་བའི་རྩ་བ་དང་ཆོས་འདོད་པའི་དགེ་བའི་རྩ་བ་དང་། བརྩོན་འགྲུས་བརྩམས་པའི་དགེ་བའི་རྩ་བས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱ་ན།
BOབཟང་སྐྱོང་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་ལུང་ནོད་པར་བྱེད། ཀུན་ཆུབ་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད་ལ། ལུང་མནོད་པ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། བཀླག་པར་བྱས་ ནས་ཀྱང་གཞན་དག་ལ་སྟོན་པར་བྱེད། སྒྲོགས་པར་བྱེད། ཡང་དག་པར་སྒྲོགས་པར་བྱེད་ཅིང་བསྒོམ་པའི་སྦྱོར་བ་ལ་བརྩོན་པར་གནས་པ་ལྟ་སྨོས་ཀྱང་ཅི་དགོས་དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྔོན་གྱི་དེ་བཞིན་གཤེགས་པ་མི་ཡི་མཆོག ། སེང་གེ་བློ་ གྲོས་ཞེས་བྱ་རྗེས་དྲན་ཏེ། ། དེར་ནི་མི་ཡི་དབང་པོ་རྒྱལ་པོ་དེས། ། ཏིང་འཛིན་འདི་ནི་དེ་ཚེ་ཐོས་པར་གྱུར། ། རྒྱལ་པོས་ཏིང་འཛིན་འདི་ནི་ཐོས་ནས་ཀྱང་། ། སེམས་མགུ་དགའ་བ་དཔེ་མེད་པས་བཟུང་སྟེ། ། མི་མཆོག་སངས་རྒྱས་སེང་གེའི་བློ་གྲོས་ལ། ། སྤར་གང་གི་ནི་རིན་པོ་ཆེ་ས་ཀྱང་གཏོར། ། བཅོམ་ལྡན་འདས་ཀྱིས་ལེགས་གསུངས་ཏིང་འཛིན་འདི། ། སེམས་ཅན་ཐམས་ཅད་ལ་ནི་ཕན་པར་ཤོག ། ཁྱོད་ལ་སྐྱབས་སུ་དེ་རིང་མཆིའོ་ཞེས། ། དེ་སྙམ་བསམས་ནས་ཚིག་ཏུའང་བརྗོད་པར་གྱུར། ། རྒྱལ་པོ་དེ་ནི་དེ་ཡི་ལས་ཀྱིས་ནི། ། ཤི་ནས་དེ་ཉིད་དུ་ནི་ཡང་སྐྱེས་ཏེ། །
BOདེས་ནི་དགེ་ སློང་རིན་ཆེན་ཞེས་བྱ་བར། ། ཕྱོགས་སུ་གྲགས་པ་མཐུ་ཆེན་མཐོང་བར་གྱུར། ། དེ་ལས་དེ་ཉིད་ཀྱང་ནི་ཐོས་གྱུར་ཏེ། ། ཐོས་ནས་དགའ་བ་ཤིན་ཏུ་རྒྱས་པ་སྐྱེད། ། བསྐྱེད་ནས་བྱང་ཆུབ་ཞུགས་པ་དགའ་གྱུར་ཏེ། ། གསེར་དང་གོས་ཀྱིས་དགེ་སློང་དགབ་བྱས་ནས། ། དེ་ནི་ཏིང་འཛིན་འདི་ཡང་འདོད་ པའི་ཕྱིར། ། སྲོག་ཆགས་སྟོང་དང་ལྷན་ཅིག་རབ་ཏུ་བྱུང་། ། ལོ་ནི་སྟོང་ཕྲག་བརྒྱ་སྙེད་ཚང་བར་ཡང་། ། དེ་དག་ཀུན་གྱི་དགེ་སློང་དེ་ཕྱིར་འབྲངས། ། ཐོས་པ་རྒྱ་མཚོ་ལྟ་བུའི་ཏིང་འཛིན་འདི། ། ལན་གཉིས་མ་ཡིན་ལན་གཅིག་ཁོ་ན་ཐོས། ། དེ་ཡི་དྲན་པ་སྐྱོ་བ་མ་སྐྱེས་ཤིང་། ། ཏིང་འཛིན་ཞི་བ་འདི་ནི་ ཡོངས་སུ་ཚོལ། ། དེ་དག་ཀུན་གྱིས་ལས་འདི་བྱས་པའི་ཕྱིར། ། སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཚང་བ་ཡི། ། སངས་རྒྱས་མཐུ་ཆེན་རྣམས་ནི་མཉེས་པར་བྱས། ། དེ་ལས་ཏིང་འཛིན་འདི་ནི་ཐོས་པར་གྱུར། ། དེ་བས་བདེ་བར་གཤེགས་པ་གཞན་དག་ཀྱང་། ། སྟོང་ཕྲག་དྲུག་ཅུ་རྩ་ བརྒྱད་ཚང་བ་མཆོད། ། བདེ་བར་གཤེགས་པ་སེང་གེའི་བློ་གྲོས་ལ། ། བདག་ནི་རྗེས་སུ་ཡི་རང་བགྱིད་ཅེས་བརྗོད། ། བསོད་ནམས་བྱས་པ་དེ་ཡིས་རྒྱལ་པོ་དེ། །
BOབརྩོན་འགྲུས་བརྟན་པ་ཞེས་བྱའི་སངས་རྒྱས་གྱུར། ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བསམ་མི་ཁྱབ། ། ཐམས་ཅད་དེ་ཡིས་སྐྱེ་ ཞིང་འཆི་ལས་བཀྲོལ། ། སྟོང་དུ་ཚང་བའང་རྗེས་སུ་སློབ་སློབ་ནས། ། སངས་རྒྱས་གྱུར་ཏེ་དཔའ་བརྟན་ཞེས་བྱ་བར། ། ལྷར་བཅས་འཇིག་རྟེན་ལ་ནི་གྲགས་པར་གྱུར། ། ཏིང་འཛིན་སྒྲས་ཀྱང་བྱང་ཆུབ་རེག་གྱུར་ན། ། སྲིད་པ་ཐམས་ཅད་ལ་ནི་མི་བརྟེན་པར། ། གང་ཞིག་ཏིང་འཛིན་འདི་ནི་རྒྱ་ཆེ་བར། ། སྟོན་པ་དེ་དག་བྱང་ཆུབ་འགྱུར་བར་ནི། ། སྨོས་ཅི་དགོས་ཏེ་ནམ་ཡང་ཐེ་ཙོམ་མེད། ། སངས་རྒྱས་ཀྱིས་གསུངས་ཏིང་འཛིན་ཞི་བ་འདི། ། དཔག་ཚད་བརྒྱ་ན་གལ་ཏེ་ཡོད་གྱུར་ཀྱང་། ། བྱང་ཆུབ་དོན་དུ་གཉེར་བ་ཉིན་མཚན་དུ། ། ནམ་ཡང་མི་འདུག་སོང་སྟེ་མཉན་པར་བྱ། ། གལ་ཏེ་སོང་ནས་འདི་ནི་ མ་རྙེད་ན། ། འོན་ཀྱང་དེ་ཡི་བསོད་ནམས་ཚད་མེད་དེ། ། དེ་ནི་དེ་ཡི་བྱང་ཆུབ་བསྐྱེད་ཡིན་ན། ། གང་གིས་སོང་སྟེ་འདི་ཐོས་སྨོས་མི་དགོས། ། དེ་ཕྱིར་གང་ཞིག་ཏིང་འཛིན་འདི་འདོད་པས། ། དང་པོར་ཚངས་པས་བྱིན་དེ་དྲན་པར་བྱོས། ། དགེ་སློང་གང་ལ་ཏིང་འཛིན་འདི་ཡོད་ལ། ། སྐྱོ་བའི་ སེམས་ནི་མེད་པར་བསྟེན་པར་བྱ། ། རྗེས་སུ་དྲན་ཏེ་སྐྱེ་བ་སྔ་མ་ལ། །
BOསྟོང་ཕྲག་སུམ་ཅུ་རྩ་དྲུག་ལོ་ཚང་བར། ། ངས་ནི་ཆོས་སྨྲ་བ་ལ་རྟག་བརྟེན་ཀྱང་། ། ཏིང་འཛིན་འདི་ནི་ནམ་ཡང་ཐོས་མ་གྱུར། ། སྔོན་གྱི་སངས་རྒྱས་བདེན་པ་ཞེས་བྱ་བྱུང་། ། དེ་ན་དགེ་སློང་གཞོན་ནུ་ཐོས་མང་ཞིང་། ། བདེ་ བར་གཤེགས་པའི་བསྟན་པ་ནུབ་འོག་ཏུ། ། དེ་ཚེ་དེས་ནི་ཏིང་འཛིན་འདི་ཉིད་བཟུང་། ། ང་ནི་དེ་ན་རྒྱལ་རིགས་རྒྱལ་པོ་སྟེ། ། དགེ་སློང་ཆེ་གེ་མོ་ཞིག་ཏིང་འཛིན་འདི། ། འཛིན་གྱིས་དྲུང་དུ་ལེགས་པར་ཉོན་ཅིག་ཅེས། ། རྨི་ལམ་དུ་ནི་ཏིང་འཛིན་འདི་ཐོས་ནས། ། མྱུར་དུ་ལངས་ཏེ་རིངས་པའི་ཚུལ་གྱིས་ ནི། ། འདི་འཛིན་པ་ཡི་དགེ་སློང་དེ་བཙལ་ཏེ། ། མཐོང་ནས་རབ་ཏུ་བྱུང་བ་དེ་ལས་ནི། ། འདི་ཉིད་ལན་འགའ་ཐོས་ལྟ་སྲིད་དམ་ཞེས། ། སྟོང་ཕྲག་དྲུག་ཅུ་རྩ་དྲུག་ལོ་ཚང་བར། ། ངས་ནི་དགེ་སློང་དེ་ལ་དགའ་བས་བཀུར། ། བདུད་ཀྱིས་བྱིན་གྱིས་བརླབས་པར་གྱུར་པའི་ཕྱིར། ། ལན་འགའ་ཙམ་ ཡང་ཐོས་པར་མ་གྱུར་ཏེ། ། དེ་ཕྱིར་དགེ་སློང་རྣམས་དང་དགེ་སློང་མ། ། དགེ་བསྙེན་དག་དང་དགེ་བསྙེན་མ་རྣམས་ལ། ། ཏིང་འཛིན་ཐོས་ནས་མྱུར་དུ་ཟུང་ཤིག་ཅེས། ། མོས་པར་བྱེད་ཅིང་ཁོང་དུ་ཆུད་པར་བྱེད། ། དེར་ནི་བསྐལ་པ་ཚང་བར་འདུག་ནས་ཀྱང་།
BO། ཏིང་འཛིན་འཛིན་པ་དེ་ནི་བསྙེན་ཅིང་ བསྟེན། ། བསྐལ་པ་སྟོང་དུ་ལེགས་པར་བསྙེན་བཀུར་བྱས། ། དེས་ནི་ཏིང་འཛིན་འདི་ཡང་བཤད་པར་གྱུར། ། ཏིང་འཛིན་རྡུལ་མེད་འདི་ལ་རབ་སྤྱོད་པའི། ། དགེ་སློང་གྲོང་དུ་སློང་བ་དེ་ཉིད་ལ། ། བཟའ་བ་དང་ནི་བཅའ་དང་མལ་ཆ་དང་། ། དེ་བཞིན་གོས་ཀྱང་བྱེ་བ་བྱིན་པར་གྱུར། ། བཅའ་དང་ བཟའ་དང་མལ་སྟན་དེ་བཞིན་གོས། ། མང་པོ་བྱེ་བ་ཐམས་ཅད་ལྟ་ཡང་ཞོག ། གལ་ཏེ་རང་གི་ཤ་བྱིན་ཐོབ་ན་ནི། ། ལེགས་སྤྱད་ཡིན་ན་ཟས་སྐོམ་སྨོས་ཅི་དགོས། ། རྟག་ཏུ་བྲན་གྱུར་བསྙེན་བཀུར་བྱེད་ཅིང་ནི། ། ཏིང་འཛིན་ཞི་བ་འདི་ཡང་ཚོལ་བྱེད་ལ། ། མཁས་པས་རྙེད་ནས་དེ་ཡང་མྱུར་བྱེད་ ཀྱང་། ། དེ་ལ་བྱས་པ་གཟོ་བ་མ་ཡིན་ནོ། ། བསྐལ་པ་མང་པོ་བྱེ་བར་བཙལ་ཀྱང་ནི། ། ཏིང་འཛིན་འདི་ནི་ཤིན་ཏུ་རྙེད་པར་དཀའ། ། འདི་ཡི་སྒྲ་ཡང་བརྒྱ་ལམ་ཐོས་འགྱུར་ན། ། ཁ་ཏོན་བྱས་ནས་སྟོན་པ་སྨོས་ཅི་དགོས། ། གང་གིས་གང་གཱའི་བྱེ་སྙེད་འཇིག་རྟེན་ཁམས། ། རིན་པོ་ཆེས་ནི་བཀང་སྟེ་ བྱིན་པ་བས། ། གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། ། དེ་ཡི་བསོད་ནམས་ཚད་གཟུང་མི་སླའོ། ། བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །
BOགང་རྟག་བརྩོན་འགྲུས་བརྩམས་ཏེ་གནས་པ་བས། ། གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། ། དེ་ཡི་བསོད་ ནམས་ཚད་གཟུང་མི་སླའོ། ། བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། ། གང་རྟག་མི་རྟེན་བསམ་གཏན་སྒོམ་པ་བས། ། གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། ། དེ་ཡི་བསོད་ནམས་ཚད་གཟུང་མི་སླའོ། ། བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། ། གང་རྟག་ཤེས་རབ་གནས་ པར་གྱུར་པ་བས། ། གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། ། དེ་ཡི་བསོད་ནམས་ཚད་གཟུང་མི་སླའོ། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། ། ། ། བཟང་སྐྱོང་དེ་བས་ན་དད་པའི་རིགས་ཀྱི་བུའམ། རིགས་ ཀྱི་བུ་མོས་ཏིང་ངེ་འཛིན་འདི་གུས་པར་བྱས་ཏེ་མཉན་པར་བྱའོ། ། ཐོས་ནས་ཀྱང་གཟུང་བར་བར་བྱ། ཀུན་ཆུབ་པར་བྱ། ཡི་གེར་བྲི་བར་བྱ། བཅང་བར་བྱ། བཀླག་པར་བྱའོ། ། བཟུང་ཞིང་ཀུན་ཆུབ་པར་བྱས་ནས་ཀྱང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྒྲག་པར་བྱའོ། ། ལེགས་པར་བྲིས་ ཏེ་གཞག་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ང་འདས་པའི་འོག་ཏུ་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའ་དད་པ་ཅན་དང་བ།
BOབརྟག་པ་མང་བ་མང་པོ་འབྱུང་བར་འགྱུར་ཏེ། དེ་དག་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་མང་དུ་ཐོས་པ་ཚོལ་བར་འགྱུར་རོ། ། དེ་དག་མང་ དུ་ཐོས་པ་ཚོལ་བས་དམ་པའི་ཆོས་ཚོལ་བའི་ཕྱིར་ཕྱོགས་དང་ཕྱོགས་མཚམས་དག་ཏུ་རྒྱུ་བར་འགྱུར་ཏེ། བཟང་སྐྱོང་སེམས་ཅན་དེ་ལྟ་བུ་ཆོས་དོན་དུ་གཉེར་བ། ཆོས་ལ་མོས་པ། ཆོས་འདོད་པ། ཆོས་ཡོངས་སུ་འཛིན་པ། ཤིན་ཏུ་རྒྱས་པ་འཛིན་པའི་སེམས་ཅན་རྣམས་ཀྱི་དོན་དང་ཆེད་དུ་ ཏིང་ངེ་འཛིན་འདི་ལུང་མནོས་ཤིང་བསྟན་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ཏེ། གླེགས་བམ་ཆེན་པོར་ལེགས་པར་བྲིས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱས་བཏབ་ལ་གཞག་པར་བྱའོ། ། བཟང་སྐྱོང་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱ་ གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་བྱེད་པ་མེད་པ། བྱ་བ་མེད་པ། མངོན་པར་འདུས་མ་བྱས་པ། ཆགས་པ་མེད་པ། དམིགས་སུ་མེད་པ། སྟོང་པ་ཉིད། མཚན་མ་མེད་པ། སྨོན་པ་མེད་པ། མཚན་ཉིད་མེད་པ། གཉིས་སུ་མེད་པ། འཇུག་པ་མེད་པ། བརྟེན་པ་མེད་པ། བགྲང་དུ་མེད་པ། རྣམ་པར་གཞག་ཏུ་མེད་པ། གཟུང་བ་མེད་པ། དོར་བ་མེད་པ། གནས་པ་མེད་པ། ཆོས་ཐམས་ཅད་རྟག་པ་མེད་པ།
BOཆད་པ་མེད་པ། རྒྱུ་ཟད་པ། སྡུག་བསྔལ་ཟད་པ། དངོས་པོ་ཟད་པ། མི་སྐྱེ་བ། མི་འགག་པ། མི་གནས་པ། མི་འཇིག་པ། ལམ་མེད་པ། ལམ་གྱི་འབྲས་བུ་མེད་པ། འཕགས་པ་ཐམས་ཅད་ཀྱིས་མ་དཀྲུགས་པ། བྱིས་པ་ཐམས་ཅད་ཀྱིས་སྤངས་པ། མི་ཤེས་པ་རྣམས་ཀྱིས་བོར་བ། མཁས་པ་རྣམས་ཀྱིས་ཡོངས་སུ་བཟུང་བ་སྟེ། བཟང་སྐྱོང་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་རྒྱ་གང་གིས་དེ་བཞིན་གཤེགས་པས་གསུངས་ པ་རྣམས་ལ་བཏབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའོ། ། བཟང་སྐྱོང་དེ་བས་ན་བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཕྱི་མའི་ཚེ་ཕྱི་མའི་དུས་དེར་ཏིང་ངེ་འཛིན་འདི་ལུང་མནོད་པར་འདོད་པས། ལུང་མནོས་ཤིང་ཁ་ཏོན་དུ་བྱས་ནས་གཞན་དག་ལ་ཡང་རྒྱ་ ཆེར་ཡང་དག་པར་བསྒྲག་པར་བྱའོ། ། བཟང་སྐྱོང་དེ་ལ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཐ་ན་ཏིང་ངེ་འཛིན་འདི་མཉན་པའི་ཕྱིར་ཡང་བརྩོན་པར་འགྱུར་ན་ལུང་མནོད་པ་དང་། ཁ་ཏོན་བྱ་བའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། བཞི་གང་ཞེ་ན། སྔོན་ལྷག་པའི་བསམ་པ་ཡོངས་སུ་སྦྱངས་ པ་དང་། སྔོན་སྨོན་ལམ་བཏབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མོས་པ་དང་།
BOཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ཡང་དག་པར་བསྒྲུབས་པའི་ཆོས་དཀོན་མཆོག་གི་ མཛོད་འདི་འཆང་བར་འགྱུར། སྟོན་པར་འགྱུར་སྙམ་ནས་ཆོས་ཀྱི་ཚུལ་ཐམས་ཅད་ལེན་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་མཉན་པ་དང་། གཟུང་བ་དང་། བཅང་བའི་ཕྱིར་བརྩོན་པར་འགྱུར་རོ། ། བཟང་སྐྱོང་གཞན་ཡང་ཆོས་བཞི་ དང་ལྡན་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་བཙལ་བ་ལ་ཐ་ན་ཡི་གེར་བྲི་བ་ཙམ་གྱི་ཕྱིར་ཡང་བརྩོན་པར་འགྱུར་རོ། ། བཞི་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་ཡིད་ལ་བྱེད་པ་དང་། ཕྱི་ཕྱིར་ཞིང་ཆོས་རྗེས་སུ་དྲན་པ་ལ་མཁས་པ་དང་། ཆོས་ཐམས་ཅད་དམིགས་པ་ཡོངས་སུ་གཅོད་པ་ཡིད་ལ་ བྱེད་པ་དང་། མཚན་མ་ཐམས་ཅད་རྣམ་པར་འཇིག་པ་ལ་མཁས་པ་སྟེ། བཟང་སྐྱོང་ཆོས་དེ་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་བཙལ་བ་ལ་ཐ་ན་བྲི་བ་ཙམ་གྱི་ཕྱིར་ཡང་བརྩོན་པར་འགྱུར་རོ། ། བཟང་སྐྱོང་དེ་ལ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་བཙལ་ བ་ལ་བརྩོན་པར་རིག་པར་བྱའོ། །
BOབཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་གཟུང་དུ་མེད་པའི་དངོས་པོར་ཡོངས་སུ་གཅོད་པའི་ཤེས་པས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པར་རིག་པར་བྱའོ། ། སངས་རྒྱས་ཀྱི་སྐུ་དམིགས་པ་རྣམ་པར་སྒོམ་པ་ལ་ མཁས་པས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པར་རིག་པར་བྱའོ། ། དམིགས་པ་ཐམས་ཅད་དུ་སངས་རྒྱས་དམིགས་པ་ཡིད་ལ་བྱེད་པས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པར་རིག་པར་བྱའོ། ། ཆོས་ཐམས་ཅད་དངོས་པོ་དང་བྲལ་བར་མོས་པ་ལ་མཁས་པས་བྱང་ ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པར་རིག་པར་བྱ་སྟེ། བཟང་སྐྱོང་ཆོས་དེ་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་བཙལ་བ་ལ་མངོན་པར་བརྩོན་པར་རིག་པར་བྱའོ། ། བཟང་སྐྱོང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ཀུན་ཏུ་འཁྲུག་པའི་ཚེ་སེམས་ཅན་ཐམས་ ཅད་ལ་ཕན་གདགས་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་བཙལ་བ་ལ་བརྩོན་པར་གྱུར་ཅིང་། དེ་འདི་སྙམ་དུ་ཏིང་ངེ་འཛིན་འདི་ཇི་ལྟར་ན་ཤིན་ཏུ་རྒྱས་པ་དང་། རྒྱ་ཆེ་བ་དང་། ཡུན་རིང་དུ་གནས་པར་འགྱུར་སྙམ་དུ་སེམས་བསྐྱེད་པར་གྱུར་ན།
BOརིགས་ཀྱི་བུ་ དེའི་བསོད་ནམས་མང་དུ་བསྐྱེད་དེ། བསོད་ནམས་ཀྱི་ཕུང་པོ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་གཞོལ་བར་རིག་པར་བྱ་བ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་རྟོགས་པར་མི་ནུས་སོ། ། དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དེ་སྨོན་ལམ་གྱི་དབང་གིས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་གཞོལ་ བར་འགྱུར་ཏེ། དགེ་བའི་རྩ་བའི་ཚོགས་ཆེན་པོ་དང་ལྡན་པ། བདག་མེད་པར་གནས་པ་ལས་ངེས་པར་བྱུང་བ། གང་དག་གིས་བསྐལ་པ་ཚད་མེད་གྲངས་མེད་གཞལ་དུ་མེད་བསམ་གྱིས་མི་ཁྱབ་པའམ། དེ་བས་ཀྱང་ལྷག་པར་གོ་ཆ་ཆེན་པོ་བགོས་པ་རྣམས་ནི་མ་གཏོགས་ཏེ། དེ་དག་ཐམས་ཅད་ནི་ བསམ་པ་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། དེ་དག་ཐམས་ཅད་ནི་སྤྱོད་པའི་ཁྱད་པར་ཇི་ལྟ་བ་དང་། ཚོགས་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་ངོ་། ། བཟང་སྐྱོང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་ཐམས་ཅད་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འདོད་པ་དང་།
BOདགེ་བའི་རྩ་བ་རྣམ་པར་དག་པ་ཐོབ་པར་འདོད་པས་ཕྱི་མའི་དུས་ཕྱི་མའི་ཚེ་འཇིགས་པ་ཆེན་པོ་འབྱུང་བ་དམ་པའི་ཆོས་རྣམ་པར་འཇིག་པའི་དུས་དེར་ཏིང་ངེ་འཛིན་འདི་ཡི་གེར་བྲི་བ་དང་། ལུང་མནོད་པ་དང་། ཁ་ཏོན་བྱ་བ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྒྲག་པར་བྱ་བའི་ཕྱིར་སྦྱོར་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་བཟང་སྐྱོང་ཏིང་ངེ་འཛིན་འདིའི་ནང་དུ་འདུས་སོ། ། སངས་རྒྱས་རྗེས་སུ་དྲན་པ་ལ་མཁས་པ་བསྒྲུབས་པས། ཆོས་ ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་རྟོགས་པ་འདི་ནི་སངས་རྒྱས་རྗེས་སུ་དྲན་པ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དམིགས་པ་ཐམས་ཅད་སངས་རྒྱས་ལ་དམིགས་པར་མོས་སོ། ། དམིགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་མཐར་འཇུག་པར་བྱེད་དོ། ། དམིགས་ པ་དངོས་པོ་ཐམས་ཅད་རང་བཞིན་གྱིས་ཡ་མ་བརླར་ཤེས་སོ། ། དེ་དག་ཇི་ལྟ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་དམིགས་པར་བྱེད་པ་དང་། ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་དེ་དག་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་སྟེ།
BOདེ་ལྟ་བུ་ལ་གནས་པ་དེ་དག་ནི་ཕྱོགས་གང་དུ་ཡང་དེ་བཞིན་གཤེགས་པ་ མངོན་སུམ་དུ་མི་འགྱུར་བ་མེད་དེ། དེ་དག་ནི་ཕྱོགས་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་སྦྱོང་ངོ་། ། དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་ནས་ཚེགས་ཆུང་ངུས་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དམིགས་པ་བྱས་ན་འདི་ཉིད་དུ་དེ་བཞིན་གཤེགས་པ་དེ་དག་མངོན་སུམ་དུ་མཐོང་ བར་འགྱུར་རོ། ། ཚད་མེད་པས་དེ་དག་གི་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བ་ཡོངས་སུ་དག་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཚད་མེད་པ་རྣམས་དེའི་མིག་ལམ་དུ་སྣང་བར་འགྱུར་རོ། ། དམིགས་པ་ཐམས་ཅད་ཀྱི་རང་བཞིན་ནི་གཟུང་བ་མེད་པའི་ཕྱིར། དམིགས་པ་གཅིག་གིས་དམིགས་ པ་ཐམས་ཅད་འཛིན་པ་ཡང་མ་ཡིན། དམིགས་པ་ཐམས་ཅད་ཀྱིས་དམིགས་པ་གཅིག་འཛིན་པ་ཡང་མ་ཡིན་ནོ། ། ཆོས་ཐམས་ཅད་ཀྱི་རང་བཞིན་ཉེ་བར་བརྟགས་ན་ཤིན་ཏུ་ཉེ་བར་ཞི་བའི་ཕྱིར་དངོས་པོ་མེད་པ་ཉིད་དུ་གྲུབ་པའོ། ། བཟང་སྐྱོང་དེ་ལྟ་བུ་ལ་གནས་པ་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ མཐོང་བ་རྣམ་པར་དག་པར་འགྱུར་ལ། རྣམ་པར་དག་ནས་ཀྱང་རློམ་སེམས་སུ་མི་བྱེད། སྤྲོས་པར་མི་བྱེད་དེ།
BOདེ་དག་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ ཅད་ཀྱང་ཡོངས་སུ་རྫོགས་པ་ལ་གནས་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དེ་བཞིན་གཤེགས་པས་གང་དག་གསུངས་པ་ནི། ། ཇི་ལྟ་བཞིན་དུ་ཡེ་ཤེས་འཇུག་པ་ཡིན། ། དེ་ནི་འཇིག་རྟེན་གཙོ་བོ་སྟོན་པའི་སྲས། ། ཏིང་ངེ་ འཛིན་འདི་ལ་ནི་ཡིད་ཀྱང་བརྩོན། ། གང་གིས་སངས་རྒྱས་དམིགས་པ་རྗེས་དྲན་པ། ། དམིགས་པའི་དོན་ནི་དུ་མ་མཐོང་བར་འགྱུར། ། དེ་ལ་ཏིང་འཛིན་ཞི་བ་བལྟ་དཀའ་འདི། ། ཕྱི་མའི་དུས་ན་མངོན་སུམ་དུ་ཡང་འགྱུར། ། མཁས་པ་གང་ཞིག་ཆོས་ཀུན་མི་རྟེན་ཅིང་། ། སེམས་ཅན་དག་ལ་ ཕན་ཕྱིར་ཡིད་བརྩོན་པ། ། དེ་དག་ཕྱི་དུས་འཇིགས་པ་ཆེན་པོའི་ཚེ། ། ཏིང་ངེ་འཛིན་འདི་ལ་ནི་སྦྱོར་བར་འགྱུར། ། སེམས་ཅན་རྣམས་ལ་ཕན་ཞིང་གཟུང་བའི་ཕྱིར། ། གང་ཞིག་རྟག་ཏུ་བལྟ་དཀའ་ཆོས་འདི་ལ། ། དྲན་པ་བརྟན་པར་འཇོག་ཅིང་བརྩོན་བྱེད་པ། ། དེ་ཡི་ལག་ཏུ་ཏིང་འཛིན་ འདི་འགྲོ་འགྱུར། ། གང་ཞིག་དྲན་དང་བློ་གྲོས་རྟོགས་པ་དག །
BOསངས་རྒྱས་དམིགས་པར་རྟག་ཏུ་འཇོག་བྱེད་ཅིང་། ། གཞན་དྲིང་མི་འཇོག་རྣལ་འབྱོར་བརྩོན་པ་དེ། ། ཏིང་འཛིན་ཆེན་པོ་འདི་ལ་གནས་པར་འགྱུར། ། རྗེས་སུ་གཟུང་ཕྱིར་བལྟ་དཀའ་ཚིག་ལ་གནས། ། འཇིག་རྟེན་ ཐམས་ཅད་ལ་ནི་ཡིད་སྐྱོ་ཞིང་། ། མཁས་པ་སྲིད་པ་ཐམས་ཅད་མི་འདོད་པ། ། དེ་དག་ཏིང་འཛིན་ཆེན་པོ་འདི་ལ་བརྩོན། ། བྱང་ཆུབ་འདོད་ཅིང་ཕན་ཕྱིར་སྙིང་བརྩེ་གང་། ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལ་རྟོག ། ཞི་བའི་ཆོས་ལ་སྨོན་ལམ་འདེབས་བྱེད་པ། ། དེ་དག་ཏིང་འཛིན་འདི་ལ་ བརྟེན་པར་བརྩོན། ། འཐབ་པ་མེད་ཅིང་རྩོད་པ་མེད་ལ་ཞི། ། བདེ་བར་གཤེགས་པས་བསྟོད་པའི་ཆོས་ཚོལ་ཞིང་། ། སངས་རྒྱས་དམིགས་པ་ལ་ནི་རྟག་གནས་པ། ། དེ་དག་ཏིང་འཛིན་འདི་ལ་བརྟག་བརྩོན་ཡིན། ། གང་དག་ཕྱི་མའི་སྡིག་པའི་དུས་དེ་ན། ། ཏིང་ངེ་འཛིན་འདི་ལ་ནི་བརྩོན་བྱེད་པ། ། སྤྱོད་པའི་ཡོན་ཏན་མཐའ་ཡས་ལ་གནས་པ། ། དེ་ཡི་ཡོན་ཏན་འཇིག་རྟེན་མགོན་པོས་མཁྱེན། ། གང་དག་ཟག་པ་མེད་པའི་ཆོས་ཤེས་ཤིང་། ། ཤིན་ཏུ་ཚུལ་བཞིན་ཟག་པ་རྣམས་ཀྱང་ཤེས། ། རྟོག་པ་མེད་སྤྱོད་མཉམ་པ་ཉིད་གནས་པ། ། དེ་དག་ཏིང་འཛིན་འདི་ལ་བརྟག་བརྩོན་ཡིན། །
BOགང་དག་བདེ་གཤེགས་ཆོས་ནི་ཚད་མེད་ལ། ། ཤེས་བཞིན་དུ་ཡང་ཀུན་ཏུ་སྨོན་པ་འདེབས་ཤིང་། ། ཀུན་མཁྱེན་ཡེ་ཤེས་ལ་ནི་བརྟན་གནས་པ། ། དེ་ལ་ཏིང་འཛིན་ཞི་བ་འདི་སྟོན་ཏོ། ། མཚན་ཉིད་མེད་ཅིང་མཚན་ཉིད་ལས་ཀྱང་འདས། ། ཉོན་མོངས་པ་དང་རྣམ་དག་གང་ཡང་མེད། ། རང་བཞིན་ སྟོང་པའི་ཆོས་རྣམས་གང་ཤེས་པ། ། དེ་དག་བདེ་བར་གཤེགས་པ་ཚད་མེད་མཐོང་། ། གང་ཞིག་དམིགས་པ་མཐའ་མེད་བརྩོན་བྱེད་ཀྱང་། ། དམིགས་པ་ཐམས་ཅད་སྟོང་པ་ཉིད་དུ་ཤེས། ། བལྟ་བར་དཀའ་དག་མཐོང་ནས་རློམ་སེམས་མེད། ། དེས་ནི་བདེ་བར་གཤེགས་པ་ཚད་མེད་མཐོང་། ། གང་ཞིག་ དོན་མཐོང་ཡིད་ཀྱང་རྣམ་པར་དག ། ཉོན་མོངས་མེད་ཅིང་ཞི་བའི་གོ་འཕང་གནས། ། རྡུལ་དང་བྲལ་ཞིང་མཉན་དོན་ཆོས་སྟོན་པ། ། དེ་ལ་ཏིང་འཛིན་ཞི་བ་འདི་བཤད་དོ། ། བདེ་གཤེགས་སྲས་པོ་ཟུག་རྔུ་ཕྱུང་བ་གང་། ། བདེན་པ་མ་ཉམས་ཐེ་ཙོམ་རྣམས་དང་བྲལ། ། སྲོག་ཆགས་ཕན་ཕྱིར་བྱམས་ པ་སྒོམ་བྱེད་པ། ། དེ་དག་ལ་ནི་དོན་མཆོག་འདི་བཤད་དོ། ། གང་ཞིག་རང་བཞིན་གྱིས་ནི་མ་རིག་བྲལ། ། རིག་པས་མ་རིག་གནས་ནི་སེལ་བྱེད་ཅིང་། ། དོན་མཆོག་འདི་ལ་བརྩོན་པར་སྦྱོར་བྱེད་པ། ། དེ་ལ་ཏིང་འཛིན་ཞི་བ་འདི་བཤད་དོ། །
BOརྣམ་དག་གནས་ཤིང་ཀུན་ནས་ཉོན་མོངས་མེད། ། ཡེ་ཤེས་མཐའ་ཡས་མངོན་པར་འདོད་བྱེད་ཅིང་། ། ངེས་དོན་འདི་ལ་མཆོག་ཏུ་དགའ་ཐོབ་པ། ། དེ་ལ་རྣམ་ཐར་ཞི་བ་འདི་བཤད་དོ། ། གང་ཞིག་ཀུན་ཏུ་སྦྱོར་བ་ཀུན་ལས་གྲོལ། ། བརྟན་ཞིང་སྲོག་ཆགས་ཀུན་ལ་སྙིང་བརྩེ་ཞིང་། ། གནོད་སེམས་མེད་ཅིང་ཞི་ལམ་དགའ་བརྟེན་པ། ། དེ་ལ་ཏིང་ འཛིན་འདི་ནི་ཡང་དག་བསྒྲགས། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། ། ། ། བཟང་སྐྱོང་ཆོས་འདི་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་བའོ། ། བཞི་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་ལ་གུས་པ་དང་། མི་ཕྱེད་པའི་དང་བ་ཡིད་ལ་བྱེད་པ་དང་། ཆོས་ལ་གུས་ཤིང་ཉན་འདོད་པ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཚིག་བསྒྲུབ་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་བའོ། ། བཟང་སྐྱོང་གཞན་ཡང་བྱང་ ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་བའི་ཆོས་བཞིའོ། ། བཞི་གང་ཞེ་ན་འདི་ལྟ་སྟེ། ཡིད་ལ་ཕྱིན་ཅི་ལོག་མེད་པས་སངས་རྒྱས་ལ་དམིགས་པའི་སེམས་པ་དང་།
BOཆོས་ལ་ཐེ་ཙོམ་མེད་པས་དམིགས་པའི་ངོ་བོ་ཉིད་རང་བཞིན་གྱིས་དགེ་བ་ལ་རྟོག་པ་དང་། དངོས་པོ་ལ་ མཁས་པ་ལ་རྟོག་པས་ངོ་བོ་ཉིད་ཀྱིས་སྟོང་པ། རང་བཞིན་གྱིས་སྟོང་པ། ཤིན་ཏུ་སྟོང་པའི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་དང་། འདུ་ཤེས་རྣམ་པར་འཇིག་པ་ལ་མཁས་པ། ཡོངས་སུ་གཅོད་པ་ཤེས་པ་ལ་རྟོག་པས་དངོས་པོ་ཡ་མ་བརླ་རྣམ་པར་འཇིག་པ་སྟེ། བཟང་ སྐྱོང་ཆོས་དེ་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་བའོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་བའི་ཆོས་བཞིའོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་བཟུང་བ་དང་། དམ་པའི་ ཆོས་འཛིན་པ་ལ་མཁས་ལ་དམ་པའི་ཆོས་བསྲུང་ཞིང་སྦེད་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བར་སྦྱོར་ཞིང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས་དང་། སེམས་ཅན་གྱི་འདུ་ཤེས་རྣམ་པར་འཇིག་པ་ལ་མཁས་པ་སྟེ། བཟང་སྐྱོང་ཆོས་དེ་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་བའོ། ། བཟང་སྐྱོང་དེ་བས་ན་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ཆེར་འཁྲུག་པའི་ཚེ།
BOདེར་བྱང་ཆུབ་སེམས་དཔས་ལུས་དང་སྲོག་ཀྱང་ཡོངས་སུ་བཏང་བ་ལ་གནས་ཏེ། ཏིང་ངེ་འཛིན་འདི་གཟུང་བར་བྱའོ། ། ཀུན་ཆུབ་པར་བྱའོ། ། བཅང་ བར་བྱའོ། ། བཟང་སྐྱོང་ཆོས་ཐམས་ཅད་གཟུང་བ་ལ་མཁས་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་བྱེ་བ་མཐའ་ཡས་པར་ཡང་དག་པར་བསྒྲུབས་པའི་ཆོས་རིན་པོ་ཆེའི་མཛོད་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་འཇོག་པར་འགྱུར། ཆོས་འདི་ལྟ་བུ་འདི་ཡང་དག་པར་བསྟན་པ་དང་། རྣམ་པར་དབྱེ་བ་དང་། ཡང་དག་པར་བསྒྲགས་པར་བྱ་བ་ཡང་ནུས་པར་འགྱུར་རོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་རྣམས་ལ་བརྩོན་འགྲུས་ཀྱི་གནས་འདི་དག་ནི་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་ཀྱི་བྱིན་ གྱི་རླབས་ཀྱིས། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་ལ་འཇུག་པར་འགྱུར་རོ། ། བཟང་སྐྱོང་གང་ཞིག་ཕྱི་མའི་ཚེ་ཕྱི་མའི་དུས་དེར་ཆོས་འདི་དག་འཇོག་པར་བྱེད། ཡང་དག་པར་འཛིན་པར་འགྱུར་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བ་དང་།
BOསེམས་ཅན་ཐམས་ཅད་ཡང་དག་པར་གཟུང་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གཟུང་བར་ འགྱུར་རོ། ། བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་འགྱུར་རོ། ། དེ་ནི་ཆོས་འདོད་པ་དང་། ཆོས་དོན་དུ་གཉེར་བ་དང་། ཆོས་བསྒྲུབ་པའི་ཕྱིར་ཕྱི་མའི་ཚེ་ཕྱི་ མའི་དུས་ན་ཏིང་ངེ་འཛིན་འདིའི་ཕྱིར་བརྩོན་པར་འགྱུར་རོ། ། གང་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་འཛིན་པར་འགྱུར་བ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ནོར་རྣམས་ཀྱིས་ཡང་དག་པར་གཟུང་བར་འགྱུར་རོ། ། གང་དག་ ཕྱི་མའི་ཚེ་ཕྱི་མིའི་དུས་ན་ཆོས་འདི་ལྟ་བུ་འདི་དག་ཡོངས་སུ་གཟུང་བའི་ཕྱིར་གནས་པར་འགྱུར་བ་དེ་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་འཛིན་པར་འགྱུར་རོ། །
BOདེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གང་ཞིག་བརྟན་པ་ཆོས་སེམས་པ། ། ཕྱི་མའི་དུས་སུ་གྱུར་པ་ན། ། དམ་ཆོས་གཟུང་ཕྱིར་གནས་གྱུར་པ། ། དེ་དག་ལ་ནི་གཟུངས་འདི་བཤད། ། གང་དག་དམ་ཆོས་རིན་ཆེན་ཕྱིར། ། འཇིགས་པ་མེད་པ་ བརྩོན་བྱེད་ཅིང་། ། སྙིང་ཡང་བརྩེ་ལ་སྙིང་རྗེ་ཅན། ། དེ་དག་ཆོས་ཀྱང་འཛིན་པར་གནས། ། བརྟན་ཅིང་བག་ཡོད་དགའ་བ་དང་། ། ཐུབ་པའི་ཆོས་ཀྱི་མཛོད་འཛིན་པ། ། དེ་དག་དོན་དུ་ཏིང་ངེ་འཛིན། ། སངས་རྒྱས་བསྔགས་པ་བསྟན་པ་ཡིན། ། གང་ཞིག་ཆོས་རྒྱལ་སྐྱོབ་པ་ ཡིས། ། གང་དག་བྱིན་གྱིས་བརླབས་གྱུར་པ། ། དེ་དག་ཕྱི་དུས་འཇིགས་བཅས་ཚེ། ། ཆོས་ཉིད་འདི་ནི་འཛིན་པར་འགྱུར། ། ཤིན་ཏུ་ངོ་བོ་ཉིད་ཀྱིས་ནི། ། ཆོས་རྣམས་སྟོང་ཞིང་སྤྲོས་མེད་པར། ། དྲན་དང་ལྡན་པ་གང་གིས་ཤེས། ། དེ་དག་ཆོས་ཀྱང་འཛིན་པར་འགྱུར། ། ཐམས་ཅད་ ཆོས་ཀྱི་ངོ་བོ་ཉིད། ། དེ་ལ་བསམ་ཡས་ཚིགས་སུ་བཅད། ། ངེས་པ་ཉིད་དུ་ཤེས་འགྱུར་བ། ། དེ་དག་ཆོས་ཀྱང་འཛིན་པར་འགྱུར། ། ཟད་པ་ཤེས་ལ་གནས་གྱུར་ཅིང་། ། མི་སྐྱེ་བ་ལའང་རབ་གནས་ལ། ། སེམས་ནི་དུལ་ཞིང་ངོ་ཚ་ལྡན། ། དེ་དག་ཆོས་ཀྱང་འཛིན་པར་འགྱུར། །
BOབདེ་བའི་ལམ་ནི་བླ་ན་མེད། ། ཅང་ཤེས་ལམ་ལ་ཞུགས་གྱུར་པ། ། བརྩོན་འགྲུས་བྱིན་གྱི་རླབས་དང་ལྡན། ། དེ་དག་ཆོས་འཛིན་གནས་པ་ཡིན། ། དེ་བཞིན་ཉིད་དང་མི་རྟོག་དོན། ། གང་གིས་ཆོས་ཉིད་རབ་ཏུ་ཤེས། ། དེ་ལ་སྤྲོས་པ་ཅི་ཡང་མེད། ། དེ་དག་ཆོས་ཀྱང་འཛིན་པར་འགྱུར། ཐམས་ཅད་ཆོས་ནི་བྱེད་མེད་པར། ། དེས་པ་གང་གིས་ཤེས་པ་དེ། ། ཅི་ཡང་མེད་ཅིང་ལེན་མེད་པའི། ། ཆོས་ཉིད་དེ་ནི་སྒྲོགས་པར་འགྱུར། ། འཛིན་པ་མེད་ཅིང་འཛིན་དང་བྲལ། ། ཆོས་ཀུན་སྔོན་ནས་ཡོངས་དག་པར། ། གང་གིས་ཤེས་པ་དེ་དག་ནི། ། ཆོས་ཀྱི་སྤྱོད་ཡུལ་གནས་ པ་ཡིན། ། ཆོས་ཀུན་ངོ་བོ་མེད་པར་ནི། ། དེ་ལྟར་ཆོས་ལ་གང་གིས་ཤེས། ། དེ་དག་ཆོས་ཉིད་འདི་སྟོན་འགྱུར། ། དེ་ནི་འཇུག་པ་ཡིན་པར་བཤད། ། མིང་མེད་མིང་དང་བྲལ་གྱུར་ཅིང་། ། སྤྲོས་པ་མེད་ཅིང་མི་སྐྱེ་བར། ། གང་གིས་ཆོས་ཉིད་རབ་ཤེས་པ། ། དེ་དག་སྟོང་པ་ཉིད་ ཀྱང་སྒྲོགས། ། གནས་པ་མེད་ཅིང་འགྲོ་བ་མེད། ། ནམ་མཁའི་གནས་བཞིན་དག་པར་ནི། ། གང་གིས་ཆོས་འདི་ཤེས་གྱུར་པ། ། དེ་ལ་ཏིང་འཛིན་སྐྱེ་བར་འགྱུར། ། གང་དག་འདུ་ཤེས་དོན་རྟོག་བྲལ། ། ངོ་བོ་ཉིད་དུ་མ་སྐྱེས་ཤིང་། །
BOདངོས་པོའི་འདུ་ཤེས་བྲལ་གྱུར་པ། ། དེ་དག་ ཆོས་ཉིད་སྟོན་པར་འགྱུར། ། རྒྱས་གདབ་དེ་ནི་རྒྱ་མེད་དེ། ། དགོངས་པའི་ཚིག་ཏུ་གསུངས་པ་ཡིན། ། གང་གིས་དེ་ལྟར་ཤེས་གྱུར་པ། ། དེ་དག་ཆོས་ཉིད་འདི་འཛིན་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། ། ། ། བཟང་སྐྱོང་དེ་ལྟ་བས་ ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་གིས་བག་ཡོད་པ་ལྷུར་བླངས་ཏེ། ཆོས་འདི་དག་ཡང་དག་པར་བསྡུ་བར་བྱའོ། ། འདིའི་ཕན་ཡོན་ལ་ཡང་སྦྱར་བར་བྱའོ། ། ཚུལ་བཞིན་དང་ཡང་ལྡན་པར་བྱའོ། ། ཚུལ་བཞིན་མ་ཡིན་པ་ཡང་ཡོངས་སུ་སྤང་བར་བྱ་སྟེ། དེ་ལྟར་ན་ཆོས་ཟབ་ མོ་བལྟ་བར་དཀའ་བ། རྟོགས་པར་དཀའ་བ། གང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ། རང་བྱུང་རྣམས་ཀྱི་ཡེ་ཤེས་དང་། ཐོགས་པ་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པ་འདི་རྙེད་མི་དཀའ་བར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། ལིད་ཙ་བཱི་གཞོན་ནུ་རིན་ཆེན་འབྱུང་གནས་དང་། ཁྱིམ་བདག་དེད་དཔོན་ཆེ་བཟང་དང་།
BOཚོང་དཔོན་གྱི་བུ་ཕུག་སྦས་དང་། བྲམ་ཟེ་འདམ་བུས་བྱིན་དང་། བྱང་ཆུབ་སེམས་དཔའ་དབང་ པོས་བྱིན་དང་། ཁྱིམ་བདག་ཆུ་ལྷ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་པོ་དེ་དག་དང་། འཁོར་བཞི་པོ་ལས་ཇི་སྙེད་ཅིག་འདུས་པ་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ངས་བསྐལ་ པ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབས་པ་བླ་ན་མེད་པའི་ཆོས་རིན་པོ་ཆེ་འདིའི་མཛོད་དང་། འཇིག་རྟེན་ཐམས་ཅད་ཡིད་ཆེས་པར་མི་འགྱུར་བ་ཟབ་མོ། ། དོན་ཟབ་པ། རྣམ་པར་ཐར་པ་སྒོ་གསུམ་གྱི་ཚུལ་བཤད་པ། ཟབ་མོ་བྱང་བ། མཐོང་བར་དཀའ་བ། རྟོགས་པར་དཀའ་ བ། མཁས་ཤིང་ཤེས་པས་རིག་པ། རྒྱ་ཆེ་བ། གྱ་ནོམ་པ། དོན་ཕུན་སུམ་ཚོགས་པའི་མདོ་སྡེ་འདི་ལྟ་བུ་འདི་ཡང་ཁྱེད་ལ་གཏད་དོ། ། རྗེས་སུ་གཏད་དོ། ། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྟེན་དུ་གྱུར་པ་དེ་དག་ཀྱང་། ཁྱེད་ལ་ཉིས་གྱུར་ཏུ་རྗེས་སུ་ གཏད་གྱིས། ཁྱེད་ཀྱིས་ཀྱང་ཅི་ནས་ཀྱང་བྲི་བར་བྱའོ། ། མཉན་པར་བྱའོ། ། གཟུང་བར་བྱའོ། ། ཀུན་ཆུབ་པར་བྱའོ། ། བཅང་བར་བྱའོ། ། བཀླག་པར་བྱའོ། །
BOཤིན་ཏུ་རྒྱས་པ་དང་། རྒྱ་ཆེར་བྱ་བའི་ཕྱིར་གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ། ། བསྟན་པར་བྱའོ། ། ཡང་དག་པར་བསྒྲག་པར་བྱའོ། ། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་བསྒོམ་པའི་སྦྱོར་བ་ལ་བརྩོན་པར་བྱའོ། ། ཇི་སྐད་བསྟན་པ་བཞིན་དུ་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་བསྒྲུབ་པར་བྱ་སྟེ། དེ་ཅི་ནས་ཀྱང་སྐྱེས་བུ་ཐ་མ་པར་མ་གྱུར་པར་བྱའོ། ། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་ཐོས་ལ་ཐོས་ནས་ཀྱང་ལུང་ནོད་པར་བྱེད། ཁ་ཏོན་དུ་བྱེད། ཀུན་ཆུབ་པར་བྱེད་ན་དེས་ལྷག་པའི་བསམ་པས་གུས་པར་བྱ་སྟེ་མཉན་པར་བྱའོ། ། ལུང་མནོད་པར་བྱའོ། ། བཤད་པར་བྱའོ། ། གང་དག་གཞན་དག་ལ་སྟོན་ཏམ། ཀློག་ཏུ་འཇུག་ན་ དེས་ཀྱང་ལྷག་པའི་བསམ་པས་རྒྱ་ཆེར་བྱ་བའི་ཕྱིར་ཅི་ནས་ཀྱང་ཏིང་ངེ་འཛིན་འདི་ཡུན་རིང་དུ་གནས་པ་དང་། ཤིན་ཏུ་རྒྱས་པ་དང་། ཤིན་ཏུ་རྒྱ་ཆེར་གཞན་དག་ལ་བསྟན་པར་བྱ། ཀློག་ཏུ་གཞུག་པར་བྱ་སྟེ། འདི་ནི་ཁྱེད་ལ་རྗེས་སུ་བསྟན་པ་ཡིན་ནོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ།
BOསེམས་ཅན་གྲངས་མེད་ཚད་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་དོ། ། བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ནས་འདུས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཏིང་ངེ་འཛིན་འདི་ཉིད་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། ། ལྷ་རྣམས་ཀྱིས་ཀྱང་བར་སྣང་ལས་མེ་ཏོག་གི་ཆར་ཕབ་པོ། ། རྔ་བོ་ཆེ་དག་ཀྱང་མ་བརྡུངས་པར་སྒྲ་བྱུང་ངོ་། ། བཅོམ་ལྡན་འདས་ ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ མངོན་པར་བསྟོད་དོ། ། ། ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་།
BOཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་རཏྣ་རཀྵི་ཏས་ཞུས་ཏེ་གཏན་ལ་ཕབ་པ། སྐད་གསར་ཆད་ ཀྱིས་ཀྱང་བཅོས་ལགས། ། ། །