BO༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་གྷ་ན་བྱཱུ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྒྱན་སྟུག་པོ་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་མངའ་སྒྱུར་བ་འདོད་པ་ནས། གཟུགས་དང་། གཟུགས་མེད་པ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལས་འདས་ཏེ། སངས་རྒྱས་ཀྱི་ཞིང་སྟུག་པོ་ན་སྟོབས་མངའ་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ རྣམ་པར་འཕྲུལ་ཞིང་རྗེས་སུ་སྤྱོད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣལ་འབྱོར་དམ་པའི་རྣལ་འབྱོར་ཅན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུར་འདུག་བྱེད་ པ་ཐམས་ཅད་ཀྱི་གཞུང་རྣམ་པར་འཇོམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཀྱི་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་དང་།
BOབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་བརྙེས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམ་པར་གྲོལ་བའི་ཟླ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུགས་འཛིན་དང་། དེ་དག་ལ་སོགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་བྱེ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁམས་གསུམ་ པའི་ཡུལ་ལས་ཡོངས་སུ་འདས་པ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། ཀུན་གཞིའི་སྤྱོད་ཡུལ་ལས་ཡོངས་སུ་འདས་པ། ཡེ་ཤེས་དང་ཡིད་ཀྱི་ལུས་སུ་གནས་གྱུར་པ། སྒྱུ་མ་ལྟ་བུ་དང་། དཔའ་བར་འགྲོ་བ་དང་། ཆོས་ཀྱི་སྤྲིན་གྱིས་དང་། ཏིང་ངེ་འཛིན་ དང་ལྡན་པ། སངས་རྒྱས་དུ་མའི་ཕྱག་གི་དབང་བསྐུར་བས་དབང་བསྐུར་བ། ཁམས་གསུམ་པའི་ཡུལ་ལས་ཤིན་ཏུ་འདས་པའི་གཞལ་མེད་ཁང་གི་པད་མོ་ཆེན་པོ་ལ་འཁོད་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ན་མུར་འདུག་དང་། ཉན་ཐོས་དང་། རང་སངས་ རྒྱས་ཐམས་ཅད་ཀྱི་རྒྱུ་བ་མེད་དོ།
BO། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་བའི་ཆོས་ལ་བདེ་བར་སྤྱད་པ་བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་མཁྱེན་པའི་སྤྱོད་ཡུལ་བཙུན་པར་དབྱངས་ འབྱིན་པ་སྣ་ཚོགས་ཀྱི་གཟུགས་དུ་མ་སྟོན་པའི་ཏིང་ངེ་འཛིན་ལས་བཞེངས་སོ། ། བཞེངས་ནས་ཀྱང་ཕོ་བྲང་འཇའ་དང་གློག་གི་འོད་ཅན་རྒྱན་དང་། ལྷབ་ལྷུབ་དུ་མས་བརྒྱན་པ་ནས་མངོན་པར་བྱུང་སྟེ། ཟླ་བ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བའི་ཁང་སྟེངས་སུ་གཤེགས་སོ། ། གཤེགས་ནས་ཀྱང་སྟུག་པོའི་རིས་ཀྱི་རྒྱན་སེང་གེའི་གདན་དམ་པ་ལ་བྱང་ཆུབ་སེམས་དཔའ་དང་ཐབས་ཅིག་ཏུ་བཞུགས་སོ། ། བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་གཟིགས་ཏེ་གཙུག་གི་རིན་ཆེན་འོད་ཀྱི་རྒྱན་ཅེས་བྱ་བའི་འོད་ཟེར་གྱི་ཚོགས་ཆེན་པོ་འོད་ཟེར་ སྟོང་ཕྲག་བརྒྱའི་འཁོར་ཅན་སྨིན་མཚམས་ནས་ཕྱུང་སྟེ། འོད་ཟེར་གྱི་ཚོགས་དེ་བྱུང་བས་སངས་རྒྱས་ཀྱི་ཞིང་གི་རྒྱན་ཐམས་ཅད་སངས་རྒྱས་ཀྱི་རྒྱན་གཅིག་དང་འདྲ་བར་ཡོངས་སུ་སྣང་བར་གྱུར་ཏོ། ། མཆོག་ཏུ་ཕྲ་བའི་རྡུལ་གྱི་ཕྲ་བ་ཉིད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རང་ བཞིན་ཕྲ་བ་ཉིད་ཀྱང་ཡོངས་སུ་སྣང་ངོ་། །
BOསངས་རྒྱས་ཀྱི་ཞིང་སྟུག་པོ་ཡང་སངས་རྒྱས་ཀྱི་ཞིང་གཞན་གྱི་རང་བཞིན་རྡུལ་གྱི་ཕྲ་བ་ཉིད་ལས་འདས་ཏེ་གནས་སོ། ། སངས་རྒྱས་ཀྱི་ཞིང་སྟུག་པོ་ནི་འོད་དང་། གཟའ་དང་། ཟླ་བ་སྤངས་པ་སྟེ། འདུས་མ་བྱས་ཀྱི་རང་བཞིན་ཉིད་ཀྱིས་ ཤིན་ཏུ་ཕྲ་བའི་རྡུལ་གྱི་ཕྲ་བ་ཉིད་དུ་མི་སྣང་གི ། གཞན་དུ་མྱ་ངན་ལས་འདས་པ་དང་། ནམ་མཁའ་དང་མ་བརྟགས་པར་འགོག་པ་ལྟ་བུར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་ཞིང་གཞན་ དག་ན་སྤྱོད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གཟིགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་ཕྱུང་བ་དེ་དག་གཟིགས་ནས་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུར་ བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ལ་བཀའ་སྩལ་པ། རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་སྟུག་པོའི་རྒྱན་ཞེས་བྱ་ བའི་སངས་རྒྱས་ཀྱི་ཞིང་འདི་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་།
BOའདུ་ཤེས་མེད་པའི་སེམས་ཅན་དུ་གཏོགས་པའི་གཟུགས་སྲེད་པ་དང་། མ་རིག་པ་དང་། ཏིང་ངེ་འཛིན་གྱི་འབྲས་བུ་ཡེ་ཤེས་ཀྱི་མེས་རྣམ་པར་བསྲེགས་ཏེ་གནས་གྱུར་པའི་ ཕྱིར་ཡེ་ཤེས་ཀྱི་ཏིང་ངེ་འཛིན་དང་། ཡིད་བཞིན་གྱི་ལུས་སྟོབས་དང་། མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་གིས་བརྒྱན་པ། གསེང་མེད་པ། རིང་དུ་གནས་པ། ཟླ་བ་དང་། ཉི་མ་དང་། ནོར་བུ་དང་། གློག་དང་། འཇའ་དང་། བྱི་རུ་དང་། བ་བླ་དང་། ལྡོང་རོས་དང་། མཚལ་དང་། མགོ་ནག་གི་འབྲུ་དང་། ཀིང་ཤུ་ཀ་དང་། ཨིན་དྲ་གོ་པ་དང་། གསེར་དང་། ཙམ་པ་ཀ་དང་། པད་མོ་དང་། དུང་དང་། རྨ་བྱའི་མགུལ་དང་། མདོངས་བུ་མེ་ལོང་གི་ནང་ན་འདུག་པའི་གཟུགས་བརྙན་ལྟ་བུ་ཐོབ་ནས་ས་དང་སར་ཟག་པ་མེད་ པས་སྦྱངས་པའི་རྒྱུ་ཏིང་ངེ་འཛིན་ལ་དབང་སྒྱུར་བའི་ཕྱིར་སྨོན་ལམ་གྱི་མཐར་ཕྱིན་པ་བཅུའི་བསྔོ་བས་ལུས་ཐོབ་པའི་ཁྱད་པར་ཅན་དག་སངས་རྒྱས་ཀྱི་ཞིང་སྟུག་པོར་འོང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་དགོད་ པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་སྟན་ལས་ལངས་ཏེ།
BOབླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་གཅིག་ཅིག་བཅོམ་ལྡན་འདས་ཀྱིས་བདག་ལ་ཞུ་བ་ཞུས་པ་ལུང་བསྟན་པའི་སླད་དུ་སྐབས་དབྱེ་བར་གནང་ན་བདག་གིས་ཞུའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དྲིས་ཤིག་དང་། ངས་ཅི་དང་ཅི་འདོད་པ་དེ་དང་དེའི་དྲི་བ་དྲིས་པ་ལུང་བསྟན་པས་སེམས་མགུ་བར་བྱས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ སྨྲོས་ཤིག ། དེ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་དགོད་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ ལྡན་འདས་སངས་རྒྱས་ཀྱི་ཞིང་སྟུག་པོ་འབའ་ཞིག་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་། འདུ་ཤེས་མེད་པའི་སེམས་ཅན་ལས་འདས་ཏེ།
BOགནས་སམ། སངས་རྒྱས་ཀྱི་ཞིང་གཞན་དག་ཀྱང་དེ་བཞིན་ནམ་ཅི་ལགས། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་སྟུག་པོ་འབའ་ཞིག་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་། འདུ་ཤེས་མེད་པའི་སེམས་ཅན་ལས་འདས་ཏེ་གནས་པ་མ་ཡིན་གྱི་སངས་རྒྱས་ཀྱི་ཞིང་གཞན་དག་ཀྱང་ཡོད་དོ། ། རིགས་ཀྱི་བུ་འདི་ནས་ཕ་རོལ་ཤིན་ཏུའང་ཕ་རོལ་ སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་བརྒྱ་འདས་པའི་སྟེང་གི་ཕྱོགས་ཆ་ན་ཚངས་པའི་དབྱངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་དང་། དེ་བཞིན་དུ་སཱ་ལའི་དབང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་དང་། སྐར་མའི་རྒྱལ་པོ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སངས་རྒྱས་ཀྱི་ཞིང་དང་། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕ་རོལ་ཤིན་ཏུའང་ཕ་རོལ་ཏུ་འདས་པ་ན། སངས་ རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་བརྒྱ་མང་པོ་བྱང་ཆུབ་སེམས་དཔའི་འཁོར་གྱི་ཚོགས་ཀྱིས་བརྒྱན་པ་ཤིན་ཏུ་ཡངས་ཤིང་ཆེ་བ་དག་ཡོད་དེ།
BOསངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འཁོར་གྱི་ཚོགས་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བདག་ གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱི་རྟོགས་པའི་སྤྱོད་ཡུལ་གྱི་གཏམ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཆོས་ཚིག་དང་རྣམ་པར་རྟོག་པའི་སྤྱོད་ཡུལ་དང་། ཡི་གེ་དང་བྲལ་བ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་ པ་ཕྱི་མའི་མཐའི་མུར་གཏུགས་པར་སྟོན། དེ་ནི་རྣམ་པར་བཀོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་ཏེ། དེ་ནི་གང་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཁྱོད་ཀྱིས་འདིའི་ཕ་རོལ་ན་འཇིག་རྟེན་གཞན་དང་སངས་རྒྱས་དག་ཡོད་ དམ་ཞེས་སྨྲས་པ་དེའི་ལན་དུ་ངས་འདི་སྨྲས་སོ། ། རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཁྱོད་འབའ་ཞིག་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་བྱང་ཆུབ་སེམས་དཔའ་ལ་ལྟད་མོ་བལྟ་བར་འདོད་པའི་ཕྱིར་དེ་བཞིན་གཤེགས་པ་ལ་དྲི་བར་སེམས་པར་མ་ཟད་ཀྱི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུགས་འཛིན་འདི་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་།
BOསངས་རྒྱས་ཀྱི་སྒྲའི་དབྱངས་ཀྱི་དཀྱིལ་འཁོར་དང་སྤྱི་གཙུག་ཚད་མེད་པ་ལ་ལྟད་མོ་བལྟ་བར་འདོད་པའི་ཕྱིར་སངས་རྒྱས་ཀྱི་ཞིང་བྱེ་ བ་སྟོང་ཕྲག་བརྒྱར་སོང་ནས་སངས་རྒྱས་ཀྱི་ཞིང་ཆུ་བོ་གང་གཱའི་བྱེ་མ་སྙེད་དུ་རྫུ་འཕྲུལ་གྱི་མཆོག་གིས་གྱེན་དུ་སོང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུགས་འཛིན་འདིས་དེ་བཞིན་གཤེགས་པ་གཅིག་ཙམ་གྱི་སངས་རྒྱས་ཀྱི་ཞིང་གི་རྒྱན་ཏམ། སངས་རྒྱས་ ཀྱི་གསུང་གི་དབྱངས་ཀྱི་དཀྱིལ་འཁོར་རམ། སྤྱི་གཙུག་ཚད་མེད་པ་ཡང་མ་མཐོང་སྟེ། དེས་མ་མཐོང་བ་དང་། ངོ་མཚར་དུ་གྱུར་ནས་སངས་རྒྱས་ཀྱི་གསུང་གི་དབྱངས་ཀྱི་དཀྱིལ་འཁོར་དང་། སྤྱི་གཙུག་བལྟར་ཚད་མེད་པ་བསམ་གྱིས་མི་ཁྱབ་པ། ཡང་དག་པར་ རྗེས་སུ་དྲན་ཞིང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཕྱིན་ནས་མཉན་དུ་ཡོད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། ཉེས་པ་ལ་ཉེས་པར་བཤགས་ནས་སངས་རྒྱས་རྣམས་ནམ་མཁའ་དང་མཉམ་པར་ཤེས་ཏེ་མངོན་པར་བསྟོད་ནས། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་སྤྱོད་ཡུལ་ལ་མངོན་པར་མོས་ཤིང་སངས་རྒྱས་ཀྱི་ཞིང་སྟུག་པོ་ཉིད་དུ་སོང་སྟེ་གནས་པར་གྱུར་ཏོ། །
BOདེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ས་དང་སའི་མཚན་ཉིད་ལ་མཁས་པ་ ཕྲ་བ་དང་དམིགས་སུ་ཕེབས་པ་དང་། རྣམ་པར་གདོན་མི་ཟ་བའི་གཏམ་ཟློས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་གཅིག་ཅིག་བཅོམ་ལྡན་འདས་ཀྱིས་བདག་ལ་ཞུ་བ་ཞུས་པ་ལུང་བསྟན་པའི་སླད་དུ་སྐབས་དབྱེ་བར་གནང་ན་བདག་གིས་ཞུའོ། ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེའི་སྙིང་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དྲིས་ཤིག་དང་། ངས་ཅི་དང་ཅི་འདོད་པ་དེ་དང་དེའི་དྲི་བ་དྲིས་པ་ལུང་བསྟན་པས་སེམས་མགུ་བར་བྱས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་སྨྲོས་ ཤིག ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ལྡན་འདས་སངས་རྒྱས་སངས་རྒྱས་ཞེས་བགྱི་བ་དང་། འཚང་རྒྱ་ བར་བགྱི་བ་ཞེས་བྱ་བའི་དོན་ཅི་ལགས། བཅོམ་ལྡན་འདས་དོན་དམ་པ་འཕགས་པའི་ཡུལ་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་རིགས་སྟོན་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྤྱོད་པའི་ས་ལ་སྤྱོད་པ་དང་། གཟུགས་དང་། མཚན་ཉིད་དང་། ཡང་དག་པར་བསྡུ་བའི་ ལྟ་བར་ལྟུང་བ་རྣམས་དང་མུར་འདུག་གཞན་གྱི་སྨྲ་བ་ལ་མངོན་པར་ཆགས་པའི་བློའི་སྤྱོད་ཡུལ་ལ་སྤྱོད་པ་རྣམས་དང་། རྡུལ་དང་། གཅེས་པ་དང་། དབང་པོ་དང་། ཕྱོགས་དང་། དུས་དང་། ནམ་མཁའ་དང་། བདག་དང་། ཡིད་དང་། དབང་པོ་དང་། དོན་ཉེ་བར་འདུ་བའི་ལྟ་ བར་ལྟུང་བ་རྣམས་ཀྱི་བློ་རྣམ་པར་བཟློག་པའི་སླད་དུ་བཤད་དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ། མ་རིག་པ་དང་། སྲེད་པ་དང་། ལས་དང་། མིག་དང་། གཟུགས་དང་། སྣང་བ་དང་། དེ་ལས་སྐྱེ་བའི་ཡིད་ལ་བྱེད་པ་དང་། གསུམ་འདུ་བའི་རྣམ་པར་རྟོག་པའི་ ཤེས་པ་ཅན་དང་། རྒྱུ་དང་། དེ་མ་ཐག་པ་དང་། དབང་དང་། དམིགས་པའི་རྐྱེན་ལས་བྱུང་བའི་རྣམ་པར་ཤེས་པ་ལ་ཆགས་པར་སྤྱོད་པ་དང་། ཡོད་པ་དང་། མེད་པར་སྨྲ་བའི་རྟོགས་པ་ཅན་དང་། ཆོས་འདི་བའི་ཕུང་པོ་དང་།
BOགང་ཟག་སྟོང་པ་ཉིད་ དུ་ལྟ་བར་ལྟུང་བ་རྣམས་ཀྱི་ཡང་བློ་རྣམ་པར་བཟློག་པའི་སླད་དུ་བཅོམ་ལྡན་འདས་བསྟན་དུ་གསོལ། ། ཆོས་ཀྱི་དབང་པོ་ཐོས་པར་འགྱུར་གྱིས་བདེ་བར་གཤེགས་པ་བསྟན་དུ་གསོལ། ། རྣམ་ཤེས་ལྔ་ཡི་རྒྱུ་ལ་སོགས། ། མངའ་བདག་དམ་པ་མ་གཏོགས་པར། ། སངས་ རྒྱས་བློ་དང་ཤེས་བྱ་དང་། ། ཇི་ལྟར་གང་གིས་འཚང་རྒྱ་ཞིང་། ། ཤེས་བྱ་རྣམ་པ་ལྔ་པོ་རྣམས། ། ཐུགས་སུ་ཆུད་པ་སངས་རྒྱས་ཏེ། ། ཆོས་རྣམས་ཐམས་ཅད་མཁྱེན་པས་ན། ། མྱ་ངན་འདའ་དང་མཉམ་གཤེགས་པ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེའོ་ དགེའོ་རྡོ་རྗེའི་སྙིང་པོ་ས་བཅུ་ལ་དབང་བ། རྣམ་པར་རྟོག་པའི་སྤྱོད་ཡུལ་ལས་འདས་པ། མཁས་པ་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་རིགས་གྲགས་པར་བྱེད་པ་དགེའོ། ། རྣལ་འབྱོར་དམ་པ་ལ་དབང་བ། སངས་རྒྱས་དང་འཚང་རྒྱ་བར་ཡོངས་སུ་དྲི་བ་འདི་ལ་ནི་ཁྱོད་འབའ་ཞིག་ལྟད་མོ་ བྱུང་བ་མ་ཡིན་གྱི། སྒྱུ་མ་བྱེད་པ་བཟང་པོ་དང་། རྒྱལ་བའི་བུ་གཞན་དག་ཀྱང་དོན་འདི་ལ་ལྟད་མོ་བྱུང་ཞིང་སངས་རྒྱས་ཀྱི་དངོས་པོ་འདྲི་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བའི་ཚིག་གི་དོན་འདི་ཅི་ཞིག ། ཅི་གཟུགས་དེ་བཞིན་གཤེགས་པའམ།
BOའོན་ཏེ་གཟུགས་ལས་གཞན་ ཞིག་དེ་བཞིན་གཤེགས་པའམ། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་འདུ་བྱེད་ལས་ཀྱང་སྟེ། ནང་དང་ཕྱིའི་མཉམ་པ་ཉིད་ཀྱང་མི་མཐོང་ཞིང་བྱས་པའི་རྒྱུ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་ཕུང་པོ་རྣམས་ལ་དེ་བཞིན་གཤེགས་པ་མེད་དེ། རྡུལ་ཕྲ་མོ་མེད་པ་ ཐུགས་སུ་ཆུད་པའི་ཕྱིར་ཤེས་རབ་དང་། ཡེ་ཤེས་དང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཏེ། མཉམ་པར་བཞག་པའི་ཐུགས་ཀྱིས་ཡང་དག་པར་རྗེས་སུ་མ་གཟིགས་ཤིང་ཕུང་པོ་རྣམས་སྐྱེས་པའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡིན་པས་ན་རྟག་པ་ཉིད་དོ་སྙམ་མོ། ། ཀྱེ་ རྒྱལ་བའི་བུ་ཆོས་ཀྱི་དབྱིངས་ཀྱི་ཤིན་ཏུ་ཕྱེ་བ་ལ་མཁས་པ་དེ་དགེའོ། ། ཀྱེ་རྒྱལ་བའི་བུ་དེ་བས་ན་དགེ་བར་ཤིན་ཏུ་ཉོན་ཏེ་ཡིད་ལ་གྱིས་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བཅོམ་ལྡན་འདས་དགེའོ་ཞེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་བཅོམ་ལྡན་ འདས་ལས་ཕྱིར་ཉན་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྡོ་རྗེ་ལྟ་བུའི་སྙིང་པོ་ཏིང་ངེ་འཛིན་ལ་དབང་བ་རྡོ་རྗེའི་སྙིང་པོ་ཕུང་པོ་རྣམས་ནི་དེ་བཞིན་གཤེགས་པ་མ་ཡིན། ཕུང་པོ་ལས་གཞན་ན་ཡང་མེད་དེ།
BOཕུང་པོ་ལ་གནས་པ་ཡང་མ་ཡིན། ཕུང་པོ་ ཡང་གནས་མ་ཡིན། སྐྱེ་བ་དང་འཇིག་པ་ཡང་གནས་མ་ཡིན། ཤེས་པར་བྱ་བ་ཡང་མ་ཡིན། ཤེས་པ་ཡང་མ་ཡིན། དོན་ཀྱང་མ་ཡིན། དབང་པོ་རྣམས་ཀྱང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཡུལ་རྣམས་ནི་མནོ་བསམ་མེད་ པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ནི་འདི་རྣམས་ལས་ནང་ངམ་ཕྱིར་ཡང་མི་བལྟའོ། ། གཟུགས་ནི་སྐྱེད་པ་མེད་ཅིང་སེམས་མེད་པ་སྟེ། འབྱུང་བ་མེད་པའི་ཆོས་ཅན། མཐར་འཇིག་པ། རྩྭ་དང་། ཤིང་དང་། བོང་རྡོ་དང་འདྲ་བ། ཤིན་ཏུ་ཕྲ་བའི་རྡུལ་གྱི་ཚོགས་དབུ་བ་དང་ འདྲ་བའོ། ། ཚོར་བ་ནི་གཉིས་ཚོགས་པ་ལས་ཆུའི་ཆུ་བུར་དང་འདྲ་བར་སྐྱེའོ། ། འདུ་ཤེས་ནི་བུམ་པ་དང་། སྣམ་བུ་དང་། ཅོད་པན་ལ་སོགས་པའི་རྒྱུ་ལས་བྱུང་བ་སྟེ། དེ་ཡང་གཉིས་ལས་སྐྱེས་པའི་སྨིག་རྒྱུ་དང་འདྲ་བ་སྟེ། དཔེར་ན་དཔྱིད་ཀྱིས་མངོན་པར་གདུངས་པའི་ ས་ལ་ཉི་མའི་འོད་ཟེར་བབ་པ་གྱེན་དུ་ལངས་པ་རྣམས་ཆུའི་རླབས་ལྟ་བུར་རླབ་ཅིང་{རི་དགས་,རི་དྭགས་}དང་བྱ་སྐོམ་གྱིས་ཉེན་ཅིང་ཆུ་ཚོལ་བ་རྣམས་ལ་ཆུར་རྨོངས་པར་བྱ་བས་རྨོངས་པར་བྱེད་དོ། ། དེ་བཞིན་དུ་འདུ་ཤེས་ཀྱང་དེའི་བདག་ཉིད་མ་ཡིན་པ།
BOདེའི་བདག་ཉིད་མ་ཡིན་པའི་གཟུགས་ སུ་འཇུག་པ། ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་ལས་སྐྱེས་པ། དཔྱོད་པ་རྣམས་ཀྱིས་བརྗོད་པ་ལས་ལོགས་ཤིག་ཏུ་མི་དམིགས་པ། བོང་བུའི་རྭ་དང་། མོ་གཤམ་གྱི་བུ་བརྗོད་པ་ལྟར་མིང་ཙམ་དུ་ཟད་པ་སྟེ། རྨི་ལམ་གྱི་གཟུགས་བརྗོད་པ་ལྟར་བལྟའོ། ། དཔེར་ན་རྨི་ལམ་ན་གཟུགས་ཀྱི་འདུ་ཤེས་མཐོང་བས་སད་པའི་ཚེ་གཟུགས་ལ་སོགས་པ་དང་། བུད་མེད་བཟང་མོ་ཡང་དམིགས་སུ་མེད་དོ། ། དེ་བཞིན་དུ་མི་ཤེས་པས་ལོག་པ་ན་བུད་མེད་དང་སྐྱེས་པ་ལ་སོགས་པ་མཐོང་བ་ཡང་མངོན་པར་སངས་རྒྱས་ན་མི་དམིགས་ སོ། ། འདུ་བྱེད་རྣམས་ནི་ཆུ་ཤིང་གི་སྙིང་པོ་ལྟ་བུ་སྟེ་བཙལ་ན། ལུས་དང་ངག་དང་ཡིད་ལས་བྱུང་བ་གཟུགས་མེད་པ་རྣམས་རྣལ་འབྱོར་ཅན་གྱི་དཔྱོད་པ་པ་རྣམས་ཀྱིས་མི་རྙེད་དོ། ། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་དེའི་བདག་ཉིད་མེད་པ་སྟེ། སྒྱུ་མ་བྱེད་པའམ། དེའི་སློབ་མས་ནན་ ཏན་དུ་རྩྭ་དང་ཤིང་དང་བོང་རྡོ་ཙམ་ལ་བརྟེན་ཏེ་གཟུགས་ཀྱི་ཡན་ལག་དུ་མ་ལས་མངོན་པར་བསྒྲུབས་པའི་སྒྱུ་མའི་གཟུགས་གླང་པོ་དང་། རྟ་དང་། ཤིང་རྟ་དང་། མི་དང་། རྒྱན་མ་བཏགས་པའི་གཟུགས་ཀྱི་ཕྱོགས་གཅིག་ངོ་མཚར་དུ་བསྟན་པ་ལྟ་བུ་དང་།
BOགཞན་ཡང་མཁས་པ་རྣམས་ ལ་མ་ཡིན་གྱི་བུས་པའི་འགྲོ་བ་རྣམས་ལ་འདྲིད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་རྣམ་པ་གཞན་དུ་འདུག་ལ། རྣམ་པ་གཞན་དུ་ཤིན་ཏུ་བརྟགས་ཤིང་ཤིན་ཏུ་རྟོག་སྟེ་དེ་ཡང་བདག་ཉིད་ཀྱིས་བདག་ལ་འཛིན་པ་གཉིས་སུ་ཤེས་ནས། སྒྱུ་མས་མངོན་པར་གྲུབ་པའི་གཟུགས་གཅིག་ པོའི་ངོ་མཚར་དང་འདྲ་བར་ཕྱིར་ལྡོག་གོ། ། དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིག་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་མྱ་ངན་ལས་འདས་པའི་དབྱིངས་ དང་། ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང་། བྱུང་བ་དང་། འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་ རུང་། ཆོས་རྣམས་ཀྱི་ཆོས་ཉིད་ཆོས་ཀྱི་གནས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་གཉིས་པོ་འདི་ནི་དེ་བཞིན་གནས་པའོ། ། རྡོ་རྗེའི་སྙིང་པོ་སྐྱོན་མེད་པ་ཞེས་བྱ་བ་ནི་ཡང་འབྱུང་བའི་ཉེས་པ་ཐམས་ཅད་དང་བྲལ་བའོ། །
BOརྡོ་རྗེའི་སྙིང་པོ་སྐྱོན་མེད་པ་ནི་ཉེས་པ་ ཐམས་ཅད་དང་བྲལ་བར་མ་ཟད་ཀྱི་ཏིང་ངེ་འཛིན་ལ་ཡང་འཇུག་གོ། ། སྐྱོན་མེད་པར་འདའ་བ་ནི་བྱང་ཆུབ་སེམས་དཔས་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཏིང་ངེ་འཛིན་གྱི་སྒོ་དེ་ཉིད་དུ་མོས་ཏེ། སེམས་ཅན་ལ་ལྟ་བ་མེད་པར་གྱུར་ཅིང་ཡང་དག་པའི་མཐའ་མངོན་དུ་བྱས་ ནས་ལྕགས་བསྲེགས་པའི་མེ་དང་འདྲ་བར་མྱ་ངན་ལས་འདའ་བར་གྱུར་ཏེ། དེ་སེམས་ཅན་གྱི་དགོས་པ་ལ་བརྩོན་འགྲུས་བཏང་ཞིང་སྙིང་རྗེ་ཆེན་པོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་བྲལ་བས་སངས་རྒྱས་ཀྱི་གདུང་རྣམ་པར་ཆད་པར་བྱེད་ཅིང་ཉན་ཐོས་དང་རང་སངས་རྒྱས་མུར་ འདུག་བྱེད་པའི་ལམ་དུ་འགྲོ་སྟེ། ཏིང་ངེ་འཛིན་གྱི་འདམ་དུ་གླང་པོ་ཆེ་ཆེན་པོ་འདྲ་བར་རྣམ་པར་ཐོགས་ཏེ། རྣམ་པར་ཤེས་པའི་ཡུལ་རབ་ཏུ་ཞུམ་པས་སངས་རྒྱས་ཀྱི་ཆོས་ཀྱི་སྐྱེ་མཆེད་ཐམས་ཅད་ཀྱིས་ཀུན་ནས་མི་གནས་ཤིང་རྫོགས་པར་མི་བྱེད་པར་འགྱུར་བའི་ཕྱིར་མངོན་ དུ་མི་བྱ་ཞིང་། མ་རེག་པ་དང་། ཉེ་བར་མི་བསྒྲུབ་པར་གནས་པར་བྱའོ། །
BOདེ་ལྟར་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་རྗེས་སུ་ཞུགས་ཏེ་སངས་རྒྱས་ཀྱི་ཆེ་བ་ཉིད་ཤེས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སངས་རྒྱས་རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱི་ཡུལ་ལ་ཉེ་བར་སྤྱོད་པ། སྤྲུལ་ པའི་ཡུལ་ཅན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིང་ངེ་འཛིན་ལས་བསླང་བའི་སྦྱོར་བ། ས་བརྒྱད་པ་ལས་འདས་པ། ཆོས་ཀྱི་སྤྲིན་གྱི་ས་ལ་ཤེས་པར་རབ་ཏུ་བྱས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་མྱོང་ནས་དེ་བཞིན་གཤེགས་པ་བདག་གི་སོ་སོ་རང་གིས་རིག་པ་ འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་སྤྱོད་ཡུལ་གྱི་སར་ཞུགས་ཏེ་ཐམས་ཅད་དུ་འགྲོ་བ་མ་གཡོས་པའི་ཏིང་ངེ་འཛིན་སྤྱོད་པ། ལྷུན་གྱིས་གྲུབ་པ། རྟག་པ། ཐེར་ཟུག་པ། བརྟན་པ་སངས་རྒྱས་ཀྱི་ཞིང་སྟུག་པོ་ན་གནས་པར་འགྱུར་ཏེ། རྡོ་རྗེའི་དབང་པོ་ས་ལ་དབང་ བ་རྣམས་ལ་འཕྲུལ་པའི་འཇུག་པ་སྟོན་པར་འགྱུར་ཏེ། གནས་གྱུར་པ། ཡིད་བཞིན་གྱི་ཡེ་ཤེས་དང་ཏིང་ངེ་འཛིན་ཅན། སྟོབས་དང་། མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་ལ་སྤྱོད་པ། ངང་པའི་རྒྱལ་པོ་དང་འདྲ་བར་མ་ཞུགས་པའི་ཆུའི་ཟླ་བ་ལྟ་ བུར་འགྲོ་སྟེ། བལྟ་བའི་དོན་ཡོད་པ།
BOམིའི་བདག་པོ་ཐམས་ཅད་ཀྱི་ཚོགས་ཀྱི་འཁོར་དུ་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུར་འདོད་པའི་གཟུགས་དག་གིས་སངས་རྒྱས་ཀྱི་ཞིང་སྟུག་པོ་བསྟན་པའི་ཕྱིར་སེམས་ཅན་གྱི་བསམ་པ་བཞིན་དུ་འཇུག་པར་ འགྱུར་རོ། ། འདོད་པའི་ཁམས་ཀྱི་དབང་པོ་ཐམས་ཅད་དང་། དབང་སྒྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནོར་བུ་རིན་པོ་ཆེའི་སྙིང་པོ་ལ་སོགས་པའི་གནས་དག་ཏུ་བདེ་བ་རྣམས་མྱང་བར་བྱས་ཏེ་སའི་རིམ་པ་རྣམས་བསྟན་ནས་ཞིང་ནས་ཞིང་དུ་ཕུན་སུམ་བདེ་བ་ རྣམས་རབ་ཏུ་སྟོན་ཅིང་ཕྱི་མའི་མཐར་ཐུག་པར་བསྐུ་བ་གྲུབ་པའི་སྔགས་འཆང་ལྟར་མི་སྣང་ཞིང་ཁང་ཁྱིམ་གྱི་ལྷ་ལྟར་དེ་ན་གནས་བཞིན་དུ་མི་སྣང་བའི་གཟུགས་སུ་ཁྱིམ་ན་འདུག་པ་ལྟར་དེ་དག་སྤྲུལ་པའི་འོད་ཟེར་དང་། འཕྲུལ་པས་སྤྲུལ་པ་ལ་སྤྱོད་ཅིང་འགྲོའོ། ། སོང་ནས་ ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ནུབ་སྟེ། དེ་བཞིན་གཤེགས་པའི་སྐུ་ལ་ཞེན་ནས་གནས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དབང་པོ་ཕུང་པོ་སྤྲུལ་ཡིན་ཏེ། ། སྲིད་དང་མ་རིག་ལས་ཀྱང་ཡིན། ། བག་ ཆགས་ཀྱིས་བཅིངས་མི་བཟད་པ། ། ཡུལ་དང་དབང་པོའི་རྒྱུ་ལས་བྱུང་། །
BOརྣམ་དཔྱོད་ཚོགས་ནི་འདོད་ཆགས་རྣམས། ། ཞགས་པ་སེམས་སྤྱོད་དེ་ཡིན་ནོ། ། ཁྲོ་བ་མེ་ལྕེ་མཉམ་པ་སྟེ། ། ཞེ་སྡང་དུག་གི་དངོས་པོ་ཡིན། ། ཐུབ་སྤྱོད་རྣལ་འབྱོར་བཟང་ཅན་གྱིས། ། འདི་དག་རྟག་ ཏུ་རྣམ་གཞིགས་ཏེ། ། ཕུང་པོ་རྣམས་ནི་དོར་བའི་ཕྱིར། ། རྣལ་འབྱོར་ཅན་གྱིས་རྣལ་འབྱོར་སྤྱོད། ། གཟུགས་ནི་འབྱུང་བའི་ཚོགས་ཡིན་ཏེ། ། ཕུང་པོ་ལྷག་མ་གཟུགས་མེད་པ། ། ཇི་བཞིན་བར་སྣང་རི་མོ་དང་། ། གྲིབ་ལ་སྡོང་དུམ་ལ་སོགས་མེད། ། མཁའ་ལ་རླུང་གཟུགས་ མི་སྣང་དང་། ། བྱ་ཡི་རྗེས་རྣམས་ཇི་བཞིན་ནི། ། མཁས་པས་སོ་སོ་རང་རིག་པ། ། ཡང་དག་ཉིད་དང་ཡང་དག་མཐའ། ། ཚིག་གི་སྤྱོད་ཡུལ་འདས་པ་ནི། ། སངས་རྒྱས་དངོས་པོ་མི་སྣང་སྟེ། ། སངས་རྒྱས་སྒྲས་ནི་མྱ་ངན་འདས། ། མྱ་ངན་འདས་ཀྱང་སངས་རྒྱས་ཏེ། ། རྣམ་ རྟོག་རྟོག་དང་བྲལ་བས་ན། ། དེ་ནི་བསྟན་དུ་མི་ནུས་པའོ། ། རྒྱུ་དང་འབྲས་བུ་མེད་པ་སྟེ། ། ཡོད་དང་མེད་ཀྱིས་རྣམ་པར་སྤངས། ། རྡོ་བ་ཕྱེ་མར་བཏགས་པ་ལ། ། གསེར་ནི་ཡོད་པར་མི་སྣང་སྟེ། ། སྦྱང་བའི་ལས་ཀྱི་ཁྱད་པར་གྱིས། ། གསེར་ནི་སྣང་བར་འགྱུར་བ་ ཡིན། ། གཟུགས་རྣམས་རྡུལ་དུ་རྣམ་གཞིགས་ཏེ། ། མཁས་པས་ཕུང་པོ་ལྷག་མ་དང་།
BO། ཁམས་དང་སྐྱེ་མཆེད་ཚོགས་རྣམས་དང་། ། རྣམ་པར་ཤེས་དང་དབང་པོ་དག ། གཅིག་དང་ཐ་དད་དངོས་པོ་ཡང་། ། རྡུལ་ཕྲན་རྣམ་པར་རབ་སྦྱངས་ན། ། དངོས་པོར་སངས་རྒྱས་ཡོད་ པ་མིན། ། སངས་རྒྱས་མེད་པའང་མ་ཡིན་ཏེ། ། རྣལ་འབྱོར་ཅན་རྣམས་སངས་རྒྱས་མཐོང་། ། མཚན་རབ་སུམ་ཅུ་རྩ་གཉིས་ཅན། ། གང་ན་སྡུག་བསྔལ་དེ་ན་བདེ། ། དེ་ཉིད་ལ་ནི་སྣང་བ་ཡིན། ། སངས་རྒྱས་མེད་ཅེས་མི་བྱ་སྟེ། ། སངས་རྒྱས་མཉམ་པར་བཞག་པ་ ཡོད། ། རྒྱུ་ཡི་སངས་རྒྱས་དགེ་བ་ཅན། ། རྩ་བ་མཁས་པ་ཉིད་ཀྱང་སྟེ། ། འཇིག་རྟེན་ཀུན་གྱི་རྒྱལ་བ་དང་། ། ཡང་དག་རྫོགས་པའི་སངས་རྒྱས་དང་། ། འདི་དག་སངས་རྒྱས་ལྔར་གསུངས་སོ། ། སྤྲུལ་པའི་རྒྱལ་བ་ལྷག་མ་རྣམས། ། དེ་བཞིན་གཤེགས་པའི་སྙིང་ པོ་ཡོད། ། མཚན་རབ་སུམ་ཅུ་རྩ་གཉིས་ཅན། ། དེ་བས་སངས་རྒྱས་ཡོད་པ་སྟེ། ། རྣལ་འབྱོར་ཅན་གྱི་ཐུབ་པས་མཐོང་། ། ཁམས་རྣམས་གསུམ་པོ་འདས་པ་དང་། ། རྣམ་པ་དུ་མར་སངས་རྒྱས་ཞིང་། ། དེ་བཞིན་གཤེགས་ཀྱི་ལྷ་རྫས་ཞིང་། ། རྒྱལ་སྲས་བཟང་པོས་ ཀུན་ཏུ་གང་། ། དེ་ན་ཐུབ་ཆེན་སངས་རྒྱས་བཞུགས། ། མཚན་གྱིས་ཀུན་ནས་ཡོངས་སུ་རྒྱས། ། རྣལ་འབྱོར་རྣལ་ལ་མཉམ་པར་བཞག །
BOཆོས་དང་བཅས་སུ་རྣམ་པར་མཛེས། ། དེ་བཞིན་ཕན་ཚུན་བསམ་གཏན་མཛད། ། ཤེས་རབ་མ་ཤེས་ཤེས་བྱེད་ལ། ། སྟུག་པོ་དེ་ན་ རྣམ་པར་སྤྱོད། ། སྟུག་པོ་དེ་ཡི་སེམས་ཅན་སུ། ། སངས་རྒྱས་གཟུགས་ཅན་དེ་དག་ཀུན། ། སྐད་ཅིག་འཇིག་པར་ཤིན་ཏུ་འདས། ། ཏིང་ངེ་འཛིན་ལ་རྟག་ཏུ་མོས། ། དགའ་ལྡན་ནས་བབས་འཕྲུལ་པ་གང་། ། རྟོག་པ་ཅན་རྣམས་ཀུན་གྱིས་མཐོང་། ། སྟུག་པོ་ནས་གཤེགས་ གླང་པོ་སྟེ། ། སངས་རྒྱས་གཟུགས་ནི་སྟུག་ན་བཞུགས། ། སྣ་ཚོགས་རྣམ་མང་གཟུགས་ཚུལ་ཏེ། ། སེམས་ཅན་བསམ་བཞིན་ཞུགས་པ་ཡིས། ། དེ་བཞིན་གཤེགས་པ་མཉམ་གཞག་པ། ། ཆུ་ཡི་ཟླ་བ་བཞིན་དུ་སྣང་། ། སྣ་ཚོགས་གཟུགས་ ཀྱི་ནོར་བུ་ནི། ། ཚོན་གྱི་འབྱོར་ལས་རྣམ་པར་མཛེས། ། དེ་བཞིན་སངས་རྒྱས་སྟུག་ཞིང་ན། ། མཉམ་པར་བཞག་པས་རྣམ་པར་མཛེས། ། ཐམས་ཅད་ཆོས་ལ་གཟུགས་བརྙན་ལྟར། ། གཅིག་དང་ཐ་དད་སྤངས་པར་ཏེ། ། དགོས་པ་ཀུན་ལ་འཇུག་པ་ནི། ། སྐྱེས་བུ་དམ་ པ་ཐམས་ཅད་མཁྱེན། ། རྡུལ་ལས་མ་ཡིན་དུས་ལས་མིན། ། དབང་པོ་ལས་མིན་གཅེས་ལས་མིན། ། རྐྱེན་གྱིས་མ་ཡིན་འཇིག་རྟེན་དང་། ། སངས་རྒྱས་ལྡན་པར་རྣམ་མཛེས་པ། ། རྒྱུ་ཡི་ཚུལ་དུ་སངས་རྒྱས་ནི། ། འབྲས་བུ་རྣམས་ལ་རྣམ་པར་མཛེས། །
BOའཇིག་ རྟེན་སྐུ་ལ་འཁོད་བྱ་སྟེ། ། རྒྱ་མཚོ་རི་དང་ཤིང་དག་དང་། ། དེ་ལ་འགྲོ་བ་སྣ་ཚོགས་བཅས། ། མཉམ་པར་བཞག་པས་ཤིན་ཏུ་དགྱེས། ། བྱ་བ་ཐམས་ཅད་ཕྱི་ནང་དུ། ། གཟའ་ཟླ་ལ་སོགས་མཛེས་པའི་རྣམས། ། ཕྱིར་ཡང་ཕྱག་གི་མཐིལ་བཀོད་དེ། ། ཡུངས་འབྲུར་ འགྲོ་བ་ཀུན་འཛུད་པ། ། སངས་རྒྱས་ཐུབ་པའི་རྣལ་འབྱོར་མངའ། ། ཐུབ་ཆེན་ཐུབ་པའི་དམ་པའོ། ། འཇིག་རྟེན་རྣམས་ལ་བྱེད་པ་མེད། ། སངས་རྒྱས་འཕྲུལ་གྱིས་སྤྲུལ་པ་སྟེ། ། འབྱུང་བ་གསུམ་པོ་འདི་དག་ཀུན། ། སངས་རྒྱས་འོད་ཀྱིས་རྣམ་པར་སྤྲུལ། ། རབ་ རིབ་མི་ཤེས་མྱོས་མདོངས་པའི། ། རྟོག་པ་ཅན་རྣམས་འཕྱན་པ་ཡིན། ། བདག་དང་བདག་མེད་ལྟ་བའི་རྣམས། ། ཡོད་དང་མེད་པའི་སྨྲ་བས་བཅོམ། ། འོན་ཏམ་ཐམས་ཅད་འཇིག་པ་དང་། ། ཅུང་ཟད་འཇིག་པས་སྨྲ་བ་རྣམས། ། འདི་ལ་མེད་དམ་ཅུང་ཟད་ དམ། ། བདག་དང་བདག་མེད་ག་ལ་ཡོད། ། སངས་རྒྱས་སྣ་ཚོགས་འབྱུང་ཀུན་ན། ། རྣལ་འབྱོར་མཁན་པོ་རྣམ་པར་མཛེས། ། དྲི་ཟའི་གྲོང་ལ་བྱ་བ་རྣམས། ། ཇི་ལྟར་སྣང་བ་འཇིག་རྟེན་ན། ། རྨི་ལམ་རྣམ་པ་སྣ་ཚོགས་གཟུགས། ། {རི་དགས་,རི་དྭགས་}རྣམས་ལ་སྨིག་རྒྱུ་ བཞིན། ། དེ་བཞིན་འཇིག་རྟེན་སྣ་ཚོགས་དག །
BOགདེག་ལ་སོགས་པའི་ལས་རྣམས་ཀྱང་། ། རླུང་ལྡན་སོགས་པའི་ཐག་པ་བཞིན། ། སངས་རྒྱས་རྣལ་འབྱོར་མཁྱེན་པའི་མཆོག ། མི་ལ་འཁྲུལ་འཁོར་སྐོར་བ་སྟེ། ། རྒྱ་མཚོའི་སྐྱ་བ་འཛིན་པ་འདྲ། ། སྟུག་ པོའི་རིས་ཀྱི་ཡེ་ཤེས་ཀྱི་རྒྱན་ལས་བྱུང་ཞེས་བྱ་བའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་མཚམས་མེད་པ་ལྔ་བགྱིས་པ་རྣམས་དང་། དམ་པའི་ ཆོས་སྤོང་བ་རྣམས་དང་། འཕགས་པ་སྤོང་བ་རྣམས་དང་། མནར་མེད་པ་ལ་གཞོལ་བ་རྣམས་དང་། མ་དང་ཕ་ལ་སྙིང་རིང་བ་རྣམས་དང་། ཚངས་པ་འགུམས་པ་རྣམས་དང་། བ་ལང་དང་། དགུམ་པ་འགུམས་པའི་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་འགྲོལ་བར་ འགྱུར། བཅོམ་ལྡན་འདས་སེམས་ཅན་དེ་དག་འཁོར་བའི་སྡུག་བསྔལ་ལ་ཇི་ལྟར་ཡོངས་སུ་འགྲོལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BOའཇམ་དཔལ་སྦྱིན་པ་གཉིས་བྱིན་པའི་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་ འགྲོལ་བར་འགྱུར་ཏེ། དེ་འདི་ལྟར་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པའོ། ། ཆོས་ཀྱི་སྦྱིན་པས་ནི་སྐྱེ་བ་དྲན་པར་འགྱུར་རོ། ། ཟང་ཟིང་གི་སྦྱིན་པས་ནི་སེམས་ཅན་ཐམས་ཅད་ལ་ཕན་བཏགས་པར་འགྱུར་རོ། ། ཟང་ཟིང་གི་སྦྱིན་པས་ནི་བཀྲེས་པ་དང་། སྐོམ་པའི་ སྡུག་བསྔལ་ཡོངས་སུ་སྦྱོང་ངོ་། ། ཆོས་ཀྱི་སྦྱིན་པས་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་འགྲོལ་ཏོ། ། འཇམ་དཔལ་སྦྱིན་པ་གཉིས་པོ་འདི་བྱིན་ན་སྦྱིན་པ་ཐམས་ཅད་ འདུས་པར་འགྱུར་རོ། ། འཇམ་དཔལ་གཞན་ཡང་སྦྱིན་པ་ལྔས་སྦྱིན་པ་དང་ཉེ་བའི་སྦྱིན་པ་ཐམས་ཅད་འདུས་པར་འགྱུར་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། བཞོན་པ་སྦྱིན་པ་དང་། གདུགས་སྦྱིན་པ་དང་། དར་སྦྱིན་པ་དང་། གོས་སྦྱིན་པ་དང་། ཆོས་གོས་ དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་སྦྱིན་པ་རྣམས་ཀྱིས་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྦྱངས་པར་འགྱུར་རོ། །
BOའཇམ་དཔལ་ཡང་སེམས་ཅན་ལ་ལ་མཚམས་མེད་པ་ལྔ་བྱེད་པ་དག་གམ། དམ་པའི་ཆོས་སྤོང་ བ་དག་གམ། འཕགས་པ་སྤོང་བ་དག་གམ། མནར་མེད་པ་ལ་གཞོལ་བ་དག་གམ། བསྐལ་པར་གནས་པ་དག་གམ། སེམས་ཅན་གང་ལ་ལ་དཀོན་མཆོག་གསུམ་ལ་སྙིང་རིང་བའམ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་གནོད་པ་བྱེད་པའམ། ཚོགས་ཀྱི་ནོར་ལ་འཕྲོག་པ་དག་གམ། ཆུང་ངུ་ན་ལུག་གསོད་པ་དག་ཀྱང་རུང་། ཕྱག་དར་བ་ཡང་རུང་། སྨེ་ཤ་ཅན་ཡང་རུང་སྟེ། འཇམ་དཔལ་སུས་ཤིན་ཏུ་རྒྱས་པ་ཆེན་པོ་རྨད་དུ་བྱུང་བའི་ཆོས་སྟུག་པོའི་རྒྱན་རིན་པོ་ཆེ་འདི་ཐོས་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་ལའང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། ཆུང་ངུ་ན་ཡི་གེ་གཅིག་ཀྱང་རུང་སྟེ་རྗོད་པ་དང་། སུ་འང་ཆོས་དེ་སྨྲ་བ་ལ་མཆོད་ཅིང་རིམ་གྲོ་བྱེད་པ་དང་། ནང་པར་ལངས་ནས་ ངོ་ཕྲད་པར་བྱེད་ཅིང་ལྟ་བ་དང་སྔར་སྨྲ་བ་སྦྱིན་པར་བྱེད་པ་དང་། ལག་པས་རེག་པར་བྱེད་པའི་སེམས་ཅན་དེ་དག་ཐམས་ཅད་འཇམ་དཔལ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ལས་ཡོངས་ སུ་འགྲོལ་བར་འགྱུར་རོ། །
BOའཇམ་དཔལ་སའི་ཕྱོགས་གང་ན་ཆོས་སྨྲ་བ་འདུག་གམ། དེའི་དུར་རམ། རོའམ། རོ་བམ་པ་ཞིག་ཡོད་ལ། དེའི་ངོ་མཐོང་ན་ཡང་མཚམས་མེད་པའི་ལས་ལྔ་རྣམས་བྱང་བར་འགྱུར་རོ། ། འཇམ་དཔལ་རྒྱ་མཚོ་ཆེན་པོའི་ནང་ན་ཡི་ དགས་ལྟོ་དཔག་ཚད་བརྒྱ་སྟོང་དུ་མར་སྐྱེས་པ་ཡོད་དེ། {ཡི་དགས་,ཡི་དྭགས་}དེ་བདག་གི་ལས་ཀྱི་སྡུག་བསྔལ་མི་བཟད་པའི་ཚོར་བ་ཡོད་དོ། ། འཇམ་དཔལ་དེ་བཞིན་དུ་སེམས་ཅན་སུ་མདོ་སྡེ་ཆེན་པོ་རིན་པོ་ཆེ་འདི་སྤོང་བ་དེ་དག་ཀྱང་སྡུག་བསྔལ་མྱོང་བར་འགྱུར་རོ། ། འཇམ་ དཔལ་སུས་མདོ་སྡེ་རིན་པོ་ཆེ་འདི་རིམ་གྲོར་བྱས་ཏེ། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱིས་མཆོད་པ་དང་། ཆོས་སྨྲ་ བ་དེ་ཡང་མཆོད་པར་བྱ་སྟེ། ཇི་སྟེ་ཆོས་སྨྲ་བ་དེ་མཚམས་མེད་པ་ལྔ་བྱེད་ན་ཡང་འོན་ཀྱང་དེའི་སེམས་འཁྲུགས་པར་མི་བྱའོ། ། ཆུང་དུ་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་{རི་དགས་,རི་དྭགས་}དང་།
BOབྱ་གང་ལ་ལས་ཆོས་སྨྲ་བ་དེ་ཤི་བའི་རོ་བམ་པ་དུར་ཁྲོད་ན་འདུག་ པའི་ཤ་ཟོས་ཀྱང་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་འཐོབ་པར་འགྱུར་རོ། ། {རི་དགས་,རི་དྭགས་}དང་བྱ་གཞན་པོ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་སྟུག་པོ་འདི་ཉིད་དུ་འཐོབ་པར་འགྱུར་ཏེ། དེ་ལ་ནེམ་ནུར་དང་། ཐེ་ཙོམ་དང་ཡིད་གཉིས་མི་བྱའོ། ། སེམས་ཅན་གང་ལ་ལ་སྔོན་དགེ་བའི་རྩ་བ་བསྐྱེད་པ། སྔོན་བྱང་ཆུབ་སེམས་དཔས་ཡོངས་སུ་བཟུང་བ། སྔོན་གྱི་བྱང་ཆུབ་སེམས་དཔའི་ས་བོན་ལས་ཡོངས་སུ་མཉམས་པ་དེ་དག་ཐམས་ཅད་ཕྱི་མའི་ཚེ་ཕྱི་མའི་དུས་ན་མདོ་སྡེ་ རིན་པོ་ཆེ་འདི་ཐོས་པར་འགྱུར་རོ། ། ཐོས་ནས་ཀྱང་མཆོད་པ་ཆེན་པོས་མཆོད་པར་འགྱུར་རོ། ། མདོ་སྡེ་ཐམས་ཅད་འདུས་པའི་རྒྱན་སྟུག་པོ་རིན་པོ་ཆེ་ལས་སྦྱིན་པའི་ལེའུ་སྟེ་གཉིས་པའོ། ། ། ། མཐའ་ཡས་ཡུལ་ཅན་ཤིན་ཏུ་ཕྲ། ། བསམ་ གཏན་མཁྱེན་པ་སྐྱེས་བུའི་མཆོག ། དབང་པོ་འདས་པ་མངོན་སུམ་པ། ། ཆགས་དང་དབང་པོ་རྣམ་པར་སྤངས། ། བསམ་གཏན་བསམ་པ་བསམ་གཏན་པའི། ། དེ་ནི་དགོས་པའི་ཚུལ་ཡིན་ཏེ། ། ཐུབ་པ་རྣལ་འབྱོར་མཁས་པའི་རྣམས། ། ཀུན་གྱི་སྙིང་ལ་ གནས་པ་ཡིན། །
BOཡོད་དང་མེད་ཀྱི་ཕྱོགས་དང་བྲལ། ། སངས་རྒྱས་ཕྱོགས་ནི་དྲི་མ་མེད། ། བློ་དང་ཤེས་བྱ་བྲལ་བ་སྟེ། ། ཚད་དང་དབང་པོ་སྤངས་པ་ཡིན། ། སེམས་ཤེས་རྣམས་ཀྱི་ཡུལ་མ་ཡིན། ། དེ་ནི་གྲོལ་བ་རྣམས་ཀྱི་ཡུལ། ། མཚན་ རྣམས་ཀུན་ཀྱང་སྣང་བ་སྟེ། ། དེ་བཞིན་གཤེགས་ནི་མཚན་མེད་པའང་། ། དྲེགས་ཅན་རྣམས་ཀྱི་དྲེགས་མེད་མཛད། ། མཉམ་པར་བཞག་ཅིང་གོས་པ་མེད། ། གཡོ་བ་མ་ཡིན་གཡོ་མེད་མིན། ། ཆགས་མེད་ལམ་ལ་གནས་པ་སྟེ། ། ལྷ་ཡུལ་བྱུང་བའི་ལྷ་རྣམས་ དང་། ། དྲི་ཟ་ལྷ་མིན་མིའམ་ཅི། ། ཐུབ་པ་རྣམས་དང་མུར་འདུག་གིས། ། བསྟོད་ཀྱང་རྟག་ཏུ་ཡོང་མི་གཡོ། ། དེ་ལ་ངོ་མཚར་སྲེད་པ་མེད། ། འགྲོ་བ་གང་ནའང་གཡོ་བ་མེད། ། སྔོན་ནས་དག་པའི་རྣལ་འབྱོར་གྱི། ། དེ་ནི་ཕ་རོལ་ཡིན་པའི་ཕྱིར། ། སངས་རྒྱས་འཕྲུལ་པའི་ སྤྱོད་པ་ཡིས། ། བྱ་བ་ཙམ་དུ་ལྷ་རྣམས་ཀྱིས། ། མཐོང་ཡང་དེ་དང་འདི་ན་མེད། ། ཇི་བཞིན་ཉི་ཟླ་དེ་དང་འདྲ། ། རྣལ་འབྱོར་ཡུལ་དུ་གནས་པ་ནི། ། དྲེགས་པ་མེད་མཛད་འགྲོ་བས་མཐོང་། ། རྣམ་པར་ཐ་དད་མུར་འདུག་རྣམས། ། གང་ལ་གང་གིས་དབང་གྱུར་པ། ། དེ་ལ་དེ་ལྟའི་ཆོས་སྟོན་ཏེ། ། རྣལ་འབྱོར་བསྐྱེད་པའི་འོད་ཟེར་གྱིས། །
BOརྣལ་འབྱོར་ཆོས་ཅན་རྣམ་ཕྱེ་ཞིང་། ། རྒྱལ་བའི་ཚུལ་དང་གསུམ་པོ་དག ། རྒྱལ་པོའམ་རྒྱལ་པོའི་འཁོར་རྣམས་དང་། ། རྒྱལ་པོའི་ཡུལ་གྱི་བྱ་བ་དང་། ། དཀའ་ཐུབ་ཚལ་དང་ཞིང་རྣམས་ཀྱི། ། ཕུན་ སུམ་ཚོགས་པ་དེ་ལས་བྱུང་། ། ལྷ་རྫས་རྣམས་དང་ནམ་མཁའ་དང་། ། རིན་ཆེན་འབྱུང་ཁུངས་རྣམ་དག་པ། ། ལྷ་ཡི་ལྷ་ཡི་མཐུ་ཡིས་ན། ། ཕྱོགས་དང་ཡུལ་ན་འབར་བ་ཡིན། ། འབྱུང་བ་གསུམ་གྱི་ཐབས་རྣམས་གང་། ། རྣམ་པ་སྣ་ཚོགས་མཁས་རྣམས་ ཀྱིས། ། གང་རྣམས་བྱེད་གཞུག་བྱ་བ་དག ། སངས་རྒྱས་ལྷུན་གྱིས་གྲུབ་འབྲས་བུ། ། དེ་ནི་མདོ་འཛིན་འགྲོ་བ་ཡི། ། དགོས་དང་དཀའ་ཐུབ་ཅན་རིག་དང་། ། གད་མོ་རྩེ་བའི་སྦྱོར་བ་དང་། གར་མཁན་རྣམས་ལ་རྟག་ཏུའོ། ། དགའ་ལྡན་གནས་བབས་འཇིག་ རྟེན་གྱིས། ། མཐོང་བ་བུད་མེད་འགྲོ་དང་བཅས། ། འཕྲོག་ཅིང་སྦྱིན་དང་འབྲེལ་པ་དང་། ། ཅོད་པན་ཅན་དང་ལག་ན་གཞུར། ། དམ་པ་རྣམས་ཀྱིས་ཀུན་དུ་མཐོང་། ། སྟུག་པོ་ནས་ནི་དེ་མ་བྲལ། ། ཡུལ་འདི་ཐུབ་པ་དེ་ཡིས་ཏེ། ། ཐམས་ཅད་ན་ཡང་ཤིན་ཏུ་ སྣང་། ། རབ་རིབ་ཅན་གྱི་རབ་རིབ་བཞིན། ། {རི་དགས་,རི་དྭགས་}རྣམས་ཀྱི་སྨིག་རྒྱུ་འདྲ། ། འཇིག་རྟེན་རྣམས་ཀྱིས་སྒྱུ་མ་ལ། །
BOཇི་ལྟར་གཞན་དུ་མཐོང་བ་དང་། ། རྨི་ལམ་ན་ཡང་གཞན་དུ་བའི། ། རྨི་ལམ་བཞིན་དུ་བུས་པས་མཐོང་། ། ཁྱད་པར་རབ་ཏུ་མཐོང་བ་ནི། ། རྣལ་འབྱོར་ཅན་རྣམས་ལོག་ལོང་བཞིན། ། ལྷ་ཡི་ལྷ་ཡི་ཡུལ་ཡིན་ཏེ། ། དེ་ཡི་སྲས་ཀྱི་དུས་ཀུན་དུ། ། མི་སྦྱིན་གུ་ལང་ཚངས་པ་དང་། ། ས་ནན་ཏ་དང་ས་ནན་ད། ། ས་ནན་གཞོན་ནུ་སེར་སྐྱ་དང་། ། ནེ་ཙོ་ལ་སོགས་རྣམས་བསམས་ཀྱང་། ། དེ་ཡི་ཡུལ་ལ་ རྣམ་པར་བསླད། ། དེ་དག་རྣལ་འབྱོར་གྱིས་མི་མཐོང་། ། ཐུབ་པ་གང་དག་འབྱུང་བ་དང་། ། བྱུང་དང་ད་ལྟར་གང་འཁོད་པ། ། དེ་དག་ཡུལ་ན་གང་ཡང་མིན། ། ལྟ་བའི་བག་ཆགས་གཡོགས་པའི་ཕྱིར། ། ས་དང་སར་ནི་རྣམ་སྤྱོད་པའི། ། རྡོ་རྗེའི་སྙིང་པོ་དེ་ལ་ བསྟན། ། ལྷ་ཡི་ལྷས་ནི་བྱས་པ་ཡི། ། སྟུག་པོའི་ཞིང་ན་ཡོད་པ་ཡིས། ། འདི་དག་རྡོ་རྗེའི་སྙིང་པོ་དེ། ། མཉམ་པར་བཞག་ལ་ཤིན་ཏུ་བསྟན། ། རྣལ་འབྱོར་ཅན་གྱི་རྣལ་འབྱོར་ཡུལ། ། ཇི་ལྟར་གང་གིས་འབྱོར་པ་དག ། དབྱིབས་དང་མདོག་དང་ཁྱད་པར་དག ། བཟོ་ བོར་གྱུར་པས་བྱས་པ་ནི། ། གཅེས་དང་རྡུལ་ཕྲན་དག་གི་སྟེ། ། བརྟགས་པའི་དངོས་པོ་ཡོད་པ་མིན། ། སྐྱེ་བ་དག་ནི་ཆོས་ཙམ་སྟེ། ། ལྡོག་པར་འགྱུར་བའང་ཆོས་ཙམ་མོ། །
BOཀུན་ཏུ་ཕྲ་བའི་བདག་ཉིད་ཀྱི། ། ཡོན་ཏན་དག་ཏུ་དངོས་ཡོད་བརྟགས། ། མར་མེ་བཞིན་ དུ་གསལ་བྱེད་པ། ། རྒྱུ་རྣམས་དགོས་པ་སྒྲུབ་པ་དག ། མཚན་ཉིད་སྔ་ནས་མི་རྙེད་དེ། ། འཇིག་དང་བྲལ་བས་མི་གནས་པའོ། ། འདས་པ་འདས་པའི་དངོས་པོར་ཡང་། ། ཡོད་པ་མ་ཡིན་འབྱུང་བ་མེད། ། རྐྱེན་དུ་བྱ་རྣམས་མེད་པར་ཡང་། ། བརྟགས་པའི་ དངོས་པོ་གང་ཡང་མེད། ། རྐྱེན་རྣམས་ཡིན་ཏེ་འདུས་པ་ལ། ། དངོས་པོ་ཡོད་པ་མ་ཡིན་ཏེ། ། རྐྱེན་རྣམས་གང་གི་རྐྱེན་དུ་འགྱུར། ། ཡོད་དང་མེད་པའི་དངོས་མི་སྣང་། ། མེད་པའང་སྣང་བ་ཡོད་མ་ཡིན། ། ཕྲ་བའི་བདག་གིས་རྣམ་པར་ བརྟགས། ། ཕུང་པོ་རྫ་མ་རས་ལ་སོགས། ། {རི་དགས་,རི་དྭགས་}སྐོམ་གདུངས་སྨིག་རྒྱུ་བཞིན། ། རྨི་ལམ་དྲི་ཟ་འདྲ་བ་སྟེ། ། གཙུག་ལག་ནོར་པ་དུག་དང་བཅས། ། རབ་ཏུ་སྨྲ་བ་སུམ་བརྒྱ་ཡིས། ། འཇུག་པ་དག་དང་ཕྱིར་ལྡོག་དང་། ། མྱ་ངན་འདའ་བ་གང་ཡང་མེད། ། དེ་ ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་བཀོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་སའི་དབང་པོ། ། ལག་པའི་ཕྲེང་བ་ཚད་མེད་པ། ལུས་དཔེ་མེད་པ། དཔུང་རྒྱན་དང་། ཅོད་པན་དང་། གཙུག་གི་ནོར་བུ་དང་། སེ་མོ་དོས་ཤིན་ཏུ་ཆས་པ་སྟན་ལས་ལངས་ ཏེ།
BOབླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐེག་པ་གསུམ་དང་འཇིག་རྟེན་དང་མི་འགལ་བ། ལྟ་བའི་ཆོས་ལ་བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་རིག་པའི་སྤྱོད་ཡུལ་བདེ་བ་ལ་གནས་པ་རྡོ་རྗེ་སྙིང་པོའི་ དབང་པོ་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན། ། རྣལ་འབྱོར་གྱི་མཁན་པོ་ས་དང་སའི་མཚམས་ཐམས་ཅད་མི་འགལ་བར་སྟོན་པ་ལ་འདི་སྐད་ཅེས་སྨྲས་སོ། ། རྡོ་རྗེའི་དབང་པོ་ཁྱོད་སྐྱེ་བ་ཐམས་ཅད་དང་། རྒྱལ་པོའི་འཁོར་དག་ཏུ་ཅོད་པན་ཅན་དག་ལ་ཆོས་སྟོན་ པ་ཡིན་ཏེ། དེའི་ཕྱིར་རྒྱལ་བའི་སྲས་ཁྱོད་ལ་གསོལ་བ་གདབ་ཀྱིས་བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་རིག་པའི་སྤྱོད་ཡུལ་ལ་བདེ་བར་གནས་པའི་ཕྱིར་འཕགས་པ་ལྟ་བའི་ཆོས་ལ་བདེ་བར་གནས་པ་གཞན་གྱི་དྲིང་མི་འཇོག་པར་སྤྱོད་པའི་གནས་ སྟོན་ཅིག ། དེས་བདག་དང་ཅོད་པན་ཅན་འདི་དག་གིས་བདག་མངོན་སུམ་དུ་གྱུར་པའི་སྤྱོད་ཡུལ་སངས་རྒྱས་ཀྱི་སའི་སྒོའི་བདེ་བ་ནན་ཏན་གྱིས་རབ་ཏུ་ཐོབ་སྟེ། ཡིད་བཞིན་གྱི་ལུས་རྣམ་པ་བཅུ་ལ་དབང་སྒྱུར་ཞིང་སྟོབས་དང་། མངོན་པར་ཤེས་པ་དང་། རྫུ་འཕྲུལ་ གྱི་རྐང་པ་དང་། དབང་གི་གཞལ་མེད་ཁང་གི་གནས་གྱུར་ཏེ།
BOཡང་དག་པའི་མཐའ་ལ་གནས་པ་སྤངས་ཏེ། སྣ་ཚོགས་ཀྱི་ལུས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་རང་བཞིན་དུ་གྱུར་ཏེ། རྒྱལ་པོའི་ཚོགས་ཀྱི་འཁོར་ཐམས་ཅད་དང་སྟུག་པོར་སྟུག་པོ་ན་སྤྱོད་པ་ རྣམས་ལ་ཆོས་སྣ་ཚོགས་སྟོན་པར་འགྱུར་རོ། ། རྡོ་རྗེ་སྙིང་པོས་སྨྲས་པ། རྒྱལ་པོ་སྨྲོས་ཤིག་དགེའོ་དགེའོ། ། ཅོད་པན་ཅན་ལ་ཁྱད་པར་དུ། ། ཆོས་ལ་འཇུག་པ་བདག་མེད་པ། ། སྟུག་པོའི་རྒྱན་ནི་རབ་སྟོན་པ། ། སེམས་ཀྱི་རང་བཞིན་མཚན་ཉིད་དག ། རྣམ་ རྟོག་སྤྱོད་ཡུལ་ཡིན་ཞེ་ན། ། རྣམ་རྟོག་དོན་ལས་ཕྱིར་ལྡོག་པ། ། འགྲོ་བ་རྣམ་རྟོག་མཐོང་ནས་ཏེ། ། འགྲོ་བའི་རང་བཞིན་མཐོང་ནས་ཀྱང་། ། ཏིང་ངེ་འཛིན་ལ་གནས་པར་འགྱུར། ། ཆོས་ཀྱི་ངོ་བོ་ཉིད་བསྟན་གྱིས། ། རྒྱལ་པོ་ང་ལ་དེ་ཉོན་ཅིག ། དཔྱིད་ཀྱི་སྨིག་ རྒྱུ་ཇི་བཞིན་པ། ། དེ་ཡི་རྣམ་པ་འགྲོ་བ་འདི། ། མཚན་གཞི་མཚན་མ་རྒྱུ་རྣམས་ལས། ། རྣམ་པར་རྟོག་པ་རྣམ་མི་རྟོག ། བློ་དང་རྟོགས་བྱས་བསྐྱེད་པས་ཏེ། ། རྟོགས་བྱ་དེའི་ཁྱད་གྱུར་པ། ། གཉེན་པོར་གྱུར་པ་གཅིག་མེད་པ། ། ཉི་མ་དང་ནི་གྲིབ་ལྟར་ གནས། ། སེམས་མེད་ཙམ་པོའང་ཡོད་པ་མིན། ། ཚད་དང་གཞལ་དང་གཉིས་ཀ་མེད། །
BOརྣམ་པར་རྟོག་པ་སེམས་ཙམ་སྟེ། ། རྣམ་པར་རྟོག་པ་རྣམ་མི་བརྟག ། ཤེས་དང་ཤེས་བྱ་རྣམ་རྟོག་པ། ། སེམས་ཙམ་དེ་ལྟར་ཡིན་ན་སྟེ། ། ཤེས་བྱ་སེམས་ཙམ་ཡིན་པ་ནི། ། རྟག་ཏུ་ཙམ་ལ་ཤེས་ཡོད་མིན། ། སེམས་ཆོས་ཀྱི་ནི་ངོ་བོ་ཉིད། ། གང་ཟག་དག་དང་གཡོ་བ་རྣམས། ། གང་ཚེ་སེམས་ལ་རྣམ་བརྟགས་ན། ། རྟོག་དང་བརྟགས་པས་སྤངས་པ་ཡིན། ། བརྒྱད་པོ་རྙེད་ནས་དག་པར་འགྱུར། ། དགུ་ལ་བསམ་གཏན་སྤྱོད་ཡུལ་ཏེ། ། བཅུ་ལ་སངས་རྒྱས་སངས་རྒྱས་ཀྱིས། ། དབང་བསྐུར་རྒྱལ་བར་འགྱུར་བ་ཡིན། ། རྒྱལ་བའི་ཡུལ་ལ་ཆོས་རྣམས་ཀྱང་། ། མི་ཟད་ཆོས་ཀྱི་སྐུར་འགྱུར་རོ། ། ནམ་མཁའི་ཟད་དང་འདྲ་བ་སྟེ། ། སེམས་དང་རྣམ་ཤེས་དེ་བཞིན་ཏེ། ། མི་འཇིགས་པ་ཡང་མ་ཡིན་ཞིང་། ། རྟག་ཅིང་ཞི་བ་བདེ་ལ་བརྟན། ། འདུས་མ་བྱས་པའི་ཡེ་ཤེས་ཏེ། ། སྟུག་པོའི་ཞིང་ན་རྣམ་པར་མཛེས། ། རྣམ་ཤེས་འབྱུང་གསུམ་འདས་པ་སྟེ། ། སྣ་ཚོགས་གཟུགས་ཀྱི་རིན་ཆེན་བཞིན། ། དེ་བཞིན་སངས་ རྒྱས་ས་བསམ་མེད། ། སྟུག་བཞིན་རྒྱལ་བའི་གནས་གྱུར་པ། ། ཇི་ལྟར་གྱོ་མོ་རྣམས་ཀྱི་རྒྱུ། ། རྫ་མ་ཆག་པས་བསྟན་པ་བཞིན། ། གྱོ་མོ་རྣམས་ཀྱང་རྡུལ་གྱི་སྟེ། ། རྡུལ་ཡང་མཆོག་ཕྲའི་དེ་བཞིན་དུ། །
BOདངོས་པོ་རྣམས་ཀྱི་རྐྱེན་རྣམས་ལ། ། རྒྱུ་རྣམས་ཇི་ལྟར་སྣང་བ་བཞིན། ། ཟག་པ་མེད་པའི་ཆོས་རྣམས་ཀྱི། ། རྒྱུ་ནི་དེ་བཞིན་ཟག་བཅས་པའོ། ། ཇི་ལྟར་ཤིང་ལས་མེ་འབྱུང་བ། ། ཕྱིས་ཀྱང་གཞན་དུ་འབར་བར་བྱེད། ། དེ་བཞིན་ཡེ་ཤེས་བྱུང་བའི་མེ། ། ཕྱིས་ཀྱང་གཞན་དུ་འབར་བར་བྱ། ། གནས་ཀྱི་ལུས་ལས་འཕོས་གྱུར་ཅིང་། ། སེམས་དང་ རྟོག་པས་རྣམ་སྤངས་པ། ། ཆགས་པ་མེད་པའི་ཡེ་ཤེས་རོ། ། སྟུག་པོའི་དབུས་ན་རྣམ་པར་མཛེས། ། བསྐྱེད་མེད་རྣམ་པ་སྣ་ཚོགས་གཟུགས། ། ས་ལ་གནས་པ་མ་ཡིན་པ། ། ལྟ་བ་ཐམས་ཅད་ཟད་བྱེད་པའི། ། བདག་མེད་ཉིད་ལ་སྐྱབས་སུ་སོང་། ། རྒྱུད་ཀྱི་རྒྱུན་ རྣམས་ཆད་པའི་ཕྱིར། ། འཇིག་པ་མེད་ཅིང་འབྱུང་མེད་པས། ། ལྟ་བ་ཐམས་ཅད་ཟད་བྱེད་པ། ། བདག་མེད་ཉིད་ལ་སྐྱབས་སུ་སོང་། ། ཞིར་གྱུར་ཞི་བ་ཞིར་མ་བྱས། ། ཞི་བས་ཞི་བ་བདེན་ཉིད་དུ། ། ལྟ་བ་ཐམས་ཅད་རྣམ་དག་ཕྱིར། ། བདག་མེད་ཉིད་ལ་སྐྱབས་སུ་ སོང་། ། ས་རྣམས་སྣ་ཚོགས་བྱས་པ་ནི། ། བདག་མེད་པ་ལ་བདག་མེད་པས། ། མི་རྟག་ཐོ་བས་བཅོམ་པ་དང་། ། རྣམ་པར་སྟོན་པའི་མདས་ཀྱང་སྟེ། ། བསྲེག་པ་ཚིག་པའི་མེ་བཞིན་དུ། ། བདག་ཉིད་ཞིར་འགྱུར་དེ་ཉིད་དུ། །
BOདེ་བཞིན་ལྟ་བས་རྣམ་བརྟགས་ ཏེ། ། བདག་མེད་བསམ་གཏན་རབ་གནས་པ། ། ལྟ་བའི་ཆོས་ལ་བདེར་གནས་ཀྱི། ། སོ་སོ་རང་རིག་སྤྱོད་ཡུལ་ལ། ། ཐོག་མ་མེད་ནས་ཉེས་དྲི་མེད། ། འཕགས་པ་རྣམས་ཀྱི་ས་ལ་གནས། ། འཕགས་གནས་འཇིག་རྟེན་པས་སྤངས་ཏེ། ། འཇིག་རྟེན་འདས་པའི་ འཕགས་ལ་གནས། ། སེམས་ཀྱི་ས་ལས་རབ་གྱུར་ཏེ། ། སྟུག་པོའི་དཀྱིལ་ན་རྣམ་པར་མཛེས། ། མི་བདག་མི་བདག་དབང་པོ་རྣམས། ། ཐམས་ཅད་ཀྱིས་ཀྱང་ཡང་སྨྲས་པ། ། རྡོ་རྗེའི་སྙིང་པོ་སྐྱབས་དང་མགོན། ། གང་ལ་སྐྱབས་སུ་མཆི་བར་བགྱི། ། སངས་རྒྱས་ ཡོད་མིན་མེད་པ་མིན། ། ཕུང་པོའི་སྐྱེ་ཤིང་རྣམ་བསྲེགས་ཏེ། ། དཔུང་དང་བཅས་པའི་བདུད་བཅོམ་ནས། ། སྟུག་པོ་སངས་རྒྱས་ས་ལ་གནས། ། ཤེས་བྱ་དྲི་མེད་ཞི་བ་ལ། ། སྐྱབས་སུ་སོང་ཤིག་གྲོགས་པོ་དག ། རྟོག་དང་ཚད་ལས་བྲལ་བ་སྟེ། ། བློ་དང་རྟོགས་བྱའི་ གནས་མ་ཡིན། ། སྟུག་པོའི་དཀྱིལ་བཞུགས་རྣལ་འབྱོར་ཅན། ། དེ་ཡང་གྲོགས་པོ་མགོན་སྐྱབས་སོ། ། རྣལ་འབྱོར་ཅན་རྣམས་ཀུན་གྱི་ཞིང་། ། ཞིང་མཆོག་བཟང་བ་སྟུག་པའོ། ། རྣལ་འབྱོར་པ་ནི་མང་པོས་གང་། ། སྟུག་པོ་དེ་ལ་སྐྱབས་སུ་སོང་། ། སྤྲོས་པ་ཀུན་དང་ བྲལ་བ་སྟེ། །
BOལྟ་བའི་ཉེས་པ་རྣམ་པར་སྤངས། ། རི་མོའི་ཐག་ཐུག་ལྟ་བུ་དང་། ། རྨི་ལམ་མོ་གཤམ་བུ་འབྱུང་དང་། ། རྨི་ལམ་བུད་མེད་བཟང་མོ་ལྟར། ། ཐུབ་པ་རྣམས་ཀྱིས་འགྲོ་བ་མཐོང་། ། དྲི་ཟའི་གྲོང་ཁྱེར་སྤྱོད་པ་བཞིན། ། སྐྲ་ཕུང་མགལ་བ་བསྐོར་བ་ལྟར། ། སྨིག་ རྒྱུ་{རི་དགས་,རི་དྭགས་}སྲེད་མཚུངས་སུ། ། ཡོད་དང་མེད་པ་རྣམ་པར་སྤངས། ། སྒྱུ་མའི་ལུས་གཟུགས་སྣ་ཚོགས་དང་། ། འཕྲུལ་པའི་སྤྲུལ་པར་དེ་དག་ནི། ། འཇིག་རྟེན་སྤྱོད་ཚེ་མཐོང་བ་སྟེ། ། ས་དང་ས་ལ་ཐུབ་པ་རྣམས། ། བསྡོར་མེད་དུ་མའི་གཟུགས་གྱུར་པ། ། སྒྱུ་མའི་ཤིང་གི་ འབྲས་བུ་ལྟར། ། སྤྲིན་དང་དུ་བ་གློག་ལྟར་ཡང་། ། ཐུབ་པས་རྣལ་འབྱོར་རྣམ་པར་མཐོང་། ། རྫ་ལ་སོགས་པའི་བཟོ་བཟུང་ལྟར། ། འགྲོ་བ་བདག་གི་རྣམ་རྟོག་བྱུང་། ། ཡིད་དང་ཡིད་ཀྱི་རྣམ་ཤེས་དང་། ། ཆོས་ལྔའི་ངོ་བོ་ཉིད་རྣམས་དང་། ། འཇུག་པའི་རྣམ་ཤེས་སྤྱོད་ པ་ནི། ། བདག་མེད་མི་གཉིས་བརྒྱན་པ་སྟེ། ། བག་ཆགས་ཐོག་མ་མེད་པ་ཡི། ། སེམས་ཀྱི་གནས་ངན་ལེན་བྱུང་ཡོག ། འོད་པའི་དབའ་རླབས་འདྲ་བར་ནི། ། ཀུན་གཞི་ས་ལ་གནས་པ་ཡིན། ། རླུང་གིས་ཇི་ལྟར་འོད་པ་ལ། ། ཕན་ཚུན་དག་ཏུ་བསྐྱོད་བྱས་ན། །
BOདབའ་རླབས་རྣམས་ལ་འཇིག་པ་མེད། ། འོད་པའང་མེད་པར་མི་འགྱུར་ཏེ། ། སྔ་མེད་བག་ཆགས་གནས་ཅན་རྣམས། ། འཇུག་པའི་ཡུལ་ལ་གཞོལ་བ་དག ། སེམས་བརྒྱད་རྣམས་ཀྱི་འཇུག་པ་ནི། ། རྣམ་པར་ཐ་དད་མ་ཡིན་ཏེ། ། དུས་གཅིག་ ཏུ་ཡང་དེ་དག་འབྱུང་། ། བར་བར་དུ་ནི་རིམ་གྱིས་སོ། ། ཐོག་མ་མེད་ནས་སེམས་འཇུག་པ། ། སྐར་མ་གཟའ་ཡི་དཀྱིལ་འཁོར་དང་། ། ལོ་མ་མེ་ཏོག་འབྲས་བུ་དང་། ། རི་དང་སྡེ་དང་ཚལ་སོགས་ལ། ། རྟག་ཏུ་དུས་གཅིག་འཇུག་པ་སྟེ། ། རིམ་གྱིས་ཀྱང་ནི་ཤེས་པར་ བྱོས། ། ཡང་དག་མ་ཡིན་སྔ་མའི་ཡུལ། ། མལ་ལ་གནས་བཞིན་མཐོང་བ་ཡིན། ། ལུས་ཀྱི་འཇུག་པ་རིམ་གྱིས་ཀྱང་། ། སྲོག་ལ་རྟེན་ཅིང་འབྱུང་བ་ཡིན། ། རྫས་དང་གྲངས་དང་ཆོས་རྣམས་ལ། ། ཐ་དད་རིམ་གྱིས་འབྱུང་བ་སྟེ། ། མུར་ཞིང་བཅའ་དང་བཟའ་རྣམས་ལ། ། ཐ་དད་རིམ་གྱིས་འདའ་བ་མིན། ། རོ་དང་དྲི་ཡི་རྣམ་པ་ལ། ། རིམ་གྱིས་ཐ་དད་འབྱུང་བ་ཡིན། ། རིམ་གྱིས་ཁ་དོག་ཁྱད་པར་གྱི། ། སྣ་ཚོགས་ལ་ཡང་དུས་གཅིག་ཏུ། ། རྒྱལ་པོ་སེམས་ནི་བསམ་མི་ཁྱབ། ། རྟག་ཏུ་རང་བཞིན་འོད་ཅན་ནོ། ། དེ་བཞིན་གཤེགས་པའི་ སྙིང་པོ་སྟེ། ། རྡོ་བ་རྣམས་ཀྱི་གསེར་བཞིན་གནས། ། ཡིད་ནི་ཀུན་གྱི་གཞི་ལས་བྱུང་།
BO། ཡིད་ཀྱི་རྣམ་ཤེས་དེ་བཞིན་ཏེ། ། རྣམ་ཤེས་དྲུག་པོ་རྣམ་པ་མང་། ། ས་ཡི་ཁྱད་པར་བྱེད་པའོ། ། བག་ཆགས་སེམས་དང་ལྷན་ཅིག་ཏུ། ། ས་བོན་ཀུན་པའི་ཀུན་གཞི་ནི། ། ཀུན་ ནས་ཉོན་མོངས་རྣམ་དག་པའི། ། རྟག་ཏུ་རང་བཞིན་འོད་ཅན་གྱིས། ། དེ་ལྟར་དེ་བཞིན་གཤེགས་ཀྱི་རིགས། ། ངེས་དང་མ་ངེས་དགེ་བ་ཡིན། ། རྟག་ཏུ་གནས་ལྟར་འབྱུང་བ་ནི། ། རྒྱ་མཚོའི་རླབས་དག་ཇི་བཞིན་དུ། ། ཐ་མ་འབྲིང་དང་རབ་རྣམས་སུ། ། དེ་བཞིན་ཀུན་གཞིས་ ཁྱབ་པར་བྱེད། ། ས་དང་ས་ལ་རྣམ་དག་ཅིང་། ། གཞན་དུ་གྱུར་ནས་རྣམ་པར་མཛེས། ། ཡང་དག་ཇི་བཞིན་དོན་སྟོན་ལ། ། རྡོ་རྗེ་སྙིང་པོས་ཡང་སྨྲས་པ། ། མཐོང་ཞིང་ཐོས་ཏེ་ཤེས་པས་ན། ། ས་ཆེན་བདག་པོ་ཁྱོད་ཉིད་ཀྱིས། ། སྤོབས་པ་ཅན་ལ་བསྟན་པར་ གྱིས། ། ཁྱད་པར་དུའོ་ཁྱད་པར་བདག ། ཁམས་ཕྲན་རྣམས་ཀྱི་ཁམས་རྣམས་དང་། ། ས་ལ་འཁོར་ལོ་འཁོར་རྣམས་དང་། ། ཀུན་གཞི་རྣམ་པར་དག་གྱུར་ན། ། ས་ཡི་རྒྱལ་པོར་འགྱུར་བ་ཡིན། ། འཛམ་བུའི་གླིང་ལ་དབང་བ་ཡི། ། འཁོར་ལོ་འཁོར་བར་ཡང་འགྱུར་རོ། ། དགའ་ལྡན་ལ་སོགས་གཞལ་མེད་དུ། ། མཚེ་མ་རབ་ཀྱི་དབང་པོར་འགྱུར། ། དབང་པོའི་གནས་སུ་དབང་པོར་ཏེ། །
BOདབང་སྒྱུར་གནས་སུ་དེ་བཞིན་ནོ། ། འདོད་པའི་ཁམས་ཀྱི་དབང་པོའི་བདག ། གཟུགས་ཁམས་བདག་པོའང་དེ་བཞིན་ཏེ། ། གཟུགས་མེད་འདུ་ཤེས་མེད་ སེམས་ཅན། ། བསམ་གཏན་བདེ་བའི་འབྲས་བུར་ཡང་། ། ཡང་དག་མངོན་བྱ་མ་ཆགས་པས། ། ཡང་དག་མཐའ་ལ་མ་རེག་པར། ། འཇིགས་མེད་སེང་གེའི་སྒྲ་སྒྲོགས་ཤིང་། ། དགའ་དང་ཡེ་ཤེས་ཡང་དག་ལྡན། ། བསམ་གཏན་དབང་གི་བདེ་བས་ངོམས། ། དེ་ ནི་སྟུག་པོར་སྨོན་པ་ཡིན། ། ཁམས་གསུམ་སྤྱོད་པའི་ཉེས་པ་ཡིས། ། ཆགས་མེད་མཉམ་པར་བཞག་པ་སྟེ། ། མཐར་གྱིས་སྟུག་པོར་ཞུགས་ནས་སུ། ། རྣམ་པར་སངས་རྒྱས་སངས་རྒྱས་པར། ། ཆོས་ཀྱི་དབང་པོར་བདག་གྱུར་ཏེ། ། རྟེན་ལས་གཞན་དུ་གྱུར་ཅིང་ བདེ། ། རྟག་པ་བརྟན་པ་ཞི་བའི་ཆོས། ། སྟུག་པོའི་དཀྱིལ་ན་སྲས་དང་བཅས། ། ཆོས་ཀྱི་བདག་པོ་རྣམ་པར་མཛེས། ། འཇིག་པ་མེད་པ་མི་ཡི་མཆོག ། མྱ་ངན་འདས་པ་འཇིག་པ་མིན། ། མུར་འདུག་རྣམས་ཀྱིས་ཇིར་རྗོད་བཞིན། ། མཆོག་དང་ཐ་མ་བར་མ་ཡི། ། རྒྱལ་པོ་བཅུ་པོའི་ལས་རྣམས་ཀྱིས། ། ཐེག་པ་གསུམ་དུ་གྱུར་པ་སྟེ། ། སྟུག་པོ་ཚོལ་བའི་ཁྱད་པར་ཡང་། ། རྒྱལ་པོ་ཡང་དག་སྐྱེ་བར་འགྱུར། ། ས་དང་ས་ལ་གནས་པས་སོ། ། འཇིག་ན་འདུས་བྱས་ཉེས་པར་འགྱུར། །
BOའཆི་བ་རྣམས་ལའང་དེ་བཞིན་ཏེ། ། རྒྱལ་པོ་འཇིག་ པ་མཐར་མ་ཡིན། ། དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། ། སེམས་ཅན་ཟད་ཅིང་མེད་འགྱུར་བ། ། དེ་སྟེ་མྱ་ངན་འདས་འཇིག་ན། ། སྔོན་གྱི་མཐའ་ཡང་འཇིག་པ་དང་། ། སེམས་ཅན་འབྱུང་བ་མེད་པར་འགྱུར། ། སེམས་ཅན་ཁམས་རྣམས་ཟད་གྱུར་ན། ། རྒྱལ་བའི་ཤེས་ བྱ་དངོས་པོ་མེད། ། མྱ་ངན་འདའ་མེད་ཤེས་བྱ་མེད། ། སངས་རྒྱས་སངས་རྒྱས་ཉིད་ཀྱང་མེད། ། མེ་མར་བསྲེགས་པའི་དཔེ་རྣམས་དང་། ། ས་བོན་ཚིག་པའི་དཔེ་དག་གིས། ། རྟོག་ཅན་ཐར་ལ་མཁས་པ་རྣམས། ། ལུས་ཅན་རྣམས་ལ་ཐར་པ་སྟོན། ། ཡོད་དང་མེད་པའི་རྣམ་ཐར་གྱིས། ། ཐར་པའི་བདེ་ལས་དེ་དག་རིང་། ། བསམ་གཏན་གནས་པ་ཐམས་ཅད་དེ། ། ལུགས་སུ་འཇུག་དང་བཟློག་པ་དག ། གཟུགས་མེད་འདུ་ཤེས་མེད་པ་དང་། ། མངོན་ཤེས་དབང་དང་སྟོབས་རྣམས་དང་། ། མ་ཉམས་ཉམས་པ་མེད་པ་ དང་། ། ཆོས་ཀྱི་མཚན་ལ་མཁས་པ་རྣམས། ། ས་ཡི་ཁམས་ལ་མཁས་པ་དག ། མི་ཡི་དབང་པོ་སྟུག་པོར་འགྲོ། ། ཡོད་དང་མེད་པ་འཇིག་པས་ནི། ། དེ་དག་འཁོར་ལས་མི་འབྱུང་སྟེ། ཕྲད་པ་གསུམ་པོ་འཇིག་མེད་ཅིང་། ། རྒྱུ་དང་དམིགས་པའི་རྐྱེན་རྣམས་དང་། ། དེ་མ་ཐག་དང་དབང་ཡང་སྟེ། །
BOས་རྣམས་བདག་མེད་ཕྱི་རོལ་དག ། མིག་དང་གཟུགས་དག་རྒྱུར་བྱས་ཏེ། ། ཕྲད་པས་གང་རྣམས་འཇུག་གྱུར་པ། ། གཟུགས་རྣམས་མངོན་བྱེད་ཡེ་ཤེས་དང་། ། དེ་དག་ཐམས་ཅད་ཞིག་པར་འགྱུར། ། ཕྱི་དང་ནང་གི་ས་རྣམས་ནི། ། ཕན་ཚུན་སྟོབས་ཀྱིས་བྱུང་བ་སྟེ། ། ཡོད་དང་མེད་པའི་ལྟ་བ་ལས། ། དེ་སྟེ་གྲོལ་ནས་འཇིག་ན་ནི། ། སེམས་དང་དམིགས་ལས་བྲལ་བའི་ཕྱིར། ། རྣམ་པར་དམིགས་པས་མི་གནས་ཏེ། ། མདུན་དུ་རྟོག་པ་མེད་གྱུར་ཅིང་། ། དེ་ཡི་རང་བཞིན་མི་གནས་ལ། ། གང་ཚེ་དམིགས་ པ་སྤང་བ་ལ། ། རྣམ་པར་རྟོག་པ་མི་གནས་ཤིང་། ། གང་ཚེ་གཉིས་ལས་རྣམ་གྲོལ་ཏེ། ། རྟོག་མེད་རྟོག་པ་སྤངས་པས་ན། ། དེ་ཚེ་སེམས་ནི་མཉམ་པར་བཞག ། འགྲོ་བ་རྣམ་རྟོག་མེད་པར་མཐོང་། ། གཟུང་དང་འཛིན་པ་མེད་པ་སྟེ། ། བསམ་གྱིས་མི་ཁྱབ་ཤེས་ལ་ གནས། ། རྟེན་པ་ལས་ནི་གྱུར་པ་སྟེ། ། ཡེ་ཤེས་གནས་ངན་ལེན་པ་སྤངས། ། ཡིད་བཞིན་རྣམ་པ་བཅུ་པོ་ནི། ། སྣ་ཚོགས་གཟུགས་ཀྱིས་བརྒྱན་པ་སྟེ། ། ས་གསུམ་རྒྱལ་པོ་རབ་བྱེད་ཅིང་། ། རྒྱལ་པོ་སྟུག་པོར་རབ་ཏུ་འགྲོ། ། གཟུགས་དང་སེམས་དང་སེམས་ ལས་བྱུང་། ། མི་ལྡན་པ་དང་འདུས་མ་བྱས། ། ནང་དང་ཕྱི་ཡི་ས་རྣམས་དང་། །
BOཐ་དད་རྣམ་པར་རབ་མཐོང་ཞིང་། ། སོ་སོ་རང་གི་ཡེ་ཤེས་མཁས། ། ལྟ་བའི་ཆོས་ལ་རྣམ་པར་གནས། ། རྒྱལ་པོ་སྟུག་པོར་འདོད་པ་ནི། ། ཡེ་ཤེས་མཁས་པ་རྣལ་འབྱོར་ཅན། ། མཚན་ མ་མིང་དང་དེ་བཞིན་ཉིད། ། རྣམ་པར་རྟོག་དང་ཡེ་ཤེས་དང་། ། ཡང་དག་མཐའ་ཡི་གནས་པ་ཡིས། ། སོ་སོ་རང་རིག་སྤྱོད་ཡུལ་དུ། ། རྒྱལ་པོ་དག་དང་རྒྱལ་པོའི་བུ། ། རྣལ་འབྱོར་སེམས་པའི་རྣལ་འབྱོར་ཅན། ། རྒྱལ་པོ་སྟུག་པོར་འདོང་བ་ན། ། སངས་རྒྱས་བསྟོད་ པའི་ཞིང་དུའོ། ། ཕྲད་པ་གསུམ་དང་རྐྱེན་སྤངས་ཏེ། ། བདག་གི་ཕྱོགས་ལས་འཕགས་གྱུར་ན། ། ཕྱོགས་ལས་ཉམས་པས་འཇིག་པ་ནི། ། རྟོག་པ་ཅན་དང་མཉམ་པར་འགྲོ། ། མ་གྲུབ་པ་དང་ཡང་དཔེ་ཡི། ། རྒྱལ་པོ་འགལ་བར་ཤིན་ཏུ་འགྱུར། ། རྣམ་པར་རྟོག་ དང་ཉེས་པའི་མཚང་། ། དེ་དག་རྣམ་པ་ལྔར་འགྱུར་རོ། ། ཕྲད་པ་གསུམ་པོ་སུན་འབྱིན་པ། ། ཆུད་ཟོས་བུང་བ་ཇི་བཞིན་དུ། ། དེ་བཞིན་(འཇིན་,འཇིག་)རྟེན་སུན་འབྱིན་པ། ། ཡང་དག་མ་ཡིན་རྟོག་པ་སྨྲ། ། དེ་ལ་ཉེས་པ་རྣམ་ལྔ་སྟེ། ། རྟོག་པ་བསླད་པའི་མིག་ཅན་ལ། ། འདྲ་ ཆོས་མི་འདྲའི་ཆོས་སྐྱོན་ཅན། ། ནོར་དང་བཟློག་པ་མེད་པ་དང་། ། བདག་གི་ཕྱོགས་ལས་ཉམས་པའི་བློ། །
BOཕ་རོལ་ཕྱོགས་ལ་རྟེན་པ་དང་། ། ལྟ་བ་དེ་དག་འབྱུང་བ་ནི། ། ཐོག་མའི་མཐའ་ནི་འཇིག་བྱེད་པའོ། ། སེམས་ཅན་རྣམས་ཀྱི་སྔོན་གྱི་མཐའ། ། རྒྱལ་པོ་ཡོད་པ་ མ་ཡིན་ཏེ། ། ཀུན་ཏུ་རྒྱུག་ཅིང་འཁོར་བ་དག ། འབྱུང་བ་དོག་པར་རྒྱུག་པའོ། ། དེ་དང་དེ་ཡི་ལམ་རྒྱུད་དུ། ། ཐུགས་རྗེ་དབང་གིས་རྒྱལ་བ་གཤེགས། ། སྤྲུལ་པའི་འོད་ཟེར་ལྷ་རྫས་ཀྱིས། ། ཟླ་བ་ལྟ་བུར་རྒྱུ་ཞིང་འཁོར། ། སྔ་མའི་ལས་དང་ཚུལ་འཐུན་པར། ། ཕ་ སྐྱབས་ཆོས་རྣམས་སྟོན་པ་མཛད། ། རྒྱུད་དང་རྒྱུད་དུ་བྱིང་རྣམས་ལ། ། ཆོས་ཀྱང་བསྟན་པར་མི་འགྱུར་ཏེ། ། དེ་སྟེ་མྱ་ངན་འདའ་འཇིག་ན། ། རྒྱལ་བས་ཡོན་ཏན་ཅི་ཞིག་བརྙེས། ། དབང་སྒྱུར་གསུམ་པོ་རྣམས་དང་ཡང་། ། རྣམ་པར་ཐར་དང་བདེན་པ་མཐོང་། ། རྫུ་འཕྲུལ་ རྐང་པ་བཞི་པོ་དང་། ། དྲན་པ་ཉེར་གཞག་སྟོང་པ་ཉིད། ། ཐ་དད་ཡང་དག་ཤེས་བཞི་དང་། ། འདྲི་ལ་ལུང་བསྟན་པ་རྣམས་དང་། ། དམིགས་པ་དང་ནི་དེ་མ་ཐག ། རྒྱུ་དང་དབང་ཡང་དེ་བཞིན་ཏེ། ། གཟུགས་མེད་པ་དང་སྤྱོད་པ་དང་། ། དབང་པོ་ སྟོབས་རྣམས་བཅས་པ་དང་། མངོན་པར་ཤེས་དང་དད་རྣམས་དང་། ། རྣམ་པར་ཤེས་དང་དེ་རྒྱུ་དང་། ། འདུས་བྱས་མ་བྱས་ཆོས་རྣམས་དང་། །
BOབྱང་ཆུབ་ཡན་ལག་གང་ཟག་དང་། ། རྣམ་པར་ཐར་དང་སྐྱེས་བུ་བརྒྱད། ། ས་རྣམས་དག་དང་ཤེས་པ་དང་། ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ། ཡེ་ཤེས་མངོན་དུ་ཆུད་པ་བཅུ། ། སྡུག་བསྔལ་ཆོས་ཉིད་ཤེས་པ་དང་། ། སྡུག་བསྔལ་གྱིས་སུ་སོ་སོར་རྟོག ། སྡུག་བསྔལ་ཉིད་ཀྱི་རྗེས་སུ་ཤེས། ། འདུས་པ་རྣམས་ཀྱི་ཆོས་ཤེས་དང་། ། འདུས་པ་ལ་ནི་ཀུན་རྟོག་དང་། ། འདུས་ལ་རྗེས་སུ་འགྲོ་ཤེས་དང་། ། འགོག་པ་དག་ལ་ཆོས་ཤེས་དང་། ། འགོག་པ་དག་ལ་རྟོག་པ་དང་། ། འགོག་ལ་རྗེས་སུ་འགྲོ་ཤེས་དང་། ། ལམ་ལ་ཆོས་ཀྱི་ཤེས་པ་དང་། ། ལམ་ལ་སོ་སོར་རྟོག་པ་དང་། ། ལམ་ལ་རྗེས་སུ་འགྲོ་བ་ཤེས། ། ཤེས་པ་རྣམས་ དང་སློབ་པ་བཅུ། ། བརྒྱད་པ་མང་ན་ལན་བདུན་དང་། ། རིགས་ལས་རིགས་དང་ལན་ཅིག་འོང་། ། བར་ཆད་གཅིག་པོ་གང་ཟག་དང་། ། བར་མར་མྱ་ངན་འདའ་བ་དང་། ། གཞན་སྐྱེས་མྱ་ངན་འདའ་བ་དང་། ། མངོན་པར་འདུ་བྱེད་མ་བྱས་དང་། ། སྟེང་མའི་རྒྱུད་ཀྱང་ དེ་བཞིན་ཏེ། ། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། ། ཡེ་ཤེས་སྤྱོད་ཡུལ་ཡིན་པར་གསུངས། ། རྣལ་འབྱོར་ཅན་ཡུལ་སྣ་ཚོགས་ཏེ། ། ཐ་མ་མཆོག་དང་བར་མའོ། ། བྱང་ཆུབ་སེམས་དཔའ་ཁྱད་པར་དུ། ། མཆོག་དང་བཅས་པར་དེ་ལ་སྒོམ།
BO། རང་སངས་རྒྱས་ ནི་དབུ་མར་ཏེ། ། ཉན་ཐོས་པ་ནི་ཐ་མའོ། ། བཅུ་གཅིག་པ་དང་བཅུ་གཉིས་པ། ། ལྔ་གསུམ་{བཅྭ་,བཅོ་}ལྔ་དག་ཏུ་ཡང་། ། སེམས་ཀྱི་ཚོགས་ཀྱི་འགོག་པ་ནི། ། རྣལ་འབྱོར་ཅན་རྣམས་ཤིན་ཏུ་བྱེད། ། གང་འདས་དེ་ནི་འགགས་པ་ཡིན། ། སེམས་ནི་རང་བཞིན་འོད་སྣང་ ཅན། ། ཟག་པ་གང་ཡིན་དེ་སེམས་མིན། ། སེམས་དང་ལྷན་ཅིག་གནས་པའང་མེད། ། མ་འོངས་པ་ནི་མ་ཕྱིན་ཏེ། ། ད་ལྟར་བྱུང་བ་གནས་པ་མེད། ། སེམས་ནི་རྐྱེན་དང་མི་ལྡན་པར། ། འདི་དང་གཞན་དུའང་སྐྱེ་བ་མེད། ། བསམ་གཏན་བཞི་ན་སེམས་མེད་དེ། ། འབྱུང་ བའི་རྒྱུ་ལ་གནོད་པ་མེད། ། འབྱུང་བའི་རྒྱུ་ནི་རྣམ་ཤེས་ཏེ། ། ཡིད་དང་རྣམ་ཤེས་ལྔ་པའོ། ། རང་གི་རྣམ་རྟོག་མི་ཤེས་པས། ། དབའ་རླབས་བཞིན་དུ་འབྱུང་བ་ཡིན། ། བརྟག་དང་རྟོག་ལས་རྣམ་གྲོལ་བ། ། ཐུབ་པ་ཀུན་གྱི་ཀུན་གཞིའོ། ། ཡོད་དང་མེད་ལས་ལྷ་རྫས་སུ། ། གཞན་འགྱུར་འཇིག་པ་མ་ཡིན་ཞིང་། ། སྟུག་པོ་དང་ནི་སྟུག་དཀྱིལ་དུ། ། ཟླ་བ་ལྟ་བུར་རབ་ཏུ་མཛེས། ། དེ་ནི་མི་འཇིག་བདེ་བར་གནས། ། སྟུག་པོའི་དཀྱིལ་ན་སྲས་དང་བཅས། ། ཐ་དད་མ་ཡིན་མཚན་ཉིད་མཁྱེན། ། ཡེ་ཤེས་རོ་གཅིག་ཉིད་དུ་གྱུར། །
BOབསམ་ཡས་རྣལ་ འབྱོར་ཡུལ་ཅན་ཏེ། ། རྒྱལ་པོ་ཟླ་བ་ལྟ་བུར་སྤྱོད། ། རྒྱལ་པོ་ཕུན་སུམ་ཚོགས་པ་འདི། ། རྣལ་འབྱོར་ཁྱེར་བ་ཐུབ་རྣམས་ཀྱི། ། རྟག་པར་རྒྱལ་པོ་དེ་ཡི་ཕྱིར། ། ཁྱོད་ཀྱི་ཡིད་ཀྱང་རྣལ་འབྱོར་ཤོག ། འདོད་གནས་རྣམ་པ་དྲུག་པོ་དང་། ། ཚངས་པ་དག་གི་བཅུ་གཉིས་དང་། ། གཟུགས་མེད་ཤེས་མེད་སེམས་ཅན་དུ། ། རྒྱལ་པོ་ཁྱོད་ནི་དབང་པོར་གྱིས། ། སྟུག་པོར་འདོད་པའང་འཐོབ་པར་ཏེ། ། བཟང་པོའི་སྟུག་པོར་སྨོན་པའི་ཕྱིར། ། རྒྱལ་པོའི་ཡེ་ཤེས་བཅུ་པོ་རྣམས། ། བསྒོམས་ན་སྟུག་པོར་འགྲོ་བར་འགྱུར། ། ཆོས་དང་རྗེས་སུ་འགྲོ་ཤེས་ དང་། ། ཕ་རོལ་སེམས་དང་ཀུན་རྫོབ་དང་། ། སྡུག་བསྔལ་འདུས་པའི་ཤེས་པ་དང་། ། འགོག་དང་ལམ་ལས་སྐྱེས་པ་དང་། ། བྱང་བའི་ཤེས་དང་མི་སྐྱེ་དང་། ། ཁོང་བཟོ་བསྒོམ་པ་དེ་བཞིན་ཏེ། ། ཤ་ཀུན་ཏ་ལའི་རྒྱལ་རིགས་དང་། ། ཨིག་ཤྭ་ཁུ་དང་སོ་མའི་རིགས། ། ཡང་དག་དོན་སྟོན་རྒྱལ་པོའི་མཆོག ། ཁྱོད་ཀྱི་རིགས་ནི་ཁྱད་པར་འཕགས། དེ་ཡི་རིགས་སུ་ཁྱོད་སྐྱེས་ཤིང་། ། ཞུམ་པ་མེད་པར་སྟུག་པོར་སོང་། ། ལྟ་བའི་ཆོས་ལ་གནས་པ་ཡི། ། རྣལ་འབྱོར་ཅན་གནས་དྲི་མེད་དུ། ། སྦུད་པ་བཞིན་དུ་དབུགས་རྒྱུ་ཞིང་། །
BOའགྲོ་ རྒྱུ་ལུག་དང་འདྲ་བ་སྟེ། ། རྔ་ཕྲུག་བཞིན་དུ་ལུས་ཕྱེད་ཀྱིས། ། འགྲོ་ཞིང་འོང་བ་བྱེད་པ་ནི། ། ཐམས་ཅད་ལུས་ལ་ཡིད་ཡིན་ཏེ། ། སྒྱུ་མའི་{རི་དགས་,རི་དྭགས་}བཞིན་དུ་གནས། ། སྒྱུ་མའི་ཤིང་ལྟར་ཤིན་ཏུ་སྣང་། ། ཆུ་བོའི་ནང་གི་མེ་བཞིན་དུ། ། སྨིན་མ་མིག་དང་ ཡན་ལག་རྣམས། ། སྒྱུར་བས་རྒྱལ་པོ་བཞིན་དུ་རྩེ། ། སེམས་དང་སེམས་ལས་བྱུང་དང་ཡིད། ། ཡིད་ཀྱི་རྣམ་པར་ཤེས་པ་དག ། ཆོས་རྣམས་འདི་དག་དངོས་པོ་མེད། ། སྤྲིན་གྱི་ཚུལ་དུ་འབྱུང་བ་སྟེ། ། ཀུན་གཞི་ཐམས་ཅད་ས་བོན་འདི། ། བག་ཆགས་རྣམས་ ཀྱིས་ཡོངས་སུ་དཀྲིས། ། སྣ་ཚོགས་གཟུགས་ཀྱི་ནོར་བུ་དང་། ། འཇའ་དང་གློག་རྣམས་ཇི་བཞིན་དུ། ། ལུས་ཅན་རྣམས་ཀྱི་ལུས་ཀྱི་ཡུལ། ། དེ་ལྟའི་གཟུགས་སུ་སྣང་བ་ཡིན། ། ལུ་མའི་པད་མོ་ལྟ་བུར་དག ། དྲི་མེད་ངང་པའི་རྒྱལ་པོ་བཞིན། ། གསལ་བ་ གདོན་མི་ཟ་བའི་རིགས། ། སངས་རྒྱས་སྤྲུལ་པ་བཞིན་དུ་གནས། ། མཚན་མའི་མཐུ་ལས་མིང་འབྱུང་སྟེ། ། མཚན་མ་རྐྱེན་ལས་བྱུང་བ་ཡིན། ། མཚན་མ་མིང་དང་འབྲེལ་པ་སྟེ། ། རྐྱེན་རྣམས་ཀྱིས་ཀྱང་རྣམ་པར་བརྟགས། ། མཚན་མའི་ཚུལ་དང་དབྱིབས་དག་ ལས། ། རྣམ་པར་རྟོག་པ་ཤིན་ཏུ་འབྱུང་། །
BOརྣམ་པར་རྟོག་པ་སྐྱེད་པ་ཡི། ། རྒྱུ་ལ་རྣམ་པ་གཉིས་སུ་གསུངས། ། ཕྱི་རོལ་མཚན་མ་སེམས་རྣམས་དང་། ། བག་ཆགས་ཡིད་ཀྱང་དེ་བཞིན་ཏེ། ། སེམས་དང་ལྷན་ཅིག་ལྡན་པ་ནི། ། ཁོང་པ་ལ་ནི་གནས་པ་ཡིན། ། ཡིད་དང་དབང་པོར་ལྡན་པ་ནི། ། རྣམ་ཤེས་ལྔ་ཡི་རྒྱུ་ཡིན་ཏེ། ། རྟག་ཏུ་ཡང་དག་ཡེ་ཤེས་ཀྱིས། ། འཇིག་རྟེན་རྒྱུ་ལ་རྣམ་པར་ལྟ། ། དེ་ལྟར་བྱེད་དང་བྱ་བ་མེད། ། དེ་བཞིན་ཉིད་འདི་རྣམ་གཞན་མིན། ། ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། ། ཕན་ཚུན་སྟོབས་ཀྱིས་འབྱུང་ བ་སྟེ། ། རྣལ་འབྱོར་ཅན་རྣམས་དེ་ལྟར་ལྟ། ། དེ་བཞིན་ཉིད་དུ་གསལ་བར་མཐོང་། ། རང་བཞིན་ཡོངས་སུ་གྲུབ་པ་ནི། ། ཆོས་རྣམས་ཆོས་ཉིད་དེ་ཡིན་ཏེ། ། བརྟགས་པའི་དངོས་པོ་རང་བཞིན་དུ། ། ཆོས་རྣམས་ཐམས་ཅད་མ་སྐྱེས་པ། ། སྟོང་པ་ངོ་བོ་ཉིད་མེད་དེ། ། ཡོད་ དང་མེད་པའི་ཕྱོགས་སྤངས་པ། ། སྒྱུ་མ་རྨི་ལམ་རྣམས་དང་འདྲ། ། དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། ། སྐྲ་ཚོགས་རྣམས་དང་སྨིག་རྒྱུ་བཞིན། ། དུ་བ་སྤྲིན་སྟུག་ལྟ་བུ་ནི། ། མཚན་མ་ཚུལ་དང་དབྱིབས་རྣམས་ཀྱིས། ། ཇི་ལྟར་མིང་དུ་འཇུག་པ་ཡི། ། ཚིག་དང་ཡི་གེ་མང་པོ་དང་། ། མིང་རྣམས་མང་པོ་ལ་ཡང་སྟེ། །
BOཀུན་ཏུ་བརྟགས་པའི་རང་བཞིན་ཡིན། ། གཞན་གྱི་དབང་ནི་དེ་ལས་གཞན། ། ཡིད་དོན་དབང་པོ་འདུས་པ་ལས། ། ས་བོན་ཀུན་ཅན་བག་ཆགས་དང་། ། ཐ་དད་མ་ཡིན་སེམས་དང་བཅས། ། རྣམ་པར་ཤེས་པ་ཀུན་ཏུ་འབྱུང་། ། གཞན་གྱི་ དབང་གི་རང་བཞིན་ཡང་། ། ཕན་ཚུན་སྟོབས་ཀྱི་རྒྱུ་ལས་སོ། ། སོ་སོ་རང་རིག་ཤིན་ཏུ་ཕྲ། ། མཐོང་བའི་ཆོས་ལ་གནས་པ་སྟེ། ། རང་བཞིན་ཡོངས་སུ་རྫོགས་པ་འདི། ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། ། འཕགས་པའི་རང་བཞིན་ཐུགས་ཆུད་པས། ། སངས་རྒྱས་ རྣམས་དང་སངས་རྒྱས་སྲས། ། རང་བཞིན་ཡོངས་སུ་རྫོགས་པ་ནི། ། ཡང་དག་མཐའ་རུ་གཟིགས་པས་ན། ། སྐྱེ་བ་ཟད་ཅེས་རྣམ་པར་གསུངས། ། ཚངས་པའི་ལམ་ཡང་ནོན་ཆེས་སོ། ། བྱས་ཀྱིས་བཟོད་ཡང་བྱ་བ་མེད། ། ཕྱིན་ཆད་འབྱུང་བ་མེད་དོ་ཞེས། ། སྡུག་བསྔལ་ ཀུན་ལས་རྣམ་པར་གྲོལ། ། གཡོ་བ་ཐམས་ཅད་ཤིན་ཏུ་བྱུང་། ། བག་ཆགས་མ་ལུས་བསྲེགས་པས་ན། ། རྣམ་པར་རྟོག་པ་མི་འབྱུང་ཞིང་། ། བདག་མེད་ཤིན་ཏུ་མཐོང་བ་ནི། ། ཆོས་དང་གང་ཟག་བསྒྲགས་པ་སྟེ། ། ས་བོན་རྣམས་དང་བྲལ་བས་ན། ། སེམས་ཀྱི་ཚོགས་ རྣམས་མི་འཇུག་གོ། ། ཐོག་མ་མེད་པའི་དུས་བསགས་པའི། ། ཡིད་ཀྱི་གནས་ངན་ལེན་རྟོག་པའི། །
BOསྤྲོས་པ་ཐམས་ཅད་མངོན་བསལ་བས། ། མྱ་ངན་འདས་པ་ལྕགས་བསྲེགས་བཞིན། ། ཇི་ལྟར་རབ་ཏུ་བསྲེགས་པའི་ལྕགས། ། བསིལ་བར་གྱུར་ཀྱང་འཇིག་པ་མེད། ། དེ་བཞིན་ གྲོལ་བ་ཐམས་ཅད་ཀྱང་། ། མེ་ཟད་བཞིན་དུ་བསིལ་བ་ཡིན། ། ཟག་པ་མེད་པའི་ཆོས་དབྱིངས་སུ། ། ཞུགས་པ་སྟུག་པོའི་དཀྱིལ་འཁོར་ན། ། རྒྱལ་བ་རྣམས་དང་རྒྱལ་སྲས་བཅས། ། ཏིང་ངེ་འཛིན་ཀྱི་ཟས་གནས་པས། ། མཉམ་པར་བཞག་ལ་མཉམ་བཞག་ཅིང་། ། མཐོང་བའི་ཆོས་ལ་བདེ་བར་གནས། ། རྒྱལ་པོ་རྣལ་འབྱོར་ཅན་གྱི་ཡུལ། ། རྣལ་འབྱོར་འདི་ཡིན་བརྩམ་པར་གྱིས། ། དེ་སྟེ་རྒྱལ་སྲས་དགེ་བའི་གནས། ། སྟུག་པོར་འགྲོ་བར་འདོད་ན་སྟེ། ། སངས་རྒྱས་ཐམས་ཅད་བཞུགས་པའི་གནས། ། ཞིང་གི་ མཆོག་ནི་སྟུག་པའོ། ། དེ་ཕྱིར་རྒྱལ་པོ་དགེ་བར་རྩོམས། ། རྒྱལ་པོ་རྣམས་ལའང་དགེ་བར་བགྱིས། ། མིང་ནི་མཚན་མའི་མཐུ་ལས་བྱུང་། ། མཚན་མ་རྐྱེན་ལས་བྱུང་བ་སྟེ། ། མཚན་མ་ལས་ཀྱང་རྣམ་རྟོག་འབྱུང་། ། གྲུབ་པ་རྣམས་ནི་མ་གཏོགས་པར། ། རྫ་ལས་ སོགས་པ་དབང་པོའི་ཡུལ། ། ཕུང་པོ་ཡོན་ཏན་ལྡན་པའི་རྣམས། ། རྣམ་པར་རྟོག་པའི་མཚན་མ་འདི། ། སྐྱེ་བ་ལ་ནི་རྒྱུ་ཡིན་ནོ། ། ཁྱད་པར་བྱེད་པ་རྣམ་རྟོག་སྟེ། །
BOགནས་ཀྱང་རྣམ་པར་ཤེས་པར་བྱེད། ། འགྲོ་དང་མི་འགྲོ་འགྲོ་བ་ཡི། ། གཏི་མུག་རྣམས་ཀྱང་ཤིན་ཏུ་ སྐྱེ། ། རིང་པོ་ཐུང་ངུ་ཁ་དོག་དང་། ། རྩུབ་པ་དག་དང་འཇམ་པའི་རྣམས། ། སྒྲ་དང་དྲི་ལ་སོགས་པའི་ཡུལ། ། མངར་དང་ཁ་དང་ཚ་བ་དང་། ། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ། ། ཇི་སྙེད་དགེ་དང་མི་དགེ་དང་། ། འདུས་བྱས་ཆོས་དང་འདུས་མ་བྱས། ། མྱ་ངན་འདས་ པ་ཡེ་ཤེས་ཡུལ། ། སྐད་ཅིག་སྐད་ཅིག་རབ་ཏུ་འབྱུང་། ། བྱུང་ཞིང་ཕྱིར་ཡང་ལྡོག་པ་སྟེ། ། དེ་ནི་མགྱོགས་པར་ཤིན་ཏུ་འགྲོ། ། རྣམ་པར་ཤེས་པ་རྒྱུ་ལས་བྱུང་། ། ཡིད་དང་ཀུན་གཞི་རབ་འབྲེལ་བས། ། ཁབ་ལོང་ལྟ་བུར་ཤིན་ཏུ་འཁོར། ། ཁ་གཉིས་སྦྲུལ་ནི་ཇི་ བཞིན་པ། ། ཡིད་ཀྱི་སྤྱོད་པ་དེ་བཞིན་ཏེ། ། ཀུན་གཞི་རྣམ་ཤེས་ཡོག་པར་བྱེད། ། གཅིག་ཏུ་འོན་ཀྱང་རབ་ཏུ་འབྱུང་། ། ཡིད་ཀྱི་རྣམ་པར་ཤེས་དང་བཅས། ། རྒྱུ་ཡི་དགོས་པ་བྱས་ནས་ལྡོག ། བདག་ཏུ་དགོས་པའང་ཤིན་ཏུ་བྱེད། ། བདག་གིར་བྱ་བའང་ འཕེལ་བར་བྱེད། ། ལུས་ལ་དྲོད་ཀྱང་སྐྱེས་པ་སྟེ། ། སྣ་ཚོགས་རྣམ་པར་རབ་ཏུ་སྤྱོད། ། ཟས་དང་སྐོམ་དང་ལོངས་སྤྱོད་དང་། ། གོས་དང་སྤོས་སོགས་རྣམ་སྤྱོད་དང་། ། མཆོད་པ་དག་དང་རྒྱུག་པར་ཡང་། །
BOམི་ཡི་ལུས་ནི་འཛིན་པ་ཡིན། ། གར་དང་གད་མོ་རྩེད་མོ་དང་། ། ཡིད་ཀྱང་རྟག་ཏུ་བྱེད་པ་སྟེ། ། སྐྲ་ཚོགས་མགལ་བ་བསྐོར་བ་དང་། ། དྲི་ཟའི་གྲོང་ཁྱེར་རྨི་ལམ་དང་། ། སྨིག་རྒྱུ་ལ་ཡང་དེ་བཞིན་དུ། ། རྣམ་པར་རྟོག་པ་ཀུན་ཏུ་འཇུག ། པྲ་བབ་ཀུན་ཏུ་འཁོར་བའི་སེམས། ། བདག་སེམས་ཁོང་དུ་མི་ཆུད་པས། ། ལུས་དང་སྣོད་ཀྱི་ རྣམ་པར་ཡང་། ། ཕྱང་མོ་ཉུག་ལྟར་གནས་པའོ། ། ཉམ་ཆུང་སྙིང་པོ་མེད་པ་སྟེ། ། རྣམ་པར་རྟོག་པ་རྒྱུ་མེད་པ། ། བདག་གིས་བརྟགས་པའི་དོན་ལ་སྤྱོད། ། མཐོང་ནས་གནས་པ་གཟུགས་བརྙན་བཞིན། ། རྒྱལ་པོ་རྣམ་ཤེས་ས་བོན་ནི། ། ལྟ་བའི་ཡུལ་དུ་གཡོ་བ་སྟེ། ། བུས་པའི་ཚོགས་རྣམས་མྱོས་པར་བྱེད། ། འཕགས་པ་མ་ཡིན་ས་ཡི་བདག ། རྒྱལ་པོ་རྣམ་ཤེས་གསུམ་པོ་ཡི། ། འཇུག་པ་རབ་ཏུ་བསྟན་པ་སྟེ། ། འདི་རྣམས་དང་བྲལ་གྲུབ་པ་ཡི། ། རང་བཞིན་ཡང་དག་ཉིད་ཡིན་ནོ། ། བྱེ་བ་ཕྲག་ཞིང་ཇི་སྙེད་རྣམས། ། ཤུགས་འཛིན་ གྱིས་ནི་མཐོང་བ་དང་། ། འཕགས་པ་མཽད་གལ་བུ་ཡིས་ཀྱང་། ། ལུས་དང་ལུས་ཆེ་མཛེས་པ་རྣམས། ། དེ་དག་ལས་ནི་འདི་དག་འཕགས། ། སྟུག་པོའི་ཞིང་ནའོ་ས་ཡི་བདག ། ཐམས་ཅད་ཞིང་ན་ཅི་མཛེས་པ། ། དེ་དག་དཔེའམ་ཆར་མི་རུང་། །
BOབདེ་བ་ཡོད་དང་མངོན་ དགའ་དང་། ། འོག་གི་ཞིང་རྣམས་བྱེ་བ་དག ། དེ་དང་དེ་ན་གང་བཞུགས་པའི། ། སངས་རྒྱས་དེ་དག་སྟུག་ལ་བསྟོད། ། སྟུག་ཅེས་བྱ་ཡོད་སྔོན་མཐའ་མེད། ། རང་བྱུང་འཕྲུལ་པ་དེ་ཡིན་ཏེ། ། ཟག་པ་མེད་པའི་སངས་རྒྱས་སར། ། འབྱུང་བ་གསུམ་ལས་འདས་ཏེ་གནས། ། དེ་ནི་བདེ་བ་ཉེར་ལེན་མེད། ། ཁྱོད་དང་ང་ཡིར་སྤྱོད་དང་བྲལ། ། ཐེར་ཟུག་མཆོག་ཏུ་རྟག་པ་སྟེ། ། བརྟན་པ་སྟུག་པོར་འདུས་མ་བྱས། ། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། ། འཚང་རྒྱ་འོག་མིན་གནས་མཆོག་ཏུ། ། སངས་རྒྱས་མ་གྱུར་འདོད་ཁམས་སུ། ། སངས་ རྒྱས་མཛད་པ་མི་མཛད་དེ། ། དེ་དག་སྟུག་པོའི་ཞིང་གཤེགས་ནས། ། སངས་རྒྱས་སྤྲུལ་པ་བྱེ་བ་ཡིས། ། རྟག་ཏུ་རྣལ་འབྱོར་མཉམ་པར་བཞག ། སྤྲུལ་པ་དག་དང་ཐབས་ཅིག་རོལ། ། ཐམས་ཅད་ཞིང་དུ་ཟླ་བ་ལྟར། ། གང་ལ་གང་གིས་དབང་འགྱུར་བ། ། དེ་ལ་དེ་ ལྟར་འབྱུང་བ་སྟེ། ། འཕྲུལ་པའི་སྤྲུལ་པ་དག་གིས་ཀྱང་། ། ས་བཅུ་པ་ཡི་མདོ་མཆོག་དང་། ། སྡོང་པོས་བརྒྱན་དང་དྲུ་མ་ཡི། ། གང་ཡང་རྣམ་པར་སྤྲུལ་པའི་མདོ། ། དཔལ་གྱི་ཕྲེང་བ་ལ་བཤད་དང་། ། རྣམ་པར་སྣང་བའི་མདོ་སྡེ་དང་། ། སྒྱུ་མ་དཔལ་ ལས་འགྲོ་བ་སོགས། །
BOམདོ་སྡེ་རྣམ་པ་སྣ་ཚོགས་དག ། སྟུག་པའི་རྒྱན་ནས་རྣམ་པར་བྱུང་། ། སྟུག་པོའི་རྒྱན་གྱི་མདོ་སྡེ་འདི། ། མདོ་སྡེ་ཀུན་ལས་འཕགས་པ་ཡིན། ། རྒྱལ་པོ་འདི་ལ་རིམ་གྲོར་ཡང་། ། རྒྱལ་པོ་རྣམས་དང་བཅས་པས་གྱིས། ། གཟུགས་མེད་ འདོད་དང་གཟུགས་རྣམས་དང་། ། འདུ་ཤེས་མེད་པ་དེ་བཞིན་ཏེ། ། གནས་ལས་འདས་ཏེ་སངས་རྒྱས་དབང་། ། བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། ། པད་མོ་འདྲ་བའི་གཞལ་མེད་ཁང་། ། གཟུགས་མང་རྣམ་པ་སྣ་ཚོགས་ན། ། ལྷ་རྫས་རྨད་ཀྱི་ཡེ་ཤེས་ཏེ། ། དེ་བཞིན་གཤེགས་པའི་རྣམ་དག་གིས། ། རྣམ་གྲོལ་རྣལ་འབྱོར་ཅན་རྣམས་དང་། ། དེ་ན་བཅོམ་ལྡན་ཐབས་ཅིག་བཞུགས། ། སྟུག་པོའི་དཀྱིལ་བཞུགས་བསམ་གཏན་ཞུགས། ། སངས་རྒྱས་ས་མཆོག་རྣམ་བཞི་ལ། ། དེ་ན་བཞུགས་ཤིང་གཟུགས་འཛིན་པ། ། རྣལ་འབྱོར་མཁས་པ་ཉིད་ཚུལ་གྱིས། ། དེ་ཡི་མཐའ་མ་མི་གཟིགས་པ། ། གཟུགས་རྣམས་དང་ནི་ཡུལ་རྣམས་ཀྱི། ། ཐུབ་པ་རྣལ་འབྱོར་མཁས་པའི་རྣམས། ། གཟུགས་ཀྱི་རྣམ་པ་སྣ་ཚོགས་ཀྱང་། ། སྟུག་པོའི་དཀྱིལ་ན་རྣམ་བཞུགས་ཤིང་། ། ཐམས་ཅད་ རྣལ་འབྱོར་ཅན་གྱིས་བསྟན། ། བ་བླ་གསེར་དང་ཟླ་འོད་ཙམ་པ་ཀ་དང་རྨ་བྱའི་མགྲིན་པ་པད་མོ་འདྲ། །
BOདེ་ཡི་ས་ལ་བཞུགས་པའི་ལྷ་ཡི་ཡང་ལྷ་གཟུགས་ནི་རྣམ་པར་མཛེས་པ་སྟེ། ། དེ་གཟུགས་ལྷ་རྒྱལ་གོ་པ་ཀ་དག་གློག་དང་འོལ་མ་བྱི་རུའི་འོད་བཞིན་དུ། ། ལ་ལས་ བལ་ཆུང་སྐུ་དང་ན་བཟའ་ལོ་མ་རྩྭ་ལ་སོགས་པའི་མལ་བཞུགས་པར། ། མཐོང་ངོ་ཉི་མ་སྟོང་ལྟར་ཤིན་ཏུ་རྣམ་པར་འབར་བའི་སྐུ་གཟུགས་མངའ་བ་ལ། ། ཐུབ་ཅན་ལ་ལས་རྣལ་འབྱོར་དབང་ལ་སྟུག་དབུས་ཆུ་སྐྱེས་རེ་རེར་བཞུགས་པར་མཐོང་། ། ཐུབ་པའི་ཐོར་ཚུགས་ ཚོགས་ནི་ལག་གིས་འགྲོ་ཡི་མགོ་བོ་གློད་པ་བཞིན་དུ་སྟེ། ། ལ་ལར་གཟུགས་ནི་རྡོ་རྗེ་ཨནྡ་རྙིལ་གྱིས་སྤྲས་པའི་ཅོད་པན་བརྒྱན་པར་རོ། ། ལ་ལས་ལ་ལར་ཐུབ་པ་དེ་ལ་འཁོར་ལོ་རི་མོ་ཉ་དུང་བཅས་པར་མཐོང་། ། ལ་ལས་ཇི་ལྟར་ནམ་མཁའི་རྒྱུ་བའི་ལམ་ལ་འཇའ་ཟུག་བཞིན་ དུ་ཐུབ་པ་མཐོང་། ། ལྷ་རྫས་ཕྱག་སོར་ཅན་གྱི་སྣ་ཚོགས་ཡུལ་ཅན་རི་རབ་ཕྱག་ཏུ་རབ་གཞོག་ཅིང་། ། ཁམས་གསུམ་ཆུ་སྲིན་གནས་དང་ཆུ་གནས་དེ་བཞིན་བ་ལང་རྨིག་པར་ཤོང་བར་མཛད། ། སྦྱིན་པའི་ཤུགས་ཀྱིས་མི་ཡི་བདག་པོའི་གཙུག་གི་ཅོད་པན་རྣམས་ཀྱིས་རབ་ མཆོད་ཅིང་། ། ལ་ལ་དག་ན་རྒྱལ་དང་རྒྱལ་པོའི་འཁོར་ན་དགོས་པ་རྣམས་ན་མཁས་གྱུར་ཅིང་། །
BOཆད་པས་གཅོད་པར་སྣང་ངོ་སྟུག་པོའི་དབུས་ན་གཞན་དུ་རྣམ་པར་སྣང་བ་ནི། ། ཐུབ་པ་རྣལ་འབྱོར་མཁས་པའི་ཡེ་ཤེས་རྣལ་འབྱོར་ཤིན་ཏུ་བྱེད་པ་རྣམས་ལ་སྟེ། ། རང་གི་ ཡུལ་རྣམས་སྔོན་གྱི་རྒྱལ་བས་གསུངས་པ་དེ་དག་རྣལ་འབྱོར་གྱིས་སྟོན་ཅིང་། ། ལ་ལས་གནས་དང་ལྟ་བ་ཡིད་དང་བློ་རྣམས་ཤིན་ཏུ་གཞན་དུ་གྱུར་པ་དང་། ། དབང་དང་ཡེ་ཤེས་རྣམ་པ་སྣ་ཚོགས་ཏིང་ངེ་འཛིན་དང་ཡིད་བཞིན་སྐུ་མངའ་བར། ། ལ་ལས་ཡུལ་ལ་ཆགས་ མེད་སྤྱོད་ཡུལ་རིག་པའི་བློ་ཡི་བྱ་བ་གཅོད་པར་ཏེ། ། འདི་དང་གཞན་མེད་སྲེག་མེད་གྱུར་པས་ཚིག་བྱ་མེད་ཕྱིར་མྱ་ངན་འདས་པར་རོ། ། སྣུམ་དང་འོད་འཕྲོ་མེད་པས་ཇི་ལྟར་འཇིག་རྟེན་འདི་ན་མེ་བཞིན་ཤིན་ཏུ་མྱ་ངན་འདས། ། ལ་ལས་ཕ་རོལ་ཕྱིན་པའི་མཆོད་སྤྲིན་མཆོད་ བཅུག་མཆོད་སྦྱིན་བྱེད་པ་དག་ཏུ་སྟེ། ། སྦྱིན་དང་མཆོད་དང་ཐུབ་པ་དག་ཀྱང་རྣམ་པ་ཚུལ་བཞིན་མཛད་པ་ཤིན་ཏུ་མཐོང་། ། བདེ་བ་ཡོད་ཅེས་བྱ་བའི་ཞིང་མཆོག་དེ་ན་སྐྱེས་བུ་ཡོད་པ་དེ་དག་ནི། ། མངལ་ནས་སྐྱེས་པ་མ་ཡིན་བདེ་བར་འབར་བའི་འོད་ཀྱི་དཀྱིལ་འཁོར་ཅན་ དག་སྟེ། ། ལྷ་རྫས་གསེར་ལྟར་འབར་བ་ཟླ་བ་ལྟ་བུའི་ལུས་འཆང་རྣལ་འབྱོར་ཅན་གྱི་བདག །
BOལྷ་རྫས་འོད་བཟང་དེ་དང་གང་ཡང་མི་ནང་རྣལ་འབྱོར་ཅན་གྱི་དབང་པོའི་ཡུལ། ། དེ་དག་བརྒྱ་ཆར་མི་ཕོད་རྣལ་འབྱོར་ཅན་གྱི་དབང་པོ་དག་གི་བདེ་དེ་ལ། ། གཞན་དུ་བདག་ཅག་ ཉིད་ཀྱིས་བཤམས་པའི་ལོངས་སྤྱོད་པ་ཡི་ཞིང་གི་མེ་དེ་དག ། མཐའ་ཡས་འོད་ཀྱི་བདེ་བ་ཅན་ན་རྒྱལ་བའི་སྲས་རྣམས་ལྷ་རྫས་འོད་འཁོར་ཅན། ། རྣལ་འབྱོར་ཡང་དག་ཉིད་མོས་ཐུབ་དབང་ཁྱུ་མཆོག་བསམ་གཏན་བདུད་རྩི་མྱོང་བྱེད་དང་། ། རྣམ་ པ་ཐ་དད་སྣ་ཚོགས་རིན་པོ་ཆེ་དག་ཡལ་ག་སྦྱངས་པའི་ནགས་ཚལ་ཤིང་། ། ལྷ་རྫས་གསེར་ཕྱེའི་ཁམས་ལས་བསགས་པའི་ཞིང་གི་མཆོག་དེ་ཤིན་ཏུ་རྣམ་པར་མཛེས། ། གསེར་དང་རིན་ཆེན་སྣ་ཚོགས་མེ་ཏོག་པད་མོ་དེ་ནི་མཆོག་ཏུ་རབ་ཏུ་བརྒྱན། ། འདི་ནི་སངས་རྒྱས་ ཞིང་གི་གཏེར་ཡིན་དཔེ་མེད་དེ་ཀུན་མི་ཡང་པད་མོ་སྐྱེས། ། ཐུབ་པ་དེ་ལ་དད་ཅིང་བསམ་གཏན་མཁས་ལ་སངས་རྒྱས་ལ་ནི་རབ་ཏུ་མོས། ། བདག་གི་སྟོན་པ་ལ་ནི་བདག་བསྟན་ཡིད་ཅན་པད་མོ་དག་ལས་སྐྱེ་བ་སྟེ། ། སངས་རྒྱས་ཞིང་གི་མཆོག་ན་གནས་པའི་མི་ནི་ བཟང་པོའི་མཚན་གྱིས་ཀུན་ནས་བརྒྱན། ། དཔེ་བྱད་བཟང་པོ་བཅས་པས་རྨད་དུ་འབར་བའི་ལུས་ཅན་དཔལ་གྱི་བེའུ་དང་བཅས། །
BOཡོད་དང་མེད་པའི་རྣམ་རྟོག་རྟོག་པ་མེད་པས་དྲི་མེད་རྫུབ་པ་དག་གོ། ། དེ་ལྟར་འདི་དག་རྣམ་པར་བསྟན་ནས་རྡོ་རྗེ་ཁྱུ་མཆོག་མཐེ་བོ་ཙམ་དུ་གྱུར། སྲོ་མ་རྡུལ་ཕྲན་ཤིན་ཏུ་ཕྲ་བའི་སྐྲ་ཡི་བརྒྱ་ཆའི་གཟུགས་སུའང་དེ་བཞིན་གྱུར། ། ལ་ལར་བདེ་གཤེགས་རང་རྒྱལ་ཉན་ཐོས་གཟུགས་དང་དེ་བཞིན་སྣ་ཚོགས་གཞན་དག་ཀྱང་། ། གང་དང་གང་ལ་སེམས་ཀྱི་སྤྱོད་པ་ཇི་བཞིན་དེ་འདྲའི་གཟུགས་ཀྱི་ཁྱད་པར་དག ། རྣལ་འབྱོར་ མཁས་པ་རྡོ་རྗེ་ཞེས་བྱས་ཚད་མེད་གཟུགས་ཀྱི་ཡུལ་དག་རྣམ་པར་སྤངས། ། དེ་སྐད་བཤད་ནས་ཡང་སྨྲས་པ། ། སྣ་ཚོགས་གཟུགས་ཅན་རྒྱལ་བའི་སྲས། ། ས་རྣམས་དེ་བཞིན་དབང་རྣམས་དང་། ། མ་ཉམས་མངོན་པར་ཤེས་པ་དང་། ། སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། ། དེ་ལྟར་ཡིད་བཞིན་ལུས་ཀྱང་སྟེ། ། གཟུངས་དང་རྫུ་འཕྲུལ་རྐང་པ་དང་། ། རྣམ་ཐར་ཐ་དད་ཡང་དག་རིག ། སྟོབས་དང་འཇིགས་པ་མེད་པ་དང་། ། ཕུང་པོ་ཁམས་རྣམས་ཟག་མེད་པ། ། འདི་དག་གཞན་དུ་གྱུར་ནས་འཐོབ། ། རྟག་པའི་སངས་རྒྱས་ས་ཡང་ངོ་། ། ཆོས་ རྣམས་ལྔ་ཡི་རང་བཞིན་དང་། ། རྣམ་པར་ཤེས་པ་བརྒྱད་རྣམས་དང་། ། བདག་མེད་གཉིས་པོ་རབ་རྟོགས་ནས། ། གཞན་དུ་འགྱུར་བ་འབྱུང་བར་འགྱུར། །
BOཡིད་བཞིན་ལུས་ནི་བཅུ་པོ་དག ། སྒྱུ་མ་དཔའ་བར་འགྲོ་བས་བསྐོན། ། མི་ཟད་སྨོན་ལམ་བཅུ་པོ་དང་། ། ལམ་གྱི་རྣམས་ཀྱིས་ཤིན་ཏུ་སྤྲུལ། ། རྨི་ལམ་མེ་ལོང་གཟུགས་བརྙན་ནམ། ། ཆུ་ཡི་ཟླ་བ་བཞིན་དུ་མཐོང་། ། རྣལ་འབྱོར་ལམ་ལ་ཐུབ་པའི་རྣམས། ། སངས་རྒྱས་ས་ལ་ཞུགས་པ་དང་། ། རྒྱལ་བ་པད་མོའི་གདན་བཞུགས་པ། ། རྒྱལ་བའི་སྲས་ཀྱིས་མདུན་ དུ་བྱས། ། ཡོད་དང་མེད་པ་ཕྱོགས་བྲལ་བ། ། རྡུལ་ཕྲན་རྣམ་པར་འཇིག་རྣམས་ཀྱིས། ། དྲི་ཟ་གྲུབ་པའི་རྒྱལ་པོ་དང་། ། ལྷ་ཡི་གནས་ན་འཁོད་པའི་ཚོགས། ། རི་རབ་ས་ལ་འདོང་རྒྱུ་ཞིང་། ། ནམ་མཁའི་དཀྱིལ་ནས་འདོད་སྤྱོད་ཀྱང་། ། ཇི་ལྟར་སྣང་བར་མ་གྱུར་ པ། ། དེ་བཞིན་རྒྱལ་སྲས་གཅེས་པའི་རྣམས། ། རྣལ་འབྱོར་མེད་པས་མི་མཐོང་ངོ་། ། རྣམ་པ་སྣ་ཚོགས་གཟུགས་དང་ལྡན། ། ས་དང་ཞིང་རྣམས་བྱེ་བ་ན། ། རྒྱལ་བ་མཆོད་ལ་མངོན་པར་མོས། ། སྨོན་ལམ་དབང་ལ་གནས་པའི་རྣམས། ། པད་མོའི་ཁང་པར་རབ་ཏུ་སྐྱེ། ། དབང་དང་བསམ་གཏན་སེམས་པ་དག ། ཞིང་དང་ཞིང་དུ་མྱ་ངན་འདའ། ། ཏིང་ངེ་འཛིན་ལས་སྐྱེས་པ་སྟོན། ། ལྷུན་གྱིས་གྲུབ་པར་ཐམས་ཅད་དུ། ། ཆུར་བྱུང་ཟླ་བ་འདྲ་བར་ཏེ། ། ཉི་མ་ལྟ་བུར་ཁྱད་མེད་པ། །
BOསྣང་བ་སེམས་ཅན་སྤྱོད་ཡུལ་དུ། ། ཡང་དག་མཐའ་ལ་མི་རེག་ པར། ། ཏིང་ངེ་འཛིན་ལ་རབ་ཏུ་ལྡོག ། གྲུ་ལ་གནས་པའི་བུང་བ་དག ། གང་ཆེན་མཚོ་ལ་འགྲོ་བ་བཞིན། ། གང་དུ་གྲུ་འགྲོ་དེར་རྒྱུག་སྟེ། ། དཔག་ཚད་ཤིན་ཏུ་མང་བར་ཡང་། ། ཐུགས་རྗེས་ཉོན་མོངས་དམའ་བའི་ལུས། ། སྡུག་བསྔལ་ཅན་གཟིགས་དེ་བཞིན་དུ། ། དེ་ དག་འབྱུང་བ་རབ་ཏུ་སྟོན། ། ཕྱིར་ལྡོག་བདག་མེད་པ་ཡང་སྟེ། ། འཇིག་པ་དག་ཀྱང་རྣམ་མཁྱེན་ནས། ། ཟད་པའི་དུས་སུ་མི་གནས་པ། ། གཟུང་དང་འཛིན་གྱིས་འཕངས་པའི་རྣམས། ། གཟུང་དང་འཛིན་ལ་སྤྱོད་པའི་རྣམས། ། གཟུང་དང་འཛིན་གྱིས་བསྐྱེད་པས་ན། ། མཚན་ མའི་གཞི་མེད་མཚན་ཉིད་མེད། ། འཁོར་བའི་རྒྱུན་གྱིས་ཁྱེར་བའི་རྣམས། ། ཡང་དང་ཡང་ཞིང་སྐྱེ་བ་ཡིན། ། བཅགས་མེད་མཚོ་ཡི་གཏེར་གྱུར་ལ། ། གཅིག་ལ་གཅིག་འཇུའི་སྤྲེའུ་ལྟར་ཡང་། ། བྱེད་པ་གྲུ་ལ་གནས་ཀྱིས་མཐོང་། ། འཇུ་བའི་གནས་དང་རྟེན་ མེད་པར། ། དེ་བཞིན་རྒྱལ་བ་རྒྱལ་སྲས་རྣམས། ། སྲེད་པས་རྣམ་པར་དཀྲུགས་པ་ཡི། ། རྣམ་རྟོག་སྡུག་བསྔལ་གནས་པའི་རྣམས། ། ས་ཡི་གནས་ནས་ཉོན་མོངས་ཕྱིར། ། རབ་ཏུ་འབྱུང་དང་ཕྱིར་ལྡོག་དང་། ། སྦྱིན་དང་མཆོད་པ་དག་ཀྱང་འབྱུང་། །
BOའདི་འདྲ་རྣལ་འབྱོར་ཅན་གྱི་ ཆོས། ། རྣམ་པ་སྣ་ཚོགས་བསྒོམ་པར་གྱིས། ། ། ། འཕགས་པ་རྒྱན་སྟུག་པོ། བམ་པོ་གཉིས་པ། ཀུན་ཏུ་བཟང་པོ་མི་ཡི་བདག ། གཟི་བརྗིད་ཆེན་པོ་སྣ་ཚོགས་གཟུགས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེས། ། རྡོ་རྗེའི་སྙིང་པོ་ལ་སྨྲས་ པ། ། འཐུན་པ་དག་ལ་དབང་བྱེད་དང་། ། ལྷ་གནས་འཁོད་པ་གཞན་དག་དང་། ། རིན་ཆེན་ཁང་པ་སྣ་ཚོགས་ན། ། གང་ཡང་སྟུག་པོའི་དཀྱིལ་འཁོར་བའི། ། རྒྱལ་སྲས་རྣལ་འབྱོར་ལྡན་པ་དག ། གང་གིས་སྟུག་ཅེས་བྱ་ཐོས་ཏེ། ། ཐོས་ནས་ནན་ཏན་བྱེད་པའི་རྣམས། ། གཞན་དུ་འགྱུར་ལ་གཞོལ་བ་དག ། གཞན་དུ་འགྱུར་བའི་ཚུལ་ཐོས་ཤིང་། ། ཏིང་འཛིན་དེ་ཡི་ཚུལ་སོང་བ། ། སྟུག་པོར་རིང་པོར་མི་ཐོགས་འགྲོ། ། སངས་རྒྱས་ཡང་དག་འགྲོ་ལ་མོས། ། འགྲོ་བ་འཛིན་དང་ཤུགས་འཛིན་དང་། ། འཇམ་དཔལ་རྣམ་པར་འཕྲུལ་པ་དང་། མཐུ་ཆེན་འཕགས་པ་འཇིག་རྟེན་དབང་། ། ཟླ་བ་ལ་སོགས་གཟུངས་དབང་རྒྱལ། ། བློ་གྲོས་ཤིན་ཏུ་ཞི་བ་དང་། ། ལྟེ་བ་རྡོ་རྗེ་རྣལ་འབྱོར་རིག ། དྲུ་མ་ནམ་མཁའི་བདག་པོ་དང་། ། ཕྱག་ན་རྡོ་རྗེ་བློ་ཆེན་དང་། ། རྣལ་འབྱོར་ཅན་དང་རྒྱལ་སྲས་རྣམས། ། གང་ཡང་བྱེ་བའི་ཞིང་དག་ ནས། །
BOཆོས་མཉན་ཕྱིར་ནི་འོངས་པའི་རྣམས། ། སྟུག་པོའི་རྒྱན་ལ་གཞོལ་བ་དག ། རྒྱལ་བ་མ་འོངས་མཐོང་ནས་ཀྱང་། ། ཁོང་ནས་སྙིང་རྗེ་སྙིང་བརྩེ་སྟེ། ། རྣལ་འབྱོར་ལྡན་ཅན་དབང་པོའི་གཙོ། ། སྣ་ཚོགས་གཟུགས་ལ་རབ་ཏུ་སྨྲས། ། རྣལ་འབྱོར་ཅན་གྱི་གཙོ་ལ་དྲིས། ། འཇིགས་མེད་རྡོ་རྗེ་སྙིང་པོ་ལ། ། རིན་ཆེན་ཁང་པ་སྣ་ཚོགས་དང་། ། དབང་སྒྱུར་ཁང་པ་བཟང་པོར་ཡང་། ། ཇི་ལྟར་གང་གིས་སྣ་ཚོགས་བྱས། ། སྣ་ཚོགས་གཟུགས་ཅན་ཁྱོད་ཀྱིས་སྨྲོས། ། དངོས་པོ་ཀུན་གྱི་སྣ་ཚོགས་ཉིད། ། འགྲོ་བ་དག་གི་ཡང་རབ་འབྱུང་། ། རྫ་ལ་ སོགས་པའི་དངོས་པོ་དག ། ཇི་ལྟར་ཆུ་འཇིམ་ཐལ་སྦྱར་ལས། ། ལས་སུ་བྱ་བ་ཐམས་ཅད་བསྐྱེད། ། འགྲོ་བ་འདི་དག་དེ་བཞིན་བྱས། ། རྔ་དང་པི་བང་སྒྲ་ལ་སོགས། ། ལས་སུ་བསྐྱོད་ལས་དབྱངས་འབྱིན་ཏེ། ། དེ་བཞིན་འཇིག་རྟེན་འདི་ཡང་ཅི། ། བསྐྱོད་པའི་ལས་ལས་ ཀུན་འབྱུང་ངམ། ། རང་བཞིན་གསུམ་པོ་ཇི་བཞིན་དུ། ། དངོས་པོ་གཅིག་ལ་ཀུན་ཏུ་གནས། ། ས་རྣམས་འདི་ལྟར་ཐམས་ཅད་དུ། ། དངོས་དང་དངོས་ལ་རབ་ཏུ་གནས། ། དེ་བཞིན་འདི་དག་ཀུན་ཀྱང་ཅི། ། དངོས་པོ་གཅིག་ལ་རབ་གནས་སམ། ། གང་ཕྱིར་འདི་ལྟར་རྒྱན་དག་ སྣང་། །
BOཁམས་གསུམ་གཡོ་དང་མི་གཡོར་བཅས། ། དགའ་ལྡན་མཚེ་མ་རབ་རྣམས་དང་། ། དབང་སྒྱུར་རྣམས་ཀྱིས་བྱས་སམ་ཅི། ། མིའམ་ཅི་དག་དུ་མ་དང་། ། གྱ་ནོམ་སྣང་བས་བྱས་སམ་ཅི། ། འོག་མིན་ཐོར་ཚུགས་ཅན་གྱིས་སམ། ། འོན་ཏམ་གཟུགས་མེད་རྣམས་ ཀྱིས་བྱས། ། ལྷ་རྣམས་བདག་པོ་ཐམས་ཅད་ཀྱིས། ། གཅིག་ཏུ་འདུས་ཏེ་འདི་བྱས་སམ། ། འཕྲུལ་པའི་སྤྲུལ་པ་དག་གིས་སམ། ། རྒྱལ་བ་ཁྱུ་མཆོག་གིས་མཛད་དམ། ། འོན་ཏམ་རྒྱལ་བ་རྒྱལ་སྲས་རྣམས། ། ཞིང་གཞན་རྣམ་པར་བཞུགས་པས་སམ། ། རྣལ་འབྱོར་ལ་ མཁས་རྣལ་འབྱོར་ཅན། ། སངས་རྒྱས་ཞིང་དུ་བཞུགས་རྣམས་ཀྱིས། ། ས་རྣམས་ཐམས་ཅད་བྱས་སམ་ཅི། ། གང་ལ་ནོར་པ་རབ་ཏུ་གནས། ། གང་འདི་ནོར་པ་སྣང་བ་དག ། སྨིག་རྒྱུ་རྣམས་ལ་ཆུ་བཞིན་ཏེ། ། རྫ་མའི་ཕྱོགས་ལ་ཡོན་ཏན་བཞིན། ། འགྲོ་བ་གང་གི་ཕྱོགས་ལ་ གནས། ། ཡོན་ཏན་མི་འབྲལ་ཡོན་ཏན་ཅན། ། ཡོན་ཏན་མེད་དང་ཡོན་ཏན་གནས། ། མ་ཡིན་ཕན་ཚུན་འབྲེལ་པས་ན། ། ཡོན་ཏན་ཚོགས་སུ་རྣམ་པར་གནས། ། ནོར་པ་སྣ་ཚོགས་དེ་བཞིན་དུ། ། ག་ལའང་དེ་བཞིན་གནས་ཡིན་ནམ། ། འགྲོ་བ་རྣམ་པ་སྣ་ཚོགས་རྣམས། ། ས་རྣམས་ལ་ནི་གང་སྣང་བ། ། འོན་ཏམ་ཚངས་པས་ཕྱུང་བའམ། ། འགྲོ་བ་མཐུ་བོ་ཆེ་ཡིས་སམ། །
BOཁྱུ་མཆོག་གིས་སམ་སྤུན་ཟས་སམ། ། སེར་སྐྱ་ཡིས་སམ་རང་གིས་སམ། ། གཅེས་པའི་རྐྱེན་གྱིས་བྱས་སམ་པ། ། རང་བཞིན་གྱིས་སམ་དབང་ པོས་སམ། ། དུས་དང་ཕྱོགས་ཀྱིས་བསྐྱེད་པའམ། ། འོན་ཏམ་མ་རིག་སྲེད་པས་སམ། ། ལྷ་ཡི་དྲང་སྲོང་ཐེ་ཙོམ་ཟ། ། ལྷ་ཡི་ཚོགས་ཀྱང་དེ་བཞིན་ཏེ། ། གྲུབ་དང་དྲི་ཟའི་རྒྱལ་པོ་རྣམས། ། ས་ལ་གནས་པའི་རྣལ་འབྱོར་ཅན། ། འོན་ཏམ་འདི་དག་མིག་འཕྲུལ་ལམ། ། འགྲོ་བ་དྲི་ཟ་འདྲ་ཞིག་གམ། ། རྨི་ལམ་ཡིན་ནམ་སྨིག་རྒྱུ་འམ། ། སྔོན་མེད་རྣམ་པར་རྟོག་ཡིན་ནམ། ། གཟུང་དང་འཛིན་པའི་དངོས་པོར་ཡང་། ། ཁ་གཉིས་སྦྲུལ་བཞིན་གནས་པའམ། ། འོན་ཏམ་རང་བཞིན་འདི་མེད་དམ། ། འཁྲུལ་འཁོར་རོ་ལངས་བཞིན་གནས་སམ། ། མགལ་པ་བསྐོར་བ་འདྲ་བའམ། ། འོན་ཏམ་སྐྲ་ཡི་ཚོགས་ལྟ་བུའམ། ། བྱེད་དང་ལས་ཀྱིས་མ་བྱས་ཤིང་། ། དབང་པོ་ཀུ་བེ་རས་མ་བྱས། ། མཆོད་སྦྱིན་སྦྱིན་བསྲེག་མཆོད་འབྲས་སམ། ། སྨྲང་གི་གཞུང་གི་ལམ་གྱིས་སམ། ། རྒྱུ་རྣམས་ཤིན་ཏུ་ཕལ་ཆེ་བས། ། ནན་ ཏན་རྟག་པ་མ་ཡིན་ཏེ། ། འགྲོ་བ་འཛིན་པ་མེད་པའང་མིན། ། རྒྱུ་རྣམས་ཀྱི་ཡང་རྒྱུ་དག་སྟེ། ། འགྲོ་བ་ངོ་བོ་ཉིད་ཀྱིས་གྲུབ། ། ལས་ཀྱི་བག་ཆགས་རྣམས་ལས་བྱུང་། །
BOརྣམ་ཤེས་བརྒྱད་པོའི་སྐྱེས་བུ་ནི། ། ཀུན་གཞི་ཞེས་ཀྱང་བྱ་བ་སྟེ། ། དེས་ནི་སྣ་ཚོགས་འདི་དག་ཀུན། ། རྫ་མའི་འཁྲུལ་འཁོར་བཞིན་དུ་བསྐོར། ། ཏིལ་བཀྲུམ་ཏིལ་མར་ཇི་བཞིན་དུ། ། ལན་ཚྭའི་ཚ་བྲོ་ཇི་ལྟ་བུར། ། གཟུགས་ལ་མི་རྟག་ཉིད་ཇི་བཞིན། ། སྐྱེས་བུ་འདི་ཡང་དེ་བཞིན་གནས། ། ཇི་ལྟར་བསུང་ལ་སོགས་ལས་དྲི། ། ཡོན་ཏན་རྣམས་ལ་ཡོན་ཏན་མཚན། ། ཉི་ཟླ་གཉིས་ ཀྱི་འོད་ཟེར་བཞིན། ། དེ་ལྟར་སྐྱེས་བུ་གནས་པ་ཡིན། ། དགོས་དང་བྱེད་པ་མེད་པ་སྟེ། ། ཡོད་དང་མེད་ཀྱི་ཕྱོགས་ཀྱིས་སྤངས། ། གཅིག་དང་ཐ་དད་མེད་པ་སྟེ། ། མུར་འདུག་ཕྱོགས་ཀྱིས་རྣམ་པར་སྤངས། ། རྗེས་སུ་འགྲོ་བའི་ཤེས་པ་མེད། ། ནམ་ཡང་རྣམ་པར་མི་བརྟག་སྟེ། ། གྲོལ་བའི་སོ་སོ་རང་རིག་པ། ། སངས་རྒྱས་སར་སྐྱེས་ཐུབ་ཅན་གྱི། ། གཟུང་དང་འཛིན་པ་མེད་པ་སྟེ། ། སྔ་མེད་སེམས་དང་སེམས་བྱུང་གིས། ། རྣམ་ཤེས་བརྒྱད་དང་བྲལ་བ་སྟེ། ། ནམ་ཡང་རྣམ་པར་མི་བརྟག་པའོ། ། དེ་ལ་གནས་པ་ཆུ་རླབས་བཞིན། ། ཕན་ཚུན་མཚན་ ཉིད་ཐ་མི་དད། ། འབྱུང་ཞིང་ཕྱིར་ཡང་ལྡོག་པ་སྟེ། ། དེ་ཡི་ལྡན་པ་རིག་པ་མིན། ། ཇི་ལྟར་ཐུབ་པའི་རྣལ་འབྱོར་དང་། ། རྫུ་འཕྲུལ་ཅན་གྱི་རྫུ་འཕྲུལ་བཞིན། །
BOམཉམ་པར་བཞག་པས་རབ་ཏུ་མཐོང་། ། རྣལ་འབྱོར་འགྲོ་བ་གཞན་གྱིས་མིན། ། དེ་བཞིན་འཇུག་པའི་རྣམ་ཤེས་ རྣམས། ། དེ་དག་ཀུན་གཞི་ལྷན་ཅིག་གནས། ། རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང་། ། སངས་རྒྱས་སངས་རྒྱས་སྲས་དེ་བཞིན། ། དེས་ནི་འདི་དག་ཐམས་ཅད་ཀྱང་། ། ཇི་ལྟར་ནོར་བུ་ཕུག་པ་རྣམས། ། སྐུད་ལ་བརྒྱུས་དང་འཁོར་ལོ་བཞིན། ། ལས་ཀྱི་རླུང་གིས་སྐོར་བྱེད་པ། ། ཇི་ལྟར་རྫ་མཁན་འཁོར་ལོ་དང་། ། ལག་དང་ཐལ་སྦྱོར་བསྐོར་བ་ཡིས། ། ཀུན་ཏུ་བསྐོར་ཅིང་སྣོད་བྱེད་པ། ། ཡོན་ཏན་སྣ་ཚོགས་རྣམ་པར་ལྡན། ། དེ་བཞིན་རྣམ་ཤེས་བརྒྱད་ཀྱི་མི། ། ཁམས་ཀྱི་གཟུགས་བརྙན་ལྷན་ཅིག་ཏུ། ། ས་ནི་རྣམ་པར་བྱེད་པ་སྟེ། ། ཕྱི་ནང་རྒྱུ་བའི་འགྲོ་བ་ རྣམས། ། གང་ལ་འཇིག་རྟེན་འདི་དག་ཀུན། ། ནམ་མཁའི་སྐར་ཚོགས་ཇི་བཞིན་དུ། ། གནས་ཤིང་རྣམ་པ་སྣ་ཚོགས་གནས། ། རླུང་གི་རྟ་ཡིས་ཤིན་ཏུ་བསྐོར། ། ཇི་ལྟར་མཁའ་ལ་བྱ་རྣམས་ཀྱི། ། རྗེས་ནི་སྣང་བ་མ་ཡིན་ཏེ། ། བར་སྣང་ཡོད་པ་མ་ཡིན་ནའང་། ། བྱ་རྣམས་རྒྱུ་བའི་བྱེད་ པ་མེད། ། དེ་བཞིན་རྣམ་པར་ཤེས་པའི་མི། ། བདག་ཡོད་མ་ཡིན་གཞན་ཡོད་མིན། ། རྣམ་དག་བར་སྣང་འདྲ་བ་དག །
BOདབའ་རླབས་བཞིན་དུ་རབ་ཏུ་འབྱུང་། ། བག་ཆགས་རྣམ་པའི་ཉེས་པ་ཡིས། ། མི་ཆགས་པད་མོའི་ཟླ་བ་བཞིན། ། པད་མོ་ལ་ནི་ཆུ་མེད་མིན། ། ཆུ་ལ་ཟླ་གཟུགས་ མེད་པ་ཡང་། ། ཆུ་སོང་ཟླ་བ་ཡོད་པ་སྟེ། ། པད་མོའི་འདབ་ལ་དེ་བཞིན་ཆུ། ། མིག་ལ་བུད་མེད་གཞོན་ནུ་དག ། མིག་གིས་མཐོང་བ་ཇིར་མི་འགྱུར། ། དེ་བཞིན་ཀུན་གཞི་རྣམ་པར་ཤེས། ། ལས་རྣམས་ཅིག་ཅར་བྱེད་པ་སྟེ། ། འགྲོ་བ་དག་གི་ལུས་ལ་ནི། ། ཁྱབ་གནས་ས་བོན་ཀུན་ ཅན་ནོ། ། སྟུག་པོའི་སྤྲིན་དང་འདྲ་བར་ཡང་། ། ས་རྣམས་ཡོག་པར་ཤིན་ཏུ་གནས། ། ཚེ་དང་རྣམ་ཤེས་ཀུན་ནས་ཡོག ། དྲོད་ཀྱང་དེ་བཞིན་སྟོབས་ཆེན་གྱིས། ། སྣ་ཚོགས་གཟུགས་ཀྱི་ལུས་ཅན་གྱི། ། རྣམ་པ་སྣ་ཚོགས་གཟུགས་ཀྱང་སྟོན། ། རྫ་མཁན་ཇི་ལྟར་ས་སྣོད་ལ། ། སྤྱོད་པ་ཇི་བཞིན་དེ་ལྟའོ། ། བ་ལང་སོགས་པའི་རུ་མཐོང་ཞིང་། ། བོང་བུ་རྭ་ནི་མེད་པ་སྟེ། ། མ་མཐོང་བར་ནི་མེད་པ་མེད། ། བ་ལང་རྭ་ཡི་མེད་པ་ཡང་། ། ཕྱིན་ཅི་ལོག་ཏུ་དམིགས་པས་མེད། ། ཕྱིན་ཅི་ལོག་ཏུ་མནར་སེམས་ལ། ། ཤིན་ཏུ་ཕྲ་བའི་ རྡུལ་གཤིག་ན། ། ཡོད་པ་དེ་དག་མེད་པར་འགྲོ། ། མེད་པ་ཡོད་པའི་རྒྱུ་ལས་ཏེ། ། མེད་པ་ཡོད་ཅེས་རྟོག་པ་ནི། །
BOཡོད་པ་མེད་ལས་བལྟོས་པ་སྟེ། ། ཕན་ཚུན་ལྟོས་པའི་རྒྱུ་ལས་སོ། ། བློ་དང་རྟོགས་བྱ་མེད་པ་སྟེ། ། ཁོང་དུ་ཆུད་པ་སྐྱེ་བ་མེད། ། མགལ་བའི་འཁོར་ལོ་ འཁོར་ལོ་མིན། ། ཇི་ལྟར་སྐྲ་ཚོགས་མཐོང་བ་བཞིན། ། དྲི་ཟའི་གྲོང་ཁྱེར་སྒྱུ་མ་དག ། ཅི་ཞིག་མཐོང་ནས་འབྱུང་བ་བཞིན། ། བློ་ཡི་འབྱུང་བ་རྒྱུ་མེད་པར། ། ཡོད་པ་མ་ཡིན་རྣམ་རྟོག་པ། ། རྟོགས་བྱ་རྣམ་པར་རྟོག་པས་བསྐྱེད། ། ལུས་ཅན་རྣམས་ཀྱི་ཡིད་སྐྱེས་ཏེ། ། མིང་དང་ འདུ་ཤེས་འབྲེལ་བ་དང་། ། རང་བཞིན་གཉིས་ཀྱི་བག་ཆགས་ཀྱིས། ། མི་ཡི་སེམས་ནི་རབ་ཏུ་འབྱུང་། ། གྲུབ་པའི་དོན་ནི་མི་སྐྱེའོ། ། ཐོག་མ་མེད་པའི་དུས་ན་བསགས། ། གནས་ངན་ལེན་གྱི་ཡུལ་ལས་བྱུང་། ། རབ་ཏུ་སྤྲོས་པས་བསྒོས་ཡིད་ལས། ། སེམས་ཀྱི་ཚོགས་ནི་འབྱུང་ བར་འགྱུར། ། གཟུང་དང་འཛིན་པའི་དངོས་པོར་ཡང་། ། ཀུན་ཏུ་སྐྱེ་བ་མི་ཡི་སེམས། ། རྫ་ལ་སོགས་པའི་གཟུགས་ཀྱི་དབྱིབས། ། སྣང་བ་གཞན་ཡོད་མ་ཡིན་ཏེ། ། འདི་དག་ཐམས་ཅད་བློ་ཙམ་པས། ། རྟོགས་བྱའི་དངོས་པོ་ཡོད་པ་མིན། ། བློ་དང་རྟོགས་བྱའི་དངོས་པོར་ནི། ། བདག་ཉིད་རབ་ཏུ་འཇུག་པ་སྟེ། ། བྱིས་པ་རྣམས་ཀྱིས་མི་རིགས་པ། །
BOབག་ཆགས་རྣམས་ཀྱིས་སེམས་མྱོས་རྣམས། ། རྣམ་པ་བརྒྱད་དང་རྣམ་བདུན་དང་། ། དུས་གཅིག་ཏུ་ཡང་འབྱུང་བར་འགྱུར། ། སྔོན་མེད་བག་ཆགས་ལྡན་པས་ན། ། ཀུན་གཞི་ས་བོན་ཐམས་ཅད་ཅན། ། རྒྱ་མཚོའི་དབའ་རླབས་ཇི་བཞིན་དུ། ། རླུང་གི་རྐྱེན་གྱིས་བསྐྱོད་པ་ལྟར། ། གར་བྱེད་ཅིང་ནི་རབ་ཏུ་འབྱུང་། ། རྣམ་པར་རྒྱུན་ཀྱང་མི་འཆད་དོ། ། བློ་ཡི་འོད་པ་དེ་བཞིན་རྟག ། ཡུལ་དང་རེག་པས་བསྐུལ་བའི་ཕྱིར། ། སྣ་ཚོགས་བདག་རྟོག་རྣམ་ཤེས་ཀྱིས། ། བདག་ལ་ བདག་གིར་འཛིན་པར་བྱེད། ། ཇི་ལྟར་ས་ལ་རྣམ་རྟོག་མེད། ། འགྱུར་མེད་རྣམ་པ་སྣ་ཚོགས་གཟུགས། ། དགོས་པའི་རྣམ་པར་གྱུར་པ་ནི། ། དེ་འདྲ་ཀུན་གཞི་རྣམ་ཤེས་ལའོ། ། ཇི་ལྟར་མི་ཞིག་ལག་པ་ཡིས། ། རང་གི་ལུས་ལ་མཉེད་པ་དང་། ། ཕྱོགས་ཀྱི་གླང་པོ་བདག་ལུས་ ལ། ། བདག་གིས་སྣ་ཡིས་ཆུ་འཐོར་དང་། ། ཇི་ལྟར་ཤེད་ཅན་ལ་ལ་དག ། བདག་གི་ལུས་ལ་སོས་འདེབས་པ། ། དེ་བཞིན་བློ་ནི་བརྟགས་དོན་ལ། ། དོན་གཉིས་ཚུལ་དུ་འཇུག་པའོ། ། བློ་ཡི་ཡུལ་དུ་བྱ་བ་འདི། ། ཁམས་གསུམ་རྣམ་པར་ཁྱབ་པར་གནས། ། ཕྱི་དང་ནང་གི་བྱ་ བར་ཡང་། ། རྣལ་འབྱོར་མཁས་པས་མཐོང་བ་ཡིན། ། སངས་རྒྱས་རྣམས་ཀྱིས་འདི་ཀུན་གཟིགས། །
BOས་ལ་ཇི་སྙེད་སྣང་བ་དག ། རྣམ་པ་སྣ་ཚོགས་དབྱིབས་ཀྱི་གཟུགས། ། ས་ལ་རྣམ་པ་སྣ་ཚོགས་སོ། ། ཆོས་འདི་ཡང་དག་བཤད་པ་དང་། ། རྡོ་རྗེ་སྙིང་པོ་འཇིགས་མེད་པ། ། མི་སྨྲའི་དངོས་ལ་དགར་གྱུར་ཏེ། ། བསམ་གྱིས་མི་ཁྱབ་ཆོས་དབྱིངས་ཀྱི། ། ལྷ་ཡི་བསམ་གཏན་མི་གཡོ་བ། ། སངས་རྒྱས་སྤྱོད་ཡུལ་ཞུགས་པ་དང་། ། སྟུག་པོ་ནས་ནི་འོངས་པའི་གཟུགས། ། མཐོང་ནས་རྣལ་འབྱོར་ལམ་གནས་པ། ། ཐུབ་པ་དེ་ཡི་ལྷ་རྫས་ལུས། ། རྣལ་ འབྱོར་བཏང་སྟེ་ཡང་གནས་སོ། ། འདོད་དང་གཟུགས་དང་གཟུགས་མེད་དང་། ། འདུ་ཤེས་མེད་པའི་གནས་རྣམས་ཀྱི། ། མུན་པའི་ཚོགས་ནས་ཕྱིར་བྱུང་སྟེ། ། སྟུག་པོ་དེ་ནས་འདིར་འོངས་སོ། ། སངས་རྒྱས་རྣམས་ཀྱི་བཞུགས་པའི་གནས། ། སངས་རྒྱས་ཞིང་ནི་མཆོག་རབ་ ནས། ། གཟུགས་ཀྱི་རྣམ་པ་དུ་མ་ཡི། ། སངས་རྒྱས་སྐུ་ཡང་རྣམ་བྱུང་ནས། མི་ཡི་ཁམས་ན་རྣམ་པར་འཕྲུལ། ། སུ་བློ་ཅི་འདོད་ཕན་པར་རོ། ། སྟུག་པོ་ཡི་ནི་མིང་ཕྱུང་ནས། ། རྒྱལ་བའི་སྲས་པོ་ཐམས་ཅད་ཀྱང་། ། ཕན་ཚུན་གཅིག་ལ་གཅིག་བལྟས་ཏེ། ། གཅིག་ལ་ གཅིག་ནི་རབ་སྨྲས་པ། ། སྟུག་པོ་དྲི་མེད་བསོད་ནམས་ཏེ། ། སྡིག་པ་ཐམས་ཅད་འཇིག་པར་བྱེད། ། རྣལ་འབྱོར་ཅན་གྱི་གནས་ཀྱི་མཆོག །
BOསངས་རྒྱས་ཞིང་གི་དམ་པ་ཕུལ། ། ཡུ་བུས་དེ་ཡི་སྒྲ་ཐོས་ཏེ། ། ཐོས་ནས་བདག་ཅག་དགའ་བའི་ཡིད། ། སྟུག་པོ་རྣལ་ འབྱོར་ཅན་གནས་ཀྱི། ། བརྟན་ལམ་བདག་ཅག་ཐོབ་པར་བྱ། ། འོག་མིན་ཚངས་པ་ཐོར་ཚུགས་ཅན། ། གཙང་མའི་གནས་ཀྱིས་རྣམ་སྤངས་པ། ། ཞིང་གི་ངོ་མཚར་ལྟད་མོ་དང་། ། སངས་རྒྱས་རྒྱལ་བའི་སྲས་ཀྱི་ཡབ། ། ཚངས་པས་དེ་ཚེ་གསོལ་ནས་སུ། ། གཙང་མའི་གནས་ ཀྱི་འཇིགས་མེད་རྣམས། ། དེ་དག་ཐམས་ཅད་སེམས་པ་ནི། ། ཚངས་པ་སྟུག་པོར་འགྲོ་མི་འགྲོ། ། ཚངས་པ་རྣལ་འབྱོར་ཆེན་པོ་ཅན། ། མུན་པས་དེ་དག་བསླད་པར་གྱུར། ། ཐུབ་པ་མི་ཤེས་ཐུབ་རིག་གི། ། ཇི་ལྟར་གནས་ནི་ཐོབ་པར་འགྱུར། ། ཚངས་པ་དེ་ན་ཀུན་ཏུ་ སེམས། ། བློ་ཡིས་ཚངས་པ་རིག་པའི་མཆོག ། འདོད་དང་གཟུགས་ཀྱི་བདག་པོ་དག ། རྒྱུ་བ་དེ་ན་མེད་པ་སྟེ། ། ནམ་མཁའི་ཁང་པ་གནས་རྣམས་དང་། ། འདུ་ཤེས་མེད་པ་དེ་བཞིན་ཏེ། ། མུར་འདུག་གཞན་ལ་གྲགས་པ་ཡི། ། རྣལ་འབྱོར་ཅན་རྣམས་དེར་མི་འགྲོ། ། བདག་ གིས་བྱ་བ་བྱས་སམ་ཅི། ། བསམས་ཏེ་འདིར་ཡང་འོངས་པར་གྱུར། ། བདག་འགྲོའམ་བརྟན་ཞིང་རྟག་པ་ཡི། ། ཐེར་ཟུག་འདུས་མ་བྱས་སྟུག་ཏུ། ། གལ་ཏེ་ཡང་ན་ཐུབ་པ་སྟེ། །
BOརྣལ་འབྱོར་མངའ་བ་ལྷའི་ཡང་ལྷའི། ། མཐུ་ཡིས་རྣལ་འབྱོར་མཁྱེན་རྣམས་ཀྱི། ། ཕོ་བྲང་ སྟུག་པོ་དེར་འགྲོ་འམ། ། ཐུབ་པ་དེ་ལ་ཕྱག་འཚལ་ལོ། ། དེ་སྐད་སྨྲས་ནས་ཐོར་ཚུགས་ཅན། ། མཐོང་བ་ཤིན་ཏུ་འབར་བ་ཡི། ། སངས་རྒྱས་ལམ་ན་བཞུགས་པ་རྣམས། ། གསུངས་ཤིག་གསུངས་ཤིག་ཐུབ་པའི་རྣམས། ། ཁྱེད་ལ་ཅི་འཚལ་ཅི་གྱིས་ཤིག ། སངས་ རྒྱས་དབང་པོ་བཀའ་སྩལ་གསོལ། ། སྟུག་པོ་ཇི་ལྟར་འཐོབ་པར་འགྱུར། ། གཟུགས་ཡུལ་འདི་ལས་ཕྱིར་ལོག་ཤིག ། དེར་འགྲོ་མེད་པ་གཟུགས་ཅན་རྣམས། ། སྟུག་པོ་དེ་ནི་ཐུབ་ཆེན་ཡུལ། ། བླ་ན་མེད་པའི་སངས་རྒྱས་ཞིང་། ། འདུ་ཤེས་མེད་པས་མི་འཐོབ་སྟེ། ། དེ་བཞིན་འདོད་པའི་ཁམས་དབང་གི། ། མུར་འདུག་གཞན་ན་གྲགས་པས་ཀྱང་། ། རྣལ་འབྱོར་རིག་ལམ་སྟུག་མི་འཐོབ། ། ཚངས་པ་ཉིད་ཀྱིས་དེ་གསུང་ཐོས། ། མཆོད་སྦྱིན་གསོལ་བའི་ཞལ་ན་སྟེ། ། དེ་ནི་དེ་ནས་ཕྱིར་ལོག་སྟེ། ། ཚངས་པའི་གནས་སུ་ཡང་སོང་ ངོ་། ། དེ་ཡི་ཕྱིར་ན་དེར་འགྲོ་བ། ། ཚངས་པ་ཡིས་ཀྱང་མི་ཐོབ་པས། ། གཟུགས་མེད་འདོད་དང་གཟུགས་ཅན་རྣམས། ། དེར་འགྲོ་ཡོད་པ་ཡོང་མ་ཡིན། ། ཅི་ཕྱིར་དད་པ་འདི་འདྲ་རྙེད། ། སྟུག་པོའི་དཀྱིལ་འཁོར་མཐོང་བ་ཡང་། །
BOརྣལ་འབྱོར་ཅན་གྱི་གནས་ཀྱི་མཆོག ། དེ་ཕྱིར་ངོ་མཚར་ཐོབ་པར་གྱུར། ། སྒྱུ་མའི་ཏིང་ངེ་འཛིན་གྱི་ཡུལ། ། རྣལ་འབྱོར་ཅན་གནས་སྟུག་པོ་དེ། ། འདི་ནི་གཅིག་ནས་གཅིག་ཏུ་ཐོས། ། དེ་ནས་བྱུང་བས་རྣམ་པར་བསྙད། ། སྣ་ཚོགས་ཚིག་འདི་ཐོས་པ་ནི། ། ཐུབ་ཅན་རྡོ་རྗེ་སྙིང་པོ་ཡི། ། རྒྱལ་སྲས་ཁྱོད་ཀྱིས་སྨྲ་ བར་གྱིས། ། རྒྱལ་བའི་སྲས་རྣམས་ཉན་པར་འདོད། ། དབང་སྒྱུར་རྒྱལ་པོ་དེ་བཞིན་གྱིས། ། གཟི་བརྗིད་ཆེན་པོ་མ་ཐོགས་ཤིག ། མཚེ་མ་རབ་དང་དགའ་ལྡན་དང་། ། གཙང་གནས་འཇིགས་པ་མེད་པའི་རྣམས། ། ཐུབ་པའི་བཀའ་ནི་མ་ལུས་པར། ། སྨྲ་བར་སུ་ ཞིག་ནུས་པ་ཡོད། ། གཞན་དུ་ཁྱོད་དང་སངས་རྒྱས་རྣམས། ། ཐུབ་ཆེན་ཐུབ་པ་བསྣམས་པ་དག ། སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། ། མཆོག་གི་གཙོ་བོ་སངས་རྒྱས་ཀྱི། ། རྣལ་འབྱོར་རྣལ་འབྱོར་མེད་པ་ལ། ། སུ་ཡིས་ཇི་ལྟར་བསྟན་པར་ནུས། ། མཚེ་མ་རབ་ དང་ཤུགས་འཛིན་དང་། ། དབང་སྒྱུར་རྒྱལ་བའི་སྲས་པོ་དག ། གཅིག་པའི་དབྱངས་སུ་ཡང་སྨྲས་ཏེ། ། གསུངས་ཤིག་གསུངས་ཤིག་རྒྱལ་བའི་སྲས། ། རྣམ་པར་འཕྲུལ་དང་འཇམ་དཔལ་དང་། ། བྱམས་པ་མིའམ་ཅི་ཡི་བདག ། རྣལ་འབྱོར་ཅན་གཞན་གང་དེ་ནི། །
BOདེ་དག་སྨྲ་བ་སྨྲོས་ཤིག་སྒྲོགས། ། ནམ་མཁའ་ལས་ཀྱང་སྒྲ་བྱུང་སྟེ། ། ལྷ་དང་སྔགས་འཆང་རྣམས་ཀྱིས་ཀྱང་། ། དེ་ནས་ཤིན་ཏུ་རྔ་བརྡུངས་པ། ། གསུངས་ཤིག་གསུངས་ཤིག་རྒྱལ་བའི་སྲས། ། དེ་དག་དེ་སྐད་སྨྲ་བ་ན། ། ཐོར་ཚུགས་ཅན་གྱི་ཚངས་པ་འོངས། ། ས་ འཁོད་ཀུན་ལས་སྨྲས་པ་ནི། ། སྟན་གྱི་མཆོག་ལ་འདུག་ནས་དེ། ། ངོ་མཚར་ལྷ་རྫས་འདི་ཅི་ཞིག ། ཐུབ་པ་རྣམས་ཀྱི་ཚོགས་འཁོར་ན། ། རྣལ་འབྱོར་དབང་པོ་ཐམས་ཅད་དང་། ། སློབ་མ་མཁས་པ་དེ་དག་ཀྱང་། ། ཁྱུ་མཆོག་ཐུབ་ལ་འདྲི་བར་འདོད། ། རྒྱལ་ སྲས་རྡོ་རྗེ་དབང་པོ་ལ། ། སྐབས་འདི་ཇི་ཞིག་སུ་ཞིག་ལ། ། རྒྱལ་བའི་སྲས་ཀྱིས་གསུངས་པ་ཡིན། ། ཀུ་རུའི་བུ་དང་དི་ལི་པ། ། འཁོར་ལོ་འཁོར་བ་མན་མཐའ་སྟེ། ། ཡང་ན་ཡོ་བ་ན་ཤྭ་ལ། ། ལྷ་རྫས་མི་ཡི་གཏམ་བརྗོད་དམ། ། གཉི་བུ་ཨིག་ཤྭ་ཀུ་ལ་འམ། ། དེ་བཞིན་ གཞུ་སྟོང་བདོག་པ་ལའམ། ། འོན་ཏམ་གནས་སྲུང་པོ་ལའམ། ། འཁོར་ལོ་འཁོར་བ་གཞན་དག་ལའམ། ། འདོད་དང་གཟུགས་དང་གཟུགས་མེད་ལའམ། ། འདུ་ཤེས་མེད་གནས་གནས་པ་ལའམ། ། ནམ་མཁའ་མཐའ་ཡས་རྣམ་ཤེས་སམ། ། འོན་ཏེ་ཅུང་ཟད་མེད་ པ་དག ། ཐུབ་ཆེན་རང་སངས་རྒྱས་དག་ལའམ། ། ཉན་ཐོས་རྒྱལ་བའི་སྲས་ལའམ། །
BOསངས་རྒྱས་ས་ལ་ཞུགས་པ་ཡི། ། རྒྱལ་དབང་རྣམས་ལ་གཏམ་འདིའམ། ། འདི་ཅི་ལྷ་མིན་ལྷ་སྲས་སམ། ། འོན་ཏེ་སྐར་མའི་དེ་བཞིན་ནམ། ། ཇི་ལྟར་གྱུར་པ་ཁྱོད་ཀྱིས་གསུངས། ། བདག་ཅག་སློབ་མ་ཕྱོགས་སུ་ཉན། ། བླ་མའི་ཚིག་ནི་ཐོས་ནས་ཀྱང་། ། རྒྱལ་བའི་སྲས་པོ་ཐམས་ཅད་དག ། ཕན་ཚུན་ཤིན་ཏུ་དཔྱོད་པར་བྱེད། ། དེ་ཡི་ཏིང་འཛིན་འགྲོ་སོང་རྣམས། ། རྒྱལ་བའི་སྲས་རྣམས་ཚིག་ཐོས་པ། ། ཐོར་ཚུགས་ཅན་ལས་མངོན་དུ་སྟེ། ། སློབ་མར་ བཅས་པར་ཉན་འདོད་པ། ། གཙང་གནས་བདག་པོ་ཉིད་ཀྱང་ཡིན། ། ཐར་ཟླ་བློ་གྲོས་མི་ཟད་དང་། ། ནམ་མཁའི་དབང་པོ་འགྲོ་བ་འཛིན། ། མཐུ་ཆེན་སྤྱན་རས་གཟིགས་དབང་དང་། ། རྣལ་འབྱོར་ཤེས་པ་གཟུངས་ཀྱི་དབང་། ། ལྷ་ཡི་ཅོད་པན་རྣལ་འབྱོར་དབང་། ། གཙུག་ན་ རིན་ཆེན་བློ་གྲོས་ཤིང་། ། ལག་ན་རྡོ་རྗེ་ཞི་བའི་བློ། ། ལག་ན་རིན་ཆེན་བློ་ཆེན་དང་། ། འདི་དག་རྒྱལ་སྲས་གཞན་དག་ཀྱང་། ། བྱེ་བའི་ཞིང་རྣམས་ཀུན་ནས་འོངས། ། རྡོ་རྗེའི་སྙིང་པོ་བློ་ཅན་ལ། ། དེ་དག་ཀུན་གྱིས་རྣམ་བལྟས་ནས། ། པད་མོའི་སྟན་ལ་འཁོད་པའི་རྣམས། ། རྒྱལ་ བའི་སྲས་ལ་གསོལ་བ་འདེབས། ། བློ་ཆེན་རབ་ཏུ་བཤད་པར་གྱིས། །
BOརྒྱལ་བའི་སྲས་རྣམས་ཉན་པར་འདོད། ། འདས་པ་དག་དང་མ་འོངས་ཚུལ། ། ད་ལྟར་བྱུང་བའི་གང་ཚིག་ཀྱང་། ། རྒྱུ་དང་དཔེ་ཡིས་རབ་གསལ་བར། ། ཁྱོད་ཀྱི་ཞལ་ནས་བྱུང་བ་རྣམས། ། གདོན་མི་ཟ་བའི་ཚིག་འདི་ཡང་། ། ཁྱོད་ཀྱིས་རྒྱལ་བ་དེ་ཞལ་ནས། ། ཐམས་ཅད་མ་ལུས་ཐོས་པ་སྟེ། ། སྐྱོན་མེད་དེ་བཞིན་གཤེགས་པའི་མཁྱེན། ། ཏིང་འཛིན་དབང་སྒྱུར་རྒྱལ་པོ་ཡིས། ། ཐམས་ཅད་བློ་གྲོས་རྣམ་བལྟས་ནས། ། རྡོ་རྗེ་སྙིང་པོ་འཇིགས་མེད་ཀྱིས། ། རྣལ་ འབྱོར་ཅན་ལ་ཚིག་སྨྲས་པ། ། རྒྱལ་བའི་གསུང་རབ་མ་ལུས་པར། ། སྨྲ་བར་སུས་ཀྱང་ནུས་པ་མེད། ། དེ་ཡི་བྱིན་རླབས་མ་གཏོགས་པར། ། སངས་རྒྱས་རྣམས་དང་རྒྱལ་སྲས་ཀྱི། ། སངས་རྒྱས་ཀུན་ལ་ཕྱག་འཚལ་ཏེ། ། སངས་རྒྱས་བྱིན་གྱིས་བརླབས་པ་དག ། ནོར་ བུ་རིན་ཆེན་སྣ་ཚོགས་ཁང་། ། དབང་སྒྱུར་གནས་བཟང་འཁོད་རྣམས་ལའང་། ། ཡེ་ཤེས་དད་པས་སྨྲ་བར་བྱ། ། སངས་རྒྱས་རིགས་བྱེད་ཚུལ་ཡིན་ཏེ། ། ང་ལས་འདི་དག་ཐམས་ཅད་ཉོན། ། དེ་བཞིན་གཤེགས་ཀྱི་ཡེ་ཤེས་དགེ། ། རྒྱལ་པོ་རྣམས་ལ་གཏམ་འདི་མིན། ། མི་བདག་མཆོག་རྣམས་འདས་པ་ལའང་། ། འདི་ནི་སངས་རྒྱས་རིགས་ཀྱི་གཏམ། ། སྟུག་དཀྱིལ་ཕུན་སུམ་ཚོགས་རྣམས་ཀྱི། །
BOརྣལ་འབྱོར་ཅན་གྱི་རྣལ་འབྱོར་ཡུལ། ། སངས་རྒྱས་ཀུན་གྱི་ཕུན་སུམ་ཚོགས། ། དེ་བཞིན་གཤེགས་ཀྱི་ཡེ་ཤེས་ཕྲ། ། རྟོག་མེད་རྟོག་པ་ སྤངས་པ་སྟེ། ། སོ་སོ་རང་རིག་མཁས་པའི་ཡུལ། ། བརྗོད་པ་དང་ནི་རྣམ་པར་བྲལ། ། དེ་ནི་སྨྲ་བར་དད་པ་མེད། ། བདག་གིས་དེ་ཡི་མཐུ་ཐོས་པ། ། ལྷ་རྫས་ཀྱི་ནི་ཡེ་ཤེས་དང་། ། ཏིང་ངེ་འཛིན་གྱི་མེ་ཏོག་གིས། ། རྫོགས་པའི་སངས་རྒྱས་གསུངས་པ་ནི། ། སྟུག་པོའི་དཀྱིལ་ དུ་མཉམ་བཞག་པས། ། ཐམས་ཅད་ཕྱོགས་ལས་རྣམ་གྲོལ་ཞིང་། ། ཡོད་དང་མེད་པའི་ཕྱོགས་སྤངས་པ། ། ཡོད་དང་མེད་པའི་ཕྱོགས་དང་བྲལ། ། དབུ་མའི་ལམ་ནི་དགེ་བ་སྟེ། ། གཞན་དུ་འགྱུར་བའི་ལྷ་རྫས་ཚུལ། ། སངས་རྒྱས་ས་ལ་འཇུག་པར་བྱེད། ། དབུ་མའི་ ལམ་པོ་དེ་ཉིད་ཀྱང་། ། མཐའ་བཞི་རྣམ་པར་སྤངས་པ་སྟེ། ། རྣམ་པར་རྟོག་མེད་དམིགས་མེད་པ། ། སྟུག་ན་གནས་པས་ཤིན་ཏུ་མཐོང་། ། ཐུབ་ཆེན་དེ་ཉིད་ལམ་ཤེས་པ། ། བདག་མེད་ཡེ་ཤེས་མཁས་རྣམས་ཀྱིས། ། བླ་མའི་ཚིག་འདི་ཐོས་པ་དང་། ། རྣལ་འབྱོར་ཅན་རྣམས་ཐམས་ཅད་ཀྱང་། ། རྐང་པ་གཉིས་ལ་མཉམ་བཏུད་ནས། ། རྡོ་རྗེ་ཞེས་ལ་སྨྲས་པ་ནི། ། རྣལ་འབྱོར་ཅན་རྣམས་ཉན་པར་བརྩོན། ། སྐོམ་པ་རྣམས་ནི་ཆུ་ཚོལ་བཞིན།
BO། ཁྱོད་ཀྱི་ཞལ་ནས་བཏུང་འདོད་པ། ། ཚིག་གི་སྦྲང་རྩི་བུང་བ་བཞིན། ། རྣལ་འབྱོར་ དབང་པོ་ཡང་དག་གསུངས། ། རྒྱལ་བའི་སྲས་རྣམས་ཤིན་ཏུ་ཉན། ། རྣལ་འབྱོར་ཅན་རྣམས་རྣལ་འབྱོར་བློ། ། ཡེ་ཤེས་དབང་པོ་འཕྲུལ་ཆེན་རྣམས། ། ཞིང་གི་བདག་པོ་རྒྱལ་ཆེན་རྣམས། ། རྣལ་འབྱོར་ལམ་ལ་རྟོག་བྱེད་པ། ། བདེ་གཤེགས་བཀའ་ནི་ཉན་པར་རོ། ། ཁྱོད་ ཀྱི་ཞལ་ནས་རྣམ་བྱུང་བ། ། རྣམ་པ་སྣ་ཚོགས་དཀའ་བའི་སྒྲ། ། ཁོང་དུ་ཆུད་བྱེད་མཚན་བཟང་དང་། ། ཚངས་པའི་ཡང་དག་གཤེགས་པ་དང་། ། དབང་པོའི་དོན་གྲགས་ཁྱད་པར་དུའོ། ། སྣ་ཚོགས་ཐུབ་པ་དེ་ཡི་གསུང་། ། སྒྲ་ཡི་དོན་ལ་མཁས་པ་ཡི། ། དེ་ཕྱིར་བདག་ནི་སྨྲར་ མ་མོས། ། བརྟག་བྱ་རྟོག་པ་རྣམ་པར་སྤངས། ། བར་སྣང་རི་མོ་ཇི་བཞིན་དང་། ། གྲིབ་མ་སྟོང་ལ་སོགས་པས་སྤངས། ། དེ་སྟེ་སྣང་ན་རྨད་དུ་རུང་། ། དེ་བཞིན་གཤེགས་པ་ཐུབ་པའི་བཀའ། ། མཁའ་ལ་བྱ་རྗེས་ཇི་བཞིན་དུ། ། བལྟ་བར་ཤིན་ཏུ་དཀོན་པ་བཞིན། ། དེ་བཞིན་གཤེགས་ པ་ཐུབ་པའི་བཀའ། ། དེ་ནི་བསྟན་པར་མི་ནུས་སོ། ། ས་རྣམས་གསུམ་དུ་མཁས་པ་ཡིས། ། དཔེ་ཡིས་ཀུན་ཏུ་རབ་བསྟན་གྱིས། ། དཔེ་དང་བྲལ་བའི་དེ་བཞིན་ཉིད། ། ཐུབ་པའི་ཞལ་ནས་རྣམ་པར་འབྱུང་།
BO། དེ་ཡི་ཚིག་ལ་དཔེ་མེད་དེ། ། རྨི་ལམ་ལྟ་བུར་བདག་ལ་སྣང་། ། རབ་རིབ་མགལ་བ་བསྐོར་བ་དང་། ། སྐྲ་ཡི་ཚོགས་དང་དེ་བཞིན་འདྲ། ། ཇི་ལྟར་སྒྱུ་མའི་གྲོང་ཁྱེར་དང་། ། རླུང་ནི་ཤིན་ཏུ་བལྟ་དཀའ་དང་། ། སྒྱུ་མ་སྨིག་རྒྱུ་འདྲ་བ་སྟེ། ། རྣམ་རྟོག་གཉིས་པོ་རབ་ཏུ་སྤངས། ། འོན་ཏམ་རྣལ་འབྱོར་སྣ་ཚོགས་པ། ། ཐུབ་པའི་གསུང་ནི་དེ་བཞིན་ཏེ། ། བདག་གིས་རྣལ་འབྱོར་ཅན་དབུས་སུ། ། བཤད་པར་དེ་ཕྱིར་དད་པ་མེད། ། འདི་དག་ཐམས་ཅད་མཁས་པ་སྟེ། ། དེ་བཞིན་ཉིད་བློ་ཤེས་པའི་རྣམས། ། སངས་རྒྱས་སྤྱོད་ཡུལ་བསམ་ཡས་པ། ། དེ་ཕྱིར་སྨྲ་བར་དད་པ་མེད། ། འོན་ཀྱང་བརྗོད་དོ་ཐུབ་པའི་རྣལ་འབྱོར་གྱིས། ། དེ་རིང་བདག་ལས་ཉོན་ཅིག་རྒྱལ་སྲས་རྣམས། ། སྣ་ཚོགས་ཚིག་གི་དོན་ལྡན་ཐུབ་པའི་བཀའ། ། དཔེ་མེད་སེམས་དང་ཡིད་ལས་རྣམ་པར་འདས། ། ཇི་ལྟར་བུང་བས་མེ་ཏོག་རོ་འཐུངས་ཤིང་། ། ལྷག་མ་གཞན་དག་འཐུང་བར་བྱེད་བཞིན། ། སྙིང་ཁུ་ཐུབ་པའི་མཆོག་ རྣམས་ཀྱིས་འཐུངས་ཏེ། ། དེ་ཡི་འཐུངས་ལྷག་བདག་གིས་དེ་རིང་བཤད། ། དེ་ནི་ཡིད་དང་ཚིག་གིས་ཀྱང་། ། བསྟན་པར་ནུས་པ་མ་ཡིན་ལ། ། ལྷ་ཡི་ལྷ་ཡི་ཡུལ་ཡིན་ཏེ། ། མཁས་རྣམས་དགེ་བ་འཕེལ་བར་བྱེད། །
BOམི་ཡི་གཟུགས་སུ་བྱས་ནས་སུ། ། སངས་ རྒྱས་ཞེས་ནི་མཚན་ལྡན་པ། ། ཅོད་པན་ཅན་དང་གཞན་ལ་སྣང་། ། གཞལ་མེད་ཁང་གནས་གཞན་ལ་ཡང་། ། འོད་ཀྱི་དཀྱིལ་འཁོར་འཁོར་ལོ་དང་། ། མཚན་བཟང་རྣམ་པ་སྣ་ཚོགས་སུ། ། ས་ལ་སྣ་ཚོགས་སྣང་བ་ནི། ། མུར་འདུག་འདུས་པའི་དྲེགས་པ་སེལ། ། དུས་རྣམས་བཞི་པོ་ཐམས་ཅད་དུ། ། སངས་རྒྱས་རྣམས་ཀྱི་དུས་དུས་ལ། ། སྟུག་ན་བཞུགས་པས་དུས་སྤྲུལ་ཏེ། ། རྣམ་པར་ཕྱེ་བ་རབ་ཏུ་མཛད། ། བཟང་དུས་དེ་བཞིན་གསུམ་པ་དང་། ། གཉིས་ཀྱི་ཕ་རོལ་དུས་ངན་དང་། ། དེ་དག་དུ་ཡང་ཅི་དགོས་པ། ། ས་ལ་ལུས་ཅན་ རྣམས་ཀྱིས་ཏེ། ། ལྡན་པ་དེ་དག་ཐམས་ཅད་མཛད། ། སྟུག་པོའི་དཀྱིལ་ན་བཞུགས་ཤིང་སྟེ། ། སྟུག་པོ་དེ་ནི་དྲི་མེད་གནས། ། སྦྱོར་ཆེན་རྣམས་ཀྱི་བདེ་བའི་གཞི། ། ངན་དང་གཉིས་ཀྱི་ཕ་རོལ་མཚམས། ། ཐུབ་པ་གཟུགས་ནི་རྣམ་བཟུང་ནས། ། དྲི་མེད་སྟུག་ན་རྣལ་འབྱོར་ ལྡན། ། ཟླ་བ་བཞིན་དུ་འགྲོ་ལ་སྣང་། ། སྣ་ཚོགས་འགྲོ་བ་གང་ཤེས་ཀྱིས། ། སྣ་ཚོགས་གཟུགས་སུ་མཛེས་པ་ནི། ། གང་ལ་གང་སྣང་གང་གིས་ཀྱང་། ། ཇི་ལྟར་གང་ལ་དེ་བདེ་བ། ། དེ་དག་དེ་ལ་ཐམས་ཅད་དུ། ། དེ་ཕྱིར་ཆ་ཡིས་མིག་ལ་གནས། ། ཤེས་ཅན་ཡུལ་ཅན་ ཐུབ་པ་ནི། །
BOརྣལ་འབྱོར་མཁྱེན་པ་ཤེས་པས་སྣང་། ། དབང་པོ་ཆེ་གཟུགས་གཞན་དག་དང་། ། འཇུག་འདོད་ཀྱི་དང་དེ་བཞིན་གཞན། ། སེར་སྐྱ་ཡི་ཡང་གཟུགས་སུ་སྟེ། ། ཐུབ་པ་ལ་ལར་མཁའ་བཞུགས་པ། ། ཤེས་བྱེད་ཤེས་ལ་ཡང་དག་སྣང་། ། ས་ ནད་ས་ནན་ད་ན་ལ། ། ས་ནད་གཞོན་ནུ་མེ་དག་དང་། ། སྒྲ་གཅན་མི་ཅི་མ་བུ་རུ། ། ཨིག་ཤྭ་ཀུ་དང་ཟླ་བའི་རིགས། ། ཐམས་ཅད་ས་ཡི་རྒྱལ་པོ་ལ། ། ཐམས་ཅད་ས་ཡང་མཆོད་པ་སྟེ། ། སྐུ་ནི་སུ་སུ་ཅི་འདོད་བཞིན། ། ལ་ལར་མུར་འདུག་སྤྱོད་སྤྲུལ་ཏེ། ། སྟོན་པ་འགྲོ་བ་རྣམས་ ཀྱིས་མཐོང་། ། ཚུལ་གྱི་གཙུག་ལག་སྟོན་པར་ཡང་། ། ཅི་བཞིན་རིགས་པར་རབ་སྟོན་ཅིང་། ། རྡོ་རྗེ་དངུལ་དང་གསེར་དག་དང་། ། ཟངས་དང་ལྕགས་ཀྱི་འབྱུང་ཁུངས་དང་། ། རོ་ཉེ་ཞ་ཉེ་མུ་ཏིག་དང་། ། པད་མ་རཱ་ག་ཨན་ད་རྙིལ། ། བཻ་དཱུརྱ་དང་ཤེལ་དག་དང་། ། ཨ་སྨ་ གར་བྷ་མུ་ས་ར། ། ཚུལ་དང་བརྟགས་པ་ཐམས་ཅད་ལྡན། ། མཁན་པོ་བླ་མ་ཀུན་འགྲོ་དང་། ། གང་གིས་ལུས་ཅན་སུ་སུ་ཅིར། ། ས་ལ་བདེ་བ་སྐྱེ་བ་བཞིན། ། དེ་ལ་དེ་བདེ་ཐམས་ཅད་དུ། ། ཐུབ་པའི་རྣལ་འབྱོར་རབ་ལས་བྱུང་། ། ལྷ་ཡི་བུ་མོས་མི་སྤྱོད་དོ། ། དེ་བཞིན་དྲི་ཟའི་བུད་ མེད་ཀྱིས། །
BOའདོད་ཁམས་དབང་པོའི་བུད་མེད་དང་། ། དེ་བཞིན་ཀླུ་ཡི་བུད་མེད་ཀྱིས། ། མི་ཅི་ལྷ་མིན་བུ་མོ་དང་། ། གནོད་སྦྱིན་བུ་མོས་དེ་བཞིན་ནོ། ། དེ་ནི་འདོད་པའི་ཡུལ་ལས་རྒྱལ། ། གཟུགས་ཅན་རྣམས་ཀྱི་ཡུལ་དེ་བཞིན། ། ནམ་མཁའ་རྣམ་ཤེས་མཐའ་ཡས་དང་། ། ཅུང་ཟད་མེད་པའང་དེ་བཞིན་ཏེ། ། འདུ་ཤེས་ཡོད་མིན་མ་ཡིན་གྱི། ། གནས་ན་རྣམ་པར་རྨོངས་པ་མེད། ། ཀུན་ཏུ་ལ་སོགས་འདི་དག་ལམ། ། རྣལ་འབྱོར་ཅན་གྱི་འཆིང་བའི་དངོས། ། མ་ཞི་མི་དགེ་གཞན་དག་ཀྱང་། ། སྲོག་ཆགས་རྣམས་ཀྱི་ས་ཡོད་པ། ། ལུས་ཅན་ རྣམས་ཀྱི་ལུས་ཀྱི་ཡུལ། ། སྟུག་ན་གནས་ལ་སྟུག་ན་མེད། ། ཞིང་དེ་དྲི་མེད་བསོད་ནམས་ཏེ། ། སྟུག་པོ་སྙིང་པོ་ཤིན་ཏུ་མཛེས། ། དེ་བཞིན་ཐར་པ་ཐར་ཤེས་ལ། ། ཞིང་གི་ནང་ན་ཞིང་གི་མཆོག ། སངས་རྒྱས་རྣམས་ཀྱི་ཞིང་རབ་སྟེ། ། སྟུག་པོ་དེ་ནི་ཡུན་དུ་བརྟག ། མངའ་ རྣམས་བཅུ་པོ་དེ་དག་དང་། ། སྟོབས་དང་མངོན་མཁྱེན་ཏིང་ངེ་འཛིན། ། ཡིད་ཀྱི་རྒྱུ་ལས་བྱུང་བའི་སྐུས། ། སངས་རྒྱས་དེ་ན་རྣམ་པར་མཛེས། ། ས་རྣམས་བཅུ་པོ་ཀུན་བསྒོམས་ཏེ། ། རྣམ་ཐར་བདེན་པ་སྟོང་པ་ཉིད། ། མཚན་མེད་སྨོན་པ་མེད་པ་དང་། ། ཕ་རོལ་ཕྱིན་དྲུག་དེ་ བཞིན་ཏེ། །
BOབསྒོམ་དང་སྦྱིན་དང་ཚུལ་ཁྲིམས་དང་། ། ཤེས་རབ་རྣམས་ཀྱིས་དེ་སྐུ་འཐོབ། ། ཡན་ལག་གཟུགས་ཀུན་མེ་ཏོག་གི། ། འདུས་མ་བྱས་པ་སངས་རྒྱས་སྐུའོ། ། རྟོག་མེད་རྟོག་དང་བྲལ་བ་སྟེ། ། བདག་མེད་ཡིད་དང་དབང་པོ་རྣམས། ། ཤེས་རབ་དབང་པོའི་སྒོར་ལྡན་ ཞིང་། ། མཚན་གྱིས་ཀུན་ནས་ཤིན་ཏུ་བསགས། ། སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཀྱིས། ། དཀར་པོའི་ལས་རྣམས་བྱས་པས་ན། ། སངས་རྒྱས་སྐུ་ཡི་གནས་ཀྱི་མཆོག ། སྟུག་པོའི་རིས་སུ་འཐོབ་པར་འགྱུར། ། དེ་བཞིན་གཤེགས་པའི་ལྷ་རྫས་གནས། ། ཉི་ཟླ་རྣམ་ པར་སྤངས་པ་སྟེ། ། རྒྱུ་སྐར་སྐར་ཕྲན་སྣང་བ་དང་། ། ཟླ་བ་དུས་དང་ལྟད་མོ་མེད། ། རྣལ་འབྱོར་ཅན་གྱི་འོད་འཆར་དང་། ། སངས་རྒྱས་རྣམས་ཀྱི་འོད་ཀྱིས་ཀྱང་། ། ཀུན་ནས་བཟང་པོའི་སྟུག་པོ་དེ། ། ཉི་མ་བཞིན་དུ་ཀུན་ནས་སྣང་། ། དུས་ཀྱི་འབྲི་བ་དེ་ན་མེད། ། ནད་རྣམས་གང་ ཡང་ཡོད་པ་མིན། ། འཆི་རྒ་མེད་པའི་གནས་ཡིན་ཏེ། ། སྟུག་པོ་དེ་ནི་ཞིང་གི་མཆོག ། ཐམས་ཅད་གཟུགས་ལྡན་ཞི་བའི་གནས། ། དྲི་མེད་མཐོང་བའི་ཚོགས་ཅན་གྱི། ། སངས་རྒྱས་ཞིང་སྟུག་བསོད་ནམས་ཏེ། ། ལྷ་རྣམས་ཀུན་གྱིས་སྨོན་པར་བྱ། ། རྣལ་འབྱོར་ཅན་རྣམས་ཁྱད་པར་དུ། །
BOས་དང་ས་ལ་གནས་པ་དག ། སེམས་ཙམ་རང་བཞིན་དངོས་པོ་རྣམས། ། གང་ཕྱིར་རབ་ཏུ་བསྟན་པས་ན། ། ཡིད་དང་སེམས་དང་ཀུན་གཞིའི་ཚུལ། ། རང་བཞིན་གསུམ་པོ་དེ་བཞིན་ཏེ། ། ཆོས་ལ་བདག་མེད་རང་བཞིན་ཅན། ། གནས་ནི་གཞན་དུ་འགྱུར་བ་སྟེ། ། ལུས་ནི་ཤིན་ཏུ་ གནས་གྱུར་པས། ། ཐུབ་པ་རྣམས་ནི་དེར་འདོང་སྟེ། ། རྣལ་འབྱོར་ཅན་གྱི་གནས་ཀྱི་མཆོག ། སྟུག་པོ་ཞིང་རབ་དམ་པར་རོ། ། སྟུག་པོར་འཇུག་པ་ཞེས་བྱ་བ་སྟེ་ལེའུ་གསུམ་མོ། ། ། ། ལུས་ནི་རྫས་དགུའི་རང་བཞིན་ཅན། ། འདུས་བྱས་རྡུལ་ཕྲན་ ཚོགས་ཡིན་ཏེ། ། ཡོན་ཏན་ཚོགས་ཀྱིས་རྣམ་སྣ་ཚོགས། ། འབྱུང་དང་འབྱུང་གནས་ཚོགས་ཡིན་ཏེ། ། ཁུ་ཆུ་ཁྲག་ལས་ཀུན་འབྱུང་བ། ། སྔོན་མེད་རྣམ་པར་འཕེལ་བ་སྟེ། ། སྟེང་གཟུགས་འོག་ཏུ་འགྲོ་བ་ཡིན། ། སྡུག་བསྔལ་འཁྲུལ་འཁོར་ཐོག་མ་མེད། ། ལས་ཀྱི་རྣམ་པ་བརྒྱས་ཀྱང་གཡོགས། ། དུག་གི་ཤིང་གི་ས་བཞིན་དུ། ། དཔའ་དང་རྡུལ་གྱིས་དེ་བཞིན་དུ། ། མུན་པས་ཀྱང་ནི་གསོས་པ་སྟེ། ། ལམ་རྒྱུད་དོག་པར་ཤིན་ཏུ་འཕྱན། ། དུས་ཀྱིས་བསྐུལ་ཅིང་རབ་ཏུ་སྐྱེ། ། ཡོན་ཏན་ལས་ཀྱིས་འདའ་བ་ནི། ། ཕྱུགས་དང་མི་ཡི་མངལ་ སྐྱེས་པས། ། ཀླུ་དང་{ཡི་དགས་,ཡི་དྭགས་}ཤ་ཟ་དང་། །
BOའབར་བ་ལྷ་ཡི་ནང་དུ་ཡང་། ། སྐྱེ་འམ་ལྷ་མིན་འཇིག་རྟེན་ནམ། ། སྔགས་འཆང་རིགས་སུ་དེ་བཞིན་ཏེ། ། འོན་ཏམ་རྣལ་འབྱོར་ཅན་དབུས་སུ། ། བསམ་གཏན་ཞིག་ཅིང་མངོན་སྐྱེ་བ། ། འཁོར་ལོ་འཁོར་རིགས་དམ་པར་ཡང་། ། བར་བར་དུ་ནི་སྐྱེ་ བར་འགྱུར། ། སྐྱེས་ནས་རིག་པ་འཛིན་པ་ནི། ། གང་ཚེ་དབང་པོ་འཕེལ་བ་ན། ། སུ་ཡི་གང་གི་གང་ཚེ་ལས། ། ལྷན་ཅིག་སྐྱེས་པ་རབ་བྱུང་ཞིང་། ། ལྷན་ཅིག་སྐྱེས་པའི་ལས་ཚུལ་གྱིས། ། ལམ་དང་ལམ་དུ་རབ་ཏུ་འཇུག ། བརྟག་མེད་རྟོག་དང་བྲལ་བ་ཡི། ། གང་ཚེ་ཆོས་ནི་མངོན་རྟོགས་ ན། ། ཐར་པ་རྣམས་ཀྱི་ཐར་གསུམ་སྟེ། ། ཡི་གེ་ཡི་གེ་མེད་བྱས་པའོ། ། འབྱུང་བ་ཐམས་ཅད་རྒྱུ་ཡི་ཚོགས། ། དེ་ནི་འོད་སྣང་མཆོག་ཡིན་ཏེ། ། ཡང་དག་བླ་ནས་བླར་སྦྱངས་པ། ། སྟུག་པོའི་དཀྱིལ་ན་རྣམ་པར་གནས། ། བྱེ་བའི་ཞིང་དང་མཉམ་ལུས་ཀྱིས། ། སྤྲུལ་པས་ཁྱབ་པར་ བྱས་ཤིང་གནས། ། དེ་སྟེ་དེ་ཤེས་ཡོད་ན་ནི། ། དོག་པའི་ལམ་ནས་འགྲོལ་བར་འགྱུར། ། དེ་ལྟའི་སྐྱེས་བུ་སྐྱེས་པ་ནི། ། ཁྱད་པར་ཤེས་ཞེས་རྣམ་པར་བརྗོད། ། ལྷ་ཡི་ལྷ་ཡིས་ཡང་དག་གསུངས། ། རྒྱལ་བའི་སྲས་ཀྱིས་མདུན་བྱས་ཤིང་། ། མངལ་གྱི་སྐྱེ་བ་འབྱུང་བ་ནི། །
BOབྱས་པ་ ཡིན་ནོ་མི་རྣམས་ཀྱི། ། མ་རིག་སྲེད་དང་ལས་སྐྱེས་མིན། ། ཉོན་མོངས་ལས་ལས་ཤིན་ཏུ་བྱུང་། ། མཚན་མ་མེད་པ་མངོན་གྱུར་ཅིང་། ། མཚན་མ་མེད་ལས་རབ་འདས་ཏེ། ། ཡི་གེ་མེད་པ་དེ་བྱུང་ནས། ། སྤྲོས་པ་ཐམས་ཅད་རབ་བྲལ་ཞིང་། ། སྟུག་པོའི་དཀྱིལ་དུ་རབ་ཏུ་འགྲོ། ། དམིགས་ལས་སེམས་ཞིག་འགྱུར་བ་ནི། ། རྣལ་འབྱོར་ཅན་གྱི་སྒྲ་རྨོངས་པས། ། རྩེད་མོ་ལ་སོགས་ལྷ་རྫས་དང་། ། མཐོ་རིས་བུད་མེད་བསྟེན་རྨོངས་ཀྱིས། ། གང་ཚེ་ཐུབ་ཆེན་མ་འདུག་པ། ། དེ་ཚེ་སེམས་ནི་འབྱུང་བ་སྟེ། ། ལམ་ལས་བསྐྱོད་ཅེས་བྱ་བ་ཡི། ། ཏིང་འཛིན་འདོད་ པའི་ཁམས་སྐྱེས་པ། ། གཟུགས་དང་གཟུགས་མེད་འགྲོ་བ་ན། ། ཏིང་ངེ་འཛིན་ནི་རབ་ཏུ་སྐྱེ། ། སེམས་ཅན་འདུ་ཤེས་མེད་སོང་ན། ། ཏིང་ངེ་འཛིན་ལས་བྲལ་བར་འགྱུར། ། ནམ་མཁའ་རྣམ་ཤེས་མཐའ་ཡས་ཀྱི། ། ཏིང་ངེ་འཛིན་ལ་དབང་མེད་འགྱུར། ། རྒྱལ་བ་གང་ཚེ་ཐུབ་ དབང་གྱུར། ། གཉིས་དང་བྲལ་བས་བྱང་བ་ཡི། ། སེམས་ནི་མངོན་པར་མི་འབྱུང་ངོ་། ། དེ་བདེན་དེ་ནི་རྣལ་འབྱོར་ཏེ། ། བསམ་གཏན་པ་ཡི་བསམ་གཏན་ཡིན། ། བསམ་གཏན་རྟག་ཏུ་བསམ་གཏན་བྱ། ། དེ་སྟེ་སྟུག་དཀྱིལ་འདོད་ནའོ། །
BOམངལ་གྱི་སྐྱེ་བ་འབྱུང་བ་ཞེས་བྱ་བ་ སྟེ་ལེའུ་བཞིའོ། ། ། ། རྣམ་བརྒྱད་རྣམ་པ་དགུ་ཡི་སེམས། ། མ་རིག་འཇིག་རྟེན་རྒྱུ་ཡིན་ཏེ། ། འདི་ནི་སེམས་དང་སེམས་འབྱུང་མཐུ། ། གང་གནས་རྣམ་པ་སྣ་ཚོགས་པའོ། ། དེ་ཡི་མཐུས་ཀྱང་འཇུག་པ་ནི། ། རྣམ་ཤེས་རྣམས་དང་དབང་པོ་རྣམས། ། མ་རིག་ལ་སོགས་རྣམ་པ་འདི། ། རྩ་བའི་སེམས་ནི་བརྟན་གནས་པ། ། ཡན་ལག་བཅུ་གཉིས་ཐམས་ཅད་དང་། ། འབྱུང་བ་རྣམས་དང་འབྱུང་གནས་དང་། ། ཡུལ་དང་དབང་པོ་འཇིག་རྟེན་དང་། ། སྐད་ཅིག་འཇིག་པའི་རྒྱུ་ཡིན་ནོ། ། ཐུབ་པ་ལྷ་ཡི་ལྷས་གསུངས་པ། ། རྒྱུ་དང་ འབྲས་བུ་སྤངས་པ་སྟེ། ། ཚངས་པའི་འཇིག་རྟེན་མཐར་ཐུག་གི། ། འགྲོ་བ་དབང་པོར་བཅས་པ་འདི། ། འཇིག་རྟེན་བཙལ་བས་མ་བསྐྱེད་དེ། ། བདག་ཉིད་རྫ་མ་བཞིན་འཇིག་པ། ། ནང་དང་ཕྱི་དག་རྟག་པར་ཏེ། ། འགྲོ་བ་གནས་དང་གཡོ་བ་དག ། ལྷ་ཡི་ལྷ་ཡི་ཡུལ་ཡིན་ཏེ། ། ས་ལ་སུས་ཀྱང་མི་མཐོང་བ། ། མུར་འདུག་གྲགས་པ་གཞན་དག་སྟེ། ། ཐུབ་གྲགས་མཚན་མ་ཅན་གྱིས་སོ། ། ཕན་ཚུན་བཅིངས་པས་བཅིངས་པ་ནི། ། སྲེད་པ་སྣ་ཚོགས་རྣམ་པས་ཏེ། ། རྣམ་ཤེས་མྱུར་དུ་འགྲོ་བས་ན། ། སེམས་ཀྱི་རྣམ་པར་མི་རྟོགས་སོ། ། ལོ་སྟོང་མཐའ་ རུ་ཐུག་པ་ཡི།
BO། མཆོད་སྦྱིན་རྣམས་ཀྱིས་ཚངས་པའི་ཐབས། ། ཐོབ་ནས་སླར་དུ་ལྡོག་པ་ནི། ། ས་མ་ཡ་རུ་རིགས་སེམས་པ། ། འདོད་སྦྱོར་བཀག་སྲོག་འབྲས་བུ་དང་། ། གང་ཡང་ཟླ་བའི་འབྲས་བུ་དང་། ། མེར་གཞུག་པ་ཡི་འབྲས་བུ་དང་། ། གང་གཞན་མཆོད་ སྦྱིན་འབྲས་བུ་དང་། ། ཕྱུགས་བཅིང་བ་ཡི་འབྲས་བུ་ཡང་། ། ཚངས་པའི་འཇིག་རྟེན་ནས་ལྡོག་གོ། ། ཆོས་གསུམ་ཅན་གྱི་འགྲོ་བ་དག ། ཅི་ཉེས་མི་རིག་ཐོར་ཚུགས་ཅན། ། ཡོན་ཏན་གསུམ་གྱི་འབྲུ་འབྲེལ་བ། ། ཆུ་སྐྱེས་བཞིན་དུ་སྙིང་པོ་མེད། ། འདི་ཡིས་ཐར་པ་མི་རྙེད་པ། ། སྟུག་པོ་དེ་བཞིན་གཤེགས་པའི་གནས། ། དེ་ནི་རྣལ་འབྱོར་གྱིས་འཐོབ་སྟེ། ། སྟུག་པོ་རྣལ་འབྱོར་རིག་པའི་གནས། ། དེ་བས་ཚུལ་གཅིག་ཚངས་པའི་བདག ། རྣལ་འབྱོར་ཅན་རྣམས་འཇུག་བརྩོན་པར། ། འདི་ལ་བདག་གཉེན་གང་དག་ཀྱང་། ། སྐྱེ་ཞིང་འཆི་བ་ཡོད་མེད་ དེ། ། མི་ཆོད་གཞིག་ཏུ་མེད་པ་ནི། ། ལུས་ཅན་ཀུན་གྱི་རྣམ་པར་ཤེས། ། བག་ཆགས་ཀྱིས་ནི་མི་གོས་པ། ། སྔོན་མེད་དུས་ནས་བྱུང་བས་སོ། ། ཡིད་ཀྱི་གནས་ངན་ལེན་བསགས་པའི། ། སྤྲོས་པས་ཀྱང་ངོ་ཅིར་མི་འཇུག ། ཇི་ལྟར་ལྷ་རྫས་ཆུ་སྐྱེས་དང་། ། ནམ་མཁའ་ལ་ཡང་ ཕྱག་དར་དང་། །
BOསྤྲིན་གྱི་དྲི་མས་ཉི་ཟླ་ལ། ། དེ་བཞིན་མི་གོས་རྣལ་འབྱོར་ཅན། ། མ་བཤོལ་རབ་ཏུ་བརྩོན་པར་གྱིས། ། ཐམས་ཅད་སངས་རྒྱས་བྱིན་གྱིས་བརླབས། ། རྣལ་འབྱོར་བདེ་གཤེགས་ལྷ་ཡི་རྫས། ། རྣལ་འབྱོར་ཅན་གྱི་ཚུལ་སྐྱེད་པ། ། ཚུལ་ཁྲིམས་ཅན་གྱི་ ཚུལ་འཐུངས་ཏེ། ། ཡེ་ཤེས་ཅན་གྱིས་ཤེས་འཐུངས་ཤིང་། ། མཆོག་གི་ཡེ་ཤེས་འཐུངས་ནས་ཀྱང་། ། འཁོར་བ་ལས་ནི་འདའ་བར་གྱིས། ། འདི་ལ་ཁམས་རྣམས་གང་ཡང་མེད། ། ཕུང་པོ་ལྔ་དང་རྣམ་ཤེས་ཀྱང་། ། མིང་དང་གཟུགས་དག་རྒྱུར་བྱས་ཤིང་། ། ལུས་ཅན་ རྣམས་ཀྱི་ཡིད་ཀྱང་སྐྱེ། ། ཇི་ལྟར་མེ་ནི་ཤིང་དབང་གིས། ། འབར་ཏེ་འབར་བར་རྟོག་པ་མེད། ། དེ་བཞིན་ཕུང་པོ་ཤིང་རྟ་སྟོང་། ། ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། ། {རི་དགས་,རི་དྭགས་}སྲེད་དང་དྲི་ཟ་ཡི། ། གནས་དང་སྒྲ་ཚོགས་སྣང་བ་རུ། ། {རི་དགས་,རི་དྭགས་}བུས་པ་ལ་སོགས་མཐོང་། ། ཡང་ དག་མ་ཡིན་ལྟས་བསླད་པས། ། དེ་བཞིན་ཡུལ་ལས་བྱུང་བའི་སེམས། ། ཁབ་ལོང་ལྟ་བུར་འཁོར་བ་སྟེ། ། གང་ཡང་འདི་ལ་དངོས་མེད་པ། ། འབྱུང་བ་རྣམས་དང་འབྱུང་བ་ཡི། ། གཡོ་བ་དྲོ་བ་གཤེར་སྲ་བར། ། བུས་པ་རྣམས་ནི་རྟག་ཏུ་རྟོག ། འབྱུང་བ་སེམས་ཀྱི་ཚོགས་ ལས་ན། །
BOཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། ། ཇི་ཙམ་མ་ཞིག་ལུས་ཡོད་དང་། ། ཇི་ཙམ་དུ་ནི་བློ་འབྱུང་བ། ། དེ་བར་རྣལ་འབྱོར་ཡེ་ཤེས་ལ། ། མ་གཤོལ་བསམ་གཏན་རབ་ཏུ་གྱིས། ། ཐམས་ཅད་སྒྱུ་མ་རྨི་ལམ་ལྟར། ། འབྱུང་བ་གསུམ་ཀུན་རབ་ཏུ་ལྟོས། ། སྨིག་རྒྱུ་ ཆུ་ཟླ་ལྟ་བུ་ན། ། ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། ། ཇི་བཞིན་དྲི་ཟའི་གྲོང་ཁྱེར་ན། ། འགྲོ་བའི་སྤྱོད་པ་རྣམ་པར་སྣང་། ། དེ་བཞིན་ལུས་ལ་ཕུང་པོའི་སྤྱོད། ། ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། ། རྨི་ལམ་དག་ན་འགྲོ་བའི་ཚོགས། ། ཇི་ལྟར་རྨི་ལམ་རྨི་བས་མཐོང་། ། དེ་བཞིན་ཕུང་ པོའི་གནས་ཡིན་ན། ། ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། ། ས་འདི་ས་ལ་སོགས་པའི་ཚོགས། ། འདུས་པ་རྡུལ་གྱི་ཕུང་པོ་ཡིན། ། འདི་སེམས་སེམས་བྱུང་ཚོགས་ཡིན་པར། ། རྒྱལ་བའི་སྲས་རྣམས་ཀུན་ལྟོས་ཤིག ། འབྱུང་བ་ཆེན་པོ་བཞི་པོ་རྣམས། ། ཕན་ཚུན་ཀུན་ནས་ འདུས་པ་སྟེ། ། གདེག་པ་ལ་སོགས་ལྡན་པ་ཡིན། ། ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། ། འདི་ནི་རླུང་དང་མཁྲིས་པས་མྱོས། ། རོ་བསླབ་ལྟ་བུར་གནས་པ་སྟེ། ། བྱེད་པ་གང་ཡང་ཡོད་པ་མིན། ། ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། ། དབུ་བའི་གོང་བུ་ལྟ་བུ་ཀུན། །
BOའགྲོ་བ་གནས་ ཤིང་གཡོ་བའི་རྣམས། ། སྨིག་རྒྱུ་འདྲ་བའི་འདུ་ཤེས་སུ། ། རྫ་ལ་སོགས་པ་ཤིན་ཏུ་རྟོགས། ། ཚོར་བ་ཆུ་བུར་ལྟ་བུ་སྟེ། ། བདེ་དང་མི་བདེར་རྟོག་པ་ཡིན། ། ཆུ་ཤིང་འདྲ་བའི་འདུ་བྱེད་རྣམས། ། ཞིག་པ་གྲུགས་པ་སྙིང་པོ་མེད། ། རྣམ་པར་ཤེས་པ་སྒྱུ་མ་འདྲ། ། དེ་ཡི་དངོས་ ལ་གནས་པ་མེད། ། རྩྭ་ཤིང་གནས་པ་ཇི་བཞིན་ཏེ། ། ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། ། འདི་ནི་རྨི་ལམ་རྣམ་མྱོས་འདི། ། འདི་ནི་སྒྱུ་མ་བུས་པ་འདྲིད། ། འདི་དག་ཐམས་ཅད་སྨིག་རྒྱུ་སྟེ། ། དེ་བཞིན་དྲི་ཟའི་གྲོང་ཁྱེར་རོ། ། གང་རྒྱན་འདི་དག་སྣང་བ་ཡི། ། ཁམས་གསུམ་འགྲོ་དང་ མི་འགྲོ་བ། ། དེ་ཀུན་བློ་ཡིས་རྟོགས་བྱ་བ། ། འཇིགས་མེད་རྒྱལ་བའི་སྲས་རྣམས་ཀྱིས། ། ཉེས་པའི་རྒྱུ་ནི་རྩྭ་དང་བཅས། ། ཡེ་ཤེས་མེ་ཡིས་རབ་བསྲེགས་ན། ། ལྷ་རྫས་བདེ་བ་ཡོད་པར་འགྲོ། ། རྣལ་འབྱོར་ཅན་གནས་སྟུག་པོར་ཡང་། ། འཇིགས་མེད་འདི་ནི་མཚན་ མ་མེད། ། མཚན་མ་བཅིངས་པའི་ངོ་བོ་ཅན། ། མཚན་མ་མེད་པ་རྟག་ཏུ་བདེ། ། མཚན་མ་སེམས་ཀྱི་སྤྱོད་ཡུལ་ལོ། ། སེམས་ཀྱི་སྤྱོད་ཡུལ་བདེན་པ་མིན། ། བདེན་པ་བློ་གྲོས་སྤྱོད་ཡུལ་ཏེ། ། སེམས་ནི་ཤེས་རབ་སྤྱོད་ཡུལ་ཏེ། །
BOམཚན་མར་གནས་པ་མེད་པའོ། ། ཀྱེ་མ་ མཚན་མ་འདི་ཀུན་ཡིན། ། གནས་གསུམ་ཚངས་པར་བསྒྲགས་པ་སྟེ། ། མཚན་མ་མིང་དང་ཡུལ་རྣམས་དང་། ། སྒྲ་ལ་སོགས་པ་ཀུན་བརྗོད་པའོ། ། དབང་པོ་ཀུན་གྱི་ཡུལ་རྣམས་ནི། ། ལུས་ཅན་རྣམས་ཀྱི་འཆིང་བའི་རྒྱུ། ། འཆིང་བར་བྱ་དང་འཆིང་དང་རྒྱུ། ། གང་འགྲོལ་གང་ གིས་འགྲོལ་བ་དང་། ། ཐར་དང་ཐར་པའི་བདེ་བ་དང་། ། མཐོང་བའི་ཆོས་ལ་གནས་པ་དང་། ། བདག་མེད་པ་རུ་ཤེས་ཉིད་ཀྱང་། ། འདོད་ཆགས་བཅོམ་པར་གྱུར་པ་ནའོ། ། དེ་ནས་མི་བདག་རིན་ཆེན་གཙུག ། བློ་ཆེན་བྱང་ཆུབ་སེམས་དཔའ་ཡིས། ། རྣལ་འབྱོར་ཅན་ཀུན་དབང་ལ་ སྨྲས། ། རྡོ་རྗེའི་སྙིང་པོ་འཇིགས་མེད་ལ། ། བྱེ་བའི་ཞིང་རྣམས་ཐམས་ཅད་ལ། ། རྒྱལ་སྲས་ཁྱོད་ནི་བརྩོན་པ་སྟེ། ། རྒྱལ་བ་རྣམས་ལ་ཁྱོད་ཚད་དེ། ། རྣལ་འབྱོར་ཅན་ལ་ཉེ་བར་གནས། ། རྣལ་འབྱོར་ཐེ་ཚོམ་བཅད་པ་སྟེ། ། དཔེ་རྣམས་གྲུབ་པར་བྱ་བའི་ཕྱིར། ། བརྟག་བྱ་ཡན་ལག་ ཐམས་ཅད་དག ། ལུས་ཅན་རྣམས་ཀྱི་ལུས་སྐྱེས་པ། ། ཚུལ་ནི་སྒྲ་ཡིས་བརྗོད་པར་མཛད། ། ཚིག་ཏུ་བརྗོད་པར་ཅིར་མི་བགྱི། ། གནད་དང་ཟུང་གིས་རྣམ་པར་མཛོད། ། མི་ཟིན་པ་ཡི་རྒྱུ་རྣམས་དང་། ། བགབ་ཟུངས་ནོར་གྱིས་གཞོམ་པར་གྱིས། །
BOཕུང་པོའི་རྒྱུ་རྣམས་བསལ་བར་མཛོད། ། ཡང་དག་འགྱུར་བ་མེད་པ་དང་། ། དགེ་བ་ཡིས་ཀྱང་མཁས་པས་སོ། ། རིང་པོ་མི་ཐོགས་ཐར་པ་འཐོབ། ། ཕུང་པོའི་རྒྱུ་རྣམས་བསྲེགས་ནས་སུ། ། ཆོས་མིན་ཆོས་ཀྱི་ཚེ་འབྱུང་སྟེ། ། འདི་དང་གཞན་དུའང་འཐོབ་པར་འགྱུར། ། ཤེས་པས་སྡུག་ བསྔལ་རྣམས་ལས་འགྲོལ། ། སྲེད་པ་ཡིས་ནི་རྟག་ཏུ་བཅིངས། ། མི་ཤེས་ལས་དང་སྲེད་པ་ཡིས། ། ལུས་ཅན་རྒྱ་ཆེར་ཤིན་ཏུ་བྱས། ། གཟུགས་དང་སྣང་བ་ཡིད་བྱེད་དང་། ། རྣམ་ཤེས་ཡུལ་ལ་མངོན་གྱུར་པས། ། མྱུར་ཕྱིར་ཁོང་དུ་མི་ཆུད་པ། ། སྤྱོད་ཡུལ་དུ་ནི་སེམས་རྒྱུ་བའོ། ། ཡིད་སྔོན་འགྲོ་བ་ཆོས་རྣམས་ཏེ། ། ལུས་ཅན་ཀུན་གྱི་དེ་བཞིན་ནོ། ། ཡིད་འགྲོ་ཡིད་ནི་གཅེས་པ་དག ། ཡིད་དུ་འོང་བས་ཅིར་མི་བཤད། ། གང་དང་གང་གི་རྫས་ཀྱིས་སུ། ། མི་རྣམས་སྟུག་པོར་འགྲུབ་པ་ཡི། ། དེས་ནི་དེ་ཡི་དངོས་འགྱུར་བ། ། སྣ་ཚོགས་གཟུགས་ཀྱི་ནོར་བུ་བཞིན། ། ཇི་ལྟར་ནོར་བུ་སྣ་ཚོགས་གཟུགས། ། ཚོན་དང་འབྱོར་ན་རྣམ་པར་མཛེས། ། རྣལ་འབྱོར་ཅན་དབུས་ཁྱོད་དེ་བཞིན། ། དེ་བཞིན་གཤེགས་གཟུགས་སྣ་ཚོགས་ཀྱིས། ། དབང་སྒྱུར་ཕོ་བྲང་དགེ་བ་ན། ། ཐམས་ཅད་དག་ན་སྣང་བ་ནི། །
BOརྒྱལ་བའི་སྲས་ཀྱི་མདུན་དུ་བྱས། ། མྱ་ངན་འདའ་དང་ མྱ་ངན་འདས། ། སྟུག་པོ་མཐར་མཆོག་ཡེ་ཤེས་ཏེ། ། ཆོས་ཀྱི་དབྱིངས་དང་རྫུ་འཕྲུལ་ཡང་། ། སྟུག་དེ་རྣལ་འབྱོར་ཅན་གྱི་གནས། ། དེ་ནི་མཚོན་གྱིས་མི་ཆོད་དེ། ། དེ་ནི་མེས་ཀྱང་མི་ཚིག་པ། ། མི་ཆོད་པ་དང་མི་ཕྱེད་པ། ། དེ་ནི་ཡུལ་གནས་རྟག་པའོ། ། དེ་ནི་ཆུས་ཀྱང་མི་གཤེར་ཏེ། ། རླུང་གིས་ཀྱང་ནི་མི་སྐམ་མོ། ། དེ་ནི་རྫ་ལྟར་འཇིག་པ་དང་། ། ནན་ཏན་བྱ་རྗེས་བྱུང་བ་མིན། ། རྟག་པ་བརྟན་པ་མི་འཇིག་པ། ། སྐྱེ་ཅན་ཀུན་གྱི་རྣམ་པར་ཤེས། ། རྒྱུ་ཡིས་སུན་དབྱུང་མ་ཡིན་པ། ། འདྲ་དང་མི་འདྲ་རྣམས་ཀྱིས་ཏེ། ། དམ་བཅས་ཡན་ལག་རྣམས་ཀྱི་ཡང་། ། མཐའ་མ་ ཐུག་པ་མེད་པར་འགྱུར། ། དམ་བཅས་པ་ཡི་དམ་བཅའ་དང་། ། རྒྱུ་ཡི་ཁྱད་པར་རྒྱུ་དག་སྟེ། ། དེ་བས་དེ་ལ་རྒལ་དུ་མེད། ། རྟོག་པ་ཅན་གྱི་སྤྱོད་ཡུལ་མིན། ། རྣམ་པར་ཤེས་པ་གཞན་གྱུར་ན། ། དེ་ནི་སྟུག་པོ་སེམས་སྤངས་པའོ། ། རྟོག་ཅན་རྣམས་ཀྱི་ཡུལ་མ་ཡིན། ། དེ་ བཞིན་གཤེགས་པའི་ཕོ་བྲང་སྟུག ། མ་སྐྱེས་སྔོན་དང་ཐ་མ་མེད། ། ལྷུན་གྱིས་གྲུབ་པའི་སྟོབས་ལས་བྱུང་། ། རྒྱུ་མེད་པ་དང་ལས་སྐྱེས་མིན། །
BOདབང་པོ་ཆེན་པོས་བྱས་པའང་མིན། ། གཟུགས་མེད་གཟུགས་དང་འདོད་པ་ལས། ། ཡང་དག་འདས་ཏེ་གནས་པ་ཡིན། ། འདོད་པའི་ཁམས་ལས་འདས་ནས་སུ། ། གཟུགས་དང་གཟུགས་མེད་འདུ་ཤེས་མེད། ། མུན་པའི་རྒྱུ་ལས་རབ་འདས་ནས། ། སྟུག་པོའི་ཞིང་ནི་རྣམ་པར་མཛེས། ། ཕྱོགས་འདི་མཁའ་ལས་གྲུབ་པ་སྟེ། ། རྒྱུ་ཅན་རྣམས་ཀྱི་སྤྱོད་ཡུལ་མིན། ། ཡོད་དང་ མེད་པའི་ཕྱོགས་དང་བྲལ། ། གཅིག་དང་གཞན་པ་སྤངས་པའོ། ། གཅེས་པ་དང་ནི་རང་བཞིན་མིན། ། འདོད་རྒྱལ་དང་ཡང་དབང་པོ་མིན། ། ཁྱུ་མཆོག་གི་ཡང་ཕྱོགས་མ་ཡིན། ། དེ་བཞིན་རིག་ཅན་གསུམ་གྱི་ཡང་། ། རྡུལ་གྱི་རྐྱེན་ལས་བྱུང་མ་ཡིན། ། སྒྲ་རྣམས་ཀྱིས་ཀྱང་ བརྗོད་དུ་མེད། ། ངོ་བོ་ཉིད་ཀྱིས་བསྐྱེད་པ་མིན། ། འདོད་རྒྱལ་གྱིས་ཀྱང་མི་རྙེད་དོ། ། མ་རིག་ལས་དང་སྲེད་པས་མིན། ། མི་ཤེས་ལས་ཀྱང་སྨོས་པ་མིན། ། ཁུར་ཁྱེར་ཁུར་གྱི་ཡུལ་ཡིན་ཏེ། ། འདི་ནི་སངས་རྒྱས་རྣམས་ཀྱི་ཡུལ། ། ལྷ་རྫས་དེ་བཞིན་གཤེགས་ཀྱིས་མཁྱེན། ། ས་བཅུ་དག་ཏུ་རྣམ་པར་སྦྱངས། ། རྣལ་འབྱོར་ཅན་གྱི་སྣ་ཚོགས་ཡུལ། ། དོན་གྱི་དམ་པ་སྟོན་པའོ། ། ལས་ཅི་ལས་མིན་གང་ཞེས་ཏེ། ། བྱིས་པ་རྣམས་ནི་མྱོས་པར་གྱུར། །
BOལས་དང་ལས་མིན་བཤད་པ་ན། ། རྣལ་འབྱོར་ཅན་རྣམས་བདེར་གྱུར་པ། ། སྣ་ཚོགས་སྣང་བ་རང་ སེམས་ཏེ། ། ལུས་ཅན་རྣམས་ཀྱི་བདག་ཉིད་གཉིས། ། ཕྱི་དང་ནང་དང་ཐམས་ཅད་དུ། ། གཟུང་དང་འཛིན་པ་ལྟ་བུར་གནས། ། སེམས་ཀྱིས་སེམས་ནི་མཐོང་ཡིན་ཡང་། ། ཁོང་དུ་མི་ཆུད་བུས་པ་རྣམས། ། ཁ་གཉིས་སེམས་དེ་ལུས་ཅན་གྱི། ། ཡིན་ཀྱང་ཤེས་པར་མ་ གྱུར་པ། ། བདག་གི་བྱེད་པའང་དེ་བཞིན་བྱེད། ། ཡུལ་ལྟ་བུར་ཡང་རབ་ཏུ་སྣང་། ། རྫ་མ་ལ་སོགས་གཟུགས་སུ་གནས། ། རྫ་ལ་སོགས་པའང་ཡོད་པ་མིན། ། འདི་ཡི་དོན་ལ་ཐུབ་པ་དག ། རྣལ་འབྱོར་ཉམ་ཆུང་རྣམ་པར་མྱོས། ། རྣལ་འབྱོར་དེ་ཡང་མི་རྟོགས་པ། ། བདག་ གི་རྣམ་རྟོག་ལམ་གནས་པས། ། སེམས་འདི་གཉིས་ཀའི་བདག་ཉིད་དེ། ། མེ་ལོང་ཟླ་བ་བཞིན་དུ་གནས། ། ཇི་ལྟར་རབ་རིབ་རབ་རིབ་ཅན། ། སྐྲ་ཚོགས་ལྟོས་ཤིག་ལྟོས་ཤིག་ཀྱེ། ། ཕན་ཚུན་དག་ཏུ་སྟོན་མོད་ཀྱི། ། བདག་ཉེས་དབང་པོ་ཞན་བྱུང་གི། ། འདི་ན་གང་ཡང་སྐྲ་ཚོགས་ མེད། ། རྒྱན་དང་ནོར་བུ་དག་ཀྱང་ངོ་། ། ཡོད་དང་མེད་པའི་དངོས་པོ་ལྟར། ། དབང་པོའི་ཉེས་པས་མཐོང་བ་ཡིན། ། དེ་བཞིན་རྟོག་ཅན་དབང་གིས་འདི། ། བདག་གི་བློ་ནི་ཇི་ལྟར་གནས། །
BOཚངས་ལ་སོགས་པའི་གནས་ཐུག་པར། ། རྟོག་པ་མེད་པས་རབ་ཏུ་འཛིན། ། གང་འདི་ མང་པོ་སྣང་བ་དག ། སྣ་ཚོགས་ཚངས་ལ་སོགས་པའི་མཚན། ། སྣ་ཚོགས་ཐམས་ཅད་བདག་གི་སེམས། ། རྫ་ལ་སོགས་པའི་ཡོན་ཏན་མཚན། ། ནང་དུ་གྱུར་པའི་གཟུགས་རྣམས་དང་། ། མཐོ་རིས་གནས་པའི་གནས་རྣམས་དང་། ། གང་འདི་ཕྱི་ནང་བྱ་བ་རྣམས། ། ཐམས་ཅད་སེམས་ལས་བྱུང་བའོ། ། རྒྱན་སྟུག་རྣལ་འབྱོར་གང་ཡིན་པ། ། དེ་ནི་གུད་ན་ཡོད་པ་མིན། ། རྣལ་འབྱོར་ཅན་གྱི་བསོད་ནམས་ཀྱིས། ། ཞུགས་པ་འདི་ལ་བསླབ་པར་གྱིས། ། དབང་སྒྱུར་ལྷ་རྫས་གནས་དག་དང་། ། ཡང་ན་གཟུགས་ཅན་རྣམས་གནས་དང་། ། འདུ་ ཤེས་མེད་པའི་གནས་སུ་འམ། ། འོག་མ་ཡིན་པའི་གནས་སུ་ཡང་། ། ཅུང་ཟད་མེད་དང་རྣམ་ཤེས་དང་། ། འདུ་ཤེས་ཡོད་པ་མ་ཡིན་དང་། ། སྣ་ཚོགས་ཀྱི་ནི་གནས་དག་ཏུ། ། འདོད་ཆགས་ཀྱི་ནི་ཕྱོགས་བཤིག་ན། ། ཁྱོད་ནི་མྱུར་དུ་དེར་གནས་པ། ། སྟུག་པོ་རྣལ་འབྱོར་ ཅན་གནས་སུ། ། རྒྱལ་བའི་སྲས་ཀྱིས་མདུན་བྱས་ཏེ། ། སྟུག་པོ་དེར་ནི་འགྲོ་བར་གྱིས། ། རྣལ་འབྱོར་དེ་ལ་སྤྱད་པར་གྱིས། ། བདག་གི་གཉེན་གྱིས་ཅི་ཞིག་བྱ། ། བདག་གི་གཉེན་ནི་རྟག་ཏུ་འཆིང་། ། འཁོར་བའི་ལམ་རྒྱུད་རྒྱུ་ཡང་ཡིན། །
BOདབང་པོ་རྣམས་ནི་གཡོ་བ་སྟེ། ། བུད་མེད་རྣམས་ལའང་བློ་འཁྲུལ་པས། ། ཁུ་ཆུ་ཁྲག་མནམ་མི་ཞིམ་པའི། ། འཇི་བར་སྲིན་བུ་སྐྱེས་གྱུར་པ། ། དགུ་འམ་བཅུ་ཞིག་པ་དང་ཡང་། ། ཁུ་ཆུ་སྨིན་ནས་མངོན་པར་སྐྱེ། ། དབང་པོ་རྣམས་ཀྱིས་ཀུན་ཡོག་པ། ། སྲིན་བུ་གཡོ་བ་ཇི་བཞིན་ཏེ། ། རིམ་པ་དེ་ཡི་ཚུལ་གྱིས་ན། ། ཇི་སྲིད་སེམས་ཅན་གནས་བར་དུའོ། ། ལུས་ཅན་རྣམས་ཀྱི་སྐྱེ་ལ་ལྟོས། ། ཚེ་ཚེར་དེ་དག་བྱུང་བ་སྟེ། ། ཕ་དང་མ་ནི་སྟོང་དག་དང་། ། བུ་དང་ཆུང་མ་བརྒྱ་དག་ཀྱང་། ། ཐམས་ཅད་གནས་སུ་རྙེད་པ་ནི། ། ལུས་ཅན་སྐྱེ་ལ་གནས་པའོ། ། རྨི་ལམ་དག་ན་བུ་མེད་པའི། ། མོ་གཤམ་བུ་ འབྱུང་ཇི་བཞིན་དུ། ། བུ་རྙེད་པ་ཡི་དགའ་བ་དང་། ། རྨི་ལམ་རྨི་ཚེ་དེ་ཉིད་ལྡན། ། དེ་ནི་ཤིར་གྱུར་དེ་ནས་དེ། ། རྨི་ལམ་ཤེས་ནས་སད་པ་དང་། ། རྨི་ལམ་གྱི་ནི་བུ་ཤི་མེད། ། གང་ཡང་སྐྱེ་བ་ཡོད་པ་མིན། ། ཆུ་བོ་རབ་ཚལ་བུ་དང་ནི། ། གྲོང་ཁྱེར་དག་དང་རི་རྣམས་ དང་། ། གྲོང་དང་ཚོང་འདུས་ཕྱུགས་སླས་དང་། ། དཀའ་ཐུབ་ཚལ་བུའི་གནས་རྣམས་དང་། ། འགྲོ་བ་དག་གིས་རྒྱས་པའི་ཡུལ། ། ཞིང་དང་བ་ལང་ལུག་གིས་གང་། ། འཇིག་རྟེན་གྱི་ནི་ལོངས་སྤྱོད་ཀྱང་། །
BOདེ་དང་འདི་དང་གཞན་དུའང་སྣང་། ། ཇི་ལྟར་འཇིག་རྟེན་འདིར་རྒྱུག་པ། ། རྨི་ལམ་རྒྱུག་པ་དེ་བཞིན་ཏེ། ། གདེག་དང་བསྐུམ་ལ་སོགས་པ་ཡང་། ། དེ་དང་འདིར་ཡང་སྣང་བ་ཡིན། ། མཁས་པས་རྨི་ལམ་གང་མཐོང་བ། ། སྐྱེ་བ་མེད་ཅིང་འཆི་མེད་པར། ། སླར་སད་ནས་སུ་སེམས་པ་ནི། ། བུ་མོ་མཁས་པ་དག་ཡིན་ནོ། ། ཇི་ལྟར་རི་དང་དེའུ་རྣམས་ཀྱི། ། གྲིབ་མ་ཀུན་དུ་སྣང་བ་བཞིན། ། དེ་ལྟར་འཇིག་རྟེན་རྨི་ལམ་ཡང་། ། མཁས་པ་རྣམས་ནི་དེ་བཞིན་བསམ། ། ཇི་ལྟར་སྐྱེས་བུ་ཉལ་བ་ཞིག ། བུད་མེད་ལྷན་ཅིག་རྩེ་དགའ་རྨི། ། སྣ་ཚོགས་ཡིད་དུ་འོང་བ་དང་། ། ལྷ་རབ་བཙུན་མོ་མཉམ་པ་དང་། ། གཞན་ཡང་སྣ་ཚོགས་དངོས་ པོས་ཏེ། ། སད་ནས་རྣམ་པར་སེམས་པ་ནི། ། ཅི་ཞིག་བདེན་ནམ་རྨི་ལམ་ཡིན། ། རྨི་ལམ་བུད་མེད་ལྷན་ཅིག་ཏུ། ། རྩེས་ནས་ཕྱིར་ནི་བདག་སད་དེ། ། འདི་{བརྫུན་,རྫུན་}བུས་པ་སླུ་བ་ཡིན། ། དེ་བཞིན་བདག་གི་གཉེན་པ་ཀུན། ། རྒྱལ་སྲིད་སྟོབས་ཀྱང་དེ་བཞིན་ནོ། ། དམག་པ་གྱོས་ པོ་བུ་དག་དང་། ། མ་དང་ཕུ་ནུ་ཕ་དག་ཀྱང་། ། རྨི་ལམ་ལྟ་བུར་རིག་བྱ་སྟེ། ། རྣལ་འབྱོར་སྦྱར་བར་ཇིར་མི་བྱ། ། དཀའ་ཐུབ་ཚལ་དང་ཞིང་རྣམས་དང་། ། རི་དང་རི་ཡི་སྨན་གཤོང་དང་། །
BOའོ་མ་འབྱུང་དང་མཱ་ལ་ཡ། ། ལྷུན་པོ་བྱིན་དང་དབང་ཆེན་དང་། ། གངས་ཀྱི་རི་དང་ཀཻ་ལཱ་ས། ། ཆར་འབབ་ལ་ཡང་གང་གནས་དང་། ། འཛམ་བུ་འབྲས་བུའི་ཁུ་བ་དང་། ། གང་དག་བདུད་རྩི་ཟ་བ་དང་། ། ཕན་དུ་ཀམ་བལ་པར་ཡ་ཏྲ། ། ཀོ་བི་དར་ན་གང་འཁོད་དང་། ། རི་རབ་ནང་ན་གང་གནས་དང་། ། དཔག་བསམ་ཤིང་ལ་གང་གནས་དང་། ། རང་རྒྱལ་རྒྱལ་བའི་སྲས་རྣམས་དང་། ། ཉན་ཐོས་རྫུ་འཕྲུལ་ཆེན་པོ་དང་། ། ཐམས་ཅད་ཀྱི་ནི་རྣལ་འབྱོར་འདི། ། གང་འབྱུང་འབྱུང་བ་རྣམས་ཀྱི་སྟེ། ། པད་མོའི་གནས་སུ་བརྟེན་བཅས་ཏེ། ། སྐྱིལ་མོ་ཀྲུང་དུ་མཉམ་བཞག་ཅིང་། ། རྟག་ཏུ་རྣལ་འབྱོར་སྦྱང་བར་གྱིས། ། འདོད་དང་བདེ་ལས་རྣམ་པར་དབེན། ། དབང་པོ་དབང་ པོའི་དོན་གྱི་རྣམས། ། ཐམས་ཅད་ལས་ཀྱང་ཕྱིར་བཟློག་ཅིང་། ། ལྕགས་ཀྱུས་གླང་པོ་ཇི་བཞིན་དུ། ། སེམས་ནི་མཉམ་པར་བཞག་པར་གྱིས། ། འཇིག་རྟེན་འཇིག་རྟེན་འདས་བསམ་གཏན། ། གང་ཡང་དེ་བཞིན་གཤེགས་པའི་དགེ། ། འདོད་དང་དགའ་བ་དབེན་ལ་སོགས། ། ཡང་ན་ཐམས་ཅད་བསྒྲགས་པ་དང་། ། ཁྱད་པར་དུ་ཡང་གཟུགས་མེད་དང་། ། འདུ་ཤེས་མེད་པའི་བསམ་གཏན་རྣམས། ། ནམ་མཁའ་རྣམ་ཤེས་མཐའ་ཡས་དང་། ། འདུ་ཤེས་ཡོད་མིན་མེད་མིན་རྣམས། །
BOཉི་མ་དང་ནི་ཟླ་བའི་དབྱིབས། ། པད་མོ་དང་ནི་འོད་འདྲ་ཞིང་། ། ནམ་ མཁའ་རི་མོ་མེ་འདྲ་བར། ། རྣལ་འབྱོར་ཞུགས་པས་རབ་ཏུ་མཐོང་། ། འདི་དག་ཐམས་ཅད་སྤངས་ནས་སུ། ། སྣང་བ་མེད་པར་རབ་ཏུ་གནས། ། གང་ཚེ་མཚན་མེད་རྣལ་འབྱོར་ཅན། ། རྣམ་པར་མི་རྟོག་ཆགས་མེད་ན། ། སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང་། ། ཞིང་དང་ཞིང་ན་ མཉམ་བཞག་པ། ། དེ་དག་ཕྱག་གིས་དབང་བསྐུར་བར། ། དེ་ཡི་སྤྱི་བོར་དབང་བསྐུར་ཏེ། ། སངས་རྒྱས་ས་ལ་ཞུགས་པ་དང་། ། སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང་། ། སྣ་ཚོགས་ཚུལ་གྱི་དངོས་ཐོབ་ནས། ། ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར། ། སྟོབས་དང་མངོན་ཤེས་དབང་ཡང་ འཐོབ། ། གཟུངས་དང་ཐམས་ཅད་ཏིང་ངེ་འཛིན། ། ཐམས་ཅད་ཀྱི་ནི་འབྱུང་གནས་འགྱུར། ། ཐུབ་པ་རྣལ་འབྱོར་སྐྱེད་པའི་ཡང་། ། གཟུགས་ནི་རྡུལ་དུ་རྣམ་གཞིགས་ཤིང་། ། མཆོག་རྡུལ་ཡན་ཆད་ཉིན་དབེན་ཕྱིར། ། ཡོད་ལས་མེད་པར་འགྱུར་བ་སྟེ། ། བོང་བུས་བ་ལང་རྭ་མཐོང་བཞིན། ། ཆ་ཤས་མེད་ཕྱིར་ཆ་ཤས་ཅན། ། ཕུང་པོ་ལས་ནི་ཕུང་ཅན་མེད། ། དེ་བས་ལས་ཀྱི་འབྲས་གྱུར་པ། ། འདི་ནི་སྒྱུ་མའི་བུས་བྱས་བཞིན། ། འདི་ན་ལས་མེད་འབྲས་བུ་མེད། ། ལས་ཀྱི་སྒྲུབ་པའང་ཡོད་པ་མིན། །
BOའཇིག་རྟེན་བྱེད་པས་མ་བྱས་ཏེ། ། བྱེད་པ་བྱེད་པ་མ་ཡིན་ནོ། ། བྱེད་ལ་ བྱེད་པ་ཡོད་ན་ནི། ། འདི་རྣམས་ཐུག་པ་མེད་པར་འགྱུར། ། ཐུག་མེད་བྱས་པའི་ཉེས་པ་ཡིས། ། ཐུབ་པ་དྲི་མ་ཅན་དུ་གྱུར། ། དེ་སྟེ་ལམ་རྒྱུད་སྣ་ཚོགས་རྣམས། ། ཆུ་དང་ནམ་མཁའ་ས་གནས་པའི། ། ལུས་ཅན་ལུས་ལ་ཀུན་གནས་ཏེ། ། སྐྱེ་བ་བཟང་པོ་གནས་ སུ་སྟེ། ། རིས་སུ་འགྲོ་བ་ཡོད་པས་ན། ། ཇི་ལྟར་འདོད་པར་ལུས་ཅན་འགྲོ། ། དབང་པོ་སོ་སོ་བྱ་བ་ཡང་། ། ཇི་ལྟར་འདོད་པར་ཡུལ་འཛིན་ཏེ། ། འདི་ནི་རྣམ་རྟོག་རྣམ་འགྱུར་བ། ། ཞོ་མར་ཇི་ལྟར་འོ་མ་ལས། ། དེ་བཞིན་སྐྱེ་དང་གནས་དང་འཇིག ། ལས་ཀྱིས་བྱས་པར་འགྱུར་སེམས་ ན། ། རྨི་ལམ་དྲི་ཟ་སྒྱུ་མ་སྤྲིན། ། བྲག་ཅ་དང་ནི་གློག་འདྲ་བ། ། སྨིག་རྒྱུ་{རི་དགས་,རི་དྭགས་}སྲེད་པ་ལྟར། ། དངོས་པོ་རྣམ་བསྒོམས་རྣལ་འབྱོར་ཅན། ། ཐོག་མ་མེད་ནས་བསགས་པ་ཡི། ། མི་ཡི་རྣམ་སྤྲོས་བག་ཆགས་ཀྱིས། ། སྣ་ཚོགས་གནས་ངན་ལེན་པ་དང་། ། སྣ་ཚོགས་རྟོག་པས་ལས་སུ་བརྟགས། ། དབང་པོ་སྒྱུ་མ་ལྟ་བུ་ཡིན། ། ཡུལ་རྣམས་རྨི་ལམ་འདྲ་བ་སྟེ། ། བྱེད་དང་ལས་དང་བྱ་བ་ཡང་། ། རྣལ་འབྱོར་སྒྲུབ་པས་མི་བརྟག་གོ། ། རྟོག་པ་ཉམས་པའི་རྟོག་པ་ཅན།
BO། རྣམ་མྱོས་ཤེས་པ་ཉམ་ཆུང་བས། ། བྱེད་པར་རབ་ ཏུ་རྟོག་པ་ནི། ། བྱ་བས་འགྲོ་བར་བྱས་པར་ཏེ། ། འཇིག་རྟེན་གཅེས་པས་བྱས་མ་ཡིན། ། རྡུལ་གྱི་རྐྱེན་ལས་བྱུང་བའང་མིན། ། རྒྱུ་མེད་པས་ཀྱང་བྱས་མ་ཡིན། ། ངོ་བོ་ཉིད་ཀྱིས་བྱུང་བའང་མིན། ། རྡོ་རྗེ་ལྕགས་དང་ཁབ་ལོང་དང་། ། རིན་ཆེན་ཕྲེང་བ་རྒྱན་རྣམས་ཀྱིས། ། ཇི་ལྟ་བུ་ཡི་ ལས་ཤིག་བྱས། ། ནོར་བུ་གསེར་དུ་མིང་བཏགས་པས། ། བྱ་དང་{རི་དགས་,རི་དྭགས་}ཁྲ་བོ་དང་། ། ཚེར་མ་རྣམས་ཀྱི་རྣོ་དངོས་དང་། ། འགྲོ་བ་སྣ་ཚོགས་ངོ་མཚར་བ། ། རྣམ་རྟོག་ལས་ལས་མ་སྐྱེས་སོ། ། ལས་ཀྱི་གང་ལས་མ་ཡིན་ཞེས། ། རྟོག་ཅན་བདེན་ལ་མྱོས་པ་ནི། ། བདེན་པའི་དངོས་ པོར་མི་ཤེས་པ། ། འདི་ནི་རྣམ་རྟོག་ལས་མིན་དུ། ། འོ་མའི་ནང་ན་ཡོད་པའི་དུག ། རྗེས་སུ་མི་བདེ་རྣམ་པར་འགྱུར། ། རྣམ་པར་རྟོག་པའང་ཐམས་ཅད་དུ། ། དེ་བཞིན་དངོས་པོ་རྣམས་ལ་འཇུག ། དངོས་པོ་སྐྱེ་བ་མ་ཡིན་ཏེ། ། དངོས་པོ་རྣམ་པར་འཇིག་པའང་མེད། ། རྣམ་རྟོག་ སྣ་ཚོགས་དེ་དག་ནི། ། རྟོག་པ་ཅན་གྱིས་མི་རིག་གོ། ། འགྲོ་བའི་རིས་ཀྱི་དངོས་པོ་དག ། རྣལ་འབྱོར་སྤྱོད་པས་རྣམ་པར་གཞིག ། སྦྱར་ཞིང་རྣལ་འབྱོར་དེ་ལ་ཞུགས། །
BOལས་དང་ལས་མིན་མ་སེམས་པར། ། རིས་སུ་འགྲོ་བའི་དངོས་པོ་ཡིས། ། ཟླ་བ་ཉི་མ་རྣམ་མཛེས་པ། ། རླུང་གིས་ཤིན་ཏུ་བསྐྱོད་ནས་ཀྱང་། ། མཁའ་ལ་རྟེན་པ་མེད་པར་འགྲོ། ། ཤིན་ཏུ་ཕྲ་ཞིང་ཤེས་དཀའི་ལས། ། སྟུག་པོར་གནས་པར་རབ་ཏུ་མཐོང་། ། ལས་དེ་ཅི་ཞིག་ཡོད་པར་འགྱུར། ། ཞུགས་བརྩོན་རྣལ་འབྱོར་ཅན་དག་ལ། ། ཇི་ལྟར་མེ་ནི་ཤིང་གི་རི། ། ཐལ་བར་བྱེད་པ་སྐད་ ཅིག་ཏུ། ། རྣལ་འབྱོར་ཅན་གྱི་ཐམས་ཅད་ལས། ། ཡེ་ཤེས་མེས་ཚིག་སྐད་ཅིག་ཏུ། ། ལས་དང་བག་ཆགས་ལྷན་ཅིག་ཏུ། ། མང་པོའི་དུས་ནས་བསགས་པ་དག ། རྣལ་འབྱོར་ཡེ་ཤེས་བག་ཆགས་ཀྱིས། ། ཐམས་ཅད་ཞིག་བྱེད་སྐད་ཅིག་ཏུ། ། ཇི་ལྟར་སྒྲོན་མས་མུན་པའི་ ཚོགས། ། སྐད་ཅིག་ཏུ་ནི་བསལ་བྱེད་པ། ། ཡེ་ཤེས་སྒྲོན་མས་ཐུབ་པ་དེ། ། མི་ཤེས་རྣམ་པར་སེལ་བར་བྱ། ། རྒྱན་སྟུག་པོ་ཐེག་པ་ཆེན་པོའི་མདོ་ལས་བདག་གི་ལས་ཀྱི་བྱ་བ་སྤྱད་པ་ཞེས་བྱ་བ་སྟེ། ལེའུ་ལྔ་པའོ། ། ། ། བམ་པོ་གསུམ་པ། འཇིམ་པ་ རྩྭ་སྨིག་ཐག་པ་ལས། ། ཇི་ལྟར་གནས་པའི་ཁྱིམ་གྱི་རྣམས། ། ཕན་ཚུན་ཀུན་ནས་འདུས་འབྱོར་ཅིང་། ། ས་ཡི་དབུས་ན་སྣང་བ་ནི། ། རེ་རེ་ལ་ཡང་ཁྱིམ་མེད་དེ། ། རྫས་དང་དངོས་ལ་རྣམ་བརྟགས་ན། །
BOརྫས་ཀྱི་རྣམ་པ་འདུས་པ་ལ། ། ཁྱིམ་ཞེས་གདགས་ཤིང་བརྗོད་པ་སྟེ། ། སོར་མོ་ཕན་ཚུན་ཀུན་འདུས་ན། ། ཇི་ལྟར་ལག་པའི་ཕུག་རོན་དུ། ། ལག་པ་གཉིས་ནི་བསྡུས་ལས་འགྱུར། ། ཐ་དད་པ་ལས་མི་འབྱུང་ངོ་། ། གཡུལ་དང་ཤིང་རྟ་བསྙེམས་བྲལ་ཁང་། ། གྲོང་ཁྱེར་ནགས་ཚལ་དེ་བཞིན་ཏེ། ། རི་དང་སྤྲིན་དང་དབའ་རླབས་ཀྱང་། ། བྲག་ཅ་ གློག་དང་འདྲ་བའོ། ། སྨིག་སྒྱུ་ཆུ་ཟླ་སྒྱུ་འདྲ་བ། ། སྣམ་བུ་རྫ་སོགས་གྲགས་པ་སྟེ། ། མཁས་ལ་དངོས་པོ་ཐམས་ཅད་ཀྱང་། ། རྨི་ལམ་འདྲ་བར་ཀུན་ཏུ་སྣང་། ། དེ་བཞིན་ལུས་ཁྱིམ་སྣ་ཚོགས་པ། ། བུས་པའི་ལམ་རྒྱུད་དོག་པ་ན། ། ཁམས་ཀྱིས་རི་བཞིན་གྱུར་པ་སྟེ། ། ཁྱིམ་ ལྟར་རྟག་ཏུ་མི་བརྟན་ལ། ། འབྱུང་བ་མེད་ཅིང་འཇིག་པ་མེད། ། བདག་ལས་མ་ཡིན་གཞན་ལས་མིན། ། རྟག་དང་ཆད་ལས་རྣམ་པར་གྲོལ། ། གཟུང་དང་འཛིན་པ་ཡོངས་སུ་སྤངས། ། ཇི་ལྟར་དྲི་ཟའི་གྲོང་ཁྱེར་ནི། ། མདོག་ཏུ་ཟད་ཀྱང་གྲོང་ལྟར་སྣང་། ། དེ་བཞིན་ རང་རྟོག་རྣམ་བརྟགས་པའི། ། དངོས་པོ་རྣམས་ཀྱང་རབ་ཏུ་འབྱུང་། ། ཆོས་རྣམས་སྨིག་རྒྱུ་ལྟ་བུ་སྟེ། ། ཡོད་མེད་རྣམ་བྲལ་དགེ་བ་ཡིན། ། རྨི་ལམ་སྤྲིན་ལྟར་སྣང་བ་སྟེ། ། རྩིག་ངོས་རི་མོའི་ཕུག་ལྟ་བུའོ། །
BOཞ་བོ་ལོང་བ་འདྲ་བ་ནི། ། དངོས་ཀུན་གཅིག་གིས་གཅིག་རྒྱུ་བ། ། རང་བཞིན་རྟོགས་པར་མི་རུང་སྟེ། ། རྣལ་འབྱོར་ཅན་གྱིས་ཡང་དག་མཐོང་། ། རྡུལ་ཕྲན་རྣམ་པར་གཞིགས་པ་དང་། ། རྡུལ་གྱི་དངོས་པོ་མི་གནས་ཏེ། ། རང་བཞིན་ཀུན་གྱི་མཆོག་ཡིན་པས། ། རྡུལ་ཕྲན་མཆོག་ཅེས་དེ་ཕྱིར་བརྗོད། ། དེ་ཕྱིར་བློ་ནི་ཕྱིར་ལྡོག་སྟེ། ། སྒྲ་ལ་ སོགས་པའི་ཡོན་ཏན་སྤངས། ། རྣལ་འབྱོར་མཁས་པའི་རྣལ་འབྱོར་ཅན། ། དེ་ཚེ་ངལ་བསོའི་ཡིད་དུ་འགྱུར། ། ངལ་བསོའི་ཡིད་ལྡན་རྣལ་འབྱོར་ཅན། ། བཅིངས་པ་ཀུན་ལས་གྲོལ་བས་ན། ། འདི་དང་ཕ་བིར་མི་སྐྱེ་སྟེ། ། བསམ་གཏན་ཚུལ་ལ་མོས་པ་རྣམས། ། སྣ་ ཚོགས་རིན་ཆེན་སྙིང་པོ་ཡི། ། གནས་ན་དབང་ཅན་དེ་དག་རྩེ། ། ཡོན་ཏན་དབང་ཕྱུག་ཉེས་པ་མེད། ། རིག་འཛིན་བུད་མེད་མང་པོ་དང་། ། ཐུབ་པ་རྣམས་ཀྱིས་རབ་མཆོད་ཅིང་། ། རྨི་ལམ་བཞིན་དུ་གནས་པ་ཡིན། ། འདི་ན་གནས་ཀྱང་ཚངས་པ་དང་། ། ཐུབ་དང་ཐུབ་པའི་བུ་རྣམས་ དང་། ། རིག་འཛིན་ཚོགས་ཀྱིས་དེ་བཞིན་ཏེ། ། སྤྱི་གཙུག་བལྟ་བར་མི་ནུས་སོ། ། འདི་ནི་ཐུབ་པའི་རྣལ་འབྱོར་ཡུལ། ། དེ་བས་བསམ་གཏན་བརྩོན་པར་གྱིས། ། འདི་ནི་ཀུན་གྱི་ཡུལ་མ་ཡིན། །
BOདེ་ཕྱིར་གྲོགས་པོ་བསྟན་པར་གྱིས། ། བརྟན་པ་ས་རྣམས་སྣ་ཚོགས་དང་། ། འོད་ཅན་ རྣམས་ཀྱི་གནས་སུ་ཡང་། ། འདོད་ཆགས་ཕྱོགས་དང་བཅས་པ་དང་། ། གཏི་མུག་ཞེ་སྡང་དེ་བཞིན་དུ། ། བཅོམ་སྟེ་སྟུག་པོ་རབ་ཡངས་པ། ། ཡིད་བཞིན་ཞི་བའི་གནས་སུ་འགྲོ། ། དེ་ནི་འཆི་བདག་ཡུལ་མ་ཡིན། ། རྣམ་ཤེས་སྤྱོད་ཡུལ་དེ་བཞིན་མིན། ། མཚན་མ་མེད་པའི་གནས་ ཡིན་ཏེ། ། རྟོག་པས་དེ་བསྒྲུབ་མ་ཡིན་ནོ། ། འདི་ནི་ལྷ་རྫས་གནས་ཡིན་ཏེ། ། ཐུབ་པ་རྣལ་འབྱོར་ལྡན་པ་ཡི། ། དེ་བས་ཞིང་མཆོག་དེ་འདོད་ན། ། ཐུབ་པས་བསམ་གཏན་དེ་ལ་གྱིས། ། འདོད་ཆགས་ཞེ་སྡང་རྣམ་བཅོམ་སྟེ། ། ང་མེད་ང་ཡི་འགྲོ་མེད་དུ། ། འདོད་ཆགས་ཞེ་སྡང་ མི་བསམ་པར། ། བསམ་གཏན་མཆོག་ལ་བསྒོམ་པར་གྱིས། ། ཕན་ཚུན་ཡུལ་ལ་འཛིན་པའི་ཕྱིར། ། གཉིས་ཀྱི་བློ་ནི་རབ་ཏུ་འབྱུང་། ། ཡོད་མེད་རྟོག་པས་དེ་བཞིན་དུ། ། རྣམ་ཤེས་རྣམས་ལ་ཀུན་གཞིའོ། ། བུད་མེད་རོ་སྨད་ཤས་རྒྱས་ཤིང་། ། སྐྲ་བཟང་མིག་ཀྱང་མཛེས་པ་ དང་། ། སྣ་ལེགས་འཕྲལ་བའི་དབྱིབས་སྡུག་ལ། ། སྨིན་མ་སྟུག་ཅིང་བལྟ་མཛེས་པ། ། ཇི་ལྟར་ལ་ལ་དེར་ཆགས་པའི། ། ཡིད་ཀྱིས་རྣམ་པར་མྱོས་པའི་སེམས། ། ལྟ་ཞིང་རྣམ་པར་རྟོག་པའི་ཚེ། །
BOམཁས་མིན་དེ་ལ་ཤིན་ཏུ་མྱོས། ། འགྲོ་འདུག་འགྲེང་ཡང་དེ་བཞིན་ཏེ། ། སྣོམ་ ཟ་གཉིད་ཀྱིས་ལོག་པ་ནའང་། ། འདོད་ཅན་གཞན་དུ་མི་སེམས་ཏེ། ། འདོད་པ་ཅན་མོ་ཡིད་ལ་བྱེད། ། དེ་བཞིན་ཁྱོད་བློ་རྙོག་པ་ཅན། ། རྣམ་པ་ཀུན་ཏུ་ཡིད་ལ་གནས། ། རྫབ་ཡུལ་རྙོག་དང་ལྡན་པ་ཡི། ། བཅིངས་པའི་དབང་དུ་མ་འགྲོ་ཤིག ། ཇི་ལྟར་ལ་ལ་རྟོག་པ་ཅན། ། བློ་ཡི་ སྤྱོད་ཡུལ་རྣམ་འཁྲུལ་བ། ། མ་ཧེ་དག་དང་བ་གླང་དང་། ། གླང་པོ་དག་དང་བསེ་རྣམས་དང་། ། རང་ག་ཀྲྀ་ཥྞ་ས་ར་དང་། ། ཤ་ར་བ་དང་སུ་ར་དང་། ། སྨྱན་དང་གཡག་ཀྱང་དེ་བཞིན་ཏེ། ། མགོ་དཀར་རྣ་དང་ཁྱུ་མཆོག་གི། ། རུ་ཆེན་རྣམ་པར་མཐོང་བ་དང་། ། འདི་བདེན་གཞན་དུ་མི་འགྱུར་ ཞེས། ། སེང་སྟག་བོང་བུ་སོགས་པ་ཡི། ། རྭ་རྣམས་ལ་ནི་མེད་ཅེས་ཏེ། ། ཡོད་དང་མེད་པའི་ལྟ་བ་ཡང་། ། མི་མཁས་རྣམས་ལ་རབ་ཏུ་འབྱུང་། ། དེ་ལྟར་གཞན་གྱི་རྭ་མཐོང་ཞིང་། ། བོང་བུའི་མེད་ཅེས་རྣམ་རྟོག་འབྱུང་། ། ཇི་སྟེ་གཞན་གྱིས་མ་མཐོང་ན། ། བོང་རུ་མེད་སྙམ་དེ་ མི་འབྱུང་། ། ལོག་པར་དམིགས་པའི་རྒྱུ་ཡི་ཕྱིར། ། འདི་ན་མེད་ཅེས་རྟོག་པ་འབྱུང་། ། དེ་ལ་དམིགས་པ་མེད་པས་ཀྱང་། ། གདོན་མི་ཟ་བར་མེད་ལ་རྟེན། །
BOརྙོག་ཅན་ང་རྒྱལ་རྟོག་ཡུལ་ལ། ། བློ་གྲོས་སྤྱོད་ཡུལ་མ་རྟོག་ཅིག ། བ་ལང་བ་མན་མ་ཧེ་རྣམས། ། རྟོག་པས་བརྟགས་པ་ ཇི་བཞིན་ཏེ། ། དེ་ལྟར་ཁྱོད་ཀྱིས་སེམས་སྤྱོད་དང་། ། ཕུང་པོ་སྐྱེ་མཆེད་སྤྱོད་ཡུལ་དག ། མངོན་སུམ་ཚད་མ་དག་གིས་སམ། ། ཤེས་རབ་ཀྱིས་ཀྱང་རྣམ་པར་ལྟོས། ། རྣམ་གྲོལ་མཐོ་རིས་འགྲོ་བའམ། ། ཇི་ལྟར་འདོད་པ་བཞིན་དུའང་འགྱུར། ། ཚངས་པའི་གནས་སུ་ ཚངས་པར་རམ། ། མཚེ་མ་རབ་དང་གནས་དབེན་དང་། ། རིན་ཆེན་སྣ་ཚོགས་གནས་སུ་ཡང་། ། དབང་སྒྱུར་རྣམ་པར་མཛེས་པར་འགྱུར། ། འོད་ཆུང་རྒྱས་པ་དག་ཏུ་འམ། ། འདོད་ཁམས་བདག་པོ་དབང་ཅན་ནམ། ། ཉི་ཟླ་བདག་བདག་གནས་སུ་འམ། ། གཞན་ཡང་ འོད་འབར་གཟར་ཡང་རུང་། ། སུམ་ཅུ་རྩ་གསུམ་རྒྱལ་ཆེན་དང་། ། འཕྲུལ་ལ་དགའ་བའི་གནས་སུ་ཡང་། ། ཚངས་གནས་བཅུ་དང་ལྡན་པ་ཡི། ། རྣལ་འབྱོར་ཅན་ནི་རྣམ་པར་མཛེས། ། གྱ་ནོམ་སྣང་དང་ཤིན་ཏུ་མཐོང་། ། འདོད་མེད་མི་དྲོས་དེ་བཞིན་ཏེ། ། འོག་མིན་གནས་ ཀྱི་ལྷ་རྫས་ན། ། འོག་མིན་ཤིན་ཏུ་རྣམ་པར་མཛེས། ། ཅུང་ཟད་མེད་མཁའ་རྣམ་ཤེས་དང་། ། འདུ་ཤེས་ཡོད་མེད་མ་ཡིན་དང་། ། དེ་བཞིན་འཕྲུལ་གྱི་བདེ་ཅན་དང་། ། ཞིང་བཟང་གཞན་དུ་དེ་བཞིན་ཏེ། །
BOམཁའ་ལ་འགྲོ་དང་སྤོབས་པ་བཞིན། ། འཁོར་ལོ་འཁོར་བའི་རིགས་སུ་ གནས། ། གྲོལ་བ་རྣམས་ཀྱི་གྲོལ་ཡུལ་ལ། ། སུ་གནས་དེ་དག་རྣལ་འབྱོར་ཅན། ། འདོད་ཆགས་སྟོབས་ལས་སྔོན་རྒྱལ་བ། ། དེ་དག་བཟང་པོའི་ས་ལ་གནས། ། འདི་ལྟའི་རྣལ་འབྱོར་ལྡན་པས་ན། ། རྣལ་འབྱོར་ལ་ནི་ཐུབ་པར་རྩེ། ། རྫ་མ་འཇིག་པའི་གྱོ་མོ་ཡི། ། ཇི་ལྟར་ རྒྱུར་ཡང་འགྱུར་བ་དང་། ། སྐད་ཅིག་འཇིག་ལ་སྐད་ཅིག་སྟེ། ། མི་རྟག་ཉིད་ཀྱང་རྟག་པ་ཡི། ། ས་བོན་ཇི་བཞིན་མྱུ་གུ་ལ། ། རྒྱུ་རྣམས་དེ་དག་འདྲ་བ་ཡིན། ། མྱུ་གུ་གཞན་མིན་ས་བོན་ལས། ། ས་བོན་ཉིད་ཀྱང་མྱུ་གུ་མིན། ། ས་སྣར་རྣམས་ལས་རྫ་སྣར་འབྱུང་། ། ཚོས་ནས་ དམར་རུར་མངོན་པར་འབྱུང་། ། གནག་དང་སྣར་དང་འདྲེས་པ་དང་། ། གྲོ་བོ་དམར་པོ་དག་ཀྱང་སྐྱེ། ། འདམ་བུ་ལས་ནི་སྒོག་པར་འགྱུར། ། རྭ་ལས་ལན་ཚྭར་དེ་བཞིན་ཏེ། ། མི་གཙང་སྦྲང་བུ་དག་ལས་ཀྱང་། ། སྲིན་བུར་འགྱུར་གཞན་མི་འདྲ་མང་། ། རྒྱུ་དང་འདྲ་བའི་འབྲས་བུ་ནི། ། ས་རྣམས་ གང་ནའང་ཡོད་པ་མིན། ། གྱུར་པའི་རྒྱུ་ལས་འབྲས་བུ་འབྱུང་། ། རྡུལ་ཕྲན་གང་དག་རྒྱུར་འགྱུར་ནི། ། དངོས་པོ་འཇིག་པ་མེད་པར་ཏེ། ། རྣམ་པར་རྟོག་ལ་མི་རྟོག་ཅིང་། །
BOརྒྱུ་ཡི་བདག་དང་ནང་གི་བདག ། བདག་གི་མཆོག་ཀྱང་མེད་པ་སྟེ། ། བདག་དང་དབང་པོ་ཡིད་དང་དོན། ། འདུས་པའི་རྒྱུ་ནི་མ་ཡིན་ཏེ། ། ཕྲད་ལས་འབྱུང་དང་རྣམ་ཤེས་དང་། ། རྐྱེན་རྣམས་ཡོད་པ་མ་ཡིན་ནོ། ། ཤེས་ཅན་ཤེས་པས་ཡུལ་རྣམས་ལ། ། མཁས་པའི་སྟོབས་དང་ལྡན་པས་ནི། ། སྡེ་དཔུང་སྟོབས་དང་བཞོན་བཅས་པའི། ། ཉོན་མོངས་བདུད་རྣམས་གདུལ་བར་བྱ། ། སྲེད་ པ་འཇིག་རྟེན་དམའ་བར་བྱེད། ། སྦྲང་རྩིས་བད་ཀན་མང་པོ་བཞིན། ། སྲེད་པ་བཅོམ་ཞིང་ཐུབ་པའི་རྣམས། ། རྣམ་པ་མང་ལས་རྣམ་པར་གྲོལ། ། སྲེད་པས་རྣམ་པར་དཀྲུགས་པ་ན། ། འཁོར་ལས་རྣམ་པར་མི་འགྲོལ་ཏེ། ། སྲེད་དང་རྣམ་བྲལ་འཐར་བར་འགྱུར། ། དེ་བས་རྣལ་འབྱོར་ སྦྱར་བར་གྱིས། ། ཡུན་རིང་ཡོད་པའི་བག་ཆགས་ནི། ། སྦྲུལ་གདུག་ཁྲོས་པ་ཇི་བཞིན་ཡང་། ། འདི་དང་ཕ་བིར་འདྲིད་པ་ནི། ། འཁོར་བའི་ལམ་རྒྱུད་དོག་པར་རོ། ། འཕགས་པ་རྒྱན་སྟུག་པོ་ལས་རྣལ་འབྱོར་རྣམ་པར་ཕྱེ་བའི་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་གོ། ། ། སངས་རྒྱས་རྣལ་འབྱོར་རྣམ་ཕྱེ་དང་། ། བདག་ལྡན་དེ་ཡི་བྱིན་གྱིས་བརླབས། ། རྒྱལ་བ་དག་དང་རྒྱལ་བའི་སྲས། ། བྱེ་བའི་ཞིང་ན་བཞུགས་པ་དང་། །
BOཁམས་གསུམ་གནས་པ་ཐམས་ཅད་དང་། ། ས་གནས་རྣལ་འབྱོར་ལྡན་པ་དང་། ། བདེ་ཡོད་ཞིང་དང་སྟུག་པོ་སྟེ། ། རྣལ་ འབྱོར་ཅན་གྱི་ཞིང་མཆོག་དང་། ། སངས་རྒྱས་པད་མོའི་དབུས་བཞུགས་པ། ། རྡུལ་ཕྲན་བཞིན་བཞུགས་བདག་གིས་མཐོང་། ། རྣལ་འབྱོར་དེ་ལས་བདག་ལངས་ནས། ། ས་ལ་རྒྱལ་བ་དེ་དག་ནི། ། སྟུག་པོའི་ཞིང་ན་བདག་བཞུགས་ཤིང་། ། རྒྱལ་སྲས་ཐབས་ཅིག་བཞུགས་པ་ དག ། མེ་ཏོག་ཨ་ཏ་སི་འདྲ་བའི། ། མཁའ་ལ་ཟླ་འདྲ་བཞིན་བཞུགས་མཐོང་། ། མཐེ་བོའི་ཚིགས་དང་རབ་འདྲ་བ། ། ས་རྣམས་དགེ་ལ་རབ་སྦྱོར་བའི། ། རྣམ་གྲོལ་སྙིང་པོ་བདག་གིས་མཐོང་། ། འདི་ན་བུ་ཁྱོད་སུ་ཞིག་ཅེས། ། སྙིང་པོ་དེ་ལྟར་སེམས་གྱུར་ཏེ། ། ཐུབ་པ་འདི་ནི་ གཅིག་ཅིག་སྙམ། ། དེ་ཚེ་སྐུ་རུ་ཞུགས་པར་གྱུར། ། འགྲོ་བ་རྣམས་ཀྱང་སྐུར་ཞུགས་ནས། ། ཐུབ་པའི་པད་མོའི་སྙིང་པོ་ཡིས། ། སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་དང་། ། ཁམས་གསུམ་ཀུན་ན་གནས་པར་ཡང་། ། གང་ཚེ་མཐོང་བ་དེ་དུས་ན། ། ཀྱེ་མ་ མཚར་ཆེས་བསམ་པ་དང་། ། དེ་ཚེ་ཐུབ་པ་ལྷ་ཡི་ལྷས། ། རྣལ་འབྱོར་ཡུལ་ནི་རབ་བསྡུས་ཏེ། ། ཐུབ་པས་སྔོན་བཞིན་བཞག་པར་གྱུར། ། ཀྱེ་མ་བསམ་ཡས་ལྷ་རྫས་འདི། །
BOརྣལ་འབྱོར་ཅན་གྱི་སྣ་ཚོགས་གཟུགས། ། སངས་རྒྱས་ལྷ་ཡི་ཡུལ་ཡིན་ཏེ། ། བསམ་གྱིས་མི་ ཁྱབ་བདག་གིས་མཐོང་། ། ཆོས་ཀྱི་སྤྲིན་གྱི་ཏིང་འཛིན་དང་། ། དགའ་དང་མི་གཡོ་དེ་བཞིན་ཏེ། ། རིང་སོང་མངོན་དུ་གྱུར་པ་དང་། ། འོད་བྱེད་པ་ཡི་མ་ལུས་པར། ། སྒྱུ་མ་དཔའ་བར་འགྲོ་ལ་སོགས། ། གཟི་བརྗིད་ཅན་ཡང་མ་ལུས་པར། ། གཟུགས་རྣམས་ཀྱི་ཡང་ཡུལ་ཡིན་ཏེ། ། འོག་མིན་ཐབས་ལས་བྱུང་བའོ། ། དེ་ནི་ཡིད་བཞིན་འགྱུར་སྐུ་ཡིས། ། དབང་གི་ཡོན་ཏན་བརྒྱད་པོ་རྣམས། ། ཕྲ་ཚོགས་ཆེ་བའི་ཡོན་ཏན་དང་། ། འཐོབ་དང་འདོད་འབྱོར་བསྒྲགས་པ་དང་། ། བདག་པོ་དབང་དང་ལྡན་པ་དང་། ། ཇི་ལྟར་འདོད་པར་རུང་བའི་རྣམས། ། ཐོབ་ནས་སྟུག་པོའི་ དབུས་ཡུལ་ན། ། རྣམ་པར་གནས་ཤིང་རབ་ཏུ་རྩེ། ། སྤྲུལ་པའི་ལྷ་རྫས་སྟུག་པོ་ནས། ། ཕྱིན་པ་དགེ་བ་དེ་དག་ཀྱང་། ། ལྷུན་གྱིས་གྲུབ་པ་སངས་རྒྱས་ཀྱི། ། འཕྲུལ་པ་རྣམས་ནི་རབ་ཏུ་འབྱེད། ། རྒྱལ་བ་རྣམས་དང་རྒྱལ་སྲས་སུ། ། ཐབས་ཅིག་བཞུགས་པར་ཀུན་ན་སྣང་། ། དེ་ ལྟར་ས་འདི་སྣ་ཚོགས་ཏེ། ། རང་གི་གཟུགས་ལྡན་རྣམས་ཀྱང་འདྲེས། ། ཆ་ལས་ཕྱིར་ལྡོག་དེ་ཡི་ཚེ། ། བྱ་བ་བྱས་པས་སྟུག་པོའི་གཞི། །
BOཤེས་པས་བཅད་ཅིང་མཁས་པའི་རྣམས། ། ཐུབ་པ་དག་གིས་སྟུག་པོ་མཐོང་། ། གཞལ་མེད་པད་མོ་འདྲ་བ་ན། ། མེ་ལྟར་རབ་ཏུ་འབར་བ་ ཡིན། ། ཐུབ་པ་རྣལ་འབྱོར་བདེ་མོས་པ། ། རྣལ་འབྱོར་ཅན་དང་ལྷན་ཅིག་གནས། ། དཔལ་བེའུ་མཚན་དང་ཐམས་ཅད་ལྡན། ། ཕྲ་བའི་ལུས་ཅན་རང་གི་འོད། ། དེ་དག་དབུས་སུ་ཐུབ་པའི་དབང་། ། ཁྱོད་ནི་གནས་པར་རབ་ཏུ་འགྱུར། ། ལྟོས་ཤིག་ལྷ་ཡི་ཅོད་པན་དང་། ། དྲུ་མ་ མིའམ་ཅི་ཡི་བདག ། གཞལ་མེད་བྱེ་བ་མང་པོ་ཡིས། ། ཟླ་བ་བཞིན་དུ་རབ་ཏུ་འབར། ། ཐུབ་པ་རྣམས་དང་རྒྱལ་བའི་སྲས། ། དགའ་ལྡན་ལ་སོགས་ལྷ་ཡི་མཆོག ། ཨ་ཏ་ས་ཡི་མེ་ཏོག་འདྲ། ། ཤེས་རབ་བཟང་ཞིང་མཚན་མང་བ། ། ཕྲེང་བ་ཅོད་པན་ཐོགས་པའི་རྣམས། ། གཞལ་མེད་མང་པོས་གནས་པ་སྟེ། ། ལུས་ནི་རབ་ཏུ་འབར་བ་དང་། ། ཀུན་མཁྱེན་ཐམས་ཅད་མངོན་གྱུར་པ། ། ཐོགས་པ་མེད་པའི་སྤོབས་པ་དང་། ། ཀུན་ཏུ་བཟང་པོ་སྟོབས་ཆེན་ཏེ། ། ཟླ་བ་འདྲ་བའི་གཞལ་མེད་ཀྱིས། ། སྟུག་པོའི་གང་ཆེན་མཚོ་ལ་གནས། ། རྣམ་པ་དུ་མར་ ཐམས་ཅད་ནས། ། ཐུབ་པ་རྣམས་ཀྱིས་བསྟོད་པ་སྟེ། ། ཆགས་མེད་ཚངས་པའི་ཁྱུ་མཆོག་དང་། ། གྲུབ་དང་དྲི་ཟ་ཚོགས་རྣམས་དང་། ། མཁས་དང་ངེས་པར་ལྡན་པ་ཡི། །
BOསྐྱེས་བུའི་ཚོགས་ཀྱི་བདག་པོ་དང་། ། རྒྱལ་བའི་སྲས་ཀྱིས་མདུན་དུ་བྱས། ། རྣལ་འབྱོར་སྤྱོད་ པས་ཁྱད་པར་དུ། ། གཟིམས་པ་ལྟ་བུར་མཐོང་བ་ནི། ། དེ་དག་ལེ་ལོ་བྲལ་བས་ཏེ། ། གཉིད་དང་སྙོམ་སོགས་བསྲབས་པ་ཡིས། ། སངས་རྒྱས་ལྷ་ཡི་རྗེས་སུ་འབྲང་། ། མུར་འདུག་ཀུན་གྱིས་མཐོང་གྱུར་ཅིང་། ། དེ་བཞིན་ལྷ་དང་ཚངས་ལ་སོགས། ། འཛམ་གླིང་པ་དང་འོག་མིན་ དང་། ། འཕྲུལ་གྱིས་སྤྲུལ་པས་ཐུབ་མཐོང་བ། ། འགྲོ་བས་སྣ་ཚོགས་ཀུན་གཟུགས་སུ། ། ས་ལ་ཀུན་ནས་ཞུགས་པར་ཏེ། ། ཆོ་འཕྲུལ་རྣམ་པ་མང་པོ་ཡིས། ། མགོན་པོ་ཤིན་ཏུ་རྣམ་པར་མཛེས། ། ལ་ལ་ཉལ་ཞིང་རབ་ཏུ་འབར། ། དེ་བཞིན་གཞན་དག་ཕན་ཚུན་འཆག ། ལ་ལ་གཡེན་སྤྱོ་བྲེལ་ཅིང་སྒོམ། ། དེ་བཞིན་གཞན་ཡང་མྱ་ངན་འདའ། ། ལ་ལ་མངལ་དུ་འཇུག་པ་དང་། ། སྐྱེ་དང་འབྱུང་དང་དཀའ་སྤྱོད་དང་། ། བྱང་ཆུབ་རྣམ་པར་འཚང་རྒྱ་ཞིང་། ། ཆོས་ཀྱི་འཁོར་ལོ་བསྐོར་བར་རོ། ། སངས་རྒྱས་ཉིད་དང་སངས་རྒྱས་ཡུལ། ། སངས་རྒྱས་ཡེ་ཤེས་བླ་ན་ མེད། ། རྒྱལ་བའི་སྲས་པོ་འཇིགས་མེད་པ། ། དེ་དག་ཀུན་གྱིས་འཐོབ་འགྱུར་ཏེ། ། ཐུབ་པ་ཤཱཀྱའི་སེང་གེ་ཡིས། ། ཇི་ལྟར་བརྙེས་བཞིན་གྲོགས་པོ་རྣམས། །
BOརྒྱལ་སྲས་འཇིགས་པ་མེད་པ་ཡིས། ། འདི་དག་ཀུན་ལ་ཡིད་ཆེས་ཀྱིས། ། ཡིད་ཆེས་གྱུར་ན་སངས་རྒྱས་སམ། ། ཐར་བར་འགྱུར་བ་ཐེ་ཙོམ་མེད། ། འཁོར་ལོ་འཁོར་བའི་རྒྱལ་པོར་འགྱུར། ། སྤོབས་ཅན་ཁམས་ཀྱི་བདག་པོ་དང་། ། ཚངས་ལ་སོགས་པའི་གནས་སུ་ཡང་། ། གནས་འགྱུར་འཁོར་གྱི་བདག་པོར་འགྱུར། ། དྲི་མེད་ཞིང་གི་པད་མོ་ལ། ། ཐུབ་པའི་དབུས་སུ་ སྐྱེ་བར་འགྱུར། ། པད་མོའི་དབུས་སུ་སྐྱེ་བ་ཡང་། ། བརྩོན་འགྲུས་ལྡན་པའི་སྲས་ཀྱིས་འཐོབ། ། བརྩོན་པས་བདུད་ལས་རྒྱལ་བར་འགྱུར། ། བག་ཆགས་འདོད་པའི་རྒྱུ་ལས་ཀྱང་། ། འདོད་བདག་བདག་པོ་ཕམ་བྱས་ཤིང་། ། ཐེག་པ་གཅིག་ལ་རབ་ཏུ་འཇུག ། བརྩོན་ འགྲུས་ལྡན་ཞིང་ཞི་མེད་པའི། ། རིགས་ཀྱང་ཐུབ་པ་རབ་ཏུ་སྟོན། ། སྲས་པོ་ཡངས་པའི་རིགས་གྱུར་ཅིང་། ། ཞིང་དང་ཞིང་དུ་བདག་པོར་འགྱུར། ། སངས་རྒྱས་ཉིད་དུ་སྨོན་སེམས་ན། ། སངས་རྒྱས་རིགས་ནི་རྣམ་པར་དག ། རྣམ་དག་རིགས་ཅན་སྲས་དེ་ནི། ། སངས་རྒྱས་ རྣམས་ཀྱིས་ལུང་བསྟན་ཏེ། ། མྱུར་དུ་སངས་རྒྱས་ཅི་འདྲ་བ། ། དེ་བཞིན་ཐུབ་པ་འཚང་རྒྱའོ། ། རྣམ་སངས་རྒྱས་ནས་ཉེར་འཚོ་བ། ། ཚངས་ལ་སོགས་དང་རྣལ་འབྱོར་ཅན། ། ས་ལྟར་རྟག་པའི་དུས་སུ་ཡང་། །
BOལུས་ཅན་རྣམས་ལ་ཉེ་བར་གནས། ། ཐམས་ཅད་སྨན་གྱི་ རྣལ་འབྱོར་ཅན། ། ཇི་ལྟར་གྲོང་དང་གྲོང་གནས་པ། ། ནད་རྣམས་རབ་ཏུ་སེལ་བ་ལྟར། ། རབ་ཏུ་མཁས་པ་དེ་བྱེད་པ། ། རྣམ་རྟོག་མེད་པའི་ཡིད་ཀྱིས་ཏེ། ། བཅད་ཀྱང་གཡོ་ཞིང་འགུལ་བ་མེད། ། འདི་ནི་རྣམ་པར་རིག་པ་ཙམ། ། ཡིད་ནི་ནང་དང་ཕྱིར་ཡང་སྤྱོད། ། བདག་དང་བདག་ གི་མེད་པ་སྟེ། ། ནོར་བར་མཐོང་ཞིང་མི་གཡོའོ། ། ཡིད་ཀྱི་རྣམ་ཤེས་ཡུལ་ཅན་གྱི། ། ཀུན་གཞི་ཀུན་ནས་གནས་པ་སྟེ། ། གཅད་དང་གཅོད་པར་བྱེད་པ་དང་། ། དེ་ཉིད་གཅད་བྱ་གཅོད་པའང་ཡིན། ། ལུས་ཅན་ཀུན་གྱི་ཀུན་གཞི་ནི། ། ལས་ཀྱི་བག་ཆགས་རྣམས་ཀྱིས་ཡོག ། ཁར་བ་ནོར་བུ་ཉི་མ་དག ། ལྡན་ལས་མེ་འབྱུང་ཇི་བཞིན་ཏེ། ། གཙུབ་མ་གཙུབ་སྟན་འདུས་ལས་མིན། ། མིས་ཀྱང་བྱས་པ་མ་ཡིན་ནོ། ། དེ་བཞིན་སེམས་ཡིད་རྣམ་ཤེས་དང་། ། དབང་པོ་དོན་དང་ཡིད་དང་ལས། ། སེམས་རྣམས་རབ་ཏུ་སྐྱེར་གྱུར་པ། ། རྒྱ་མཚོའི་དབའ་རླབས་ ཅི་བཞིན་ནོ། ། སྨིག་རྒྱུ་ནམ་མཁའ་སྒྱུ་མ་དང་། ། རྨི་ལམ་མ་ཡིན་ནོར་བའང་མིན། ། སྦལ་པ་རུས་སྦལ་སྤུ་དག་དང་། ། རི་བོང་རྭ་དང་མཉམ་པའང་མིན། ། མེ་ནི་ཤིང་ལས་སྐྱེ་བར་འགྱུར། ། གློག་ནི་དེ་བཞིན་སྤྲིན་ལས་སོ། །
BOམེད་ལ་སྐྱེད་པ་སུ་ཡང་མེད། ། རྫ་སོགས་རྫ་མཁན་ ལྟ་བུའོ། ། ཇི་ལྟར་རྩྭ་དང་ཤིང་དག་ལ། ། བརྟེན་ཅིང་ལྷན་ཅིག་སྒྱུ་འབྱུང་བ། ། དེ་བཞིན་མོས་ལ་སོགས་པ་ཀུན། ། སེམས་དང་སེམས་བྱུང་ལྷན་ཅིག་གནས། ། སེམས་ཀྱི་ཡུལ་ནི་བསམ་དུ་མེད། ། སྟུག་ན་གནས་པས་ལེགས་པར་མཐོང་། ། ལྷ་རྫས་སྔོན་མེད་ལྷན་ཅིག་སྐྱེས། ། མྱ་ངན་འདས་དང་ནམ་མཁའ་བཞིན། ། སོ་སོར་མ་བརྟགས་འགོག་པ་ལྟར། ། དུས་གསུམ་རྣམ་པར་སྤངས་པ་སྟེ། ། འོད་ཅན་རྟག་ཏུ་དག་པ་ནི། ། ལུས་ཅན་ཀུན་གྱི་ཀུན་གཞིའོ། ། དང་པོ་ཚེས་པའི་ཟླ་མདོག་ལྟར། ། བྱེ་བའི་ཞིང་དུ་སྣང་བ་སྟེ། ། རི་རབ་གནས་ཤིང་འཁོར་བ་ཡང་། ། དངོས་པོ་འཇིག་པ་མ་ཡིན་ནོ། ། དེ་བཞིན་ཡིད་སེམས་རྣམ་པར་ཤེས། ། སེམས་ཅན་ཁམས་ན་འཁོར་མོད་ཀྱི། ། དེ་ལ་འཕེལ་ཞིང་འབྲི་མེད་དེ། ། རྟག་ཏུ་རང་བཞིན་འོད་སྣང་བའོ། ། ཇི་ལྟར་ཟླ་བ་སྐྱེ་འབྲི་བར། ། མི་ཤེས་འགྲོ་བ་རྣམ་རྟོག་ཀྱང་། ། སྐྱེ་འབྲི་ཟླ་ལ་ཡོད་པ་མིན། ། གླིང་དང་གླིང་དུའང་རབ་ཏུ་སྣང་། ། དེ་བཞིན་ཀུན་གཞི་རྣམ་ཤེས་ལ། ། བྱིས་པ་མི་ཤེས་འགྲོ་རྣམས་ཀྱང་། ། རྟག་ཏུ་སྐྱེ་བྲིར་རྣམ་རྟོག་སྟེ། ། དེ་ནི་ཟག་མེད་སངས་རྒྱས་སོ། །
BOཀུན་གཞི་འདི་ལ་ཇི་ལྟར་ཡང་། ། འབྱུང་བས་ཐ་དད་མི་འགྱུར་ཏེ། ། འཇུག་པའི་རྣམ་ཤེས་སོང་གནས་ པ། ། བག་ཆགས་ཀྱིས་ནི་ཟླ་བ་བཞིན། ། ཆུ་ཀླུང་དབུས་ཀྱི་ཤིང་ལྟ་བུར། ། ཆུ་བོའི་ཀླུང་དང་འགྲོགས་མོད་ཀྱི། ། ཐ་དད་མཚན་དུའང་རབ་ཏུ་གྲུབ། ། རྒྱ་མཚོ་ཆེན་པོར་དེ་བཞིན་འགྲོ། ། དེ་ལྟར་ཀུན་གཞི་རྣམ་ཤེས་ཀྱང་། ། རྟག་ཏུ་བག་ཆགས་ལྡན་འགྱུར་བ། ། རྣམ་པར་ཤེས་པ་བདུན་ པོ་དང་། ། འགྲོགས་ཀྱང་འདྲེ་བ་མེད་པ་སྟེ། ། ཀུན་ནས་ཉོན་མོངས་རྣམ་བྱང་དང་། ། རྣམ་པར་དག་པའི་རྒྱུ་ཡང་དེ། ། ཆོས་མཐོང་འཕགས་པ་རྣམས་ཀྱི་ཡང་། ། དེ་ནི་རྣལ་འབྱོར་མཉམ་བཞག་པ། ། བྱོལ་སོང་མི་དང་ལྷར་སྐྱེས་དང་། ། ཤ་ཟ་ལྟོ་འཕྱེ་ཡི་དྭགས་དང་། ། ལྷ་མིན་དྲི་ ཟ་འབར་བ་ཡི། ། ལམ་རྒྱུད་ཀུན་ཀྱང་དེ་ཡི་དབང་། ། སངས་རྒྱས་ཀུན་གྱི་གཞི་མཛེས་ལའང་། ། དེ་ཉིད་རྒྱུར་ནི་གྱུར་པ་སྟེ། ། དེ་རྟོགས་ནས་ནི་སངས་རྒྱས་དང་། ། རིགས་དང་ཐེག་པ་གཞན་མིན་འགྱུར། ། ཐམས་ཅད་ལུས་ལ་རྟག་ཏུ་གནས། ། སྤྱོད་ལོང་ཡོད་ལ་ རྣམ་པར་འདུག ། དཔལ་དང་ལྡན་ལ་ཁྱད་པར་དུ། ། ཐམས་ཅད་ཀུན་ཀྱང་རབ་ཏུ་གནས། ། རབ་དང་འབྲིང་དང་ཐ་མ་ལའང་། ། འགྲོ་བ་དོག་པ་ཐམས་ཅད་ན། །
BOདེ་ནི་ཀུན་ཏུ་གནས་པ་སྟེ། ། ལུས་ཅན་རྣམས་ཀྱི་ལུས་ལ་རྟེན། ། འབྲས་བུའི་བདག་དང་རྒྱུ་ཡི་བདག ། ནང་གི་བདག་ཀྱང་ དེ་ཉིད་ལ། ། བྱིས་པ་རྣམས་ཀྱིས་ཁོར་ཟུག་བརྟག ། དེ་ཡི་དབྱིངས་ལ་ཐོག་མ་མེད། ། གནས་ངན་ལེན་དང་ལས་ཀྱིས་བསྐྱེད། ། བག་ཆགས་ཐོག་མ་མེད་པས་བསགས། ། འཚོ་ཞིང་གསོ་བར་བྱེད་པ་ནི། ། རྣམ་པར་ཤེས་པ་བདུན་པོ་སྟེ། ། ཡིད་ནི་རྟག་ཏུ་རླུང་དང་མཉམ། ། གཡོ་ ཞིང་མྱུར་བར་རབ་ཏུ་འཇུག ། ལུས་ཅན་རྣམས་ཀྱི་ལུས་གནས་ཤིང་། ། ཁམས་ཀྱི་གོང་ལ་གནས་པའོ། ། ལས་ཀྱི་རླུང་གིས་བསྐྱོད་པ་ནི། ། དབང་པོ་རྣམས་ལ་ཁྱབ་པར་གནས། ། རྣམ་ཤེས་བདུན་དང་ལྷན་ཅིག་ཏུ། ། དབའ་རླབས་བཞིན་དུ་རྒྱུ་བ་སྟེ། ། རྡུལ་ཕྲན་དུས་དང་གཙོ་བོ་ དང་། ། དེ་བཞིན་སྐྱེས་བུ་དབང་བཅས་སུ། ། ཀུན་གཞི་གཅིག་པུ་དགེ་བ་དེ། ། རྟོག་པ་ཅན་གྱིས་ཐེར་ཟུག་བརྟག ། རྟག་ཏུ་སྣ་ཚོགས་རྣམ་པའི་གཟུགས། ། གཡོ་ཞིང་མྱུར་འབྱུང་བྱེད་པ་སྟེ། ། ཀུན་གཞི་ས་རྣམས་ཐམས་ཅད་དུ། ། ཕྱི་ནང་བཅས་པར་གནས་པ་ཡིན། ། དེ་ནི་ས་ཡི་ རྒྱུ་ཡིན་པར། ། རྒྱུ་ཅན་རྣམས་ཀྱིས་བརྟག་པ་སྟེ། ། དེ་ཡི་འགྲོ་བ་ཤིན་ཏུ་ཕྲ། ། རྟོག་པ་ཅན་རྣམས་མྱོས་པར་བྱེད། །
BOབདག་དོན་དབང་པོ་ཡིད་མྱོས་པའི། ། ཡང་དག་མ་མཐོང་མྱོས་པར་འགྱུར། ། སྔོན་གྱི་ལས་ཀྱིས་བསྐྱོད་པ་ཡི། ། རྣམ་པར་ཤེས་པ་སྲེད་པའི་རྒྱུ། ། སྣ་ཚོགས་ གཟུགས་ཅན་འགྲོ་བ་དང་། ། མི་རྣམས་ཀྱི་ཡང་རྒྱུ་ཡིན་ནོ། ། འཇིགས་མེད་རྒྱལ་བའི་སྲས་རྣམས་ལ། ། རྡོ་རྗེའི་སྙིང་པོས་ཡང་སྨྲས་པ། ། ཀུན་གཞི་དང་ལུགས་དགེ་བ་ནི། ། རྒྱལ་སྲས་རྣམས་ཀྱིས་མཐོང་ཐོས་ཏེ། ། ཀུན་གཞིའི་མཆོག་ཏུ་དགེ་བ་ནི། ། ཐམས་ཅད་ལུས་ལ་ཞེན་པ་སྟེ། ། སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང་། ། རྣམ་པ་སྣ་ཚོགས་གཟུགས་མངའ་བའི། ། རྒྱལ་བ་འཁོར་ལོ་འཁོར་བར་ཡང་། ། ས་རྣམས་ལ་ལར་འགྲོ་བས་མཐོང་། ། ཇི་ལྟར་ཟླ་བ་སྐར་ཚོགས་དང་། ། ལྷན་ཅིག་མཁའ་ལ་གནས་པ་ལྟར། ། རྣམ་ཤེས་རྣམས་དང་ཀུན་གཞི་ཡང་། ། དེ་བཞིན་ལྷན་ཅིག་ལུས་ལ་གནས། ། ཇི་ལྟར་དབང་གིས་སྒྱུར་བའི་ལྷ། ། ལྷ་ཡི་བུ་མོས་མདུན་བདར་ཅིང་། ། རིན་ཆེན་དབུས་ན་རྣམ་མཛེས་པ། ། དེ་བཞིན་ཀུན་གཞི་ས་རྣམས་ལ། ། ཇི་ལྟར་ཆུ་དབང་ཆུ་ཡི་ལྷ། ། ཆུ་ཀླུང་རྒྱ་མཚོ་མཆིང་རྣམས་ལ། ། ཇི་བཞིན་སྐྱེ་ལྡན་ས་ཡང་སྟེ། ། དེ་བཞིན་ སེམས་ནི་རྣམ་པར་མཛེས། ། ཇི་ལྟར་གཞལ་མེད་གནས་པའི་ཉི། ། རི་རབ་ལོགས་ན་རྣམ་པར་མཛེས། །
BOལྷ་རྣམས་ཀྱིས་ནི་ཕྱག་ཀྱང་བྱ། ། དེ་བཞིན་ཀུན་གཞི་སངས་རྒྱས་སར། ། ས་བཅུ་དག་ལ་ལྷན་ཅིག་ཏུ། ། སྤྱད་པ་སྤྱོད་པ་རྒྱལ་བའི་སྲས། ། ཐེག་པ་ཆེན་པོས་ཕྱུང་བ་སྟེ། ། ལུས་ལ་གནས་པ་རྣམ་པར་མཛེས། ། རྗོད་པའི་ཞལ་གྱིས་རྟག་པར་ཡང་། ། རྒྱལ་བ་རྣམས་ནི་ཀུན་ནས་བསྟོད། ། ཉན་ཐོས་རྣམས་དང་རང་རྒྱལ་དང་། ། རྒྱལ་བའི་སྲས་རྣམས་ཁྱད་པར་དུ། ། ས་དང་ས་ལ་རྣམ་དག་པ། ། རྒྱལ་བའི་སྲས་ཞེས་མངོན་བསྒྲགས་དང་། ། རྒྱལ་བ་དག་དང་རྒྱལ་བའི་སྲས། ། དེ་དག་ཀུན་གཞི་འདི་ལ་བརྗོད། ། ལུང་སྟོན་ལུང་བསྟན་འགྱུར་བ་ཡི། ། རྒྱལ་སྲས་རྒྱལ་བ་དེ་བཞིན་ཏེ། ། ཀུན་གཞི་དྲི་མེད་བསོད་ནམས་ཀྱིས། ། དེ་བཞིན་གཤེགས་པར་འགྱུར་བ་ཡིན། ། འདི་ལྟ་བུ་ཡི་ཀུན་གཞིའི་ཡུལ། ། སྟུག་ན་གནས་ པའི་རྣལ་འབྱོར་ཅན། ། ཐུབ་བརྩོན་རྣལ་འབྱོར་སྤྱོད་པ་ཡིས། ། རབ་ཏུ་མཐོང་ཞིང་རྣལ་འབྱོར་གྱིས། ། སངས་རྒྱས་དག་དང་རང་སངས་རྒྱས། ། ཉན་ཐོས་རྣམས་དང་མུར་འདུག་གཞན། ། དེ་ཉིད་རྟོགས་ནས་མཐོང་བ་ནི། ། རྣལ་འབྱོར་འཇིགས་མེད་རྣལ་འབྱོར་རོ། ། རྣམ་པར་ ཤེས་པའི་སྤྱོད་ཡུལ་གང་། ། འདི་ལྟར་སྣང་བ་ཅི་ཡང་རུང་། ། རྣམ་པར་ཤེས་པར་གྱུར་པ་སྟེ། །
BOརྫ་ལ་སོགས་པ་ས་མ་ཡིན། ། འདི་ལྟར་ནོར་པ་གང་སྣང་བ། ། སྣ་ཚོགས་རྫ་གྲགས་ཅི་ཡང་རུང་། ། དེ་ནི་ཀུན་གཞི་གྱུར་པ་སྟེ། ། སྣང་བ་ནོར་པའི་མཚན་ཉིད་དོ། ། ཀུན་གཞི་ཆུ་ཀླུང་དེ་ བཞིན་དུ། ། སྣ་ཚོགས་སྣང་མངོན་འགྲོ་བས་མཐོང་། ། བག་ཆགས་རྣམས་ཀྱིས་བསྒོས་པའི་སེམས། ། གཟུང་དང་འཛིན་པ་རབ་ཏུ་འཁོར། ། དངོས་པོ་སྒྱུ་འདྲ་མ་ཡིན་ཏེ། ། སྐྲ་ཡི་ཚོགས་དང་སྨིག་རྒྱུ་མིན། ། སྐྱེས་དང་མ་སྐྱེས་མ་ཡིན་ཏེ། ། སྟོང་དང་མི་སྟོང་ རྣམ་པར་སྤངས། ། དངོས་སུ་གཅིག་མེད་མི་འགྱུར་ཏེ། ། རིང་དང་ཐུང་ལ་སོགས་པ་བཞིན། ། སྒྱུ་མའི་རང་བཞིན་སྐྱེས་པ་ནི། ། གང་ན་ཅི་ཡང་ཡོད་པ་མིན། ། དེ་ནི་རིག་སྔགས་སྒྱུ་མ་སྟེ། ། སྐྱེས་བུ་རྣམས་ལ་རབ་ཏུ་སྣང་། ། སྨིག་རྒྱུ་སྐྲ་ལ་སོགས་པའི་ཚོགས། ། གཉིས་ལས་ཉེ་ བར་མངོན་པ་སྟེ། ། གཅིག་མེད་པར་ནི་གཉིས་པོ་ཡང་། ། མ་བྱུང་འབྱུང་བར་མི་འགྱུར་ཏེ། ། སྒྱུ་ལ་སོགས་པ་རྣམ་བརྟགས་པ། ། འདི་ནི་རྣམ་ཤེས་གྱུར་པའོ། ། སྒྱུ་མེད་སྒྱུ་ཞེས་བྱ་བ་ཡི། ། དངོས་པོ་གང་དང་གང་ཡང་མེད། ། ཅིའང་རུང་སྟེ་གང་ཡོད་པ། ། སྒྱུ་མས་བྱས་པའང་ ཡོད་པ་ཡིན། ། མྱོས་པར་བྱེད་པ་འཇིག་རྟེན་ན། །
BOསེམས་ལ་དབང་མེད་རྣམས་ལ་ཡོད། ། སྒྱུ་མ་དག་གམ་གྱོ་མོ་དག ། སྣ་ཚོགས་སྒྱུ་མས་མ་བྱས་ཏེ། ། གཡོ་བ་གང་དག་ཅི་ཡང་རུང་། ། དེ་ནི་སྣང་མིན་སུས་མི་མཐོང་། ། འདི་ལ་རྣམ་རྟོག་གཡོ་བ་ནི། ། ཁབ་ལོང་དག་ལ་ལྕགས་ བཞིན་ཏེ། ། སེམས་ཅན་མེད་ལ་མི་རྟག་པའི། ། ཤེལ་སྒོང་ནོར་བུ་ཇི་བཞིན་ནོ། ། ཀུན་གཞི་ཀུན་ནས་སྣ་ཚོགས་པ། ། བྱེད་པ་བཞིན་དུ་སྣང་བ་སྟེ། ། སྐྱེ་ཞིང་འཆི་བར་འགྱུར་མོད་ཀྱི། ། འཁོར་བ་པོ་ནི་གང་ཡང་མེད། ། རྨི་ལམ་འདྲ་བར་སྐྱེ་ཤི་དག ། རབ་ཏུ་མཐོང་ན་རྣམ་པར་ འགྲོལ། ། ཐུབ་པ་གང་ཚེ་གྱུར་པ་ན། ། གྲོལ་བ་ཞེས་ནི་བརྗོད་པ་སྟེ། ། རིགས་དང་གཞུང་གིས་བསྟན་པ་ནི། ། སངས་རྒྱས་ཁྱུ་མཆོག་དེ་ཡིན་ནོ། ། ཐམས་ཅད་ཆོས་ལ་མེ་ལོང་བཞིན། ། སྲང་ཡིན་དེ་བཞིན་ཚད་མ་སྟེ། ། དངོས་པོ་ཀུན་ལ་སྒྲོན་མ་བཞིན། ། ཁབ་ལོང་བ་ཡི་རྡོ་ལྟར་ གནས། ། རྣལ་འབྱོར་ལམ་གྱི་མཚན་ཉིད་དེ། ། འཇིག་པ་རྣམས་ཀྱང་རྣམ་པར་བཟློག ། བསམ་གཏན་པ་ཡི་བསམ་གཏན་མཆོག ། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། ། ཀུན་ནས་ཉོན་མོངས་ཟད་པར་བྱེད། ། ལམ་ཡང་རྣམ་པར་སྦྱོང་བའོ། ། དམ་པའི་དོན་གྱི་སྤྱོད་ཡུལ་ཏེ། ། འགྱུར་ བ་རབ་ཏུ་སྟོན་པའོ། །
BOའཕགས་པ་རྒྱན་སྟུག་པོ་ལས་ལེའུ་བདུན་ནོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་ཕྱོགས་བཅུར་བལྟས་ཏེ། གཙུག་གི་རིན་པོ་ཆེའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། དབང་བྱེད་ཀྱི་གནས་ དང་། ནོར་བུ་རིན་པོ་ཆེའི་སྙིང་པོའི་ཕོ་བྲང་ན་གནས་པའི་རྒྱལ་བའི་སྲས་རྣམས་ལའང་སྣང་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འགོད་པ་སྟོན་པ་ལ་སྨྲས་པ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འགོད་པ་སྟོན་པ་ཁ་བ་ཡོད་པའི་ངོས་ལ་{རི་དགས་,རི་དྭགས་} ཐམས་ཅད་གསོད་པ་ཞེས་བྱ་བའི་{རི་དགས་,རི་དྭགས་}ཀྱི་རིགས་ཤིག་ཡོད་དེ། དེ་ནི་གཅོམ་སྒྱུ་བརྒྱ་སྟོང་གིས་{རི་དགས་,རི་དྭགས་}མང་པོ་ཉེ་བར་བྲིད་ཅིང་ཐབས་ལ་བབ་པའི་{རི་དགས་,རི་དྭགས་}རྣམས་བསད་ཅིང་ཟའོ། ། {རི་དགས་,རི་དྭགས་}དྲུས་མ་ཕྲུ་གུ་དང་བཅས་པ་མཐོང་ནའང་ཕྲུ་གུའི་སྐད་དུ་འབོད་དོ། ། {རི་དགས་,རི་དྭགས་}རྭ་ཅན་མཐོང་ ནའང་རྭ་དེ་དང་འདྲ་བར་བསྒྱུར་ཏེ་གན་དུ་འགྲོའོ། ། དེ་ནས་དེ་དག་དེ་ལ་བག་རྟོན་པ་དང་། དེས་དེ་དག་བག་རྟོན་པར་རིག་ནས་བསད་ཅིང་བསད་ཅིང་ཟའོ། ། རྭ་མཐོང་ནའང་རྭའི་གཟུགས་སུ་བསྟན་ཏེ།
BOདེ་དག་བག་ཕབ་ནས་ཇི་ལྟར་འདོད་པར་བསད་ཅིང་བསད་ཅིང་ཟ་སྟེ། ཇི་ལྟར་རི་ དགས་ཞེ་གཏུམ་པའི་ངང་ཚུལ་ཅན་དེ་རྣམ་པ་སྣ་ཚོགས་ཀྱིས་{རི་དགས་,རི་དྭགས་}གསོད་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པའང་ཕས་ཀྱི་རྒོལ་བ་མུར་འདུག་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ། བདག་གི་ཆོས་ཉིད་ཀྱི་རྣམ་པར་གནས་པ། འཛིན་པ་དེ་དང་དེ་དག་གིས་བཅིངས་པ་དེ་དང་དེ་ དག་ལ་དེ་ལྟ་དེ་ལྟ་བུའི་རང་བཞིན་གྱི་བདག་ཉིད་ཀྱིས་བདག་ཏུ་སྨྲ་བ་ཡོངས་སུ་རྟོག་ཅིང་རྡུལ་ཕྲ་མོ་ཡན་ཆད་དུ་རབ་ཏུ་ཤེས་པར་བྱེད་པ་དེ་དག་ལ་དེའི་བདག་ཏུ་འཛིན་པ་ཉིད་དུ་གནས་པ་ནི་གཞན་དུ་རྣམ་པར་ཤེས་པ་ཙམ་དུ་མི་གནས་པའི་བར་དུ་སྟེ། བདག་ཡོངས་སུ་རྟོགས་པར་བྱེད་པ་རྣམས་ ཀྱིས་ནི་ཡིད་དང་དབང་པོ་དང་དོན་དུ་ལྡན་པ་ལས་ཤེས་པ་སྐྱེ་བ་མཐོང་གི། བདག་དང་ཡིད་དང་དབང་པོ་དང་། དོན་འདུས་པའི་རྒྱུ་ལས་ནི་མ་ཡིན་ནོ། ། དཔེར་ན་མེ་ཏོག་དང་གོས་སུ་ཕྲད་ན་བསུང་གི་ཁྱད་པར་དུ་འགྱུར་གྱི། མ་ཕྲད་པར་ནི་བསུང་དམིགས་པར་མི་འགྱུར་རོ། ། དེ་བཞིན་དུ་ སེམས་དང་། སེམས་ལས་བྱུང་བ་དང་། ཡིད་དང་རྣམ་པར་ཤེས་པ་རྣམས་མ་གཏོགས་པར་དོན་དེ་མ་ཡིན་པར་གྱུར་པ་སྣོད་དང་བདར་ལྟ་བུའམ།
BOམེ་མར་དང་རྫ་ལྟ་བུའམ། སྨིག་ལོང་དང་ཨི་ཤ་ཀ་ལྟ་བུ་གཞན་ནི་གང་ཡང་མེད་དེ། རྒྱུ་དང་རྐྱེན་ལས་སེམས་ དང་སེམས་ལས་བྱུང་བའི་ཚོགས་རབ་ཏུ་འབྱུང་ཞིང་བདག་མེད་ལ་ཕྲ་བ་དང་། བསྐྱེད་དུ་མི་རུང་བ་དང་། ཆ་མེད་པ་དང་། དག་ཅིང་ཐོག་མ་ནས་འོད་སྣང་བ་དང་། ཡུལ་རྣམ་པར་རིག་པའི་རྣལ་འབྱོར་ཅན་རྣམས་ཀྱི་འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་མ་གཏོགས་པར་རྟོགས་པར་ བྱེད་པ་རྣམས་ཀྱིས་མི་དམིགས་སོ། ། འདི་ཉིད་ནི་{རི་དགས་,རི་དྭགས་}ཀྱི་གཅམ་ཞེ་གཏུམ་པོ་ལྟ་བུར་འཇིག་རྟེན་རྣམས་ལ་ཡོད་པ་དང་། མེད་པ་དང་། གཅིག་པ་དང་། མང་པོ་དང་། ཐམས་ཅད་དང་། ཐམས་ཅད་མ་ཡིན་པའི་ལྟ་བསྐྱེད་པར་བྱེད་པ་སྟེ། ལུས་ཅན་རྣམ་པར་རིག་པ་ཙམ་དུ་ཁོང་ དུ་མ་ཆུད་པའི་རྣམས་བདག་དང་བདག་གིར་སྨྲ་བ་ལ་མངོན་པར་ཞེན་པར་ཡང་ལྟུང་བར་བྱེད་དོ། ། མི་ཤེས་པའི་ཕྱིར་ཆོས་ཁོང་དུ་ཆུད་པར་འདོད་པའི་བློས་འཁོར་བའི་རྒྱུད་ཀྱི་འཁོར་ལོ་ལ་ཞོན་ཞིང་འདི་དང་ཕ་བི་ནས་རབ་ཏུ་རྒྱུག་སྟེ། དགེ་བའི་བཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང་བྲལ་བ། རང་གི་ཕྱོགས་ལས་རིང་བ་བས་ཀྱང་ཆེས་རིང་བར་ཉམས་པའི་བློ་ཅན།
BOའཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཐོབ་པར་མི་ནུས་པ། ཐེག་པ་གསུམ་ལས་འགའ་ཙམ་ལའང་མི་འཇུག་པའི་རྣམ་པ་འཛིན་པ་ལས་རྣམ་པར་ཕྱིར་ལྡོག་པ་མ་སྐྱེས་ཀྱི་བར་དུ་ འཕགས་པའི་བདེན་པ་མི་མཐོང་བས། སྟུག་པོའི་དཀྱིལ་འཁོར་གྱི་སྐལ་བ་ཅན་རྣམས་ཀྱང་སྟུག་པོའམ་སྟུག་པོའི་སྒྲ་ཡང་མི་ཐོས་སོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འགོད་པ་སྟོན་པ་འདི་ནི་རྣལ་འབྱོར་ཅན་རྣམས་ཀྱི་ལྟ་བ་ཡོངས་སུ་སྦྱང་བ་སྟེ། འདི་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་ གཞན་གྱིས་ཀྱང་བརྩོན་པར་གྱིས་ཤིག ། སངས་རྒྱས་ཀྱི་ཞིང་སྟུག་པོར་འཇུག་པའི་གཏམ་གྱི་ཚུལ་ཡང་རྣལ་འབྱོར་ཅན་རྣམས་ལ་སྟོན་ཅིག ། རང་གི་རྣམ་པར་རིག་པའི་ཡུལ་ཞེས་བྱ་བ་སྟེ་ལེའུ་བརྒྱད་དོ། ། ། ། ཁབ་ལོང་རྡོ་ལ་ཇི་ལྟར་ལྕགས། ། ཡོངས་ཀྱིས་ ཀུན་ཏུ་རབ་འཁོར་བ། ། དེ་བཞིན་ཕུང་པོའི་ཤིང་རྟ་སྟེ། ། སྟོང་ཞིང་བག་ཆགས་བྱུང་བ་འཁོར། ། རྩྭ་དང་འཇིམ་པ་ཤིང་སྨིག་དང་། ། ཐག་པ་རྣམས་སུ་འདུས་ཚོགས་ལས། ། ཁྱིམ་དུ་ཇི་ལྟར་སྣང་གྱུར་པ། ། དེ་བཞིན་ཕུང་པོའི་གཟུགས་འདིའོ། ། ལྕགས་དང་ཁབ་ལོང་ རོ་ལངས་ལ། ། སེམས་ཅན་ཉེ་བར་དམིགས་མེད་ཀྱང་། ། ཐམས་ཅད་སེམས་ཅན་ལྟ་བུར་གཡོ། །
BOདེ་བཞིན་ཕུང་པོ་བདག་མེད་པའོ། ། རྒྱལ་སྲས་ཕྱག་ན་རིན་ཆེན་གྱིས། ། གཟུགས་མང་རྒྱལ་མཆོག་ལ་སྨྲས་པ། ། མཉམ་བཞག་རྡོ་རྗེའི་སྙིང་པོ་ལ། ། རྒྱལ་པོ་ཁྱོད་ཀྱིས་དྲི་ བར་བྱོས། ། རྒྱལ་སྲས་འཇིགས་མེད་མཁས་པའི་རྣམས། ། ཀུན་གྱིས་ཐོས་པར་འགྱུར་བ་ནི། ། བརྟག་བྲལ་བརྟག་པར་མི་ནུས་པ། ། བརྗོད་པས་རྣམ་པར་སྤངས་པ་སྟེ། ། མིང་དང་མིང་ཅན་རྣམ་བྲལ་བ། ། འོན་ཀྱང་འདུ་བ་དེ་བཞིན་ཏེ། ། སྣ་ཚོགས་གྱུར་པའི་ས་འདི་ ཡི། ། རང་བཞིན་ཅི་དང་ཅིར་གནས་པ། ། དེ་ནས་གཟུགས་མང་རྒྱལ་པོ་ཡིས། ། རྡོ་རྗེ་སྙིང་པོ་འཇིགས་མེད་ལ། ། རྗེས་སུ་འབྲེལ་བའི་སྐབས་དྲིས་པ། ། དངོས་པོ་དོན་གཞན་བརྟག་པ་སྟེ། ། རྡོ་རྗེའི་དབང་པོའི་དངོས་པོ་གང་། ། ལ་ལ་རབ་ཏུ་བརྟག་བྱ་བ། ། མིང་དང་འདུ་ ཤེས་སོགས་པའི་ཡུལ། ། ཡོད་དམ་རྡོ་རྗེ་སྙིང་པོས་སྨྲོས། ། མིང་རྣམས་སུས་བྱས་ཇི་ལྟ་བུ། ། མིང་ནི་ཅི་ལ་རབ་ཏུ་གནས། ། མི་མགོན་ཚིག་ནི་ཐོས་པ་དང་། ། རྡོ་རྗེའི་སྙིང་པོས་དེ་ལ་སྨྲས། ། འདི་དག་ཐམས་ཅད་མིང་ཙམ་སྟེ། ། འདུ་ཤེས་ཙམ་ལ་རབ་ཏུ་གནས། ། བརྗོད་ལས་ཐ་དད་གྱུར་པ་ཡི། ། བརྗོད་པར་བྱ་བ་ཡོད་པ་མིན། ། ཕུང་པོ་བཞི་པོ་མིང་ཡིན་ཏེ། །
BOགཟུགས་ཀྱང་ཙམ་ཞེས་རྣམ་པར་བརྟག ། ཙམ་ལ་མིང་དུ་བཏགས་པ་ནི། ། སྐྱེས་བུ་འདི་ཞེས་བྱ་བ་སྟེ། ། ཙམ་ལ་མཚན་མ་ཞེས་བྱ་བར། ། རྒྱལ་བ་རྒྱལ་སྲས་དག་གིས་ གསུངས། ། མཚན་མ་མེད་པར་མིང་དུ་ནི། ། དེ་དག་རྣམ་པར་རྟོག་མི་ནུས། ། དེ་བས་མཚན་མ་རྟེན་བྱས་ཤིང་། ། མིང་དུ་ཀུན་ནས་བརྟག་པ་ཡིན། ། ཇི་ལྟར་ལྡིང་དང་ལྔ་བྱིད་དང་། ། བར་པ་ང་ཡང་ཡོད་པ་མིན། ། མཚན་མ་མེད་པར་ཅི་ཡང་རུང་། ། བྱིས་པས་དེ་ལ་ རྣམ་མི་བརྟག ། དེ་བཞིན་ས་འདི་ཐམས་ཅད་ཀྱང་། ། མཚན་མ་མེད་པར་ཡོད་པ་མིན། ། ཅི་ཡང་མཚན་མར་མི་རྟོག་པ། ། མཚན་མ་ཡོད་ན་རྣམ་པར་བརྟག ། རྫ་དང་སྣམ་བུ་ཤིང་རྟ་དག ། གཟུགས་ཡོད་པ་ལ་རྣམ་པར་བརྗོད། ། འཇིག་རྟེན་འདི་ནི་ འདི་ཙམ་སྟེ། ། གཟུགས་ཙམ་རྣམ་པ་གཞན་མི་འགྱུར། ། ཙམ་ལ་མིང་དུ་བརྟགས་པ་སྟེ། ། འདི་ལ་ཡང་དག་མིང་ཡོད་མིན། ། མིང་མེད་རྣམ་པར་བྲལ་བར་ཡང་། ། ས་རྣམས་ཐུབ་པས་མཐོང་བ་ན། ། རྣམ་པར་རྟོག་པ་རབ་ཏུ་འཇུག ། རྣམ་རྟོག་མེད་པ་མི་སྐྱེའོ། ། ཚེར་སྐྱེ་མེད་པ་གཞན་གྱུར་པ། ། མི་ཟད་དེ་ལ་སྐྱེ་བར་འགྱུར། ། རྒྱུ་མེད་ཕྱིར་ན་མིང་མེད་དེ། ། འདུ་ཤེས་ཙམ་ལ་རྣམ་པར་རྟོག ། དེ་བས་རྒྱལ་པོས་རྟག་པར་ཡང་། །
BOའདུ་ཤེས་མ་ཡིན་འདུ་ཤེས་སྒོམས། ། འདི་དག་ཐམས་ཅད་འདི་ཙམ་སྟེ། ། ཐམས་ཅད་ལས་ནི་ གཞན་མེད་དོ། ། ཙམ་ནི་གཟུགས་སུ་ཤེས་པར་བྱ། ། དེ་བཞིན་ལུས་དང་གཟུགས་དང་དབྱིབས། ། ཆ་ལུགས་རིང་དང་སྐུ་ཡངས་ཏེ། ། མཚན་མ་དང་ནི་རྣམ་གྲངས་གཅིག ། འདུ་ཤེས་མིང་དང་རྣམ་རྟོག་དང་། ། བརྗོད་དང་ཁྱད་པར་ལྷན་ཅིག་སྟེ། ། ཙམ་དང་མཚན་མ་འདུ་ ཤེས་སུ། ། སྤྱོད་པར་རབ་ཏུ་གདགས་པ་སྟེ། ། ཙམ་ལ་གནས་དེ་མིང་རྣམས་ཀྱང་། ། ཀུན་རྫོབ་དོན་དུ་རྣམ་པར་བརྟགས། ། བརྗོད་པ་མེད་པར་དངོས་པོ་ནི། ། མ་བྱུང་འབྱུང་བར་མི་འགྱུར་ཏེ། ། རྣམ་ཤེས་རྣམས་ཀྱི་འབྱུང་བ་ཡང་། ། རྟོག་བྱ་མེད་པར་ཡོད་པ་མིན། ། རྟོག་ བྱ་མིང་དང་ཙམ་པོ་ནི། ། ས་རྣམས་ཐམས་ཅད་དེ་ཉིད་དེ། ། དངོས་པོ་གང་ལ་གང་མིང་གིས། ། བརྟག་པར་བྱ་བ་དེ་བཞིན་མེད། ། འདི་ནི་ཆོས་རྣམས་ཆོས་ཉིད་དེ། ། བརྟགས་ན་གནས་པ་མེད་པའོ། ། འདི་དག་ཐམས་ཅད་མིང་ཙམ་སྟེ། ། འདུ་ཤེས་ཅན་གྱི་དངོས་པོ་མེད། ། དེ་མེད་པས་ན་མིང་མེད་དེ། ། མིང་མེད་པས་ན་རྣམ་མི་བརྟག ། རྣམ་པར་མི་རྟོག་ཞིར་འགྱུར་བ། ། བསྲེག་པ་ཚིག་པའི་མེ་བཞིན་ཏེ། ། ཁུར་ཙས་ཇི་ལྟར་ཁུར་བསྐུར་བ། ། དེ་དང་ཐ་དད་མཚན་ཅན་ཏེ། །
BOདེ་བཞིན་ཙམ་ནི་མིང་གི་ཁུར། ། དེ་དང་ཐ་དད་མཚན་ཉིད་ཁྱེར། ། སེམས་ལ་ཙམ་ཞེས་རྣམ་པར་བརྟགས། ། མིང་གིས་ཙམ་དུ་སེམས་ཙམ་གྱིས། ། འདི་ནི་སྐྱེས་བུ་སྡོང་པོ་ཞེས། ། ཅི་ཡང་རུང་སྟེ་མིང་ཙམ་བརྟག ། འབྱུང་བ་རྣམས་དང་འདུས་པ་དང་། ། ཙམ་ཡང་གཟུགས་ལ་རྣམ་པར་བརྟག ། ཙམ་པོ་མེད་པར་འབྱུང་བ་ཡི། ། ཙམ་ ཞེས་བྱ་བ་མི་དམིགས་ཏེ། ། བུམ་པའི་ངོས་ལ་ཡོན་ཏན་ལྟར། ། ཙམ་ལ་མིང་ནི་རྣམ་པར་གནས། ། བུམ་པ་བུམ་པའི་དངོས་པོ་ཡིས། ། རྣམ་པར་དབེན་ཞིང་མིང་དང་བྲལ། ། བུམ་པ་བུམ་པའི་དངོས་པོར་རམ། ། མིང་ཡང་མིང་དུ་གནས་པ་མེད། ། རྣལ་འབྱོར་ཅན་གྱིས་ གང་གི་ཚེ། ། མིང་ཙམ་གཡོ་བ་མེད་པ་དང་། ། རྣམ་རྟོག་གཉིས་དང་འབྲེལ་བ་ཡི། ། མིང་ཙམ་ཡོད་མེད་མཐོང་བ་ན། ། ཇི་ལྟར་མེ་ལྡན་ལྕགས་རྣམས་དང་། ། སྤྲ་ཚིལ་དག་ཀྱང་རྒྱ་སྐྱེགས་ཀྱང་། ། ཆུ་དང་མཉམ་པར་ཁུ་བར་འགྱུར། ། འོན་ཀྱང་ཆུ་ཡི་ཡོན་ཏན་མེད། ། དེ་ བཞིན་ཀུན་གཞི་རྣམ་ཤེས་པ། ། རྣམ་ཤེས་བདུན་དང་ལྷན་ཅིག་ཏུ། ། རྟག་ཏུ་ལུས་སུ་འཇུག་པར་བྱེད། ། རྣམ་པར་ཤེས་པས་ཡུན་དུ་སྤངས། ། ཁབ་ལོང་རྡོ་ལས་རྟེན་བྱས་ཤིང་། ། ལྕགས་ནི་སེམས་ཅན་བཞིན་འཁོར་ཡང་། ། དེ་དག་གཉིས་ཀ་བྱེད་པ་མེད།
BO། སེམས་ ཅན་གསོན་པོ་བཞིན་དུ་གཡོ། ། སེམས་ནི་བདུན་ཞེས་བགྲང་བ་ཡིན། ། ཀུན་གཞི་བརྒྱད་པ་དེ་བཞིན་ནོ། ། བག་ཆགས་སྲད་བུས་བརྒྱུས་པས་ན། ། སེམས་ཅན་བཞིན་གཡོ་སེམས་ཅན་མེད། ། ལུས་ན་ཀུན་ཏུ་རྒྱས་པར་འདུག ། འགྲོ་བ་དོག་པར་འཁོར་བ་སྟེ། ། གཅིག་ ལས་གཅིག་གིས་མི་ཤེས་པ། ། བྱེད་མེད་ལྕགས་དང་ཁབ་ལོང་བཞིན། ། མགོ་བོ་དུ་མ་ལྕེ་མང་པོ། ། ཁ་མང་ལག་པ་དུ་མ་དང་། ། ལུས་ཀྱང་དུ་མར་རབ་བསྒྱུར་ཅིང་། ། དེ་བཞིན་གཤེགས་ལ་མཆོད་བྱེད་པ། ། ཤིན་ཏུ་མང་བའི་ཞིང་གི་རྣམས། ། ཚད་མེད་སྟོང་དུ་འགྲོ་བྱས་ ཤིང་། ། དེ་དང་དེར་ཡང་མགོན་པོའི་རྣམས། ། དེ་དག་ཀུན་ལ་རྟག་མཆོད་བྱེད། ། རི་རབ་རི་དང་མཉམ་པ་ཡི། ། མེ་ཏོག་ན་བཟའ་ཆར་མང་པོ། ། སྣ་ཚོགས་རྣམ་པ་ཐ་དད་པས། ། དེ་དག་མཆོད་པ་རབ་ཏུ་བྱེད། ། ཕྲེང་བ་ཕྲེང་ཕྱེད་ཅོད་པན་དང་། ། རིན་ཆེན་བརྒྱན་པ་སྣ་ཚོགས་ ཀྱིས། ། ཐམས་ཅད་མཁྱེན་དང་རྒྱལ་སྲས་ལ། ། རྟག་པར་མཆོད་པ་རབ་ཏུ་བྱེད། ། སྤྲིན་ལྟ་བུ་ཡི་གཞལ་མེད་ཁང་། ། སྣ་ཚོགས་མང་པོའི་གཟུགས་འགྱུར་བ། ། མཐའ་མ་ནམ་མཁའི་མུ་དང་མཉམ། ། གཞན་ཡང་རྡུལ་ཕྲན་རྡུལ་སྙེད་ཀྱི། ། སྤྲུལ་ མང་ལྷ་ཡི་བུ་མོ་ཡིས། །
BOརོལ་མོ་སིལ་སྙན་རབ་བསྒྲགས་ཏེ། ། གཞལ་མེད་དག་ལ་མངོན་གནས་ནས། ། དེ་བཞིན་གཤེགས་ལ་མཆོད་པ་བྱེད། ། སྟོབས་དང་མངོན་ཤེས་དབང་ཐོབ་ཅིང་། ། དོག་པའི་ས་ནས་མ་ཉམས་པ། ། ཆོས་ཀྱི་སྤྲིན་ལས་འཐོན་གྱུར་ནས། ། སངས་རྒྱས་ས་ལ་ཞུགས་པའི་རྣམས། ། སྒྱུ་མ་དཔའ་བར་འགྲོ་ལ་སོགས། ། ཏིང་ངེ་འཛིན་ལ་མཉམ་བཞག་སྟེ། ། གཟུངས་ལ་མཁས་པར་གྱུར་པའི་རྣམས། ། དེ་བཞིན་གཤེགས་ལ་མཆོད་པ་བྱེད། ། སངས་རྒྱས་ཡང་དག་བརྗོད་མོས་རྣམས། ། མཐའ་ཡས་ཞིང་ དུ་འགྲོ་བྱས་ཤིང་། ། ཡང་དག་ཡོན་ཏན་ལྡན་པ་དག ། སངས་རྒྱས་ཡོན་ཏན་རབ་ཏུ་བརྗོད། ། དཔུང་དང་བཅས་པའི་བདུད་བཅོམ་སྟེ། ། རྒྱལ་བ་དག་དང་ཐབས་ཅིག་ཏུ། ། རྒྱལ་སྲས་སོ་སོ་རང་རིག་པའི། ། རྟོགས་པར་བྱ་བའི་ཏིང་འཛིན་སྒོམ། ། གནས་གཞན་གྱུར་ པའི་ཡོན་ཏན་ཅན། ། ཆོས་ལ་བདག་མེད་སྟོན་པའི་རྣམས། ། སྤྲོས་པ་ཐམས་ཅད་རྒྱུན་བཅད་ཅིང་། ། དམ་པའི་དོན་ལ་རྣམ་སྒོམ་པ། ། ཆོས་ལྔ་རྣམས་ཀྱི་རང་བཞིན་དང་། ། རྣམ་ཤེས་བརྒྱད་ལའང་དེ་བཞིན་ཏེ། ། མཁས་པ་བྱས་པར་རྟག་གྱུར་ཅིང་། ། མཉམ་པར་ བཞག་རྣམས་མཆོད་པར་བྱེད། ། ཤིན་ཏུ་ཕྲ་བའི་རྡུལ་འདྲ་དང་། ། དེ་བཞིན་ཆེན་པོའི་ལུས་ཀྱིས་ཀྱང་། །
BOསྣ་ཚོགས་པ་ཡི་གཟུགས་གྱུར་ནས། ། དེ་བཞིན་གཤེགས་ལ་མཆོད་པ་བྱེད། ། ས་རྣམས་ཀུན་ཀ་བདག་ལུས་དང་། ། ཡུངས་ཀར་འབྲུར་ཡང་རབ་འཛུད་བྱེད། ། རྒྱ་ མཚོ་བ་ལང་རྗེས་སུ་བྱེད། ། བ་ལང་རྗེས་ཀྱང་གང་ཆེན་མཚོར། ། སྤུ་གཅིག་རྩེ་མོར་བརྟན་གཡོ་བའི། ། འགྲོ་བ་རབ་ཏུ་འཛུད་བྱེད་ཀྱང་། ། གནོད་པར་བྱེད་པ་མ་ཡིན་ཏེ། ། འགྲོ་བ་དག་ན་རྣམ་པར་སྤྱོད། ། ལོངས་སྤྱོད་ཅན་གྱི་སྐྱིད་ལོངས་ཡུལ། ། ཉི་ཟླ་ས་དང་མཉམ་པ་སྟེ། ། འཚིག་མེད་ས་དང་འདྲ་བར་ཡང་། ། རྣམ་པ་ཀུན་གྱིས་ཕན་འདོགས་ཤིང་། ། མེ་དང་རླུང་དག་འདྲ་བ་སྟེ། ། རྟག་ཏུ་ཆུ་དང་སྨན་འདྲ་བ། ། རིན་ཆེན་ཁམས་ཀྱི་འབྱུང་ཁུངས་ལྟར། ། སེམས་ཅན་ཀུན་ཀྱང་ཉེ་བར་འཚོ། ། སྐྱེས་པ་མེད་ཅིང་འགགས་པ་མེད། ། མ་ཆད་རྟག་པ་ འང་མེད་པ་སྟེ། ། ཐ་དད་དོན་མིན་དོན་གཅིག་མིན། ། འགྲོ་མེད་འོང་བ་མེད་པའི་རྣམས། ། རྣམ་པར་བརྟགས་པའི་མིང་དག་དང་། ། ཀུན་དུ་བརྟགས་པའི་རང་བཞིན་གྱིས། ། སེམས་ཅན་རྣམས་ཀྱི་དོན་བྱེད་པ། ། མིང་དང་མིང་མེད་རྣམ་སྤངས་དག ། སྒྱུ་མ་ལྟ་བུ་རྨི་ལམ་འདྲ། ། དྲི་ཟའི་གྲོང་ཁྱེར་དཔེ་བཞིན་ཏེ། ། སྨིག་རྒྱུ་ཆུ་ཡི་ཟླ་བ་འདྲ། ། རང་བཞིན་ཀུན་དུ་བརྟགས་པ་དག །
BOགློག་དང་སྤྲིན་དང་དུ་བ་དང་། ། མགལ་བའི་འཁོར་ལོ་སྨིག་རྒྱུ་འདྲ། ། འདི་ཚུལ་བརྟགས་པའི་ཆོས་རྣམས་ནི། ། རང་བཞིན་ཀུན་དུ་བརྟགས་པ་སྟེ། ། གང་དང་གང་གི་མིང་རྣམས་ ཀྱིས། ། ཆོས་རྣམས་གང་དང་གང་བརྗོད་པ། ། དེ་ནི་དེ་ན་ཡོད་པ་མིན། ། ཀུན་ཏུ་བརྟགས་པའི་རང་བཞིན་ནོ། ། འདི་དག་ཐམས་ཅད་མིང་ཙམ་སྟེ། ། འགྲོ་བ་འདི་ནི་མིང་ཙམ་མོ། ། བརྗོད་པ་དང་ནི་ཐ་དད་པ། ། བརྗོད་པར་བྱ་བ་གང་ཡང་མེད། ། འདི་ནི་ས་ཡི་རང་བཞིན་ཏེ། ། ཀུན་ཏུ་བརྟགས་པ་རབ་ཏུ་བསྟན། ། མིག་དང་གཟུགས་ལས་བརྟེན་བྱས་ཤིང་། ། གསུམ་ལས་ཡིད་དེ་འབྱུང་བ་ཡིན། ། རྔ་སྒྲ་མེ་ནི་འདུ་འཕྲོད་ལས། ། མྱུ་གུ་ས་བོན་ས་ལས་རིམ། ། ཁང་པ་ལ་སོགས་སྣ་ཚོགས་དང་། ། སྣམ་བུ་རྫ་ལ་སོགས་པ་དང་། ། ལུས་ཅན་རྣམས་ དང་ཆོས་རྣམས་ཀྱི། ། འདི་ནི་རང་བཞིན་གཞན་དབང་ངོ་། ། དོན་རྣམས་དོར་བ་མེད་པ་དང་། ། གང་ཡང་ཟག་པ་མེད་པའི་ཆོས། ། སོ་སོ་རང་རིག་རྒྱུད་རྣམས་དང་། ། ཆོས་ལ་བདག་མེད་ཉིད་དག་ནི། ། ཐམས་ཅད་ཆོས་ཀྱི་གྲུབ་པ་སྟེ། ། རང་བཞིན་དུ་ནི་དེ་བརྟགས་སོ། ། རང་བཞིན་གྱིས་ནི་ཆོས་ཀྱི་རྣམས། ། ཐ་དད་མཚན་དུ་བསྒྲགས་པ་སྟེ། ། ཆོས་རྣམས་ཐམས་ཅད་འདྲེས་པར་ནི། །
BOརང་བཞིན་མེད་ན་རབ་ཏུ་འགྱུར། ། གཅིག་མིན་རྫས་རྣམས་འདུས་པ་ལས། ། སྒྱུ་མའི་མཁན་པོས་གཅིག་མིན་གཟུགས། ། རྟོགས་པར་སླ་བ་ མ་ཡིན་པའི། ། སྒྱུ་མའི་{རི་དགས་,རི་དྭགས་}བྱས་པ་བཞིན། ། དེ་ལྟར་དངོས་པོ་ཐམས་ཅད་ཀྱང་། ། རྣམ་པར་རྟོག་པས་རྣམ་པར་བརྟགས། ། རྟོག་པར་མི་རུང་མི་གཅིག་གཟུགས། ། ཀུན་ཏུ་བརྟགས་པའི་རང་བཞིན་ནོ། ། སྣ་ཚོགས་ནོར་བུ་འདྲ་བ་ཡི། ། {རི་དགས་,རི་དྭགས་} རྫས་ཀྱི་རྒྱུ་ཚོགས་ནས། ། སྒྱུ་མའི་མཁན་པོས་རྣམ་བྱས་དང་། ། སེམས་ཅན་ཀུན་གྱི་གཟུགས་བཞིན་ཏེ། ། དེ་ལྟར་དངོས་པོ་འདི་དག་ཀུན། ། རྣམ་པར་རྟོགས་པས་རྣམ་པར་བརྟགས། ། རང་བཞིན་རྟོགས་པར་དཀའ་བ་སྟེ། ། ཀུན་ཏུ་བརྟགས་པའི་རང་བཞིན་ནོ། ། ཇི་ ལྟར་ནོར་བུ་སྣ་ཚོགས་གཟུགས། ། ཚོན་དང་ཕྲད་ན་རྣམ་པར་མཛེས། ། དེ་བཞིན་ས་རྣམས་ཀུན་ཀ་སྟེ། ། རྟོག་པས་རྣམ་པར་བརྟགས་བྱས་ན། ། ཡོན་ཏན་དངོས་སུ་མི་གནས་ཏེ། ། སྒྱུ་མ་རྨི་ལམ་སྤྲིན་དང་འདྲ། ། སྨིག་རྒྱུ་ཆུ་ཟླ་ལྟ་བུ་སྟེ། ། ཀུན་ཏུ་བརྟགས་པའི་རང་བཞིན་ ནོ། ། ཇི་ལྟར་དྲི་ཟའི་ཁང་པ་དག ། ཁང་པ་མ་ཡིན་ཁང་པར་སྣང་། ། རྒྱུ་མེད་པར་ཡང་མི་སྣང་སྟེ། ། དེ་བཞིན་ས་རྣམས་སྣ་ཚོགས་ཉིད། །
BOཉི་ཟླ་གཞལ་ཡས་ཁང་རྣམས་དང་། ། ཐ་མལ་རི་དང་རིན་ཆེན་རི། ། དུ་བ་སྤྲིན་གྱི་གནོད་པས་ནི། ། ནམས་ཀྱང་ཉེས་པར་མི་ འགྱུར་ཏེ། ། བདག་དང་གཞན་དང་གཉིས་ཀ་ལས། ། རྟོག་པས་རྣམ་པར་བརྟག་བྱས་ན། ། དངོས་ཉིད་མི་འགྲུབ་དངོས་རྣམས་ཀྱི། ། རང་བཞིན་ཀུན་ཏུ་བརྟག་པའོ། ། རྒྱུ་ལས་དངོས་པོ་མི་འབྱུང་སྟེ། ། རྒྱུ་མེད་ལས་ཀྱང་མ་ཡིན་ནོ། ། རང་བཞིན་ཞེས་བྱ་རྣམ་རྟོག་ སྟེ། ། དངོས་དང་དངོས་མེད་རྣམ་པར་བརྟགས། ། མཚན་མ་ལ་ནི་མིང་རྟེན་ཏེ། ། གཉིས་ལ་རྣམ་པར་རྟོག་པ་གནས། ། ཡང་དག་ཤེས་དང་དེ་བཞིན་ཉིད། ། རྣམ་པར་རྟོག་པ་ཟློག་པའོ། ། སེམས་ནི་མཚན་མ་འདྲ་བ་སྟེ། ། མཚན་མ་ཡིད་ལ་གནས་པ་ཡིན། ། ཡིད་ལ་ སེམས་རྣམས་ལྔ་པོ་ནི། ། དབའ་རླབས་བཞིན་དུ་རབ་ཏུ་འབྱུང་། ། སེམས་ནི་བག་ཆགས་རྒྱུ་བ་སྟེ། ། བག་ཆགས་རྣམས་ལ་ཐོག་མ་མེད། ། ཐོག་མ་མེད་པའི་བློ་ཡི་ཡུལ། ། ཡུལ་ནི་སེམས་ཀྱི་ནོར་བའོ། ། སེམས་ནི་ཡུལ་དང་འདྲ་བ་སྟེ། ། ས་རྣམས་ཡུལ་ཞེས་བྱ་བ་ཡིན། ། ཐམས་ ཅད་ས་བོན་ཀུན་གཞི་ལ། ། རྣམ་པར་ཤེས་པ་ཀུན་ཀྱང་གནས། ། རྣམ་ཤེས་བདུན་པོ་ཀུན་གཞི་ལས། ། རབ་ཏུ་འབྱུང་ངོ་ཕན་ཚུན་དང་། ། སེམས་ཀྱི་རྣམས་དང་ཀུན་གཞི་ལ། །
BOརྟག་མེད་ཆད་པའང་མེད་པ་སྟེ། ། ས་རྣམས་ཐམས་ཅད་ཀུན་གཞི་ཡིན། ། བར་སྣང་རྣམ་པར་གནས་ པ་སྟེ། ། གསུམ་པོ་འདུས་པའི་རྐྱེན་བྱུང་བ། ། བདག་དང་དབང་པོ་དག་ལས་བྱུང་། ། ལུས་ཅན་རྣམས་ཀྱི་རྣམ་ཤེས་ནི། ། ཡུལ་རྣམས་རྙེད་ནས་འབྱུང་བ་སྟེ། ། འདི་ནི་རྟོག་པ་ཅན་གྱི་ཚུལ། ། རྒྱུ་དང་ལས་ཀྱི་རྒྱུས་བྱུང་བ། ། དབང་པོ་ས་རྣམས་ཐམས་ཅད་དང་། ། ཚངས་ལ་སོགས་ པ་ཕྱི་རོལ་དང་། ། དེ་དག་ལྷ་མིན་ལས་ཀྱང་མིན། ། རྡུལ་ཕྲན་གྱིས་ཀྱང་ས་མ་བྱས། ། ས་རྣམས་ལྟ་བུར་ཀུན་གཞི་ཉིད། ། ལྟ་བའི་ཡུལ་དུ་གཡོ་བ་ཡིན། ། རྐྱེན་རྣམས་ཀུན་གཞི་མ་བྱས་ཏེ། ། རྐྱེན་གྱིས་ཀུན་གཞི་བྱས་པ་མིན། ། འདི་དག་ལ་ནི་གསུམ་འདུས་མེད། ། རྣམ་ཤེས་འོན་ཀྱང་འཁོར་བ་སྟེ། ། ཤེལ་འདྲ་ཟླ་བ་བཞིན་དུ་ཡང་། ། རྣམ་ཤེས་རྣམས་དང་ལྷན་ཅིག་རྒྱུ། ། བག་ཆགས་བྱུང་བའི་རྣམ་ཤེས་དང་། ། ཀུན་གཞི་རྟག་ཏུ་འགྲོགས་པ་ནི། ། ཟླ་བ་སྤྱང་ཀིས་ཟིན་པ་བཞིན། ། རྣམ་ཤེས་རྣམས་དང་ལྷན་ཅིག་རྒྱུ། ། བག་ཆགས་དེ་ ལས་ལངས་པ་ཡིས། ། རྒྱས་པར་བྱེད་དོ་ཡང་དང་ཡང་། ། རྒྱས་པ་གཞན་ཡང་རྒྱས་བྱེད་དེ། ། དེ་ལའང་གཞན་གྱིས་ཡང་དང་ཡང་། ། དེ་ལྟར་རབ་ཏུ་འཇུག་པའི་སེམས། །
BOམཐོང་ནས་སེམས་དེ་རྣམ་པར་ལྡོག ། མི་བརྟན་ཡུལ་ལ་ཀུན་ནས་འབྲེལ། ། ཁབ་ལོང་རྡོ་ལ་ ལྕགས་བཞིན་ཏེ། ། ཀུན་གྱི་གཞི་ལ་སེམས་ཡོད་པ། ། ཟག་བཅས་ཟག་པ་མེད་པ་དག ། བག་ཆགས་དག་གིས་བསྒོས་པའི་རྣམས། ། འཇུག་དང་ཕྱིར་ལྡོག་བྱེད་པ་ཡིན། ། ཇི་ལྟར་བསྲེག་ལས་མེ་བུས་ཤིང་། ། གཞན་དུ་མེ་ཡང་རབ་ཏུ་བུད། ། དེ་དང་གཞན་དུ་དེ་ བཞིན་བུད། ། དེ་དག་ནས་ཀྱང་སྤོ་བཞིན་དང་། ། དེ་ལྟར་ཀུན་གཞི་རྣམ་ཤེས་དང་། ། གཞན་ཡང་དེ་ལས་བྱུང་བ་རྣམས། ། ཆོས་ལ་རབ་ཏུ་རྒྱུ་བ་ནི། ། གཏོགས་དང་ཟག་པ་མེད་པ་དག ། མཐོང་བའི་ཆོས་ལ་གནས་པ་ཡི། ། ཡུལ་དང་ཡུལ་ཅན་དེ་ཡིན་ཏེ། ། འཕགས་ པ་མཐོང་བའི་ཆོས་ཅན་གྱི། ། ཏིང་ངེ་འཛིན་ཀྱང་འདི་དག་ཡིན། ། འཕགས་པ་དེ་དག་དེ་ལྡན་ཞིང་། ། སྒོམ་དང་མཐོང་དང་ལྡན་པས་ན། ། ཆོས་ཀུན་དེ་བཞིན་ཉིད་ཤེས་པ། ། ཞིང་ནས་ཞིང་དུ་རབ་ཏུ་འདོང་། ། ཇི་ལྟར་ཤིན་ཏུ་བཟང་བའི་གསེར། ། གསེར་གྱི་ དབྱིངས་ན་མི་སྣང་སྟེ། ། བརྩལ་བས་ཤིན་ཏུ་ཞིབ་བཏགས་ནས། ། ཡོངས་སུ་སྦྱངས་ན་སྣང་བར་འགྱུར། ། དེ་བཞིན་ཀུན་གཞི་རྣམ་ཤེས་པ། ། རྣམ་པར་ཤེས་པ་བདུན་དང་བཅས། ། ཏིང་ངེ་འཛིན་གྱིས་ཡོངས་སྦྱངས་པའི། །
BOརྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང་། ། ཇི་ལྟར་མ་ བསྲུབས་ཞོ་ལ་ཡང་། ། དེ་ན་མར་ཡོད་མི་སྣང་སྟེ། ། བསྲུབ་པའི་ཚུལ་གྱིས་མཐོང་བས་ན། ། མཁས་པ་རྣམས་ཀྱིས་དེ་ཕྱིར་བསྲུབ། ། དེ་བཞིན་ཀུན་གཞི་རྣམ་པར་ཤེས། ། རྣམ་ཤེས་བདུན་དང་ལྡན་པ་ཡང་། ། རྣམ་པར་བསྲུབས་ཤིང་སྟུག་སྤྱོད་པའི། ། ཐུབ་པ་རྣམས་ཀྱིས་ མཐོང་བ་ཡིན། ། མ་རིག་པ་ནི་སྡུག་ཅེས་བྱ། ། དཀྱིལ་འཁོར་ཡེ་ཤེས་རྣམ་གྲངས་ཏེ། ། དཀྱིལ་འཁོར་འདི་ལ་བསླབས་པ་ཡི། ། རྣལ་འབྱོར་ཅན་རྣམས་སྟུག་པོར་འདོང་། ། གཟུགས་མེད་གཟུགས་ཡོད་ནམ་མཁའ་དང་། ། རྣམ་ཤེས་འདུ་ཤེས་མ་ཡོད་དག ། རྣལ་ འབྱོར་ཅན་གྱིས་ཡུལ་བསྒོམས་སམ། ། དེ་དག་སྟུག་པོའི་ཞིང་དུ་འདོང་། ། ཉི་མ་ཟླ་བའི་འོད་བཞིན་དུ། ། འཇིགས་པ་མེད་པའི་རྒྱལ་བའི་སྲས། ། རྣལ་འབྱོར་ཅན་གྱི་ཐུབ་སྟོན་ཅིང་། ། རྣལ་འབྱོར་སྤྱོད་པའི་ལམ་གནས་པ། ། སངས་རྒྱས་ཀུན་གྱིས་དབང་བསྐུར་བས། ། དེ་ནི་ དབང་བསྐུར་སྟུག་པོར་སོང་། ། སངས་རྒྱས་རྣལ་འབྱོར་རྗེས་སུ་མཐོང་། ། གཞན་དུ་གྱུར་ནས་སྟུག་པོར་སོང་། ། སྟུག་ན་གནས་ཤིང་སྤྲུལ་པ་དང་། ། སྤྲུལ་པའི་སྤྲུལ་པ་དེ་དག་གིས། ། གང་ན་གང་ཆོས་སུ་འདོད་པ། །
BOདེ་ནི་མཁའ་ལ་འདུག་ཅིང་སྟོན། ། སྔོན་མེད་དུས་ཀྱི་གནས་ ངན་ལེན། ། བག་ཆགས་རྒྱུ་ཡིས་བསགས་པ་ཡི། ། ཀུན་གཞི་རྣམ་རྟོག་བྱས་པ་ཡིས། ། བཅིངས་པ་ཀུན་ཏུ་རབ་ཏུ་འབྱུང་། ། ཇི་ལྟར་རྒྱ་མཚོའི་དབའ་རླབས་རྣམས། ། རླུང་གིས་རབ་ཏུ་བསྐྱོད་པ་དག ། རྒྱུན་མི་འཆད་པར་རབ་ཏུ་འབྱུང་། ། རྣམ་ཤེས་དེ་བཞིན་ཀུན་གཞི་ལ། ། རྣམ་ཤེས་དེ་ནི་དེས་བྱས་པའི། ། བག་ཆགས་རྣམས་ཀྱིས་རྒྱས་པར་འགྱུར། ། འབྱུང་ཞིང་ལ་ལ་ཕྱིར་ལྡོག་སྟེ། ། ཆད་མེད་རྟག་པ་མེད་པའོ། ། རང་སེམས་ཁོང་དུ་མ་ཆུད་པས། ། ཡུལ་ལ་གཞོལ་བའི་རྣམ་ཤེས་རྣམས། ། རབ་ཏུ་ཞུགས་ཀྱང་ཕྱིར་ལྡོག་པ། ། འགྲོ་བ་ རང་སེམས་མཐོང་བའི་ཚེ། ། དེ་བཞིན་གཞན་དུ་གྱུར་པའི་སེམས། ། མེ་དང་བསྲེག་པ་ཇི་བཞིན་ཏེ། ། ཀུན་གཞི་ཡུལ་ལྟར་སྣང་བ་ཡང་། ། གཞན་དུ་གྱུར་ནས་ཟག་པ་མེད། ། ཟག་མེད་འགྲོས་སུ་སོང་བ་དང་། ། འཕགས་པའི་རིགས་སུ་སྐྱེ་བར་འགྱུར། ། ཀུན་གཞི་ཡུལ་ ལྟར་སྣང་བ་ནི། ། ས་རྣམས་ཁྱབ་པར་བྱས་ཤིང་གནས། ། ཡིད་ནི་བདག་ལ་བདག་ཅེས་ཏེ། ། ངར་སེམས་རབ་ཏུ་འཇུག་པ་ཡིན། ། རྣམ་ཤེས་ཁ་དོག་ཁྱད་པར་དང་། ། ཀུན་དུ་གཅོད་པ་རབ་ཏུ་བྱེད། ། སེམས་ནི་ལས་རྣམས་སོགས་པ་སྟེ། །
BOཡིད་ནི་ཁོང་དུ་ཆུད་པར་ བྱེད། ། རྣམ་པར་ཤེས་པས་རྣམ་པར་རིག ། ལྔ་པོས་སྣང་བ་མཐོང་བར་འགྱུར། ། རབ་རིབ་ལྡན་པ་མྱོས་པ་ཡིས། ། ཇི་ལྟར་སྐྲ་ཚོགས་མཐོང་བ་བཞིན། ། གཟུགས་ལ་སོགས་ལ་གཟུགས་མེད་དེ། ། སེམས་ནི་གཟུགས་ལྟར་གནས་པ་ཡིན། ། ཉི་མ་ཟླ་བའི་ནོར་བུ་དག ། ཡོངས་སུ་དག་པའི་མཚན་ཉིད་ཅན། ། ཉི་ཟླའི་ཟེར་གྱིས་ཕོག་པ་དང་། ། དེ་དག་རང་གི་ཡོན་ཏན་འབྱིན། ། དེ་བཞིན་ཀུན་གཞི་རྣམ་ཤེས་པ། ། དེ་བཞིན་གཤེགས་པའི་དགེ་སྙིང་པོ། ། ཟག་མེད་ལེགས་དང་ལྡན་གྱུར་ཏེ། ། གཞན་དུ་འགྱུར་ན་རབ་ཏུ་འབྱིན། ། འདི་ལྟར་སྣང་བ་ གང་ཡང་རུང་། ། མཚན་མ་གཟུགས་སུ་སྣང་བའི་རྣམས། ། བག་ཆགས་ཡོག་པའི་ཀུན་གཞི་སྟེ། ། ས་རྣམས་ཀུན་ན་གཟུགས་ལྟར་གནས། ཇི་ལྟར་འོ་མ་གྱུར་པ་དང་། ། ཡོན་ཏན་ཞོ་དང་དར་བར་སྣང་། ། དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། ། རྣམ་པར་གྱུར་ནས་གཟུགས་ ལྟར་གནས། ། ཇི་ལྟར་རབ་རིབ་ལྡན་པས་སྐྲ། ། མིག་གི་ཉེས་པས་རྣམ་མཐོང་བ། ། དེ་བཞིན་བག་ཆགས་ཉེས་ལྡན་པའི། ། ཀུན་གཞི་ལུས་ཅན་རྣམས་ཀྱི་སྟེ། ། རྟག་ཏུ་མིག་གི་ནང་སོང་བའི། ། གཟུགས་ཀྱི་སྣང་བ་རབ་ཏུ་འཇུག ། འདི་དག་སྣང་བ་ཅི་ཡང་རུང་། །
BOསྨིག་ རྒྱུ་ཆུ་ཡི་དཔེ་བཞིན་ཏེ། ། གཟུགས་ནི་ཡོད་དང་མེད་ཀྱིས་སྤངས། ། ཀུན་གཞི་རྗེས་སུ་མཐོང་བའོ། ། མིག་དང་གཟུགས་ལས་རྟེན་བྱས་ཤིང་། ། དེ་ནི་སྒྱུ་མ་བཞིན་དུ་འབྱུང་། ། རྟག་ཏུ་མིག་གི་ནང་སོང་བ། ། སྨིག་རྒྱུ་བཞིན་དུ་རབ་ཏུ་ གཡོ། ། གཟུགས་ཀྱི་ཡོན་ཏན་ལྡན་པའི་གཟུགས། ། ཀུན་གཞི་གཟུགས་ལྟར་གནས་པ་སྟེ། ། བྱིས་པ་ཇི་ལྟར་བརྟགས་པ་བཞིན། ། གཟུགས་ནི་གུད་ན་ཡོད་པ་མིན། ། བྱེད་མེད་སེམས་པའང་མེད་པ་སྟེ། ། དབུ་བའི་ཕུང་པོ་བཞིན་དུ་གནས། ། གཉིད་ལོག་ར་རོ་ དྲེགས་པ་དང་། ། འགྲོ་འདུག་རྣམ་པར་རྒྱུག་པ་ཡི། ། བྱ་བ་ཅིག་ཅར་བྱེད་པ་ནི། ། ལུས་ཅན་རྣམས་ཀྱི་ཀུན་གཞིའོ། ། ཇི་ལྟར་གདུང་བས་བསར་ས་ལས། ། གྱེན་དུ་ལྡང་བའི་སྨིག་རྒྱུ་རྣམས། ། དཔྱིད་ཀའི་ཆུ་ལྟར་རབ་ཏུ་གཡོ། ། {རི་དགས་,རི་དྭགས་}རྣམས་ལ་སླུ་བར་བྱེད། ། དེ་བཞིན་ཀུན་ གཞི་རྣམ་ཤེས་ཀྱང་། ། གཟུགས་མིན་ལྟ་བའི་སྤྱོད་ཡུལ་དུ། ། གཟུགས་སྣང་ཇི་ལྟར་རྟོག་ཅན་གྱིས། ། བརྟགས་བཞིན་གཟུགས་འདྲ་མ་ཡིན་ནོ། ། ཇི་ལྟར་ཁབ་ལོང་མཐོང་བ་དང་། ། ལྕགས་ནི་མྱུར་བར་ཀུན་ཏུ་འཁོར། ། འོན་ཀྱང་དེ་ལ་སེམས་པ་མེད། ། སེམས་ལྡན་བཞིན་དུ་ འང་རབ་ཏུ་སྣང་། །
BOདེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། ། སེམས་མེད་སེམས་ཅན་ཇི་བཞིན་དུ། ། འགྲོ་དང་འོང་བར་གཡོ་བ་སྟེ། ། ས་རྣམས་འབྲི་བར་རབ་ཏུ་བྱེད། ། ཇི་ལྟར་རྒྱ་མཚོའི་ཛ་རུ་ནི། ། སྲོག་མེད་པར་ཡང་གཡོ་འགུལ་ཏེ། ། དེ་བཞིན་ཀུན་གཞི་རྣམ་ཤེས་པ། ། ལུས་ ལ་གནས་ཤིང་གཡོ་བར་གྱུར། ། གླང་པོ་གླང་པོའི་གཟུགས་བརྙན་དང་། ། ཇི་ལྟར་འཐབ་ཅིང་ཆོམས་ནས་མིན། ། དེ་བཞིན་ཀུན་གཞི་རྣམ་ཤེས་པ། ། འཇུག་པ་ཆོམས་ནས་མི་རྒྱུའོ། ། ཇི་ལྟར་པད་མོ་དྲི་མེད་པ། ། འདམ་གྱི་ནང་ནས་བྱུང་བ་ནི། ། མི་དང་ལྷ་དང་བཙུན་ལ་འོས། ། ལྷ་ཡུལ་གནས་པ་ཀུན་ཀྱང་འདོད། ། དེ་བཞིན་ཀུན་གཞི་རྣམ་པར་ཤེས། ། བག་ཆགས་འདམ་ནས་བྱུང་བ་ནི། ། རྣམ་དག་གཞན་དུ་གནས་གྱུར་པ། ། བདག་ཉིད་ཆེ་རྣམས་འདོད་པ་ཡིན། ། ཇི་ལྟར་རིན་ཆེན་རྣམ་པར་དག ། རི་བྲགས་མི་ཡིས་བཅགས་བརྡུངས་ཀྱང་། ། རྒྱལ་པོའི་ ཅོད་པན་དུ་ཡང་འོས། ། ཅོད་པན་ལ་ཡང་གདགས་པ་ཡིན། ། དེ་བཞིན་ཀུན་གཞི་རྣམ་པར་ཤེས། ། བག་ཆགས་རྣམས་ཀྱིས་བཅགས་བརྡུངས་པ། ། རྣམ་དག་སངས་རྒྱས་རིགས་ཡིན་ཏེ། ། སངས་རྒྱས་ཉིད་དུ་དེ་གཟུང་ངོ་། ། ཇི་ལྟར་ཆུ་གཏིང་རྡོ་བ་དག ། ཉ་ལྕིབས་དག་ གིས་ཡོངས་དཀྲིས་པ། །
BOདེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། ། བག་ཆགས་དྲི་མ་ཅན་དུ་བྱས། ། གཟུང་དང་འཛིན་པའི་གཟུངས་སུ་ཡང་། ། དངོས་པོ་གཉིས་ཀྱིས་རབ་ཏུ་འཇུག ། ཇི་ལྟར་ཁ་གཉིས་ཡོད་པའི་སྦྲུལ། ། གང་དུ་འདོད་པ་དེར་འགྲོ་སྟེ། ། དེ་བཞིན་ཀུན་གཞི་ རྣམ་པར་ཤེས། ། རིམ་དང་ཅིག་ཅར་རྒྱུ་བ་ཡིན། ། རྟག་ཏུ་སྣ་ཚོགས་གཟུགས་ལྟ་བུ། ། དེ་ལ་རྟོག་པས་རྣམ་པར་བརྟག ། རྟོག་ཅན་རྣམ་པར་མྱོས་འགྱུར་བ། ། བདག་དང་བདག་གིར་རྣམ་རྟོག་ཅིང་། ། ཡོད་དང་མེད་ཀྱི་རྒྱུ་སྡོད་པའི། ། ས་རྣམས་ལ་ཡང་རྣམ་རྟོག་སྟེ། ། འགྱུར་ བའི་ཡོངས་སུ་གྱུར་པ་དང་། ། ཀུན་གཞི་ཟབ་པ་ཉིད་དག་ཀྱང་། ། བློ་ཆུང་རྣམས་ཀྱིས་མི་རིགས་པས། ། སྒྱུ་མའི་{རི་དགས་,རི་དྭགས་}བཞིན་དུ་འཁོར། ། རང་བཞིན་གཅིག་མིན་ཤེས་པར་དཀའ། ། ལུས་ཅན་ཀུན་ལ་འདྲ་བ་སྟེ། ། དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། ། རྟག་ཏུ་སྒྱུ་ མའི་{རི་དགས་,རི་དྭགས་}འདྲ། ། སེམས་ཅན་གཅིག་མིན་ཤེས་པར་དཀའ། ། ཡོད་དང་མེད་པར་རྣམ་པར་བརྟགས། ། རྡུལ་དང་གཙོ་བོ་སྐྱེས་བུ་དང་། ། མི་གསལ་ཚངས་པའང་དེ་ཡིན་ཏེ། ། རྟོག་པས་འཁྲུལ་པའི་རྟོག་ཅན་རྣམས། ། ཀུན་གཞི་ལ་ནི་རྟག་ཏུ་རྟོག ། ས་རྣམས་ལྟ་བུར་ གནས་པ་ལ། །
BOསྣ་ཚོགས་སར་ཡང་དེ་བཞིན་རྟོག ། ས་ལ་གང་གིས་རྟོག་གྱུར་པའི། ། ཡིད་ནི་ཀུན་ནས་རྟོག་ཅེས་བྱ། ། ཇི་ལྟར་རི་མོ་མཐོ་དམན་དང་། ། རྣམ་པ་སྣ་ཚོགས་སྤྲིན་གྱི་གཟུགས། ། འཇའ་དང་{རི་དགས་,རི་དྭགས་}སྲེད་བྱེད་དང་། ། སྤྲིན་སྒྲ་འབྲུག་ཀྱང་ཇི་བཞིན་ཏེ། ། རབ་རིབ་ ཅན་གྱི་ཕྲེང་བ་དང་། ། བཟང་མོའི་གདོང་ཡང་དེ་བཞིན་དུ། ། རྨི་ལམ་དག་ན་རྣམ་སྣ་ཚོགས། ། དྲི་ཟའི་ཁང་པ་གནས་རྟེན་དང་། ། རོ་ལངས་ཆུ་ཡི་ཤིང་རྣམས་དང་། ། བྲག་ཅ་སྤྲིན་དང་དུ་བ་དང་། ། མེ་ལོང་མིག་ལ་གཟུགས་བརྙན་དང་། ། ཆུ་ལ་ཆུ་ཡི་ཟླ་བ་དང་། ། རྣམ་རྟོག་ འདི་དང་མང་པོར་ཡང་། ། འགྲོ་བ་རྣམས་ནི་ཀུན་གཞི་རྟོག ། གང་ཚེ་ཀུན་གཞི་འདི་འདྲ་བར། ། རྣམ་པ་སྣ་ཚོགས་ཀུན་མཐོང་སྟེ། ། འགྲོ་བ་རང་སེམས་མཐོང་བ་དང་། ། དེའི་ཚེ་སེམས་ནི་ཕྱིར་ལྡོག་གོ། ། ཆོས་རྣམས་ཐམས་ཅད་ཀུན་གྱི་གཞི། ། བག་ཆགས་སྙེམས་ ལ་སོགས་པ་དང་། ། རྟོག་པས་རྙོག་པ་ཅན་དུ་བྱས། ། གཞན་དུ་གྱུར་ནས་ཟག་པ་མེད། ། ཟག་མེད་ངང་ལུགས་རབ་ཐོབ་ནས། ། དེ་དག་རྟག་ཅིང་བརྟན་པར་འགྱུར། ། ནམ་མཁའ་མྱ་ངན་འདས་དང་མཉམ། ། འགོག་དང་འདྲ་བ་དེ་བཞིན་ཏེ། ། མཉམ་གཞག་སེམས་དང་ལྡན་པ་ལ། །
BOམི་ཟག་ཆོས་རྣམས་སྐྱེ་བར་འགྱུར། ། རྫུ་འཕྲུལ་བསམ་གཏན་རྣམ་ཐར་དང་། ། ཏིང་ངེ་འཛིན་དང་སྟོབས་རྣམས་དང་། ། ཐབས་དང་སྟོབས་དང་མངོན་ཤེས་དག ། འབྲི་མེད་མི་ཟད་དེ་བཞིན་ཏེ། ། ནམ་མཁའ་ཟད་ཀྱི་མཐར་སྙེགས་ཤིང་། ། དབྱིངས་བློ་རྣམ་ཤེས་རྟག་པ་དང་། ། མཐར་ཕྱིན་བཅུ་ཡི་གནས་ལྡན་ཞིང་། ། ཡིད་བཞིན་ཤིན་ཏུ་བརྟན་པའི་ལུས། ། རྣལ་འབྱོར་མཁས་པའི་རྣལ་འབྱོར་ཅན། ། གཞན་དུ་གྱུར་ནས་རབ་ཏུ་འཐོབ། ། འཇིག་པ་མྱ་ངན་འདའ་མ་ཡིན། ། སེམས་ཅན་ཡོད་མིན་སྐྱེ་བ་མེད། ། འབྲི་མེད་གང་བ་མེད་པར་ཡང་། ། རྒྱལ་བ་ རྣམས་ཀྱིས་འགྲོ་བ་བཤད། ། ཞིང་གཞན་རྣམས་དང་ཞིང་འདི་ཡི། ། ཆོས་ཉིད་གཅིག་ཏུ་ཟད་པ་སྟེ། ། སྐྱེས་པར་གྱུར་ཏམ་མ་སྐྱེས་ཀྱང་། ། ཆོས་རྣམས་ཆོས་ཉིད་དེ་བཞིན་གནས། ། རྣལ་འབྱོར་ལྡན་པ་གྲོལ་བ་ལ། ། རྟག་མེད་ཆད་པ་མེད་པ་སྟེ། ། སེམས་ཅན་ཁམས་རྣམས་ ཞིག་གྱུར་ན། ། ཐམས་ཅད་མཁྱེན་པ་མི་སྣང་ངོ་། ། མ་བྱོན་པ་ཡི་རྒྱལ་བ་དང་། ། འདས་དང་ད་ལྟར་བྱུང་བ་དག ། མཉམ་པ་མ་ཡིན་འཐུན་པ་མིན། ། ཤེས་བྱ་ཟད་ནས་དེ་དག་འབྱུང་། ། བདུད་རྣམས་ཚར་བཅད་ལོག་པ་སྟེ། ། བརྗོད་དང་བཅས་དང་བརྗོད་མེད་ཀྱང་། ། དེ་སྟེ་སེམས་ ཅན་འཇིག་ན་ནི། །
BOསྡུག་བསྔལ་སྦུབས་ལས་མི་འགྲོལ་ལོ། ། ལྕགས་ཀྱི་གར་བུ་བསྲེགས་པ་ལས། ། མེ་ལས་བྱུང་སྟེ་བསིལ་གྱུར་ཅིང་། ། ལྕགས་ནི་རྟག་པར་འདུག་པ་བཞིན། ། དེ་ལྟར་རྣལ་འབྱོར་ཅན་དག་འཁོད། ། ཕུང་པོའི་ཁྱིམ་དང་ངེས་བྱུང་བའི། ། བག་ཆགས་རྣམས་ ཀྱང་གྱུར་པ་དང་། ། ཐུབ་པ་རྣལ་འབྱོར་བརྩོན་པའི་རྣམས། ། དེ་དག་རྟག་ཅིང་གྲོལ་བ་ཡིན། ། རྣམ་ཤེས་རྣམས་ནི་དབའ་རླབས་བཞིན། ། ཀུན་གཞི་མཚོ་ལས་འབྱུང་བ་སྟེ། ། ཆོས་ལྔའི་རང་བཞིན་རྣམ་ཤེས་ཀྱིས། ། རབ་ཏུ་བསྐྱོད་ཅིང་ཤིན་ཏུ་རྒྱུ། ། གནས་ངན་ལེན་གྱི་ སྤྲོས་པ་ཡིས། ། བཅོམ་པ་གནས་མེད་དོན་གྱི་གཟུགས། ། ལྟ་བའི་ཡུལ་དུ་རྣམ་པར་གཡོ། ། དེ་ལྟར་ཤེས་ནས་ཕྱིར་ལོག་སྟེ། ། གཞན་གྱུར་མི་བཟད་རྟག་པའི་རྣམས། ། མགོན་པོ་དག་ནི་སྟུག་པོར་འདོང་། ། སྟུག་ན་གནས་པ་ཟླ་བ་བཞིན། ། རྟག་ཏུ་གཟུགས་བརྙན་ རྣམ་པར་མཛེས། ། ཕུང་པོ་སྟུག་པ་ཀུན་གཞི་སྟེ། ། ཡིད་ནི་དེ་ལ་ཉེ་ཕན་ནོ། ། རྣམ་པར་ཤེས་པ་རྟོགས་པར་བྱེད། ། གཟུགས་དང་ལས་ལ་སོགས་པའི་རྒྱུ། ། རྣམ་ཤེས་ལྔ་ཡི་ཚོགས་རྣམས་ནི། ། དབང་པོར་བཅས་ཤིང་ཡུལ་གཞོལ་བས། ། སྣ་ཚོགས་ཡིད་ལ་འཛིན་ པར་བྱེད། ། ཀུན་གཞི་ཡུལ་ཅན་མ་ཡིན་ནོ། །
BOཚེ་ནི་ཀུན་གཞི་རྣམ་ཤེས་ཏེ། ། ཡིད་ནི་དྲོད་དུ་རབ་ཏུ་གནས། ། ཡིད་ཀྱི་རྣམ་ཤེས་དེ་ན་སྟེ། ། ལྷག་མ་དབང་པོ་ལྔར་ཡང་གནས། ། སེམས་དང་ཡིད་དང་རྣམ་པར་ཤེས། ། ཕུང་པོའི་དབུས་ན་རྣམ་པར་གནས། ། བག་ཆགས་ ལས་དང་འབྲེལ་བའི་རྣམས། ། སྔོན་ཅད་བྱས་པ་རྣམས་ཀྱིས་འབྱུང་། ། འདོད་ཆགས་སྲེད་ལས་བྱུང་བ་ཡི། ། ལས་ཀྱིས་བྱ་བ་བྱེད་པ་སྟེ། ། སྔོན་ཆད་དེ་དག་ལས་བྱས་པས། ། རྒྱུན་དུ་ལས་རྣམས་འབྱུང་བ་ཡིན། ། ལུས་ལས་ལུས་ནི་གཞན་ལ་འགྲོ། ། འཕོ་བ་སྲིན་བུ་པད་པ་ བཞིན། ། སེམས་དང་སེམས་བྱུང་བཅས་པའི་རྣམས། ། རྒྱུན་ཆགས་པར་ནི་ཤིན་ཏུ་འདོང་། ། ཡང་ཞིང་ཕུང་པོའི་ཚོགས་རྣམས་དང་། ། རྣམ་ཤེས་སྲིད་པ་དོག་པར་ཡང་། ། ཚོགས་ཤིང་རབ་ཏུ་འབྱུང་བ་ནི། ། ལས་རྣམས་ཤིན་ཏུ་འབྱུང་བའི་ཕྱིར། ། ཚེ་དང་དྲོད་དང་ རྣམ་ཤེས་འདིས། ། གང་ཚེ་ལུས་ནི་བོར་གྱུར་པ། ། དེ་ཚེ་ལུས་ནི་དོར་བ་སྟེ། ། ཤིང་བཞིན་ཚོར་བ་མེད་པའོ། ། སེམས་ནི་ཀུན་གཞི་རྣམ་པར་ཤེས། ། ངར་སེམས་བདག་ཉིད་ཡིད་ཡིན་ནོ། ། གང་ཞིག་ཡུལ་ལ་འཛིན་བྱེད་པ། ། དེ་ནི་རྣམ་པར་ཤེས་ཞེས་བྱ། ། སེམས་ནི་ལས་རྣམས་ སོགས་པ་སྟེ། ། ཡིད་ནི་ཁོང་དུ་ཆུད་པར་བྱེད། །
BOརྣམ་པར་ཤེས་པས་རྣམ་པར་རིག ། ལྔ་པོས་སྣང་བ་རྟོགས་པར་བྱེད། ། ། ། འཕགས་པ་རྒྱན་སྟུག་པོ། ། བམ་པོ་བཞི་པ་སྟེ་ཐ་མ། ལུས་ནི་སེམས་ཀྱིས་བཟུང་བ་ཡིན། ། ཡིད་ནི་ལམ་རྒྱུད་ འདོད་པ་སྟེ། ། རྣམ་པར་ཤེས་པས་རྣམ་པར་རིག ། སྣང་བ་གཅོད་པ་ལྔ་པོའོ། ། རྒྱུ་ལ་དམིགས་ཤིང་རྣམ་ཤེས་རྣམས། ། སྐྱེ་སྟེ་གཞན་ནི་དེ་རྗེས་འབྲང་། ། ཡིད་ལ་དམིགས་ཤིང་གཞན་དག་ཀྱང་། ། མཐར་ཆགས་སུ་ནི་རབ་ཏུ་འབྱུང་། ། ཡིད་རྙེད་ནས་ཀྱང་གཞན་དག་ནི། ། དབང་གི་ཡོན་ཏན་རྣམས་ཀྱིས་བྱས། ། དབང་ནི་ལྔ་དང་ལྷན་ཅིག་ཏུ། ། རྣམ་པར་ཤེས་པ་རབ་ཏུ་བྱེད། ། འདུ་བྱེད་རྒྱུ་དང་ལྷན་ཅིག་ཏུ། ། རོ་ལངས་འགྲོ་དང་འདྲ་བ་སྟེ། ། སྨིག་རྒྱུ་དག་ནི་གཟུགས་དང་མཉམ། ། ལོག་པ་མ་ཡིན་བདེན་པ་མིན། ། འདི་ནི་བདག་མེད་སྟོང་པ་སྟེ། ། སྲིད་པས་ཀུན་དུ་དྲངས་པ་ཡིན། ། འབྱུང་རྣམས་ལྷན་ཅིག་འབྱུང་བ་དག ། ཐམས་ཅད་དུས་ཡིད་ལྷན་ཅིག་སྟེ། ། སེམས་བྱུང་ཡིད་ཅེས་བྱ་བ་དང་། ། ལྷན་ཅིག་རྣམ་པར་ཤེས་པ་འབྱུང་། ། རྣམ་ཤེས་ལྔ་པོ་དེ་དག་དང་། ། ཡིད་ཀྱི་རྣམ་ཤེས་ལྡན་པ་ནི། ། གནས་ངན་ལེན་ དང་སྲེད་བསྒོས་པ། ། རྒྱུན་མི་འཆད་པར་རབ་ཏུ་འབྱུང་། །
BOལུས་ཅན་ཀུན་གྱི་ཀུན་གཞི་ཡང་། ། སེམས་དང་སེམས་བྱུང་ལྡན་པ་འབྱུང་། ། ཀུན་གཞི་རྙེད་ནས་དེ་དག་རྒྱུ། ། རྒྱུ་ནས་རྒྱས་པར་བྱེད་པ་སྟེ། ། སེམས་རྣམས་ལམ་རྒྱུད་ཐམས་ཅད་དུ། ། རྟག་པར་གཅིག་ལས་གཅིག་ རྒྱས་འགྱུར། ། ས་འདི་རྣམ་པ་སྣ་ཚོགས་པ། ། རྣམ་པར་ཤེས་པ་རྣམས་ལས་འབྱུང་། ། ཀུན་གཞི་སྣ་ཚོགས་གཟུགས་ཅན་ནི། ། རྣམ་ཤེས་རྣམས་ཀྱི་གནས་ཡིན་ནོ། ། ཕན་ཚུན་རྒྱུ་ཡི་སྟོབས་ལྡན་པ། ། རྣམ་ཤེས་འཁོར་ལོ་འཁོར་བ་སྟེ། ། ཀུན་གཞི་མཚོ་ལས་དབའ་ རླབས་བཞིན། ། ས་བོན་དག་དང་མྱུ་གུའི་རྒྱུད། ། ཆུ་བོའི་རྒྱུན་ཀྱང་མཚམས་མེད་ཅིང་། ། རྒྱུན་མི་འཆད་པར་འབྱུང་མོད་ཀྱི། ། ཐ་དད་བྱེ་བྲག་དག་ཀྱང་སྣང་། ། དེ་བཞིན་རྣམ་ཤེས་སྤྱོད་པ་སྟེ། ། མཚམས་མེད་པ་ཡི་རྒྱུན་དུ་ཡང་། ། རྒྱུན་མི་འཆད་པར་རབ་ཏུ་འབྱུང་། ། གསུམ་དང་ ལྡན་ཞིང་གསུམ་ལས་ཡང་། ། སེམས་དང་ཡིད་དང་རྣམ་ཤེས་རྣམས། ། བག་ཆགས་སྲེད་པས་བསྐྱེད་པ་དང་། ། རང་སེམས་རྣམ་པར་འཁྲུལ་པ་ཡིས། ། དབའ་རླབས་བཞིན་དུ་རྟག་ཏུ་འབྱུང་། ། ཆོས་རྣམས་ཀུན་གྱི་འབྱུང་བ་དག ། ཕྱི་དང་ནང་ཡང་རྣམ་བསྒོམས་ཏེ། ། ཐུབ་པའི་གནས་ཀྱང་རྣམ་བསྒོམས་ནས། ། མཉམ་པར་གཞག་པ་སྟུག་པོར་འགྲོ།
BO། རྡོ་རྗེའི་སྙིང་པོ་ཁྱོད་དང་ཡང་། ། རྒྱལ་སྲས་འཇིགས་མེད་གཞན་དག་ཀྱང་། ། སྟུག་པོར་འཇུག་པར་བྱེད་པའི་ཆོས། ། ཐམས་ཅད་ཆོས་ཀྱང་རབ་སྟོན་པ། ། རྒྱལ་བ་རྣམས་དང་རྒྱལ་ སྲས་རྣམས། ། ཐབས་ཅིག་རབ་ཏུ་རྣམ་དགོངས་ཏེ། ། ཆོས་ཀྱི་མཚན་ཉིད་དཔེ་མེད་པ། ། རྨད་དུ་བྱུང་བ་འདི་བསྟན་ཏོ། ། རྡོ་རྗེ་སྙིང་པོ་འཇིགས་མེད་པ། ། རིན་ཆེན་སྣ་ཚོགས་ཟླ་སྙིང་གི། ། སེང་གེའི་ཁྲི་ལ་རབ་འདུག་སྟེ། ། ཤེས་རབ་ཆེན་པོས་རྣམ་བསྒོམས་ཀྱིས། ། རྒྱལ་ བའི་སྲས་ཀྱིས་མདུན་བདར་བ། ། སྟུག་པོའི་རྒྱན་ལ་རྣམ་པར་བསྒོམས། ། རྣམ་པར་བསྒོམས་ནས་རྟག་པར་འདི། ། རྣལ་འབྱོར་ཅན་གྱི་རྣལ་འབྱོར་སྟོན། ། ཟླ་དབང་རྒྱལ་བ་དེས་བསྟན་ལ། ། བག་མེད་པར་ནི་མ་བྱེད་ཅིག ། ཟླ་བའི་དཔལ་གྱི་བཅོམ་ལྡན་འདས། ། སྤྲུལ་པར་བྱ་བ་མང་ སྤྲུལ་ཅིང་། ། འདོད་པའི་ཁམས་ཀྱི་བསྙེམས་བྲལ་དང་། ། གཟུགས་ཅན་རྣམས་ཀྱི་གནས་སུ་ཡང་། ། རྒྱལ་སྲས་རྣམས་ཀྱིས་ཀུན་ནས་བསྐོར། ། ལྷ་རྣམས་ཀྱིས་ཀྱང་མདུན་བདར་ཅིང་། ། ཚུལ་གྱིས་དམ་པ་སྟོན་པ་ནི། ། འཇིགས་མེད་སྟུག་པོའི་རྒྱན་ཡིན་ནོ། ། རྣལ་འབྱོར་ ཅན་གྱིས་སྤྱོད་པའི་མཆོག ། ཚུལ་བཟང་རྣལ་འབྱོར་སྤྱོད་པ་སྟེ། །
BOསོ་སོ་རང་རིག་ཤེས་པ་ཡི། ། ཏིང་ངེ་འཛིན་དང་བདེ་བའི་རྣམས། ། ཡང་དག་མཐའ་ལ་མི་རིག་པར། ། རྗེས་སུ་མྱོང་བར་བྱས་ནས་ཀྱང་། ། རྣལ་འབྱོར་བདེ་ལས་མངོན་ལངས་ཤིང་། ། གཅིག་ལ་གཅིག་ ནི་ཕན་ཚུན་ལྟ། ། རྣལ་འབྱོར་སྤྱོད་པའི་ཚུལ་དགེ་འདི། ། གང་གིས་ཤིན་ཏུ་མཐོང་བར་གྱུར། ། རྣམ་པ་སྣ་ཚོགས་འོས་པ་ཡི། ། སྟན་གྱི་མཆོག་ལ་འཁོད་པའི་རྣམས། ། ཀུན་ཀྱང་ངོ་མཚར་རབ་ཏུ་རྙེད། ། བསམ་བྱེད་བསམ་གཏན་བསམ་པ་དང་། ། བསམ་གཏན་ རྣམས་ཀྱི་དགོས་པ་དག ། རྒྱལ་སྲས་འཇིགས་པ་མེད་པའི་རྣམས། ། ཀུན་ཀྱང་སེམས་ཤིང་རབ་ཏུ་གནས། ། སྟུག་པོའི་རྒྱན་དང་རྒྱལ་པོ་ལ། ། ལྟ་བ་མཉམ་པར་བཞག་པའི་རྣམས། ། མགོ་ལ་ཅོད་པན་ཐོགས་པ་དག ། མཚན་རབ་སུམ་ཅུ་རྩ་གཉིས་ ཀྱིས། ། ཡན་ལག་བྲིས་པ་དེ་དག་ཀུན། ། བྱེ་བའི་ཞིང་ནས་འོངས་པ་སྟེ། ། གཡོ་བ་རྣམས་དང་ཤིན་ཏུ་བྲལ། ། ཐམས་ཅད་གོས་བཟང་ཆ་ལུགས་མཛེས། ། རྣལ་འབྱོར་སྤྱོད་པ་སྟོབས་ཆེན་ཏེ། ། བལྟའོ་རྡོ་རྗེ་སྙིང་པོ་ལ། ། རྣམ་པར་རྟོག་དང་རྣམ་དཔྱོད་ལ། ། ཆོས་ལ་ མོས་པ་ཡང་དག་ཏུ། ། མཐོང་སྟེ་དེ་ནས་དེ་ཀུན་དང་། ། ཕྱོགས་རྣམས་བཞི་པོར་བལྟ་བྱས་ཏེ། ། འཛུམ་པ་སྔོན་དུ་རབ་བཏང་ནས། །
BOའཇམ་ཞིང་སྙན་པའི་དབྱངས་སུ་སྨྲས། ། རྒྱལ་སྲས་མཉམ་པར་བཞག་པའི་རྣམས། ། རྣལ་འབྱོར་ཅན་གྱི་རྣལ་འབྱོར་ཡུལ། ། གང་ལ་རྟོག་ ཅན་མྱོས་འགྱུར་བ། ། དེ་དག་བདག་ལས་མཉན་པར་གྱིས། ། གང་བསམ་གང་གིས་ཇི་ལྟ་བུར། ། བསམ་གཏན་བསམ་བྱེད་དགོས་པ་དག ། འདོད་དང་སྡིག་པ་རྣམས་ཀྱིས་དབེན། ། རྣམ་པར་རྟོག་བཅས་རྣམ་དཔྱོད་བཅས། ། དགའ་བདེ་དབེན་ལས་སྐྱེས་པར་ཡང་། ། བསམ་ གཏན་དང་པོ་སྐྱེ་བ་ཡིན། ། དེ་ལྟ་བུ་ཡི་རིམ་ཚུལ་དུ། ། བཞི་དང་བརྒྱད་དང་དེ་བཞིན་བཅུ། ། མུར་འདུག་བདག་ཏུ་སྨྲ་བ་དང་། ། བསམ་གཏན་ཅན་རྣམས་བསམ་གཏན་བྱེད། ། ཉན་ཐོས་ཐེག་པ་ཅན་རྣམས་དང་། ། རང་རྒྱལ་ཐེག་ལྡན་དེ་བཞིན་ཏེ། ། ཀུན་ཀྱང་རྟག་ཏུ་བསམ་གཏན་ བྱེད། ། ཆོས་རྣམས་དང་ནི་ས་དག་གི། ། རང་གི་མཚན་ཉིད་རྟོགས་པ་དང་། ། ཕུང་པོའི་སྐྱེ་མཆེད་ཚོགས་ཀྱི་རྣམས། ། འདི་དག་ཐམས་ཅད་བདག་མེད་དེ། ། བྱེད་པ་མེད་ཅིང་གཡོ་བ་མེད། ། གསུམ་པོ་འདུས་ལས་རབ་ཏུ་བྱུང་། ། འཁྲུལ་འཁོར་རོ་ལངས་འདྲ་བ་སྟེ། ། བྱེད་པ་རྣམས་ ཀྱིས་རྣམ་པར་སྤངས། ། ཐུབ་པ་ཕྱི་རོལ་བསམ་གཏན་བྱེད། ། སྟོང་པར་ལྟ་བའི་ལྟ་བ་ཅན། ། ཆོས་ཀྱི་མཚན་ལ་མོས་པ་རྣམས། ། ཆུད་གསོན་མཚན་ཉིད་མ་ཡིན་ནོ།
BO། ཕུང་པོ་བདག་མེད་མཁས་པའི་རྣམས། ། བསམ་གཏན་འདི་འདྲར་བསམ་གཏན་བྱེད། ། དེ་བཞིན་གཤེགས་ ཀྱི་བསམ་གཏན་དག ། ལྷ་རྫས་བསོད་ནམས་ལྟ་སྦྱོང་བ། ། རྣལ་འབྱོར་ཅན་དང་རྒྱལ་བའི་སྲས། ། མཉམ་བཞག་རྟག་པར་བསམ་གཏན་བྱེད། ། འདི་དག་ཐམས་ཅད་སེམས་ཙམ་སྟེ། ། མཚན་ཅན་མཚན་ཉིད་ཡོད་པ་མིན། ། ཕུང་པོ་རྣམས་མེད་ཁམས་ཡོད་མིན། ། ཐམས་ཅད་ཆོས་ལ་མཚན་ཉིད་མེད། ། རྡུལ་ཕྲན་རྣམ་པར་གཞིགས་པ་དང་། ། དེ་དག་དེ་ལྟར་མི་གནས་སོ། ། རྟོག་པ་བསྐྱེད་པས་བརྟགས་པ་ནི། ། དངོས་པོ་ས་དང་ཆུ་ལ་སོགས། ། དངོས་པོའི་རང་བཞིན་མི་ཤེས་པ། ། མཚན་ཉིད་དུ་ཡང་རྣམ་པར་རྟོག ། ཁ་དོག་སྡུག་ དང་མི་སྡུག་དང་། ། ཁ་དོག་སྣང་གཞན་དེ་བཞིན་ཏེ། ། འཇའ་དང་ཨིན་དྲ་གོ་བ་ལྟར། ། ཁ་དོག་སྣ་མང་སྤྲིན་ལྟ་བུའི། ། སངས་རྒྱས་སྐུ་དང་འདྲ་བ་ཡིས། ། ཐམས་ཅད་འགྲོ་བ་ཀུན་བཀང་སྟེ། ། རྒྱས་པའི་སྐྱེ་མཆེད་ཅེས་བྱ་བས། ། འབྱུང་བ་རྣམས་ཀྱང་རྣམ་གཞིགས་ཏེ། ། རྣལ་འབྱོར་ཤེས་པ་གཟུགས་ཅན་གྱིས། ། ལུས་ལ་རྟག་ཏུ་གཟུགས་ཀྱང་མཐོང་། ། གང་ལ་དམིགས་ཏེ་མཉམ་བཞག་པ། ། དེ་ལ་དམིགས་ཤིང་རྣམ་པར་ལྡང་། ། གང་དང་གང་ལ་རྣམ་རྟོག་པ། ། དེ་དང་དེ་ནི་དམིགས་པ་ཡིན། །
BOརྣལ་འབྱོར་ཅན་མེད་རྣལ་འབྱོར་མེད། ། དེ་ལྟར་རྣམ་པར་རྟོག་པ་ནི། ། རྣལ་འབྱོར་ཅན་གྱི་རྣལ་འབྱོར་ཉིད། ། ཀུན་གཞི་ས་རྣམས་ཐམས་ཅད་དང་། ། ཐུབ་པའི་རྣལ་འབྱོར་བདེ་ལ་གནས། ། ཆོས་དང་ཆོས་ཀྱི་མཚན་ཉིད་ཀྱང་། ། རྟག་ཏུ་རབ་ཏུ་རྟོགས་བྱས་ཤིང་། ། མཉམ་པར་བཞག་པའི་ཁྱད་པར་དག ། མཉམ་བཞག་ལྡན་པ་རབ་ཏུ་སྟོན། ། ཆོས་ཀྱི་རང་བཞིན་རྣམ་ཕྱེ་བས། ། རྣལ་འབྱོར་ཅན་གྱི་བློ་འཁྲུག་པ། ། བློ་གྲོས་ཞན་པས་རབ་ཏུ་སྐྱེ། ། ཆོས་དང་བདག་ལ་འཛིན་པར་འགྱུར། ། ཡིད་ཆེས་ལུང་དང་མི་ལྡན་པར། ། ཆོས་རྣམས་སྟོན་པར་བྱེད་པ་ནི། ། མཚན་ཉིད་རྣམ་ པར་རྟོག་པ་ཡིས། ། བདག་ཀྱང་ཆུད་ཟོས་གཞན་ཆུད་གསོན། ། མཚན་ཉིད་ཅན་མེད་མཚན་ཉིད་མེད། ། འདྲེས་པའི་ཕྱིར་ན་རྣམ་པར་སྣང་། ། མངར་བའི་རྣམས་ནི་མཁྲིས་པ་སེལ། ། བད་ཀན་ཚ་སྐྱུར་ལན་ཚྭ་སྟེ། ། མ་ཞུ་ཚ་བའི་རྣམ་པ་དང་། ། ལན་ཚྭ་ལ་སོགས་ རྣམ་པས་སེལ། ། མཁྲིས་པ་བད་ཀན་འཁྲུགས་པ་ལས། ། རིམས་རྣམས་སྐྱེ་བར་འགྱུར་བ་དང་། ། ལུས་ཅན་རྣམས་ཀྱི་ལུས་ཡུལ་དུ། ། འདུས་པ་རླུང་ལས་བྱུང་བ་དང་། ། རིམས་དག་རྣམ་པར་གཞིག་པའི་ཕྱིར། ། ཐུབ་པས་བསྡུ་བ་བྱས་པ་ནི། ། ཁར་ ལ་སོགས་ཡན་ལག་དྲུག །
BOཤ་དང་སྐོལ་མ་ཁུ་བ་དག ། ཐ་དད་མཚན་གྱིས་འཇིག་འགྱུར་བ། ། ལུས་ཅན་རྣམས་ཀྱི་རིམས་ཀུན་ཏོ། ། རྣམ་ཤེས་རྣམས་ནི་ཀུན་གཞི་ལ། ། ཕན་ཚུན་ཐ་དད་མི་གནས་ཏེ། ། གལ་ཏེ་ཆོས་ཀྱི་རང་བཞིན་ནམ། ། མཚན་ཉིད་གཅིག་ནི་ཡོད་ གྱུར་ན། ། དེ་ཚེ་ཆོས་དང་མཚན་ཉིད་ལ། ། མཚན་ཉིད་མི་འདྲ་མེད་པར་འགྱུར། ། རྫས་རྣམས་བསྡུས་པས་སེལ་མི་ནུས། ། མི་ཡང་སོས་པར་མི་འགྱུར་རོ། ། སོས་དང་རྣམ་པར་བསལ་བ་འདི། ། མཁས་པ་རྣམས་ཀྱིས་མཐོང་བ་སྟེ། ། གཞན་དུ་ཀུན་གཞི་རྣམ་ ཤེས་པ། ། རྣམ་པ་མང་པོར་གནས་པ་སྟེ། ། སྒྱུ་མའི་{རི་དགས་,རི་དྭགས་}བཞིན་འཁོར་བ། ། རྣལ་འབྱོར་བརྩོན་པས་བརྟགས་པ་ཡིན། ། མཚན་མེད་མཚན་ཅན་མེད་པ་སྟེ། ། ཕུང་པོ་རྣམས་ལས་ཕུང་པོ་ཅན། ། གཞན་མེད་ཡན་ལག་ཉིང་ལག་ལས། ། ཡན་ལག་ཅན་མེད་ ཡན་ལག་ལ། ། འཇིག་རྟེན་རྒྱུ་ཡིས་མ་བྱས་ཏེ། ། འབྲས་བུ་རྣམས་ལ་རྒྱུ་ཡང་མེད། ། འཇིག་རྟེན་རྡུལ་ཕྲན་བསགས་པ་མིན། ། ཕྱོགས་དང་གནས་སུ་མི་འགྲོའོ། ། དེ་དག་སོར་གཉིས་སོར་གསུམ་དུ། ། ཅི་ཡང་རྩོམ་པར་མི་བྱེད་དེ། ། དངོས་པོ་ཡོད་པ་ཕྲད་པའི་ ཕྱིར། ། རྡུལ་ཕྲན་ཐམས་ཅད་འདུ་བར་འདོང་། ། དེ་ཚེ་ཡོན་ཏན་ཁྱད་ཡོད་པ། །
BOཡོན་ཏན་རྣམས་ཀྱིས་ཡོན་ཏན་དུ། ། འཇིག་རྟེན་མ་བྱས་རང་བཞིན་གྱིས། ། འཇིག་རྟེན་རྐྱེན་ལས་མ་བྱུང་སྟེ། ། འདོད་རྒྱལ་དངོས་ཀྱིས་དེ་བཞིན་མིན། ། ཆོས་གསུམ་པས་ཀྱང་མ་བྱས་ཏེ། ། བག་ ཆགས་རྣམས་ཀྱིས་དཀྲུགས་པའི་སེམས། ། རྣམ་པར་རྟོག་པ་མང་པོའི་གནས། ། སྙིང་གི་ཕྱོགས་ན་གནས་པ་ཡི། ། ལུས་ཅན་ཀུན་གྱི་ཀུན་གཞི་དང་། ། སེམས་དང་ཡིད་དང་རྣམ་ཤེས་རྣམས། ། འགྲོ་བ་དག་གིས་སྣ་ཚོགས་བརྟགས། ། འགྲོ་བ་མ་ལུས་རབ་མནན་ཏེ། ། སྒྱུ་མའི་{རི་དགས་,རི་དྭགས་}བཞིན་དུ་གནས། ། སེམས་ཙམ་དུ་ནི་འཇུག་པ་ལས། ། གཞན་དུ་ཡོངས་སུ་གནས་འཕོ་སྟེ། ། ས་ལ་སྟོང་ཞེས་བརྗོད་པར་བྱ། ། སེམས་ནི་དངོས་པོའི་ཚུལ་དུ་གནས། ། རྫ་ལ་སོགས་པའི་ཡུལ་མེད་དེ། ། སེམས་ནི་རྫ་མ་ལྟ་བུའོ། ། ས་ལ་གཟུགས་ རྣམས་ཡོད་པ་དང་། ། ལྷ་ཡུལ་གནས་པའི་ཁྱིམ་རྣམས་དང་། ། རྣམ་པ་སྣ་ཚོགས་གང་སྣང་བ། ། དེ་དག་ཀུན་གཞི་སྣང་བ་ཡིན། ། ཀུན་གཞི་ཀུན་ཏུ་ལག་པ་སྟེ། ། ཀུན་ཏུ་ཁ་མིག་མགོ་བོ་ཡང་། ། ཅིག་ཅར་བ་དང་རིམ་གྱིས་ཀྱང་། ། ས་རྣམས་ཡོག་པར་རབ་ཏུ་གནས། ། བུས་པ་རྣམ་པར་མྱོས་བྱེད་དེ། ། གང་གི་སྙིང་ལ་གང་གནས་པ། ། དེ་ནི་དེ་ལ་གཉིས་ཚུལ་དུ། །
BOལུས་ཀུན་བཀང་སྟེ་རབ་ཏུ་གནས། ། སྟོང་མིན་དངོས་པོ་གང་ཡང་མེད། ། ཐོ་བས་ཇི་ལྟར་རྫ་བཞིན་དུ། ། དངོས་པོ་གང་ལ་གཞོམ་བྱ་བའི། ། དངོས་པོ་དངོས་སུ་ཡོད་པ་མིན། ། དེ་སྟེ་སྟོང་པའི་དངོས་ཡོད་ན། ། འཇིག་མེད་མ་ཡིན་གཞིག་པར་འགྱུར། ། གཞིག་བྱ་གཞིག་པར་བྱེད་པ་གང་། ། དེ་ནི་རྣམ་པར་རྟོག་པས་བརྟགས། ། རི་རབ་རི་བོ་ཙམ་འགྱུར་བའི། ། བདག་ཏུ་ལྟ་བ་མི་གནོད་ཀྱི། ། སྟོང་ཉིད་ལྟ་བ་གནོད་པ་ནི། ། ང་རྒྱལ་མི་བདེན་བརྟགས་ པའོ། ། རྣལ་འབྱོར་སྤྱོད་པས་སྟོང་པ་ཉིད། ། གནས་མ་ཡིན་པར་སྦྱར་མི་བྱ། ། གནས་མིན་གལ་ཏེ་སྦྱར་གྱུར་ན། ། བདུད་རྩི་དུག་ཏུ་འགྱུར་བ་ཡིན། ། ལྟ་བ་ཇི་སྙེད་གང་ཡང་རུང་། ། ལུས་ཅན་རྣམས་ལ་ཡོད་པ་ཡི། ། ལྟ་བ་རྣམ་པར་སྤང་བའི་ཕྱིར། ། སྟོང་པ་ཉིད་ཀྱི་ ཚུལ་བསྟན་ཏོ། ། སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། ། ལ་ལའི་ལྟ་བ་མ་ཞིག་ན། ། གསོར་མི་རུང་བའི་ལྟ་ཅན་ཏེ། ། སྨན་པས་བཏང་བའི་ནད་པ་བཞིན། ། ཇི་ལྟར་བསྲེག་པ་ཚིག་པའི་མེ། ། བསྲེག་པ་མེད་པས་མི་གནས་སོ། ། དེ་བཞིན་བསྲེག་བྱ་ལྟ་ཚིག་ན། ། སྟོང་ཉིད་མེ་ཡང་ འགག་པར་འགྱུར། ། ལྟ་བས་འགོག་པའི་དུས་སུ་ཡང་། ། ཡེ་ཤེས་ཡང་དག་མེ་འབྱུང་སྟེ། །
BOཉོན་མོངས་ཐམས་ཅད་སྲེག་པར་བྱེད། ། ཉོན་མོངས་བསྲེགས་ནས་རྣམ་པར་མཛེས། ། ཐུབ་པ་རྣལ་འབྱོར་ལྡན་པའི་རྣམས། ། ཡེ་ཤེས་འདི་ལྡན་ཐུབ་སྤྱོད་དག ། དེ་བཞིན་ གཤེགས་པའི་གནས་ཀྱི་མཆོག ། སྟུག་པོ་དེར་ནི་རབ་ཏུ་འདོང་། ། རི་བོང་རྭ་ཡིས་རི་བོ་རྣམས། ། མངོན་པར་གཞིག་བྱ་མ་མཐོང་སྟེ། ། འདི་ལ་མོ་གཤམ་བུ་ཡིས་ཀྱང་། ། སྲོག་ཆགས་གང་ཡང་བསད་པ་མེད། ། རི་བོང་རྭ་ཡི་གཞུ་ཡིས་ཀྱང་། ། སུ་ཡང་ཐབ་མོ་མི་ བྱེད་དེ། ། མོ་གཤམ་བུ་ལ་སུ་ཡང་རུང་། ། ཁྱིམ་གྱི་ལས་སུ་མི་སྐོའོ། ། སྟོང་པ་ཉིད་དང་མི་རྟག་ཉིད། ། རྟག་ཏུ་དངོས་དང་གཅིག་གྱུར་ཏེ། ། ཡོད་དང་མེད་པའི་རང་བཞིན་ཡང་། ། དེ་བཞིན་གཅིག་པ་ཉིད་དུ་གྱུར། ། མངལ་ན་གནས་དུས་ཚུན་ཆད་ཀྱང་། ། གཟུགས་རྣམས་གཞིག་ པར་བརྩོན་པ་སྟེ། ། གང་ནའང་དེ་མེད་གཟུགས་ཡོད་མིན། ། གཟུགས་མེད་པར་ཡང་དེ་མེད་དེ། ། ཁྱད་པར་མེད་པར་འབྱུང་བ་ནི། ། མ་བསྒྲིབས་ཟླ་དང་འོད་ཟེར་བཞིན། ། དེ་བཞིན་དངོས་རྣམས་སྟོང་ཉིད་དང་། ། ལྷན་ཅིག་གཅིག་ཏུ་འབྱུང་བ་སྟེ། ། ཕན་ཚུན་རྣམ་པ་ཐ་དད་དུ། ། དེ་དག་དགོས་པ་མི་སྒྲུབ་བོ། ། རྒྱུ་དང་རྐྱེན་རྣམས་ཚོགས་པ་ལས། ། རྣལ་འབྱོར་ཅན་གྱི་ལས་སྒྲུབ་བོ། །
BOལུས་འདི་བདག་ཡོད་མ་ཡིན་ཏེ། ། རོ་ལངས་འཁྲུལ་འཁོར་རབ་ཏུ་འདྲ། ། སྲེད་པའི་སྲད་བུས་བཅིངས་བྱས་ཤིང་། ། ཡུལ་གྱི་རྣམས་ཀྱིས་དྲང་བ་ཡིན། ། ལྷ་རྫས་སྟོང་པ་ ཉིད་བཤད་པ། ། ལྟ་བ་ཐམས་ཅད་སྦྱོང་བ་སྟེ། ། མཐའ་རྒལ་སྟོང་པ་ཉིད་ལྟ་བ། ། རྒྱལ་བ་རྣམས་ཀྱིས་ལྟ་མེད་བཤད། ། སྟོང་ཉིད་ལྟ་བ་སྦྱོང་བ་ནི། ། ཡོད་དང་མེད་པ་གཞིག་པའི་ཕྱིར། ། བློ་ལྡན་མཉམ་པར་བཞག་པ་ཡི། ། རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ། ། རྩྭ་དང་ཤིང་ དང་གྱོ་མོ་དག ། སྒྱུ་མའི་མཁན་པོས་རྒྱུར་བྱས་ཏེ། ། སྔགས་ཀྱིས་ཅི་དང་ཅིར་འདོད་པར། ། གཟུགས་ཀྱི་དངོས་སུ་རབ་ཏུ་བྱེད། ། གཟུགས་དང་སྣང་བ་ཡིད་བྱེད་དང་། ། སྲེད་དང་མིག་རྣམས་རྒྱུར་བྱས་ཤིང་། ། མིག་གི་རྣམ་ཤེས་སྒྱུ་མ་བཞིན། ། སྨིག་རྒྱུ་བཞིན་དུ་དེ་གཡོའོ། ། གང་གི་ཡུལ་དུའང་འོང་བ་མེད། ། ཡུལ་གཞན་དག་ཏུའང་འགྲོ་བ་མིན། ། འདི་ལྟའི་རྣམ་ཤེས་འབྱུང་བ་ལ། ། ཡོད་དང་མེད་པར་བརྟག་མི་བྱ། ། སྐྲ་ཡི་ཚོགས་དང་བོང་བུའི་རྭ། ། མོ་གཤམ་བུ་དང་སྨིག་རྒྱུ་དང་། ། དྲི་ཟའི་གྲོང་ཁྱེར་རྨི་ལམ་དག ། མིང་དུ་གྲག་གི་ཡོད་པ་མིན། ། སྟག་དང་གཟིག་དང་དོམ་དག་དང་། ། རྔ་རྟ་བོང་བུ་ཁྱི་རྣམས་དང་། །
BOགཡི་དང་མཚའ་དང་རུས་སྦལ་ལ། ། རྭ་ནི་ཡོད་པ་མ་ཡིན་ན། ། ཐུབ་པ་རྩོད་པར་བརྩོན་པ་ཡིས། ། དེ་དག་ཅི་ཕྱིར་མི་བརྟག་ཅིང་། ། བོང་བུའི་རྭ་ལ་བརྟག་པར་བྱ། ། ཅི་གོ་དེ་དག་བསྒྲུབ་ནུས་སམ། ། ཤེས་རབ་ཅན་ གྱིས་སར་བསྟན་པ། ། དེ་དག་ཉི་ཚེ་བརྟག་པར་བྱ། ། རྟོག་པ་ཅན་རྣམས་འཁོར་བ་ནི། ། བླུན་པོ་ལོང་བ་འོན་པ་འདྲ། ། སྒྲོལ་བའི་ཡེ་ཤེས་དེ་ལ་མེད། ། སོ་སོ་རང་རིག་ཡུལ་ཡང་མེད། ། གཞན་གྱིས་བྱས་པའི་ཚུལ་དག་ལ། ། རྣམ་པར་རྟོག་པས་ཅི་ཞིག་ནུས། ། སྟུག་པོར་ གནས་པར་རྣམ་པར་རྟོགས། ། དེ་ལ་བརྟགས་ཤིང་དགེ་བ་འཐོབ། ། རྣལ་འབྱོར་མཉམ་བཞག་རྣལ་འབྱོར་ཅན། ། དེ་ན་གནས་པ་བཞིན་དུ་སྣང་། ། ལྷ་ཡུལ་གནས་པའི་བསྙེམས་བྲལ་དང་། ། ཟླ་བ་གཟའ་ལ་སོགས་པ་ཡང་། ། རླུང་གིས་རབ་ཏུ་བསྐྱོད་པའི་རྣམས། ། རི་རབ་རྟེན་ཅིང་རྒྱུ་བ་ཡིན། ། དེ་བཞིན་རྣམ་པར་ཤེས་པ་བདུན། ། བག་ཆགས་རྣམས་དང་ལྡན་པ་ཡི། ། ཀུན་གཞི་ཀུན་གྱི་ས་བོན་ཅན། ། དེ་ལ་བརྟེན་ཅིང་རབ་ཏུ་རྒྱུ། ། ཇི་ལྟར་ས་ལ་ཀུན་བརྟེན་ཅིང་། ། ས་སྐྱེ་ཀུན་ཀྱང་འབྱུང་བ་བཞིན། ། སེམས་ཅན་ཀུན་གྱི་གནས་ཡིན་ཏེ། ། འབྱུང་ཁུངས་ཀུན་གྱི་ཁྱད་པར་དུ། ། དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །
BOརྣམ་ཤེས་རྣམས་ཀྱི་གནས་ཡིན་ཏེ། ། སེམས་དང་སེམས་ལས་བྱུང་བར་ལྡན། ། དབའ་རླབས་བཞིན་དུ་རབ་ཏུ་འབྱུང་། ། ཇི་ལྟར་རྨ་བྱའི་འདབ་སྒྲོ་རྣམས། ། འོད་དང་ཁ་དོག་རྣམ་མང་སྟེ། ། གཙུག་ ཕུད་ཅན་རྣམས་འདབ་སྒྲོ་ཡིས། ། རྨ་བྱ་མོ་དང་ལོངས་རྩེ་བ། ། དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། ། ས་བོན་མང་ཅན་མཚོ་ལྟར་གནས། ། ཐམས་ཅད་ཆོས་ཀྱི་གཞི་ཡིན་ཏེ། ། རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང་། ། ཇི་ལྟར་རྒྱ་མཚོ་ཆུ་བོ་ཡིས། ། ཉིན་གཅིག་བཞིན་དུ་དགང་བྱ་ ཡང་། ། ཆུ་བོ་རྣམས་ནི་རྒྱུན་མི་འཆད། ། རྒྱ་མཚོ་རྟོག་པར་ཡོང་མི་བྱེད། ། དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། ། ཟབ་ཅིང་མཚོ་ལྟར་གནས་པ་སྟེ། ། རྣམ་ཤེས་རྣམས་ཀྱིས་ཉིན་གཅིག་བཞིན། ། བག་ཆགས་ཆུ་བོས་རབ་ཏུ་དགང་། ། ཇི་ལྟར་རིན་ཆེན་ལྡན་པའི་ས། ། སྣ་ ཚོགས་ཀུན་དུ་ཕན་འདོགས་ཏེ། ། སེམས་ཅན་རྣམས་ཀྱང་ཉེ་བར་འཚོ། ། ཡོན་ཏན་དངོས་སུ་རྟོན་པ་ཡིན། ། དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། ། རྣམ་རྟོག་རྣམས་དང་ལྷན་ཅིག་འབྱུང་། ། དེ་ནི་འཁོར་བ་འཕེལ་བྱེད་དེ། ། གྱུར་ན་དེ་བཞིན་གཤེགས་པ་ ཡིན། ། དེ་བཞིན་གཤེགས་པ་སྟོབས་བཅུ་ཅན། ། སྤྱོད་པ་ལེགས་སྤྱད་གཙང་བ་སྟེ། །
BOས་བཅུ་པ་ལས་མངོན་བྱུང་སྟེ། ། བདེ་བར་གཤེགས་པའི་སར་ཞུགས་ནས། ། ཡང་དག་མཐའ་ལ་རབ་གནས་པ། ། སྣ་ཚོགས་སེམས་ཅན་རྣམ་སྤྲུལ་པར། ། འཇིག་པ་མེད་ པར་འབྱུང་བ་ནི། ། རྣམ་པར་རྟོག་མེད་ས་བཞིན་ནོ། ། སོས་ཀ་མེ་ཏོག་མང་པོའི་གཟུགས། ། མི་དང་བྱ་ཡི་ཡིད་དུ་འོང་། ། དེ་བཞིན་སྣ་ཚོགས་ལེན་པའི་སེམས། ། ཐུབ་ཤེས་ཡིད་འོང་མྱོས་པར་བྱེད། ། ཇི་ལྟར་དོན་མཁས་རྒྱལ་བའི་སྲས། ། འབྱུང་ལས་བྱུང་བ་ མ་ཡིན་པ། ། མེད་པའི་བློ་ཅན་དེ་བཞིན་ཏེ། ། ལོག་པར་སྨྲ་ལ་བརྩོན་པ་དག ། ཆོས་དང་མི་འཐུན་ཕྲ་མ་ཅན། ། ལྕེ་གཉིས་ལོག་པར་ལྟ་བ་དག ། རྣམ་པ་གཞན་དུ་གནས་པའི་དངོས། ། རྣམ་པ་གཞན་དུ་སྟོན་པར་བྱེད། ། ཇི་ལྟར་སྒྱུ་མའི་སྐྱེས་བུ་ཞིག ། འབྲས་བུ་ སྣ་ཚོགས་སྟོན་བྱེད་པ། ། འབྲས་བུ་མེ་ཏོག་དེ་ན་མེད། ། སྔགས་དང་ཁོང་བཟོས་ཟོ་མདོག་བདེ། ། འཇིག་རྟེན་རྣམ་པ་གཞན་གནས་པ། ། རྣམ་པ་གཞན་དུ་སྟོན་པར་བྱེད། ། རྒྱལ་བ་རྣམས་དང་རྒྱལ་བའི་སྲས། ། ཀུན་ཀྱང་ཐབས་ཀྱི་དམིགས་ལ་མཁས། ། བསྟན་ པ་གཞན་ལ་ཇི་སྙེད་དུ། ། བསྟན་པ་བྱས་པ་དེ་དག་ཀུན། ། བདེ་གཤེགས་རྣལ་འབྱོར་མཁས་པ་ཡིས། ། བསྟན་པ་སྟུག་པོའི་རྒྱན་ལ་བསྟན། །
BOཁམས་རྣམས་དྲུག་དང་{བཅྭ་,བཅོ་}བརྒྱད་བསྟན། ། སྐྱེ་མཆེད་བཅུ་དང་གཉིས་ཀྱི་མི། ། ཡིད་ཀྱི་སྲད་བུས་བཏགས་པ་དག ། སེམས་ཅན་ཀུན་དུ་རབ་ཏུ་འཁོར། ། རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས། ། ཁམས་དང་སྐྱེ་མཆེད་ཕུང་པོ་སྟེ། ། ཡིད་ཀྱི་སྲད་བུས་བཅིང་བྱས་ཤིང་། ། ལུས་དང་ལུས་ལ་རབ་ཏུ་རྒྱུ། ། འདི་ནི་འགྲོ་བའི་སྐྱེས་བུ་སྟེ། ། འགྲོ་བ་རྣམས་ཀྱི་དོན་དུ་བསྟན། ། ལུས་ཅན་ཀུན་གྱི་སྐྱེས་ བུ་ནི། ། འགྲོ་ཡང་བྱུང་བ་མ་ཡིན་ཏེ། ། ཁམས་རྣམས་དྲུག་པོ་སྐྱེས་བུ་ཡིན། ། སྐྱེ་མཆེད་བཅུ་གཉིས་དེ་བཞིན་ཏེ། ། {བཅྭ་,བཅོ་}བརྒྱད་རྣམས་ལ་ཡིད་རྒྱུ་བ། ། དབང་སྒྱུར་ཞེས་ནི་བྱ་བ་སྟེ། ། དབང་སྒྱུར་ཕོ་བྲང་སྣ་ཚོགས་པ། ། ནོར་བུ་རིན་ཆེན་གྲོང་རྡལ་དང་། ། དགའ་ལྡན་ ལ་སོགས་བསྙེམས་བྲལ་དང་། ། མཚེ་མའི་གནས་སུའང་དེ་བཞིན་བཤད། ། རྡོ་རྗེ་སྙིང་པོ་དབང་ཅན་ལ། ། རྒྱལ་སྲས་འཇིགས་པ་མེད་པའི་རྣམས། ། དགེའོ་དགེ་ཞེས་དགའ་འབོད་ཅིང་། ། ཐམས་ཅད་མགོ་བོས་ཕྱག་འཚལ་ལོ། ། ཐུབ་ལྡན་རྣལ་འབྱོར་སྤྱོད་པ་དང་། ། རྒྱལ་ བ་དག་དང་རྒྱལ་བའི་སྲས། ། ཞིང་དང་ཞིང་ན་བཞུགས་པ་དང་། ། ལྷ་ཡུལ་གནས་པའི་རྒྱལ་སྲས་དང་། །
BOརྣལ་འབྱོར་བདག་པོ་རྣལ་འབྱོར་ཅན། ། ཡེ་ཤེས་དབང་པོ་འཕྲུལ་ཆེན་དང་། ། དབང་སྒྱུར་ལྷ་མོའི་ཚོགས་རྣམས་ཀྱང་། ། ཐལ་མོ་སྦྱར་ཏེ་གནས་པར་གྱུར། ། ཕན་ཚུན་ གཅིག་ལ་གཅིག་ལྟ་ཞིང་། ། རྒྱལ་བའི་སྲས་ལ་སྨྲ་བ་ནི། ། འགྲོ་བའི་ལྷ་རྫས་སྐྱེས་བུ་ཡང་། ། མུར་འདུག་བདག་སྨྲ་སྤངས་པ་སྟེ། ། ཐུབ་ཅན་ཀུན་གྱི་སྐྱེས་བུ་ནི། ། ཐུབ་པའི་ཁྱུ་མཆོག་ཁྱོད་ཀྱིས་བསྟན། ། འདས་དང་ད་ལྟར་བྱུང་བ་ཡིས། ། སྔོན་བྱས་མ་བྱས་ཐོབ་པ་ནི། ། སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། ། ཁམས་དྲུག་སྐྱེས་བུ་དགེ་བའོ། ། ཇི་ལྟར་མཁའ་ལ་བྱ་རྗེས་རྣམས། ། རྣམ་པར་བཞག་པ་དེ་བཞིན་དུ། ། སེམས་ཚོགས་ལྡན་པའི་ཁམས་ཀྱི་རྣམས། ། གཏན་ཚིགས་བཅས་པ་རབ་ཏུ་བསྟན། ། ཇི་ལྟར་ཤིང་ལས་མེ་དག་གི། ། མེ་ ལྕེ་གནམ་དུ་གནས་པར་འགྱུར། ། བསྲེག་པ་གཞན་ནི་མ་རྙེད་ཅིང་། ། རླུང་གིས་བབ་ན་གཏན་མི་འབར། ། བྱ་རྗེས་རྣམ་པར་བཞག་པ་ནི། ། མཁའ་ལ་གནས་པ་མི་སྣང་སྟེ། ། འཁོར་བའི་འཁོར་ལོར་འཁོར་བ་ཡི། ། འགྲོ་བའི་སྐྱེས་བུ་སྣང་བ་ཡིན། ། བྱ་རྣམས་རྐང་ པས་མི་འདོང་སྟེ། ། དེ་དག་སྒྲོ་ཡི་ཤུགས་ཀྱིས་འདོང་། ། བྱ་ཡི་རྗེས་དང་འདྲ་བ་ནི། །
BOསྐྱེས་བུའི་སྒོ་ནས་རབ་ཏུ་བསྟན། ། ལས་ཀྱི་སྐྱེས་བུ་བསྟན་པ་ནི། ། འཁོར་རྣམས་རྟག་ཏུ་འཁོར་བ་སྟེ། ། བདེ་དང་སྡུག་བསྔལ་མྱོང་བྱེད་པ། ། བྱས་པའི་ལས་ནི་ཆུད་མི་ཟ། ། ཇི་ལྟར་ ཞིང་པ་རྣམས་ཀྱི་ལས། ། འབྲས་བུ་མེད་པར་མི་འགྱུར་ཏེ། ། དོན་དང་ལྡན་པ་དེ་དག་ནི། ། གཞན་ཡང་འོང་ཞེས་རྨོ་བ་མེད། ། ལྷ་རྫས་འགྲོ་བའི་སྐྱེས་བུ་ནི། ། རྣལ་འབྱོར་ཅན་ལ་རྣལ་འབྱོར་སྟོན། ། ལུས་ཅན་ལུས་ཀྱི་ནང་ནས་ཞིང་། ། དེ་ནི་དགེ་བའི་ལས་ བྱེད་དོ། ། འདི་དང་ཕྱི་མའི་བདེ་བ་དང་། ། ལྷ་ཡུལ་གནས་པའི་གནས་མཐོང་ཞིང་། ། འཁོར་ལས་སངས་རྒྱས་རྒྱུར་འགྱུར་བའི། ། བསོད་ནམས་རྣམས་ནི་རྟག་ཏུ་བྱེད། ། ཐར་དང་ཕ་རོལ་ཕྱིན་རྣམས་དང་། ། སངས་རྒྱས་བསམ་གཏན་སྤྱོད་ཡུལ་ཀུན། ། འགྲོ་བའི་སྐྱེས་བུ་ མེད་ན་ནི། ། ཀུན་ཀྱང་འབྲས་བུ་མེད་པར་འགྱུར། ། ལྷ་ཡི་བདེ་བ་ཐམས་ཅད་དང་། ། དབང་སྒྱུར་རྣམས་ཀྱི་འབྲས་བུ་དང་། ། དེ་བཞིན་ཉིད་མཐོང་ཐུབ་པ་ཡི། ། རྣལ་འབྱོར་རྣམས་ཀྱང་མེད་པར་འགྱུར། ། ལས་དང་ལས་ཀྱི་འབྲས་བུ་མཐོང་། ། ལས་རྣམས་དོན་མེད་མ་ཡིན་ཏེ། ། འོ་དོད་འབོད་ལ་སོགས་པ་དང་། ། མནར་མེད་མཐའ་དང་ལྷ་རྣམས་ཀྱི། །
BOལམ་གྱི་རྒྱུད་ཀྱང་ཡོད་པ་ཡིན། ། འགྲོ་བའི་སྐྱེས་བུ་དེ་ཡོད་ན། ། སྲེད་པའི་འཁོར་ལོས་འཁོར་བར་འགྱུར། ། འཁོར་དང་བྲལ་ན་ཐར་པ་སྟེ། ། བློ་ཞན་རྣམས་ཀྱིས་མི་ཤེས་སོ། ། འཇུག་པའི་སྐྱེས་བུ་ མེད་ན་ནི། ། མོ་གཤམ་བུ་ཡང་འགྲོ་བར་འགྱུར། ། བོང་བུའི་རྭ་ཡང་རྣོ་འགྱུར་ཏེ། ། བྱེ་མ་ལས་ཀྱང་ཏིལ་མར་འབྱུང་། ། ཕྱི་དང་ནང་གི་ས་རྣམས་ནི། ། ཕན་ཚུན་སྟོབས་ཀྱིས་བྱུང་བ་སྟེ། ། གང་དང་གང་དུ་འགྲོ་བ་དག ། དེ་དང་དེ་དག་འགྲོགས་པ་ཡིན། ། ལྷ་དང་ལྷ་ཡི་བུ་མོའི་ ཚོགས། ། དབང་སྒྱུར་རྒྱལ་བའི་སྲས་རྣམས་དང་། ། དྲི་ཟ་གྲུབ་པའི་རྒྱལ་པོ་དང་། ། སྔགས་འཆང་ཆུང་མའི་ཚོགས་རྣམས་ཀྱང་། ། ཐུབ་ལ་མཆོད་པར་འོས་པ་ཡི། ། རྡོ་རྗེའི་སྙིང་པོ་སྲས་བཅས་ལ། ། མཆོད་དེ་གསོལ་བ་འདེབས་པར་བྱེད། ། ཐམས་ཅད་དགེའོ་དགེ་ཞེས་སྨྲ། ། ཉམས་པ་མེད་པའི་ཆོས་ཀྱི་ཚུལ། ། རྒྱུ་དང་དཔེ་ཡིས་བརྒྱན་པ་ནི། ། གཞན་གྱི་རྒོལ་བ་འཇོམས་པ་སྟེ། ། དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན། ། བགབ་ཟུངས་ལྟག་ཆོད་ཚར་གཅོད་པ། ། བདག་གི་ཕྱོགས་ཀྱི་ཡོན་ཏན་སྟོན། ། ཤེས་རབ་ཅན་གྱིས་བསྟན་དུ་གསོལ། ། འགྲོ་བ་འདི་ དག་ཉན་པར་འགྱུར། །
BOཇི་སྙེད་རྒྱལ་བའི་སྲས་རྣམས་དང་། ། ལྷ་ཡི་རྒྱལ་པོ་ཀུན་ཀྱང་ཉོན། ། ཤིན་ཏུ་དཀའ་བའི་བསམ་ཡས་རྒྱུ། ། བརྟགས་འདས་རྟོགས་དང་བྲལ་བ་ཡི། ། རྒྱུ་དང་དཔེ་ཡི་མེ་ཏོག་སྟེ། ། རྣལ་འབྱོར་རྣམས་ཀྱི་ཐུབ་དགེ་བ། ། སྟུག་པོའི་རྒྱན་ནི་བཤད་པར་བྱ། ། དེ་ནི་ཐུབ་ལ་རྣལ་འབྱོར་སྟོན། ། སྟུག་པོའི་རྒྱན་དེ་སྣ་ཚོགས་ཏེ། ། སྟུག་ན་སྤྱོད་པའི་ཐུབ་པ་ཡི། ། སངས་རྒྱས་རྣམས་ཀྱི་གནས་ཀྱི་མཆོག ། ཐུབ་པ་ཀུན་གྱི་དམ་པའོ། ། ས་སྟེངས་ཐུབ་པའི་དྲུ་མ་ལ། ། རྡོ་རྗེ་སྙིང་པོས་ཡང་སྨྲས་པ། ། རྟག་པར་དྲུ་མ་ཁྱོད་ཀྱིས་ཀྱང་། ། ཆོས་ཀྱི་དངོས་ཉིད་ ཤེས་པར་གྱིས། ། དངོས་པོ་རྣམས་ཀྱི་རང་བཞིན་ནི། ། དངོས་སུ་སྟོང་ངམ་རྟག་པ་ཞེས། ། འདི་འདྲའི་ལྟ་དང་ལྡན་པ་ཡི། ། ཐུབ་པའི་རྣལ་འབྱོར་མི་འཁྲུལ་ལོ། ། ཆོས་པ་གཅིག་པུ་རྟོགས་པ་ཡིས། ། ཆོས་པར་མངོན་དུ་ཤེས་པ་སྟེ། ། དངོས་པོ་ཀུན་གྱི་རང་བཞིན་ཡང་། ། དངོས་པོ་གཅིག་གིས་ ཤེས་པར་འགྱུར། ། ཇི་ལྟར་ཇི་བཞིན་བསྲུབས་པའི་ཞོ། ། སོར་མོའི་རྩེ་མོས་མངོན་ཤེས་པ། ། དེ་བཞིན་དངོས་པོ་ཐམས་ཅད་ཀྱི། ། རང་བཞིན་དངོས་པོས་ཤེས་པར་འགྱུར། ། དངོས་པོ་ཇི་མེད་སྟོང་པ་ཉིད། །
BOདངོས་པོ་དངོས་པོར་ཡོད་པའང་མེད། ། འདི་དག་ཀུན་གཞི་རྣམ་པ་སྟེ། ། སྟོང་ ཉིད་ཀུན་གཞི་རྣམ་པའོ། ། རྒྱལ་སྲས་དྲུ་མ་འཇིགས་མེད་པས། ། རྡོ་རྗེའི་སྙིང་པོ་དེ་ལ་སྨྲས། ། ལུས་ཅན་རྣམས་ཀྱི་ཁམས་ཀྱི་མི། ། ཇི་ལྟ་བུར་ན་སེམས་ཙམ་འགྱུར། ། འབྱུང་བ་ཆེན་པོ་རྒྱུར་བྱས་ཤིང་། ། འབྱུང་ལས་འབྱུང་བའི་ཇི་ལྟ་བུ། ། གཡོ་གཤེར་ཚ་དང་སྲ་བ་ཡི། ། ཁམས་རྣམས་ ཇི་ལྟར་འབྱུང་བར་འགྱུར། ། རྒྱལ་སྲས་རྡོ་རྗེ་སྙིང་པོ་ཡིས། ། དྲུ་མའི་བདག་པོའི་ཚིག་ཐོས་ནས། ། མིའམ་ཅི་བདག་ཁྱོད་དགེ་སྟེ། ། ཁྱོད་ནི་དགེ་འོ་ཡང་དགེ་འོ། ། རྣལ་འབྱོར་ཅན་གྱི་སྙིང་པོའི་མཆོག ། ཡིད་འོང་བྱེད་པ་གང་དྲིས་པ། ། སེམས་ཀྱི་སྐྱེས་བུའི་ལུས་ཅན་ལ། ། ཁམས་རྣམས་སྐྱེ་ འགྱུར་ཇི་ལྟ་ཞེས། ། དེ་ཕྱིར་དབང་སྒྱུར་རྒྱལ་སྲས་ལ། ། དེ་ནི་དགེ་བར་བཤད་པར་བྱ། ། དེ་བས་མིའམ་ཅི་ཡི་བདག ། པི་བང་སློབ་དཔོན་བདག་ལས་ཉོན། ། ཇི་ལྟར་མིའམ་ཅི་ཡི་བདག ། ཁྱོད་དང་མི་ཅི་མང་བཅས་པ། ། བསྙེམས་བྲལ་མང་པོ་སྣ་ཚོགས་ཀྱིས། ། ནམ་མཁའ་ལས་ནི་རབ་ འདོང་ཞིང་། ། རྒྱལ་བ་ཉན་ཐོས་ཚོགས་འཁོར་དུ། ། པི་བང་སྒྲ་དབྱངས་སྙན་བླངས་པས། ། ཐུབ་པ་དྲུ་མ་ལྟོས་ཤིག་ཅེས། །
BOཕན་ཚུན་གཅིག་ལ་གཅིག་ཀྱང་གསུང་། ། བསྙེམས་བྲལ་མང་པོ་སྣ་ཚོགས་ན། ། མིའམ་ཅི་དང་འགྲོགས་རྩེ་ཞིང་། ། པི་བང་བཻ་དཱུརྱས་སྤྲས་པ། ། ལེན་ཅིང་མཁའ་ལ་འགྲོ་བའི་ཚེ། ། པི་བང་ཡིད་འོང་ཤིན་ཏུ་སྙན། ། དབྱངས་ཀྱིས་ཡོངས་སུ་སྦྱང་བ་སྟེ། ། མིའམ་ཅི་ཡི་བདག་པོ་ཡིས། ། རབ་ཏུ་བླངས་པར་བྱས་པའི་ཚེ། ། ཉན་ཐོས་རྣམས་ཀྱང་གར་བྱེད་དེ། ། ཉན་ཐོས་དེ་དག་གྱུར་པ་དེ། ། རྒྱལ་སྲས་རྣམས་ཀྱིས་མཐོང་བ་དང་། ། འོད་སྲུང་ རྣལ་འབྱོར་བཟང་ཅན་དང་། ། ལྷ་ཡི་ཅོད་པན་ལ་སྨྲས་པ། ། རྣམ་རྟོག་མེད་པའི་སྒྲ་དབྱངས་ཀྱི། ། པི་བང་སྒྲ་ནི་བསྒྲགས་པ་ཡིས། ། འདོད་ཆགས་བྲལ་བ་ཅི་ཕྱིར་གྱུར། ། འོད་སྲུང་ཁྱོད་ཀྱིས་ངེད་ལ་སྟོན། ། རྒྱལ་སྲས་སྟོབས་ཆེན་དམུ་རླུང་བཞིན། ། {རི་དགས་,རི་དྭགས་}རྣམས་དང་འདྲ་བ་ནི། ། ཉན་ ཐོས་གཡོ་བའི་བློ་ཅན་རྣམས། ། བག་ཆགས་འདམ་གྱི་དྲི་མ་ཅན། ། ཉོན་མོངས་རྣམ་རྟོག་བྱུང་བས་མནར། ། ཡང་དག་སངས་རྒྱས་སྐུ་རྙེད་ནས། ། བག་ཆགས་དྲི་མ་ཡོངས་བསལ་ཏེ། ། བདག་མེད་གཉིས་ཀྱིས་ཡོངས་དག་ཅིང་། ། ཤེས་བྱ་སྒྲིབ་པའི་དྲི་མེད་ན། ། སེམས་ཀྱི་ཁམས་ལས་གཞན་ གྱུར་པ། ། དེ་བཞིན་གཤེགས་པར་རབ་ཏུ་འགྱུར། །
BOཁྱོད་ནི་དབང་ཆེན་ཕྲ་ཡུལ་ལྡན། ། ཤེས་རྒྱ་ཆེ་ཞིང་གཙུག་ལག་མཁས། ། དབང་པོ་འཇིག་རྟེན་ཕྱོལ་བ་ཡི། ། གཙུག་ལག་མཚན་ལ་ཁྱོད་གནས་ཏེ། ། མིའམ་ཅི་ཡི་གཙུག་ལག་ཀྱང་། ། དེ་བཞིན་གཤེགས་པའི་རྣལ་འབྱོར་དགེ། ། ས་ཡི་མཚན་ཉིད་མཁས་བྱ་ལ། ། བསླབ་སྟེ་ཟླ་བ་བཞིན་གནས་པ། ། མིའམ་ཅི་ཡི་དབང་པོ་ཁྱོད། ། ས་དང་ཞིང་རྣམས་བྱེ་བར་མཛེས། ། ཁྱོད་ནི་དེ་ལྟར་རྣམ་མཛེས་ཞིང་། ། ཐུབ་ཅན་དབང་སྒྱུར་ཚོགས་དབུས་སུ། ། ཁམས་ཀྱི་སེམས་ལས་སྐྱེས་པའི་མི། ། ཁོ་བོ་ལ་ནི་སྲས་ཀྱིས་ དྲིས། ། མཉམ་སེམས་མཉམ་པར་གཞག་པ་ཡིས། ། ཐམས་ཅད་ལྷན་ཅིག་མཉན་པར་གྱིས། ། ཁམས་རྣམས་གང་དུ་ཅི་ཚུལ་གང་། ། སེམས་སུ་གྲགས་པའི་སྐྱེས་བུ་ལ། ། རྒྱུ་རྣམས་གང་གིས་འབྱུང་བ་ཡི། ། དེ་ཚུལ་བདག་གིས་བསྟན་པར་བྱ། ། ཆུ་ནི་རླན་རྣམས་སྐྱེད་པར་ བྱེད། ། དྲོད་ནི་མེའོ་སྲ་བ་ས། ། གདེག་ལ་སོགས་པའི་བྱ་བ་རྣམས། ། རླུང་གི་ཁམས་ཀྱིས་ཀུན་ནས་རྩོམ། ། གཟུགས་ལ་སོགས་པའི་ས་མཚམས་ནི། ། ནམ་མཁའ་ཀུན་ནས་རྩོམ་པར་བྱེད། ། རྣམ་ཤེས་སྣ་ཚོགས་ཡུལ་ཅན་ནི། ། བག་ཆགས་རྣམས་ཀྱིས་རབ་ཏུ་བསྐྱེད། ། སྲིད་ ཀྱི་མཚམས་དང་མིག་དག་གིས། ། སྐྱེ་བའི་སྒོ་རྣམས་བྱེད་པ་ནི། །
BOགཟུགས་ལ་སོགས་པའི་ཚོགས་ཀུན་ཏེ། ། རྒྱལ་པོ་མཚན་ནི་རྣམ་པ་མང་། ། ནོར་བུ་རིན་ཆེན་སྣ་ཚོགས་གནས། ། དབང་སྒྱུར་ཕོ་བྲང་བཟང་པོ་ན། ། རྣལ་འབྱོར་ལྡན་ཆེན་ཤུགས་འཛིན་པ། ། རྒྱལ་སྲས་རྣམས་ ཀྱིས་མདུན་བདར་ཅིང་། ། སོ་སོའི་སྟན་ལས་ཀུན་ལངས་ཏེ། ། ཡང་དང་ཡང་ཞིང་ཕྱག་འཚལ་ནས། ། རིམ་གྲོར་རྡོ་རྗེའི་སྙིང་པོ་ལ། ། མཆོད་པའི་དམ་པས་མཆོད་པ་བྱེད། ། རིན་ཆེན་དྲ་བས་སྟེང་བཀབ་ཅིང་། ། ཡང་དང་ཡང་དུ་གསོལ་བ་བྱེད། ། དགེའོ་དགེའོ་ཡང་དག་སྟེ། ། དགེ་ བ་ལྡན་ལ་རབ་གནས་ཞིང་། ། ཆོས་ཀྱི་སྤྲིན་གྱི་ཚུལ་རྙེད་ནས། ། སངས་རྒྱས་ས་ལ་རབ་བཞུགས་ཏེ། ། དབང་སྒྱུར་རྒྱལ་བའི་སྲས་རྣམས་ལ། ། སངས་རྒྱས་ཡུལ་རྣམས་རབ་ཏུ་བསྟན། ། རྒྱལ་པོ་ལྷ་མོ་བཅས་པ་ཡིས། ། དེ་ནས་ཡང་དུ་མཆོད་བྱས་ཏེ། ། རྣལ་འབྱོར་ཆེ་ཅན་ དགེའོ་དགེ། ། རྡོ་རྗེའི་སྙིང་པོ་འཇིགས་མེད་པ། ། ལྷ་རྫས་དེ་བཞིན་གཤེགས་པ་ཡི། ། ཆོས་དེ་བདག་ལ་བསྟན་པས་ན། ། ནོར་བུ་རིན་ཆེན་སྣ་ཚོགས་ནས། ། བཀྲ་ཤིས་གཙང་བར་རབ་ཏུ་བྱས། ། ཐུབ་ལྡན་འཕགས་པ་སྤྱན་རས་གཟིགས། ། བློ་གྲོས་ཆེན་པོ་བྱམས་པ་དང་། ། བློ་གྲོས་མི་ཟད་མཐུ་ཆེན་དང་། ། འཇམ་དཔལ་རྣམ་པར་འཕྲུལ་པ་དང་། །
BOལྷ་ཡི་ཅོད་པན་རྣལ་འབྱོར་བདག ། ཤུགས་འཛིན་དྲུ་མ་བློ་གྲོས་དང་། ། གཟུངས་ཀྱི་དབང་པོའི་རྒྱལ་པོ་དང་། ། རིན་ཆེན་གཙུག་ཕུད་འཕྲུལ་ཆེན་དང་། ། ཡང་དག་ཇི་བཞིན་མཐོང་བ་དང་། ། མཚེ་མའི་རབ་ དང་འགྲོ་འཛིན་དང་། ། རྣལ་འབྱོར་སློབ་དཔོན་རྣལ་འབྱོར་ཆེ། ། རྣལ་འབྱོར་ཅན་ལ་སེམས་སྟོན་པ། ། ཐུབ་པ་ཐམས་ཅད་དོན་གྲུབ་པ། ། ཐུབ་སྲས་འཇིགས་པ་མེད་པའི་རྣམས། ། འདི་དག་གཞན་ཡང་མང་པོ་སྟེ། ། རྒྱལ་བའི་སྲས་པོ་འཕྲུལ་ཆེན་རྣམས། ། སོ་སོའི་སྟན་ ལས་ཀུན་ལངས་ནས། ། དེ་དག་གཅིག་ལ་གཅིག་བལྟས་ཏེ། ། རྡོ་རྗེའི་སྙིང་པོ་དེ་ལ་སྨྲས། ། ཆོས་ཀྱི་ཚུལ་ནི་བརྟན་པར་གྱིས། ། ཁྱོད་ནི་རྒྱལ་དབང་བྱིན་གྱིས་བརླབས། ། རྒྱལ་སྲས་རྣམས་ཀྱིས་རབ་ཏུ་མཆོད། ། ས་ཡི་མཚན་ལ་མཁས་པ་ཡང་། ། ཁྱོད་ལ་ཐམས་ཅད་ཤིན་ཏུ་གནས། ། ཁྱོད་ལ་གསོལ་བ་འདེབས་པ་ནི། ། རྒྱལ་སྲས་སྟོབས་ཆེན་ཐམས་ཅད་དང་། ། རྣལ་འབྱོར་ཅན་དང་རྣལ་འབྱོར་བདག ། སྔགས་འཆང་བུད་མེད་ཐམས་ཅད་དོ། ། རྒྱལ་བ་རྣམས་དང་རྒྱལ་སྲས་དང་། ། འཇིག་རྟེན་རྣམས་ ཀྱི་ངོ་མཚར་གཞི། ། མདོ་སྡེ་ཀུན་གྱིས་དྲི་མེད་ཅིང་། ། བསྟན་དང་བཀླག་པ་རྣམས་སྤངས་པ། །
BOསྟུག་པོའི་རྒྱན་འདི་བསྟན་པའི་ཕྱིར། ། རྣལ་འབྱོར་བདག་ཁྱོད་སྤོབས་པར་གྱིས། ། སྤྲུལ་པས་བཤད་པ་སྤངས་པ་སྟེ། ། དེ་བཞིན་གཏམ་དང་སྤྲུལ་པས་ཀྱང་། ། ཟག་པ་ མེད་པའི་ཆོས་ཀྱི་དབྱིངས། ། སོ་སོ་རང་རིག་སྤྱོད་པའི་ཡུལ། ། ལྷ་རྫས་མཐོང་བའི་ཆོས་ལ་བདེ། ། འཕགས་པ་རྣམས་ལ་དེ་སྟོན་ཅིག ། ཕུང་པོ་ལྷག་མ་མ་ལུས་པར། ། གཏུགས་པའི་ཆོས་ཀྱི་དབྱིངས་སྟོན་ཅིག ། ཏིང་ངེ་འཛིན་དང་གཟུངས་ཀྱི་རྣམས། ། རྣམ་པར་ ཐར་དང་དབང་རྣམས་དང་། ། ཡིད་བཞིན་རྣམ་པ་བཅུ་པོ་ཡི། ། ལུས་ཀྱི་ཚོགས་ཀྱང་བསྟན་པར་གྱིས། ། སངས་རྒྱས་རྣམས་ཀྱི་བསམ་ཡས་དང་། ། མགོན་པོ་རྣམས་ཀྱི་ཞིང་གི་རྒྱན། ། རྒྱལ་བ་རྣམས་དང་རྒྱལ་སྲས་ཀྱི། ། རྡུལ་ཕྲན་བཞིན་གྱི་སྐུ་ཕྲ་དང་། ། སྐྲ་རྩེ་ བརྒྱ་ཆར་ཕྲ་བ་དག ། རྒྱལ་སྲས་ཁྱོད་ཀྱིས་བཤད་པར་གྱིས། ། བསྟན་དང་བཀླག་དང་རྣམ་བྲལ་ཞིང་། ། བརྗོད་པས་རྣམ་པར་སྤངས་པ་ཡི། ། སྟུག་པོ་ཞིང་གི་དམ་པ་དེར། ། ཅི་ནས་ཐུབ་པ་འདོང་བའི་ཕྱིར། ། རྣལ་འབྱོར་མཁས་པས་སེང་གེ་ལྟར། ། ཐུབ་པས་དེ་ དག་ཀུན་བལྟས་ཏེ། ། འགྲོ་བའི་ཚོགས་རྣམས་ཐམས་ཅད་ལ། ། བརྟག་པར་མི་ནུས་བརྟག་བྲལ་བའི། ། ཆོས་ཚུལ་རབ་ཏུ་བསྟན་པར་བྱ། །
BOབློ་ཡི་མཐུ་ཡང་ཀུན་བརྟགས་ན། ། རྣལ་འབྱོར་ཅན་དག་ཆོས་ཀྱི་ཚུལ། ། སྔོན་གྱི་གཞུང་ལུགས་ཉན་ནུས་པས། ། ཚངས་པའི་སྒྲ་དང་དབྱངས་སུ་ སྟེ། ། ཀ་ལ་པིང་ཀའི་སྒྲ་སྐད་དུ། ། རྒྱ་ཆེན་ལྕེ་ཡིས་རབ་སྙན་པར། ། རྡོ་རྗེའི་སྙིང་པོས་ཤིན་ཏུ་བཤད། ། སེང་གེ་རོ་སྟོད་ལུས་འཆང་བ། ། མཚན་རབ་སུམ་ཅུ་རྩ་གཉིས་དང་། ། དཔེ་བྱད་བཟང་པོས་བརྒྱན་པའི་ལུས། ། རྡོ་རྗེའི་སྙིང་པོས་ཤིན་ཏུ་བསྟན། ། ཀིམ་ཀའི་སྒྲ་ལ་མཁས་པས་ན། ། སྒྲ་ཡི་མཚན་ ཉིད་གྲགས་པ་ཡིས། ། མདོར་ན་དེ་ཡི་ཉིས་གྱུར་ཏུ། ། རྒྱལ་སྲས་དེ་ནི་ཤིན་ཏུ་སྟོན། ། སང་སང་དག་པ་དབྱངས་ལ་སོགས། ། མཐོང་ཞིང་རིང་བའི་སྒྲ་སྐད་དང་། ། གན་ད་ར་དང་རན་ལྡན་པར། ། རྒྱལ་བའི་སྲས་པོས་རབ་ཏུ་བསྟན། ། རཱི་ཥ་བྷ་དང་དྷཻ་བ་ཏ། ། ཥཌྫ་ཀེ་ཤི་ལྔ་པོ་ཡི། ། སྒྲ་སྐད་མཚན་ཉིད་ལྡན་པ་ ཡི། ། དབྱངས་ཀྱིས་ཐུབ་པ་རྣམ་པར་གསུང་། ། {རིངས་,རིང་}དང་དལ་བ་མེད་པའི་ཚིག ། ཟབ་ཅིང་སྙན་པའི་སྒྲ་དབྱངས་ཏེ། ། མཚན་ཉིད་མཁས་དང་དྲི་ཟ་ལ། ། དེ་བཞིན་སིམ་པར་བྱེད་པ་ཡི། ། ཚིག་གི་ཡོན་ཏན་ལྡན་པའི་ཚིག ། རྡོ་རྗེ་སྙིང་པོས་བརྗོད་པ་ནི། ། ལྷུན་གྱིས་གྲུབ་པར་བྱས་པ་སྟེ། །
BOསྤྲུལ་ པའི་བཞིན་དུ་འབྱུང་བ་ཡིན། ། ཐུབ་སྲས་རྡོ་རྗེའི་སྙིང་པོ་ནི། ། ཅི་ཡང་བརྗོད་པར་མི་བྱེད་པར། ། ཐམས་ཅད་ཡན་ལག་མཚན་གྱི་སྒྲ། ། ཡན་ལག་རྣམས་ལ་མངོན་པར་འབྱུང་། ། སྨིན་མ་དཔྲལ་བ་སྤྱི་བོ་དང་། ། ཕྲག་པ་སྣ་རྩེ་བྱིན་པ་ལས། ། ཆོས་ཀྱི་ཚུལ་རྣམས་རབ་སྟོན་ཅིང་། ། དགེ་བའི་སྒྲ་རྣམས་བྱུང་བར་གྱུར། ། རྡོ་རྗེ་སྙིང་པོ་ཐུབ་པ་ཡི། ། སྨོན་ལམ་ལེགས་ལས་བྱུང་བ་སྟེ། ། བྲེ་མོའི་ངང་པའི་རྒྱལ་པོ་བཞིན། ། རྒྱལ་བའི་སྲས་རྣམས་ཀུན་ནས་འདུས། ། དབང་སྒྱུར་ཕོ་བྲང་བཟང་པོ་ན། ། ཐམས་ཅད་གཟུགས་ཀྱི་རིན་ཆེན་བཞིན། ། དཔའ་ཆེན་ རྡོ་རྗེའི་སྙིང་པོ་དེ། ། རྣམ་པར་མཛེས་ལ་ཀུན་ལྟའོ། ། སྐར་མའི་དབང་པོ་སྐར་མ་དེ། ། གཟའ་ཡི་དབུས་ན་མཛེས་པ་བཞིན། ། རྡོ་རྗེའི་སྙིང་པོ་རྣལ་འབྱོར་ཅན། ། དམ་པའི་སྟན་ལ་རྣམ་པར་མཛེས། ། ཇི་ལྟར་སྐར་མའི་དབང་པོ་དང་། ། ཟླ་བའི་འོད་དུ་བྱེ་བྲག་མེད། ། དེ་བཞིན་ རྡོ་རྗེའི་སྙིང་པོ་དང་། ། རྒྱལ་བ་རྣམས་སུ་ཁྱད་པར་མེད། ། ཡང་དག་ཇི་བཞིན་དོན་མཐོང་བའི། ། རྒྱལ་བའི་སྲས་པོ་སྟོབས་པོ་ཆེ། ། རྣལ་འབྱོར་ཅན་དང་ཐུབ་པའི་མཆོག ། རྣལ་འབྱོར་སྤྱོད་པའི་ལམ་གནས་པ། །
BOསྟན་ལས་ལེགས་པར་ལྡང་བྱས་ཤིང་། ། རྒྱལ་སྲས་རྣམས་ལ་ མངོན་བལྟས་ནས། ། ཚིག་དགེ་རྣམ་པར་སྨྲས་པ་ནི། ། ཀྱེ་མ་ཐེག་ཆེན་ཐེག་པ་ནི། ། སངས་རྒྱས་སྤྱོད་ཡུལ་བསམ་མི་ཁྱབ། ། དེ་ལ་གནས་ཤིང་རྒྱལ་སྲས་དང་། ། རྒྱལ་བ་བསམ་གྱིས་མི་ཁྱབ་སྟོན། ། བྱེ་བའི་ཞིང་བཞུགས་རྒྱལ་བ་དང་། ། རྒྱལ་སྲས་དེ་དག་ཐམས་ཅད་ཀྱང་། ། དྲི་མེད་ བསམ་གྱིས་མི་ཁྱབ་ཆོས། ། དགོངས་པས་ཕྱག་བྱ་འོས་པ་ཡིན། ། ཐེག་པ་ཆེན་པོའི་ཚུལ་དགེ་ནི། ། མཆོག་ཏུ་ཕྲ་ཞིང་དཀོན་པ་སྟེ། ། གཞན་དུ་གྱུར་པའི་ཚུལ་གྱི་མཆོག ། རྟོག་པ་ཅན་གྱི་ཡུལ་མ་ཡིན། ། རྣམ་པར་ཤེས་པ་བརྒྱད་ཀྱི་ཡུལ། ། རང་བཞིན་རྣམས་ལ་ཁྱད་པར་བྱེད། ། བདག་མེད་ཉིད་ནི་ལྔ་པོ་ཡི། ། དེ་བཞིན་ཁྱད་པར་བྱེད་པས་ན། ། བག་ཆགས་སྤྲོས་པས་འཕངས་པ་དེ། ། ཡུན་རིང་གནས་ངན་ལེན་པ་དང་། ། སེམས་དང་སེམས་ལས་བྱུང་ལྡན་ཞིང་། ། རྣམ་ཤེས་རྣམས་ལས་རབ་ཏུ་བྱུང་། ། ལྷ་རྫས་ཚུལ་འདི་མཐོང་བ་དང་། ། གསེར་བཞིན་རྣམ་པར་བྱང་བར་འགྱུར། ། རྣམ་དག་རིགས་ལ་ གནས་པ་དག ། སངས་རྒྱས་རིགས་སུ་དེ་དག་འགྱུར། ། དེ་བཞིན་གཤེགས་པའི་ལྷ་རྫས་རིགས། ། མུར་འདུག་ཉན་ཐོས་རྣམས་སྤངས་པ། ། ཐོབ་ནས་སངས་རྒྱས་ཞིང་གི་མཆོག །
BOསྟུག་པོར་དེ་བཞིན་འདོང་བར་འགྱུར། ། ཏིང་འཛིན་འདི་ཡི་ཡུལ་ནི་གང་། ། ཏིང་འཛིན་འདི་ཡི་མིང་ཡང་ཅི། ། རྡོ་རྗེའི་ སྙིང་པོས་གང་ཐོབ་ཕྱིར། ། ཚུལ་དགེ་འདི་ནི་སྟོན་པར་འགྱུར། ། རྡོ་རྗེའི་སྙིང་པོའི་རྐང་གཉིས་ལ། ། ཐུབ་པ་རྣམས་ཀྱིས་ཕྱག་བྱས་ནས། ། རྡོ་རྗེའི་སྙིང་པོ་འཇིགས་མེད་ཀྱི། ། རྡོ་རྗེའི་བློ་ལ་བཤད་པར་མཛོད། ། ཏིང་འཛིན་ཡུལ་ནི་གང་ཞིག་ཡིན། ། ཏིང་འཛིན་འདི་ཡི་མིང་ཡང་ཅི། ། གང་ ལ་གནས་ཤིང་ཚུལ་འདི་ཡང་། ། རྒྱལ་སྲས་ཁྱོད་ནི་བཤད་པ་མཛད། ། རྒྱལ་བའི་སྲས་རྣམས་ཉན་པར་འདོད། ། དབང་སྒྱུར་བདག་ཀྱང་དེ་བཞིན་ནོ། ། རྡོ་རྗེའི་སྙིང་པོ་འཇིགས་མེད་ཀྱིས། ། འཁོར་དུ་འདུས་པ་ཐམས་ཅད་དང་། ། ཚུལ་འདི་བསམ་གྱིས་མི་ཁྱབ་དང་། ། རྒྱལ་བའི་སྲས་ཀྱི་མཐུ་ སྟོབས་དང་། ། བློ་ལ་འཛིན་པའི་མཐུ་ཀུན་དང་། ། ནུས་སམ་མི་ནུས་ཞེས་བལྟས་ནས། ། བློ་འཛིན་མཐུ་ལྡན་མཐོང་བ་དང་། ། རྒྱལ་སྲས་ཐམས་ཅད་མཐུ་ལྡན་གྱིས། ། ཐམས་ཅད་མ་འགྱུར་མཉན་པར་བྱོས། ། གཞན་དུ་གྱུར་པའི་ཚུལ་དགེ་བ། ། དབང་སྒྱུར་ལྷ་ཡུལ་གནས་པ་དང་། ། ཐུབ་ པ་རྣམས་ལ་བཤད་པར་བྱ། ། ཐེག་པ་ཆེན་པོ་འོད་ཅན་གྱི། ། ཏིང་འཛིན་ཡུལ་ནི་འདི་ཡིན་ཏེ། །
BOདེ་ལ་གནས་ཤིང་རྒྱལ་སྲས་རྣམས། ། ཚུལ་དགེ་རབ་ཏུ་སྟོན་པར་བྱེད། ། བྱེ་བའི་ཞིང་རྣམས་རབ་ཏུ་མཐོང་། ། དེ་དག་མགོན་པོ་དེ་བཞིན་ནོ། ། རྡུལ་གྱི་མཐའ་མར་ཐུག་པ་རྣམས། ། དེ་དག་རང་ གི་ཞལ་སྟོན་ཏོ། ། དགེའོ་དགེ་ཞེས་རབ་ཏུ་གསུང་། ། འདི་ནི་རྣལ་འབྱོར་བཟང་ལྡན་ལམ། ། ལམ་འདིས་ངེད་རྣམས་ཐམས་ཅད་ཀྱང་། ། ཏིང་ངེ་འཛིན་ལ་དབང་སྒྱུར་བ། ། ཐོབ་ནས་སངས་རྒྱས་དྲི་མེད་གྱུར། ། གང་ཡང་སངས་རྒྱས་ཏིང་འཛིན་སྐྱེས། ། ཐེག་པ་ཆེན་པོ་སྣང་བ་ཡི། ། ཏིང་ངེ་ འཛིན་གྱི་ཕྲ་སེམས་པ། ། དེ་ལ་གནས་ཤིང་རྒྱལ་སྲས་དང་། ། རྒྱལ་བ་བསམ་ཡས་སྤྱོད་ཡུལ་ཅན། ། སྤྲུལ་པ་བྱེ་བ་མང་པོ་ཡིས། ། སོ་སོ་རང་རིག་སྤྱོད་ཡུལ་གྱི། ། ཏིང་འཛིན་སངས་རྒྱས་མཐོང་བ་ནི། ། ཤིན་ཏུ་ཕྲ་བའི་རྡུལ་སྙེད་དོ། ། སོ་སོ་རང་གིས་རིག་ཚུལ་ནི། ། གང་ལ་སངས་ རྒྱས་གནས་པ་ཡིན། ། ཆོས་འདི་མཚན་མ་མེད་པ་སྟེ། ། སྒྲ་དང་གཟུགས་ཀྱིས་རྣམ་པར་སྤངས། ། མིང་ནི་མཚན་མས་བསྐྱེད་པ་ཡིན། ། མཚན་མ་རྐྱེན་ལས་བྱུང་བ་སྟེ། ། རྣམ་པར་རྟོག་པ་གཉིས་ལས་སྐྱེས། ། ཆོས་རྣམས་ཀྱི་ནི་དེ་བཞིན་ཉིད། ། དེ་ནི་ཡང་དག་སུས་མཐོང་བ། ། དེ་ཡི་ཡེ་ཤེས་ཡང་དག་མཚོན། །
BOརང་བཞིན་བརྟགས་པ་མིང་ཡིན་ཏེ། ། མཚན་མ་གཞན་གྱི་དབང་ལས་བྱུང་། ། མིང་དང་མཚན་མ་མེད་པ་ན། ། རང་བཞིན་དོན་གྱི་དམ་པ་ནི། ། ཐམས་ཅད་ལུས་ལ་ཀུན་ནས་གནས། ། ཀུན་གཞི་དེ་ཕྱིར་འབྱུང་བ་སྟེ། ། བག་ཆགས་རྣམས་ཀྱི་རི་ཁྲོད་ གནས། ། ཡིད་ཀྱི་གནས་ངན་ལེན་གྱིས་གཡོགས། ། ཡིད་ཀྱི་རྣམ་ཤེས་སྤྱོད་པ་ཡིས། ། ཡིད་ནི་ཕྱིན་ཕྱོགས་རྒྱས་པར་བྱས། ། རྣམ་ཤེས་ལྔ་པོ་ཡུལ་ཅན་དག ། འབྱུང་ཞིང་ཕྱིར་ཡང་ལྡོག་པ་ཡིན། ། རྣམ་ཤེས་ལྔ་ཡི་ཡུལ་རྣམས་ནི། ། སེམས་ཅན་བཞིན་གནས་ལུས་ཅན་ལ། ། ཀུན་ གཞིར་གྲགས་པའི་ཆུ་ཀླུང་ལས། ། དབའ་རླབས་བཞིན་དུ་རབ་ཏུ་འབྱུང་། ། རྣམ་ཤེས་ཀུན་གཞི་མཚོར་གནས་པ། ། བག་ཆགས་རྣམས་ཀྱིས་བརྙོགས་པའི་རྣམས། ། ཡུལ་གྱི་རླུང་གིས་བསྐྱོད་པ་དག ། རྣམ་པར་རྒྱུན་ཆད་མེད་པར་རྒྱུ། ། ཆོས་ལ་བདག་མེད་མཁས་པ་ཡི། ། སངས་རྒྱས་རྣམས་དང་སངས་རྒྱས་སྲས། ། བདེ་བར་གཤེགས་པའི་གནས་འཐོབ་སྟེ། ། མངོན་སངས་རྒྱས་ཤིང་ཆོས་སྟོན་ཏོ། ། ཕུང་པོ་གང་ཟག་བདག་མེད་པར། ། རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང་། ། ཆོས་ཀྱི་དངོས་ཡོད་མ་བཤིག་པར། ། ཉན་ཐོས་དེ་དག་མངོན་རྟོགས་འགྱུར། ། བདག་ མེད་གཉིས་ལ་མཁས་པ་ཉིད། །
BOརྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། ། རྣམ་པར་བསྒོམས་ཤིང་སྤོང་བ་ནི། ། ཚུལ་བཤད་བཞིན་དུ་ཡང་དག་མཐའ། ། ཡང་དག་མཐའ་ཡི་བདེ་མྱོང་ཞིང་། ། སྙིང་རྗེ་མེད་པའི་སྲས་རྣམས་ནི། ། སེམས་ཅན་དགོས་པའི་རྒྱུན་བཅད་པས། ། དེ་དག་སངས་རྒྱས་མི་འཐོབ་བོ། ། བསམ་ཡས་ཀྱེ་མ་ཡེ་ཤེས་འདི། ། སེམས་ཅན་རྣམས་ཀྱི་བདེ་བ་སྐྱེད། ། མཁྱེན་ཅིང་རྒྱལ་བ་རྒྱལ་སྲས་རྣམས། ། བློ་ཆུང་རྣམས་ལ་ཚུལ་སྟོན་ཏོ། ། ཇི་ལྟར་འདམ་ལས་བྱུང་བ་ཡི། ། དགེ་བའི་མཚན་ལྡན་པད་མོ་དག ། ཐུབ་པ་རྣམས་དང་ལྷ་དག་གི། ། ཉེ་བའི་ལོངས་སྤྱོད་རྒྱུ་ཡིན་ནོ། ། དེ་བཞིན་འཁོར་བའི་འདམ་མཚོ་ལས། ། རྒྱལ་བའི་སྲས་ རྣམས་འབྱུང་བ་ནི། ། སངས་རྒྱས་དྲི་མེད་རབ་རྙེད་ཅིང་། ། ལྷ་ལ་ཡིད་དུ་འོང་བ་ཡིན། ། བྱང་ཆུབ་སེམས་དཔའ་མི་རྣམས་དང་། ། ལྷ་ཡི་ཁྲོད་དུ་ཁྱད་པར་དུ། ། རྒྱལ་པོའི་ཁྱུ་མཆོག་འགྱུར་བ་སྟེ། ། འཁོར་ལོ་ཅན་དུ་ཁྱད་པར་དུའོ། ། ལྷ་ཡུལ་གནས་པའི་བདག་པོ་དང་། ། དྲི་ཟ་རྣམས་ཀྱི་དེ་བཞིན་ཏེ། ། ཐེག་ཆེན་ཡོན་ཏན་ལྡན་པ་ཡི། ། ལུས་ཅན་ རྣམས་ཀྱིས་རྟག་ཏུ་འཐོབ། ། དེ་ཕྱིར་རྒྱལ་བའི་སྲས་རྣམས་ཀྱིས། ། ཐེག་པ་ཆེ་ལ་བརྩོན་པར་གྱིས། །
BOམཐར་གྱིས་བདེ་གཤེགས་གནས་རབ་དང་། ། རྒྱལ་པོ་དག་ཏུའང་འགྱུར་བར་འོང་། ། ཀུན་ནས་ཉོན་མོངས་ཆོས་རྣམས་དང་། ། རྣམ་པར་བྱུང་བའི་ཡོད་པ་ཀུན། ། རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། ། ས་ལ་ཀུན་གཞི་འབྱུང་བ་ཡིན། ། སྤྱི་དང་རྒྱུ་རྣམས་ལྷན་ཅིག་གམ། ། འོན་ཏམ་སྤྱི་དང་དབང་པོས་ཀྱང་། ། གཙོ་བོ་རྐྱེན་དང་རྒྱུ་རྣམས་ཀྱིས། ། འཇིག་རྟེན་རབ་ཏུ་བསྒྲུབ་པ་བྱས། ། ཁྱད་པར་ཅན་གྱི་རྒྱུ་བརྗོད་པ། ། ཅི་ནས་འབྱུང་བར་འགྱུར་བ་སྟེ། ། རྒྱུ་མེད་རང་ཡང་མེད་པར་འགྱུར། ། བྱ་མེད་བྱེད་པའང་མེད་པར་འགྱུར། ། རྣམ་པར་བྱང་དང་ཐ་མི་དད། ། ཀུན་ གཞི་ཐ་དད་འགྱུར་བ་མིན། ། དེ་སྟེ་རྣམ་བྱང་ཐ་དད་ན། ། ཀུན་གཞི་རྟག་པ་མ་ཡིན་འགྱུར། ། སྔོན་མེད་འཇིག་མེད་རྟག་པ་སྟེ། ། མཐའ་བཞི་རྣམ་པར་སྤངས་པ་ཡིན། ། དེ་བཞིན་གཤེགས་པའི་སྙིང་པོ་དག ། སྤྲུལ་པ་ཡེ་ཤེས་སྒྲར་ཡང་གྲག ། ཕན་ཚུན་སྙིང་པོ་ཐ་མི་དད། ། དེ་ནི་ སོར་གདུབ་བཞིན་དུ་གནས། ། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། ། བདེ་གཤེགས་སྙིང་པོ་དགེ་བའང་དེ། ། སྙིང་པོ་དེ་ལ་ཀུན་གཞི་སྒྲས། ། དེ་བཞིན་གཤེགས་པ་སྟོན་པ་མཛད། ། སྙིང་པོ་ཀུན་གཞིར་བསྒྲགས་པར་ཡང་། །
BOབློ་ཞན་རྣམས་ཀྱིས་མི་ཤེས་ སོ། ། གསེར་མགར་མཁས་པས་རྣམ་དག་གི། ། གསེར་ལས་སོར་གདུབ་བྱས་པ་ནི། ། སོར་མོ་རྣམས་ལ་རྣམ་པར་མཛེས། ། ཕན་ཚུན་ཐ་དད་མཚན་ཡིན་ཏེ། ། སོར་གདུབ་ཅེས་ཀྱང་བརྗོད་མོད་ཀྱི། ། ལས་ཀྱི་མཁན་པོས་ཡོངས་བསྒྱུར་བས། ། གསེར་ ནི་གཟུགས་བཞིན་རབ་ཏུ་གནས། ། ཆོས་མཐོང་རྣལ་འབྱོར་ལྡན་པ་ཡི། ། སེམས་དང་རྣམ་པར་ཤེས་པའི་ཡུལ། ། བདུན་པའི་ས་ནི་རྙེད་པ་དང་། ། འབྱུང་བ་ལས་ཀྱང་རྣམ་པར་ལྡོག ། འཕགས་པ་མཐོང་བའི་ཆོས་ལྡན་གྱི། ། སོ་སོ་རང་གིས་མཐོང་བ་དང་། ། སྤྱི་དང་བདག་གི་ལེགས་འཕགས་པ། ། ཐམས་ཅད་བརྗོད་པར་མི་ནུས་སོ། ། ཇི་སྙེད་ཡུལ་ཡོད་ཅི་ཡང་རུང་། ། སེམས་དང་རྣམ་ཤེས་སྤྱོད་ཡུལ་དུ། ། སྣ་ཚོགས་སྣང་བ་དེ་དག་ཀྱང་། ། རྣམ་ཤེས་ཡིན་ཏེ་ཡུལ་མེད་དོ། ། སེམས་ནི་རྣམ་པ་གཉིས་དངོས་སུ། ། གཟུང་དང་འཛིན་པར་སྣང་བ་སྟེ། ། རྫ་ཕྲུ་སྣམ་བུ་སོགས་པ་ཡི། ། ཡུལ་ནི་གང་ཡང་ཡོད་པ་མིན། ། ཇི་ལྟར་རི་རབ་རྟེན་བྱས་ཤིང་། ། ཉི་ཟླ་གཟའ་ཡི་ཚོགས་ཀྱི་རྣམས། ། བྲལ་བ་མེད་པར་རྟག་ཏུ་འཁོར། ། དེ་བཞིན་རྣམ་ཤེས་ཀུན་གཞི་ལ། ། རྣམ་ དག་འཕགས་པའི་སྤྱོད་ཡུལ་ནི། ། རྟག་པར་གསེར་བཞིན་རབ་ཏུ་འབར། །
BOཀུན་གཞི་སྙིང་པོར་བསྒྲགས་པ་ནི། ། རྟོག་པའི་སེམས་ཀྱི་ཡུལ་མ་ཡིན། ། རང་བཞིན་རྣམ་པར་བརྟགས་པ་དག ། རྟོག་པར་ནུས་པ་མ་ཡིན་དང་། ། ཡོངས་སུ་གྲུབ་པའི་རང་བཞིན་ ཡང་། ། རྣལ་འབྱོར་ཐུབ་ཅན་རྟག་ཏུ་མཐོང་། ། ཡིད་ཀྱི་རྣམ་ཤེས་ཡུལ་ཅན་ནི། ། བུས་པ་རྣམས་ལ་འཆིང་བའི་དངོས། ། སྨིག་རྒྱུ་སྒྲ་ཚོགས་བྱུང་བ་སྟེ། ། འཕགས་པ་རྣམས་ཀྱིས་དྲི་མེད་གཟིགས། ། སྟོང་ཕྲག་བཅུ་གཉིས་པའི་རྒྱན་སྟུག་པོ་ལས་ཇི་སྙེད་པའི་མདོ་རྫོགས་{སྷོ,སོ}། ། ། །