EN
Homage to all buddhas and bodhisattvas!
BO
༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་སྠཱི་ར་ཨ་དྷྱཱ་ཤ་ཡ་པ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལྷག་ པའི་བསམ་པ་བརྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་ནང་པར་སྔར་ཤམ་ཐབས་དང་། ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་ སྙོམས་ལ་སོང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་བསོད་སྙོམས་ཀྱི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་མཐར་ཆགས་སུ་རྒྱུ་བ་ན། ཚོང་དཔོན་ཞིག་གི་ཁྱིམ་ན་བུ་མོ་གཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་ མཆོག་དང་ལྡན་པ་ཞིག་ཡོད་པ་མཐོང་ངོ་། ། དེས་བུ་མོ་དེ་མཐོང་ནས་འདོད་ཆགས་ཀྱིས་ཡོངས་སུ་གདུང་བ་སྐྱེས་ཏེ།