BO༄༅། ། རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སྱ་ནཱ་མཱཥྚ་ཤ་ཏ་ཀཾ ། བོད་སྐད་དུ། འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ ཕོ་བྲང་རི་པོ་ཊ་ལའི་རྩེ་མོ་ན་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་བརྒྱན་པ། འཛམ་བུན་དའི་གསེར་གྱི་ཁ་དོག་དང་འདྲ་བ། རིན་པོ་ཆེ་སྣ་ཚོགས་ཀུན་དུ་འབར་བའི་ས་ཕྱོགས་ན་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་ མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བཅོམ་ལྡན་འདས་ལ་བསྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོར་བྱས། མཆོད་ཅིང་བཀུར་སྟིར་བྱས་ཏེ། ཡོངས་ སུ་བསྐོར་ནས་མདུན་དུ་བྱས་པ་ལ་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་བྱང་བ། ཡོངས་སུ་དག་པ། ཡོངས་སུ་རྫོགས་པ། ཡོངས་ སུ་གསལ་བ།
BOཚངས་པར་སྤྱོད་པ་འབའ་ཞིག་ཡང་དག་པར་རབ་ཏུ་སྟོན་ཏོ། ། དེ་ནས་ཚངས་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། ། བྱ་བ་བྱས་ཤིང་བྱེད་ལ་མཁས། ། ཁུར་བོར་བདག་དོན་རྗེས་སུ་བརྙེས། ། སྲིད་པར་སྦྱོར་བ་ཡོངས་སུ་ཟད། ། ཡང་དག་བཀའ་ལ་རྣམ་གྲོལ་སེམས། ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ། ། ཀླུ་ཆེན་པོ་ནི་ཅང་ཤེས་པོ། ། སེམས་ལ་དབང་ སྒྱུར་ཐམས་ཅད་ཀྱི། ། མཆོག་ཏུ་ཕ་རོལ་ཕྱིན་པ་ཐོབ། ། ཡེ་ཤེས་ཚོགས་ནི་ཡོངས་སུ་རྫོགས། ། སྲིད་པའི་དགོན་པ་རབ་ཏུ་རྒལ། ། གཞན་ལ་ཕན་པ་མཛད་ལེ་བརྩོན། ། ཐུགས་རྗེ་དང་ནི་འབྲེལ་པའི་ཐུགས། ། སྐྱེ་དགུ་ཀུན་ ལ་མཆོག་ཏུ་བྱམས། ། བདེ་བར་བརྩོན་པ་བྱམས་ལས་བྱུང་། ། མཐའ་ཡས་སེམས་ཅན་གྲོལ་ལ་མཁས། ། བདེ་བར་གཤེགས་པ་ཉིད་ལས་སྐྱེས། ། བདེ་བར་གཤེགས་པ་ཉིད་ཀྱི་བཀའ། ། ཁམས་གསུམ་ཀུན་གྱི་གཉེན་གཅིག་པོ། ། འདོད་ཆགས་ཞེ་སྡང་གཏི་མུག་མེད། ། དྲི་མ་གསུམ་ནི་རབ་ཏུ་སྤངས། ། རིག་པ་གསུམ་གྱི་ཕ་རོལ་ཕྱིན། ། མངོན་པར་ཤེས་པ་དྲུག་ཀྱང་བརྙེས། ། ནྱ་གྲོ་དྷ་ནི་ལྟ་བུར་ཟླུམ། ། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི།
BO། སུམ་ཅུ་རྩ་གཉིས་དག་དང་ལྡན། ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཀྱང་། ། སྐུ་ནི་རྣམ་པ་ཀུན་དུ་བརྒྱན། ། སྐུ་མདོག་གསེར་གྱི་ཁ་དོག་འདྲ། ། སྐུ་ཚད་ཆེ་ལ་དཀར་ཤམ་པོ། ། ནཱ་ག་གེ་སར་གཞོན་ནུ་ལྟར། ། ཅུང་ཟད་དམར་པ་འདྲ་བའི་མདོག ། དབུ་ཡི་ཐོར་ཚུགས་དག་དང་ལྡན། ། ཐོར་ ཚུགས་མང་པོས་ཉེ་བར་གཡོགས། ། དབུ་ལ་འོད་དཔག་མེད་པ་བཞུགས། ། འོད་ཟེར་དག་ནི་རྣམ་པར་འཕྲོ། ། འོད་འཕྲོ་འདོམ་གང་རབ་ཏུ་འབར། ། གསེར་གྱི་རི་འདྲ་གྲགས་པས་ཁྱབ། ། གཟི་བརྗིད་དག་ཀྱང་རབ་ཏུ་ཆེ། ། ཤར་གྱི་རི་ལ་འཆར་བ་ཡི། ། ཉི་མའི་གཙུག་ཏོར་དག་དང་ལྡན། ། ནོར་བུ་རིན་ཆེན་འབར་བ་ཡི། ། སེ་རལ་ཁར་ནི་སྐུ་ཕྱེད་བརྒྱན། ། ས་དག་ལ་ནི་རབ་ཏུ་མཁས། ། ཕ་རོལ་ཕྱིན་པ་བཅུ་རྣམས་སྤྱོད། ། ཚུལ་ཁྲིམས་མཉམས་རལ་བ་མེད། ། མཐོན་ཀ་སེང་གེའི་རལ་པ་འདྲ། ། སྐུ་ནི་ འཇམ་ཞིང་ལྡེམ་བག་ཅན། ། གཟིགས་ཤིང་གཤེགས་པ་ཁྱུ་མཆོག་འདྲ། ། གཡས་སུ་འཁྱིལ་པའི་དུང་ཡང་འདྲ། ། དཔྲལ་བ་ཟླ་བ་ཁམ་པ་འདྲ། ། དཔྲལ་བའི་དབྱིབས་ཀྱི་རྒྱ་ཡང་ཆེ། ། སྨིན་མཚམས་བར་ཡང་ཡོང་མ་ཆད། ། སྤྱན་ནི་ནོར་བུ་རིན་ ཆེན་འབར། ། ཤངས་ཀྱི་དབྱིབས་ཀྱང་ཅུང་ཟད་མཐོ། །
BOཚེམས་ཀྱི་སྒྲོས་ཀྱིས་རྣམ་པར་གནོན། ། ལྗགས་ཀྱིས་སྟོང་གསུམ་ཁེབས་མཛད་ཅིང་། ། སྙན་གྱི་ཁུང་ཡང་རབ་ཏུ་ཟབ། ། མགུར་ཀྱང་བུམ་པའི་མགྲིན་པ་འདྲ། ། དཔུང་པ་དག་ཀྱང་རབ་ ཏུ་ཟླུམ། ། ཕྱག་སོར་རྣམས་ཀྱི་ཚིགས་ཀྱང་རིང་། ། སོར་མོ་འཇམ་ཞིང་ཅུང་ཟད་དམར། ། ཕྱག་སོར་རྣམས་ཀྱི་བར་ཡང་འབྲེལ། ། ཕྱག་དང་ཞབས་ཀྱི་མཐིལ་རྣམས་ལ། ། འཁོར་ལོ་དག་གིས་རབ་ཏུ་བརྒྱན། ། སྟོན་ཀའི་པདྨ་འདྲ་བར་མཛེས། ། སྐུ་མདངས་འཇམ་ཞིང་ཤངས་ཀྱང་རྒྱས། ། གསུང་ནི་ཚངས་པའི་དབྱངས་ལྟར་སྙན། ། ཡིད་དུ་འོང་ཞིང་དགའ་བར་འགྱུར། ། བལྟ་ན་སྡུག་ཅིང་མདངས་དགའ་བ། ། པདྨ་ལས་འཁྲུངས་པདྨ་འདྲ། ། པདྨ་དག་ལས་ཀུན་དུ་སྐྱེས། ། པདྨ་དག་ གི་གདན་ལ་བཞུགས། ། ཕྱག་ན་པདྨ་བཟང་པོ་བསྣམས། ། རིལ་བ་སྤྱི་བླུགས་ཕྱག་ན་བསྣམས། ། ཀྲིཥྞ་ས་རའི་པགས་པ་མན་བས། ། དབྱུག་པ་དང་ནི་བགྲང་ཕྲེང་འཛིན། ། བཀྲ་ཤིས་དག་གིས་གཙང་མར་གྱུར། ། སྔ་ནས་གསུང་ཞིང་གསོང་པོར་ གསུང་། ། བདུད་རྩིའི་ཆར་ནི་རབ་ཏུ་འབེབས། ། ཡིད་བཞིན་ནོར་བུ་རིན་ཆེན་འདྲ། ། སེམས་ཅན་ཐམས་ཅད་དགའ་བར་མཛད། ། བཟང་པོར་སྣང་བའི་ལྗོན་ཤིང་ལྟར། ། སེམས་ཅན་ཀུན་གྱི་གསོས་སུ་འགྱུར། །
BOསངས་རྒྱས་ཀྱི་ནི་སྤྲུལ་པ་ལགས། ། བདེ་བར་གཤེགས་པའི་ཆ་ལུགས་མངའ། ། བདེ་བར་གཤེགས་པའི་རིང་བསྲེལ་འཛིན། ། བ་སྤུ་ཉག་མ་རེ་རེ་ཡང་། ། སེམས་ཅན་རྣམས་ཀྱི་གཙོ་བོར་གྱུར། ། བསོད་ནམས་མཛད་ཅིང་དགེ་བ་མཛད། ། བཤོལ་བ་མེད་ཅིང་ངེས་པར་མཛད། ། རབ་ཏུ་ དྲག་པའི་བརྩོན་འགྲུས་ཅན། ། འཁོར་བ་དག་ལས་རབ་ཏུ་རྒལ། ། དམ་ཆོས་རྒྱལ་ཚབ་མངའ་གསོལ་བ། ། ཡིད་བཞིན་འཁོར་ལོ་དགེ་བ་སྦྱོར། ། དོན་ཡོད་ཞགས་པས་སྡུག་བསྔལ་འདྲེན། ། ཧ་ཡ་གྲྀ་བ་བདུད་བཞི་འཇོམས། ། ཀྲོ་དྷ་མགྲིན་སྔོན་ གདུག་པ་སེལ། ། ཆུ་སྲིན་འཛིན་ཁྲིའི་འཇིགས་ལས་སྒྲོལ། ། ལྷ་མོ་སྒྲོལ་མ་རྗེས་སུ་འབྲང་། ། ཁྲོ་གཉེར་ཅན་ནི་བཀའ་བཞིན་བྱེད། ། རྒྱལ་བ་ཅན་ནི་ཚུལ་དང་ལྡན། ། མཐུ་ཆེན་ལྡན་ཞིང་དྲན་དང་ལྡན། ། ཡོན་ཏན་ལྡན་ཞིང་ བྱམས་དང་ལྡན། ། ཤེས་རབ་ལྡན་ཞིང་དཔལ་དང་ལྡན། ། ཚུལ་ཁྲིམས་ལྡན་ཞིང་དོན་དང་ལྡན། ། དོན་རྣམས་ཀུན་ནི་རིག་པ་པོ། ། ཐེ་ཚོམ་ཐམས་ཅད་གཅོད་པ་པོ། ། ཆོས་རྣམས་ཐམས་ཅད་སྨྲ་བ་པོ། ། འཇིག་རྟེན་རྣམས་ཀྱི་སྟོན་པ་པོ། ། ཞལ་བཟང་ཟླ་བ་ཉ་བ་འདྲ། ། སྐུ་སྨད་རིན་ཆེན་ཀུན་གྱིས་བརྒྱན། ། གསེར་གྱི་མཆོད་སྡོང་འདྲ་བར་གནས། །
BOའོད་ཟེར་ཉི་མ་སྟོང་བས་ལྷག ། ཚངས་པ་ལ་སོགས་ཕྱག་བགྱིས་པའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཚན་བརྒྱ་རྩ་ བརྒྱད་ཀྱིས་གང་ཞིག་སྟོད་པ་བྱེད་པ་དེ་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བར་འགྱུར་རོ། ། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། ། གསང་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། ། བསྐལ་པ་སྟོང་གི་བར་དུ་ ཡང་ངན་འགྲོར་མི་སྐྱེའོ། ། མནར་མེད་པར་མི་འགྲོའོ། ། སུ་ཞིག་ནང་པར་ལངས་ནས་ཀློག་གམ། ཀློག་ཏུ་འཇུག་གམ། ཁ་ཏོན་དུ་འདོན་ན་མི་དེའི་ལུས་ལ་མཛེ་དང་། ཤུ་བ་དང་གློ་ན་བ་དང་དབུགས་མི་བདེ་བ་ལ་སོགས་པའི་ནད་ཐམས་ཅད་ལས་ ཐར་བར་འགྱུར་རོ། ། སྐྱེས་སོ་ཅོག་ཏུ་སྐྱེ་བ་དྲན་པར་འགྱུར་རོ། ། ལྷའི་བུ་དང་འདྲ་བར་འགྱུར་རོ། ། འཆི་བའི་དུས་ཀྱི་ཚེ་ན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ། གར་སྐྱེས་གར་གནས་ཀྱང་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ ཕྱུག་དང་མི་འབྲལ་བར་འགྱུར་རོ། ། རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། ། སེམས་དཔའ་བར་འགྱུར་རོ། ། དབྱངས་སྙན་པར་འགྱུར་རོ། ། སྐལ་བ་བཟང་པོར་འགྱུར་རོ། ། གཙུག་ལག་ཐམས་ཅད་ལ་མཁས་པར་འགྱུར་རོ།
BO། ཚིག་བཙུན་པར་འགྱུར་རོ། ། བསྟོད་པ་འདིས་བསྟོད་ན་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་དྲུག་ཅུ་རྩ་གཉིས་སྙེད་ལ་མཆོད་པ་བྱས་པར་འགྱུར་རོ། ། རྣམ་པར་སྨིན་པ་ཡང་དེ་དང་འདྲ་བས་ན་བྱེ་བྲག་མེད་དོ། ། རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་ རིན་པོ་ཆེ་ཟ་མ་ཏོག་ཅེས་བྱ་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ། །