BO༄༅༅། ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་སམྦ་རོ་ད་ཡ་ཏནྟྲ་རཱ་ཛཱ་ནཱ་མ། བོད་སྐད་དུ། དཔལ་བདེ་མཆོག་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ཏེ། འཕགས་པ་དགའ་བོ་ལ་སོགས་པ་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་བསྐོར་ཅིང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་སོགས་པ་རྣལ་འབྱོར་ཀྱི་དབང་ཕྱུག་བྱེ་བ་ཕྲག་ བརྒྱད་ཅུའི་དབུས་སུ་ཕྱག་ན་རྡོ་རྗེ་ལ་གཟིགས་ནས་འཛུམ་པ་མཛད་པ་དང་། ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། ཀྱེ་རྣམ་པ་ ཀུན་མཆོག་སྡོམ་པ་ཡི། ། བསྐྱེད་པའི་རྣལ་འབྱོར་མཚན་ཉིད་དང་། ། རྫོགས་པ་ཡང་ནི་ཇི་ལྟར་ལགས། ། བཅོམ་ལྡན་ལྷ་ལས་མཉན་པར་འཚལ། ། རླུང་དང་མེ་དང་ཆུ་དང་ས། ། དེ་བཞིན་ནམ་མཁའ་ཇི་ལྟར་ལགས། ། རྣམ་པ་ལྔ་ནི་ཇི་ལྟར་ལྷ། ། གཙོ་བོ་ཡུལ་དྲུག་དེ་བཞིན་ཅི། ། ཕྱི་དང་ ནང་དུ་གནས་པ་ཡི། །
BOསྐུ་གསུམ་བྱིན་རླབས་ཇི་ལྟ་བུ། ། ལྷ་ཡི་སྐུ་ནི་ཇི་ལྟར་ལགས། ། གཙོ་བོས་དེ་བཞིན་ལྷ་མོ་གསུངས། ། ཟླ་བ་ཉི་མ་ཅི་ཞིག་ལྷ། ། ལམ་ལྔ་པོ་ནི་ཇི་ལྟར་ལགས། ། ལུས་ཀྱི་རང་བཞིན་ཇི་ལྟ་བུ། ། དེ་བཞིན་རྩ་ཡི་གཟུགས་ནི་ཅི། ། རྩ་ཡི་གྲངས་ཀྱི་ཚད་ནི་དུ། ། དེ་བཞིན་ ལུས་ཀྱི་གོང་བུ་ཅི། ། སྦས་པའི་དམ་ཚིག་གི་ནི་བརྡ། ། གཙོ་བོས་བདག་ལ་བཤད་དུ་གསོལ། ། ཕྱི་དང་ནང་གི་བདག་ཉིད་ཀྱི། ། གནས་ལ་སོགས་པའི་བརྡ་དུ་ཞིག ། ཇི་ལྟར་ས་ལ་སོགས་པ་འཐོབ། ། མཚན་མ་ཇི་ལྟར་མཐོང་བར་འགྱུར། ། ཁྱོད་ཀྱི་ལས་ནི་བཅུ་གཉིས་གང་། ། སྔགས་ཀྱི་ བཟླས་པ་ཇི་ལྟར་འགྱུར། ། བགྲང་ཕྲེང་དག་ནི་ཇི་ལྟར་རིགས། ། བཟླས་པའི་གྲངས་ནི་དུ་ཞིག་ལགས། ། ལྷ་ཡི་རྣམ་པའི་རྣལ་འབྱོར་ཅི། ། དཀྱིལ་འཁོར་བྲི་བ་དུ་ཞིག་མཆིས། ། སྔགས་ཀྱི་དངོས་གྲུབ་ཅི་ཞིག་ལྷ། ། གཞོན་ནུ་མ་ཡི་མཆོད་པ་ཅི། ། བྱ་དང་བྱ་མིན་ཉི་མ་གང་། ། གཙོ་བོ་ མྱོས་བྱེད་གཏོར་མ་ཅི། ། བདུད་རྩི་ལྔ་སོགས་ཇི་ལྟར་ལྷ། ། ལྕགས་ཀྱུ་ལྔ་སོགས་ཇི་ལྟར་འགྱུར། ། དཀྱིལ་འཁོར་བྲི་བ་བཤད་དུ་གསོལ། ། ཐིག་གདབ་པ་ནི་ཇི་ལྟར་འགྱུར། ། ཇི་ལྟར་ས་ནི་ཡོངས་སུ་སྦྱང་། །
BOསྲུང་བའི་འཁོར་ལོ་ཇི་ལྟར་འགྱུར། ། སློབ་དཔོན་གྱི་ནི་བྱ་བ་གང་། ། ཇི་ ལྟར་སློབ་མ་ཡོངས་སུ་གཟུང་། ། དབང་བསྐུར་བ་ཡི་གྲངས་ནི་དུ། ། བཞི་པ་ཡང་ནི་ཇི་ལྟར་འགྱུར། ། དུས་ཀྱི་ངེས་པ་ཇི་ལྟ་བུ། ། དེ་བཞིན་འཆི་བ་བླུ་བ་གང་། ། དུས་བཞིའི་མིང་ནི་དུ་ཞིག་མཆིས། ། གླིང་བཞི་པ་ནི་ཇི་ལྟར་ལགས། ། དུས་དང་དུས་མིན་དངོས་གྲུབ་ཅི། ། སྤྱོད་པ་ཇི་ལྟར་སྤྱད་ པར་བགྱི། ། རྣལ་འབྱོར་མ་ཡི་རྒྱུད་ནི་དུ། ། རྣལ་འབྱོར་རྒྱུད་ནི་ཇི་ལྟར་འགྱུར། ། མདོ་སྡེའི་གྲངས་ནི་ཇི་ལྟ་བུ། ། དེ་བཞིན་ཕ་རོལ་ཕྱིན་པ་དུ། ། རབ་གནས་སྦྱིན་སྲེག་མཆོད་སྦྱིན་དང་། ། སྔགས་ཀྱི་དངོས་གྲུབ་ཇི་ལྟར་འགྱུར། ། བཅུད་ཀྱིས་ལེན་ནི་ཇི་ལྟར་ལྷ། ། མྱོས་བྱེད་བཏུང་བ་ཇི་ལྟར་ འགྱུར། ། གསང་སྔགས་ཇི་ལྟར་འབྱུང་འགྱུར་ལྷ། ། སྔགས་བཏུ་བ་ནི་ཇི་ལྟར་འགྱུར། ། ཚར་གཅད་པ་ནི་ཅི་ཞིག་ལྷ། ། གཙོ་བོ་རྗེས་གཟུང་ཇི་ལྟ་བུ། ། བཅོམ་ལྡན་དེ་ཉིད་རྣམས་ནི་ཅི། ། སྟོང་པ་ཉིད་དང་སྙིང་རྗེ་གང་། ། སྟོང་པ་ཉིད་ཀྱི་རང་བཞིན་ཅི། ། ཇི་ལྟར་དེ་བཞིན་ཉིད་རང་བཞིན། ། ཆོས་རྣམས་ཐམས་ཅད་ཡོངས་ཤེས་པའི། ། སྒོམ་པའི་མཚན་ཉིད་གཙོ་བོས་གསུངས། །
BOདཔལ་བདེ་མཆོག་འབྱུང་བའི་རྒྱུད་ལས་ཞུས་པའི་ལེའུ་སྟེ་དང་པོའོ། ། ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་གསང་བ་འབྱུང་བ་འདི་ཞུས་པ་ལེགས་སོ་ལེགས་ སོ། ། དེ་ནས་དེའི་ཕྱིར་སྐྱེད་པ་ཡི། ། རིམ་པའི་སྒོམ་པ་ཡང་དག་བཤད། ། སྣ་ཚོགས་ལས་ཀྱི་རང་བཞིན་གྱིས། ། སྐྱེ་གནས་བཞི་པོ་རྣམས་སུ་འགྱུར། ། སྒོང་སྐྱེས་མངལ་ནས་སྐྱེས་པ་དང་། ། དྲོད་གཤེར་དང་ནི་རྫུས་སྐྱེས་རྣམས། ། ངང་པ་ཁྲུང་ཁྲུང་རྨ་བྱ་དང་། ། ནེ་ཙོ་བཞད་སོགས་ སྒོང་སྐྱེས་ཏེ། ། གླང་པོ་མ་ཧེ་བ་ལང་རྟ། ། བོང་བུ་མི་སོགས་མངལ་ནས་སྐྱེས། ། སྲིན་བུ་འབུ་དང་ཕྱེ་མ་ལེབ། ། ཉ་ལ་སོགས་པ་དྲོད་གཤེར་སྐྱེས། ། ལྷ་དང་དམྱལ་བའི་སེམས་ཅན་རྣམས། ། དེ་བཞིན་བར་དོའི་སྲིད་པ་དང་། ། བསྐལ་པ་དང་པོ་པ་ལ་སོགས། ། འདི་རྣམས་རྫུས་ སྐྱེས་སེམས་ཅན་ནོ། ། ཤར་གྱི་ལུས་འཕགས་བ་ལང་སྤྱོད། ། དེ་བཞིན་བྱང་གི་སྒྲ་མི་སྙན། ། གླིང་གསུམ་པོ་ཡི་མི་རྣམས་ནི། ། ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། ། བླུན་རྨོངས་བྱེ་བྲག་མི་ཕྱེད་ཅིང་། ། རྟོག་མེད་རྣམ་པར་དཔྱོད་མེད་པའོ། ། འཛམ་བུ་གླིང་དུ་ལེགས་ སྐྱེས་པ། ། ལས་ཀྱི་ས་པར་རབ་ཏུ་གྲགས། །
BOལེགས་བྱས་ཉེས་པར་བྱས་པའི་ལས། ། མཆོག་དང་འབྲིང་དང་ཐ་མ་རྣམས། ། སྐྱེ་བ་སྔོན་གྱི་རྣམ་སྨིན་འདིར། ། སྐྱེ་བོ་རྣམས་ལ་སྣང་བར་འགྱུར། ། རྒྱགས་དང་སེར་སྣ་གདུག་སེམས་རྣམས། ། གཡོ་སྒྱུ་མངོན་པའི་ང་རྒྱལ་དང་། ། ཆགས་སྡང་གཏི་མུག་ལ་སོགས་ཀྱིས། ། རིམས་དང་ནད་ལ་སོགས་པས་གཟིར། ། འཛམ་བུ་གླིང་པའི་གཙོ་བོ་མཆོག ། ཡུལ་དབུས་སུ་ནི་སྐྱེས་པ་སྟེ། ། སྔོན་གྱི་དགེ་བ་ལ་ལྟོས་ནས། ། དབང་པོ་རྣོ་འབྲིང་རྟུལ་པོར་འགྱུར། ། མི་རུ་སྐྱེས་པ་འབྲས་བུའི་དམ་པ་དང་པོ་སྟེ། ། རང་ གི་ཁྱིམ་ནས་ངེས་འབྱུང་རྙེད་པ་གཉིས་པ་ཡིན། ། རབ་ཏུ་བྱུང་ནས་དགེ་བ་སྒྲུབ་པ་གསུམ་པ་སྟེ། ། རྩེ་གཅིག་ཡིད་ནི་ཐོབ་པར་གྱུར་པ་བཞི་པར་གསུངས། ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། ། མི་རྣམས་ཀྱིས་རབ་མི་ཤེས་ཏེ། ། ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། ། བག་ཆགས་རབ་ཏུ་ བསགས་བྱས་པས། ། དེ་ཕྱིར་སྔོན་བྱས་ལས་ཀྱིས་ནི། ། སྐྱེ་དང་འཆི་བ་ཡང་དག་འབྱུང་། ། ཚོགས་པ་མ་རྙེད་དེ་སྲིད་དུ། ། ཞག་བདུན་བར་དོའི་སྲིད་པར་གནས། ། སྲིད་པ་བར་དོའི་སེམས་ཅན་ནི། ། འགྲོན་པོའི་བགྲོད་པ་ཇི་བཞིན་དུ། ། འདི་ལྟར་ལས་ཀྱི་ཞགས་པ་ཡིས། །
BOའགྲོ་བ་དྲུག་ཏུ་རབ་ཏུ་སྐྱེ། ། ཕ་མའི་ཀུན་དུ་སྦྱོར་སོགས་ནི། ། སྲེད་པའི་སྐྱེ་བོས་མཐོང་གྱུར་ནས། ། རྟ་ལ་ཞོན་བཞིན་རྣམ་ཤེས་ནི། ། རླུང་གི་བཞོན་པ་ཞོན་ནས་སུ། ། སྐད་ཅིག་ཐང་ཅིག་ཉིད་ལ་ནི། ། ཤིན་ཏུ་མྱུར་བར་འོངས་གྱུར་ནས། ། ཤིན་ཏུ་དགའ་དང་བཅས་སྟོབས་ཀྱིས། ། ཁ་ ཡི་ལམ་ནས་འཇུག་པར་འགྱུར། ། རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས། ། རབ་བསྐུལ་དེ་ཡི་སྐད་ཅིག་ལ། ། ཨཱ་ལི་ཀཱ་ལི་ཞུ་བྱས་པས། ། མཆོག་ཏུ་དགའ་བ་ཡང་དག་འཐོབ། ། ཁུ་བ་ཁྲག་དེའི་དབུས་སུ་ནི། ། ཐིག་ལེའི་གཟུགས་ཀྱིས་ཡང་དག་གནས། ། དང་པོའི་རྣམ་པ་ནུར་ནུར་པོ། ། མེར་མེར་པོ་ནི་གཉིས་པ་ཡིན། ། ལྟར་ལྟར་པོར་སྐྱེས་གསུམ་པ་སྟེ། ། དེ་བཞིན་བཞི་པ་གོར་གོར་པོ། ། རླུང་རྣམས་ཀྱིས་ནི་བསྐུལ་ཙམ་གྱིས། ། ཤ་ཡི་རྣམ་པ་ལྟ་བུར་འགྱུར། ། ཟླ་བ་ལྔར་གྱུར་ས་བོན་ལས། ། ཡན་ལག་ལྔ་ནི་རབ་ཏུ་སྐྱེ། ། ཟླ་བ་བདུན་ན་སྐྲ་དང་སྤུ། ། སེན་མོ་རྟགས་ནི་ སྐྱེ་བར་འགྱུར། ། ཟླ་བ་བརྒྱད་ན་དབང་པོ་དང་། ། ལུས་ཀྱི་ཡན་ལག་འབྱུང་བར་འགྱུར། ། ཟླ་བ་དགུ་ན་ཡང་དག་རྫོགས། ། ཟླ་བ་བཅུ་ན་སེམས་དང་ལྡན། ། ནུར་ནུར་རང་བཞིན་མི་བསྐྱོད་པ། །
BOམེར་མེར་པོ་ནི་རིན་ཆེན་འབྱུང་། ། འོད་དཔག་མེད་མགོན་ལྟར་ལྟར་པོ། ། གོར་གོར་ པོ་ནི་དོན་ཡོད་གྲུབ། ། མཁྲང་གྱུར་རྣམ་པར་སྣང་མཛད་དེ། ། རྣམ་པ་ལྔར་ནི་བསྟན་པ་ཡིན། ། དྲི་ཆུ་ཁྲག་ནི་མི་བསྐྱོད་པ། ། ས་བོན་རང་བཞིན་འོད་དཔག་མེད། ། གོང་བུ་རིན་ཆེན་འབྱུང་ལྡན་ཏེ། ། རོ་གཅིག་འདྲེས་པ་རྣམ་སྣང་བཞུགས། ། སྐྱེ་གནས་དབུས་སུ་རྩ་གཉིས་ཏེ། ། གཡས་དང་ གཡོན་ན་དེ་བཞིན་གནས། ། གཡོན་ནས་ཁུ་བ་ཞེས་བཤད་དེ། ། གཡས་ནས་དེ་བཞིན་ཁྲག་ཡིན་ནོ། ། དེ་དག་གཅིག་ཏུ་འདུས་གྱུར་པ། ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། ། ལས་ཀྱི་ས་བོན་དབང་ཐོབ་པས། ། རླུང་གིས་ཡང་དག་བསྒྱུར་ནས་སུ། ། ཆོས་ཀྱི་འབྱུང་གནས་སྒོ་རུ་ ནི། ། གདོང་ནི་ངེས་པར་ཕྱོགས་པར་འགྱུར། ། དཀུ་གཡས་སུ་ནི་བརྟེན་ནས་སུ། ། ཙོག་པུར་མངོན་པར་ཕྱོགས་ཏེ་གནས། ། དཀུ་གཡོན་ཡང་དག་བརྟེན་ནས་ནི། ། ཤེས་རབ་ལྟོར་ནི་མངོན་ཕྱོགས་འགྱུར། ། མཁས་པས་ས་བོན་ལྟུང་བའི་རིམ། ། དུས་ཀྱི་སྐད་ཅིག་ཡང་དག་མཚོན། ། གཡས་ན་རླུང་ནི་རྒྱུ་བ་གང་། ། ཐམས་ཅད་དུ་ནི་སྐྱེས་བུར་འགྱུར། ། གཡོན་ནས་རླུང་ནི་རྒྱུ་བ་གང་། ། ངེས་པར་བུད་མེད་རྣམས་སུ་འགྱུར། །
BOགཉིས་ཀའི་དབུས་རྒྱུའི་ས་བོན་གང་། ། རྟག་ཏུ་མ་ནིང་འགྱུར་བའོ། ། ཆུ་ཁམས་ཕ་ཡིར་ཤེས་པར་བྱ། ། མེ་ཡི་ཁམས་ནི་མ་ཡིའོ། ། པགས་ པ་ཤ་དང་ཁྲག་རྣམས་ནི། ། མ་ལས་སྐྱེས་ཞེས་བཤད་པ་སྟེ། ། རྒྱུས་པ་རྐང་དང་ཁུ་བ་རྣམས། ། ཕ་ལས་སྐྱེས་ཞེས་བཤད་པ་ཡིན། ། དྲུག་པོ་འདི་དག་བསྡུས་པའི་ལུས། ། རྡོ་རྗེ་སེམས་དཔས་གང་གསུངས་པ། ། གཟུགས་དང་ཚོར་བ་འདུ་ཤེས་དང་། ། འདུ་བྱེད་རྣམ་ཤེས་དེ་བཞིན་ ཏེ། ། སངས་རྒྱས་ལྔ་ཡི་རང་བཞིན་དུ། ། ཕུང་པོ་ངེས་པར་སྐྱེ་བ་ཡིན། ། སྲིད་པ་སྐྱེད་པའི་རིམ་ཤེས་པས། ། རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། ། འདི་ནི་ཕུང་པོ་ཡོངས་མཁྱེན་པའི། ། དེ་ཉིད་གསུངས་པ་རྣམས་ཀྱིས་བཤད། ། འདི་ནི་སྐྱེད་པའི་རིམ་པ་ངེས་ པར་བསྟན་པའི་རིམ་པར་དབྱེ་བ་སྟེ་གཉིས་པའོ། ། ། ། དེ་ནས་གང་ཞིག་ཤེས་ཙམ་གྱིས། ། མྱུར་དུ་དངོས་གྲུབ་ཐོབ་འགྱུར་བའི། ། རྫོགས་པའི་རིམ་པའི་བསྒོམ་པ་ནི། ། ཡང་དག་རབ་ཏུ་བཤད་པར་བྱ། ། ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། ། ཆོས་དང་ལོངས་ སྤྱོད་རྫོགས་པའི་སྐུ། ། རྫོགས་པའི་བྱང་ཆུབ་རིམ་བསྒྲུབས་པས། ། ལུས་ཀྱི་དཀྱིལ་འཁོར་ཞེས་གསུངས་སོ། ། དབང་པོ་དམན་པས་སྐྱེད་རིམ་གྱི། །
BOདཀྱིལ་འཁོར་བསྒོམ་ཞིང་བསམ་པར་བྱ། ། དབང་པོ་རྣོན་པོས་སྐད་ཅིག་གི། ། རྣམ་པས་སེམས་ཙམ་དཀྱིལ་འཁོར་བསམ། ། སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། ། རྫོགས་པའི་རིམ་པ་བསྒོམ་པ་ནི། ། ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། ། སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། ། དེ་དབུས་སྐད་ཅིག་རྣམ་པ་ཡིས། ། དཀྱིལ་འཁོར་བདག་པོ་རྣལ་འབྱོར་བའོ། ། ཨོཾ་ཨཱཿཧཱུྃ་གི་སྔགས་ཀྱིས་ ནི། ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། ། མཐོ་རིས་ས་སྟེངས་ས་འོག་ཏུ། ། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། ། སྐད་ཅིག་རྣམ་པས་རྣལ་འབྱོར་ཏེ། ། སྐད་ཅིག་རྣམ་པས་གསང་སྔགས་འདོན། ། དབང་པོ་ཀུན་དང་མཉམ་སྦྱོར་བ། ། མཁའ་འགྲོ་དྲ་བའི་བདེ་བ་མཆོག ། ཁམས་བཞི་པ་དང་ཕུང་པོ་ལྔ། ། དེ་བཞིན་ཡུལ་དྲུག་བདག་ཉིད་ནི། ། ཁྲག་འཐུང་ལྷ་མོའི་ཡེ་ཤེས་ཏེ། ། དེ་ལ་ཐ་དད་མི་བརྟག་གོ། ། དཀྱིལ་འཁོར་དེ་བཞིན་ཉིད་རྒྱས་བཏབ། ། དེ་བཞིན་མཁའ་མཉམ་སྟོང་པ་ཉིད། ། སྣ་ཚོགས་དེ་བཞིན་ཉིད་བདག་མེད། ། ཐབས་ནི་སྙིང་ རྗེའི་སྟོབས་ཡིན་ཏེ། ། ཟུང་དུ་འཇུག་པ་རྣམ་རྟོག་བྲལ། ། དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། ། རྣམ་པར་མི་རྟོག་སྦྱོར་བསམས་ཀྱང་། །
BOདེ་ཚེ་མི་རྟོག་བསམ་མི་ཁྱབ། ། དེ་ཡང་རྣམ་པ་ཀུན་གྱི་མཆོག ། བདེ་བའི་དབང་པོ་རྣམ་པ་མེད། ། དེ་ཉིད་དངོས་དང་དངོས་མིན་བདག ། རྟག་ཏུ་སྲིད་པས་འབྱུང་བར་མཛད། ། སྣ་ཚོགས་སྤྲོས་པའི་རྟོག་པ་མེད། ། རྟག་ཏུ་འབྱུང་བ་བདེ་བ་ཆེ། ། སྐྱེ་བ་མེད་པའི་རང་བཞིན་གྱིས། ། དེ་ལས་སྐྱེ་བ་ཡང་དག་འབྱུང་། ། བེམས་པོ་མིན་ཕྱིར་བདག་ཉིད་རིག ། མི་ཤེས་རྣམ་པར་མི་མཐོང་བས། ། གཟུགས་མེད་གང་དུའང་མི་ གནས་ཤིང་། ། འགྱུར་བ་མེད་ཕྱིར་བརྟན་པའོ། ། ཀུན་རྫོབ་སྐྱེ་བ་འབྱུང་བས་ན། ། ཆད་པ་མིན་ཕྱིར་དངོས་མེད་མིན། ། ལྷན་ཅིག་སྐྱེས་དགའི་རང་དངོས་སུ། ། ཆོས་རྣམས་ཐམས་ཅད་ལྷན་ཅིག་སྐྱེས། ། བདག་བྱིན་བརླབ་པ་རང་འབྱུང་བ། ། མི་ཤིགས་འཇིག་པ་མེད་པ་སྟེ། ། སྐྱེ་ བ་མེད་པའི་རོ་མྱོང་བས། ། སྒོམ་པ་ཡང་ནི་དེ་ཉིད་དེ། ། སྟོང་ཉིད་སོ་སོར་རྟོགས་པས་ན། ། བསམ་གཏན་ཤེས་རབ་ཏུ་ཡང་འགྱུར། ། ཆོས་ཀུན་ཡོངས་སུ་ཤེས་པ་ཡི། ། སྒོམ་པ་དེ་ཉིད་སྒོམ་མེད་པའོ། ། རྫོགས་པའི་བྱང་ཆུབ་བདེ་བ་ཆེ། ། ཕྱག་རྒྱ་ཆེན་པོ་མཆོག་དེ་བཞིན། ། དེ་ཉིད་ཆོས་ལ་འཇུག་པའི་ཕྱིར། ། དེ་རྣམས་དབྱེ་བས་རབ་བསྟན་པ། ། བླ་མ་དམ་པའི་མན་ངག་གིས། །
BOགསལ་བར་འགྱུར་གྱི་གཞན་དུ་མིན། ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། ། ཨེ་བྃ་ཡི་གེ་ལ་རབ་གནས། ། སྐུ་དང་གསུང་དང་ཐུགས་ཀྱི་ལས། ། རྣམ་ཀུན་མཆོག་གི་སྡོམ་ པའོ། ། སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། ། བལྟར་མེད་བརྗོད་དུ་མེད་པའོ། ། སངས་རྒྱས་ཀུན་གྱི་གསང་བ་ནི། ། འདུས་པ་བདེ་བའི་མཆོག་ཡིན་ཏེ། ། བདག་བྱིན་བརླབ་པའི་རིམ་པ་འདི། ། བླ་མའི་དྲིན་གྱིས་གསལ་བར་འགྱུར། ། འདི་ནི་རྫོགས་པའི་རིམ་པ་ངེས་པར་བསྟན་པའི་ རིམ་པར་ཕྱེ་བ་སྟེ་གསུམ་པའོ། ། ། ། དེ་ནས་དེ་ཕྱིར་འབྱུང་བ་བཞིའི། ། མཚན་ཉིད་ཡང་དག་བཤད་པར་བྱ། ། དངོས་པོ་དག་ནི་མ་ལུས་གང་། ། དེ་ནི་འབྱུང་བའི་རང་བཞིན་ཏེ། ། ས་དེ་ལ་ནི་དངོས་པོ་བརྟེན། ། མེས་ནི་ཐམས་ཅད་འཚེད་པར་བྱེད། ། ཆུ་ཡིས་འཇིག་ པར་བྱེད་པ་སྟེ། ། རླུང་གིས་ལྷན་ཅིག་སྐྱོད་པར་བྱེད། ། ནམ་མཁའ་ཡུལ་གྱིས་སྟོང་པར་གནས། ། དེར་ནི་ཐམས་ཅད་དེ་ལས་སྐྱེ། ། གང་དུ་གཅིག་ནི་གནས་པ་དེར། ། བཞི་པོ་ཀུན་ཀྱང་ཉེ་བར་གནས། ། རྩྭ་ཤིང་ལྗོན་པ་འཁྲིལ་ཤིང་སོགས། ། བེམས་པོ་ལྟ་བུའི་རྣམ་ཤེས་ཙམ། ། གང་དག་འགྲོ་དྲུག་སེམས་ཅན་རྣམས། ། ཚིགས་དང་ཚིགས་ནི་ཐམས་ཅད་དུ། ། རྣམ་ཤེས་བཅས་པ་ལྟ་བུར་གནས།
BO། དེ་ལྟར་སྲིད་པའི་དངོས་པོ་ཀུན། ། བློ་དང་ལྡན་པས་ཤེས་པར་བྱ། ། སེམས་ཅན་རྣམས་ནི་འཆི་བ་ན། ། ཡན་ལག་ཉིང་ལག་ཐམས་ ཅད་ཀྱི། ། རླུང་ནི་ཐམས་ཅད་བསྐྱོད་པར་འགྱུར། ། སྐད་ཅིག་དེ་ལ་མེ་དྲོད་འདོར། ། ཆུ་ནི་རྟག་ཏུ་སྐམས་གྱུར་ནས། ། དེ་ནས་ཚོར་བ་མེད་པར་འགྱུར། ། ལུས་ལ་སོགས་པའི་ས་ཁམས་ཀྱི། ། སྲ་བ་ཉིད་ཙམ་གནས་པར་འགྱུར། ། སྐྱེ་བ་དང་ནི་འཆི་བ་དག ། ཐམས་ཅད་ དུ་ནི་འབྱུང་བར་འགྲོ། ། ལྷ་དང་ལྷ་མིན་མི་རྣམས་ནི། ། འབྱུང་བ་མེད་པར་སྐྱེ་མི་འགྱུར། ། ལྷ་ཡི་འཇིག་རྟེན་སྐྱོང་ལ་སོགས། ། ཐམས་ཅད་ལ་ནི་ལྷན་ཅིག་གནས། ། རིག་བྱེད་གྲུབ་མཐའ་ཐམས་ཅད་ཀྱི། ། རྟག་ཏུ་འདོད་ཅིང་བསྒོམ་པ་སྟེ། ། གང་ཕྱིར་ཐམས་ཅད་ཀུན་དུ་ འགྲོ། ། ས་སྟེངས་སྐྱེས་བུ་ཀུན་ལ་གནས། ། འབྱུང་བ་བཞི་པོ་གཙོ་བོ་མཆོག ། བསྟན་བཅོས་ཀུན་ལས་ཡང་དག་བཤད། ། རླུང་ནི་སྲོག་ཏུ་ཡང་དག་བལྟ། ། མེ་ནི་འཚོ་བའི་མཚན་ཉིད་དེ། ། ཆུ་ནི་བདུད་རྩིའི་ངོ་བོ་ཉིད། ། ས་ནི་ཞིང་ཙམ་ཉིད་དུ་གནས། ། དེ་ལ་རྟག་ཏུ་གནས་ པའི་ལྷ། ། རྣམ་ཤེས་མཆོག་གི་དབང་ཕྱུག་སྟེ། ། ལྷ་ལྔ་ཡི་ནི་རྣམ་པ་རུ། ། རྣམ་ཤེས་དེ་ནི་ཡོངས་སུ་འགྱུར། །
BOགཟུགས་དང་ཚོར་བ་འདུ་ཤེས་དང་། ། དེ་བཞིན་འདུ་བྱེད་རྣམ་པར་ཤེས། ། མེ་ལོང་ལྟ་བུ་མཉམ་ཉིད་དང་། ། སོ་སོར་ཀུན་དུ་རྟོག་པ་དང་། ། དེ་བཞིན་བྱ་བ་གྲུབ་པ་དང་། ། ཆོས་དབྱིངས་ཤིན་ཏུ་རྣམ་དག་སྟེ། ། ཡེ་ཤེས་འདི་དག་རབ་ཏུ་གནས། ། རྣམ་སྣང་མཛད་དང་རིན་ཆེན་འབྱུང་། ། འོད་དཔག་མེད་དང་དོན་ཡོད་གྲུབ། ། དེ་བཞིན་མི་བསྐྱོད་པ་ཉིད་དེ། ། རྣམ་ལྔ་རོ་གཅིག་རྫོགས་བྱང་ཆུབ། ། གཟུགས་དང་སྒྲ་དང་དེ་བཞིན་དྲི། ། རོ་དང་རེག་བྱ་ཆོས་དེ་ བཞིན། ། ཡུལ་དྲུག་ཏུ་ནི་ཤེས་བྱ་སྟེ། ། འདི་དག་རྣམ་པར་དག་པར་བཤད། ། ཁམས་ནི་{བཅྭ་,བཅོ་}བརྒྱད་ཤེས་བྱ་སྟེ། ། དེ་དག་ཕུང་པོའི་རང་བཞིན་ཉིད། ། ཡི་གེ་མཆོག་ནི་བསྒོམ་པར་བྱ། ། སངས་རྒྱས་འབྲས་བུ་འཐོབ་བྱའི་ཕྱིར། ། མིག་ལ་སོགས་པ་བསྒོམ་བྱ་སྟེ། ། མིག་གི་དབང་ པོའི་རྣམ་ཤེས་ནི། ། ཐུགས་ཀྱི་རྡོ་རྗེའི་རྣམ་འཕྲུལ་ཡིན། ། ངོ་བོ་ཉིད་གསུམ་རྣམ་དག་དོན། ། འོད་གསལ་བ་ཡི་གོ་འཕང་འགྱུར། ། སྒྲ་དང་རྣ་བ་རྣམ་ཤེས་ནི། ། དམིགས་པ་མེད་པའི་ངོ་བོ་ཉིད། ། སྣ་དང་དྲི་དང་རྣམ་ཤེས་ཀྱང་། ། དེ་བཞིན་རྣམ་དག་ཤེས་པར་བྱ། ། རོ་དང་ལྕེ་ དང་རྣམ་ཤེས་ནི། ། དོན་དམ་ཉིད་དུ་རྣམ་པར་དག །
BOལུས་དང་རེག་བྱ་རྣམ་ཤེས་ཀྱང་། ། སྒྱུ་མ་ལྟ་བུའི་ངོ་བོར་སྐྱེས། ། ཡིད་དང་ཆོས་དང་ཡིད་རྣམ་ཤེས། ། སྙིང་པོ་ཉིད་དུ་རྣམ་པར་དག ། རྣམ་ཤེས་དྲུག་ནི་ཀུན་གཞི་རུ། ། འཇུག་པས་དེ་བཞིན་གཤེགས་པ་ཡིན། ། འོད་གསལ་ བ་ཡི་གོ་འཕང་ཐོབ། ། ཧེ་རུ་ཀ་དཔལ་ཡང་དག་གནས། ། ཡུལ་དང་ཡུལ་ཅན་སྦྱོར་བ་ཡིས། ། རྣམ་རྟོག་མེད་པའི་གོ་འཕང་འགྱུར། ། རྣམ་པ་ཀུན་གྱི་མཆོག་གནས་པས། ། ཡུལ་ནི་རྣམ་དག་ཤེས་པར་བྱ། ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། ། གཅིག་ལ་དེ་བཞིན་ གསུམ་དུ་བརྟགས། ། སྐྱབས་གསུམ་དང་ནི་དེ་ཉིད་གསུམ། ། སྐུ་གསུམ་རྣམ་པར་གྲོལ་བ་གསུམ། ། ཞལ་གསུམ་ཡིག་གསུམ་ལྷ་གསུམ་སྟེ། ། ཁམས་གསུམ་པ་ཡི་རང་བཞིན་ཉིད། དཀྱིལ་འཁོར་གསུམ་དང་རྣལ་འབྱོར་གསུམ། ། ལམ་གསུམ་དུ་ནི་བསྟན་པ་སྟེ། ། དམ་ཚིག་གསུམ་དང་དགེ་བ་གསུམ། ། དེ་བཞིན་སྐུ་དང་གསུང་དང་ཐུགས། ། ཤེས་རབ་དང་ནི་ཐབས་ཉིད་དང་། ། དེ་ཡི་སྦྱོར་བ་གསུམ་པ་སྟེ། ། ཆོས་ཀྱི་འབྱུང་གནས་རང་བཞིན་གྱིས། ། ཇི་ལྟར་གསང་གསུམ་མཐོང་བ་དང་། ། འཁོར་གསུམ་མི་དམིགས་སྦྱོར་བ་ཡིས། ། སྔགས་གསུམ་གྱི་ནི་རང་བཞིན་ཉིད། ། ཕྱི་དང་ནང་གི་བདག་ཉིད་ཀྱི། ། རྩ་གསུམ་གྱི་ནི་རང་གི་དངོས།
BO། ཕྱི་རོལ་འཇིག་རྟེན་པ་ཡི་ཆོས། ། ལྷ་ལ་སོགས་པའི་བདག་ཉིད་ནང་། ། ཕྱི་ནང་དག་པ་ཉིད་ཀྱི་ཕྱིར། ། རྣལ་འབྱོར་པས་ནི་སངས་རྒྱས་འཐོབ། ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ དུ། ། ལྷ་ནི་མངོན་སུམ་དམིགས་པར་བྱ། ། རྣམ་པ་ཀུན་གྱི་མཆོག་རང་བཞིན། ། ལྷ་མོར་ཡོངས་སུ་བརྟག་པར་བྱ། ། དང་པོའི་ལྷ་ཡི་རང་བཞིན་དུ། ། རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། ། གནས་དང་ཞིང་ལ་སོགས་པའི་བརྡ། ། དཔའ་བོ་རྣལ་འབྱོར་མའི་འདུས་པ། ། དེ་ བཞིན་གཉིས་མེད་མཉམ་སྦྱོར་ལ། ། ལྷ་རྣམས་ཡང་དག་འཕྲོ་བ་སྟེ། ། ཚད་མེད་ལྷ་ནི་འཕྲོ་བ་ལས། ། དཀྱིལ་འཁོར་ཚད་ཅན་རྣམ་པར་བརྟག ། ལྷ་ཡི་རྣལ་འབྱོར་བསམ་མི་ཁྱབ། ། སངས་རྒྱས་རོལ་པའང་བསམ་མི་ཁྱབ། ། མཁའ་འགྲོ་དྲ་བའི་ གཟུགས་ཀྱིས་ནི། ། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། ། དེ་དག་མི་ཕྱེད་ངོ་བོ་ཉིད། ། བསྒོམ་པར་ང་ཡིས་བཤད་པ་ཡིན། ། དེ་དག་ཐམས་ཅད་གཉིས་མེད་ཐོབ། ། གཟུང་དང་འཛིན་དང་རྣམ་བྲལ་བ། ། རགས་པ་སྒྲ་ཞེས་བཤད་པ་སྟེ། ། ཕྲ་བ་སེམས་ཀྱི་རང་བཞིན་འགྱུར། ། བསམ་ དང་བྲལ་བའི་དེ་ཉིད་ནི། ། གོ་འཕང་མཆོག་ཅེས་ཡོངས་སུ་གྲགས། ། འདི་ནི་འབྱུང་བ་བཞི་དང་རྣམ་པ་ལྔ་དང་།
BOཡུལ་དྲུག་ལྷའི་རྣམ་པར་དག་པ་རིམ་པར་ཕྱེ་བ་སྟེ་བཞི་པའོ། ། ། ། དེ་ནས་ཟླ་བ་ཉི་མ་ཡི། ། རབ་ཏུ་དབྱེ་བ་ཡང་དག་བཤད། ། གཡས་ དང་གཡོན་དུ་སྦྱོར་བ་ཡིས། ། རིམ་པ་ཇི་བཞིན་རྒྱུ་བ་སྟེ། ། གཡོན་དུ་རྐན་ནས་བཟུང་ནས་ནི། ། ལྟེ་བའི་དཀྱིལ་འཁོར་རབ་འཇུག་པའི། ། ཟླ་བའི་རྩ་ནི་འོག་བལྟས་པར། ། ཨཱ་ལི་ཟླ་བར་ཡང་དག་འབབ། ། གཡས་སུ་ལྟེ་བ་ནས་བཟུང་ནས། ། རྐན་གྱི་གནས་སུ་རབ་འཇུག་ པའི། ། ཉི་མའི་རྩ་ནི་སྟེང་བལྟས་ཏེ། ། ཀཱ་ལི་ཉི་མར་རྟག་ཏུ་འབབ། ། སྣ་ཡི་སྒོ་ནི་གཉིས་པོ་ནས། ། རྩ་གཉིས་རྒྱུ་བའི་མཚན་ཉིད་ནི། ། རྩ་གཡོན་འཇུག་པའི་ལམ་ཡིན་ཏེ། ། གཡས་པ་འབྱུང་བའི་ལམ་ཡིན་ནོ། ། ཉི་ཤར་ནས་བརྩམས་ཇི་སྲིད་དེ། ། ནུབ་ཀྱི་བར་ནི་ཉིན་མོ་ སྟེ། ། ནུབ་པ་ནས་བརྩམས་ཇི་སྲིད་དེ། ། ཤར་བའི་བར་ནི་མཚན་མོར་འགྱུར། ། ཉིན་དང་མཚན་མོ་ཞག་ཡིན་ཏེ། ། མེལ་ཚེ་ཐུན་ཞེས་བརྗོད་པ་ཡིན། ། ཐུན་བཞི་ཉིན་མོར་ཤེས་བྱ་སྟེ། ། དེ་བཞིན་མཚན་མོའང་ཐུན་བཞིའོ། ། ཞག་གཅིག་ལ་ནི་འཕོ་བ་ཡི། ། ཡན་ལག་ བཅུ་དྲུག་རྣམས་ཡིན་ཏེ། ། ཐུན་ནི་ཕྱེད་ཕྱེད་རྟག་ཏུ་རླུང་། ། སྣ་ཡི་བུ་གར་ཡང་དག་རྒྱུ། ། ཡར་ངོའི་ཚེས་གཅིག་ནས་བཟུང་ནས། །
BOཉིན་ཞག་གསུམ་གྱི་ཐུན་ཕྱེད་ལ། ། ཟླ་བའི་རླུང་ནི་རྒྱུ་བ་སྟེ། ། དེ་ནས་ཞག་གསུམ་ཉི་མའི་རླུང་། ། {གོ་རིམས་,གོ་རིམ་}འདིས་ནི་ཇི་སྲིད་དུ། ། ཡར་ཚེས་ {བཅྭ་,བཅོ་}ལྔའི་བར་དུའོ། ། མར་ངོའི་ཚེས་གཅིག་ནས་བཟུང་ན། ། ཉིན་ཞག་གསུམ་གྱི་སྔ་དྲོ་ནི། ། ཉི་མའི་རླུང་དུ་གྲགས་པ་རྒྱུ། ། དེ་བཞིན་ཚེས་ནི་{བཅྭ་,བཅོ་}ལྔའི་བར། ། ཐུན་རེ་ཡི་ནི་བཞི་ཆ་རྣམས། ། ཆུ་ཚོད་དུ་ནི་བརྗོད་པས་ན། ། ཉིན་ཞག་གཅིག་ལ་རྩ་རྣམས་ནི། ། སུམ་ཅུ་རྩ་ གཉིས་ཤེས་པར་བྱ། ། ཉིན་ཞག་གཅིག་ལ་དབྱུག་གུ་ཡི། ། དྲུག་ཅུ་རྩ་བཞིའི་ཚད་ཀྱིས་ནི། ། རྩ་དང་ཆུ་ཚོད་ཕྱེད་དབྱུག་གུ། ། ཐུན་གྱི་བརྒྱད་ཆ་ཞེས་སུ་བཤད། ། སྣ་སྒོའི་རླུང་ནི་འབྱུང་འཇུག་ལ། ། དབུགས་གཅིག་ཏུ་ནི་རབ་ཏུ་གྲགས། ། རླུང་གི་སྦྱོར་བ་ལ་མཁས་པས། ། དབུགས་དྲུག་སྲོག་ཏུ་ཤེས་པར་བྱ། ། སྲོག་ནི་ལྔ་བཅུ་ཐམ་པ་དང་། ། དབུགས་གསུམ་རྐང་པའང་དེ་དང་ལྡན། ། ཉི་མ་བྱང་དུ་རྒྱུ་དུས་ཀྱི། ། ཉི་མ་དང་པོའི་དབྱུག་གུ་ཡིན། ། ཉི་མ་ལྷོར་ནི་རྒྱུ་དུས་ཀྱི། ། མཚན་མོ་ཡང་ནི་དེ་བཞིན་འགྱུར། ། དབྱུག་གུ་རེ་རེའི་འཕེལ་འགྲིབ་ནི། ། དུས་ཀྱི་དབྱེ་བས་ཤེས་པར་བྱ། །
BOདབུགས་ནི་དྲག་པོ་བཞི་ཆར་བཅས། ། འཕོ་བ་སོ་སོའི་འཕེལ་འགྲིབ་ཡིན། ། དབུགས་ཀྱི་སུམ་ཆ་དེའི་བཞི་ཆའི། ། དྲུག་ཆས་ཉི་མ་རེ་རེར་འགྱུར། ། ཐུན་ནི་ཕྱེད་ཕྱེད་རྒྱུ་བ་ལས། ། ཕྱིན་ཅི་ལོག་ཏུ་འཕོས་གྱུར་ན། ། རྩོད་པ་ལ་སོགས་ངེས་ འགྱུར་བས། ། མཁས་པས་འདི་དག་ཡང་དག་བརྟག ། ཉི་མ་གཅིག་གཉིས་གསུམ་དང་བཞི། ། ལྔ་དང་དྲུག་ཏུ་གང་ཚེ་རླུང་། ། ཕྱིན་ཅི་ལོག་ཏུ་རྟག་རྒྱུ་ན། ། དེ་ཚེ་རྩོད་པ་ཆེན་པོར་འགྱུར། ། ཟླ་ཕྱེད་རྟག་ཏུ་ལོག་པར་རྒྱུ། ། ནད་ནི་ཆེན་པོ་ཡང་དག་འབྱུང་། ། ཟླ་བ་གཅིག་ཏུ་ལོག་ པར་རྒྱུ། ། སྙིང་སྡུག་གཉེན་ནི་བརླག་པར་འགྱུར། ། ཕྱེད་དང་གཉིས་སུ་ལོག་པར་རྒྱུ། ། ཟླ་བ་དྲུག་ན་འཆི་བར་འགྱུར། ། ཐུན་མོང་དུས་སུ་ཤེས་པར་བྱ། ། གཞན་ཡང་ཁྱད་པར་བཤད་བྱ་སྟེ། ། མཉམ་པོ་བདུན་དུ་ཉི་མ་སོང་། ། གང་ཚེ་སྐྱེ་བའི་ཉིན་ཟླ་བ། ། དེ་ཚེ་རྒྱས་པ་ཞེས་བྱའི་དུས། ། འཆི་བའི་ངེས་པའི་དུས་ཡིན་ནོ། ། མི་ནི་ཁྱིམ་གང་ལས་སྐྱེས་པ། ། གང་ཞིག་གཞན་ཡང་བདུན་དེའི་ཕྱིར། ། དེར་ནི་ཉི་མ་མཉམ་བདུན་སོང་། ། མཉམ་པོ་བདུན་ཞེས་བྱ་བར་བཤད། ། ཉི་མའི་ལམ་ནས་ཐམས་ཅད་དུ། ། རླུང་ནི་རྟག་ཏུ་རྒྱུ་བ་དག །
BOརྒྱུན་མི་འཆད་པར་ཡང་དང་ཡང་། ། མཁས་པས་དུས་ནི་མཚོན་པར་བྱ། ། དུས་ཀྱི་སྐད་ཅིག་གང་ལ་རླུང་། ། བགྲོད་པ་གཞན་དུ་འཇུག་འགྱུར་ན། ། དུས་དེའི་སྐད་ཅིག་རྫོགས་པ་ན། ། འཆི་འགྱུར་འདི་ལ་ཐེ་ཚོམ་མེད། ། ཉིན་ཕྱེད་དང་པོར་བྱས་ཏེ་ཉི་མ་རྫོགས་དང་དེ་བཞིན་ཉིན་ཞག་གཅིག་གི་བར། ། དེ་ ལས་ཞག་གཉིས་ཞག་གསུམ་དང་ནི་དེ་བཞིན་ཞག་ནི་བཞི་ཡི་བར་དག་ཏུ། ། རླུང་ནི་གང་ཞིག་རྩ་ལ་བརྟེན་ཏེ་གཡོན་པ་མིན་པའི་ཉི་མའི་ལམ་ནས་རྒྱུ། ། དེ་ལས་ས་དང་ཉི་མ་ཕྱོགས་དང་བཀྲ་ཤིས་དྲུག་བཞི་འདི་དག་ཤེས་པར་བྱ། ། ལྔ་ནས་ཉི་ཤུ་རྩ་ལྔར་ཉིན་ཞག་འདི་དག་ལྔ་ལྔར་ སྤེལ་བས་བགྲོད་པར་འགྱུར། ། དེ་ལས་རེ་རེས་སྤེལ་བས་བཅུ་ནི་སུམ་འགྱུར་ཇི་སྲིད་གསུམ་གྱིས་ལྷག་པའི་བར། ། དེ་ལས་རྒྱས་པའི་དུས་སུ་གསུམ་མིག་ཟླ་བའི་ལོ་དང་དྲུག་གསུམ་ཟུང་ཟླའི་ཟླ། ། ལྷག་མ་ཚེས་དང་ཕྱོགས་མདའ་ཡོན་ཏན་ཟུང་དང་ཟླ་བའི་ཞག་ཏུ་འཚོ་བ་ ཡིན། ། རེའུ་མིག་སུམ་ཅུ་བདུན་བཅས་པའི། ། འཁོར་ལོ་རིམ་གསུམ་བྲིས་ནས་ནི། ། ཚེ་དང་སྲོག་གི་རླུང་དག་དང་། ། ཉིན་ཞག་མཚན་མ་རིམ་བཞིན་བྲི། ། ཞག་ལྔ་ནས་ནི་ཉི་ཤུ་ལྔའི། ། བར་བར་གྱི་ནི་ཉིན་ཞག་ལ། །
BOགྲངས་ནི་བཅུ་དྲུག་མ་བཤད་གང་། ། དེ་རྣམས་ ཚང་བར་བརྗོད་པར་བྱ། ། ཞག་ནི་དྲུག་བདུན་བརྒྱད་དགུ་ཡི། ། རིམ་པས་གལ་ཏེ་རླུང་རྒྱུ་ན། ། ཡོན་ཏན་ལྡན་ཡང་ཉིན་ཞག་ནི། ། ཉེར་བཞིས་མ་ཚང་ལོ་གསུམ་ནའོ། ། དྲག་པོ་ཉི་མ་ཡན་ལག་སའི། ། ཞག་ནི་རིམ་པས་རྒྱུ་ན་ནི། ། ཡོན་ཏན་ལྡན་པའང་ཉིན་ཞག་ནི། ། ཉེར་ བཞིས་མ་ཚང་ལོ་གཉིས་ནའོ། ། ཞག་ནི་བཅུ་དྲུག་དེ་བཞིན་དུ། ། བཅུ་བདུན་དང་ནི་{བཅྭ་,བཅོ་}བརྒྱད་དང་། ། བཅུ་དགུ་ཡི་ནི་རིམ་པ་ཡིས། ། རླུང་རྒྱུ་ཡོན་ཏན་ཅན་ཡང་ཞག ། བཅུ་གཉིས་གཉིས་འགྱུར་མ་ཚང་བའི། ། ལོ་གཅིག་ན་ནི་སྐྱབས་མེད་གང་། ། དེ་ནི་གཤིན་རྗེའི་གྲོང་ཁྱེར་ དུ། ། ཐེ་ཚོམ་མེད་པར་འགྲོ་བར་འགྱུར། ། ཉི་མ་ཉི་ཤུ་གཅིག་གཉིས་གསུམ། ། ཉེར་བཞིའི་རིམ་པས་རླུང་རྒྱུ་ན། ། ཡོན་ཏན་ལྡན་པའང་ཞག་དྲུག་ནི། ། མ་ཚང་ཟླ་བ་དྲུག་ན་འཆི། ། རེའུ་མིག་སུམ་ཅུ་གཉིས་ལྡན་པའི། ། རིམ་གཉིས་འཁོར་ལོ་བྲིས་ནས་ནི། ། དེར་ནི་ཚེ་ དང་ཡན་ལག་རླུང་། ། གྲངས་ཀྱི་མཚན་མ་རིམ་བཞིན་བྲི། ། འཆི་བའི་རྟགས་ནི་འདི་དག་ཀུན། ། རྣམ་པ་ཐམས་ཅད་ཤེས་བྱས་ནས། ། བློ་ལྡན་འཆི་བ་བླུ་བ་ཡིས། ། གལ་ཏེ་བརྟེན་པའི་གོ་འཕང་འདོད། །
BOརྩ་ནི་ཡང་དག་སྦྱང་བྱས་པས། ། དེ་སྲིད་རླུང་ནི་སྦྱང་འགྱུར་ཏེ། ། སོ་སོའི་རིམ་བཞིན་རྣལ་འབྱོར་པས། ། ཡང་དང་ཡང་དུ་མནན་པར་བྱ། ། གཡོན་པའི་བུ་གར་བཅུག་ནས་ནི། ། རྩ་ནི་བསྡམས་ནས་མནན་བྱ་ཞིང་། ། དེ་བཞིན་དུ་ནི་གཡས་པར་རླུང་། ། བཀུག་སྟེ་དལ་བུས་མནན་པར་བྱ། ། སེམས་ཅན་རྣམས་ཀྱི་ཞག་གཅིག་ལ། ། རྒྱུ་བའི་ དབུགས་ཀྱི་གྲངས་ཀྱི་ཚུལ། ། བརྒྱ་ཕྲག་དྲུག་གིས་ལྷག་པ་ཡི། ། སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ། ། དབང་ཆེན་གྱིས་ནི་རྒྱལ་སྲིད་དེ། ། ཆུས་ནི་དོན་རྣམས་ཡང་དག་འབྱུང་། ། མེ་ཡི་རླུང་ནི་རྣམ་རྒྱུ་བས། ། བཀྲེས་སྐོམ་དུབ་དང་སྡུག་བསྔལ་ནད། ། བྱ་བ་ཐམས་ཅད་ཉམས་འགྱུར་ ཞེས། ། རྡོ་རྗེ་འཛིན་པ་མཆོག་གིས་གསུངས། ། རླུང་གིས་རྩོད་དང་སྐྱོ་དང་རྨོངས། ། ནོར་ཉམས་ཉོན་ནི་མོངས་པར་བྱེད། ། དབང་ཆེན་ནོར་དང་འབྲུ་ལ་སོགས། ། རྙེད་པ་ཐོབ་དང་སྡུད་བྱེད་པའོ། ། ཆུ་ཡི་རླུང་ནི་རྣམ་རྒྱུ་བས། ། འདོད་པའི་དངོས་གྲུབ་ཀུན་བྱེད་པས། ། དེ་ཡི་ སྦྱོར་བ་མཆོག་གཙོ་བོར། ། རྡོ་རྗེ་སེམས་དཔས་གང་གསུངས་པའོ། ། རླུང་ནི་བཅོམ་ལྡན་ཧེ་རུ་ཀའི། ། རང་བཞིན་ཉིད་དེ་གསུམ་དུ་འགྱུར། ། གཡོན་པ་ཤེས་རབ་རང་བཞིན་ཏེ། །
BOགཡས་པ་སྙིང་རྗེའི་བདག་ཉིད་དོ། ། གཉིས་པོ་མི་ཕྱེད་སྦྱོར་བ་ཡང་། ། གཉི་གནས་ནི་རྣམ་ པར་རྒྱུ། ། དེ་བས་དེ་ཉིད་རིག་པས་དེར། ། དགེ་མི་དགེ་སོགས་ཤེས་པར་བྱ། ། དུག་སོགས་གཞོམ་དང་ལྷག་མ་ནི། ། བཀྲ་ཤིས་དཔལ་ནི་བསྐྱེད་པ་ལ། ། ཤེས་རབ་བདག་ཉིད་རབ་ཏུ་བསྔགས། ། རྟག་ཏུ་དཔལ་ལྡན་སྙིང་རྗེའི་སྟོབས། ། གཡུལ་བཤམ་རོལ་རྩེད་སྟོན་མོ་ དང་། ། གཅད་པ་དང་ནི་དབུག་པ་དང་། ། བསྲེག་དང་བཙོ་བའི་ལས་ལ་ནི། ། སྙིང་རྗེའི་བདག་ཉིད་རབ་ཏུ་བསྔགས། ། གཞན་ཡང་གཉིས་བདག་རྡོ་རྗེ་ཅན། ། ཐེ་ཙོམ་འགྱུར་བར་ཤེས་བྱ་སྟེ། ། དགེ་དང་མི་དགེ་ངེས་མེད་པར། ། རླུང་རིག་པས་ནི་འདིར་མཚོན་བྱ། ། མགོན་པོ་ ཇི་སྟེ་ཨཱ་ལིར་རྒྱུ། ། འགའ་ཞིག་ཀཱ་ལིར་གནས་འདྲི་འམ། ། ཀཱ་ལིའི་རྒྱུ་ལ་ཨཱ་ལིར་གནས། ། དེ་ཡི་འདོད་དོན་ཉམས་པར་འགྱུར། ། གང་ནས་མགོན་པོ་དེ་རྒྱུ་བ། ། དེར་གནས་འགའ་ཞིག་འདྲི་བྱེད་ན། ། དེ་ཡི་དོན་ཀུན་ཡང་དག་འགྲུབ། ། གཉི་གར་གནས་ ལས་ཐེ་ཚོམ་འགྱུར། ། རླུང་གི་བདག་ཉིད་ཀྱིས་མགོན་པོའི། ། སྐུ་གསུམ་པོར་ཡང་ཤེས་པར་བྱ། ། འཇུག་པ་ཆོས་ཀྱི་སྐུ་ཡིན་ཏེ། ། གནས་པ་ལོངས་སྤྱོད་རྫོགས་པའི་སྐུ། །
BOའབྱུང་བ་སྤྲུལ་པའི་སྐུ་ཞེས་བཤད། ། འདི་དག་སྐུ་ནི་གསུམ་པོར་བཞེད། ། འདྲི་བ་པོའམ་རང་ གིའང་རུང་། ། ཆོས་སྐུས་ཐམས་ཅད་དགེ་བ་སྟེ། ། ལོངས་སྤྱོད་རྫོགས་པས་ཐེ་ཚོམ་འགྱུར། ། སྤྲུལ་པས་འཐབ་མོར་སྟོན་པའོ། ། རྣལ་འབྱོར་པ་ཡི་སྲོག་རྩོལ་ནི། ། སངས་རྒྱས་ལྔ་ཡི་ངོ་བོ་ར་གནས། ། གཡོན་དང་གཡས་ཀྱི་གནས་གང་ན། ། རིམ་པ་ཇི་བཞིན་རྣམ་ པར་རྒྱུ། ། གཡས་ནས་རྣམ་པར་རྒྱུ་བའི་འོད། ། མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། ། ནགས་ཀྱི་མེ་ཏོག་ལྟ་བུའི་མདོག ། དེ་ནི་འོད་དཔག་མེད་པའི་ལྷ། ། གཡོན་ནས་རྣམ་པར་རྒྱུ་བའི་འོད། ། རྟག་ཏུ་རླུང་གི་དཀྱིལ་འཁོར་ཏེ། ། ཁ་དོག་ལྗང་གུ་ལྟར་སྣང་བ། ། ལྷ་ནི་དོན་ ཡོད་མཆོག་ཡིན་ནོ། ། གཉི་ག་ནས་ནི་རྒྱུ་བའི་འོད། ། གསེར་གྱི་འོད་ལྟར་སྣང་བ་སྟེ། ། དབང་ཆེན་དཀྱིལ་འཁོར་གྱི་ནི་རླུང་། ། རྟག་ཏུ་རིན་ཆེན་འབྱུང་ལྡན་རྒྱུ། ། འོག་ནས་དལ་བར་རབ་རྒྱུ་བ། ། ཀུནྡ་ཟླ་བ་ལྟ་བུར་དཀར། ། ཆུ་ཡི་དཀྱིལ་འཁོར་རྒྱུ་བ་སྟེ། ། འོད་ཆེན་རྡོ་རྗེ་ མགོན་པོའོ། ། ལུས་ཀུན་ལ་ནི་རྗེས་འགྲོའི་རླུང་། ། སེམས་ཀུན་རབ་ཏུ་འཇུག་བྱེད་པ། ། མགོན་པོ་རྣམ་པར་སྣང་མཛད་ནི། ། འབྱུང་བར་རབ་ཏུ་གྲགས་པ་ཡིན།
BO། རྣལ་འབྱོར་མ་ནི་མཉམ་གཞག་པས། ། འཇུག་པའི་རླུང་ནི་བགྲང་བར་བྱ། ། ཇི་སྲིད་འབུམ་ལ་སོགས་པའི་ གྲངས། ། སྒྲ་དང་བྲལ་བར་རྟག་ཏུ་བཟླ། ། སྒྲུབ་པོས་སྒྲ་དང་བྲལ་བར་ནི། ། འབུམ་བཟླས་ཡོངས་སུ་རྫོགས་པ་ན། ། ཚེ་ཉམས་པ་ཡང་ལོ་ལྔ་རུ། ། འཚོ་བར་འདིར་ནི་ཐེ་ཚོམ་མེད། ། རྟག་ཏུ་ནང་པར་ལངས་ནས་རླུང་། ། སྟོང་ཕྲག་གཅིག་ཏུ་བགྲང་བྱ་སྟེ། ། དེ་བས་རླུང་གི་རྣལ་འབྱོར་ ལ། ། རྟག་ཏུ་མཉམ་གཞག་གནས་པར་བྱ། ། ཡང་ན་བུམ་པའི་རྣལ་འབྱོར་གྱིས། ། རྟག་ཏུ་འཆི་བདག་ལས་རྒྱལ་བྱ། ། བདག་ཉིད་རིག་པས་རྐང་མཐིལ་བར། ། ཀུན་དུ་རླུང་གིས་དགང་བྱ་སྟེ། ། བུམ་པ་ཅན་ལ་བརྟན་བྱས་ནས། ། དབྱེ་བ་གསུམ་གྱིས་གཞོམ་པར་བཤད། ། ཐ་མ་སུམ་ཅུ་རྩ་དྲུག་ཙམ། ། དེ་ཡི་ཉིས་འགྱུར་འབྲིང་དེ་བཞིན། ། སུམ་འགྱུར་ཆེན་པོར་ཤེས་བྱ་སྟེ། ། བུམ་པ་ཅན་དེས་རྒྱལ་བར་བྱ། ། བུམ་པ་ཅན་སྔར་ཤེས་བྱས་ནས། ། བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། ། ལག་པ་ལན་གསུམ་མཉེས་ནས་ནི། ། དེ་ནས་ལན་དྲུག་སེ་གོལ་ བརྡབ། ། ཇི་སྲིད་སུམ་ཅུ་རྩ་དྲུག་བར། ། དེ་སྲིད་བུམ་པ་ཅན་གྱིས་བྱ། ། སུམ་འགྱུར་ཆེན་པོས་གཞོམ་པ་ནི། ། བརྒྱ་ལས་རྩ་བརྒྱད་ལྷག་པས་སོ། །
BOབརྟན་པའི་གོ་འཕང་འདོད་པས་ནི། ། བརྩོན་པས་དེ་ཉིད་ཀྱིས་རྒྱལ་བྱ། ། བུམ་པའི་སྦྱོར་བས་རྒྱལ་བས་ན། ། འཆི་བདག་ ལས་ནི་རིང་དུ་འཇུག ། བུམ་པ་ཅན་ནི་ཤེས་བྱས་ནས། ། འགོག་ལ་བརྟན་པར་གནས་པ་ན། ། དེ་ལ་བསྐལ་པ་སྟོང་དུ་ཡང་། ། འཆི་བདག་ཉེ་བར་འོང་མི་འགྱུར། ། སྙིང་གི་ཆུ་སྐྱེས་དབུས་སོན་རླུང་། ། ཧཱུྃ་ཡིག་དཀར་པོའི་རྣམ་པར་ནི། ། གང་གིས་མཉམ་པར་གཞག་བསམས་ ན། ། དེ་ལ་ཡུལ་སོགས་དམིགས་མི་འགྱུར། ། རླུང་གིས་འཁོར་བའི་སྟེང་དུ་འགྲོ། ། མྱ་ངན་འདས་པའི་འོག་ཏུ་བགྲོད། ། སྙིང་ག་ཡི་ནི་ཆུ་སྐྱེས་ལ། ། མི་གནས་མྱ་ངན་འདས་པར་གནས། ། སྟེང་དང་འོག་ཏུ་རྒྱུ་བའི་རླུང་། ། ཁ་སྦྱར་དུ་ནི་ཡིད་ཀྱིས་བྱས། ། དེ་ཡི་སྦྱོར་བས་ གོམས་བྱེད་ན། ། དེས་ནི་བརྟན་པའི་གོ་འཕང་འཐོབ། ། རླུང་གི་རྣལ་འབྱོར་མི་ཤེས་པའམ། ། གང་ཞིག་ཤེས་ཀྱང་མི་བྱེད་པ། ། དེ་ནི་འཁོར་བའི་སྡུག་བསྔལ་ཚོགས། ། དུ་མས་གཙེས་པའི་སྲིན་བུར་འགྱུར། ། གང་ཞིག་འགྲོ་དང་འོང་བའི་རླུང་། ། བློ་དང་ལྡན་པས་ བརྟག་བྱ་སྟེ། ། རླུང་གིས་ཐམས་ཅད་བྱིན་གྱིས་བརླབས། ། རླུང་ནི་ཀུན་དུ་འགྲོ་འགྱུར་བའོ། །
BOའདི་ནི་ཟླ་བ་དང་ཉི་མའི་མན་ངག་གི་རིམ་པར་ཕྱེ་བ་སྟེ་ལྔ་པའོ། ། ། ། དེ་ནས་ལམ་ལྔ་བཟང་པོ་མཆོག ། རྣམ་པར་ངེས་པར་རབ་བཤད་བྱ། ། བདག་ གཞན་དོན་ནི་ཕུན་ཚོགས་པའི། ། སྒྲུབ་པོས་དགེ་དང་མི་དགེ་བརྟག ། མེ་དང་རླུང་ནི་ཉིད་དག་དང་། ། དེ་བཞིན་དབང་ཆེན་དང་ནི་ཆུའི། ། དཀྱིལ་འཁོར་ཡང་དག་རྒྱུ་བ་ལས། ། ཞི་དང་རྒྱས་དང་དབང་དང་དགུག ། དེ་བཞིན་བསད་དང་བསྐྲད་པ་ཡི། ། མཚན་ཉིད་མཁས་པས་བརྟག་པར་བྱ། ། དེ་ཡི་སྦྱོར་བ་མི་ཤེས་པ། ། དེ་ནི་ངལ་བ་དོན་མེད་འགྱུར། ། མེས་ནི་འཆི་བར་འགྱུར་བ་སྟེ། ། རླུང་གིས་ནོར་རྣམས་ཉམས་པར་འགྱུར། ། དབང་ཆེན་གྱིས་ནི་རྒྱལ་སྲིད་འགྱུར། ། ཆུས་ནི་ནོར་དང་འབྲུ་རྣམས་སྟེར། ། གཡས་པ་ ནས་ནི་རྒྱུ་བའི་ཁམས། ། བྱིན་ཟའི་དཀྱིལ་འཁོར་ཉིད་ཡིན་ཏེ། ། ཁ་དོག་དམར་ཞིང་གསལ་བ་ནི། ། པདྨའི་མགོན་པོའི་འབྱུང་བའོ། ། གཡོན་པ་ནས་ནི་རྒྱུ་བའི་ཁམས། ། རླུང་གི་དཀྱིལ་འཁོར་ཉིད་ཡིན་ཏེ། ། ཁ་དོག་ལྗང་ཞིང་གསལ་བ་ནི། ། ལས་ཀྱི་མགོན་པོའི་ འབྱུང་བའོ། ། གཉི་ག་ནས་ནི་རྒྱུ་བའི་ཁམས། ། གསེར་གྱི་མདོག་ལྟར་གསལ་བ་ནི། ། དབང་ཆེན་དཀྱིལ་འཁོར་ཉིད་ཡིན་ཏེ། ། རིན་ཆེན་མགོན་པོའི་རྒྱུ་བའོ། །
BOདལ་ཞིང་རྒྱུ་བ་མེད་པའི་ཁམས། ། ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། ། དག་པའི་ཤེལ་ལྟར་སྣང་བ་ ནི། ། རྡོ་རྗེ་མགོན་པོའི་རྒྱུ་བའོ། ། ཁམས་རྣམས་ཀུན་ནི་ཡང་དག་བསྡུས། ། རྟེན་དང་བརྟེན་པའང་ཡང་དག་འཛིན། ། རྣམ་སྣང་མཛད་ནི་རླུང་ཆེན་ཏེ། ། འཆི་བའི་ལུས་ལས་རྣམ་པར་རྒྱུ། ། རླུང་གི་དེ་ཉིད་མི་ཤེས་པར། ། ལས་དང་ལས་མིན་མི་འགྲུབ་སྟེ། ། རླུང་ ནི་ཐམས་ཅད་བགྲོད་འགྱུར་བས། ། རྟོག་གེ་པ་ཡིས་མི་ཤེས་སོ། ། རླུང་གི་དེ་ཉིད་སྔོན་འགྲོ་བས། ། སྔགས་ཀྱི་དེ་ཉིད་བསྒྲུབ་པར་བྱ། ། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། ། རླུང་ཞེས་བྱ་བ་ལས་ཀུན་བྱེད། ། འདི་ནི་རྣམ་ཤེས་བཞོན་པ་སྟེ། ། སངས་རྒྱས་གོ་འཕང་ འཐོབ་བྱེད་པ། ། རྒྱུད་རྣམས་ཀུན་གྱི་གསང་བ་སྟེ། ། བྱང་ཆུབ་རྒྱུ་ཡི་ཐབས་ཡིན་ནོ། ། འདི་ནི་ལམ་ལྔ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་དྲུག་པའོ། ། ། ། དེ་ནས་རྩ་ཡི་འཁོར་ལོ་ནི། ། རིམ་པ་བཞིན་དུ་རབ་བཤད་བྱ། ། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། ། སྟོང་ཕྲག་བདུན་ཅུ་རྩ་གཉིས་འགྱུར། ། རྩ་རྣམས་དང་ནི་ཉེ་བའི་རྩ། ། དེ་དག་གནས་ལ་བརྟེན་པ་སྟེ། ། བརྒྱ་ལས་ཉི་ཤུ་ལྷག་པའི་རྩ། ། གཙོ་བོ་ཞེས་ནི་བྱ་བར་བརྗོད། །
BOརྩ་ཡི་གནས་དང་ཡུལ་རྣམས་ནི། ། ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། ། དེ་རྣམས་དབུས་ཀྱི་རྩ་གསུམ་ གང་། ། ཐམས་ཅད་ཁྱབ་ཅིང་བརྟེན་པའོ། ། མགོར་ནི་པུལླཱི་ར་ཡིན་ཏེ། ། སོ་དང་སེན་མོ་འབབ་པར་གནས། ། སྤྱི་གཙུག་ཛཱ་ལན་དྷ་ར་སྟེ། ། སྐྲ་དང་སྤུ་ནི་འབབ་པར་གནས། ། ཨོ་ཌྱན་རྣ་བ་གཡས་པའི་རྩ། ། པགས་པ་དང་ནི་དྲི་མ་འབབ། ། མགོ་རྒྱབ་ཨར་བུ་ད་ཡིན་ ཏེ། ། ཤ་ནི་ཡང་དག་འབབ་པའི་རྩ། ། གོ་དཱ་བ་རཱི་རྣ་བ་གཡོན། ། རྒྱུས་པ་ཡང་དག་འབབ་པའི་རྩ། ། སྨིན་དབུས་ར་མེ་ཤྭ་རཱི་སྟེ། ། རྟག་ཏུ་རུས་པ་འབབ་པའོ། ། མིག་ནི་དེ་བི་ཀོ་ཊིར་གནས། ། མཆིན་པ་འབབ་པའི་རྩ་ཡིན་ནོ། ། མཱ་ལ་བ་ནི་དཔུང་པ་གཉིས། ། སྙིང་ལ་འབབ་ པའི་རྩ་གནས་སོ། ། མཆན་ཁུང་ཀཱ་མ་རཱུ་པ་སྟེ། ། རྟག་ཏུ་མིག་ནི་འབབ་པའོ། ། ནུ་མ་གཉིས་ནི་ཨོ་ཌི་སྟེ། ། རྟག་ཏུ་མཁྲིས་པ་འབབ་པའི་རྩ། ། ཏྲི་ཤ་ཀུ་ནི་ལྟེ་བ་སྟེ། ། རྩ་ནི་གློ་བ་འབབ་པས་གནས། ། སྣ་རྩེ་ཀོ་ས་ལ་ཡིན་ཏེ། ། རྒྱུ་མའི་ཕྲེང་བ་འབབ་པས་གནས། ། ཁ་ནི་ཀ་ ལིང་ག་ཡིན་ཏེ། ། རྟག་ཏུ་གཉེ་མ་འབབ་པས་གནས། ། མགྲིན་པ་ལམ་པཱ་ཀ་ཡིན་ཏེ། ། རྟག་ཏུ་ལྟོ་བ་འབབ་པའི་རྩ། ། ཀཱཉྩི་སྙིང་གའི་གནས་ཡིན་ཏེ། །
BOབཤང་བ་འབབ་པའི་རྩ་ཡིན་ནོ། ། མདོམས་བར་ཧི་མ་ལ་ཡ་སྟེ། ། མཆོག་མའི་མཚམས་ནི་འབབ་པའི་རྩ། ། ཏྲེ་ཏ་བུ་ རི་མཚན་མ་སྟེ། ། བད་ཀན་འབབ་པའི་རྩ་ཡིན་ནོ། ། གྲི་ཧ་དེ་བ་ཏཱ་བཤང་ལམ་སྟེ། ། རྟག་ཏུ་རྣག་ནི་འབབ་པའོ། ། བརླ་གཉིས་སཽ་རཱཥྚ་ཡིན་ཏེ། ། རྟག་ཏུ་ཁྲག་ནི་འབབ་པའོ། ། བྱིན་པ་གཉིས་ནི་གསེར་གླིང་གནས། ། རྡུལ་འབབ་པ་ཡི་རྩ་ཡིན་ནོ། ། རྐང་པའི་སོར་མོ་ན་ག་ར། ། རྟག་ ཏུ་ཚིལ་འབབ་རྩར་ཤེས་བྱ། ། རྐང་པའི་བོལ་ནི་སིན་དྷུ་སྟེ། ། མཆི་མ་འབབ་པའི་གཟུགས་ཅན་མ། ། མ་རུ་དེ་ཤ་མཐེ་བོང་སྟེ། ། རྟག་ཏུ་མཆིལ་མ་འབབ་པས་གནས། ། ཀུལླུ་ཏ་ནི་པུས་མོ་སྟེ། ། རྟག་ཏུ་སྣ་ཆུ་འབབ་པས་གནས། ། དེ་དག་དབུས་ན་གནས་པའི་རྩ། ། ལ་ལ་ ནཱར་ནི་གཅི་བ་འབབ། ། གཡས་སུ་ཁྲག་ནི་འབབ་པའི་རྩ། ། ར་ས་ནཱ་ཞེས་གྲགས་པ་ཡིན། ། དབུས་ཀྱི་ཆར་ནི་ཡང་དག་འཇུག ། སྙིང་གའི་ཆུ་སྐྱེས་དབུས་སོན་པ། ། ཆུ་ཤིང་སྙེ་མའི་མེ་ཏོག་བཞིན། ། འཕྱང་བ་ཁ་ནི་ཐུར་དུ་བལྟས། ། ཏིལ་གྱི་མར་མེ་ལྟར་ འབར་ཞིང་། ། བྱང་ཆུབ་སེམས་ནི་མཉམ་འབབ་དེ། ། ཨ་བ་དྷཱུ་ཏཱིར་ཤེས་བྱ་སྟེ། ། ལྷན་ཅིག་སྐྱེས་པ་སྟེར་བྱེད་པའོ། ། ལ་ལ་ནཱ་ལ་སོགས་པའི་རྩ། །
BOརྩ་རྣམས་ཀུན་གྱི་གཙོ་བོ་སྟེ། ། དེ་བས་འདིར་ནི་གཞན་བསྟེན་པ། ། གང་གཱ་སིན་དྷུར་གཞན་འཇུག་བཞིན། ། གཅིག་ གྱུར་ཁ་ཁ་མུ་ཁ་སྟེ། ། དེ་ཉིད་སྐྱེ་གནས་གཞན་མ་ཡིན། ། ལོངས་སྤྱོད་རྫོགས་སྐུའི་རང་བཞིན་གྱིས། ། ལུས་ལ་བརྟེན་པར་ཤེས་པར་བྱ། ། བུད་མེད་རྣམས་ལའང་གཙོ་བོ་གསུམ། ། ལ་ལ་ནཱ་སོགས་རྩ་རྣམས་ཡིན། ། ཤེས་རབ་རང་བཞིན་ལ་ལ་ནཱ། ། ར་ས་ནཱ་ནི་ཐབས་ སུ་གནས། ། དབུས་ནས་ཨ་བ་དྷཱུ་ཏཱི་ནི། ། གཟུང་དང་འཛིན་པ་རྣམ་སྤངས་པའོ། ། ལོངས་སྤྱོད་རྫོགས་སྐུ་ལ་ལ་ནཱ། ། ར་ས་ནཱ་ནི་སྤྲུལ་པའི་སྐུ། ། ཨ་བ་དྷཱུ་ཏཱི་ཆོས་སྐུ་སྟེ། ། སྐུ་གསུམ་པོར་ནི་བཤད་པ་ཡིན། ། རྩ་རྣམས་དེ་དག་ཐམས་ཅད་ནི། ། ལུས་ནི་དགེ་བར་བྱེད་པ་ སྟེ། ། དེ་ཡི་ཚོགས་ལས་ཡང་དག་བྱུང་། ། གོང་བུ་ལྷ་ཡི་བདག་ཉིད་དོ། ། གཟུགས་ལས་འདས་པ་གོང་བུར་འགྱུར། ། གོང་བུ་ལས་འདས་ལྷ་ཉིད་དེ། ། དེ་ཕྱིར་བསམ་མི་ཁྱབ་སྦྱོར་བས། ། དེ་བཞིན་ཉིད་བདག་ཀུན་དུ་འགྲོ། ། སྒྲུབ་པོས་ཆོ་ག་གང་གང་གིས། ། གོང་བུ་ ལས་འདས་གོ་འཕང་གནས། ། དེས་ནི་དེ་ཡི་བདག་ཉིད་དུ། ། གྱུར་པས་སངས་རྒྱས་ཉིད་འཐོབ་འགྱུར། ། འདི་ནི་རྩའི་འཁོར་ལོའི་ཐབས་རིམ་པར་ཕྱེ་བ་སྟེ་བདུན་པའོ།
BO། ། ། དེ་ནས་གང་ཞིག་ཤེས་ཙམ་གྱིས། ། མྱུར་དུ་དངོས་གྲུབ་འགྱུར་བ་ཡི། ། དམ་ ཚིག་རྣམས་ཀྱང་རིམ་པ་བཞིན། ། ཡང་དག་པར་ནི་བཤད་པར་བྱ། ། རང་གི་ཁྱིམ་མམ་གསང་བའི་གནས། ། དབེན་ཞིང་ཡིད་ནི་དགའ་བ་དང་། ། རི་བོ་ཚང་ཚིང་རི་སུལ་དང་། ། རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། ། མ་མོའི་ཁྱིམ་དང་དུར་ཁྲོད་དམ། ། ཆུ་བོ་འདུས་པའི་དབུས་ སུ་ནི། ། བླ་མེད་འབྲས་བུ་འདོད་པ་ཡིས། ། དཀྱིལ་འཁོར་ཡང་དག་བྲི་བར་བྱ། ། ཡོན་བདག་དད་པ་ཆེན་པོ་ཡིས། ། ཞིང་སྐྱེས་གནས་སྐྱེས་སྔགས་སྐྱེས་མའི། ། རྣལ་འབྱོར་མ་དང་རྣལ་འབྱོར་པ། ། སློབ་དཔོན་ལྷ་ཀུན་སྤྱན་དྲང་བྱ། ། ཁྱིམ་པའམ་ནི་དགེ་ཚུལ་ལམ། ། དེ་བཞིན་ དགེ་སློང་སློབ་དཔོན་དེ། ། སློབ་དཔོན་ཁ་ཅིག་འཇིག་རྟེན་པ། ། བསྟན་ལ་གནས་པའི་དགེ་སློང་ངམ། ། ཁ་ཅིག་ཡོན་ཏན་ལྡན་པའམ། ། དེ་བཞིན་མངོན་ཤེས་ཐོབ་པའང་རུང་། ། འདི་རྣམས་ནང་ན་ཡོན་བདག་ནི། ། གང་ལ་དད་པས་གཙོ་མཆོག་བྱ། ། སློབ་དཔོན་སྔོན་དུ་འགྲོ་ བ་ཡིས། ། དཀྱིལ་འཁོར་དགེ་བ་བྲི་བྱས་ཏེ། ། སློབ་དཔོན་དབང་བསྐུར་ཡོན་ཏན་ལྡན། འཇིག་རྟེན་རྣམས་ཀྱིས་མ་སྨད་ཅིང་། ། མི་དགེ་བཅུ་ཡོངས་སྤངས་པ་ནི། །
BOཚོགས་ཀྱི་འཁོར་ལོའི་གཙོ་བོར་བྱ། ། རྟག་ཏུ་ཡོན་བདག་བློ་ལྡན་གྱིས། ། སྙིང་རྗེ་མེད་ཅིང་ཁྲོ་དང་ གདུག ། ཁེངས་དང་བརྐམ་ཆགས་བདག་ཉིད་བསྟོད། ། མཉམ་པར་མ་བཞག་གིས་མི་བྱ། ། གང་ཞིག་ཁྱིམ་གནས་ལོངས་སྤྱོད་བསྟེན། ། གཤོལ་འཛུགས་དང་ནི་ཚོང་པ་དང་། ། རྨོངས་པས་དམ་ཆོས་འཚོང་བ་ནི། ། ཚོགས་ཀྱི་འཁོར་ལོའི་གཙོ་བོར་མིན། ། འདི་ལྟར་ཡོན་ ཏན་ཀུན་ལྡན་ཞིང་། ། ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན། ། དུལ་ཞིང་བརྩོན་འགྲུས་ཡང་དག་ལྡན། ། སྲེད་པ་མེད་ཅིང་ང་རྒྱལ་མེད། ། རྟག་ཏུ་སེམས་ཅན་བསྟེན་པར་ནི། ། ལྟོས་བཅས་རྒྱན་གྱིས་བརྒྱན་པ་དང་། ། ཐོད་པའི་རྒྱན་ལ་དགའ་བ་དང་། ། རྡོ་རྗེ་དྲིལ་བུ་མཉམ་ ལྡན་པའི། ། མཁས་པས་གཡོན་གྱི་ཕྱོགས་སུ་ནི། ། གཡོན་པའང་རབ་ཏུ་གཞག་པར་བྱ། ། འདི་ལྟར་ཡོན་ཏན་ལྡན་སློབ་དཔོན། ། ལས་རྣམས་ཀུན་ལ་རབ་ཏུ་བསྔགས། ། རིམ་པ་ཇི་བཞིན་སློབ་དཔོན་དང་། ། ལྷ་རྣམས་སྤྱན་དྲང་བྱོན་པ་ལ། ། ཇི་ལྟར་རྙེད་པའི་དྲི་ཆུ་ཡིས། ། ཞབས་བཀྲུ་བས་ནི་གཙང་བྱས་ནས། ། ས་ཡོངས་བརྟགས་པའི་གནས་སུ་ནི། ། སློབ་དཔོན་སྔོན་དུ་འགྲོ་བ་ཡིས། ། རྒན་དང་གཞོན་པའི་དབྱེ་བ་བཞིན། ། ཞུགས་ནས་གདན་ལ་གནས་པར་བྱ། །
BOསྐལ་བ་མེད་དང་ང་རྒྱལ་ཅན། ། དེ་བཞིན་བླ་མ་སྨོད་པ་དང་། ། དམ་ཚིག་མ་ མཐོང་རང་གི་བུ། ། དེ་བཞིན་སྐྱེས་པ་བུད་མེད་རྣམས། ། སྒྲུབ་པོ་དངོས་གྲུབ་འདོད་པ་ཡིས། ། དམ་ཚིག་དེར་ནི་གཞུག་མི་བྱ། ། གལ་ཏེ་ཕྱུགས་ནི་དེ་རྣམས་ཞུགས། ། དངོས་གྲུབ་རིང་དུ་འཇུག་པར་འགྱུར། ། དམ་ཚིག་སྨད་པས་ལུས་སེམས་ནི། ། སྡུག་བསྔལ་ དེ་བཞིན་གནས་ཉམས་དང་། ། དཔལ་ལས་རིང་ཞིང་སྣ་ཚོགས་པའི། ། སྡུག་བསྔལ་གྱིས་ནི་ཉེར་འཚེར་འགྱུར། ། དེ་ལྟར་ཤེས་ནས་སྤང་བྱ་སྟེ། ། མཆོད་པའི་སྤྱོད་ཡུལ་ཅན་རྣམས་བསྡུ། ། རྒན་དང་གཞོན་པའི་རིམ་བཞིན་དུ། ། མེ་ཏོག་བདུག་པ་མར་མེ་དང་། ། ཙནྡན་དྲིས་ ནི་ཁྱད་པར་དུ། ། བློ་དང་ལྡན་པས་རྟག་མཆོད་བྱ། ། གདུགས་དང་རྒྱལ་མཚན་གྱིས་བརྒྱན་པའི། ། གཏོར་མ་སློབ་དཔོན་གྱིས་རབ་བརྟག ། ལྷ་ནི་བསྙེན་ཕྱིར་མཆོད་བྱ་ཞིང་། ། ཡོན་བདག་ཡིད་ལ་འདོད་པ་ཡི། ། གང་ཞིག་ཞི་དང་རྒྱས་པའི་ལས། ། དངོས་ གྲུབ་དོན་དུ་བྲིས་ནས་ནི། ། གང་གང་མངོན་པར་འདོད་པ་ཡི། ། ལས་དེ་བྱིན་གྱིས་བརླབ་པར་བྱ། ། སྦྲང་ཆང་བུར་ཆང་ཁུར་བའི་ཆང་། ། ཇི་ལྟར་རྙེད་པ་དབུལ་བར་བྱ། ། གཙང་ཞིང་དུལ་དང་དཔའ་བའི་སེམས། །
BOསྲེད་དང་གཏི་མུག་རྣམ་པར་སྤངས། ། ཐམས་ཅད་མཚུངས་ པར་ལྟ་བ་ནི། ། ལས་ཀྱི་རྡོ་རྗེར་རབ་ཏུ་བརྟག ། བཟའ་དང་བཅའ་དང་དེ་བཞིན་བཏུང་། ། སོ་རྩི་དང་ནི་ཡོན་དེ་བཞིན། ། དཀྱིལ་འཁོར་གྱི་ནི་མདུན་ཉིད་དུ། ། ཡོན་བདག་གིས་ནི་དབུལ་བྱ་ཞིང་། ། ཕྱི་ནས་ལས་ཀྱི་རྡོ་རྗེ་ནི། ། མཁས་པས་རྫས་རྣམས་ཡོངས་སུ་སྤྱད། ། ཐོག་མར་ ལྕགས་ཀྱུ་མཉམ་ལྡན་པའི། ། དམ་ཚིག་ཡོངས་སུ་སྤྱད་པར་བྱ། ། དེ་ནས་ཐམས་ཅད་ཡོངས་རྫོགས་པར། ། སློབ་དཔོན་གྱིས་ནི་བྱིན་གྱིས་བརླབ། ། གནས་དང་ཉེ་གནས་ཞིང་དང་ནི། ། འདུས་དང་དུར་ཁྲོད་གནས་པའོ། ། དཔའ་མོའི་དབང་ཕྱུག་མ་ཀུན་ལ། ། བདག་ནི་ གུས་པས་ཕྱག་འཚལ་ལོ། ། ལྷ་མོ་རྣམས་ཀྱི་ཚད་མ་དམ་ཚིག་ཚད་མ་དང་། ། དེས་བཤད་གསུང་ནི་མཆོག་ཏུ་ཚད་མར་གྱུར་པ་སྟེ། ། བདེན་པར་གྱུར་པ་དེས་ན་ལྷ་མོ་རྣམས་ཀྱིས་འདིར། ། བདག་ནི་རྗེས་སུ་གཟུང་བའི་རྒྱུར་ནི་འགྱུར་བར་ཤོག ། གཞན་ཡང་དཀྱིལ་འཁོར་ མདུན་དུ་ནི། ། སྙིང་གར་ཐལ་མོ་རབ་སྦྱར་ཏེ། ། ཡོན་བདག་གིས་ཀྱང་སྨོན་ལམ་ནི། ། ཡོངས་སུ་བསྔོ་བ་ཉིད་དུ་བྱ། ། སྲིད་དང་ཞི་བ་མཉམ་པར་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་འཇོམས། །
BOཁྱེད་ཀྱི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་ གཟིགས་པར་ལྡན། ། མགོན་པོ་ཐུགས་རྗེ་ཆུ་ཡི་ལྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། ། བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། ། རྣལ་འབྱོར་བདུད་རྩི་རོ་གཅིག་གསོལ་བས་ཐུགས་ནི་རྣམ་པར་དག་པ་སྟེ། ། གནས་ལ་ སོགས་པའི་ཡུལ་དུ་བགྲོད་པས་སྐུ་ནི་རྣམ་པར་དག་པ་ཡི། ། དཔལ་ལྡན་གནས་ཀྱི་དབུས་ཀྱི་དཀྱིལ་འཁོར་འཁོར་ལོ་མཆོག་གི་མགོན་པོ་ནི། ། བླ་མ་མཆོག་ལ་རྟག་ཏུ་མགོ་བོས་བཏུད་དེ་གུས་པས་ཕྱག་འཚལ་ལོ། ། དཔའ་བོ་ཀུན་གྱི་སྐུ་ནི་རྟག་ཏུ་མཛེས་པ་སྟེ། ། ལྷ་མོ་ རྣམས་ཀྱི་རིན་ཆེན་སྐུ་ཡིས་འཁྱུད་པས་བརྒྱན། ། འཁོར་ལོར་གནས་མགོན་ལྷན་ཅིག་སྐྱེས་དགའ་དྲི་མེད་པའི། ། རྣལ་འབྱོར་སྙིང་པོ་བདེ་མཆོག་ལ་ཡང་རྟག་ཕྱག་འཚལ། ། སངས་རྒྱས་ཀུན་མཁྱེན་ཤིན་ཏུ་རྣམ་པར་དག་པའི་གནས། ། ལྷ་མོ་རྣམས་ནི་ལྷན་ཅིག་སྐྱེས་ པའི་གནས་ཀྱིས་མཛེས། ། འདྲེན་པ་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བ་སྟེ། ། དྲི་མེད་ལྷན་ཅིག་སྐྱེས་པ་མཆོག་ལ་བདག་ཕྱག་འཚལ། ། ཚིགས་བཅད་གསུམ་གྱིས་ཡང་དག་བསྟོད། ། ཇི་ལྟར་བདེ་བར་ཕྱག་ཀྱང་བཙལ། །
BOཡིད་སྤྲོ་ཇི་ལྟར་བདེ་བར་ནི། ། ཅ་ཅོའི་ སྤྲོ་བ་ཆེན་པོ་ཡིས། ། མེ་ཏོག་ཕྲེང་བ་ས་རྣམ་བརྒྱན་ཅིང་། ། སྣ་ཚོགས་མེ་ཏོག་གིས་མཆོད་ལུས། ། ཆང་གི་སྟོན་མོའི་དགའ་བཅས་པས། ། རྡོ་རྗེའི་གླུས་ནི་དགང་བར་བྱ། ། མཆོག་ཏུ་དགའ་བས་གར་བྱ་ཞིང་། ། གནས་ཀྱི་མཚན་མའི་སྟངས་སྟབས་གར། ། ཕྱག་རྒྱ་སྔགས་ ཀྱིས་གར་བྱའོ། ། དེར་ནི་པ་ཊ་ཧ་སོགས་དང་། ། ཅང་ཏེའུ་དང་ནི་བཀྲ་ཤིས་རྔ། ། རྔ་{རིངས་,རིང་}ལ་སོགས་སྣ་ཚོགས་པའི། ། རོལ་མོ་ཡིད་འོང་བསྒྲག་པར་བྱ། ། ཧེ་རུ་ཀ་བཅས་དཔའ་བོ་དང་། ། རྣལ་འབྱོར་མ་མཆོག་གཡོན་པ་སྟེ། ། དེ་རྗེས་ཚོགས་ཀྱི་གཙོ་བོ་ཡིས། ། ཡོན་བདག་ གི་ནི་དགེ་བ་བསམ། ། རྣལ་འབྱོར་རྣལ་འབྱོར་མ་འདུས་པས། ། སྐད་ཅིག་ཤིས་པ་བརྗོད་པ་སྦྱིན། ། བདེ་བ་ཕུན་ཚོགས་ལྡན་པ་དང་། ། ནད་མེད་པ་དང་དགེ་བའི་སེམས། ། འདོད་དང་གྲོལ་སོགས་ཡང་དག་འཐོབ། ། དངོས་གྲུབ་ཕུན་སུམ་ཚོགས་པར་འགྱུར། ། དཀྱིལ་འཁོར་རྣམ་པར་སྤྲོས་པ་ནི། ། ཆོ་ག་བཤད་བཞིན་བསྡུ་བར་བྱ། ། ལྷག་མའི་གཏོར་མ་བསྡུས་ནས་ནི། ། འབྱུང་པོ་འཚོལ་བ་རྣམས་ལ་སྦྱིན། ། གནས་དང་ཞིང་གནས་རྣལ་འབྱོར་མའི། ། ཚོགས་ལ་དྲི་ཞིམ་ཚིམ་པར་བྱ། །
BOསྤྱན་དྲངས་དཔའ་བོ་ཐམས་ཅད་ནི། ། བདེ་བ་ ཆེན་པོར་གཤེགས་སུ་གསོལ། ། འདི་ནི་དམ་ཚིག་གི་བརྡའི་ཆོ་ག་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ། ། ། ། དེ་ནས་ལག་པ་གཡོན་པའི་བརྡ། ། ཅུང་ཟད་ཙམ་ནི་བཤད་བྱ་སྟེ། ། སྒྲུབ་པོས་གང་ཞིག་ཤེས་ཙམ་གྱིས། ། མྱུར་དུ་དངོས་གྲུབ་འགྱུར་བའོ། ། གང་ ཞིག་སོར་མོ་གཅིག་སྟོན་པ། ། དེ་ལ་གཉིས་བསྟན་ལེགས་འོངས་ལན། ། གང་ཞིག་གཡོན་པའི་སོར་མོ་བསྡམས། ། བདེ་འམ་ཞེས་པའི་རྒྱར་ཤེས་བྱ། ། གང་ཞིག་མིང་མེད་སྟོན་བྱེད་པ། ། དེ་ལ་མཐེའུ་ཆུང་བསྟན་པར་བྱ། ། གང་ཞིག་གུང་མོ་སྟོན་བྱེད་པ། ། དེ་ལ་མཐེ་བོ་བསྟན་ པར་བྱ། ། གང་ཞིག་སྲིན་ལག་སྟོན་བྱེད་པ། ། དེ་ལ་མགྲིན་པ་རབ་བསྟན་བྱ། ། གང་ཞིག་བ་ཏི་ས་སྟོན་པ། ། དེ་ལ་རྩེ་གསུམ་བསྟན་པར་བྱ། ། གང་ཞིག་ནུ་མ་སྟོན་བྱེད་པ། ། དེ་ལ་སྐྲ་མཚམས་བསྟན་པར་བྱ། ། གང་ཞིག་སོ་ནི་སྟོན་བྱེད་པ། ། དེ་ལ་འཁོར་ལོ་བསྟན་པར་བྱ། ། གང་ཞིག་ཁྲོ་གཉེར་སྟོན་བྱེད་པ། ། དེ་ལ་གཙུག་ཕུད་བསྟན་པར་བྱ། ། གང་ཞིག་དཔྲལ་བ་སྟོན་བྱེད་པ། ། དེ་ལ་རོལ་པ་བསྟན་པར་བྱ། ། བུད་མེད་གང་ཞིག་གཡོན་ནས་འགྲོ། ། རྣལ་འབྱོར་མ་རྟག་གཡོན་ནས་ཏེ། ། སྐད་ནི་ཆེན་པོས་རབ་ཏུ་སྨྲ། །
BOགཡོན་པའི་ལྟ་བས་རྣམ་ ལྟ་ཞིང་། ། བུད་མེད་རྣམས་ལ་དགར་སྨྲ་བ། ། དེ་ནི་དམ་ཚིག་ལྡན་ཤེས་བྱ། ། བུད་མེད་རྣམས་ལ་གསོལ་བཏབ་ན། ། རིགས་ཀྱི་ས་བོན་རབ་སྨྲ་ཞིང་། ། རིགས་ཀྱི་བྱ་བ་མི་འདོར་ལ། ། རང་གི་རིགས་ཀྱི་རིག་པ་ཟློས། ། གང་ཞིག་རིག་པ་རྣམ་པར་འདྲི། ། ལག་པ་གཡོན་པས་ རང་གི་མགོར། ། མགོ་ལ་འཕྲུག་པར་བྱེད་པ་དང་། ། སྒྲུབ་པ་པོས་ནི་ཁྱད་པར་དུ། ། དེ་ཡི་རང་རིག་དྲན་པར་འགྱུར། ། མཁུར་བའམ་ནི་ཀོས་ཀོ་འམ། ། སྣ་དག་ཏུ་ནི་སོར་མོ་སྟོན། ། ཟུར་གྱིས་ལྟ་བས་དུས་རྟག་ཏུ། ། རང་གི་རིགས་ལ་རྣམ་པར་བལྟ། ། བདེན་འབྱུང་ འགྲོ་བའི་རྣལ་འབྱོར་མ། ། རྙེད་དཀའ་ངེས་པར་དམ་ཚིག་ཅན། ། རང་གི་ཁྱིམ་དུ་ཐོད་པ་དང་། ། དགྲ་སྟ་རལ་གྲི་རྒྱལ་མཚན་དང་། ། འཁོར་ལོ་དང་ནི་རྔ་ཡབ་དུང་། ། རྩེ་གསུམ་བྲིས་ནས་དགའ་བྱེད་ཅིང་། ། རྟག་ཏུ་ཤ་དང་ཆང་ལ་དགའ། ། འཇིགས་དང་ངོ་ཚ་འཇོམས་བྱེད་ གང་། ། མཁའ་འགྲོ་མའི་རིགས་ཡང་དག་འབྱུང་། ། ལྷན་ཅིག་སྐྱེས་མ་ཞེས་བྱར་བཤད། ། ཡུལ་དང་ཡུལ་དུ་མངོན་པར་སྐྱེ། ། སྒྲུབ་པོ་རྣམས་ཀྱིས་རྟག་ཏུ་བསྟེན། ། གནས་དང་ཉེ་བའི་གནས་དང་ནི། ། དེ་བཞིན་ཞིང་དང་ཉེ་བའི་ཞིང་། །
BOཚན་དྷོ་ཉེ་བའི་ཚན་དྷོ་ཧ། ། འདུས་པ་ཉེ་བའི་འདུས་པ་དང་། ། དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། ། འཛམ་བུའི་གླིང་ན་ཡང་དག་གནས། ། གནས་ནི་པུལླཱི་རར་གྲགས་ཏེ། ། དེ་བཞིན་ཛཱ་ལན་དྷ་རའང་གནས། ། ཨུ་ཌྱན་དེ་བཞིན་གནས་ཡིན་ཏེ། ། དེ་བཞིན་ཨར་བུ་ད་ཡང་གནས། ། ཉེ་གནས་གོ་ད་ བ་རཱི་སྟེ། ། དེ་བཞིན་རཱ་མེ་ཤྭ་རིའི་མིང་། ། དེ་བི་ཀོ་ཊིར་མངོན་བརྗོད་དང་། ། མཱ་ལ་བ་ཡང་ཉེ་བའི་གནས། ། ཞིང་ནི་ཀཱ་མ་རཱུའི་མིང་ཅན་ཏེ། ། ཨོ་དྲིར་མངོན་པར་བརྗོད་པའང་ཞིང་། ། ཉེ་ཞིང་ཏྲི་ཤ་ཀུ་ནི་སྟེ། ། ཀོ་ས་ལཱ་ཡང་ཉེ་བའི་ཞིང་། ། ཀ་ལིང་ག་དང་ལམ་པཱ་ཀའང་། ། དེ་བཞིན་ཚན་དྷོ་ཧ་ཡིན་ཏེ། ། ཀཱཉྩི་ཧི་མ་ལ་ཡ་ནི། ། ཁྱད་པར་ཉེ་བའི་ཚན་དྷོ་ཧའོ། ། འདུས་པ་པྲེ་ཏ་བ་སི་ནི། ། གྲི་ཧ་དེ་བ་ཡང་དེ་བཞིན། ། སཽ་རཱཥྚ་དང་གསེར་གླིང་གང་། ། ཉེ་བའི་འདུས་པ་གཉིས་ཡིན་ནོ། ། པ་ཏིལ་པུ་ཏྲ་དུར་ཁྲོད་དེ། ། སིན་དྷུའང་དེ་བཞིན་དུར་ ཁྲོད་དོ། ། མ་རུ་ཀུ་ལུ་ཏཱ་གཉིས་ནི། ། ཉེ་བའི་དུར་ཁྲོད་གནས་སུ་བཤད། ། དེ་ལྟར་ཕྱི་རོལ་གནས་སུ་གྲགས། ། ནང་གི་གནས་ཉིད་ལུས་སུ་བརྗོད། ། རང་ལུས་རྩ་ཡི་གཟུགས་ལ་འདིར། ། གནས་ཀྱི་མིང་དུ་རབ་ཏུ་གྲགས། །
BOདེ་གཟུགས་ལྷ་ཡི་རྣམ་པ་སྟེ། ། དེ་ནས་ ནང་གི་བདག་ཏུ་གནས། ། དེ་ཕྱིར་དེ་ཡི་གོང་བུའི་གནས། ། ལུས་འདི་སངས་རྒྱས་ཀུན་མཚུངས་པའོ། ། གནས་ནི་རབ་ཏུ་དགའ་བའི་ས། ། དེ་བཞིན་ཉེ་གནས་དྲི་མ་མེད། ། ཞིང་ནི་འོད་བྱེད་ས་ཡིན་ཏེ། ། ཉེ་བའི་ཞིང་ནི་འོད་འཕྲོ་བ། ། མངོན་དུ་གྱུར་པ་ཚན་ དྷོར་ཤེས། ། ཉེ་བའི་ཚན་དྷོ་སྦྱང་དཀའ་བའོ། ། འདུས་པ་རིང་དུ་སོང་བ་སྟེ། ། མི་གཡོ་བར་གྲགས་ཉེ་འདུས་པ། ། དུར་ཁྲོད་དེ་བཞིན་ལེགས་བློ་གྲོས། ། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། ། གནས་སོགས་ས་ཡི་རྣམ་དག་པ། ། རིམ་པ་ཇི་བཞིན་བཤད་པ་ཡིན། ། གནས་དང་ཉེ་ གནས་སོགས་བསྟེན་པས། ། མི་རྣམས་དྲི་མ་མེད་པར་འགྱུར། ། བློ་ལྡན་རྣམ་རྟོག་མེད་པ་ནི། ། རྒྱུ་ཞིང་མཚན་མ་ཡང་དག་བརྟག ། སྣ་ཚོགས་གཟུགས་དང་འཇིགས་གཟུགས་མ། ། དྲག་ཅིང་མི་བཟད་དགོད་བརྟགས་ལ། ། རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། ། ཧཱུྃ་གི་སྒྲ་ ནི་བསྒྲགས་པར་བྱ། ། ཐེ་ཚོམ་ཐམས་ཅད་རྣམ་སྤངས་ནས། ། སྒྲུབ་པོས་སེང་གེ་བཞིན་དུ་སྤྱད། ། མཐོང་ངམ་རེག་ལ་ཐོས་པས་ཀྱང་། ། མྱུར་དུ་དངོས་གྲུབ་རབ་འགྲོ་འགྱུར། །
BOའདི་ནི་བརྡ་དང་གནས་ལ་སོགས་པའི་བརྡས་ས་རྣམས་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ དགུ་པའོ། ། ། ། དེ་ནས་གང་ཞིག་བྲིས་ཙམ་གྱིས། ། སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བའི། ། ཞི་བ་ལ་སོགས་རབ་སྦྱོར་བ། ། ཡང་དག་རབ་ཏུ་བཤད་པར་བྱ། ། གུར་གུམ་ཙནྡན་བསྲེས་པས་གང་། ། ཡར་ངོ་ཡི་ནི་ཚེས་ལ་བྲི། ། འཁོར་ལོ་རྩིབས་དྲུག་ བྲིས་ནས་ནི། ། ཡི་གེ་བདུན་པའི་སྔགས་སྦྱར་ཞིང་། ། ཕྱི་རོལ་རྡོ་རྗེའི་ཕྲེང་བས་བསྐོར། ། དབུས་སུ་མིང་ནི་རྣམ་སྤེལ་བའོ། ། དར་རམ་རས་ནི་གཙང་མ་འམ། ། ཡང་ན་ཁམ་ཕོར་ཁ་སྦྱར་ལ། ། གསང་སྟེ་ལས་ནི་བྲིས་ནས་ཀྱང་། ། སྲད་བུ་དཀར་པོས་དཀྲི་བར་བྱ། ། ཁ་ དོག་དཀར་པོས་ཤར་བལྟས་ཏེ། ། མེ་ཏོག་དཀར་པོས་མཆོད་པར་བྱ། ། མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་གནས་པར་བལྟས་ལ། བུམ་པ་དཀར་པོ་ཟླ་བའི་བདུད་རྩིའི་ཆུས་གང་བས་དབང་བསྐུར་བར་བྱའོ། ། ཐེ་ཚོམ་མེད་པས་ཐུན་གསུམ་དུ། ། ཡི་གེ་བདུན་ པའི་སྔགས་བཟླས་ན། ། དེ་མ་ཐག་ཏུ་ཞི་བ་དང་། ། བདེ་ལེགས་སྐྱིད་དང་ཚེ་རིང་འགྱུར། ། རིམས་ནད་དུག་དང་འཚེ་བ་ལ། ། ལག་པ་གཡོན་པར་བསྒོམ་བྱ་སྟེ། ། འཁོར་ལོ་ཙནྡན་གྱིས་བྲིས་ལ། །
BOམེ་ཏོག་བདུག་པ་མཆོད་པར་བྱ། ། བསྒྲུབ་བྱ་ཤར་དུ་ཁ་བསྟན་ཏེ། ། མཁས་ པ་ཡིས་ནི་སྦྱར་བྱ་བ། ། གཏོར་མ་ཆུ་དང་དེ་བཞིན་མེ། ། དེ་ཡི་དབུས་སུ་དཱུར་བའམ། ། རྨ་བྱའི་སྒྲོ་འམ་ཀུ་ཤའི་ཆུས། ། ཁྱད་པར་དུ་ནི་དེ་ལ་བྱབ། ། གསང་སྔགས་འདི་ནི་གཙོ་བོ་མཆོག ། ཞི་སོགས་ཆོ་ག་རིམ་བཞིན་བྱེད། ། གུར་གུམ་དྲི་བཟང་བསྲེས་པ་ཡིས། ། རྒྱས་པའི་ འཁོར་ལོ་བྲི་བྱ་སྟེ། ། སྭཱ་ཧཱའི་ཡི་གེ་དང་སྤེལ་བར། ། ཁམ་ཕོར་གཉིས་ལ་བྲིས་ནས་ནི། ། སྲད་བུ་སེར་པོས་དཀྲི་བྱས་ལ། ། མར་དང་སྦྲང་རྩིའི་ནང་དུ་གཞུག ། བྱང་དུ་ཁ་བལྟས་ཐུན་གསུམ་དུ། ། ཁ་དོག་སེར་པོར་བསྒོམ་བྱས་ལ། ། ཟླ་བའི་དཀྱིལ་འཁོར་སེར་པོ་ལ། ། བསྒྲུབ་ བྱ་གནས་པར་མཁས་པས་བསམ། ། བདུད་རྩི་སེར་པོས་དབང་བསྐུར་ཞིང་། ། མེ་ཏོག་སེར་པོས་མཆོད་པར་བྱ། ། རྣམ་པར་མི་རྟོག་སེམས་ཀྱིས་ནི། ། རྒྱས་པའི་བསམ་པས་བཟླ་བྱ་སྟེ། ། ཆེ་གེ་མོ་བཽཥྚི་ཀཾ་ཀུ་རུ་སྭཱ་ཧཱ། ། བཽ་ཥཊ་སྔགས་ཀྱིས་སྤེལ་བར་བྱ། ། ནོར་དང་འབྲུ་ རྣམས་འཕེལ་བ་དང་། ། དཔལ་དང་བཀྲ་ཤིས་མཉམ་པར་འཇུག ། ལས་ཀྱི་སྦྱོར་བ་འདི་ཡིས་ནི། ། རྒྱས་པར་འགྱུར་ཏེ་གཞན་དུ་མིན། ། ཙནྡན་དམར་དང་སེན་རྩི་དང་། །
BOམིང་མེད་ཀྱི་ནི་ཁྲག་བསྲེས་ཏེ། ། རས་སམ་གྲོ་གའི་འདབ་མ་འམ། ། ཁམ་ཕོར་སོ་ནི་མ་ བཏང་བཟུང་། ། ཡི་གེ་ཧོཿདང་སྤེལ་བ་ཡིས། ། འཁོར་ལོ་གཉིས་ནི་མཉམ་པར་བྲི། ། སྲད་བུ་དམར་པོས་བཅིངས་ནས་ནི། ། མེ་ཏོག་དམར་པོས་མཆོད་པར་བྱ། ། མར་དང་སྦྲང་རྩིའི་དབུས་གཞག་ལ། ། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། ། ཁ་དོག་དམར་པོར་བསྒོམ་བྱས་ ལ། ། དཀྱིལ་འཁོར་དམར་པོ་ལ་གནས་པའི། ། བསྒྲུབ་བྱ་ཆགས་པར་རྣམ་པར་བསམ། ། རྟག་ཏུ་ཡིག་བདུན་འབྱུང་བ་ནི། ། རྒྱུན་མི་འཆད་པར་བཟླས་བྱ་སྟེ། ། མྱོས་པར་འགྱུར་བས་ཞབས་དྲུང་ལྷུང་། ། དེ་ནི་གྲུབ་པར་རྣམ་པར་བསམ། ། གལ་ཏེ་དབང་དུ་འོང་བར་མ་ གྱུར་ན་མར་དང་སྦྲང་རྩི་དང་བྲལ་བའི་འཁྲུལ་འཁོར་སེང་ལྡེང་གི་འདབ་མ་ལ་གདུང་བར་བྱས་ན། གང་སུ་ཡང་རུང་བ་སྐལ་བ་ངན་པ་ཡང་སྐལ་བ་བཟང་པོར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། ། དུར་ཁྲོད་ཀྱི་རས་སམ། ཟླ་མཚན་འཛག་པའི་རས་ལ། རྒྱ་སྐྱེགས་ཀྱི་ཁུ་ བ་དང་ལྡན་པས་ཡི་གེ་ཛཿཧྲཱི་དང་སྤེལ་བའི་འཁྲུལ་འཁོར་བྲི་བའམ། ཁམ་ཕོར་རམ། བུད་མེད་ཀྱི་ཐོད་པ་ལ་གྲུབ་པའི་འཁོར་ལོ་བྲིས་ལ་སྲད་བུ་དམར་པོས་དཀྲིས་ཏེ། །
BOམེ་ཏོག་དམར་པོས་མཆོད་ལ་བསྒྲུབ་བྱའི་སྙིང་ག་ནས་ལྕགས་ཀྱུས་དབུག་ཅིང་མགྲིན་པ་ནས་ཞགས་ པས་བཅིང་བར་བྱའོ། ། གང་གིས་དེ་ལྟར་བསམས་ཀྱང་བསྒྲུབ་བྱ་ནམ་ཡང་འོང་བར་མ་གྱུར་ན་སེང་ལྡེང་གི་ཤིང་ལས་མེ་སྦར་ལ་བསྲོས་པས་འཁྲུལ་འཁོར་ཚར་གཅད་པར་བྱ་ཞིང་ཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲཱིཿཛཿཞེས་བྱ་བ་དེས་བསྒྲུབ་བྱ་སྐད་ཅིག་ཙམ་དེ་ཉིད་ལ་དགུག་པར་བྱ་ སྟེ། རྐང་པས་དགུག་པ་བླ་ན་མེད་པའོ། ། དེ་ནས་གཞན་ཡང་མནན་པ་ཡི། ། ཆོ་ག་བླ་མེད་བཤད་པར་བྱ། ། རི་མོ་བརྒྱད་བརྒྱད་མཉམ་སྦྱར་བས། ། རེའུ་མིག་བཞི་བཅུ་རྩ་དགུ་སྟེ། ། མཁས་པས་དེ་ཡི་བར་གྱི་ནི། ། རེའུ་མིག་བཅུ་གསུམ་སྟོང་པར་བྱ། ། ཟུར་དང་ཟུར་དུ་རེའུ་མིག་ དགུ། ། གྲྭ་བཞི་ལ་ནི་ཡང་དག་གནས། ། གྲྭ་བཞི་ཀུན་གྱི་དབུས་ཀྱི་ནི། ། རེའུ་མིག་སྟོང་པ་ཉིད་བྱས་ལ། ། དུར་ཁྲོད་རས་ལ་ཞལ་བཞི་པའི། ། སྔགས་ནི་ཡང་དག་སྦྱར་ཏེ་བྲི། ། ཡུང་བ་ལྡོང་རོས་བསྲེས་པའི་ཆུས། ། འཁོར་ལོ་གཉིས་ལ་བསྒྲུབ་བྱའི་མིང་། ། ཡི་གེ་ལྃ་དང་སྤེལ་ཏེ་བྲི། ། རི་རབ་ཟུར་བརྒྱད་གནས་བྲིས་པའི། ། ཁམ་ཕོར་ཁ་སྦྱར་ཉིད་དུ་བྱ། ། རི་རབ་སྟེང་དུ་དབང་ཆེན་གྱི། ། དཀྱིལ་འཁོར་དབུས་སུ་ལྃ་གྱིས་ནི། །
BOམཚན་ཅིང་སྣ་ཚོགས་རྡོ་རྗེ་ཡིས། ། སྟེང་ནས་མནན་པར་རྣམ་པར་བསྒོམ། ། སྲད་བུ་སེར་པོས་རྣམ་པར་དཀྲི། ། ཧེ་རུ་ཀ་ནི་ཕྱག་གཉིས་པའི། ། རྣམ་ པར་བདག་ལུས་ཡང་དག་བསྒོམ། ། རྣལ་འབྱོར་པས་ནི་ལྷོར་བལྟས་ཏེ། ། ཁ་དོག་དམར་པོར་རྣམ་པར་བསྒོམ། ། བསྒྲུབ་བྱ་རི་རབ་དབུས་གནས་ཤིང་། ། རི་རབ་ཀྱིས་ནི་མནན་པར་བསྒོམ། ། དེ་སྟེང་སྣ་ཚོགས་རྡོ་རྗེ་ཡིས། ། ཡོངས་སུ་མནན་པར་རྣམ་པར་བསྒོམ། ། རང་གི་གནས་ སུ་དེ་བྱས་ན། ། དགྲ་ཡི་ཁ་ནི་གནོན་པ་དང་། ། དཔུང་རྣམས་ཀུན་ཀྱང་གནོན་པར་བྱེད། ། དགྲ་ཡི་སྙིང་ཡང་གནོན་པའོ། ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ལྃ་ལྷས་བྱིན་སྟཾ་བྷ་ཡ། ཨོཾ་གྲཱིཧྞ་གྲཱིཧྞ་ཧཱུྃ་ཧཱུྃ་ཕཊ། ལྃ་ལྷས་བྱིན་སྟཾ་བྷ་ཡ། ཨོཾ་གྲཱིཧྞཱ་པ་ཡ་གྲཱིཧྞཱ་པ་ཡ། ཧཱུྃ་ཧཱུྃ་ཕཊ། ལྃ་ལྷས་བྱིན་སྟཾ་བྷ་ཡ། ཨོཾ་ཨཱ་ན་ཡ་ཧོ་བི་དྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ལྃ་ལྷས་བྱིན་སྟཾ་བྷ་ཡ། སྔར་བཤད་རིམ་བཞིན་འཁོར་ལོ་ནི། ། དེ་ཉིད་ཀྱིས་ནི་ངེས་པར་བྲི། ། མེ་ཏོག་སེར་པོས་མཆོད་བྱ་སྟེ། ། ངག་གནོན་པ་ཡི་མཆོག་ཡིན་ནོ། ། རྟག་ཏུ་དུར་ཁྲོད་རས་ལ་ནི། ། འཁོར་ལོ་གཉིས་ ནི་མངོན་བྲིས་ཏེ། ། ཡི་གེ་བྃ་ནི་བསྒྲུབ་བྱ་ཡི། །
BOམིང་དང་སྤེལ་བས་ཁ་བཅིངས་པ། ། དབང་ཆེན་དཀྱིལ་འཁོར་དབུས་སུ་ནི། ། ག་འུ་ཁ་སྦྱར་བྱས་པ་ཡི། ། ལུག་གི་སྙིང་གར་བསྒྲུབ་བྱ་ནི། ། རབ་ཏུ་ཞུགས་པར་རྣམ་པར་བསམ། ། སྔགས་ནི་རྒྱུན་མི་འཆད་པར་བཟླ། ། ངེས་པར་ ལྐུགས་པ་ཉིད་དུ་འགྱུར། ། དེ་ནས་གཞན་ཡང་ངེས་པར་ནི། ། གསད་པའི་ཆོ་ག་མཆོག་བཤད་བྱ། ། ལན་ཚྭ་སྐེ་ཚེ་ཚ་བའི་མར། ། ནིམ་པའི་ལོ་མ་དེ་བཞིན་དུག ། དུར་ཁྲོད་སོལ་བ་དྷ་དུ་ར། ། རང་གི་སྡིགས་མཛུབ་ཁྲག་ཀྱང་རུང་། ། རྫས་འདི་དག་ནི་སྣག་ཚར་བྱ། ། ལྷོ་ཕྱོགས་ ཁ་བལྟས་སྦྱོར་བས་ནི། ། ཁྭ་ཡི་གཤོག་པའི་སྨྱུ་གུ་ཡིས། ། བསྒྲུབ་བྱ་དེ་ཡི་མིང་བཟུང་སྟེ། ། ཡི་གེ་ཧཱུྃ་དང་རྣམ་སྤེལ་བའི། ། འཁོར་ལོ་གཉིས་ནི་ཡང་དག་བྲི། ། ཁྲོ་ཞིང་དྲག་པོའི་ང་རོ་དང་། ། གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི། ། ཉི་མའི་དཀྱིལ་འཁོར་དབུས་གནས་ པར། ། བསྐལ་པའི་མེ་འདྲ་ཞལ་རྣམ་འགྱུར། ། སྔོ་ཞིང་མི་བཟད་ཧཱུྃ་གི་སྒྲས། ། མགུར་ནི་གང་བར་རྣམ་པར་བསྒོམ། ། གྱོ་མོ་ཁྲོད་ཀྱི་སར་བསམ་པའམ། ། དུར་ཁྲོད་སོལ་བ་ཡི་ནི་དབུས། ། འདི་ལ་སོགས་པའི་ས་ཕྱོགས་སུ། ། བསྒྲུབ་བྱ་གནས་པར་མཁས་པས་བསམ། ། རིད་ ཅིང་དྲི་མ་དང་བཅས་པ། །
BOགོས་ཧྲུལ་གྱོན་པར་རྣམ་བསམ་སྟེ། ། ཡན་ལག་ཀུན་དང་མགོ་བོ་དང་། ། སྙིང་ག་དང་ནི་དཔུང་པར་ཡང་། ། སྔགས་ཀྱིས་ཕུག་པར་བསམ་པར་བྱ། ། བསྒྲུབ་བྱའི་ལུས་ལ་གནས་པའི་ལྷ། ། རང་གི་ལུས་ལ་རབ་ཏུ་གཞུག ། ཁྱིམ་སྟོང་ལྟ་བུར་བལྟས་ ནས་ནི། ། ཕྱག་ན་སྣ་ཚོགས་མཚོན་ཆ་ཅན། ། ཁྲོ་བོའི་ཚོགས་ནི་སྤྲོ་བྱས་ལ། ། མཚོན་ཆས་གསོད་པར་རྣམ་བསམ་སྟེ། ། དུམ་བུ་དྲུག་ཏུ་གཏུབས་ནས་ནི། ། ཚིལ་དང་རྐང་དང་ཞག་དང་ཤ། ། ཟ་དང་འཐུང་བར་བྱེད་པ་དང་། ། དེ་བཞིན་དུ་ནི་ཁྲག་ཀྱང་འཐུང་། ། རལ་གྲི་དབྱུག་ཏོ་གཏུན་ཤིང་དང་། ། དགྲ་སྟ་འཁོར་ལོ་ཐོ་བ་ཡིས། ། བསྒྲུབ་བྱ་ལ་ནི་རྡེག་ཅིང་གཏུབ། ། དུམ་བུ་བརྒྱར་ནི་གཤེག་པར་བྱེད། ། ཁྭ་དང་འུག་པ་བྱ་རྒོད་དང་། ། ཅེ་སྤྱང་སྲིན་པོ་མཁའ་འགྲོ་མ། ། དེ་རྣམས་ཁྲོས་པའི་ཡིད་ཀྱིས་ནི། ། ཟ་བ་དང་ནི་འཐུང་བར་བྱེད། ། ཡི་གེ་ ཧཱུྃ་ཕཊ་དང་སྤེལ་བའི། ། སྔགས་དང་དེ་ཡིས་བཟླ་བྱས་ཏེ། ། དཀོན་མཆོག་གསུམ་ལ་གནོད་བྱེད་པའི། ། དགྲ་ཡི་ཚོགས་རྣམས་གསད་པར་བྱ། ། ཨེ་མའོ་གང་ཕྱིར་བསད་པའི་ལས། ། བསད་པར་འགྱུར་ཀྱང་མ་བསད་དེ། ། འཁོར་བའི་རྣམ་པར་རྟོག་པ་ཙམ། ། དེ་བཞིན་ ཉིད་དུ་ཡིད་ཀྱིས་རྟོགས། །
BOདེ་ནས་ཡི་གེ་ཕཊ་སྤེལ་བའི། ། འཁོར་ལོ་གཉིས་ནི་བྲི་བྱས་ཏེ། ། བསྒྲུབ་བྱའི་མིང་ནི་ཡང་དག་བླང་། ། སྔགས་ཀྱིས་སྦྱར་ཏེ་བྲི་བར་བྱ། ། རྟ་དང་མ་ཧེ་མཉམ་ཞོན་པའི། ། བསྒྲུབ་བྱ་བལྟས་ཏེ་ཡང་དག་བྲིས། ། ཐོད་པ་ཁ་སྦྱར་ནང་གཞག་སྟེ། ། སྲད་བུ་སྔོན་ པོས་དཀྲི་བར་བྱ། ། ཁྲོ་བའི་སེམས་ཀྱིས་ཉི་ཕྱེད་དམ། ། མཚན་མོ་དེ་ཡི་ཁྱད་པར་ལ། ། རབ་ཏུ་གཏུམ་པའི་བཞི་མདོ་འམ། ། དུར་ཁྲོད་འཇིགས་པའི་དབུས་སུ་ནི། ། གསང་ནས་བརྐོས་ཏེ་གཞུག་པར་བྱ། ། སྔར་བཤད་ཆོ་ག་བཞིན་དུ་མཆོད། ། རྟ་དང་མ་ཧེ་དག་འཐབས་ པས། ། དེ་ཡི་མོད་ལ་འབྱེད་པར་བྱེད། ། གཉིས་ཀ་ཁྲོ་ཞིང་ཁྲོ་བས་འཇིགས། ། གཡུལ་འགྱེད་པ་ཡི་བདག་ཉིད་ཆེ། ། ཕན་ཚུན་རྩོད་པ་བྱེད་པས་ནི། ། རྣམ་པར་སྡང་འགྱུར་གཞན་དུ་མིན། ། ཡི་གེ་ཧཱུྃ་ཕཊ་རྣམ་སྤེལ་བའི། ། ཆོ་ག་འདི་ཉིད་ཀྱིས་འདིར་བྲི། ། སྔགས་དང་བསྒྲུབ་ བྱ་མཉམ་ལྡན་པས། ། དུར་ཁྲོད་རས་ལ་བྲིས་ནས་ནི། ། ཐོད་པ་ཁ་སྦྱར་ནང་བཞག་སྟེ། ། སྲད་བུ་ནག་པོས་དཀྲིས་ནས་ནི། ། ཧེ་རུ་ཀར་ནི་བསྒོམས་ནས་སུ། ། རོ་བསྲེགས་ས་བརྐོས་སྦ་བར་བྱ། ། མདུན་དུ་ཡྃ་ལས་བྱུང་བའི་རླུང་། ། གཞུ་ཡི་དབྱིབས་ཅན་དབུས་གནས་ཤིང་། །
BOཁ་ དོག་སྔོན་པོ་རྔ་མོ་ཞོན། ། ལྷོ་ཕྱོགས་སུ་ནི་བསྐྱོད་པ་དང་། ། ཁྲོ་བོའི་ཚོགས་ཀྱིས་ཁྲིད་པས་ན། ། ས་སྟེངས་སྨྱོན་པ་བཞིན་དུ་བྱེད། ། ཡི་གེ་ཧཱུྃ་ཕཊ་སྦྱར་བ་ཡི། ། སྔགས་ནི་རྒྱུན་མི་འཆད་པར་བཟླས། ། གང་གི་ཆོ་ག་ཅི་བྱས་པ། ། དེ་ཡི་མོད་ལ་སྐྲོད་པར་འགྱུར། ། སྒྲུབ་པོ་ལྷོར་ བལྟས་ཁྲོས་པ་ཡིས། ། རང་ཁྲག་དུར་ཁྲོད་ཐལ་བ་དང་། ། དུག་དང་ལན་ཚྭ་འབྲུ་མར་ཚེ། ། མྱོས་བྱེད་འདབ་མའི་ཁུ་བ་ནི། ། སྐེ་ཚེ་མཉམ་པར་ཡང་དག་སྦྱར། ། དུར་ཁྲོད་རས་ལ་དེ་བཞིན་དུ། ། འཁོར་ལོ་གཉིས་པོ་ཉིད་རིམ་བཞིན། ། ཆོ་ག་རྫོགས་པར་བྲི་བར་བྱ། ། གསད་པ་གཤིན་ རྗེའི་ལུས་ལ་གནས། ། དབྱེ་བ་རྟ་དང་མ་ཧེ་ལ། ། བསྐྲང་བ་རྔ་མོ་ལ་གནས་པ། ། ཞི་བ་ཟླ་བའི་དཀྱིལ་འཁོར་ལ། ། མི་མོ་རྣམས་ཀྱི་སྙིང་གར་དབང་། ། རྒྱས་པ་གླང་ཆེན་རྒྱབ་ཏུའོ། ། ལྐུགས་པ་ལུག་གི་ལུས་ལ་གནས། ། མནན་པ་རི་རབ་དབུས་ཏེ་དགུག ། ཤ་ར་བྷ་ཡི་སེང་གེར་ གནས། ། འདི་ལྟར་ལས་ནི་བརྟག་པར་བྱ། ། ལས་འདི་དག་དང་བྲལ་བའི་ལས། ། བསྒྲུབས་ཀྱང་དེས་ནི་མི་འགྲུབ་སྟེ། ། བླ་མའི་མན་ངག་མེད་པའི་ལས། ། སྟོང་པ་བཞིན་དུ་འབྲས་མེད་འགྱུར། །
BOའདི་ནི་ལས་རབ་འབྱམ་འབྱུང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ། བཅུ་ པའོ། ། ། ། དེ་ནས་སྔགས་ཀྱི་བཟླས་པ་ཡི། ། མཚན་ཉིད་གསང་བ་བཤད་པར་བྱ། ། རི་བོ་ཚང་ཚིང་རི་སུལ་དང་། ། རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། ། བཞི་མདོ་དང་ནི་འདུན་ཁང་གནས། ། དུར་ཁྲོད་དམ་ནི་ཡིད་དགའ་བ། ། སྔོན་དུ་དཀྱིལ་འཁོར་བྲིས་ ནས་ནི། ། ཕྱི་ནས་ལྷ་ཡི་བདག་ཉིད་ཀྱིས། ། སྔར་བཤད་ཆོ་གས་ཡང་དག་པར། ། སྔོན་དུ་བསྙེན་པ་ལ་སོགས་བྱ། ། རི་འམ་རི་བོའི་གནས་སུ་ནི། ། སྙིང་པོའི་སྔགས་ནི་བཟླ་བར་བྱ། ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཅིག་ཏུ་བཟླས་ནས་ནི། ། བཅུ་ ཆ་ཡི་ནི་སྦྱིན་སྲེག་བྱ། ། འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། ། མྱུར་དུ་འགྲུབ་སྟེ་གཞན་དུ་མིན། ། ཚང་ཚིང་ལྗོན་ཤིང་གཏམས་པར་ནི། ། རྟག་ཏུ་དཀྱིལ་འཁོར་བྲིས་ནས་སུ། ། ཉེ་བའི་སྙིང་པོའི་སྔགས་རྟག་ཏུ། ། རྒྱུན་མི་འཆད་པར་བཟླ་ཞིང་བསྒྲུབ། ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ ཕཊ། ། འབུམ་ཕྲག་གསུམ་དུ་བཟླས་ནས་ནི། ། བཟླས་པའི་བཅུ་ཆའི་སྦྱིན་སྲེག་བྱ། ། ཆར་དབབ་པ་དང་གཏེར་དང་ནི། ། ངག་གི་དངོས་གྲུབ་བསྒྲུབ་པར་བྱ། །
BOརི་སུལ་དྲི་མེད་ཆུར་བཅས་པར། ། དཀྱིལ་འཁོར་དགེ་བ་བྲིས་ནས་ནི། ། རྒྱུན་མི་འཆད་པར་ སྔགས་བཟླས་ཏེ། ། ཞལ་བཞི་པ་ཡི་གསང་སྔགས་བཟླས། ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། གྲཱིཧྞ་གྲཱིཧྞ་ཧཱུྃ་ཧཱུྃ་ཕཊ། གྲཱིཧྞཱ་པ་ཡ་གྲཱིཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨཱ་ན་ཡ་ཧོ་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། རྣལ་འབྱོར་པ་ཡིས་བཞི་འབུམ་བཟླས། ། བཅུ་ཆ་ཡི་ནི་སྦྱིན་སྲེག་བྱ། ། ཞི་དང་རྒྱས་དང་ བཅུད་ཀྱིས་ལེན། ། དེ་བཞིན་སེམས་ཅན་དོན་སྒྲུབ་པའོ། ། རྒྱ་མཚོ་ཆེན་པོའི་འགྲམ་སོང་ནས། ། དཀྱིལ་འཁོར་ཡང་དག་བྲིས་ནས་ནི། ། ལྷ་མོའི་སྔགས་ནི་ཁྱད་པར་དུ། ། འབུམ་ཕྲག་གསུམ་ནི་བཟླས་ནས་སུ། ། ཇི་སྐད་གསུངས་བཞིན་ཆོ་ག་ནི། ། རྫོགས་པས་བཅུ་ཆའི་ སྦྱིན་སྲེག་བྱ། ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འཇིག་རྟེན་དངོས་གྲུབ་ཐམས་ཅད་དང་། ། དེ་བཞིན་མཁའ་སྤྱོད་དངོས་གྲུབ་བོ། ། དུར་ཁྲོད་དུ་ནི་སྔར་བཤད་པའི། ། ཆོ་གའི་རིམ་པས་དཀྱིལ་འཁོར་བྲི། ། ཡི་གེ་བདུན་པའི་གསང་སྔགས་ནི། ། འབུམ་ཕྲག་གསུམ་དུ་ བཟླས་ལ་བསྒྲུབ། ། བཅུ་ཆའི་སྦྱིན་སྲེག་བྱས་ནས་ལས། ། རྣམ་པར་ངེས་པས་བསྒྲུབ་པར་བྱ། ། དབྱེ་བ་དང་ནི་བསྐྲད་པའི་ལས། །
BOཁྱད་པར་དུ་ནི་བསད་པའི་ལས། ། རྡོ་རྗེ་སེམས་དཔས་གང་གསུངས་བཞིན། ། བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། ། བཞི་མདོར་དཀྱིལ་ འཁོར་བྲིས་ནས་ནི། ། མནན་པའི་ཆོ་ག་བསྒྲུབ་པར་བྱ། ། མཁའ་འགྲོ་མ་ཡི་གསང་སྔགས་ནི། ། ཁྲི་བཟླས་པས་ནི་འགྲུབ་པར་འགྱུར། ། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། བཅུ་ཆའི་སྦྱིན་སྲེག་བསྒྲུབ་ན་ནི། ། འབྱུང་པོ་རོ་ལངས་འགྲུབ་པར་འགྱུར། ། གཙུག་ལག་ཁང་ངམ་འདུན་ ཁང་དུ། ། དཀྱིལ་འཁོར་མཆོག་ནི་བྲི་བར་བྱ། ། ལཱ་མའི་སྔགས་ནི་ངེས་པར་ཡང་། ། འབུམ་ཕྲག་གཅིག་ཏུ་བཟླས་ནས་ནི། ། ལྷ་མོ་བཅུ་ཆའི་སྦྱིན་སྲེག་བྱ། ། ཨོཾ་ལཱ་མེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མིག་སྨན་དང་ནི་རྐང་མགྱོགས་དང་། ། དེ་བཞིན་དབང་དུ་བྱེད་པ་ནི། ། འགྲུབ་པར་ འདིར་ནི་ཐེ་ཚོམ་མེད། ། དབེན་ཞིང་ཉམས་དགའི་གནས་སུ་ནི། ། རྟག་ཏུ་དཀྱིལ་འཁོར་བྲི་བྱས་ལ། ། ཁཎྜ་རོ་ཧཱ་ལ་སོགས་སྔགས། ། ཆོ་ག་སྔོན་བཞིན་བསྒྲུབ་པར་བྱ། ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཉིས་ནི་བཟླས་ནས་ཀྱང་། ། བཅུ་ཆ་ཡི་ནི་སྦྱིན་སྲེག་ བྱ། ། རྒྱུན་མི་འཆད་པར་སྔགས་བཟླས་ཏེ། ། གནོད་སྦྱིན་གནོད་སྦྱིན་མོ་རྣམས་བསྒྲུབ། །
BOགཟུགས་ཅན་མ་ཡི་གསང་སྔགས་ནི། ། ངེས་པར་འབུམ་ཕྲག་བཞི་བཟླས་ནས། ། ལྷ་མོ་བཅུ་ཆའི་སྦྱིན་སྲེག་བྱ། ། འགྲུབ་པར་འགྱུར་བར་ཐེ་ཚོམ་མེད། ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མེ་ཏོག་དང་ནི་སྤོས་དང་དྲི། ། ལྷ་བཤོས་གཏོར་མ་དེ་བཞིན་ཏེ། ། བཟའ་དང་བཏུང་བས་ཁྱད་པར་དུ། ། དཀྱིལ་འཁོར་མཆོག་ནི་མཆོད་བྱ་ཞིང་། ། གླུ་དང་གར་གྱི་ཁྱད་པར་གྱིས། ། ཕྱག་རྒྱ་སྔགས་ནི་བསྒྲགས་པར་བྱ། ། ཡིད་འོང་དམ་ཚིག་རྙེད་ནས་ནི། ། ཕྱོགས་སུ་བཞག་ ནས་བསྒྲུབ་བྱ་སྟེ། ། ལས་ནི་གང་གིས་ཁྱད་པར་གྱིས། ། དེ་ཡི་རིགས་སོགས་བརྟག་པར་བྱ། ། ལྷ་ཡི་རྣམ་པ་ལ་གནས་ཏེ། ། ཆོ་ག་ཇི་བཞིན་བཟླས་ཞིང་མཆོད། ། དུས་གང་ཚེ་ན་མི་སྨྲ་ཞིང་། ། དེར་ནི་སྔོན་དུ་བསྙེན་པ་བྱ། ། མྱོས་བྱེད་གཏོར་མར་མཉམ་ལྡན་པས། ། སྔགས་ཀྱི་ནུས་པ་བསྒྲུབ་བྱ་སྟེ། ། བརྒྱ་དང་སྟོང་དང་འབུམ་གྱི་བར། ། དེར་ནི་གྲངས་ཉིད་མཚོན་པར་བྱ། ། གྲངས་མེད་སྔགས་ནི་བཟླས་པ་ཡིས། ། བླ་ན་མེད་པའི་དགེ་བ་འབྱུང་། ། དེ་དག་ངེས་པར་སྦྱོར་བ་ཡིས། ། བསྒྲུབས་ན་དངོས་གྲུབ་འཐོབ་པར་འགྱུར། ། འདི་ནི་སྔགས་ ཀྱི་བཟླས་པའི་ངེས་པ་བསྟན་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ། ། །
BO། ཡང་དག་ཆོ་ག་གང་གིས་འདིར། ། འགྲུབ་པར་ཐེ་ཚོམ་མེད་པ་ཡི། ། བཟླས་པའི་ཕྲེང་བའི་མཚན་ཉིད་ནི། ། གནོད་སྦྱིན་བདག་པོ་ལེགས་པར་ཉོན། ། གསེར་དང་དངུལ་དང་ཟངས་ མ་དང་། ། དེ་བཞིན་ཤེལ་དང་དུང་ལ་སོགས། ། ཞི་དང་རྒྱས་པ་དག་ལ་སྦྱར། ། ཞི་ལ་རིལ་བུ་བརྒྱ་པ་སྟེ། ། རིལ་བུ་བརྒྱ་རྩ་བརྒྱད་པ་ནི། ། རྒྱས་པའི་ལས་ལ་རབ་བསྔགས་ཏེ། ། མཁས་པས་རྒྱལ་སྲིད་ཆེད་དམ་དཔལ། ། བདེ་སྤྲོ་ཕུན་སུམ་ཚོགས་ཕྱིར་བཟླས། ། དབང་དང་ དགུག་པའི་རབ་སྦྱོར་ལ། ། གུར་གུམ་ལ་སོགས་དྲིའི་རིལ་བུ། ། བྱི་རུ་ཙནྡན་དམར་པོའི་འབྲུ། ། རྟག་ཏུ་རིལ་བུ་ལྔ་བཅུའོ། ། རུ་དྲཱཀྵ་དང་ལུང་ཏང་འབྲས། ། དེ་བཞིན་མི་རུས་རྔ་མོ་དང་། ། བོང་བུ་མ་ཧེའི་རུས་པ་ནི། ། དྲག་སྤྱོད་ལྐུགས་དང་གནོན་པ་དང་། ། དབྱེ་བས་དགྲ་ནི་ཚར་གཅད་དང་། ། གསད་དང་བསྐྲད་ལ་སྦྱར་བྱ་སྟེ། ། ལས་ཀྱི་ཁྱད་པར་ཇི་ལྟ་བར། ། བཟླས་པའི་ཕྲེང་བའང་བྱ་བ་ཡིན། ། བོང་བུ་རྔ་མོའི་སྤུ་དང་ནི། ། ཁྭ་ཡི་སྒྲོར་ནི་བསྲེ་བྱས་ལ། ། མནན་དང་བསྐྲད་པའི་ལས་ལ་ནི། ། དེ་ཡི་སྲད་བུས་བརྒྱུ་བར་བྱ། ། རྟ་དང་ མ་ཧེའི་སྤུ་ཡིས་ནི། ། རྣམ་པར་སྡང་ལ་སྲད་བུ་བྱ། ། དུར་ཁྲོད་སྐྲ་ཡི་སྲད་བུ་དང་། །
BOཁྱི་ཡི་སྤུ་ནི་བསྲེ་བྱ་སྟེ། ། དེ་ཡི་སྲད་བུ་དྲག་པོ་ཡི། ། ལས་ལ་བསྔགས་ཕྱིར་སྦྱར་བར་བྱ། ། དགེ་བའི་ལས་ལ་གཞོན་ནུ་མས། ། བཀལ་བའི་སྲད་བུས་བརྒྱུ་བར་བྱ། ། ཞི་བ་ལ་ནི་མཛུབ་ལ་ གཞག ། རྒྱས་པ་རྟག་ཏུ་གུང་མོ་ཡིས། ། མིང་མེད་ཀྱིས་ནི་དབང་ཞེས་གསུངས། ། ཐ་མ་ཡིས་ནི་མངོན་སྤྱོད་ཡིན། ། མཐེ་བོ་ལྷ་ཡི་རང་བཞིན་གྱིས། ། ལས་ཀུན་ལས་ནི་སྦྱར་བར་བྱ། ། རིལ་བུ་དགྲ་བཅོམ་མདོ་འཛིན་ནི། ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། ། བཟླས་པའི་ཕྲེང་ བའི་ཁྱད་པར་གྱིས། ། མཉམ་གཞག་བསྒོམ་ཞིང་བཟླས་པར་བྱ། ། རྫོགས་ལྡན་དུས་སུ་གཅིག་བཟླས་པ། ། གསུམ་ལྡན་དུས་སུ་ཉིས་འགྱུར་བཟླས། ། གཉིས་ལྡན་དུས་ན་སུམ་འགྱུར་བཤད། ། རྩོད་དུས་བཞི་འགྱུར་དུ་ནི་བཟླ། ། སྔགས་ཀྱི་གྲངས་ནི་བཞི་པོ་ཡིས། ། རྒྱུན་ མི་འཆད་པར་གསང་སྔགས་བཟླས། ། བཟླས་པའི་ཕྲེང་བ་སོགས་བསྡུས་པ། ། འདི་ནི་ངག་གི་བཟླས་པ་སྟེ། ། ལྷ་ཡི་གཟུགས་སུ་དམིགས་པ་ཡིས། ། སྤྲོ་དང་བསྡུ་བའི་བདག་ཉིད་ཅན། ། སྔགས་ཀྱི་དེ་ཉིད་བརྡ་ཡིས་ནི། ། འགྲོ་དང་འོང་བ་ཡང་དག་བསམ། ། མཐའ་གསུམ་ ལས་ནི་རྣམ་གྲོལ་བ། ། དོན་དམ་དེ་བཞིན་ཉིད་ཀྱི་དོན། །
BOའདི་རྣམས་སྔགས་ཀྱི་བཟླས་པ་ཡི། ། ཆོ་གའི་མཚན་ཉིད་གསུངས་པ་ཡིན། ། འདི་ནི་སྔགས་ཀྱི་བཟླས་པའི་བགྲང་ཕྲེང་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་ གཞན་ཡང་བཤད་བྱ་བ། ། ལྷ་ཡི་དཀྱིལ་འཁོར་འབྱུང་བ་སྟེ། ། གསང་བ་མཆོག་གི་དགྱེས་པ་ཅན། ། དངོས་གྲུབ་ཡོན་ཏན་ཀུན་གྱི་གནས། ། འདོད་པའི་ཡོན་ཏན་ཀུན་ཁྱབ་པའི། ། ས་ཕྱོགས་མཁས་པས་ཡང་དག་བརྟག ། ཁྲག་འཐུང་ཕྱག་གཉིས་སྦྱོར་ལྡན་པས། ། ཕུང་པོ་ལྔ་སོགས་ང་རྒྱལ་བྱ། ། ཞལ་བཞི་པ་ཡི་སྔགས་བརྗོད་པས། ། ཕྱོགས་ནི་བཅིང་ཞིང་ར་བ་སྟེ། ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཤར་དུའོ། ། ཨོཾ་གྲཱིཧྞ་གྲཱིཧྞ་ཧཱུྃ་ཧཱུྃ་ཕཊ། བྱང་བུའོ། ། ཨོཾ་གྲཱིཧྞཱ་པ་ཡ་གྲཱིཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ནུབ་ཏུའོ། ། ཨོཾ་ཨཱ་ན་ཡ་ཧོ་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ལྷོ་རུའོ། ། ཕྱོགས་སུ་སེ་གོལ་བརྡབས་པ་ཡིས། ། གདུག་པའི་བདུད་ནི་བསྐྲད་པར་བྱ། ། སྙིང་གའི་ཆུ་སྐྱེས་ཧཱུྃ་ཡིག་ལས། ། འོད་ཟེར་ཕྲེང་བ་སྤྲོ་བར་བྱ། ། དེ་ཡི་སྣང་བས་མདུན་དུ་ནི། ། བླ་མ་སངས་རྒྱས་སོགས་བལྟས་ལ། ། ཕྱག་བཙལ་མེ་ཏོག་བདུག་སོགས་པས། ། མཆོད་དེ་རྗེས་ལ་སྡིག་པ་བཤགས། །
BOདཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། ། བྱང་ཆུབ་སེམས་ནི་རྣམ་པར་བསྐྱེད། ། གཞན་ལ་ཕན་པའི་སེམས་ནི་བྱམས་པ་སྟེ། ། གཞན་གྱི་སྡུག་བསྔལ་འཇོམས་བྱེད་སྙིང་རྗེ་ཡིན། ། གཞན་གྱི་བདེ་བས་ཚིམ་པ་དགའ་བ་སྟེ། ། སེམས་ཅན་ཀུན་སྙོམས་བཏང་སྙོམས་རྣམ་པར་བསམ། ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦྦ་དྷརྨྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བས། སེམས་ཙམ་ཉིད་ལ་རྣམ་གནས་ཤིང་། ། བྱང་ཆུབ་ཚོགས་ནི་བསྒོམ་པར་བྱ། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྟེན་དང་བརྟེན་པའི་གཟུགས་ སུ་ནི། ། བྷཻ་རམ་བ་ལ་སོགས་པ་བསམ། ། ཡྃ་ལས་བྱུང་བའི་རླུང་དཀྱིལ་འཁོར། ། གཞུ་འདྲ་ཁ་དོག་སྔོན་པོ་སྟེ། ། དེ་ཡི་སྟེང་དུ་རྃ་ལས་ནི། ། མེ་ཡི་དཀྱིལ་འཁོར་གྱི་ནི་གཟུགས། ། ཁ་དོག་དམར་པོ་ཟུར་གསུམ་པ། ། རྡོ་རྗེ་རྩེ་གསུམ་གྱིས་མཚན་པའོ། ། དེ་ཡི་སྟེང་དུ་བྃ་བྱུང་བའི། ། ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་དཀར། ། དེ་ཡི་སྟེང་དུའང་ལྃ་བྱུང་བའི། ། ས་ཡི་དཀྱིལ་འཁོར་ཟུར་བཞི་པ། ། ཁ་དོག་སེར་པོ་གྲྭ་བཞིར་ནི། ། དེ་བཞིན་རྡོ་རྗེ་རྩེ་གསུམ་མཚན། ། དེ་ཡི་སྟེང་དུ་སུྃ་བྱུང་བའི། ། ཟུར་བཞི་པ་ནི་རི་རབ་སྟེ། ། རིན་ཆེན་བཞི་ཡི་བདག་ཉིད་མཛེས།
BO། རྩེ་མོ་བརྒྱད་ ཀྱིས་བརྒྱན་པའོ། ། དེ་ཡི་སྟེང་དུ་ཧཱུྃ་བྱུང་བའི། ། སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམ། ། དེ་ཡི་སྟེང་དུ་པདྨ་ནི། ། ལྟེ་བ་གེ་སར་ལྡན་པར་བསྒོམ། ། དེ་དབུས་ཨཱ་ལི་ཀཱ་ལི་ཡི། ། དག་པའི་སྦྱོར་བ་བསྒོམ་པར་བྱ། ། དེ་ཡི་དབུས་ སུ་ཡི་གེ་ཧཱུྃ། ། རྡོ་རྗེ་སེམས་དཔའི་རང་བཞིན་ལས། ། ཉི་མའི་དཀྱིལ་འཁོར་དབུས་བཞུགས་པའི། ། དཔལ་ཧེ་རུ་ཀ་རྣམ་པར་བསྒོམ། ། དཔའ་བོ་ཞལ་གསུམ་ཕྱག་དྲུག་པ། ། གཡས་བརྐྱང་པ་ཡིས་གདན་ལ་བཞུགས། ། རྩ་བའི་ཞལ་ནི་ནག་པོ་ཆེ། ། གཡས་པ་ཀུནྡ་ལྟ་བུ་སྟེ། ། གཡོན་པ་དམར་པོ་ཆེར་འཇིགས་པའོ། ། རལ་པའི་ཅོད་པན་གྱིས་བརྒྱན་པ། ། འཇིགས་བྱེད་དང་ནི་དུས་མཚན་དག ། མནན་ཞིང་བདེ་བ་ཆེན་པོས་བཞུགས། ། རྡོ་རྗེ་རྣམ་སྣང་མཛད་མས་འཁྱུད། ། ཐུགས་རྗེའི་ཆགས་པས་ཤས་ཆེར་དགྱེས། ། ཕྱག་གཉིས་རྡོ་རྗེ་དྲིལ་ བུ་ནི། ། མཉམ་པར་ལྡན་པས་ཡང་དག་འཁྱུད། ། གཉིས་པའི་ཕྱག་ནི་མཆོག་གཉིས་ཀྱིས། ། གླང་ཆེན་པགས་པ་གོས་སུ་འཛིན། ། གཡས་ཀྱི་གསུམ་པས་ཅང་ཏེའུ་ནི། ། ཆོས་ཀུན་ངོ་བོ་ཉིད་སྒྲ་སྒྲོགས། ། གཡོན་གྱི་ཕྱག་ནི་གསུམ་པ་ཡིས། ། ཁ་ཊྭཱྃ་ག་བརྟེན་ཐོད་ པ་བསྣམས། །
BOཐོད་པའི་ཕྲེང་བས་ཐོད་དུ་མཛད། ། ཟླ་བ་ཕྱེད་པས་རྣམ་པར་བརྒྱན། ། དབུ་ལ་སྣ་ཚོགས་རྡོ་རྗེས་མཚན། ། རིགས་ཀྱི་བདག་པོས་ཅོད་པན་མཛད། ། ཞལ་ནི་རྣམ་འགྱུར་ཆེར་འཇིགས་པ། ། སྒེག་པའི་ཉམས་དང་ལྡན་པའོ། ། སྟག་གི་པགས་པའི་ན་བཟའ་ ཅན། ། མི་མགོ་ཉི་ཤུའི་ཕྱེད་ཀྱིས་བརྒྱན། ། ལྷ་ནི་ཕྱག་རྒྱ་ལྔ་འཆང་ཞིང་། ། གར་གྱི་ཉམས་ནི་དགུ་དང་ལྡན། ། དེ་ལ་འཁྱུད་པའི་བཅོམ་ལྡན་མ། ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ། གཅེར་བུ་བནྡྷུ་ཀ་ཡི་མདོག ། དུམ་བུས་བརྒྱན་པའི་སྐུ་རགས་ཅན། ། སྐྲ་གྲོལ་བ་ དང་རྣམ་པར་གཙིགས། ། ཁྲག་ལ་དགྱེས་ཤིང་འཛག་པའོ། ། ཕྱག་གཡོན་འཁྱུད་པས་གདུག་པ་ཡི། ། བདུད་སོགས་ཁྲག་ཅན་ཐོད་པ་འཛིན། ། གཡས་པ་སྡིགས་མཛུབ་རྡོ་རྗེ་ཅན། ། བསྐལ་པའི་མེ་འདྲའི་སྐུ་ཆེན་མ། ། བྱིན་པ་གཉིས་ནི་མཉམ་འཁྱུད་ཅིང་། ། རྟག་ཏུ་བདེ་བ་ ཆེར་དགྱེས་པའོ། ། མཁའ་འགྲོ་དེ་བཞིན་ལཱ་མ་དང་། ། ཁཎྜ་རོ་ཧཱ་གཟུགས་ཅན་མ། ། དངོས་གྲུབ་ཀུན་གྱི་བདེ་འབྱུང་བ། ། པདྨའི་ཕྱོགས་ཀྱི་གནས་སུ་དགོད། ། གནག་དང་ལྗང་དང་དམར་བ་དང་། ། སེར་སྐྱའི་མདོག་ཅན་སྤྱན་གསུམ་མ། ། ཞལ་གཅིག་ཕྱག་ནི་གཉིས་ མ་སྟེ། ། ཁ་ཊྭཱྃ་ཐོད་པའི་ཕྱག་ལྡན་མ། །
BOགཡས་པས་རྡོ་རྗེ་གྲི་གུག་སྟེ། ། གཅེར་བུ་གཡས་བརྐྱང་བ་ཡི་ཞབས། ། སྐྲ་གྲོལ་མཆེ་བ་གཙིགས་པའི་ཞལ། ། ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། ། མཚམས་ཀྱི་འདབ་མ་བཞི་ལ་ནི། ། བྱང་ཆུབ་སེམས་ལ་སོགས་པའི་སྣོད། ། བདུད་རྩི་ལྔ་དང་ལྡན་པ་དང་། ། གླུ་དང་གར་གྱི་དགའ་བདེས་མཆོད། ། སྒོ་བཞིར་ལྷ་ཚོགས་གནས་པ་སྟེ། ། རྟག་ཏུ་ལྷ་རྣམས་བསྒོམ་པར་བྱ། ། ཤར་གྱི་སྒོར་ནི་ཁྭ་གདོང་མ། ། ཕྱག་གཉིས་སྔོན་མོར་བསྒོམ་པར་བྱ། ། བྱང་གི་སྒོར་ནི་འུག་གདོང་མ། ། ལྗང་གུ་སྐྲ་ནི་གྲོལ་ བའོ། ། དེ་བཞིན་ཁྱི་གདོང་མ་ནི་དམར། ། ནུབ་ཀྱི་སྒོར་ནི་ཡང་དག་གནས། ། ཕག་གདོང་མ་ནི་སེར་མོ་སྟེ། ། ལྷོ་སྒོར་{ཡི་དགས་,ཡི་དྭགས་}གདན་ལ་གནས། ། མེ་དང་དེ་བཞིན་བདེན་བྲལ་དང་། ། རླུང་དང་དབང་ལྡན་མཚམས་སུ་ནི། ། གཤིན་རྗེ་བརྟན་མ་ཕོ་ཉ་མོ། ། གཤིན་རྗེ་ མཆེ་བ་འཇོམས་མ་སྟེ། ། དེ་བཞིན་ཟུར་གནས་ལྷ་མོ་ནི། ། ཡིད་འཕྲོག་གཟུགས་ནི་གཉིས་མ་སྟེ། ། {ཡི་དགས་,ཡི་དྭགས་}ལ་གནས་དྲག་མོ་ཆེ། ། ཕྱག་རྒྱ་ལྔས་ནི་རྣམ་བརྒྱན་པའོ། ། གཡོན་ན་ཐོད་པ་ཁ་ཊྭཱྃ་ག ། གཡས་ན་རྡོ་རྗེ་གྲི་གུག་སྟེ། ། རྣལ་འབྱོར་མ་ནི་དེ་རྣམས་ཀུན། །
BOདངོས་ གྲུབ་ཐམས་ཅད་རབ་སྩོལ་བའོ། ། དེ་ནས་གོ་ཆ་གཉིས་ཤེས་ནས། ། ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། ། སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། ། དམ་ཚིག་འཁོར་ལོར་མཉམ་པར་གཞུག ། དེ་ནས་གོ་ཆ་གཉིས་བཤད་པར་བྱ་སྟེ། ཨོཾ་ཧ་སྙིང་གར་རོ། ། ན་མཿཧི་མགོ་བོ་ལའོ། ། སྭཱ་ཧཱ་ཧུ་སྤྱི་གཙུག་ཏུའོ། ། བཽ་ཥཊ་ཧེ་ཕྲག་པ་གཉིས་ལའོ། ། ཧཱུྃ་ཧཱུྃ་ཧོཿམིག་གཉིས་ལའོ། ། ཕཊ་ཧྃ་ཡན་ལག་ཐམས་ཅད་ལ་སྟེ་མཚོན་ཆའོ། ། དང་པོ་རྡོ་རྗེ་སེམས་དཔའ་སྟེ། ། གཉིས་པ་རྣམ་པར་སྣང་མཛད་བཞུགས། ། གསུམ་པ་པདྨ་གར་དབང་སྟེ། ། དཔལ་ཧེ་རུ་ཀ་བཞི་པར་ གྲགས། ། ལྔ་པ་རྡོ་རྗེ་ཉི་མ་ཡིན། ། དྲུག་པ་དེ་བཞིན་རྟ་མཆོག་སྟེ། ། གོ་ཆ་དྲུག་པོ་རྣམས་ཀྱིས་བསྲུངས། ། ཨོཾ་བྃ་ནི་རྡོ་རྗེ་རྣམ་སྣང་མཛད་མའོ། ། ཨོཾ་ཧཾ་ཡྃ་ནི་གཤིན་རྗེ་མའོ། ། ཨོཾ་མྃ་ནི་རྨོངས་བྱེད་མའོ། ། ཨོཾ་ཧྲིཾ་ནི་སྐྱོད་བྱེད་མའོ། ། ཨོཾ་ཧཱུྃ་ཧཱུྃ་ནི་སྐྲག་ བྱེད་མའོ། ། ཕཊ་ཕཊ་ནི་གཏུམ་མོ་ལུས་ཐམས་ཅད་ལ་མཚོན་ཆའོ། ། ལྟེ་བ་དང་སྙིང་ག་དང་དེ་བཞིན་དུ་ཁ་དང་མགོ་བོ་དང་། སྤྱི་གཙུག་ལ་དེ་བཞིན་དུ་ནི་མཚོན་ཆ་ཡིན་ནོ། ། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷརྨཱ་ཡོ་ག་ཤུད་དྷོ྅ཧཾ།
BOལག་པ་གཡས་དང་གཡོན་པ་སྙིང་གར་བཞག་སྟེ། པདྨ་རྒྱས་པའི་གར་བྱའོ། ། སྙིང་པོའི་ཕྱག་རྒྱ་ལ་སོགས་ལྷ། ། བསྐོར་བ་མཁའ་འགྲོ་དྲ་བའི་སྡོམ། ། རྣལ་འབྱོར་འདི་ནི་གཙོ་བོ་མཆོག ། ལྷ་ཡི་རྣལ་འབྱོར་རྣམ་པར་བསྒོམ། ། ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། ། བདེ་ཆེན་འཁོར་ལོ་སྦྱར་བར་བྱ། ། ཉི་ཤུ་རྩ་བཞིའི་ རྩ་རྣམས་ནི། ། ལུས་ཀུན་དག་པར་བྱེད་པ་སྟེ། ། གནས་ནི་ཉི་ཤུ་རྩ་བཞི་ཡིས། ། ལུས་ནི་སྡུད་ཅིང་འཛིན་པ་ཡིན། ། ལུས་འདི་དཔའ་བོའི་རང་བཞིན་ཏེ། ། འདི་དེ་སངས་རྒྱས་ཀུན་མཚུངས་པའོ། ། གཉིས་མེད་རྣམ་པའི་རྣལ་འབྱོར་གྱིས། ། བསམ་མི་ཁྱབ་པའི་གོ་འཕང་ བསྟན། ། རྗེས་མཐུན་རྣལ་འབྱོར་སེམས་ཀྱིས་ནི། ། གོ་འཕང་མཆོག་ནི་བསྒོམ་པར་བྱ། ། འདི་ནི་དཔལ་ཧེ་རུ་ཀའི་བསྐྱེད་པའི་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ། ། ། ། དེ་ནས་རྡོ་རྗེ་རྣལ་འབྱོར་མ། ། མཆོད་པ་ཡང་དག་རབ་བཤད་བྱ། ། གནས་ སོགས་བགྲོད་པར་མི་ནུས་ན། ། ཕྱི་ཡི་རྣལ་འབྱོར་མ་མཆོད་བྱ། ། རང་གི་ཁྱིམ་དུ་རྣལ་འབྱོར་མ། ། མཆོད་དེ་སྔོན་དུ་བསྙེན་སོགས་བྱ། ། སྔོན་དུ་བསྙེན་པ་མེད་པ་ལས། ། དེ་ཡི་དོན་མེད་ཡོངས་སུ་ངལ། ། མར་ངོ་ཡི་ནི་ཚེས་བཅུ་འམ། །
BOཡར་ངོའི་ཡང་ནི་དེ་བཞིན་ཏེ། ། ཁྲུས་ དང་གཙང་སྦྲ་སོགས་ལྡན་པས། ། དད་པའི་སེམས་ཀྱིས་སྤྱན་དྲངས་ཏེ། ། རང་གི་ཁྱིམ་དུ་ཤར་བལྟས་པར། ། ཡང་དག་གནས་པས་ལྷ་མོ་མཆོད། ། གུར་གུམ་མིག་སྨན་དེ་བཞིན་དུ། ། ལི་ཁྲི་ཡིས་ནི་མགོ་ལ་བྱུག ། རྐང་པ་ལག་པ་གདོང་དེ་བཞིན། ། བྱུག་པས་བྱུགས་ ཤིང་མཆོད་པར་བྱ། ། མགོ་ལ་མེ་ཏོག་ཕྲེང་བ་དཔྱངས། ། དྲི་ཞིམ་པ་ཡི་བདུག་པས་བདུག ། གཅིག་དང་གསུམ་དང་བཞི་དང་ལྔ། ། ཁྱད་པར་དུ་ནི་བདུན་དང་དགུ། ། ཇི་སྲིད་ཉི་ཤུ་རྩ་བཞིའི་བར། ། ཡོན་བདག་ངེས་པར་དང་བ་ཡིས། ། བཟའ་དང་མྱོས་བྱེད་བཏུང་བ་དང་། ། ཉ་དང་ཤ་ལ་སོགས་ལྡན་པས། ། ཕྱག་རྒྱ་བྱིན་གྱིས་བརླབས་ནས་མཆོད། ། དཔའ་བོས་བརྡ་ནི་བསྟན་པར་བྱ། ། རྡོ་རྗེ་རྣམ་སྣང་མཛད་པའི་ཚོགས། ། ལྷ་ཡི་བདག་ཉིད་རྟག་ཏུ་མཆོད། ། གཏོར་མའི་བྱ་བ་སྔོན་འགྲོ་བས། ། མར་མེ་ལྔ་དང་བཟའ་བ་དབུལ། ། གླུ་དང་བསྟོད་ པར་རབ་ལྡན་པས། ། རྡོ་རྗེ་རྣལ་འབྱོར་མ་རྣམས་མཆོད། ། འདིར་ནི་བརྩོན་པས་རྡོ་རྗེ་ལྷ་མོ་རྣམས། ། མྱོས་བྱེད་ཤ་ཡིས་རབ་ཏུ་མཆོད་བྱས་ཏེ། ། དཔལ་ལྡན་རྡོ་རྗེ་ཐེག་པར་མོས་འགྱུར་དེའི། ། དད་པས་སྟོན་མོས་དེ་རྣམས་མཆོད་བྱས་ན། །
BOཐུགས་ནི་མཉེས་པས་ མཆོག་ནི་སྩོལ་འགྱུར་ཏེ། ། གང་ཕྱིར་མཆོག་ནི་དེ་ཡི་ལག་ན་གནས། ། རྣལ་འབྱོར་མ་ནི་མཆོད་ནས་སུ། ། ཞི་རྒྱས་མཚན་མ་བརྟག་བྱ་སྟེ། ། གཞོན་ནུ་མ་མཆོད་སྐད་ཅིག་ལ། ། དགེ་དང་མི་དགེའི་ལས་འབྲས་བརྟག ། གང་ཞིག་ལག་གཉིས་ཉེད་པ་ན། ། ཡིད་ནི་མཉེས་ པར་མ་གྱུར་ནས། ། དེས་ན་ནད་རྣམས་འཕེལ་བ་དང་། ། སྡུག་བསྔལ་འཐོབ་པ་ཉིད་དུ་འགྱུར། ། མཆོད་བྱས་དེ་ཡི་སྐད་ཅིག་ལ། ། གད་མོའི་སྒྲ་ནི་ཕྱུང་གྱུར་ན། ། ནད་མེད་པ་ནི་མི་འགྲུབ་ཅིང་། ། འཆི་བ་ཉིད་དུ་ཐེ་ཚོམ་མེད། ། མཆོད་པའི་མོད་ལ་དུ་བྱེད་ཅིང་། ། མིག་ གཉིས་ཉེད་པར་བྱེད་ན་ནི། ། སྐད་ཅིག་ལ་ནི་འཆི་ཞེས་བརྗོད། ། སྒྲུབ་པོས་རྟག་ཏུ་མཆོད་བྱས་པས། ། སོ་སོ་སོ་སོར་ཟུང་རེར་ནི། ། ཕན་ཚུན་གདོང་ནི་ཕྱོགས་གྱུར་ན། ། ཐམས་ཅད་དུ་ནི་རྩོད་འགྱུར་བར། ། གཞོན་ནུ་མས་ནི་རྟག་ཏུ་སྟོན། ། རྣལ་འབྱོར་མ་ནི་རྒྱབ་ ཕྱོགས་ལྟ། ། སོ་ཡིས་སེན་མོ་འཆའ་བྱེད་ན། ། ཤ་ཡི་བཟའ་བས་མ་ཚིམ་སྟེ། ། སླར་ཡང་ལས་ནི་དགོས་པར་འགྱུར། ། བཟའ་དང་བཏུང་བ་ཐམས་ཅད་ཀྱི། ། སྟོན་མོས་མཉེས་པར་མ་གྱུར་ན། ། མཚོན་ལ་སོགས་པ་བློ་བུར་བའི། ། ནད་ནི་འཕྲལ་དུ་སྐྱེ་བར་ འགྱུར། །
BOའདི་ལྟར་གླུ་དང་རོལ་མོ་བྱེད། ། ཡང་དང་ཡང་དུ་དགོད་པ་ན། ། རྒྱལ་པོ་ཆོམ་རྐུན་འཇིགས་པ་དག ། གཞོན་ནུ་དེ་སྟོན་མཁས་པས་བརྟག ། མྱོས་བྱེད་འཐུངས་ནས་ཡང་དང་ཡང་། ། རྣམ་པ་དུ་མས་གར་བྱེད་ན། ། དེ་རྣམས་ལ་ནི་ནད་ ཆེན་འབྱུང་། ། མཆོད་པའི་དུས་སུ་བརྟག་པར་བྱ། ། སྟོན་མོའི་བཟའ་བ་ཐམས་ཅད་ནི། ། དོར་ནས་ཕྱོགས་སུ་ལྟ་བྱེད་ན། ། སྤྱོད་པ་ཉམས་པར་བྱས་པའི་སྐྱོན། ། ལྷ་རྣམས་བདག་ལ་འཁྲུགས་པའོ། ། ཕན་ཚུན་གཏམ་ལ་འཇུག་པ་དང་། ། གལ་ཏེ་ཕན་ཚུན་རྒོད་བྱེད་ ན། ། གཙོ་བོའི་ཆོ་ག་ཉམས་པར་ནི། ། གཞོན་ནུ་དེ་བསྟན་ཤེས་པར་བྱ། ། ཟོས་མ་ཐག་ཏུ་སྐྱུག་བྱེད་ན། ། སྨྱོ་བའི་ནད་ནི་འབྱུང་བར་སྟོན། ། མཛེས་མ་གལ་ཏེ་འགྲོ་བའི་ཚེ། ། རྒྱབ་ཀྱི་ཕྱོགས་སུ་ལྟ་བྱེད་ན། ། སླར་ཡང་ལས་ནི་དགོས་པ་དང་། ། ཡུན་རིང་ཞིག་ན་ནད་བྱུང་སྟོན། ། ས་ལ་རྐང་པས་ཉེད་པ་ན། ། གནས་ནི་འཕོ་བའི་དོན་དུ་འགྱུར། ། མཆོད་དུས་བབས་པར་གྱུར་ན་ནི། ། ཕན་ཚུན་གཡུལ་ནི་འགྱེད་པར་སྟོན། ། རྣམ་འགྱུར་འདི་དག་བྲལ་བས་ནི། ། མཆོད་པ་འགྲུབ་པར་མཚོན་པར་བྱ། ། དེ་བས་བརྩོན་པས་མཆོད་ནས་ནི། ། སྒྲུབ་པོས་རྟག་ཏུ་བརྟག་ པར་བྱ། །
BOརྡོ་རྗེ་རྣལ་འབྱོར་མ་རྣམས་མཆོད། ། འདོད་པའི་འབྲས་བུ་ཀུན་རབ་སྟེར། ། འདི་ནི་རྡོ་རྗེ་རྣལ་འབྱོར་མ། ། མཆོད་པའི་ཆོ་ག་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་དེ་ཕྱིར་སྣོད་ཀྱི་ནི། ། མཚན་ཉིད་མཆོག་ནི་ཡང་དག་བཤད། ། འཇིམ་པའམ་དེ་བཞིན་རུས་སྦལ་སྣོད། ། འཁར་བའམ་ཟངས་སམ་ལྕགས་ལས་བྱས། ། གསེར་རམ་དངུལ་ལས་བྱས་པའམ། ། དུང་ངམ་དེ་བཞིན་ཉ་ཕྱིས་ཏེ། ། བལ་པོ་སེའུ་ཡི་འབྲས་བུ་མཆོག ། དེ་བཞིན་གཞན་ཡང་གསར་བྱུང་བ། ། རྭ་ལས་བྱུང་དང་ཤིང་སྣོད་སོགས། ། གཞན་ཡང་རྡོ་སྣོད་ཁྱད་པར་རོ། ། དུམ་བུ་གཅིག་དང་དུམ་བུ་གཉིས། ། དེ་བཞིན་གསུམ་དང་བཞི་དང་ལྔ། ། དུམ་བུ་དྲུག་དང་དུམ་བུ་བདུན། ། དུམ་བུ་བརྒྱད་པར་རབ་ཏུ་གྲགས། ། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་སམ། ། དམངས་རིགས་བུད་མེད་རིགས་མཐར་སྐྱེས། ། དཀར་དང་དམར་དང་ལྗང་སྐྱ་དང་། ། སེར་དང་དེ་བཞིན་སེར་སྐྱ་སྟེ། ། ཐལ་བའི་མདོག་དང་མདོག་ངན་དང་། ། སྣ་ཚོགས་མདོག་ཏུ་རབ་ཏུ་གྲགས། ། ལྷག་པ་དམན་དང་ཐ་མ་སྟེ། ། དེ་བཞིན་དབྱིབས་ནི་སྣ་ཚོགས་དབྱེ། ། གཤོངས་གཉིས་གླང་པོའི་རྒྱབ་ལྟ་བུ། ། དེ་བཞིན་ རྡོ་རྗེའམ་ཁྭ་ཡི་རྐང་། །
BOསོ་ནི་ལྗང་དང་སེར་བའམ། ། ལྟོ་བའམ་སྲིན་བུས་ཟོས་དེ་བཞིན། ། འདི་ཀུན་རྣམ་པར་བལྟས་ནས་ནི། ། དེ་ལ་ཡོངས་སུ་བརྟག་པར་བྱ། ། ས་གཞི་མཉམ་པའི་ཡུལ་རྣམས་སམ། ། ཐང་ངམ་བྱེ་མའི་གཤོངས་དག་ཏུ། ། སྔགས་པས་དེར་ནི་བསྒྲུབས་ བྱས་ལ། ། དེ་ཡི་ལྷུང་བ་བརྟག་པར་བྱ། ། ལྷོར་བལྟས་བྲམ་ཟེ་འཇིགས་པར་འགྱུར། ། བདེན་བྲལ་ལྷུང་བས་བ་ལང་དང་། ། རིགས་མེད་པ་དང་རིགས་ངན་འཇིགས། ། རླུང་བལྟས་སྔགས་ནི་འཇིགས་པ་སྟེ། ། བྱང་དུ་བལྟས་ན་ཕྱུག་པོར་འགྱུར། ། དབང་ལྡན་སྔགས་ ཀྱི་དངོས་གྲུབ་སྟེ། ། བརྟུལ་ཞུགས་རྒྱུན་ནི་ཉམས་པ་མེད། ། མེར་བལྟས་ཉེ་བར་འཕྲོག་པ་སྟེ། ། དེ་བཞིན་འོག་བལྟས་ཆོམ་རྐུན་མའོ། ། སྟེང་བལྟས་གནས་པས་བུད་མེད་འཇོམས། ། ལོགས་སུ་ལྷུང་བས་གཏུམ་མོ་སྟེ། ། སྣོད་ཀྱི་མཚན་ཉིད་རྣམ་ཤེས་བྱ། ། དུམ་བུ་ གཅིག་པ་གནས་ལ་དབང་། ། དུམ་བུ་གཉིས་པ་དཀྱིལ་འཁོར་དབང་། ། དུམ་གསུམ་སྒྲུབ་པོའི་དངོས་གྲུབ་འགྱུར། ། དུམ་བུ་བཞི་པས་སྔགས་དངོས་གྲུབ། ། ལྔ་པ་ཡིས་ནི་ཞི་དང་རྒྱས། ། དུམ་དྲུག་སློང་མོ་རྙེད་པར་ཤེས། ། དུམ་བུ་བདུན་པས་དབང་དུ་བྱེད། ། དངོས་གྲུབ་ སྒྲུབ་པ་འབྲས་མེད་ཕྱིར། །
BOདེ་བཞིན་དུམ་བུ་བརྒྱད་པ་སྤང་། ། བུ་ག་གཅིག་པ་བྲམ་ཟེར་འགྱུར། ། བུ་ག་གཉིས་པ་རྒྱལ་རིགས་འགྱུར། ། བུ་ག་གསུམ་པ་རྗེའུ་རིགས་ཤེས། ། བུ་ག་བཞི་པ་དམངས་རིགས་རྣམས། ། བུ་ག་མང་པོའམ་བུ་ག་མེད། ། མཁས་པ་ཡིས་ནི་སྤང་བར་ བྱ། ། བུད་མེད་ཐོད་པའང་མི་གཟུང་སྟེ། ། ཁྱད་པར་དུ་ནི་མདོག་ཉམས་དང་། ། སོ་མེད་པའམ་སོ་ཉམས་པ། ། དགེ་བ་འདོད་པས་བཅང་མི་བྱ། ། སོ་ལྗང་བས་ནི་སྡུག་བསྔལ་མང་། ། ཁྭ་ཡི་རྐང་འདྲེས་རྩོད་པར་འགྱུར། ། གཤོང་བུ་གཉིས་པས་རྒུད་པར་འགྱུར། ། དེ་བཞིན་ གླང་པོའི་རྒྱབ་ཀྱིས་ནང་། ། དབུས་ཀྱི་གནས་སུ་གཤོང་བུ་བཞི། ། འདོད་འཇོའི་བར་ནི་བལྟ་བར་བྱ། ། མདུན་ཕྱོགས་སུ་ནི་གཤོང་བུ་གཉིས། ། ཡིད་བཞིན་ནོར་བུ་ཞེས་བྱར་བཤད། ། དུང་དང་ཀུནྡ་ཟླ་བ་ཡི། ། མདོག་མཚུངས་སྣུམ་པར་ཤིས་པར་བལྟ། ། སྔགས་རྣམས་ཀུན་གྱི་དངོས་གྲུབ་སྟེར། ། སྒྲུབ་པོས་དངོས་གྲུབ་ཐོབ་པར་བྱེད། ། ཆེ་ཞིང་མདོག་ནི་སེར་པོ་འམ། ། པདྨ་ལྟ་བུ་པདྨས་མཚན། ། རྒྱས་ལ་བསྔགས་པར་གསུངས་པ་སྟེ། ། ནོར་ནི་ཕུན་སུམ་ཚོགས་པ་འགྲུབ། ། སྣོད་ནི་གང་ཞིག་ཁ་དོག་དམར། ། གཞན་ཡང་ ཐིག་ལེ་དམར་པོས་མཚན། ། རྟག་ཏུ་དབང་དང་དགུག་པ་ཡི། །
BOདངོས་གྲུབ་སྟེར་སྣོད་མཚན་ཉིད་དོ། ། བ་ལང་ཁ་ལྟ་བུ་ཡི་དབྱིབས། ། ཤིན་ཏུ་སྲ་ཞིང་མུ་ཏིག་བཅས། ། གསད་དང་བསྐྲད་དང་དབྱེ་བ་ལ། ། ཁྱད་པར་དུ་ནི་རབ་ཏུ་བསྔགས། ། སྣོད་ནི་རབ་བསྔགས་ཡང་དག་འཐོབ། ། འདོད་པའི་འབྲས་བུ་ཀུན་རབ་སྟེར། ། གནས་དང་ཞིང་དུ་བགྲོད་ནས་ནི། ། སྒྲུབ་པོས་ལྷ་མོ་བསྒྲུབ་པར་བྱ། ། མཚན་ཉིད་འདི་དག་ཡོངས་རྫོགས་པ། ། བཅངས་ན་དངོས་གྲུབ་འགྲུབ་པར་འགྱུར། ། འདི་ནི་སྣོད་ཀྱི་མཚན་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ། {བཅྭ་,བཅོ་}ལྔ་ པའོ། ། ། ། དེ་ནི་དེ་ཕྱིར་བདུད་རྩི་ལྔའི། ། སྒྲུབ་པ་ཡང་དག་རབ་ཏུ་བཤད། ། ཡང་དག་ཆོ་ག་གང་གིས་ནི། ། དངོས་གྲུབ་ཀུན་གྱི་འབྲས་འབྱུང་བའོ། ། ཆོ་ག་སྦས་པས་བྲམ་ཟེ་ཡི། ། མངལ་ནས་སྐྱེས་ལས་ཡང་དག་བླང་། ། དེས་ན་རྣམ་སྣང་མཛད་ པའི་མིང་། ། གྲགས་ཏེ་དངོས་གྲུབ་ཡང་དག་བཞེད། ། ཁ་དོག་ལྗང་ཞིང་རབ་བཟང་ལུས། ། མིག་གི་འབྲས་བུ་གནག་པ་ཡི། ། རིན་ཆེན་རིགས་མ་རྙེད་ནས་དེའི། ། དྲི་ཆུས་བསངས་ཏེ་བསྒྲུབ་པར་བྱ། ། ཡོངས་སུ་རྫོགས་པའི་ལུས་ལྡན་ཞིང་། ། ཡན་ལག་མཛེས་གཞོན་པདྨའི་ རིགས། ། བཟའ་དང་བཏུང་བས་ཡང་དག་མཆོད། ། མཁས་པས་མཆོད་ཡོན་ཕུལ་ནས་ནི། །
BOདེ་ཡི་མོད་ལ་སྙོམས་འཇུག་བྱས། ། ཕན་ཚུན་གྱི་ནི་ཤུ་ཀྲ་བླང་། ། དེས་ན་གར་མཁན་རིགས་མིང་ཅན། ། དེ་བཞིན་གཤེགས་པ་དེ་བཞིན་གྲགས། ། སྔར་བཤད་པ་ཡི་ཆོ་ག་ཡིས། ། དངོས་གྲུབ་ཡོངས་སུ་རྫོགས་བགྲོད་པ། ། ཚོས་མཁན་ཞེས་ནི་རབ་གྲགས་པའི། ། དང་པོའི་མེ་ཏོག་རབ་ཏུ་བསྔགས། ། དམ་ཚིག་ཅན་མའི་གདོལ་པ་མོ། ། གལ་ཏེ་རྙེད་ན་རྟག་བསྟེན་བྱ། ། ཤ་དང་ཚིལ་དང་དེ་བཞིན་ཁྲག ། མཁས་པ་ཡིས་ནི་གཟུང་བར་བྱ། ། སྒྲུབ་པོ་དངོས་གྲུབ་ འདོད་པ་ཡིས། ། ལྕགས་ཀྱུ་ལྔ་ནི་ཅི་རྙེད་པའམ། ། འདིར་ནི་གསད་པ་གཙོར་བཤད་པས། ། ཅི་སྟེ་ཡང་དག་རྙེད་ན་གཟུང་། ། བ་ལང་ཤ་དང་རྟ་ཤ་དང་། ། གླང་པོའི་ཤ་ཡང་དེ་བཞིན་ཏེ། ། མི་ཡི་ཤ་དང་ཁྱི་ཡི་ཤ། ། མཁས་པ་ཡིས་ནི་གཟུང་བར་བྱ། ། རྡོ་རྗེ་སེམས་དཔས་གང་ གསུངས་པའི། ། སྒྲོན་མ་ལྔ་ཞེས་གྲགས་པའོ། ། རྙེད་ནས་ཚེས་བཅུའི་དུས་སུ་ནི། ། དངོས་པོ་འདི་དག་ཡང་དག་བསྡུ། ། དྲི་ཞིམ་པ་དང་བསྲེས་ནས་ནི། ། རབ་ཏུ་གསང་སྟེ་སྦྱར་བར་བྱ། ། སྒྲུབ་པ་པོ་ཡིས་གསང་བ་ཡིས། ། རིལ་བུའི་རྣམ་པ་ཡང་དག་བྱ། ། དེ་ཡི་མོད་ ལ་ཡོངས་རྫོགས་པའི། ། བཟའ་དང་བཏུང་བའི་ཁྱད་པར་གྱིས། ། ཚོགས་ཀྱི་དབུས་སུ་བྱིན་བརླབས་ནས། །
BOཕྱི་ནས་ལས་ནི་ཡང་དག་བརྩམ། ། སྔགས་བཟླས་དེ་བཞིན་བསམ་གཏན་དང་། ། འདོད་པ་ཀུན་གྱི་འབྲས་འབྱུང་ཞིང་། ། ལུས་ཀྱི་བཅུད་ཀྱིས་ལེན་དང་ནི། ། མཆོག་ཏུ་གྲོལ་བའི་དངོས་གྲུབ་སྟེར། ། རྟག་ཏུ་རིལ་བུ་བསྟེན་བྱེད་པ། ། འདོད་པ་ཀུན་གྱི་འབྲས་རབ་སྟེར། ། ལས་རྣམས་ཀུན་ལ་རབ་སྦྱར་ན། ། མཁའ་སྤྱོད་གོ་འཕང་འཐོབ་པར་འགྱུར། ། འདི་ནི་བདུད་རྩི་ལྔ་སྒྲུབ་པ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ། བཅུ་དྲུག་ པའོ། ། ། ། དེ་ནས་དཀྱིལ་འཁོར་བྲི་བ་ཡི། ། ཆོ་ག་མཆོག་ནི་ཡང་དག་བཤད། ། འདི་ལྟར་འགའ་ཞིག་གསོལ་འདེབས་པའམ། ། རང་ཉིད་བསོད་ནམས་འདོད་པ་ཡིས། ། དང་པོར་རང་ལྷའི་བདག་ཉིད་ཀྱི། ། འཁོར་ལོ་ལ་གནས་སྔོན་བསྙེན་བྱ། ། སྔོན་དུ་ བསྙེན་པའི་དབང་བྱས་ནས། ། དེར་ནི་གཏོར་མ་སྦྱིན་པར་བྱ། ། བརྟན་ཞིང་ཟབ་མོའི་ཆོས་ཤེས་པ། ། རབ་གནས་གཏོར་མའི་ཕ་རོལ་སོན། ། སྦྱིན་སྲེག་དཀྱིལ་འཁོར་དེ་ཉིད་ཤེས། ། རིག་པའི་གནས་ནི་ཐམས་ཅད་རིག ། གསང་སྔགས་ཚུལ་ལ་དད་ཅིང་མོས། ། གཟུགས་བཟང་བལྟ་ན་སྡུག་པ་དང་། ། བླ་མ་ལ་གུས་བརྩེར་ལྡན་ན། ། སྡོམ་པ་འབྱུང་བར་རབ་བཤད་བྱ། ། གཙུག་ལག་ཁང་དང་མཆོད་རྟེན་གནས། །
BOགནས་ཁང་འདུན་ཁང་ས་ཕྱོགས་གཙང་། ། གདོད་ནས་གྲུབ་པའི་དུར་ཁྲོད་དུ། ། དེར་ནི་དཀྱིལ་ འཁོར་བརྩམ་པར་བྱ། ། སྔོན་དུ་ལས་ནི་བྱས་པའི་སར། ། བརྐོ་བ་ལ་སོགས་མི་བྱ་སྟེ། ། ལག་པས་རེག་ནས་ཧཱུྃ་ཡིག་གེ། ། སྔགས་བཟླས་པས་ནི་ས་སྦྱང་བྱ། ། དཀྱིལ་འཁོར་གྱི་ནི་ས་ཡི་ཆའི། ། ཉིས་འགྱུར་ས་ནི་སྦྱང་བར་བྱ། ། རང་གི་སེམས་ནི་ཡོངས་དག་ པ། ། དེ་ཉིད་ཀྱིས་ན་ས་དག་འགྱུར། ། སློབ་དཔོན་སངས་རྒྱས་ཀུན་རང་བཞིན། ། ལྷ་ཡི་སྐུ་ཡི་བདག་ཉིད་ཅན། ། དཔའ་བོ་རྡོ་རྗེ་དྲིལ་འཆང་བ། ། མཁའ་འགྲོར་བཅས་ལ་གསོལ་བ་གདབ། ། བློ་ལྡན་རྡོ་རྗེ་གསོར་བྱེད་ཅིང་། ། དྲིལ་བུ་འཁྲོལ་བར་བརྩོན་པ་ཡིས། ། ལྷ་དང་ལྷ་མིན་གསང་བ་དང་། ། རབ་ཏུ་གདུག་པའི་བགེགས་ཚོགས་བསྐྲད། ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། ། སྲུང་བའི་འཁོར་ལོ་རབ་སྦྱོར་བས། ། ལུས་སྲུལ་ལ་སོགས་གང་ཅིའང་རུང་། ། བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། ། ཇི་སྟེ་ངས་བསྒོ་སུ་ ཞིག་འདའ། ། རྡོ་རྗེའི་བདག་པོའི་སྐུ་ཡིས་ནི། ། ལུས་གསུམ་ལས་བྱུང་དགས་བྱ་སྟེ། ། འདིར་ནི་བརླག་འགྱུར་གཞན་དུ་མིན། ། ས་ནི་ཡོངས་སུ་བཟུང་བྱས་ནས། ། ར་བས་མཚམས་ནི་བཅིང་བར་བྱ། །
BOལག་གཡས་དམ་བཅས་ཕྱག་རྒྱ་ཡིས། ། ཡི་གེ་བྃ་བྱུང་སའི་ ལྷ་མོ། ། མདོག་སེར་གསེར་གྱི་བུམ་འཛིན་ལ། ། བསྟོད་ནས་རབ་ཏུ་བསྐུལ་བར་བྱ། ། ཆེ་གེ་ཞེས་བྱ་བདག་དཀྱིལ་འཁོར། ། འདྲི་ལ་ལྷ་མོ་ཁྱེད་དབང་གྱུར། ། མེ་ཏོག་བདུག་པ་སོགས་པས་མཆོད། ། མཁས་པས་མཆོད་ཡོན་ཕུལ་བྱས་ལ། ། བཅོམ་ལྡན་ཁྲོ་མཆོད་རྡོ་རྗེ་ ཅན། ། དེ་བཞིན་གཤེགས་ལ་གསོལ་བ་གདབ། ། རྫོགས་སངས་རྒྱས་རྣམས་དགོངས་སུ་གསོལ། ། སློབ་མ་རྣམས་ལ་བརྩེ་བ་དང་། ། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། ། མགོན་པོ་ལྷན་ཅིག་སྐྱེས་འབྱུང་བའི། ། དཀྱིལ་འཁོར་འདྲི་བར་འཚལ་ལགས་ན། ། དེ་བས་ བཅོམ་ལྡན་གུས་བདག་ལ། ། བཀའ་དྲིན་གནང་བར་མཛད་དུ་གསོལ། ། གང་གཞན་གསང་སྔགས་ལྷ་རྣམས་དང་། ། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། ། རྫོགས་པའི་བྱང་ཆུབ་ལ་བརྟེན་པའི། ། འབྱུང་པོ་བསྟན་ལ་མངོན་དགའ་བ། ། གང་སུ་རྡོ་རྗེའི་སྤྱན་ལྡན་ཀུན། ། དཀྱིལ་འཁོར་བདེ་མཆོག་འབྱུང་བ་ཡི། ། དཀྱིལ་འཁོར་འདྲི་བར་བགྱིད་ལགས་པས། ། བདག་དང་དེ་བཞིན་སློབ་མ་ལ། ། རྗེས་སུ་བརྩེ་བ་བསྐྱེད་དུ་གསོལ། ། སྲད་བུ་ཡེ་ཤེས་ལྔ་ལྡན་ཞིང་། ། ཉི་ཤུ་རྩ་ལྔར་རྣམ་དབྱེ་བས། ། ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི།
BO། སྲད་བུ་ཕན་ཚུན་ བསྒྲིལ་བར་བྱ། ། སྒྲུབ་པོས་ཡི་གེ་ཧཱུྃ་བརྗོད་དེ། ། བདུད་རྩི་ལྔས་ནི་བྱུག་པར་བྱ། ། དཀྱུས་སུ་འཁོར་ལོའི་ཉིས་འགྱུར་ལ། ། སྦོམས་སུ་སྒོ་ཡི་ཉི་ཤུ་ཆ། ། ཛཿགསུམ་བརྗོད་ནས་ལྟེ་བར་ནི། ། གཡོན་པའི་ཁུ་ཚུར་གྱིས་བཟུང་ནས། ། བློ་ལྡན་ནམ་མཁར་ཐིག་གདབ་སྟེ། ། དེ་བཞིན་ས་ ལའང་གདབ་པར་བྱ། ། གསལ་ཞིང་མཛེས་པར་ལྡན་པ་དང་། ། ཚད་ལྡན་གཙང་མའི་སྲད་བུ་ཡིས། ། དཔལ་ལྡན་ལྷན་སྐྱེས་འབྱུང་དཀྱིལ་འཁོར། ། ཤེས་རབ་ཅན་གྱིས་ཐིག་གདབ་བྱ། ། ཁྲུ་ཕྱེད་ལ་སོགས་ནས་བརྩམས་ནས། ། ཇི་སྲིད་ཁྲུ་ནི་བརྒྱ་ཡི་བར། ། དང་པོར་ ཚངས་པའི་ཐིག་ཡིན་ཏེ། ། གཉིས་པ་ལ་ནི་ཟུར་ཐིག་གདབ། ། ནུབ་དང་ལྷོ་ཡི་གནས་སུ་ནི། ། སློབ་དཔོན་ངེས་པར་ཡང་དག་གནས། ། ཤར་དང་བྱང་གི་ཕྱོགས་གནས་སུ། ། སློབ་མ་གནས་ཏེ་མཉམ་གཞག་པས། ། དང་པོར་བཞི་འགྱུར་བདག་ཉིད་དུ། ། རེའུ་མིག་ གཅིག་ནི་ཐིག་གདབ་བྱ། ། དེ་ནས་བརྒྱད་འགྱུར་བདག་ཉིད་དུ། ། རེའུ་མིག་གཅིག་གི་ཐིག་རབ་གདབ། ། གཞན་ཡང་བརྒྱད་འགྱུར་ཉིད་དུ་ནི། ། རེའུ་མིག་གཅིག་ནི་ཐིག་གདབ་བྱ། ། དེ་ནས་གཞན་ཡང་ཉིས་འགྱུར་ཉིད། ། རེའུ་མིག་གཅིག་ནི་ཐིག་རབ་གདབ། །
BOདེ་ནས་བཞི་ འགྱུར་ཉིད་དུ་ནི། ། རེའུ་མིག་གཅིག་ནི་ཐིག་གདབ་བྱ། ། གཞན་ཡང་ཉིས་འགྱུར་ཉིད་དུ་ནི། ། རེའུ་མིག་གཅིག་གི་ཐིག་རབ་གདབ། ། དེ་ནས་མཁས་པས་བཞི་འགྱུར་ཉིད། ། རེའུ་མིག་གཅིག་ནི་ཐིག་གདབ་བ་བྱ། ། དེ་ནས་གཉིས་འགྱུར་བདག་ཉིད་དེ། ། རེའུ་མིག་གཉིས་ ནི་ཐིག་གདབ་བྱ། ། དེ་ནས་ཕྱེད་ནི་རིམ་གཉིས་བྲི། ། འདི་ནི་དཀྱིལ་འཁོར་ཐིག་ཡིན་ནོ། ། ཐིག་སྐུད་མཚན་མ་དྲུག་ཅུ་བཞི། ། དཀྱིལ་འཁོར་ཐིག་གི་མཚན་ཉིད་དེ། ། འཁོར་ལོའི་ཕྱི་རོལ་མཐར་ཐུག་པར། ། ཆོ་ག་གསུངས་བཞིན་ཐིག་གདབ་བྱ། ། རིན་ཆེན་ལྔ་ཡི་ཕྱེ་མ་འམ། ། ཡང་ན་འབྲས་ལ་སོགས་པ་སྟེ། ། དཀར་དང་སེར་དང་དེ་བཞིན་དམར། ། ལྗང་གུ་ནག་པོའང་དེ་བཞིན་ཏེ། ། སློབ་དཔོན་དབང་ལྡན་ཕྱོགས་སུ་ནི། ། སོང་སྟེ་མཉམ་པར་བཞག་ནས་སུ། ། ལེགས་སྦས་གཡོན་པའི་ཁུ་ཚུར་གྱིས། ། རི་མོ་ ལྔ་ནི་དགྱེ་བར་བྱ། ། ཕན་ཚུན་བར་དུ་ནས་རེ་ཙམ། ། ཤོང་བའི་ཚད་དུ་བྲི་བ་སྟེ། ། རི་མོ་སྦོམས་ན་ནད་དུ་འགྱུར། ། ཕྲ་བས་ནོར་ནི་ཉམས་པར་འགྱུར། ། ཡོན་པོས་འདིར་ནི་རྩོད་པར་འགྱུར། ། ཆད་པས་འཆི་བ་འབྱུང་བར་འགྱུར། ། ཤར་ཕྱོགས་སུ་ནི་དཀར་པོ་ ཆེ། ། ལྷོར་ནི་སེར་པོ་ཡང་དག་ལྡན། །
BOནུབ་ཀྱི་ཆ་ནི་དམར་པོ་སྟེ། ། བྱང་དུ་མརྒད་ཡང་དག་ལྡན། ། དབུས་ཀྱི་ས་ཡི་ཆ་ཉིད་ནི། ། ཨིནྡྲ་ནཱི་ལ་འོད་འབར་བའོ། ། གྲྭ་ཡི་ཆ་ནི་ཐམས་ཅད་དང་། ། སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། ། རྡོ་རྗེ་རིན་ཆེན་གྱིས་སྤྲས་པར། ། མཉམ་པར་བཞག་སྟེ་ཡང་དག་བྲི། ། རྡོ་རྗེ་ར་བའི་ནང་དུ་ནི། ། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། ། གཏུམ་དྲག་དེ་བཞིན་ཚང་ཚིང་དང་། ། རྡོ་རྗེ་འབར་བ་ཀེང་རུས་ཅན། ། དབང་ལྡན་དུ་ནི་མི་བཟད་བཞད། ། བྱིན་ཟ་རུ་ནི་བཀྲ་ཤིས་མཆོག ། མུན་པ་དྲག་པོ་བདེན་བྲལ་དུ། ། རླུང་ཕྱོགས་ཀི་ལི་ཀི་ལིའི་སྒྲ། ། ཤར་གྱི་ཤིརྵ་ཨ་ཤྭཏ་ཤིང་། ། ཀང་ཀེལ་ཁྱད་པར་ཙཱུ་ཏའི་ཤིང་། ། པ་ཊཱ་དེ་བཞིན་ཀ་རཉྫ། ། ལ་ཏཱ་པརྐ་པཱརྠི་བ། ། དབང་པོ་དེ་བཞིན་སྦྱིན་བྱེད་དང་། ། ཀླུ་ཡི་དབང་དང་གཤིན་རྗེའི་བདག ། དབང་ལྡན་དེ་ནས་བྱིན་ཟ་དང་། ། སྲིན་པོའི་དབང་པོ་ རླུང་གི་བདག ། བཱ་སུ་ཀི་དང་འཇོག་པོ་ཉིད། ། ཀརྐོ་ཊ་དང་པདྨ་ཉིད། ། པད་ཆེན་ཧུ་ལུ་ཧུ་ལུ་དང་། ། རིགས་ལྡན་དང་ནི་དུང་སྐྱོང་ངོ་། ། སྒྲོགས་པ་དང་ནི་ཆེར་སྒྲོགས་དང་། ། དྲག་དང་གཡོ་དང་བརྟན་དེ་བཞིན། ། གང་བ་དང་ནི་དེ་བཞིན་འབེབས། །
BOགཏུམ་པ་འདི་དག་སྤྲིན་ དབང་ཕྱུག ། གཞན་ཡང་སྣ་ཚོགས་དུ་མ་ཡི། ། ཁྭ་དང་འུག་པ་བྱ་རྒོད་དང་། ། ཅེ་སྤྱང་ཅེ་སྤྱང་མོ་དང་ནི། ། འོལ་པ་དང་ནི་འོལ་པ་མོ། ། སེང་གེའི་གདོང་དང་སྟག་གི་གདོང་། ། དྲག་ཅིང་འཇིགས་པའི་གདོང་ཅན་མ། ། སྦྲུལ་ནི་བ་ལང་མགོ་ཅན་དང་། ། གདོང་གཉིས་ལ་ སོགས་ཕྱོགས་སུ་རྒྱུ། ། ཀེང་རུས་དང་ནི་མདུང་གིས་ཕུག ། འཕྱང་དང་ཕྱེད་ཚིག་པ་དང་མགོ། ། ཐོད་པ་བྱིན་པ་མགོ་རྡུམ་དང་། ། གཙིགས་པའི་མགོ་དང་རུས་པ་དང་། ། རིགས་འཛིན་གྲུབ་པ་སྣ་ཚོགས་དང་། ། དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། ། རྣལ་འབྱོར་མ་ ཡི་ཚོགས་རྣམས་དང་། ། གནོད་སྦྱིན་རོ་ལངས་སྲིན་པོ་སོགས། ། ཀི་ལི་ཀི་ལིའི་སྒྲ་ཆེན་བདག ། དངོས་གྲུབ་རྫུ་འཕྲུལ་ཡང་དག་པར། ། ཐོབ་པའི་སློབ་དཔོན་གྱི་ནི་ཚོགས། ། དུར་ཁྲོད་དབུས་སུ་བལྟ་བར་བྱ། ། འདི་ནི་དཀྱིལ་འཁོར་གྱི་ཐིག་གདབ་པའི་མཚན་ཉིད་བསྟན་ པའི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ། ། ། ། དེ་ནས་སློབ་དཔོན་མཚན་ཉིད་ནི། ། ཡང་དག་རབ་ཏུ་བཤད་པར་བྱ། ། ཞི་ཞིང་དུལ་བའི་ཆ་ལུགས་ཅན། ། སེམས་ཅན་ཀུན་རབ་མི་འཇིགས་སྟེར། ། སྔགས་དང་རྒྱུད་ཀྱི་རབ་སྦྱོར་ཤེས། །
BOབསྟན་བཅོས་རིག་ཅིང་སྙིང་ རྗེར་ལྡན། ། སེམས་ཅན་ཀུན་ལ་བུ་བཞིན་ལྟ། ། ཐམས་ཅད་དུ་ནི་སྙན་པར་སྨྲ། ། སྦྱིན་ལ་སོགས་ལ་རྟག་ཏུ་དགའ། ། བསམ་གཏན་རྣལ་འབྱོར་མངོན་པར་བརྩོན། ། ཀུན་ལ་མི་འཚེ་བདེན་པར་སྨྲ། ། སྙིང་རྗེ་དང་ནི་ཕན་སེམས་ལྡན། ། མཉམ་སེམས་དང་ནི་ཕྱག་རྒྱར་ལྡན། ། སེམས་ཅན་རྣམས་ཀྱི་མགོན་གྱུར་ཞིང་། ། སེམས་ཅན་བསམ་པའི་ཁྱད་པར་ཤེས། ། མགོན་མེད་པ་ནི་རྣམས་ཀྱི་གཉེན། ། དབང་པོ་ཡོངས་སུ་རྫོགས་པའི་ལུས། ། གཟུགས་དང་ལྡན་ཞིང་བལྟ་ན་སྡུག ། དབང་བསྐུར་དོན་གྱི་དེ་ཉིད་ཤེས། ། ཚིག་གསལ་ཡོན་ཏན་རྒྱ་མཚོ་ཆེ། ། རྟག་པར་རྒྱུན་དུ་གནས་བརྟེན་པ། ། དེ་ནི་སློབ་ དཔོན་རིག་པར་བྱ། ། སློབ་མ་རིགས་བཟང་ཆོས་ལ་སྤྲོ། ། སློབ་དཔོན་གྱིས་ནི་ཡང་དག་བསྡུ། ། སྙིང་རྗེ་མེད་ཅིང་ཁྲོ་དང་གདུག ། ཁེངས་དང་བརྐམ་ཆགས་རྣམ་གཡེངས་ཅན། ། དྲག་དང་རྨོངས་དང་སྙོམ་ལས་ཅན། ། གཞན་གྱི་སྲོག་ལ་སྙིང་བརྩེ་མེད། ། གཞན་གྱི་ནོར་ ལ་སྲེད་པ་ནི། ། བླ་མས་རྟག་ཏུ་སྤང་བར་བྱ། ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། ། བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། ། མི་དགེ་བཅུ་ནི་ཡོངས་སུ་སྤངས། ། སེམས་ཅན་རྣམས་ལ་བྱམས་པར་ལྟ། །
BOའབར་བའི་མེ་དང་དུག་བཞིན་དུ། ། གཞན་གྱི་ནོར་ལ་མི་རེག་ཅིང་། ། རྟག་པར་རྒྱུན་དུ་བླ་མ་མ་མཆོད། ། དམ་ཆོས་ལྟ་བར་སྤྲོ་བ་དང་། ། རྟག་ཏུ་སྦྱིན་པ་ལ་སོགས་དགའ། ། འཇིག་རྟེན་ཕ་རོལ་མངོན་པར་འདོད། ། དེ་དག་སློབ་མར་རབ་བསྔགས་ཏེ། ། དཀྱིལ་འཁོར་དགེ་བ་བསྟན་པར་བྱ། ། ཐལ་མོ་སྦྱར་བ་བྱས་ནས་ནི། ། གུས་པའི་ཡིད་ཀྱིས་གསོལ་ གདབ་བ། ། རྣལ་འབྱོར་མ་མཆོག་ཁ་སྦྱོར་བའི། ། དཔའ་ཆེན་ཁྱོད་བདག་སྟོན་པ་པོས། ། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། ། མགོན་པོ་ཆེན་པོ་བདག་འཚལ་ལོ། ། དམ་ཚིག་དེ་ཉིད་བདག་ལ་སྩོལ། ། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། ། དཔའ་བོ་དཔའ་མོའི་ དབང་མོ་དང་། ། དེ་བཞིན་ཕག་མོ་ཧེ་རུ་ཀ། ། གསང་བའི་གནས་སོགས་ཡང་དག་དགང་། ། ལུས་ལ་རྣམ་གནས་བཤད་དུ་གསོལ། ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། ། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། ། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། ། མགོན་པོ་བདག་ ནི་འཇུག་པར་མཛོད། ། བུ་ཚུར་ཐེག་པ་ཆེན་པོ་ཡི། ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། ། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ། ཁྱོད་ལ་ཡང་དག་བཤད་པར་བྱ། ། རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། ། མཉམ་མེད་ཡེ་ཤེས་ཡང་དག་འཐོབ། །
BOདེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། ། བུ་ཡིས་བློ་གྲོས་འདི་གྱིས་ཤིག ། བླ་མ་མཆོད་དང་དེ་བཞིན་བྱམས། ། སངས་རྒྱས་ལ་གུས་འགྲོ་ལ་བརྩེ། ། རྩ་བའི་ལྟུང་བ་ཡོངས་སྤང་ཞིང་། ། སྦོམ་པོའི་ལྟུང་བའང་རྣམ་པར་སྤངས། ། སེམས་ཅན་རྣམས་ནི་བསྟེན་པར་བྱ། ། ཐེག་པ་དམན་ལ་འདོད་མི་བྱ། ། མ་རྒལ་ བ་རྣམས་བརྒལ་བར་གྱིས། ། མ་གྲོལ་བ་རྣམས་གྲོལ་བར་གྱིས། ། འཁོར་བའི་སྡུག་བསྔལ་གྱིས་དཀྲུགས་པའི། ། སེམས་ཅན་དབུགས་ནི་དབྱུང་བར་གྱིས། ། བསླབ་པ་དེ་དག་ཡང་དག་ལྡན། ། སློབ་མ་རྣམས་ནི་ལྷག་གནས་བྱ། ། ཆོ་ག་ཇི་བཞིན་ཁྲུས་དང་ནི། ། བསང་ བྱས་སོ་ཤིང་སྦྱིན་པར་བྱ། ། སྲད་བུ་དམར་པོས་ཁྱད་པར་དུ། ། དཔུང་པར་བཅིངས་ཏེ་རྟག་ཏུ་བསྲུང་། ། ཡི་གེ་དྷཱི་ཡི་སྔགས་བཟླས་པའི། ། ཀུ་ཤ་དེ་ལ་རབ་ཏུ་སྦྱིན། ། རྨི་ལམ་དགེ་དང་མི་དགེ་བརྟག ། སྐུ་གསུང་ཐུགས་ཀྱི་སྡོམ་པའང་སྦྱིན། ། ཡོན་དང་ལྷན་ཅིག་མཉམ་ ལྡན་པའི། ། མེ་ཏོག་སིལ་མ་རབ་གཟུང་ནས། ། དེར་ནི་གདོང་གཡོགས་བཅིངས་ནས་སུ། ། དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག ། སྐྱེ་བ་སྔོན་བསགས་སྡིག་པ་རྣམས། ། དཀྱིལ་འཁོར་མཐོང་བས་བྱང་བར་འགྱུར། ། ཀྱེ་ཁྱོད་སུ་ཞེས་དྲི་བྱ་ཞིང་། །
BOབདག་ནི་སྐལ་བཟང་ཞེས་ ཀྱང་སྨྲ། ། དམ་ཚིག་ཆུ་དང་མནའ་བསྒག་དང་། ། མེ་ཏོག་དཀྱིལ་འཁོར་དོར་བ་སྟེ། ། གང་དང་གང་དུ་མེ་ཏོག་བབས། ། དེ་དང་དེ་ཡི་རིགས་སུ་འགྱུར། ། ཆུ་དང་ཅོད་པན་རྡོ་རྗེ་དང་། ། དྲིལ་བུ་དང་ནི་མིང་དབང་བསྐུར། ། དེ་བཞིན་གཤེགས་ལྔའི་བདག་ཉིད་དབང་། ། བརྟུལ་ ཞུགས་དང་ནི་ལུང་བསྟན་ཉིད། ། རྗེས་གནང་དང་ནི་དབུགས་དབྱུང་དང་། ། ཕྱིར་མི་ལྡོག་པའང་སྦྱིན་བྱ་སྟེ། ། གདུགས་དང་གདན་དང་རིག་པ་སོགས། ། རྡོ་རྗེ་དྲིལ་སོགས་ཡང་དག་ལྡན། ། སློབ་དཔོན་དབང་བསྐུར་ཡང་དག་རྫོགས། ། བུམ་པ་ལས་ནི་བྱུང་བའོ། ། གཉིས་པ་གསང་བ་མཆོག་ཡིན་ཏེ། ། གསུམ་པ་ཤེས་རབ་ཡེ་ཤེས་ཡིན། ། བཞི་པ་དེ་ལྟར་ཡང་དེ་བཞིན། ། དབང་བསྐུར་འདི་དག་ཡང་དག་ལྡན། ། དེ་ནི་དམ་ཚིག་ཅན་ཤེས་བྱ། ། གསང་བ་མཆོག་གི་དཀྱིལ་འཁོར་དུ། ། མཆོག་ཏུ་རབ་ཞུགས་མཐོང་བས་ན། ། དེང་ཁྱོད་ སྡིག་པ་ཐམས་ཅད་ལས། ། རྣམ་གྲོལ་བཟང་པོར་གྱུར་པས་གནས། ། སངས་རྒྱས་ཀུན་གྱིས་མཉམ་གསུངས་པའི། ། རྗེས་གནང་མཆོག་ཏུ་དབུགས་དབྱུང་བ། ། དངོས་གྲུབ་དམ་ཚིག་སྡོམ་པ་ནི། ། འདི་དག་རྟག་ཏུ་བསྲུང་བར་གྱིས། ། སློབ་མ་དད་པའི་སྟོབས་ཀྱིས་ ནི། །
BOབླ་མའི་ཞབས་ལ་ཕྱག་བཙལ་ནས། ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། ། དེ་ལྟར་བགྱི་ཞེས་སྨྲ་བར་བྱ། ། དེ་ནས་དེ་བཞིན་གཤེགས་གསུངས་པའི། ། སྣ་ཚོགས་རྒྱན་དང་ན་བཟའ་སོགས། ། ཁྱད་པར་དུ་ནི་རང་གི་ལུས། ། བླ་མ་ལ་ནི་ཡོན་དུ་དབུལ། ། དབང་བསྐུར་གཙོ་བོ་ཐོབ་པས་ནི། ། བྱ་བ་བྱས་པའི་བློ་ཆེན་གྱིས། ། གཞན་ཡང་རབ་དགས་འདི་སྐད་དུ། ། སྨྲ་ཞིང་མཇུག་ནི་རྫོགས་པར་བྱ། ། དེང་དུ་བདག་ཚེ་འབྲས་བུ་ཡོད། ། བདག་གི་གསོན་པར་འབྲས་བུར་བཅས། ། དེ་རིང་སངས་རྒྱས་རིགས་སུ་ སྐྱེས། ། སངས་རྒྱས་སྲས་པོར་བདག་གྱུར་ཏོ། ། སྦྱིན་སྲེག་གིས་ནི་རྫོགས་བྱ་ཞིང་། ། དགེ་འདུན་ལ་ནི་སྟོན་མོ་དྲང་། ། དེ་ནས་ཚོགས་ཀྱི་འཁོར་ལོ་བྱ། ། ནད་པའམ་མགོན་མེད་རྣམས་ལའང་སྦྱིན། ། ཕྱི་ནས་མན་ངག་ཇི་བཞིན་དུ། ། དམ་ཚིག་སྤྱོད་པ་ལ་བརྩོན་པས། ། སྣོད་ དུ་བྱས་པའི་རྒྱུན་གྱིས་ནི། ། འཁོར་ལོ་ལ་སོགས་བསྒོམ་པའི་རིམ། ། ཡང་དག་མན་ངག་ཕུན་ཚོགས་པས། ། དངོས་གྲུབ་འགྱུར་གྱིས་གཞན་དུ་མིན། ། འདི་ནི་དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་{བཅྭ་,བཅོ་}བརྒྱད་པའོ། ། ། ། དེ་ནས་འཆི་བར་ངེས་པ་ཡི། ། མཚན་ཉིད་ མཆོག་ཏུ་བཤད་པར་བྱ། ། རང་གི་ལུས་སམ་ཕྱི་རོལ་གྱི།
BO། ལྟས་ནི་མཁས་པས་བརྟག་པར་བྱ། ། རྐང་མཐིལ་དག་ཏུ་ཕུག་སྙམ་དང་། ། གང་ཚེ་ལྟེ་བར་ཕུག་སྙམ་གྱུར། ། དེ་ཚེ་ཉིན་ཞག་གསུམ་ཕ་རོལ། ། ལྔ་ཡི་གོང་དུ་འགྲོ་བར་འགྱུར། ། བཤང་དང་གཅི་བའི་དུས་དག་ཏུ། ། དུས་མཚུངས་སྦྲིད་པ་བྱུང་གྱུར་ན། ། ལོ་གཅིག་ན་དུས་དེ་ཉིད་ཀྱི། ། དུས་ཚོད་ལ་ནི་འཆི་ཞིང་བརླག ། མཚན་གཉིས་མཉམ་པར་སྦྱོར་བ་ཡི། ། བར་དང་ཐ་མར་སྦྲིད་པ་ནི། ། དུས་མཚུངས་བྱུང་ན་དེ་ཡི་ཚེ། ། ཟླ་བ་ན་ནི་ངེས་པར་འཆི། ། སྙིང་ག་ལྐོག་མའི་དབུས་དག་ཏུ། ། དུས་ མཚུངས་གལ་ཏེ་ཟུག་གཟེར་གྱུར། ། ཅི་སྟེ་ཆོས་ལ་མི་བརྟེན་ན། ། ཟླ་བ་ཕྱེད་དང་གཉིས་ན་འཆི། ། གལ་ཏེ་མིག་གཡོན་འབྲས་བུ་ཡི། ། གཟུགས་བརྙན་མེ་ལོང་ལ་མ་མཐོང་། ། ཅི་སྟེ་ཟློག་པར་མི་བྱེད་ན། ། ཞག་བདུན་ན་ནི་ངེས་པར་འཆི། ། རྣ་རྩ་དང་ནི་སྨིན་མའི་དབུས། ། སྤྱི་བོའི་རྩེ་མོར་ཟུག་པ་སྟེ། ། བཞི་པོ་མཚུངས་པར་ཟུག་གྱུར་ན། ། དེ་ཚེ་འཕྲལ་དུ་འཆི་བར་འགྱུར། ། གློ་བུར་དུ་ནི་ཚོར་གྱུར་ཅིང་། ། རིད་དང་ཁྲོ་དང་འཇིགས་པས་འཁྲུགས། ། གལ་ཏེ་ཆོས་ནི་མ་བསྟེན་གང་། ། དེ་ནི་ལོ་གཅིག་དག་ན་འཆི། ། ཡར་ངོ་ཡི་ནི་ཚེས་གཅིག་ལ། ། གལ་ཏེ་ཁུ་བ་ནག་པོར་མཐོང་། །
BOདེ་ཚེ་ཟླ་བ་དྲུག་ན་འཆི། ། དམར་པོས་ནད་ཀྱིས་འདེབས་པར་སྟོན། ། མིག་ལས་རྟག་ཏུ་འཛག་པ་དང་། ། གཟུགས་མཐོང་བ་ཡང་རྣམ་འཕྲུལ་དང་། ། མེ་ལོང་ངམ་ནི་ཆུར་གང་ཞིག ། རང་གི་གྲིབ་མ་མ་མཐོང་དང་། ། མཚན་མོའི་ཚེ་ན་ དབང་པོའི་གཞུ། ། ཉིན་པར་སྐར་མའི་དཀྱིལ་འཁོར་མཐོང་། ། སྤྲིན་མེད་པར་ནི་ལྷོ་ཕྱོགས་སུ། ། བརྟེན་པའི་གློག་འགྱུ་མཐོང་བ་དང་། ། ཉིན་པར་གྲིབ་མའི་ལམ་དང་ནི། ། དེ་བཞིན་སྐར་མདའ་ལྷུང་བ་མཐོང་། ། ངང་པ་བྱ་རོག་རྨ་བྱ་ནི། ། གཅིག་ཏུ་འདྲེས་པ་མཐོང་ བ་དང་། ། ཟླ་བ་གཉིས་དང་ཉི་མ་གཉིས། ། དེ་བཞིན་རང་གི་མགོ་བོ་འབར། ། ཤིང་རྩེ་རི་ཡི་རྩེ་ལ་ནི། ། དྲི་ཟའི་གྲོང་ཁྱེར་མཐོང་བ་དང་། ། {ཡི་དགས་,ཡི་དྭགས་}ཤ་ཟ་འཇིགས་རུང་བ། ། གཞན་དག་ཀྱང་ནི་མཐོང་བ་དང་། ། གློ་བུར་དུ་ནི་རབ་འདར་དང་། ། ཡང་དང་ཡང་དུ་བརྒྱལ་བ་ དག ། དེ་ཡིས་གཅིག་ཅིག་མཐོང་གྱུར་ནའང་། ། ཟླ་བ་གཅིག་གིས་འཆི་བར་འགྱུར། ། ཟླ་བ་ར་རི་མེད་པ་དང་། ། ཉི་མ་འོད་དང་བྲལ་བ་དང་། ། མཚན་མོ་ཉི་མ་ཉིན་པར་ནི། ། ཟླ་བ་དེ་བཞིན་རང་མིག་འབར། ། སྐར་མ་རི་རབ་དག་གི་ཚད། ། རྒྱ་མཚོ་ཆུ་བོ་ལྟ་བུ་དང་། ། ཁུ་བ་དང་ནི་བཤང་གཅི་རྣམས། །
BOདུས་མཚུངས་པར་ནི་འབབ་འགྱུར་ན། ། གལ་ཏེ་ཆོས་ལ་མ་བརྟེན་ན། ། ཟླ་བ་ཕྱེད་ན་འཆི་བར་འགྱུར། ། དེར་ཡང་ཉིན་མོ་གྲིབ་མ་ནི། ། སྐྱེ་བོའི་གཟུགས་ཅན་བལྟ་བྱ་སྟེ། ། དེ་ཡི་མགོ་བོ་མ་མཐོང་ན། ། ལོ་གཅིག་གི་ནི་ནང་དུ་འཆི། ། ལག་པ་གཡོན་པ་མ་མཐོང་ན། ། བུ་དང་ཆུང་མ་ངེས་བརླག་འགྱུར། ། ལག་པ་གཡས་པ་མ་མཐོང་ནའང་། ། ཕ་དང་བུ་སོགས་ཚེགས་ཆེན་འཆི། ། གཅིན་ནི་རྒྱུན་ལྔར་འགྱུར་བ་དང་། ། གཡོན་ནས་འཁོར་ཞིང་དྲི་ང་དང་། ། སྐྱུར་བ་ལ་སོགས་གཅིན་བྱུང་ན། ། ཟླ་ དྲུག་ནང་དུ་འཆི་བར་འགྱུར། ། གང་ཞིག་གི་ནི་རྨི་ལམ་མཐར། ། བྱེ་མའམ་ཐལ་བའི་ཕུང་པོ་འམ། ། ལྷ་ཁང་ངམ་ནི་མཆོད་སྡོང་འཛེག ། དེ་ནི་སྔོན་བཞིན་འཆི་བར་འགྱུར། ། གལ་ཏེ་བོང་བུའམ་སྤྲེའུ་ཞོན་ནས། ། གྲོག་མཁར་ཕྱག་དར་ཕུང་པོ་ལ། ། མངོན་འཛེག་ ལྷོ་ཕྱོགས་འགྲོ་བར་ནི། ། གང་གིས་རྨི་ལམ་མཐར་མཐོང་ན། ། བུད་མེད་གང་ཞིག་གོས་གནག་ཅིང་། ། མདོག་གནག་མི་ནི་འདོད་སྤྱོད་པ། ། དེ་ནི་དུས་མཚན་ཡིན་ཞེས་བྱ། ། གཤིན་རྗེའི་ལྟོ་བར་འགྲོ་བར་འགྱུར། ། བྱ་རྒོད་ཅེ་སྤྱང་ཁྱི་དང་ཁྭ། ། དྲེད་ དང་{ཡི་དགས་,ཡི་དྭགས་}ཤ་ཟ་ཡིས། ། ཟ་བར་རྨི་ལམ་མཐོང་ན་ནི། །
BOལོ་གཅིག་ན་ནི་ངེས་པར་འཆི། ། གོས་ནི་དམར་པོས་གཡོགས་པ་དང་། ། ཕྲེང་བ་དམར་པོས་བརྒྱན་པ་དང་། ། ཏིལ་མར་གྱིས་བསྐུས་རྨི་ལམ་མཐོང་། ། ཟླ་བ་དྲུག་ན་གསོན་མི་འགྱུར། ། མན་ངག་ཇི་བཞིན་ ལྡན་པ་ཡིས། ། འཆི་བ་བླུ་བར་འགྱུར་བ་སྟེ། ། དེ་ཉིད་ཀྱིས་ནི་འཆི་ལས་རྒྱལ། ། ཆོས་ཀྱིས་འཆི་ལས་རྒྱལ་བ་སྟེ། ། རྫོགས་པའི་བྱང་ཆུབ་རིམ་སྒྲུབ་པས། ། དེ་བས་ཆོས་ནི་མཆོག་ཏུ་བསམ། ། གཞན་ཡང་བསྒོམ་པའི་ཁྱད་པར་ནི། ། མཛེས་པས་ཡང་དག་བཤད་ པར་བྱ། ། དབུགས་ནི་སྐད་ཅིག་འཆད་པ་དང་། ། སྣ་ཚོགས་ལྟས་ནི་ཡང་དག་མཐོང་། ། འཐོར་དང་དགང་བའི་སྦྱོར་བ་ཡིས། ། ལུས་ཀྱི་དཀྱིལ་འཁོར་སྦྱང་བར་བྱ། ། འཆི་བའི་དུས་ལ་ཡང་དག་བབ། ། འཕོ་བའི་རྣལ་འབྱོར་མཆོག་བྱ་སྟེ། ། བུ་ག་དགུར་ནི་སོན་པའི་རྩ། ། པཱུ་རི་ཀས་ནི་དགང་བར་བྱ། ། རེ་ཙ་ཀས་ནི་དབུགས་མནན་བྱ། ། ཀུམ་པ་ཀས་ནི་བསྡམ་བྱས་ཏེ། ། བུ་གའི་སྒོ་ནི་སྦྱང་བར་བྱ། ། རབ་ཏུ་ཞི་བས་ཞི་བར་འགྱུར། ། རྣམ་ཤེས་དབྲོག་པའི་སྦྱོར་བ་དང་། ། གཞན་ཡང་ཕ་རོལ་བགྲོད་པ་ལ། ། ཨཱ་ལི་ཀཱ་ལི་མཉམ་ལྡན་པར། ། མཁས་ པ་ཡིས་ནི་སྦྱར་བར་བྱ། ། སྙིང་ཁར་ཡི་གེ་ཧཱུྃ་སྦྱར་ཏེ། ། ཡི་གེ་ཕྱེད་དང་གཉིས་པོ་ནི།
BO། འོག་དང་སྟེང་དུ་གཞག་པར་བྱ། ། དེ་ཡི་འོག་གི་ཆར་རླུང་གི། ། ས་བོན་འོག་ཏུ་བལྟས་པའོ། ། རླུང་གི་ས་བོན་གཉིས་བྱས་ཏེ། ། རྣལ་འབྱོར་ལྡན་པས་ཁ་སྦྱར་བྱ། ། ཉི་ཤུ་རྩ་གཅིག་རིམ་པ་ ཡིས། ། ཡི་གེ་ཕྱེད་དང་གཉིས་སྔགས་བརྗོད། ། རྣམ་ཤེས་བཞོན་པ་རླུང་ཡིན་ཏེ། ། གང་དང་གང་དུ་བགྲོད་པ་ཡི། ། རླུང་གི་སྒོར་ནི་བསམ་བྱས་ན། ། གྲོལ་བའི་དངོས་གྲུབ་སྟེར་བྱེད་པའོ། ། མཆོག་དང་ཐ་མའི་དབྱེ་བ་ནི། ། བཤད་ཀྱིས་གསང་བའི་བདག་པོ་ཉོན། ། ལྟེ་བས་འདོད་ ཁམས་བདེ་འགྲོ་སྟེ། ། ཐིག་ལེ་ལས་ནི་གཟུགས་ཅན་ལུས། ། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། ། དེ་ནི་བདེ་བར་འགྲོ་བྱེད་པའོ། ། སྣ་ལས་གནོད་སྦྱིན་རྣམས་སུ་འགྱུར། ། རྣ་བ་ལས་ནི་མིའམ་ཅི། ། ལྷ་མོ་གལ་ཏེ་མིག་ལས་ནི། ། མི་ཡི་རྒྱལ་པོར་འགྱུར་བ་ཡིན། ། ཁ་ ཡི་སྒོ་ལས་{ཡི་དགས་,ཡི་དྭགས་}རྣམས། ། གཅི་ལས་དེ་བཞིན་དུད་འགྲོའོ། ། བཤང་ལམ་ནས་ནི་དམྱལ་བར་འགྲོ། ། གྲོལ་བ་ལས་ནི་གཞན་དུ་འགྲོ། ། དུས་ལ་བབ་ན་འཕོ་བྱ་ཡི། ། དུས་མིན་ལྷ་རྣམས་གསོད་པར་འགྱུར། ། ལྷ་རྣམས་བསད་པ་ཙམ་གྱིས་ནི། ། མི་ནི་དམྱལ་བར་འཚེད་པར་ འགྱུར། ། དེས་ན་མཁས་པས་འཆི་བ་ཡི། །
BOམཚན་མ་ཡང་དག་ཤེས་པར་བྱ། ། འདི་ནི་འཆི་བའི་ལྟས་ལྟ་བ་དང་འཕོ་བའི་རྣལ་འབྱོར་རིམ་པར་ཕྱེ་བ་སྟེ་བཅུ་དགུ་པའོ། ། ། ། དེ་ནས་དེ་ཕྱིར་དུས་བཞི་ཡི། ། ཚད་ནི་ཡང་དག་རབ་བཤད་བྱ། ། གང་ཞིག་རྣམ་པར་ཤེས་ ཙམ་གྱིས། ། བསྐལ་པ་མྱུར་དུ་ཤེས་འགྱུར་བའོ། ། ཉི་ཁྲི་དང་ནི་བརྒྱད་སྟོང་དང་། ། ས་ཡ་ཕྲག་གཅིག་བདུན་འབུམ་སྟེ། ། དེ་དག་ལ་ནི་རྫོགས་ལྡན་གྱི། ། བསྐལ་པ་ཞེས་ནི་གྲགས་པར་བཤད། ། རྫོགས་ལྡན་གསུམ་ལྡན་གཉིས་མཚམས་སུ། ། དེ་བཞིན་སྟོང་ཕྲག་བརྒྱད་ ཡིན་ནོ། ། ས་ཡ་ཕྲག་གཅིག་འབུམ་ཕྲག་གཉིས། ། དགུ་ཁྲི་དང་ནི་དྲུག་སྟོང་སྟེ། ། གསུམ་ལྡན་བསྐལ་པ་ཞེས་གྲགས་པ། ། དེར་ནི་མཁས་པས་ཤེས་པར་བྱ། ། གསུམ་ལྡན་གཉིས་ལྡན་བར་མཚམས་སུ། ། སྟོང་ཕྲག་དྲུག་ནི་ཤེས་པར་བྱ། ། དྲུག་ཁྲི་དང་ནི་བཞི་སྟོང་དང་། ། འབུམ་ཕྲག་བརྒྱད་ནི་གཉིས་ལྡན་ཏེ། ། བསྟན་བཅོས་ཀུན་ལས་བསྡུས་ནས་ནི། ། གཉིས་ལྡན་བསྐལ་པར་ཡང་དག་གྲགས། ། གཉིས་ལྡན་རྩོད་པའི་བར་མཚམས་སུ། ། དེ་བཞིན་སྟོང་ཕྲག་བཞི་ཡིན་ཏེ། ། སུམ་ཁྲི་དང་ནི་ཉིས་སྟོང་དང་། ། བཞི་འབུམ་རྩོད་དུས་ཤེས་པར་ བྱ། ། རྩོད་དུས་རྫོགས་ལྡན་གཉིས་མཚམས་སུ། །
BOསྟོང་ཕྲག་དག་ནི་བཞི་དང་ལྡན། ། དེ་རྣམས་དུས་ཞེས་གྲགས་པ་སྟེ། ། འགྲུབ་པར་འདིར་ནི་ཐེ་ཚོམ་མེད། ། གླིང་བཞི་པ་ཡི་དངོས་པོ་ནི། ། མགོན་པོ་ཡིས་ནི་བཤད་དུ་གསོལ། ། ཤར་གྱི་ལུས་འཕགས་སྒྲ་མི་སྙན། ། དེ་བཞིན་ ནུབ་ཀྱི་བ་ལང་སྤྱོད། ། གླིང་ནི་གསུམ་པོ་དེ་དག་རྣམས། ། འབྲས་བུའི་ས་པར་ཡང་དག་གནས། ། འཛམ་བུའི་གླིང་དུ་ལེགས་སྐྱེས་པ། ། དངོས་གྲུབ་ས་པར་ཤེས་པར་བྱ། ། གླིང་གསུམ་པོར་ནི་སྐྱེ་བ་ཡི། ། འབྲས་བུ་འབྱུང་བའི་བསོད་ནམས་གནས། ། འཛམ་ བུའི་གླིང་པས་གྲོལ་བ་དང་། ། དངོས་གྲུབ་ཉིད་ནི་སྒྲུབ་པ་སྟེ། ། དེ་དག་སྔོན་གྱི་སངས་རྒྱས་ཀྱིས། ། གསུངས་པའི་གླིང་དུ་ཤེས་པར་བྱ། ། འདི་ནི་དུས་བཞི་པོ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་པའོ། ། ། ། དེ་ནས་སྦྱོར་བ་ཕ་རོལ་སོན། ། མཆོག་ནི་ ཡང་དག་རབ་བཤད་བྱ། ། སྒྲུབ་པོ་དངོས་གྲུབ་རྒྱུ་ཉིད་ཀྱིས། ། གང་གི་དངོས་གྲུབ་མཐར་བགྲོད་པའོ། ། ཐུན་མོང་རྣལ་འབྱོར་རྒྱུད་རྣམས་སུ། ། གསང་བ་རྣམ་པར་མ་བཤད་པ། ། དངོས་གྲུབ་རྣམས་ལས་མཆོག་དངོས་གྲུབ། ། བརྟུལ་ཞུགས་རྣམས་ལས་མཆོག་བརྟུལ་ཞུགས། ། བླ་མ་དམ་པ་བསྙེན་བཀུར་ནས། ། བླ་མེད་རྒྱུད་ནི་མང་ཐོས་ཏེ། །
BOདེ་ཉིད་ཇི་བཞིན་བླ་མ་ཡི། ། ཞལ་ལས་ཐོས་ནས་རྟག་ཏུ་བསྒོམ། ། ནོར་དང་ཆུང་མ་དེ་བཞིན་སྲོག ། སྦྱིན་པ་ཉིད་དུ་གཏང་བར་བྱ། ། མདུད་པ་འདི་གསུམ་ལས་གྲོལ་ན། ། རྟག་ཏུ་སྤྱོད་པ་སྤྱད་པར་འགྱུར། ། སྤྲོ་བ་ཆེན་ པོས་རིག་པ་བཟླས། ། དེ་བཞིན་བདེན་པར་སྨྲ་ལ་དགའ། ། དམ་བཅས་པ་ལ་རབ་གནས་ཏེ། ། ཇི་ལྟར་དད་པས་སྔོན་དུ་བརྩམས། ། འདོད་དང་ཁྲོ་བ་འཇིགས་པ་དང་། ། སྲེད་དང་གཏི་མུག་ང་རྒྱལ་སྤང་། ། སློབ་མ་བརྟག་དང་བཤད་དེ་བཞིན། ། གཞུང་རྣམས་བསྡུ་བ་རྟག་ཏུ་ སྤང་། ། གཙང་དང་མི་གཙང་དག་བྱེད་དང་། ། བཏུང་དང་བཏུང་མིན་བརྟག་མི་བྱ། ། སྨད་དང་བསྟོད་ལ་ཁྲོ་བ་དང་། ། མངོན་པའི་ང་རྒྱལ་རྣམ་པར་སྤང་། ། རྟག་ཏུ་མི་ཆགས་དགའ་མེད་པར། ། ཐམས་ཅད་ལ་ནི་མཉམ་པར་གནས། ། སྦྱིན་སྲེག་མེད་ཅིང་མཆོད་པ་མེད། ། ཕྲེང་བ་མེད་ཅིང་བཟླས་པ་མེད། ། ཉི་མ་གཟའ་དང་སྐར་མ་དང་། ། ཚེས་གྲངས་ཀྱང་ནི་བརྟག་མི་བྱ། ། བདག་གཞན་བདག་ཉིད་གཟུགས་ཀྱིས་ནི། ། ཐེ་ཚོམ་མེད་པར་གནས་པར་བྱ། ། འདོད་པ་མེད་པར་མི་སྤྱད་དེ། ། ཀུན་ལ་འདོད་པ་ཅུང་ཟད་སྤྱད། ། སྟག་གི་པགས་པ་གོས་ སུ་བྱས། ། ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །
BOཤེས་རབ་ཐབས་བདག་རྣལ་འབྱོར་པས། ། ཧེ་རུ་ཀ་དཔལ་རྣམ་པར་བསྒོམ། ། ཀུན་ཏུ་བཟང་པོའི་སྤྱོད་པ་ཡིས། ། ཡིད་ནི་བདེ་བར་གནས་པར་བྱ། ། གྲོང་དུ་མཚན་མོ་གཅིག་གནས་ཤིང་། ། གྲོང་ཁྱེར་དུ་ནི་ལྔར་གནས་བྱ། ། ཡིད་ དང་རྗེས་མཐུན་སྦྱོར་བ་ཡིས། ། ས་ཡི་སྟེང་དུ་གནས་པར་བྱ། ། ཡང་ན་རླུང་ཞེས་བྱ་བ་ཡི། ། སྤྱོད་པ་བདེ་ཞིང་དགའ་བར་སྤྱད། ། རྟག་ཏུ་གྲོགས་པོ་མེད་པར་རྒྱུ། ། གཅིག་པུར་ཡིད་ནི་རྩེ་གཅིག་པས། ། སྨྱོན་པའི་བརྟུལ་ཞུགས་ལ་བརྟེན་ནས། ། ལོ་མ་རླུང་གིས་བསྐྱོད་བཞིན་ འཁྱམ། ། དུར་ཁྲོད་དམ་ནི་མཚན་གཅིག་གམ། ། ཤིང་གཅིག་གམ་ནི་ནགས་ཚལ་ལམ། ། རི་ཡི་རྩེ་འམ་ཆུ་བོའི་འགྲམ། ། རྒྱ་མཚོ་ཆེན་པོའི་འགྲམ་ཡང་རུང་། ། སྐྱེད་མོས་ཚལ་ལམ་རི་ཕུག་གམ། ། ཁང་{བཟངས་སམ་,བཟང་ངམ་}ནི་ཁང་སྟོང་ངམ། ། བཞི་མདོ་དང་ནི་སྒོ་མདུན་ ནམ། ། དེ་བཞིན་རྒྱལ་པོའི་ཕོ་བྲང་སྒོར། ། གདོལ་པའི་གནས་སམ་ཕྱུགས་ལྷས་སམ། ། བཟོ་ཡི་ཁང་པར་སྦས་པས་གནས། ། ཚོང་སྲང་དོར་བའི་མེ་ཏོག་ཕྲེང་། ། མེ་ཏོག་རྙིང་པ་གང་ཅིའང་རུང་། ། དུར་ཁྲོད་མཚན་གཅིག་མེ་ཏོག་ཕྲེང་། ། དེ་དག་གིས་ནི་ལུས་ རབ་མཆོད། ། རང་གི་མགྲིན་པར་མེ་ཏོག་ཕྲེང་། །
BOཁྱད་པར་དུ་ནི་ཚངས་སྐུད་དང་། ། སྐ་རགས་དག་ཀྱང་བཅིང་བར་བྱ། ། རྐང་པ་གཉིས་ལ་རྐང་གདུབ་བྱ། ། སྨྲ་བ་བཟླས་པའི་བདག་ཉིད་གྲགས། ། ལག་པ་བསྐྱོད་པ་ཕྱག་རྒྱ་སྟེ། ། རྣམ་པར་མི་རྟོག་རབ་སྦྱོར་བས། ། རྣལ་འབྱོར་པ་ནི་ཅི་བདེར་གནས། ། དོགས་པ་ཐམས་ཅད་རྣམ་སྤངས་ཏེ། ། སྒྲུབ་པོས་སེང་གེ་བཞིན་དུ་སྤྱད། ། ཡང་ན་གཡོ་མེད་བརྟུལ་ཞུགས་ལ། ། བརྟེན་ནས་རྣལ་འབྱོར་སྤྱོད་པ་སྤྱད། ། སྐྱེད་མོས་ཚལ་ལམ་ཁྱིམ་སྟོང་གནས། ། གྲོང་དམན་ངན་པའི་ཁྱིམ་དུ་ནི། ། ཇི་ སྲིད་ནུས་པ་ཐོབ་དེ་སྲིད། ། མི་སྨྲའི་སྦྱོར་བས་གནས་པར་བྱ། ། ཇི་ལྟར་གཉིད་ལོག་འགྲོ་དང་འདུག ། སད་དམ་ཡང་ནམ་སད་པའམ། ། ཅི་རྙེད་པ་ཙམ་ཟ་བ་དང་། ། མི་བཀྲེས་པ་ནི་བཟང་པོར་གནས། ། གལ་ཏེ་སློང་མོས་གནས་པས་ན། ། ལག་པའི་སྣོད་དུ་ཟ་ཞིང་གནས། ། རྣམ་པར་མི་རྟོག་རང་བཞིན་གྱིས། ། འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད། ། གསུམ་པོ་དེ་དག་ནང་ནས་ནི། ། གང་འདོད་བརྟུལ་ཞུགས་ལ་བརྟེན་ནས། ། ཅུང་ཟད་ནུས་པ་རབ་ཐོབ་ནས། ། ཇི་ལྟར་འདོད་པའི་སྤྱོད་པ་སྤྱད། ། ལུས་ནི་སྦྱིན་པར་བྱིན་ ནས་སུ། ། ཕྱི་ནས་སྤྱོད་པ་ཡང་དག་བརྩམ། ། སྤྱོད་པས་རྒྱུ་བའི་རྣལ་འབྱོར་པ། །
BOངེས་པར་དྲི་མ་མེད་འགྱུར་བ། ། འདི་ལ་འཁྲུལ་བར་མི་བྱ་སྟེ། ། སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། ། འདི་ནི་སྤྱོད་པ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཅིག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། རྣལ་འབྱོར་རྒྱུད་ཀྱི་ངེས་པ་དང་། ། རྣལ་འབྱོར་མ་ཡི་རྒྱུད་ཀྱི་ཚད། ། བཤད་ཀྱིས་གསང་བའི་བདག་པོ་ཉོན། ། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། ། བྱེ་བ་ཕྲག་ནི་དྲུག་ངེས་ཏེ། ། དེ་བཞིན་རྣལ་འབྱོར་མ་རྒྱུད་གྲགས། ། བྱེ་བ་ཕྲག་ནི་བཅུ་ དྲུག་གྲངས། ། ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། ། དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། ། དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། ། ས་ཡ་དང་ནི་དུང་ཕྱུར་ལྔ། ། འདི་དག་ཐམས་ཅད་ཐུབ་དབང་པོ། ། སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས། ། བདེ་བར་གཤེགས་ པས་བསྟན་པའོ། ། འདུལ་བའི་གནས་ལ་སོགས་པ་ཀུན། ། ཉན་ཐོས་བདག་ཉིད་ལ་བསྟན་པའོ། ། སྣ་ཚོགས་མདོ་སྡེའི་རྣམ་བཤད་ཆེ། ། བྱང་ཆུབ་སེམས་དཔའི་བསྟན་པའོ། ། རྣལ་འབྱོར་རྣལ་འབྱོར་མ་ཡི་རྒྱུད། ། གསང་བ་སངས་རྒྱས་སྤྱོད་ཡུལ་ཏེ། ། ཤེས་རབ་ ཐབས་བདག་རྣལ་འབྱོར་གྱིས། ། བདེ་བ་ཆེན་པོ་བསྒོམ་པ་ཡིས། །
BOཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པའི། ། སངས་རྒྱས་མྱུར་དུ་ཐོབ་པའི་ཕྱིར། ། སེམས་ཅན་བསོད་ནམས་དམན་རྣམས་ལ། ། ལྷ་ཡི་བདག་ཉིད་ཅན་གྱིས་གསུངས། ། དེ་ནས་གཞན་ཡང་རབ་གནས་ ཀྱིས། ། ཆོ་ག་ཕ་རོལ་སོན་བཤད་བྱ། ། སྔར་བཤད་མཚན་ཉིད་དང་ལྡན་པ། ། སློབ་དཔོན་དུ་ནི་ཡོངས་སུ་བརྟག ། ལུགས་མའམ་མངོན་པར་འདུ་བྱས་པའི། ། སྐུ་གཟུགས་ལ་སོགས་པ་རྣམས་ནི། ། རབ་གནས་དོན་དུ་ས་སྦྱང་ཞིང་། ། བླ་རེ་རྒྱལ་མཚན་བ་དན་ རྣམས། ། བརྒྱན་ཅིང་ས་ནི་ཡོངས་སུ་གཟུང་། ། སྐུ་གཟུགས་སམ་ནི་གླེགས་བམ་མམ། ། བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། ། མདུན་རོལ་དུ་ནི་གཞག་པར་བྱ། ། དཀྱིལ་འཁོར་འཁོར་ལོ་ནམ་མཁར་གནས། ། ཉེར་སྤྱོད་ལྔ་ཡིས་ཡང་དག་མཆོད། ། ས་མ་ཡ་སྟྭཾ་ས་མ་ཡ་ཧོ། ། ལན་གསུམ་དུ་ནི་བརྗོད་པར་བྱ། ། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། ། དགའ་ལྡན་ཡང་དག་བཞུགས་ནས་ནི། ། ལྷ་མོ་སྒྱུ་འཕྲུལ་ལྷུམས་འཇུག་ལྟར། ། དེ་བཞིན་འདིར་ནི་བཞུགས་སུ་གསོལ། ། ཆེ་གེ་ཞེས་བྱའི་དོན་དུ་ནི། ། བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། ། མེ་ ཏོག་ལ་སོགས་འདི་བཞེས་ཏེ། ། མགོན་པོ་འདིར་ནི་རྟག་བཞུགས་མཛོད། ། ཚིག་འདིས་དེ་བཞིན་གཤེགས་པ་རྣམས། །
BOལྷག་པར་གནས་པར་བྱས་ནས་ནི། ། མཁས་པ་ཡིས་ནི་བསྟོད་བྱས་ནས། ། ཡུངས་ཀར་གྱིས་ནི་བསྐོར་ནས་སུ། ། ལན་གསུམ་དུ་ནི་སྦྱང་བར་བྱ། ། དྲི་ཞིམ་ལྡན་པའི་མར་གྱིས་བྱུག ། འདག་ཆལ་གྱིས་ནི་ཁྲུས་ཀྱང་བྱ། ། སླར་ཡང་བུམ་པ་སོ་སོ་ཡིས། ། སྐུ་གཟུགས་རྣམས་ནི་ཁྲུས་ཀྱང་བྱས། ། ཕྱི་ནས་ནམ་མཁར་གནས་པ་ཡི། ། དཀྱིལ་འཁོར་འཁོར་ལོ་བཅོམ་ལྡན་འདས། ། ལུགས་མ་སོགས་ལ་རབ་གཞུག་བྱ། ། ཡུལ་ཆོས་ལ་སོགས་ཇི་བཞིན་དུ། ། ལས་བཅུ་ཡི་ནི་བྱ་བ་བྱ། ། སྤྱན་ནི་དབྱེ་བ་བྱས་ནས་སུ། ། རྡོ་རྗེ་སྤྱན་ནི་བྱིན་གྱིས་བརླབ། ། དེ་བཞིན་མེ་ཏོག་སྤོས་མར་མེ། ། བྱུག་པ་ཞལ་ཟས་དེ་བཞིན་ཏེ། ། དེ་ལྟར་ལས་ནི་ཀུན་བྱས་ཕྱིར། ། སྦྱིན་སྲེག་ལས་ཀྱིས་རྫོགས་པར་བྱ། ། ལྷ་ ཀུན་ཞལ་ནི་མེ་ཡིན་པས། ། མཁས་པས་རབ་ཏུ་གནས་པར་བྱ། ། རབ་གནས་ཡང་དག་རྫོགས་དུས་སུ། ། བསྟོད་དང་བཀྲ་ཤིས་བརྗོད་བྱ་ཞིང་། ། མྲྀ་དང་ག་སོགས་སིལ་སྙན་སྒྲ། ། ཇི་ལྟར་རྙེད་པས་རབ་ཏུ་མཆོད། ། སྟོན་མོ་དང་ནི་ཡོན་འབུལ་བས། ། སྐྱེ་བོ་ཚིམ་ཞིང་ རྒྱས་པར་བྱ། ། རྒྱས་པས་སྐྱེ་བོ་སྐལ་བ་བཟང་། ། བཀྲ་ཤིས་ཞི་བར་བཅས་འགྱུར་ཏེ། ། ཞི་བའི་སྦྱོར་བ་ལ་སྨོད་པ། །
BOསྡུག་བསྔལ་སྣ་ཚོགས་འཚེ་བར་འགྱུར། ། ཇི་ལྟར་རབ་ཏུ་མི་གནས་ལྷ། ། རབ་ཏུ་གནས་པར་བྱ་བར་ནུས། ། སློབ་མ་དང་བས་གསོལ་འདེབས་པས། ། བསོད་ནམས་ཕྱིར་ནི་བྱ་བ་སྟེ། ། རྣམ་རྟོག་མེད་པའི་རང་བཞིན་གྱིས། ། རབ་གནས་ལྷ་ནི་བཞུགས་པ་ཡིན། ། འཇིག་རྟེན་སྐྱོང་བའི་ལྷ་ལ་སོགས། ། གང་ཚེ་རྟག་ཏུ་གནས་གྱུར་པ། ། མཆོད་དང་མཆོད་བྱ་མཉམ་ལྡན་པར། ། དེ་ཚེ་ལྷ་ཡང་ཡང་དག་བཞུགས། ། འདི་ནི་ལྷ་རྣམས་རབ་ཏུ་གནས་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ། ། ། ། དེ་ནས་མེ་ཡི་ལས་སོགས་པའི། ། མཚན་ཉིད་ཡང་དག་བཤད་པར་བྱ། ། ས་ནི་སྦྱང་བ་བྱས་རྗེས་ལ། ། མེ་ཐབ་དག་ནི་བྱ་བ་སྟེ། ། སོར་བརྒྱད་པ་ནས་བརྩམས་ནས་ནི། ། ཇི་སྲིད་ཁྲུ་ནི་སྟོང་གི་བར། ། སོར་བརྒྱད་པས་ནི་དགྲ་རྣམས་གསོད། ། སོར་བཅུས་དེ་བཞིན་རྒྱས་པ་སྟེ། ། བཅུ་གཉིས་སོར་གྱིས་དབང་དང་དགུག ། བཅུ་བཞིས་དེ་བཞིན་ཞི་བའོ། ། ཐབ་ཁུང་སོར་ནི་བཅུ་དྲུག་པས། ། རིགས་ནི་མངོན་པར་འཕེལ་བར་བྱེད། ། སོར་ནི་ {བཅྭ་,བཅོ་}བརྒྱད་བདག་ཉིད་ཀྱིས། ། ཡུལ་དང་བ་ལང་རིགས་འཕེལ་འགྱུར། ། ཐབ་ཁུང་སོར་ནི་ཉི་ཤུ་པས། ། ཡམས་ཀྱི་ནད་ནི་ཞི་བར་བྱེད། ། འདི་དག་ཐབ་ཀྱི་ངེས་པ་སྟེ། །
BOབསྲེག་བྱའི་རྫས་ཀྱི་ཚད་རྣམས་ནི། ། ལས་དང་རྗེས་སུ་མཐུན་བྱ་བར། ། མཁས་པ་ཡིས་ནི་ཤེས་ པར་བྱ། ། རྒྱ་ཡི་ཚད་ཀྱི་ཆ་གསུམ་གྱི། ། ཆ་གཉིས་ཟབས་སུ་བརྐོ་བྱ་སྟེ། ། མེ་ཐབ་དག་ནི་ཐམས་ཅད་ཀྱི། ། བརྐོ་བའི་ཐུན་མོང་མཚན་ཉིད་དོ། ། ཐབ་ཁུང་གི་ནི་བརྒྱད་ཆ་ཡིས། ། ཁ་ཆེར་ཉིད་ནི་མཐོ་བར་བྱ། ། ཁ་ཁྱེར་དཔངས་ཀྱི་ཕྱེད་ཚད་ཉིད། ། དེ་ཉིད་དུ་ནི་དམའ་བར་ སྦྱར། ། ཇི་ལྟར་ཕྱི་རོལ་དམའ་བའི་ཚད། ། དེ་བཞིན་ཁ་ཁྱེར་ནང་ཉིད་དོ། ། དེ་ཡི་ཕྱི་ཡི་ཁར་ན་ཡང་། ། དཔངས་ཀྱི་ཚད་ནི་ཇི་བཞིན་བྱ། ། ཐབ་ཁུང་ནང་གི་ཁྱད་པར་དུ། ། རྡོ་རྗེ་ཡིས་ནི་མཚན་པར་བྱ། ། དཀར་དང་སེར་དང་དམར་བ་དང་། ། དེ་བཞིན་གནག་དང་ལྗང་བ་ སྟེ། ། ཇི་ལྟར་ལས་ཀྱི་རྗེས་འགྲོ་བས། ། ཐབ་ཀྱི་ཁ་དོག་མཚན་ཉིད་ཡིན། ། འོན་ཀྱང་ལས་ཀུན་བྱེད་པའི་ཐབ། ། ཞི་བའི་ཐབ་ཀྱི་ཁྱད་པར་མཚུངས། ། ཁ་ཁྱེར་པདྨའི་རྣམ་པར་ཏེ། ། དམའ་བ་རྡོ་རྗེའི་ཕྲེང་བས་བསྐོར། ། དེ་ཡི་ཕྱི་རོལ་ཁ་ཁྱེར་ནི། ། གྲུ་བཞི་ཁ་ཁྱེར་ དཔངས་ཚད་བྱ། ། ཞི་ལ་ཟླུམ་པོའི་རྣམ་པ་སྟེ། ། ཤར་བལྟས་ཁ་དོག་དཀར་པོར་འགྱུར། ། རྒྱས་པ་ལ་ནི་གྲུ་བཞི་སྟེ། ། བྱང་དུ་བལྟས་པས་སེར་པོས་བྱ། །
BOབསྐྲད་དང་མངོན་པར་སྤྱོད་པ་ལ། ། ཟླ་བ་ཕྱེད་པ་ནུབ་བལྟས་བྱ། ། དབྱེ་དང་གསད་པའི་ལས་ལ་ནི། ། ཟུར་གསུམ་ ལྷོར་ནི་བལྟས་ཏེ་བྱ། ། དབང་དང་དགུག་དང་དབྱེ་བ་གསུམ། ། ཁ་དོག་དམར་པོ་ཟུར་གསུམ་པའོ། ། མནན་དང་རྨོངས་པའི་ལས་ལ་ནི། ། བདེན་བྲལ་དུ་ནི་བལྟས་ཏེ་བྱ། ། བསྐྲད་ལ་དུད་པའི་མདོག་ལྟ་བུ། ། དེ་བཞིན་རླུང་ཕྱོགས་བལྟས་ཏེ་བྱ། ། རིམས་ཀྱིས་གདུངས་སོགས་ མནན་པའི་ལས། ། རྟག་ཏུ་མེ་ཕྱོགས་བལྟས་ཏེ་བྱ། ། ལྷ་དང་གདན་དང་མདོག་རྣམས་ནི། ། ལས་ཀྱི་གཟུགས་ཀྱིས་འགྱུར་བ་ཡིན། ། ཡི་གེ་ཧཱུྃ་གི་སྦྱོར་བ་ཡིས། ། ཕྱག་གཉིས་པ་ཡི་རྣམ་པར་བསྒོམ། ། སྐད་ཅིག་རྣམ་པས་གསང་སྔགས་བརྗོད། ། སྐད་ཅིག་རྣམ་པས་ལྷའི་བདག་ཉིད། ། རྒྱས་ལ་དགའ་ བའི་སེམས་ཀྱིས་བྱ། ། ཞི་ལ་ཞི་བའི་སེམས་ཀྱིས་བྱ། ། དབང་ལ་རྗེས་ཆགས་སེམས་ཀྱིས་སོ། ། ཁྲོ་བའི་སེམས་ཀྱིས་གསང་བ་སྟེ། ། རྣམ་འགྱུར་དྲག་པོའི་སེམས་ཀྱིས་ནི། ། བསྐྲད་པ་དང་ནི་མངོན་སྤྱོད་འགྱུར། ། མཆོད་ཡོན་ཞབས་ལ་བསིལ་སོགས་གཞག ། དེ་ནས་མེ་ནི་སྤྱན་དྲང་བྱ། ། རང་སྙིང་ཆུ་སྐྱེས་ཧཱུྃ་ཡིག་ལས། ། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ། ཡིག་གསུམ་ལས་བྱུང་གཞུའི་རྣམ་པ། །
BOདེར་དབུས་རྃ་གྱི་ས་བོན་ལས། ། ཁ་དོག་དམར་པོ་མཛེས་པའི་ཞལ། ། དབྱུག་གུ་རིལ་བ་སྤྱི་བླུགས་གཡོན། ། གཡས་ཀྱིས་ བགྲང་ཕྲེང་མི་འཇིགས་སྦྱིན། ། གསུས་འཕྱང་རལ་པའི་ཅོད་པན་ཅན། ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་ནི། ། སྔགས་པ་མཁས་པས་བལྟ་བར་བྱ། ། ཨོཾ་ཛཿཧཱུྃ་གི་ཡི་གེས་ནི། ། ཐབ་ཁུང་ལོགས་སུ་བལྟ་བྱ་སྟེ། ། བསང་གཏོར་འཐོར་འཐུང་མཆོད་ཡོན་སོགས། ། བྱིན་ནས་ཐབ་ཀྱི་དབུས་སུ་གཞག ། དམ་ཚིག་སེམས་དཔའ་བསམས་ནས་ནི། ། ཡེ་ཤེས་སེམས་དཔའ་གཞུག་པར་བྱ། ། མེ་ཏོག་སྤོས་དང་མར་མེ་དང་། ། དེ་བཞིན་དྲི་དང་ཞལ་ཟས་མཆོད། ། ལག་གཉིས་པུས་མོའི་ནང་གཞག་སྟེ། ། དགང་གཟར་དང་ནི་བླུགས་ གཟར་བཟུང་། ། ཨགྣ་ཡེ་སྭཱ་ཧཱ་ཞེས་པས། དགང་བླུགས་བདུན་ནམ་གསུམ་བྱིན་ན། ། དེ་ནས་མེ་ནི་ཚིམ་གྱུར་པས། ། མི་འཇིགས་པ་ནི་ཆེན་པོ་སྟོན། ། མེ་ཏོག་སོ་རྩི་ན་བཟའ་སོགས། ། བསྟོད་པས་ཀྱང་ནི་མཉེས་བྱ་སྟེ། ། དེ་ནས་འཐོར་འཐུང་བྱིན་ ནས་ནི། ། མེ་ནི་ཡང་དག་གནས་པར་བསམ། ། ཨོཾ་བོ་དྷི་བྲཱི་ཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏ་ཐ་ཡིའོ། ། ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། བླག་ཤ་ཡིའོ། ། ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམ་བཱ་རའི་འོ། །
BOཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཤིང་འོ་མ་ཅན་རྣམས་ཀྱིའོ། ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ ཡ་སྭཱ་ཧཱ། ཏིལ་རྣམས་ཀྱིའོ། ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པ་རྣམས་ཀྱིའོ། ། ཨོཾ་སརྦ་སམ་པ་དེ་སྭཱ་ཧཱ། ཞོ་དང་ཟས་ཀྱིའོ། ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་འོ། ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་རྣམས་ཀྱིའོ། ། དེ་ནས་སྙིང་གའི་པདྨའི་གདན་ལ་ རང་གི་ལྷའི་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམ་པར་བྱ་སྟེ། དེ་ནས་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པར་བྱའོ། ། མེ་ཡི་སྙིང་གའི་དབུས་སུ་ནི། ། སྐད་ཅིག་རྣམ་པས་རྣམ་པར་བསམ། ། བསང་ གཏོར་འཐོར་འཐུངསོགས་མཆོད་དང་། ། མཆོད་ཡོན་ཞབས་བསིལ་བསྟོད་པས་མཆོད། ། རང་ལྷའི་ས་བོན་བཟླས་པ་ཡིས། ། ཐེ་ཚོམ་མེད་པར་སྦྱིན་སྲེག་བྱ། ། ལྷ་རྣམས་སོ་སོར་ཕུལ་ནས་ནི། ། ཕྱི་ནས་ཅི་འདོད་སྦྱིན་སྲེག་བྱ། ། གསུམ་དང་བདུན་དང་ལྷག་པར་ནི། ། ཇི་ སྲིད་བརྒྱ་སྟོང་བར་དེ་བཞིན། ། ཇི་ལྟར་ལས་ཀྱི་རྗེས་མཐུན་པར། ། མཁས་པ་ཡིས་ནི་སྦྱིན་སྲེག་བྱ། ། དེ་བཞིན་ཞུ་བའི་རྫས་ཀུན་ནི། །
BOདེ་ལྟར་མེ་ཡི་ཞལ་དུ་དབུལ། ། ཡམ་ཤིང་དང་ཀུ་ཤ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར་ལའོ། ། ཞལ་ཟས་དང་འཐོར་འཐུང་ལ་སོགས་པ་ ནི་ཕྱག་ཏུའོ། ། མེ་ཏོག་ནི་དབུ་ལའོ། ། བདུག་པ་ནི་འོད་ལའོ། ། བྱུག་པ་ནི་ཐུགས་ཀར་རོ། ། བསང་གཏོར་ནི་སྐུ་ལའོ། ། ཞབས་བསིལ་ནི་ཞབས་ལའོ། ། མར་མེ་མཆོད་ཡོན་ཞལ་ཟས་རྣམས། ། རིམ་པ་བཞིན་དུ་མདུན་དུ་དབུལ། ། སྔར་བཤད་ཆོ་ག་ཇི་ལྟ་བས། ། དཀྱིལ་ འཁོར་མཆོག་ནི་གཤེགས་སུ་གསོལ། ། འཇིག་རྟེན་སྦྱིན་སྲེག་ཡང་དག་རྫོགས། ། གལ་ཏེ་འཇིག་རྟེན་འདས་སྦྱིན་སྲེག ། ཉིན་མོ་འཇིག་རྟེན་སྦྱིན་སྲེག་སྟེ། ། དེ་བཞིན་མཚན་མོ་འཇིག་རྟེན་འདས། ། རྣལ་འབྱོར་རྣལ་འབྱོར་མ་རྣམས་འདུས། ། བཟའ་དང་བཏུང་ བའི་ཁྱད་པར་དང་། ། ཅ་ཅོའི་སྒྲ་ཡི་སྤྲོ་བ་ཆེ། ། གླུ་དང་གར་གྱི་དགའ་བདེ་བ། ། རང་གི་ལྷ་ཡི་རྣལ་འབྱོར་གྱིས། ། དེར་ནི་ཙ་རུའི་སྦྱིན་སྲེག་བྱ། ། མངོན་འདོད་བྱ་བ་གསོལ་བཏབ་ན། ། འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། ། རྗེས་ སུ་མཐུན་པའི་དངོས་གྲུབ་སྩོལ། ། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། ། ཇི་ལྟར་བདེ་བར་བཞུགས་སུ་གསོལ། ། གང་ཡང་ཚངས་པ་ལ་སོགས་པའི། །
BOལྷ་འམ་འབྱུང་པོ་གང་ཞིག་ལ། ། དང་པོར་སྦྱིན་སྲེག་སྦྱིན་པར་བྱ། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་མུ་ཀ་སྱ་ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མངོན་འདོད་བྱ་བ་གསོལ་བཏབ་ན། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། དེ་ནས་སྔགས་པ་མཉམ་གཞག་ཅིང་། ། མཁས་པས་མདོག་དང་སྒྲ་དང་ནི། ། དྲི་དང་འབར་བའི་དབྱིབས་བརྟགས་ཏེ། ། དེ་ལྟར་མེ་ཡི་དགེ་མི་དགེའི། ། ལྟས་ནི་ཉེ་བར་མཚོན་ པར་བྱ། ། མེ་ནི་རྩེ་མོ་གཅིག་ཏུ་འབར། ། ཕུན་སུམ་ཚོགས་པ་ཀུན་བྱེད་པའོ། ། རྩེ་མོ་གཉིས་རབ་མི་གཡོ་བར། ། མཚུངས་པར་འབར་ན་བར་མར་ཤེས། ། རྩེ་མོ་བཞི་ནི་མཉམ་དུ་འབར། ། རྒྱས་ཤིང་དངོས་གྲུབ་བརྟན་པར་གནས། ། ཀུནྡ་ཟླ་བ་ལྟ་བུའི་མདོག ། སྣུམ་ཞིང་ བཻ་ཌཱུརྱཡི་འོད། ། དྲི་མེད་མེ་ནི་དུ་བ་མེད། ། ནད་མེད་རིགས་ནི་འཕེལ་བར་བྱེད། ། ཟླ་བ་ཆུ་ཤེལ་ནོར་བུའི་འོད། ། ཁ་བ་ཡི་ནི་མདོག་ལྟ་བུ། ། ནོར་བུ་པུཥྤ་ར་གའི་མདོག ། སྡིག་པ་ཐམས་ཅད་འཇིག་བྱེད་ཡིན། ། མེ་ཏོག་བན་དྷཱུ་ཀ་ལྟ་བུ། ། ཛ་བའི་མེ་ཏོག་གི་ནི་མདོག ། བཙོ་ མ་གསེར་གྱི་མདོག་ལྟ་བུ། ། དབང་ཕྱུག་རྒྱལ་སྲིད་རབ་ཏུ་སྟེར། ། ཙམ་པ་པདྨ་ཨུཏྤལ་དྲི། ། ཨུ་ཤི་ར་དང་མཱ་ལ་ཏི། །
BOཤཱི་ཏ་གནྡྷའི་དྲི་མཚུངས་པ། ། ག་པུར་ཨ་ཀ་རུ་ཡི་དྲིས། ། དགེ་ཞིང་གནས་ཀྱི་བདག་པོ་མཆོག ། པི་ཝང་རྒྱུད་{མངས་,མང་}རྫ་རྔ་དང་། ། དུང་དང་ཟངས་དུང་ལྟར་སྒྲ་ སྙན། ། ཤིན་ཏུ་ཟབ་པའི་སྒྲ་སྙན་པའི། ། མེ་མཐོང་བདེ་བ་འབྱུང་བར་བྱེད། ། དཔལ་བེའུ་གདུགས་དང་དུང་ལྟ་བུ། ། གང་ཞིག་རྩེ་གསུམ་བུམ་པའི་དབྱིབས། ། རྒྱལ་མཚན་རྔ་ཡབ་རྡོ་རྗེ་བཟང་། ། གཡུང་དྲུང་རྟ་དང་གླང་པོའི་དབྱིབས། ། སྒྲ་མེད་གཡས་སུ་འཁྱིལ་ པ་དང་། ། མེ་ལྕེ་གཅིག་འབར་དོན་ཆེར་སྟེར། ། འདི་དག་དགེ་བ་ཕུན་སུམ་ཚོགས། ། ཚེ་དང་ནད་མེད་རབ་སྟེར་བའི། ། གཡོ་ཞིང་མདུན་གྱི་ཕྱོགས་སུ་འབར། ། རྩེ་གསུམ་དུ་བའི་ཚོགས་མང་དང་། ། འཁོར་ཞིང་མེ་སྟག་དང་བཅས་པ། ། རྣམ་པར་འཕྲོ་བས་ནད་འཕེལ་བྱེད། ། མེ་གང་ཡང་ཡང་རབ་ཏུ་འདར། ། ཡང་ཡང་རྩུབ་པར་རྒོད་པ་དང་། ། ཡང་ཡང་གཡོན་དུ་འཁོར་བ་དང་། ། ཡང་ཡང་ས་ལ་མེ་ལྕེ་རེག ། ཐིག་ལེ་ནག་པོ་སོལ་བའི་མདོག ། མྱུར་དུ་རིགས་ནི་ཟད་འགྱུར་ཞིང་། ། གང་ཞིག་རྒྱལ་པོའི་དྲུང་གནས་པའི། ། སྡེ་དང་བདག་པོ་འཇོམས་ པར་སྟོན། ། མདོག་མེད་དུ་བའི་མདོག་ལྟར་གནག ། མདོག་ལྗང་སྣ་ཚོགས་མདོག་རྩུབ་པ། ། པ་ལ་ཤ་དང་འབྲུ་མར་མདོག །
BOའདིས་ནི་དོན་རྣམས་ཉམས་པར་བྱེད། ། རོའི་དྲི་ཉ་ཡི་དྲི་ལྟར་ངན། ། ཆུ་སྐྱེས་སྲོག་ཆགས་དྲི་དང་ལྡན། ། ཇི་སྟེ་མེ་ནི་འདི་ལྟར་མཐོང་། ། གཙོ་བོ་རྣམ་ པར་ལྟུང་ཞེས་སྟོན། ། ཙེག་ཙེག་བཅས་པའི་སྒྲ་འབྱུང་ཞིང་། ། ཧུར་ཧུར་གྱི་ནི་སྒྲ་གང་ལྡན། ། སིམ་སིམ་གྱི་ནི་སྒྲ་བདག་ཉིད། ། རྡོ་རྗེའི་སྒྲས་ནི་དོན་ཉམས་བྱེད། ། མདུང་དང་རལ་གྲི་མདའ་དང་སྦྲུལ། ། རྔ་མོ་བ་ལང་མགོ་འདྲ་གང་། ། འཇིགས་པའི་རྣམ་པ་འདི་ལྟར་མཐོང་། ། དེའི་མདུན་བཟོད་པར་མཛོད་ཅིག་ཅེས། ། འདི་ལྟར་ལན་གསུམ་བརྗོད་ནས་ནི། ། ཡོན་བདག་ཁྱིམ་དུ་ཞི་བདེ་དང་། ། བདེ་ལེགས་ཆོ་གའི་རིམ་པ་བྱ། ། དེ་ནས་གཞན་ཡང་སྦྱིན་སྲེག་གི། ། ཡན་ལག་ཀུན་འབྱུང་འབྲས་རབ་བ་བཤད། ། ས་དང་ས་བཞི་ཞིང་བྱས་པའི། ། ཐབ་ཀྱི་ ཡན་ལག་ཡོན་བདག་རྒྱས། ། མར་གྱིས་འབྱོར་པ་ཐམས་ཅད་བྱེད། ། ཡམ་ཤིང་གཟི་བརྗིད་རྣམ་འཕེལ་བའོ། ། བུད་ཤིང་ལྷག་པར་དཔའ་བར་བྱེད། ། ཀུ་ཤས་ཐམས་ཅད་སྲུང་བར་བྱེད། ། ཡུངས་ཀར་དཀར་པོས་ཞི་བར་བྱེད། ། འབྲས་ཀྱིས་རྒྱས་པར་བྱེད་པར་བཤད། ། ཏིལ་གྱིས་སྡིག་པ་འཇོམས་རིག་བྱ། ། སོ་བས་ནོར་དང་འབྲུ་རྣམས་འགུགས། ། མཱ་ཥས་སྟོབས་ནི་ཆེན་པོར་བྱེད། །
BOནས་ཀྱིས་རླུང་གི་ཤུགས་རབ་སྟེར། ། དཱུར་བས་ཚེ་ནི་འཕེལ་བར་བྱེད། ། གྲོ་ཡིས་ནད་ནི་འཇོམས་པར་བྱེད། ། འོ་མ་སྦྲང་རྩིས་ཤེས་རབ་འཕེལ། ། ལག་པན་ གྱིས་ནི་བདེ་ཀུན་སྟེར། ། མེས་ནི་འདོད་དོན་དངོས་གྲུབ་སྟེ། ། ། རབ་འདོད་ལྷས་ནི་གྲོལ་བར་སྩོལ། ། ལྷག་མ་ལས་ཀྱི་རྗེས་མཐུན་པར། ། ཞི་སོགས་ལས་བྱས་ཤེས་པར་བྱ། ། དགང་གཟར་ཤེས་རབ་བླུགས་གཟར་ཐབས། ། དེ་གཉིས་སྦྱར་བ་གཉིས་མེད་བསྒོམ། ། དེ་ལས་ངེས་ འབྱུང་མར་གྱི་རྒྱུན། ། ཡེ་ཤེས་ཆེན་པོའི་བདུད་རྩིར་འདོད། ། རྒྱུ་དང་མི་རྒྱུའི་བདག་ཉིད་ཀྱི། ། མེ་ནི་དེ་ཡིས་ཡང་དག་མཆོད། ། འདི་ལྟར་སྦྱིན་སྲེག་གང་བྱེད་ལ། ། སྐལ་བཟང་དངོས་གྲུབ་རབ་ཏུ་སྟེར། ། འདི་ནི་སྦྱིན་སྲེག་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གསུམ་ པའོ། ། ། ། དེ་ནས་ལས་ནི་རབ་འབྱམ་འབྱུང་། ། དངོས་གྲུབ་སྣ་ཚོགས་གོ་འཕང་སྔགས། ། སྣ་ཚོགས་ལས་ཀྱི་འབྲས་འབྱུང་བ། ། ཡང་དག་པར་ནི་རབ་ཏུ་བཤད། ། ཨོཾ་ན་མཿཤྨ་ཤཱ་ན་པཱ་སི་ནེ་། མ་ཧཱ་ཀཱ་ལ་ཨ་ནུ་ཙཱཪྻ། ཏདྱ་ཐཱ། ཨོཾ་ཙ་ལ་པྲ་ཙ་ལ། ལཱ་ ལ་ལཱ་ལ་ཡ། དེ་བ་ལིངྒ་སྭཱ་ཧཱ། བསྙེན་པ་ཁྲི་བྱས་ཏེ།
BOམཚན་ཕྱེད་ན་ལིང་ག་བཟུང་ལ་ཇི་སྲིད་འོངས་ཀྱི་བར་དེ་སྲིད་དུ་བཟླས་པར་བྱ་སྟེ་གོང་བུ་དགུག་པའོ། ། ཨོཾ་ཙ་མུཎྜེ་དྷུ་མ་ཀེ་ཤི། དྷཱུ་མ་བིངྱུ་ཛྫི་ཧྭེ། ཧ་ན་ཧ་ན། པ་ཙ་པ་ཙ། དེ་བ་དཏྟཾ་ཨཱ་ན་ཡ་སྭཱ་ཧཱ། རྐང་པ་གཡོན་པའི་མཐིལ་ དུ་སེན་རྩིས་རི་རབ་བྲིས་ལ། དེའི་ནང་གི་ཟུར་གྱི་ཆ་ལ་ཡི་གེ་ཧྲཱིཿབཞི་དབུས་སུ་སྔགས་ཀྱི་ཚིག་བྲིས་ཏེ། གནོན་ཅིང་བཟླས་ན་དབང་དུ་བྱེད་པའི་མཆོག་ཡིན་ནོ། ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ་ཡོ་སཽ་མཱ་ར་ཡ་ཧཱུྃ་ཕཊ། གྲོག་མཁར་གྱི་ས་བའི་རྣམ་པ་ལྔ་དང་བསྲེས་ པ་ལས་མཐོ་གང་ཙམ་གྱི་བཱ་སུ་ཀི་བྱས་ཏེ། ཀ་ར་བཱི་རའི་ལྕུག་མས་ཆུ་གཏོར་ཞིང་། གུ་གུལ་གྱིས་བར་མ་ཆད་པར་བདུགས་ཏེ། དཀར་གསུམ་གྱི་གཏོར་མ་བྱིན་ན་ཉི་མ་བདུན་ན་ཆུའི་རྒྱུན་འབེབས་པར་བྱེད་དོ། ། ཅི་སྟེ་མི་འབེབས་ན་ཉི་མ་བདུན་པ་ལ་དུམ་བུ་དུམ་བུར་བྱས་ཏེ་བུམ་ པར་བཅུག་སྟེ་ཆུ་བོ་ལ་བསྐུར་ན་ཆར་འབེབས་པར་འགྱུར་རོ། ། ཆར་དབབ་པའི་གོ་ཆའོ། ། ཨོཾ་ག་ག་ཨ་རི་ག་ག་སྭཱ་ཧཱ། སྔགས་འདིས་གདོང་བཀྲུས་ཏེ། རྡོ་བ་ལ་ལན་བདུན་བཟླས་པ་བྱས་ན་སུ་ཡང་རུང་བའི་སྒོའི་བུ་གར་བཅུག་ན་ཁ་བཅིང་བ་བྱེད་པར་འགྱུར་ རོ། །
BOཨོཾ་མཱུ་ཀཱ་སྟིཥྛནྟི་མཱུ་ཀཱ་གཙྪནྟི་མུ་ཀཱཿཀཱ་དྷྱནྟི་ལཱཾ་ག་བཾ། མཱུ་ཀཱ་ནཱཾ་མཱུ་ཏྲ་པུ་རི་ཥེ་ཎ། དེ་བ་དཏྟ་སྱ་མུ་ཁཾ་བནྡྷཱ་མི་སྭཱ་ཧཱ། ཁྱུ་མཆོག་གི་ལྕི་བ་ས་ལ་མ་ལྷུང་བ་བླངས་ཏེ། གང་སུ་ཡང་རུང་བའི་བུ་གར་གཞུག་པ་བྱས་ན་ཐ་སྙད་བརྗོད་པའི་ཁ་བཅིང་བར་འགྱུར་ཏེ། བཀླགས་པས་ འགྲུབ་པའོ། ། ཨོཾ་ན་མོ་ནི་ཁཱ་བྷཻ་ར་བཱ་ཡ། ཙི་རི་ཙི་རི་ཀི་རཱ་ཏ་རཱུ་པེ་ཎ། མུ་ཥི་ཀཱ་ཏུཎྜཾ་བནྡྷཱ་མི། མརྐྐ་ཊོ། ཤྲིཾ་གཱ་ལ། ས་རྤྤཽ་རཱྀ་ཀྵོ་བཱ་རཱ་ཧཱ་དཱི་ནཱྃ། སི་རི་སི་རི། ཁི་ལི་ཁི་ལི་སྭཱ་ཧཱ། སྔགས་འདིས་ལག་པ་ཡ་གཅིག་གམ། རྡོ་བ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ ཁྱིམ་མམ། ཞིང་ངམ་ལྡུམ་རའི་ཟུར་བཞིར་རྡོ་བ་བཅུག་ན་ཉེ་བར་འཚེ་བ་མེད་པར་འགྱུར་རོ། ། ཡང་ན་དུག་དང་། ལན་ཚྭ་དང་། སྐེ་ཚེ་དང་། ཡུངས་ཀར་དང་། ལ་ཕུག་གི་ས་བོན་དང་། དྷ་དུ་རའི་ས་བོན་དང་། ནག་པོ་ཆེན་པོའི་ས་བོན་གྱི་རྫས་འདི་དག་མ་ཧེ་དང་ཕག་པ་དང་ ཅེ་སྤྱང་རྣམས་ཀྱི་ཁྲག་དང་བསྲེས་ཏེ། ཡང་དག་པར་སྦྱར་ནས་བཅུ་བཞིའི་ཉི་མ་ལ་མེ་ཏོག་དང་། བདུག་པ་ལ་གཏོར་མ་བྱས་ཏེ། དེའི་རྗེས་ལ་ལག་པ་གཡས་པས་ཡང་དག་པར་བཟུང་སྟེ།
BOགཡོན་པས་སྡིགས་མཛུབ་བྱས་ནས་ཁྲོ་བོའི་ངག་གིས་བཟླས་ཏེ། ཕྱོགས་བཞིར་སྦས་ན་ མཚམས་བཅད་པ་དང་ར་བ་བྱས་པར་འགྱུར་རོ། ། ཨོཾ་ཧྲཱིཾ་པྲཱིཾ་ཧཱུྃ་ཕཊ་བིཊྚ་བིཊྚ་སྭཱ་ཧཱ། སྔགས་འདི་བ་ལང་གི་ལྕི་བ་ལ་མངོན་པར་བསྔགས་ཏེ་ཆུའི་གནས་སུ་བཅུག་ན་ཞོ་རྣམས་རྣམ་པར་ཆུད་ཟོས་པར་འགྱུར་ཏེ། འོ་མ་གཏོར་བས་ནི་གྲོལ་བར་འགྱུར་རོ། ། ཨོཾ་རེ་བནྟ་སྭཱ་མི་ནེ། ཏྲཻ་ལོ་ཀྱཱ་དྷི་པ་ཏ་ ཡེ། ཀུ་རུ་ཀུ་རུ། གཙྪ་གཙྪ། བྷ་ཀྵ་ཡ་བྷ་ཀྵ་ཡ། ནེ་ཏྲ་རོ་གཱ་སི་རི་སི་རི། ནཱ་ཤ་ཡ་ནཱ་ཤ་ཡ་ཧཱུྃ་ཕཊ་ཕཊ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། མིག་ནད་ལ་བྱ་བ་པའི་སྔགས་སོ། ། ཨོཾ་ཨ་རུ་ཎེ་ཧཱུྃ་ཕཊ་སྭཱ་ཧཱ། ཆུ་ལ་ཡོངས་སུ་བཟླས་ཏེ། མིག་བཀྲུས་ན་མིག་ནད་འཇོམས་པར་འགྱུར་རོ། ། སྨན་བ་ལའི་རྩ་བ་དུམ་ བུ་བདུན་དུ་བྱས་ཏེ། ལག་པ་ལ་བཅིངས་ན་རིམས་འཇོམས་པར་འགྱུར་རོ། ། ཨ་པཱ་མརྒའི་རྩ་བ་བཅིངས་ན་རིམས་ཉིན་བཞི་པ་འཇོམས་པར་འགྱུར་རོ། ། ཤིང་སཔྟ་པརྞ་བླངས་ཏེ། སྒོ་རྩའམ་ལམ་དུ་སྦས་ན་ཆང་རྣམ་པར་ཉམས་པར་འགྱུར་ཏེ། བཏོན་ན་ནི་གྲོལ་བར་འགྱུར་རོ། ། ཨོཾ་ནམ་ཤྩཎྜཱཾ་ཀུ་ཤ་ཀུ་ལུ་ཀུ་ལུ་སྭཱ་ཧཱ། ཕུག་རོན་གྱི་བྲུན་དང་། ལྷམ་བུ་ཆུ་གཤེར་དང་། སྟོང་ཟིལ་དང་། གུ་གུལ་དང་།
BOཤིང་ཚ་དང་། ཆུ་སྲིན་སེན་མོ་དང་། རུ་རྟ་དང་། གསེར་ཤིང་གི་འབྲས་བུ་སྟེ། འདི་རྣམས་དེ་བཞིན་དུ་བུ་རམ་དང་སྦྱར་ལ་སྤོས་སུ་བྱས་ཏེ། ཟོང་གི་སྣོད་ཐམས་ ཅད་ལ་བདུགས་ན་ཚོང་པ་རྣམས་རྙེད་པ་བཟང་བར་འགྱུར་རོ། ། ཨོཾ་ན་མོ་བྷ་ག་ཝ་ཏི་སུཥྐ་མུ་ཁི་ཙཱ་མུཎྜེ་ཙི་རི་མི་རི་པཱ་ཏཱ་ཀེ། ཨ་མུ་ཀཾ་བ་ཤ་མཱ་ན་ཡ་སྭཱ་ཧཱ། རུ་རྟ་ཤུ་དག་དབང་པོའི་ནས། ། ཡུངས་ཀར་ཏ་ཀ་རའི་མེ་ཏོག ། སུག་སྨེལ་དེ་བཞིན་ཀླུའི་མེ་ཏོག ། སརྫ་ར་ས་ཆ་མཉམ་བྱས། ། དེ་དག་གིས་ནི་རྫས་ལ་བདུགས། ། ཚོང་ནི་མྱུར་དུ་འོང་བར་འགྱུར། ། ཡི་གེ་ཡ་གཉིས་ཁ་སྦྱར་བྱས། ། དབུས་སུ་མིང་ནི་སྦྱར་བྱས་ཏེ། ། རླུང་གིས་ཁྱེར་བའི་ཤིང་ལོ་གཟུང་། ། དེ་ཡི་ལོ་མ་ལ་བྲི་བྱ། ། ཁྭ་ཡི་སྒྲོ་ཡི་སྨྱུ་གུ་དང་། ། སྣག་ཚ་དུག་དང་སྐེ་ཚེ་དང་། ། དུར་ཁྲོད་སོལ་བ་མཉམ་ ལྡན་པས། ། ལེགས་པར་བསངས་ཏེ་བྲིས་ནས་མཆོད། ། སྐག་དང་མིག་དམར་ཉིན་མོ་ལ། ། ཚུབ་མའི་རླུང་ལ་ཕྱར་བའམ། ། ཆུ་བོའི་རྒྱུན་ལ་བསྐུར་བྱས་ན། ། དགྲ་ནི་སྐྲོད་པ་ཉིད་དུ་འགྱུར། ། མཚན་མ་གཅིག་པའི་སར་མཚན་མོ་སོང་སྟེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཞེས་ པ་བདག་ཉིད་ཆེན་པོས་སྔགས་བཟླས་པར་བྱ་སྟེ།
BOབསྐྲད་པའི་རབ་ཏུ་སྦྱོར་བའོ། ། བ་ཡི་ལྕི་བ་ས་ལ་མ་ལྷུང་བ་ལས་སོར་བཅུ་དྲུག་པའི་གཟུགས་བརྙན་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་མིང་མངོན་པར་བྲིས་ལ། དེའི་ནང་དུ་བཅུག་སྟེ། ཁྲོ་བ་དང་བཅས་པས་དེའི་ཁ་ཟན་གྱིས་བཀག་ ལ། རོའི་སྐྲའི་སྲད་བུས་དཀྲིས་ཏེ། ཡང་ཁྲོ་བས་ལན་བདུན་བཟླས་པའི་གཏུན་ཤིང་གིས་དེའི་ཁར་བསྣུན་པར་བྱས་ན་མནན་པར་འགྱུར་རོ། ། ལག་པ་གཡོན་པ་ལ་ལྡོང་རོས་ཀྱིས་གཟུགས་བརྙན་བྲིས་ཏེ། མར་མེའི་རྩེ་མོ་ལ་གདུང་ན་དབང་དུ་བྱེད་པའི་ཆོ་གའོ། ། རླུང་གི་ཕྱོགས་ སུ་མཎྜལ་ཉེ་བར་བྱུགས་ཏེ། གྲོ་གའི་འདབ་མ་ལ་ལྷས་བྱིན་གྱི་མིང་དང་སྤེལ་བ་བྲིས་ལ་ཟན་གྱི་གོང་བུའི་དབུས་སུ་བཅུག་སྟེ། བྱ་རོག་ལ་བྱིན་ན་བསྐྲད་པར་འགྱུར་རོ། ། རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ལ་སྣོད་བྱས་ཏེ། སྟོང་རྩ་བརྒྱད་ཡོངས་སུ་བཟླས་ ནས། དབུགས་མི་འབྱིན་པར་ཆུའི་ནང་དུ་གཞག་ན་གྲོང་བརྟན་པར་འགྱུར་རོ། ། དེ་ནས་དགྲ་གསད་པར་འདོད་ན་སྤྲ་ཚིལ་ལམ་བག་ཟན་ལས་གཟུགས་བརྙན་བྱས་ལ་ཆོས་གོས་ཀྱི་རས་ཀྱིས་གཟུགས་བརྙན་དེའི་གདོད་ནས་བརྩམས་ཏེ་རྐང་པའི་བར་དུ་དཀྲིས་ལ་ལེགས་པར་སྦས་ཏེ།
BOདེའི་ སྟེང་དུ་ལག་པ་གཞག་ལ་མིང་དང་སྤེལ་བའི་སྔགས་སྟོང་དུ་གཅིག་གིས་མ་ཚང་བ་བཟླས་ནས། ལྷའི་ཁང་པའི་ཕྱོགས་གཅིག་ཏུ་གཞག་སྟེ། སྙིང་གར་སེང་ལྡེང་གི་ཕུར་བུ་བཏབ་ལ། ཕུར་བུའི་སྟེང་དུ་དུས་གསུམ་དུ་ཆུ་ཚན་བླུགས་ཤིང་ཁྲོ་བས་ཡོངས་སུ་བཟླས་ན་བརླག་པར་ འགྱུར་རོ། ། ཡུངས་ཀར་ལྔ་རྣམས་ཁྲག་དང་བསྲེས་པ་དང་། འབྲུ་མར་ཚ་བ་དང་བྷ་ལ་ཏ་ཀ་བསྲེས་པ་དང་། ། ལྕགས་ཀྱི་ཕྱེ་མ་རྣམས་བསྲེས་ཤིང་སྦྱར་ཏེ། དགྲའི་མིང་ནས་བཟུང་ནས་སྦྱིན་སྲེག་སྟོང་ཕྲག་གཅིག་བྱས་ན་དེ་སྐད་ཅིག་ལ་གསོད་པར་འགྱུར་རོ། ། ཡུངས་ཀར་ སེར་སྐྱ་ཁྲག་དང་བསྲེས་པ་དང་། འབྲུ་མར་ཚྭ་དང་། བྷ་ལ་ཏ་ཀ་བསྲེས་ལ་དགྲའི་མིང་ནས་བཟུང་ནས། དུར་ཁྲོད་ཀྱི་མེ་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བསྒྲུབ་བྱ་བར་ད་བྱེད་ཀྱིས་གསོད་པར་འགྱུར་ཏེ། ཁྲག་སྐྱུག་པར་འགྱུར་ཞིང་རིམས་སམ་གཟེར་ནད་ཀྱིས་འཆི་བར་འགྱུར་ རོ། ། དུར་ཁྲོད་ཀྱི་ཐལ་བ་ལས་དགྲའི་གཟུགས་བརྙན་བྱས་རྐང་པ་གཡོན་པས་མནན་ལ། སྐྲ་གྲོལ་ཞིང་ཁྲོས་པས་ལྷོར་བལྟས་ཏེ། གང་གི་མིང་ནས་བཟུང་ནས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དགྲ་མྱུར་དུ་འཆི་བར་འགྱུར་རོ། །
BOཏིལ་དམར་པོ་དང་མེ་ཏོག་པྲི་ཡང་ཀུ་མར་དང་ བསྲེས་ཏེ། ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མཆོག་ཏུ་སྐལ་བ་བཟང་པོར་འགྱུར་རོ། ། ཏིལ་དཀར་པོ་དང་འབྲས་དཀར་པོ་མར་དང་བསྲེས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ནོར་དང་འབྲུ་འཕེལ་བར་འགྱུར་རོ། ། ཐམས་ཅད་དུ་བླ་མ་དང་བྲལ་བས་ནི་མ་ཡིན་ནོ། ། ཀ་ར་བཱི་ རའི་མེ་ཏོག་གཉིས། ། དེ་བཞིན་དུ་ནི་ཙནྡན་གཉིས། ། རུ་རྟ་ཤིང་ཚ་ཡུང་བ་སེར། ། མེ་ཏོག་ཤིང་དང་ཡུང་བ་གནག ། དེ་བཞིན་དུ་ནི་ཨུཏྤལ་གསུམ། ། པདྨའི་གེ་སར་དེ་བཞིན་ཏེ། ། པྲི་ཡང་ཀུ་དང་མེ་ཏོག་བརྒྱ། ། དེ་བཞིན་དོན་གྲུབ་དཀར་པོ་དང་། ། ནི་ར་གུཎྜི་དང་འབྱུང་པོའི་ སྒྲ། ། གིའུ་ཝང་གེ་སར་ཚ་བ་གསུམ། ། དེ་བཞིན་ཆུ་ཡི་ས་བོན་ཏེ། ། ལྡོང་རོས་དང་ནི་འབྲས་བུ་གསུམ། ། ནིམ་པའི་ལོ་མ་ཨུ་ཤི་ར། ། ཀ་ར་ཉྫ་ཡི་འབྲས་ས་བོན། ། ཤིང་ཀུན་བྷལླཱ་ཏ་ཀ་སྟེ། ། འདི་ལྟར་ཉི་ཤུ་རྩ་ལྔ་ནི། ། ཆ་མཉམ་དུ་ནི་བྱས་ནས་སུ། ། རྒྱལ་དང་ཉི་མ་ལ་སྦྱར་ནས། ། བ་ཡི་ རྣམ་ལྔ་དང་བཏགས་ཏེ། ། ཅི་འདོད་རིལ་བུ་བྱས་ནས་ནི། ། ཉི་མ་ལ་ནི་བསྐམ་པར་བྱ། ། མར་ངོའི་ཚེས་བརྒྱད་ཁྱད་པར་ལ། ། མཆོག་ཏུ་སྨྱུང་བར་གནས་གྱུར་པས། །
BOརང་འདོད་ལྷ་ཡི་མདུན་དུ་ནི། ། བརྒྱད་སྟོང་དུ་ནི་བཟླ་བར་བྱ། ། ཆོ་ག་འདི་ལྟར་སྔར་བྱས་ནས། ། རབ་གནས་སྦྱིན་སྲེག་གིས་ རྫོགས་བྱ། ། བཅང་དང་མིག་སྨན་བྱུག་པ་དང་། ། མགོ་ལ་སྔར་ནི་སྦྱར་བྱས་ན། ། དེ་ཡི་མོད་ལ་སྐྱོན་ཀུན་ལས། ། གྲོལ་བར་འདིར་ནི་ཐེ་ཚོམ་མེད། ། བྱིས་པ་རྣམས་ཀྱི་མགོ་ལ་བསྐུས་ན་བྱིས་པའི་གདོན་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ། གདུག་པའི་གདོན་གྱིས་ཟིན་པ་ལ་བདུག་པར་ བྱས་ན་རབ་ཏུ་གྲོལ་བར་འགྱུར་རོ། ། རིམས་ཐམས་ཅད་ལ་མགོ་ལ་བྱུག་པ་བྱས་ན་རིམས་མེད་པར་འགྱུར་རོ། ། མང་པོའི་དབུས་སུ་རྩོད་པའི་ཚེའམ་རྒྱལ་པོའི་སྒོར་འགྲོ་བ་ན། དཔྲལ་བར་བྱུགས་ན་དེ་རྒྱལ་བར་འགྱུར་རོ། ། སྐྲའི་རྩེ་མོ་ལ་བྱུགས་ན། བུད་མེད་དབང་དུ་འགྱུར་བས་གཞོན་ནུ་ མ་རྣམས་འཛིན་ཅིང་སྐལ་བ་བཟང་པོར་འགྱུར་རོ། ། བུད་མེད་བུ་མི་ཕྱིན་པ་རྣམས་ཀྱི་ལྟེ་བ་དང་སྐྱེ་གནས་སུ་བྱུགས་ན་མྱུར་དུ་འབྱུང་བར་འགྱུར་རོ། ། མཛེའི་ནད་ཐམས་ཅད་ལ་བ་ལང་གི་ཆུ་དང་ལྷན་ཅིག་འཐུངས་ན་བདེ་ལེགས་སུ་འགྱུར་རོ། ། མངལ་མི་ཆགས་པ་རྣམས་ལ་དཔྱིད་ཀྱི་དུས་ སུ་བའི་རྣམ་ལྔ་དང་ལྷན་ཅིག་འཐུངས་ན་མངལ་ཆགས་ཤིང་བུ་དང་ལྡན་པར་འགྱུར་རོ། །
BOཁྲག་གིས་གཟེར་བ་ལ་འབྲས་ཀྱི་ཆུ་དང་ལྷན་ཅིག་འཐུངས་ན་ཟུག་གཟེར་རབ་ཏུ་ཞི་བར་འགྱུར་རོ། ། མིག་ན་བ་ལ་མགོ་ལ་བྱུགས་ན་མིག་ནད་འཇོམས་པར་འགྱུར་རོ། ། མཆེ་བའི་དུག་གིས་ཟིན་ པ་ལ་མཆིལ་མས་བསྐུས་ན་དུག་མེད་པར་འགྱུར་རོ། ། རྟག་ཏུ་བཅངས་ན་སེང་གེ་དང་སྟག་དང་དོམ་ལ་སོགས་པ་ནགས་ཀྱི་བདག་པོ་རྣམས་དང་། སྡིག་པ་དང་རྟ་བླ་མོ་ལ་སོགས་པ་དང་། གདོན་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ཏེ། ཐམས་ཅད་དུ་བསྲུང་ བའི་མཆོག་དང་སྐྱེ་བོ་ཐམས་ཅད་ལ་སྡུག་པ་དང་སྐལ་བ་བཟང་པོར་འགྱུར་རོ། ། འདི་ནི་ལས་རབ་འབྱམ་གྱི་སྨན་གྱི་རབ་ཏུ་སྦྱོར་བ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བཞི་པའོ། ། ། ། དེ་ནས་གཞན་ཡང་བཅུད་ལེན་གྱི། ། ཆོ་ག་མཆོག་ནི་ཡང་དག་བཤད། ། གང་ཞིག་རྣམ་པར་ཤེས་ཙམ་གྱིས། ། ལུས་ནི་རྒྱས་པའི་མཚན་ཉིད་འགྱུར། ། ཟླ་བ་སི་ཧླ་གླ་རྩི་དང་། ། སྨན་དང་ཙནྡན་སེར་པོ་སྟེ། ། སོ་སོ་འམ་ནི་ལྷན་ཅིག་གིས། ། རྒས་དང་འཆི་བ་བླུ་བྱེད་པའོ། ། རིག་སྔགས་ལས་བྱུང་མཆོག་ཡིན་ཏེ། ། རང་རིགས་ལས་བྱུང་འབྲིང་དུ་ འདོད། ། ཐ་མལ་བུད་མེད་ལས་བྱུང་དམན། ། རྒན་དང་བྱིས་པའི་རྣམ་པར་སྤང་། ། མདོག་ནག་ལུས་ནི་རབ་ཏུ་བཟུང་། །
BOགཞོན་ཞིང་སྐྲ་ནི་སྣུམ་པ་དང་། ། མིག་འབྲས་ནག་ཅིང་དྲི་ཞིམ་གང་། ། དེ་ཡི་མེ་ཏོག་རབ་བསྔགས་ཏེ། ། མར་གྱི་ངོ་ཡི་དུས་འཚལ་ནི། ། མངོན་འདོད་ དངོས་གྲུབ་ཐམས་ཅད་སྟེར། ། ཡར་ངོར་འཛག་པ་མི་སྔགས་ཏེ། ། རྒས་པ་ལ་སོགས་བྱེད་པ་ཡིན། ། ཐོག་མ་ཐ་མ་རྣམས་སྤངས་པ། ། དག་པའི་ཤེལ་དང་མཚུངས་ཤིང་དག ། {རི་དགས་,རི་དྭགས་}ལྟེ་བ་རབ་བསྔགས་ཏེ། ། མཛེས་པའི་གླ་རྩི་ཡང་དག་བླང་། ། བསད་པར་གྱུར་པ་ཡང་ དག་གཙོ། ། མཆོག་གི་སྨན་ནི་གཟུང་བར་བྱ། ། འོ་མའི་སྟོན་མོ་སོགས་སྐྱེས་པའི། ། ཙནྡན་སེར་པོ་ཡང་དག་གཟུང་། ། མར་ནི་གསུམ་སྟེ་མགོ་སྐྱེས་དང་། ། སྦུབས་ལས་སྐྱེས་དང་ཤ་སྐྱེས་སོ། ། མགོ་སྐྱེས་མར་ནི་མཆོག་ཡིན་ཏེ། ། སྦུབས་ལས་བྱུང་བ་བར་མ་ཡིན། ། ཤ་ ལས་བྱུང་བ་ཐ་མ་སྟེ། ། བཅུད་ཀྱིས་ལེན་གྱིས་ཆོ་ག་མཆོག ། ཟླ་བས་ལུས་ནི་རྒྱས་པར་བྱེད། ། ཏུ་རུཥྐས་ནི་ཐམས་ཅད་སྲུང་། ། {རི་དགས་,རི་དྭགས་}ལྟེ་བས་ནད་འཇོམས་ཏེ། ། སྨན་གྱིས་ཞི་བར་བྱེད་པ་ཡིན། ། རྟག་ཏུ་བཞི་མཉམ་གྱུར་པ་ནི། ། སྔ་དྲོའི་དུས་སུ་རྒྱུན་དུ་བསྟེན། ། ཟླ་ བའི་རླུང་ནི་རྒྱུ་བ་ན། ། ཟླ་བའི་རྒྱུ་བ་བཏུང་བར་བྱ། ། ཉི་མའི་རླུང་ནི་རྒྱུ་བ་ན། །
BOཉི་མས་ཉི་མ་བཏུང་བར་བྱ། ། རྫས་འདི་དག་ནི་མཉམ་སྦྱར་བྱས། ། རྟག་ཏུ་སྣར་ནི་བླུགས་པར་བྱ། ། ཟླ་བ་དྲུག་ཏུ་སྦྱར་བྱས་ན། ། རྟག་པའི་ཚེ་ནི་འཕེལ་བར་འགྱུར། ། སྣ་སྒོ་གཡོན་དུ་རབ་བླུགས་ ན། ། ལས་ནི་ཡོངས་སུ་དག་གྱུར་པས། ། ཡར་ངོ་ཟླ་བ་ཇི་བཞིན་དུ། ། ནད་ཀུན་མེད་ཅིང་འཚོ་བར་འགྱུར། ། གནག་དང་སེར་བ་དང་བྲལ་ཞིང་། ། དྲི་མ་དྲི་མེད་རྣམ་པར་སྤངས། ། དང་བའི་ཆུ་ལྟར་གྱུར་གང་ལ། ། སྐྱོན་བཞི་དང་ནི་རྣམ་བྲལ་བའོ། ། རབ་མཛེས་དྲི་མ་མེད་ཅིང་ དགེ། ། ཅུང་ཟད་ཤེལ་དང་མཚུངས་པའི་འོད། ། དག་པའི་ཤེལ་ལྟར་གྱུར་པ་ཉིད། ། ལུས་ནི་བཅིང་བའི་མཆོག་ཡིན་ཏེ། ། ཉ་དང་ཤ་དང་དེ་བཞིན་ཆང་། ། བུད་མེད་ཉལ་པོ་རྣམ་པར་སྤང་། ། བརྟན་ཞིང་དུལ་ལ་སྦས་པ་ཡིས། ། རང་གི་ལུས་ནི་ཡོངས་སུ་བསྲུང་། ། སློབ་མ་དད་ལྡན་ལྷན་ཅིག་སྐྱེས། ། དབེན་པའི་ཕུག་ཏུ་རབ་ཞུགས་དེར། ། མྱོས་བྱས་གཏོར་མ་མཉམ་ལྡན་པས། ། ལྷ་རྣམས་ལ་ནི་མཆོད་པར་བྱེད། ། རང་གིས་ལྷག་པའི་ལྷར་སྦྱོར་བས། ། སྔགས་ནི་རྒྱུན་མི་འཆད་པ་བཟླས། ། སྦྱིན་དང་བསོད་ནམས་བྱ་བ་བྱ། ། སློབ་ མ་རྣམས་ནི་ཚིམ་པར་བྱ། ། ཁ་ན་མ་ཐོ་མེད་པའི་གནས། ། རྙེད་ནས་བགེགས་མེད་བྱས་ཏེ་གནས།
BO། བདེ་བའི་སྟན་རབ་ཐོབ་ནས་སུ། ། བློ་དང་ལྡན་པས་སྨྲ་མི་བྱ། ། ཇི་སྲིད་ཉི་མ་བདུན་གྱི་བར། ། རང་ལུས་ཡང་དག་དག་པར་བྱ། ། དེ་རྗེས་ལོ་ནི་བཅུ་སོགས་ཀྱི། ། བར་དུ་ ལས་ནི་བསྟེན་པར་བྱ། ། དངོས་གྲུབ་དུས་སུ་ལོ་གཉིས་ཀྱང་། ། མཁས་པས་རྟག་པར་ཡང་དག་བསྲུངས། ། ལོ་བཅུ་གཉིས་ནི་ཡང་དག་རྫོགས། ། གཉེར་མ་སྐྲ་དཀར་རྣམ་པར་སྤངས། ། སྣ་ཚོགས་ནད་ལས་རྣམ་པར་གྲོལ། ། ཟླ་བ་སྐར་མ་ཡོད་པར་འཚོ། ། ལྷ་དང་ལྷ་ མིན་མི་རྣམས་ཀྱིས། ། བུད་མེད་རྣམས་ལ་ཡིད་འོང་འགྱུར། ། རྫས་ནི་ལྔ་པོ་འདི་རྣམས་ཉིད། ། རྟག་པར་རྒྱུན་དུ་བཟའ་ཞིང་བཏུང་། ། ལས་འདི་དག་ནི་ཡང་དག་རྫོགས། ། འདོད་པའི་དངོས་གྲུབ་རབ་ཏུ་འཇུག ། འདོད་འཇོའི་བ་དང་མཉམ་པའི་ལུས། ། མཁའ་སྤྱོད་དངོས་གྲུབ་འཐོབ་ པར་འགྱུར། ། སོ་ཕག་ཚོས་འགྱུར་འདག་གུ་དང་། ། ནིར་གུནྜ་དང་བལ་གུལ་ཛ། ། སྨྱོ་བྱེད་འདབ་དང་ནི་རྱཱ་ས། ། གླ་རྩི་ཙནྡན་ལྡན་པ་དང་། ། བཱ་ལི་ཀ་དང་ཙོ་རར་ལྡན། ། རང་གིས་ལུས་ནི་དྲིལ་བྱས་ན། ། ནད་རྣམས་ཀུན་ལས་རྣམ་གྲོལ་ཞིང་། ། དུག་མེད་མདངས་དང་ ལྡན་པར་འགྱུར། ། འབྲས་བུ་གསུམ་དང་ཙནྡན་གྱི། ། ཕྱེ་མར་བཅས་དང་གླ་རྩི་ནི། །
BOབསིལ་དང་ལྷན་ཅིག་ལོ་གཅིག་འཐུངས། ། ནད་མེད་རྒས་པའང་མེད་པར་འགྱུར། ། འབྲས་བུ་གསུམ་དང་ཙནྡན་ཕྱེ། ། གླ་རྩི་ལྷན་ཅིག་བསྟེན་བྱས་ཏེ། ། ཟོས་ན་ཟླ་བ་དྲུག་ཙམ་གྱིས། ། ཚེ་རིང་ གཟུགས་དང་ལྡན་པར་འགྱུར། ། གླ་རྩི་འབྲས་བུ་གསུམ་དང་བཅས། ། རྡོ་ཡི་སྣོད་དུ་ཡང་དག་གཞག ། བགྲངས་ཏེ་གང་གིས་རྟག་འཐུངས་ན། ། རྒས་དང་ནད་མེད་ཡང་དག་འབྱུང་། ། ཙནྡན་ཀ་ས་ཡི་སྨན་གསུམ། ། མི་གང་གིས་ནི་ཟླ་དྲུག་ཟོས། ། དེ་ལ་འདོད་པའི་དངོས་གྲུབ་ནི། ། འབྱུང་བར་འདིར་ནི་ཐེ་ཚོམ་མེད། ། འདི་ནི་བཅུད་ཀྱིས་ལེན་གྱི་ཆོ་ག་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་ལྔ་པའོ། ། ། ། དེ་ནས་གཞན་ཡང་མྱོས་བྱེད་དང་། ། བཙོ་བ་ཡང་དག་རབ་བཤད་བྱ། ། རྒྱུད་རྣམས་ཀུན་ཏུ་གསང་ཆོ་ག ། ཇི་བཞིན་གཞན་ལ་བརྗོད་མི་བྱ། ། བདུད་རྩི་ བསྐྱེད་པའི་ཆེད་དུ་ནི། ། བཤད་ཀྱིས་གནོད་སྦྱིན་བདག་པོ་ཉོན། ། ཡེ་ཤེས་རྡོ་རྗེ་མན་ད་རར། ། གྲགས་ཏེ་མཁའ་དབྱིངས་འོ་མའི་འཚོ། ། འོ་མའི་རྒྱ་མཚོ་མཛེས་པ་ཡི། ། བདུད་རྩི་བསྲུབས་པ་ཙམ་གྱིས་ནི། ། དེ་ལས་སྐྱེས་པའི་ལྷ་མོ་ཆང་། ། བུ་མོ་འདོད་པའི་གཟུགས་ཅན་མ། ། ཉི་ མ་འཆར་ཀའི་མདོག་འདྲ་ཞིང་། །
BOརྒྱ་སྐྱེགས་ཁུ་བ་ལྟ་བུའི་འོད། ། རིན་ཆེན་ཀུན་གྱིས་བརྒྱན་པའི་ལུས། ། པདྨའི་མདོག་དང་མཚུངས་པའི་འོད། ། ཡི་གེ་མྃ་ལས་བྱུང་བའི་སྐུ། ། མཛེས་པའི་ཕྱག་ནི་{བཅྭ་,བཅོ་}བརྒྱད་དེ། ། ལྷ་མོ་སྣ་ཚོགས་བཅུད་འཛིན་ཅིང་། ། འཇིག་རྟེན་གསུམ་ པོ་དབང་སྡུད་མ། ། གཡས་པས་རལ་གྲི་མདའ་ལྕགས་ཀྱུ། ། ཐོད་པ་རྡོ་རྗེ་རྒྱལ་མཚན་དང་། ། དེ་བཞིན་མུ་ཏིག་ཕྲེང་དྲིལ་བུ། ། དགུ་པས་མཆོག་ནི་རབ་སྟེར་བའོ། ། གཡོན་པའི་ཕྱག་གིས་ཕུབ་དང་གཞུ། ། ཞགས་པ་དང་ནི་ཁ་ཊྭཱྃ་ག ། རིལ་བ་སྤྱི་བླུགས་མདུང་དང་ནི། ། ཐོ་བ་པི་ཝང་བགྲང་ཕྲེང་བཅས། ། གཞོན་ཞིང་ལང་ཚོ་ཕུན་སུམ་ཚོགས། ། ལྷ་མོ་མཛེས་པའི་སྤྱན་གསུམ་ཅན། ། མན་དཱ་ར་ཡིས་དབུས་ཕྱུང་ནས། ། ཆུ་བོ་ཀུན་དུ་གྱུར་ནས་ནི། ། འོ་མའི་རྒྱ་མཚོ་ཞེས་བྱ་བར། ། མར་དང་སྦྲང་རྩི་ལྟ་བུར་འབབ། ། ཞི་བའི་བཏུང་བའང་ལྷ་མོ་དེ། ། རྡོ་རྗེ་ རྣམ་སྣང་མཛད་གཟུགས་གནས། ། རྣམ་སྣང་མཛད་མའི་སྐུའི་དབུས་སུ། ། ཧེ་རུ་ཀ་ནི་ཞུ་བར་འགྱུར། ། དཔའ་བོ་ཀུན་དང་མཉམ་སྦྱོར་བའི། ། མཁའ་འགྲོ་མ་ཡི་དྲ་མཆོག་བདེ། ། ཐམས་ཅད་རོ་གཅིག་འགྱུར་བ་ཡི། ། བདུད་རྩི་དྲག་པོའི་གཟུགས་ཅན་མ། །
BOའཕྲོག་དང་བྱ་བ་ལོངས་ སྤྱོད་ལ། ། དེ་ཕྱིར་སྙིང་པོ་བདུད་རྩི་ཡིན། ། དེ་བཞིན་ཐབ་ནི་ཆོས་འབྱུང་གྲགས། ། གླུམ་ནི་བདུད་རྩིར་བསྒྲགས་པ་སྟེ། ། ཆང་གང་རྡོ་རྗེ་རྣལ་འབྱོར་མ། ། གང་ཞིག་དྲེགས་དེ་ཧེ་རུ་ཀ། ། མདོག་ནི་པདྨའི་དབང་ཕྱུག་བདག ། གང་ཞིག་དྲི་དེ་རིན་ཆེན་འབྱུང་། ། རོ་གང་དོན་ ཡོད་གྲུབ་པ་སྟེ། ། གང་ཞིག་རླུང་གི་ཤུགས་བདག་ཉིད། ། ཆང་མེད་པ་ལ་ཡེ་ཤེས་ཅི། ། རྣམ་ཤེས་ཀྱང་ནི་ཅི་ཞིག་འགྱུར། ། རྣམ་ཤེས་ཡེ་ཤེས་ཕུན་ཚོགས་པས། ། ཆང་གིས་འགྲོ་ཀུན་རྨོངས་པར་འགྱུར། ། གནས་དང་ཞིང་དང་ཚན་དྷོ་ཧ། ། འདུས་པ་དང་ནི་དུར་ཁྲོད་དུ། ། མཆོད་བྱ་མཆོད་བྱེད་འབྲེལ་པ་ཡིན། ། བདུད་རྩི་མཆོད་ཡོན་མཆོག་ཡིན་ཏེ། ། རྒྱུད་དང་རྒྱུད་གཞན་གསུངས་པ་ཡི། ། བཀྲ་ཤིས་བདེ་བའི་དགའ་བའོ། ། མཚུན་གྱི་ལྷ་དང་མི་རྣམས་དང་། ། བག་མ་བླང་དང་མཆོད་སྦྱིན་ལས། ། མཁས་པས་མཆོད་སྦྱིན་དག་ལའང་སྟེ། ། རྒྱལ་རིགས་གཡུལ་ངོར་འཇུག་པ་དང་། ། རྗེའུ་རིགས་བཀྲ་ཤིས་དོན་དུ་སྟེ། ། དམངས་རིགས་རྣམས་ནི་དངོས་གྲུབ་བསྒྲུབ། ། རང་བྱུང་མཆོད་པའི་དུས་དག་ལ། ། ཡུན་རིང་བཤད་པའི་སྤྱོད་ཡུལ་དང་། ། རབ་གནས་སྦྱིན་སྲེག་དུས་དག་ཏུའམ། །
BOགནས་རྣམས་རྒྱུ་བའི་སྤྱོད་ ཡུལ་དུ། ། རྣལ་འབྱོར་མ་རྣམས་སྤྱན་དྲངས་ཏེ། ། མཆོད་གནས་གསང་སྔགས་བསྒྲུབ་དེའི་དུས། ། འདི་ལྟར་སྣ་ཚོགས་ཤེས་བྱས་ནས། ། དེ་ཡི་སྐྱོན་རྣམས་མི་བརྟག་གོ། ། དབང་དུ་བྱ་བ་བཤད་པར་བྱ། ། གསང་བ་པ་ཡི་བདག་པོ་ཉོན། ། བླ་མ་དཔའ་བོ་རྣལ་འབྱོར་ མ། ། མཆོད་ཅིང་རྗེས་སུ་སྤྱད་པར་བྱ། ། ཨོཾ་ཨཿཧཱུྃ་ཞེས་བྱ་སྔགས་ཀྱིས། ། རྟག་ཏུ་བྱིན་གྱིས་བརླབ་པར་བྱ། ། ཧ་ཧོཿཧྲཱིཿཞེས་བྱ་སྔགས་ཀྱིས། ། སྦྱང་བ་དང་ནི་རྟོགས་བྱ་སྟེ། ། ཡི་གེ་ཧས་ནི་ཁ་དོག་འཕྲོག ། ཧོཿཡིས་དྲི་ནི་འཇོམས་པ་སྟེ། ། ཡི་གེ་ཧྲཱིཿཡིས་ ནུས་པའང་བཅོམ། ། བདུད་རྩི་རྣམ་པར་བསྟེན་པར་བྱ། ། ལྷ་གསུམ་ལ་སོགས་དང་བྲལ་བར། ། ཅི་སྟེ་དམ་ཚིག་ཅན་གྱིས་འཐུངས། ། དེ་ལས་དུག་འགྱུར་ཐེ་ཚོམ་མེད། ། སྔགས་ཀྱི་དངོས་གྲུབ་མི་སྐྱེའོ། ། སུ་ཞིག་ཆང་གིས་མྱོས་འགྱུར་བ། ། དེ་ལ་བགེགས་ནི་མང་པོ་འབྱུང་། ། སྔགས་པ་ཆང་གིས་རྣམ་འགྱུར་བས། ། འདོད་ལ་བརྐམ་ཞིང་འཁྲིག་པར་སྲེད། ། དགོད་ཅིང་གླུ་ནི་དེ་བཞིན་ལེན། ། ཐབ་མོ་ལ་སྤྲོ་རྣམ་པར་འཁྲུལ། ། སྨོད་ཅིང་ཉམས་པར་བྱེད་པས་ཀྱང་། ། ངུ་འབོད་དམྱལ་བར་འཚེད་པར་འགྱུར། །
BOརྣལ་འབྱོར་མ་རྣམས་ཁྲོས་ནས་ནི། ། དེ་ལ་ནད་དང་ མྱ་ངན་འཇིགས། ། འཇིགས་པར་བྱེད་པས་རྣམ་གཙེས་ནས། ། སྡིག་ཅན་དམྱལ་བར་འཁྲིད་པར་འགྱུར། ། བླ་མ་ལ་འཁུ་བླ་མ་སྨོད། ། སེམས་ཅན་འཁུ་ལ་སྦྱིན་མི་བྱ། ། བདུད་རྩི་དེ་ཉིད་དུག་དེ་ཉིད། ། དངོས་གྲུབ་སྒྲུབ་པ་འབྲས་བུ་མེད། ། སྔགས་པས་འདི་དག་སྤང་བར་ནི། ། སྔོན་གྱི་ སངས་རྒྱས་རྣམས་ཀྱིས་གསུངས། ། ཙ་རུའི་བཟའ་བར་ལྡན་པ་དང་། ། ཆོ་གར་ཡང་དག་ལྡན་པས་སྤྱད། ། རྣལ་འབྱོར་རྣལ་འབྱོར་མའི་འདུས་པ། ། ཆོ་གར་གསུངས་བཞིན་མི་བསླུ་སྟེ། ། དངོས་པོ་ཐམས་ཅད་མཉམ་པས་ན། ། སྐལ་དང་སྐལ་མིན་བརྟག་མི་བྱ། ། དེས་ན་འདུས་པ་ ཞེས་གསུངས་ཏེ། ། དངོས་གྲུབ་དང་ནི་རྗེས་གནང་འཐོབ། ། ཤེས་རབ་བློ་དང་སྟོབས་དང་ནི། ། བདེ་དང་སྐལ་བཟང་འབྲས་རབ་སྟེར། ། དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་ཀུན། ། བླ་མེད་འབྲས་བུ་ཐོབ་པར་འགྱུར། ། རྫས་སྐྱེས་དེ་བཞིན་རྩ་བ་སྐྱེས། ། གཽཎྜཱི་པཻཥྚ་ཆང་གི་རིགས། ། ཤིང་སྐྱེས་ དེ་བཞིན་བུར་ཤིང་སྐྱེས། ། ས་སྟེང་གང་དག་སྐྱེས་རྣམས་ཏེ། ། མཱ་ངྷྲཱི་རྣམ་པ་ལྔར་བཤད་དེ། ། པཻཥྚི་རྣམ་པ་བརྒྱད་དུ་བརྗོད། ། གཽཎྜཱི་རྣམ་པ་བདུན་ཡིན་ཏེ། །
BOརིམ་པ་འདི་དག་ཤེས་པར་བྱ། ། རྣོ་དང་ཁ་དང་ཚ་བ་དང་། ། མངར་དང་འཇམ་པར་སྐྱེ་བ་སྟེ། ། སྣ་ཚོགས་ཡུལ་དུ་རྣམ་ སྐྱེས་ནས། ། ཆང་གི་མིང་དུ་རབ་ཏུ་གྲགས། ། ཆུ་ལྷ་དགའ་བོ་བཱ་སུ་ཀི། ། དེར་ནི་གདན་དུ་བསྒོམ་བྱ་སྟེ། ། མེ་ཏོག་དང་ནི་གུར་གུམ་བདུག ། གཏོར་མ་བྱིན་ནས་བརྩམ་པར་བྱ། ། ཆོ་ག་རྫོགས་པས་བྱས་ན་ནི། ། མྱོས་བྱེད་མཆོག་ནི་སྐྱེ་བར་འགྱུར། ། གང་ཚེ་གྲུབ་པའི་ཆང་སེམས་ པས། ། ཉིན་རེ་ཉིན་རེ་བྱ་བ་ཡིན། ། སྦྱོར་བ་འདི་ནི་མཆོག་ཏུ་མཛེས། ། གྲུབ་པའི་མོས་བྱེད་ཡིད་དགའ་བ། ། ཤྲི་གོའི་སྨན་ནི་ཞོ་གཉིས་དང་། ། སྐྱུ་རུ་ར་ཡང་ཆ་བཅུ་དང་། ། དེ་བཞིན་ཆུ་ནི་བྲེ་གང་ཉིད། ། ཕོ་བ་རིས་ནི་དྲུག་ཅུ་གསུམ། ། བུ་རམ་སྲང་ནི་གཅིག་གཟུང་སྟེ། ། འདི་དག་ གཅིག་ཏུ་སྦྱར་བྱས་པ། ། འདི་ནི་གྲུབ་པའི་ཆང་ཞེས་བརྗོད། ། ཉི་མའི་འོད་ལ་བཙོ་བར་བྱ། ། སྐྱུ་རུ་ར་ཡི་མྱོས་བྱེད་དོ། ། དྷཱ་ཏ་ཀ་ཡི་མེ་ཏོག་བཟུང་། ། ཙཱུ་ཏའི་མེ་ཏོག་སོ་བ་དང་། ། མ་ལ་ཡྃ་དང་ས་རི་བ། ། རྡོ་དྲེག་ཤྲི་ཀུ་བལ་ཀ་ལྃ། ། འདི་དག་ཆ་ནི་མཉམ་པའམ། ། བཞི་ཆ་རུ་ནི་རབ་ ཏུ་བརྟག ། ཆུ་སྲང་སུམ་ཅུ་རྩ་གཉིས་དང་། ། བུ་རམ་སྲང་ནི་བརྒྱད་དུ་འགྱུར། །
BOཉི་མ་གསུམ་དུ་ཆང་འདི་ཉིད། ། འབྱུང་བ་རུ་ནི་ཤེས་པར་བྱ། ། མེ་ཏོག་དྷཱ་ཏ་ཀའི་ཆང་ངོ་། ། པ་ཏྲ་ཀ་དང་ཕོ་བ་རིས། ། བཙོད་དང་ནཱ་ག་གེ་སར་གཟུང་། ། ད་ཌཱིམ་འབྲས་བུ་དེ་བཞིན་ཚ། ། པི་པི་ལིང་དང་འོ་ མར་བཅས། ། བུ་རམ་སྲང་ནི་གཅིག་ཉིད་དེ། ། ཆུ་ནི་བདུན་འགྱུར་སྦྱིན་པར་བྱ། ། མྱོས་བྱེད་དྲི་ནི་ཞིམ་པ་དང་། ། བསིལ་བའི་བདག་ཉིད་དུ་ནི་འགྱུར། ། པ་ཏྲ་ཀའི་ཆང་ངོ་། ། ཤིང་ཚ་ཨེ་ལ་ནེ་ལ་དཾ། ། ལེགས་མཐོང་ཏམ་ལ་རུ་པ་ཏི། ། ཤ་ཀ་ར་དང་ལྷན་ཅིག་སྦྱར། ། མཁས་ པས་གཅིག་ཏུ་བསྲེས་བྱས་ལ། ། ཉི་མའི་འོད་ལ་ལན་བདུན་བཙོ། ། གྲུབ་པའི་ཆང་ནི་བླ་ན་མེད། ། ཁ་རའི་ཆང་ངོ་། ། ཤྲི་གུའི་རྩ་བ་ལས་བྱུང་ཆུ། ། སྦྲང་རྩི་དང་ནི་ལྷན་ཅིག་ལྡན། ། མཁས་པས་རྫས་ནི་དག་བྱའི་ཕྱིར། ། ཆ་བརྒྱད་དུ་ནི་རབ་ཏུ་སྦྱིན། ། སྦྲང་རྩི་ལྷག་པར་སྦྱར་ལ་བཙོ། ། དེར་ཡང་འབྲས་བུ་གསུམ་གུར་གུམ། ། གླ་རྩི་དང་ནི་ག་པུར་དང་། ། གནྡྷ་པ་ཏྲ་ཨ་ག་རུ། ། དབྱེ་བས་རབ་ཏུ་སྦྱར་བྱ་སྟེ། ། ཐམས་ཅད་བརྒྱད་ཆར་ཕྱེ་ནས་ནི། ། དབྱེ་བའི་དོན་དུ་སྦྱར་བར་བྱ། ། ཉིན་ཞག་བཞིར་ནི་ཁྱད་པར་དུ། ། འབྲུ་ཡི་དབུས་སུ་གཞག་པར་བྱ། ། ཆང་ནི་སྨིན་ པར་གྱུར་པ་ན། །
BOམྱངས་ན་གླ་རྩིའི་དྲིར་འགྱུར་རོ། ། སོ་བྷཉྫ་ནའི་ཤུན་པ་དང་། ། སྦྲང་རྩི་བཞི་འགྱུར་འགྲུབ་པར་འགྱུར། ། དབྱེ་བ་གཉིས་པར་ག་པུར་དང་། ། གླ་རྩི་ཛཱ་ཏི་ཕ་ལར་བཅས། ། {རི་དགས་,རི་དྭགས་}དྲེགས་པར་བཅས་པས་ནི། ། ཆང་ནི་དྲི་མ་མེད་པར་འགྱུར། ། དྷཱ་ ད་ཀ་ཡི་མེ་ཏོག་དང་། ། བཱ་ལིའི་ཕྱེད་དང་སྦྲང་རྩིར་བཅས། ། དེ་ལ་སླར་ཡང་མཚན་ཉིད་འདིས། ། བཞི་ཆས་ལྷག་པས་འགྲུབ་པར་འགྱུར། ། གབྡྷེ་པ་ཏྲ་སྲང་ཕྱེད་ནི། ། བརྒྱ་ཆ་དང་ནི་སྦྱར་བར་བྱ། ། འདི་ལྟར་འདི་ཉིད་སྒྲུབ་པ་ཡིས། ། ཟླ་རེ་ཟླ་རེར་སྦྱར་བར་བྱ། ། སྣ་ཚོགས་ཆང་གི་དབྱེ་བ་ ནི། ། ཡུལ་དང་རྗེས་མཐུན་གྱུར་ཞེས་བྱ། ། འདི་ལྟར་ཆང་གི་དབྱེ་བ་ནི། ། རྒྱུད་དང་རྒྱུད་གཞན་ལས་ཤེས་བྱ། ། མྱོས་བྱེད་ལས་གཞན་མཆོད་པ་མེད། ། མར་མེ་སྦྱིན་སྲེག་མཆོད་མ་ཡིན། ། བླ་མ་དང་བྲལ་ཆོས་མེད་དེ། ། ཆོས་དང་བྲལ་བས་གྲོལ་བ་མེད། ། མྱོས་བྱེད་ལས་ གཞན་དམ་ཚིག་ནི། ། གར་ཡང་འབྱུང་བར་འགྱུར་མ་ཡིན། ། བདག་ཉིད་བསོད་ནམས་དབང་གིས་སམ། ། ལ་ལར་བླ་མ་མཉེས་པས་རྙེད། ། འདི་ནི་མྱོས་བྱེད་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་དྲུག་པའོ། ། ། ། དེ་ནས་གཞན་ཡང་སྔགས་བཏུ་བའི།
BO། ཆོ་ག་མཆོག་ནི་རབ་ཏུ་བཤད། ། ས་ཡི་ཆ་ནི་ཡིད་འོང་བར། ། དྲི་ཡི་ཆུ་ནི་ཉེ་བར་བྱུག ། དབེན་པའི་གནས་སུ་ལེགས་སྦས་ཏེ། ། མེ་ཏོག་སྤོས་ཀྱིས་ཉམས་དགར་བྱ། ། སྔགས་པས་ཙ་རུའི་བཟའ་བ་སྤྱད། ། དེ་བཞིན་བདུད་རྩི་བཏུང་བར་སྤྱད། ། རང་གི་ལྷག་པའི་ལྷར་སྦྱོར་བས། ། སྔོན་དུ་གཏོར་མ་སྦྱིན་བྱ་སྟེ། ། མཁའ་འགྲོ་མ་ཀུན་མཉམ་སྦྱོར་བས། ། སློབ་དཔོན་ལེགས་པར་མཉམ་བཞག་པས། ། གྲུ་གསུམ་དཀྱིལ་འཁོར་མཉམ་དག་པ། ། རི་མོ་གསུམ་གྱིས་ཕྱི་རོལ་བསྐོར། ། ཆོས་འབྱུང་སྐྱེད་མོས་ཚལ་ཆེན་པོ། ། སྣ་ཚོགས་མེ་ཏོག་གིས་རྣམས་ མཛེས། ། དེར་ནི་ཨཱ་ལི་ཀཱ་ལི་དབྱེ། ། སྡེ་ཚན་བརྒྱད་པོ་རིམ་བཞིན་བྲི། ། འདོད་པ་དྲག་པོ་དེ་བཞིན་ཉིད། ། ཐུབ་པ་མདའ་དང་མེ་གཟུགས་ཉིད། ། རེའུ་མིག་བཞི་བཅུ་རྩ་དགུར་ནི། ། མན་ངག་བཞིན་དུ་དགོད་པར་བྱ། ། ཨ་སོགས་ཡི་གེ་ནས་བརྩམས་ཏེ། ། ཡི་གེ་ཧ་ཡི་བར་དུ་ སྔགས། ། གཡས་བསྐོར་རྣམ་པར་སྦྱར་བར་ནི། ། གསང་བའི་བདག་པོས་ཤེས་པར་གྱིས། ། རེའུ་མིག་དང་པོའི་ལྔ་པ་གཟུང་། ། དེར་ནི་རེའུ་མིག་བཅུ་པ་ཉིད། ། སྟེང་དུ་ཡང་དག་སྦྱིན་པར་བྱ། ། རེའུ་མིག་དགུ་པའི་གསུམ་པ་ཡིས། ། སྟེང་དུ་ཐིག་ལེར་རྣམ་པར་བརྒྱན། །
BOརེའུ་མིག་ བདུན་པོའི་དང་པོ་གཟུང་། ། མེ་ཡི་ས་བོན་འོག་ཏུ་བརྒྱན། ། དང་པོ་ཡི་ནི་བཞི་པ་ཡིས། ། བརྒྱན་པ་འདོད་པ་མོ་ཡི་མཆོག ། བདུན་པའི་གཉིས་པའི་ཡི་གེ་གཟུང་། ། རེའུ་མིག་དང་པོའི་བཅུ་གཅིག་བླང་། ། རེའུ་མིག་དགུ་པའི་ལྔ་པ་གཟུང་། ། ཡི་གེ་ཨུ་ཡིས་འོག་ཏུ་བརྒྱན། ། རེའུ་མིག་ བདུན་པའི་བཞི་པ་གཟུང་། ། རེའུ་མིག་དང་པོའི་བཅུ་གཅིག་པ། ། མགོ་བོ་ལ་ནི་བརྒྱན་པར་བྱ། ། རེའུ་མིག་དགུ་པའི་ལྔ་པ་གཟུང་། ། དང་པོའི་ལྔ་པས་འོག་ཏུ་བརྒྱན། ། རེའུ་མིག་ལྔ་པའི་ལྔ་པ་གཟུང་། ། རེའུ་མིག་བདུན་པའི་བཞི་པ་བླང་། ། རེའུ་མིག་བཅུ་གཅིག་པས་བརྒྱན་ཅིང་། ། ལྔ་པ་ཡིས་ནི་འོག་ཏུ་བརྒྱན། ། རེའུ་མིག་དགུ་པའི་གསུམ་པ་ཡི། ། སྟེང་དུ་ཐིག་ལེས་རྣམ་པར་བརྒྱན། ། ལན་གཉིས་སུ་ནི་བཟླས་པར་བྱ། ། རེའུ་མིག་ལྔ་པའི་གཉིས་པ་གཟུང་། ། རེའུ་མིག་གི་ནི་བཅུ་གཅིག་པའི། ། བཞི་པ་དང་ནི་ཡང་དག་ལྡན། ། སྙིང་པོའི་སྔགས་ནི་རྟག་བཟླས་ན། ། དངོས་གྲུབ་ཡོན་ཏན་ཀུན་གྱི་གནས། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་བཞི་པ་གཟུང་བར་བྱ། ། རེའུ་མིག་དག་ནི་དགུ་པ་ཡི། ། ལྔ་པ་ཡིས་ནི་འོག་ཏུ་བརྒྱན། ། དང་པོའི་བཞི་པས་རྣམ་པར་བརྒྱན།
BO། བདུན་པ་ཡི་ནི་བདུན་པ་ཡིས། ། ལོགས་སུ་ཐིག་ལེ་གཉིས་སྦྱིན་བྱ། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་བཞི་པ་གཟུང་བྱ་སྟེ། ། ལན་གཉིས་སུ་ནི་བཟླས་པར་བྱ། ། སླར་ཡང་ཡི་གེ་དེ་ཉིད་གཟུང་། ། དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། ། རེའུ་མིག་དགུ་པ་གསུམ་པ་ཡིས། ། ཐིག་ལེ་ཡིས་ནི་རྣམ་པར་ བརྒྱན། ། ལན་གཉིས་སུ་ནི་བཟླས་པར་བྱ། ། རེའུ་མིག་དག་ནི་ལྔ་པ་ཡི། ། ཡི་གེ་གཉིས་པ་གཟུང་བར་བྱ། ། རེའུ་མིག་བཅུ་གཅིག་པ་དག་གི ། བཞི་པ་ཉིད་ནི་གཟུང་བར་བྱ། ། སྔོན་དུ་ཕྱག་འཚལ་སྦྱིན་པར་བྱ། ། རྟག་པར་རྒྱུན་དུ་བཟླས་ན་ནི། ། སྐལ་བཟང་དངོས་གྲུབ་ བྱེད་པའོ། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་གཉིས་པ་ཡང་དག་གཟུང་། ། བཅུ་གཅིག་དང་པོའི་ཡི་གེ་ནི། ། མེ་ཡི་བུས་ནི་འོག་ཏུ་བརྒྱན། ། བདུན་པའི་གཉིས་པའི་ཡི་གེ་གཟུང་། ། དབྱངས་ནི་བཅུ་གཅིག་པ་ཡིས་བརྒྱན། ། རེའུ་མིག་དག་ནི་དགུ་པ་ཡི། ། ཡི་གེ་ལྔ་པ་ཡང་དག་གཟུང་། ། དབྱངས་ནི་བཅུ་གཉིས་པ་ཡིས་བརྒྱན། ། བདུན་པའི་དང་པོའི་ཡི་གེ་ནི། ། ཡང་དག་མཆོག་གི་གོ་འཕང་གཟུང་། ། རེའུ་མིག་དག་ནི་ལྔ་པ་ཡི། ། ཡི་གེ་བཞི་པ་ཡང་དག་གཟུང་། ། དབྱངས་ཀྱི་བཞི་པས་བརྒྱན་པའོ། །
BOརེའུ་མིག་དག་ནི་དགུ་པ་ཡི། ། ཡི་གེ་བཞི་པ་གཟུང་བར་བྱ། ། དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན། ། བདུན་པའི་བཞི་པའི་ཡི་གེ་གཟུང་། ། དབྱངས་ཀྱི་ལྔ་པས་མཛེས་པར་བྱ། ། དགུ་པ་ཡི་ནི་གསུམ་པ་ཡིས། ། དེ་བཞིན་མགོ་ལ་མཛེས་པར་བྱས། ། དེ་ནི་ལན་གཉིས་བརྗོད་པར་བྱ། ། ཡི་གེ་མཆོག་ ནི་གྲོལ་བ་སྟེ། ། ལྔ་པའི་ཡི་གེ་གཉིས་པ་གཟུང་། ། རེའུ་མིག་བཅུ་གཅིག་པ་ཡི་ནི། ། བཞི་པ་ཉིད་ནི་སྦྱར་བར་བྱ། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་གསུམ་པ་གཟུང་བར་བྱ། ། རེའུ་མིག་དག་ནི་དགུ་པ་ཡི། ། ཡི་གེ་བདུན་པས་འོག་ཏུ་བརྒྱན། ། དབྱངས་ཡིག་གཉིས་པས་ བརྒྱན་པར་བྱ། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་བཞི་པ་བསྡུ་བར་བྱ། ། དབྱངས་ཀྱི་གཉིས་པས་བརྒྱན་པའོ། ། ཐོག་མར་ཡང་ནི་གསལ་བྱེད་སྦྱིན། ། མཁའ་འགྲོ་མ་ཡི་སྙིང་དགའ་བ། ། རྟག་ཏུ་བསྒོམ་ཞིང་བཟླས་བྱས་ན། ། དངོས་གྲུབ་ཀུན་གྱི་མཆོག་རབ་སྟེར། ། ཐོག་མར་ ཡི་གེ་ཨོཾ་སྦྱིན་བྱ། ། བདུན་པའི་གསུམ་པ་ཡང་དག་གཟུང་། ། དབྱངས་ཀྱི་ལྔ་པས་ཡང་དག་བརྒྱན། ། རེའུ་མིག་དག་ནི་དགུ་པ་ཡི། ། ཡི་གེ་གཉིས་པ་གཟུང་བར་བྱ། ། དེ་ཉིད་ལ་ནི་གསུམ་པ་ཡིས། ། མགོ་ལ་རྒྱན་དུ་བྱས་པ་ཡིན། །
BOརེའུ་མིག་དག་ནི་ལྔ་པ་ཡི། ། ཡི་གེ་བཞི་ པ་ཡང་དག་བླང་། ། དབྱངས་ཀྱི་གསུམ་པས་བརྒྱན་པའོ། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་གསུམ་པ་གཟུང་བར་བྱ། ། དབྱངས་ཡིག་ལྔ་པས་ཡང་དག་བརྒྱན། ། རེའུ་མིག་དག་ནི་དགུ་པ་ཡི། ། ཡི་གེ་གཉིས་པ་གཟུང་བྱ་སྟེ། ། དེ་ཉིད་ལ་ནི་གསུམ་པས་བརྒྱན། ། རེའུ་མིག་ དག་ནི་བདུན་པ་ཡི། ། ཡི་གེ་གསུམ་པ་གཟུང་བར་བྱ། ། དབྱངས་ཡིག་ལྔ་པས་འོག་ཏུ་སྦྱར། ། དགུ་པའི་གསུམ་པའི་ཡི་གེ་ཡིས། ། ཐིག་ལེ་རུ་ནི་བརྒྱན་པ་ཡིན། ། དེ་ནི་རིམ་བཞིན་གཉིས་སུ་བཟླས། ། རེའུ་མིག་དག་ནི་ལྔ་པ་ཡི། ། ཡི་གེ་གཉིས་པ་ཡང་དག་བླང་། ། རེའུ་མིག་དག་ནི་ བཅུ་གཅིག་པའི། ། བཞི་པའི་ཡིག་སྦྱར་མཆོག་དབང་ཕྱུག ། རེའུ་མིག་གཅིག་གི་ཡི་གེ་གཟུང་། ། དབྱངས་ཀྱི་བདུན་པ་འོག་ཏུ་སྦྱིན། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་མཉམ་པ་ཡང་དག་བླང་། ། རེའུ་མིག་དག་ནི་ལྔ་པ་ཡི། ། ཡི་གེ་བཞི་པ་སྦྱར་བས་མཛེས། ། སྔགས་ནི་ལན་ གཉིས་བརྗོད་པར་བྱ། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་བཞི་པ་གཟུང་བར་བྱ། ། དབྱངས་ནི་ལྔ་པས་འོག་ཏུ་སྦྱར། ། ཟླ་བ་ཕྱེད་པ་ཐིག་ལེས་བརྒྱན། ། དེ་ཡི་ཚིག་ནི་ལན་གཉིས་བརྗོད། །
BOརེའུ་མིག་དག་ནི་ལྔ་པ་ཡི། ། ཡི་གེ་གཉིས་པ་གཟུང་བར་བྱ། ། རེའུ་མིག་དག་ནི་བཅུ་ གཅིག་པའི། ། བཞི་པ་སྦྱར་བས་བདེ་མཆོག་སྟེར། ། གསལ་བྱེད་དང་པོར་ཡང་དག་གཞག ། རེའུ་མིག་གཅིག་གི་ཡི་གེ་གཟུང་། ། དབྱངས་ཀྱི་བདུན་པས་སྦྱར་བར་བྱ། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་བཞི་པ་གཟུང་བར་བྱ། ། རེའུ་མིག་དག་ནི་ལྔ་པ་ཡི། ། བཞི་པ་ ཡིས་ནི་སྦྱར་བར་བྱ། ། དབྱངས་ཡིག་གཉིས་པས་རྣམ་པར་བརྒྱན། ། རེའུ་མིག་ལྔ་པའི་དང་པོ་གཟུང་། ། རེའུ་མིག་དྲུག་པའི་དང་པོ་བླང་། ། ཚིག་ནི་ལན་གཉིས་བརྗོད་པར་བྱ། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་བཞི་པ་གཟུང་བར་བྱ། ། དབྱངས་ཀྱི་ལྔ་པས་འོག་ཏུ་སྦྱར། ། ཟླ་བ་ཕྱེད་པ་ཐིག་ལེས་བརྒྱན། ། ཐམས་ཅད་ལན་གཉིས་བརྗོད་པར་བྱ། ། རེའུ་མིག་དག་ནི་ལྔ་པ་ཡི། ། ཡི་གེ་གཉིས་པ་གཟུང་བར་བྱ། ། རེའུ་མིག་དག་ནི་བཅུ་གཅིག་པའི། ། བཞི་པས་སྦྱར་བ་དབང་ཕྱུག་མཆོག ། ཐོག་མར་གསལ་བྱེད་ཡང་དག་སྦྱར། ། ཡི་གེ་མཆོག་ནི་སྒྲུབ་ པར་བྱེད། ། རེའུ་མིག་བཅུ་གསུམ་པ་ཉིད་ཀྱི། ། དབྱངས་ཡིག་དང་པོ་གཟུང་བར་བྱ། ། དབྱངས་ཡིག་གཉིས་པར་སྦྱར་བར་འགྱུར། ། རེའུ་མིག་དག་ནི་ལྔ་པ་ཡི། །
BOཡི་གེ་བཞི་པ་བཟུང་ནས་ནི། ། བཞག་པས་གོ་འཕང་མཆོག་ཏུ་འགྱུར། ། རེའུ་མིག་དག་ནི་དགུ་པ་ཡི། ། ཡི་གེ་ བཞི་གཟུང་མཆོག་དབང་ཕྱུག ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་བཞི་པ་གཟུང་བར་བྱ། ། དབྱངས་ཀྱི་བཅུ་གསུམ་པ་ཡིས་ནི། ། མགོ་བོ་ལ་ནི་བརྒྱན་པར་འགྱུར། ། མཁས་པས་བདུན་པའི་བདུན་པ་ནི། ། ལོགས་སུ་ཐིག་ལེ་གཉིས་ སུ་གཞག ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་གཉིས་པ་གཟུང་བར་བྱ། ། དབྱངས་ཀྱི་གསུམ་པས་སྤྱི་བོར་བརྒྱན། ། རེའུ་མིག་དག་ནི་དགུ་པ་ཡི། ། ཡི་གེ་བརྒྱད་པ་བླང་བར་བྱ། ། དེ་ཉིད་ཀྱི་འོག་བཞི་པ་སྦྱིན། ། དབྱངས་ཀྱི་གཉིས་པ་སྦྱར་བར་བྱ། ། ཡི་གེ་ མཆོག་ནི་ཡིན་པར་བརྗོད། ། རེའུ་མིག་དག་ནི་དགུ་པ་ཡི། ། ཡི་གེ་ལྔ་པ་གཟུང་བར་བྱ། ། དབྱངས་ནི་གཉིས་པས་མཛེས་པར་བྱ། ། རེའུ་མིག་བདུན་པའི་དང་པོ་ནི། ། བཞག་པས་དངོས་གྲུབ་ཐམས་ཅད་སྟེར། ། རེའུ་མིག་དག་ནི་བདུན་པ་ཡི། ། ཡི་གེ་ བཞི་པ་བླང་བར་བྱ། ། དབྱངས་ནི་ལྔ་པ་སྦྱར་བྱ་སྟེ། ། ཟླ་བ་ཕྱེད་པ་ཐིག་ལེས་བརྒྱན། ། ལན་གཉིས་བརྗོད་པ་མཆོག་དབང་ཕྱུག ། ལྔ་པའི་ཡི་གེ་གཉིས་པ་གཟུང་། ། རེའུ་མིག་བཅུ་གཅིག་པ་ཉིད་ཀྱི། །
BOབཞི་པ་ཡིས་ནི་སྦྱར་བྱ་སྟེ། ། ཡང་དག་གོ་འཕང་ མཆོག་ཡིན་ནོ། ། བླ་མའི་མན་ངག་ལམ་གྱིས་ནི། ། སྔགས་བཏུ་བ་ནི་ཤེས་པར་བྱ། ། ཡང་དག་བསྟན་དང་རྣམ་བྲལ་བའི། ། གླེགས་བམ་བཀླགས་ཙམ་གྱི་སྔགས་ལ། ། བསྐལ་པ་བྱེ་བ་བརྒྱ་རུ་ཡང་། ། དངོས་གྲུབ་གོ་འཕང་འབྱུང་མི་འགྱུར། ། ཚེས་བཅུ་ ཡི་ནི་དུས་དག་ལ། ། སྣ་ཚོགས་མེ་ཏོག་ལ་སོགས་དང་། ། བཟའ་དང་བཏུང་བ་མཉམ་ལྡན་པས། ། རྡོ་རྗེ་རྣལ་འབྱོར་མ་མཆོད་བྱ། ། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། ། རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། ། ཅི་སྟེ་གོ་འཕང་མཆོག་ཐོབ་ན། ། དེ་དག་དབྱེ་བར་མི་བྱའོ། ། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། ། སྲོག་ནི་ཡོངས་སུ་གཏོང་ཡང་སླ། ། འཆི་བར་མཉམ་པར་འགྲོ་ཡང་སླའི། ། རྟག་ཏུ་དམ་ཚིག་བསྲུང་བར་བྱ། ། འཇིག་རྟེན་གསུམ་པོ་རྒྱུ་མི་རྒྱུའི། ། འགྲོ་ཀུན་གཡོན་ལས་བྱུང་བས་ན། ། རྣལ་ འབྱོར་མ་རྟག་གཡོན་ལ་སྤྱོད། ། རྐང་པ་གཡོན་པ་སྔོན་དུ་འདོར། ། ལག་པ་གཡོན་གྱིས་མཆོད་པར་བྱ། ། གཡོན་པ་ཡིས་ནི་ཚིམ་དང་ཟ། ། རིགས་ལྔ་ལ་ནི་ཀུན་སྤྱོད་པ། ། རིགས་གཅིག་ཏུ་ནི་རྣམ་པར་བརྟག ། ཀུན་རྟོག་ཀུན་ལས་རྣམ་གྲོལ་ཞིང་། ། གཉིས་པ་ཐམས་ཅད་རྣམ་པར་སྤངས། །
BOབླ་མ་སངས་རྒྱས་བླ་མ་ཆོས། ། བླ་མ་དགེ་འདུན་དེ་བཞིན་ཏེ། ། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། ། མཁའ་འགྲོ་མ་ཡི་དྲ་བ་སྡོམ། ། དེའི་ཕྱིར་སངས་རྒྱས་གོ་འཕང་ནི། ། འདོད་པས་བླ་མ་མཉེས་པར་བྱ། ། འདི་ནི་སྔགས་བཏུ་བའི་ཆོ་ག་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བདུན་པའོ། ། ། ། དེ་ནས་དེ་ཕྱིར་སྦྱིན་སྲེག་གི། ། ལས་ཀྱི་ཁྱད་པར་རབ་བཤད་བྱ། ། སྒྲུབ་པོས་རྒྱལ་སྲིད་ཆེད་དུ་ནི། ། སྔགས་ནི་སྟོང་ཕྲག་བཅུ་རུ་བཟླས། ། སྔར་བཤད་པ་ཡི་ ཆོ་ག་ཡིས། ། སྦྱིན་སྲེག་ལས་ནི་བརྩམ་པར་བྱ། ། བསྒྲུབ་བྱའི་མིང་དང་རྣམ་སྤེལ་ཏེ། ། ཤ་ཆེན་འོ་མར་སྦྱར་བ་ཡིས། ། རྣམ་རྟོག་མེད་པས་སྦྱིན་སྲེག་བྱས། ། ཡོངས་རྫོགས་རྒྱལ་པོ་ཉིད་དུ་འགྱུར། ། བ་ལང་མི་དང་ཅེ་སྤྱང་ཤ། ། ཆང་དང་འོ་མར་མཉམ་བསྲེས་ པས། ། སྲེག་བླུགས་མཆོག་ནི་སྦྱིན་བྱས་ཏེ། ། རྟག་ཏུ་འབུམ་གཅིག་སྦྱིན་སྲེག་བྱས། ། གྲོང་ཁྱེར་མཆོག་ནི་འཐོབ་འགྱུར་ཏེ། ། དཔལ་ལྡན་རྒྱལ་པོ་ཆེན་པོར་འགྱུར། ། ཚེར་མའི་མེ་ནི་རབ་སྦར་ལ། ། དུག་ཁྲག་འབྲུ་མར་ཚ་བ་དང་། ། དེ་བཞིན་སྐྲ་དང་ཕུབ་མར་ ལྡན། ། མི་ཡི་རུས་པས་སྦྱིན་སྲེག་བྱ། ། སྐྲ་གྲོལ་ཁྲོས་པའི་དབང་གྱུར་པས། །
BOལྷོ་ཕྱོགས་ཁ་བལྟས་གཅེར་བུ་འམ། ། སྔགས་པ་གོས་ནི་ནག་པོ་གྱོན། ། དྲག་པོའི་ལས་ལ་ཉིན་ཕྱེད་དམ། ། མཚན་ཕྱེད་ན་སྟེ་གདོལ་པའི་མེར། ། བསྒྲུབ་བྱའི་མིང་དང་སྦྱར་བའི་ སྔགས། ། ང་རོ་དྲག་པོས་བརྗོད་བྱ་ཞིང་། ། རྩེ་གཅིག་སེམས་ཀྱིས་སྦྱིན་སྲེག་བྱས། ། དཔུང་བཅས་སྟོབས་ཀྱང་བརླག་འགྱུར་ན། ། གཞན་རྣམས་ལ་ནི་སྨོས་ཅི་དགོས། ། དེ་ནས་སྟོབས་ཀྱིས་དྲེགས་པ་ཡི། ། དགྲ་བོ་བསྐྲད་པ་ཤེས་པར་བྱ། ། རླུང་གི་ ཕྱོགས་སུ་ཁ་བལྟས་ཏེ། ། ཤ་ཟའི་མེ་ནི་རབ་སྦར་ལ། ། ཁྭ་ཡི་གཤོག་པ་ཞག་ནིམ་པ། ། ནིར་ཡ་ས་ཡི་འབྲུ་མར་བསྲེས། ། ལས་ནི་མཚན་མོ་བདུན་སྦྱར་ན། ། ཐེ་ཚོམ་མེད་པར་སྐྲོད་པར་འགྱུར། ། དབྱེ་བའི་ལས་ཞེས་གྲགས་པ་ནི། ། སྨྱོ་བྱེད་ཤིང་ ལ་མེ་སྦར་ལ། ། གསང་སྔགས་རིག་པས་ནིམ་པ་ཡི། ། ལོ་མ་སྦྲུལ་གྱི་ཤུན་པར་བཅས། ། ཁྭ་དང་འུག་པའི་ཚང་བསྲེས་ཏེ། ། བརྒྱ་རྩ་བརྒྱད་ནི་སྦྱིན་སྲེག་བྱས། ། འཇིག་རྟེན་ཐམས་ཅད་འབྱེད་འགྱུར་ཏེ། ། སྙིང་སྡུག་སྐྱེ་བོའི་གཉེན་གྱིས་སྤོང་། ། དེ་ནས་དགུག་པ་བཤད་ པར་བྱ། ། ལི་ཁྲི་མཚུངས་པའི་འོད་བསྒོམས་ཏེ། ། བསྒྲུབ་བྱ་གཅེར་བུ་རླུང་ཕྱོགས་ནས། ། སྟེང་བལྟས་གཡོ་བར་དམིགས་ནས་སུ། །
BOསྟན་ལ་རོལ་པའི་གནས་པས་གནས། ། གསང་སྔགས་ཡི་གེ་ཛཿབཟླས་ཏེ། ། ཞགས་པ་ལྕགས་ཀྱུ་རབ་སྦྱོར་བས། ། བསྒྲུབ་བྱའི་སྙིང་ གི་པདྨར་དབུག ། སྐྱེ་གནས་པདྨ་དབུག་བྱས་ན། ། ངེས་པར་ཁམས་གསུམ་དབང་དུ་འགྱུར། ། ཐོད་པ་དུམ་བུ་གཅིག་པའམ། ། མ་ཆག་སྡུག་ཅིང་མཛེས་པ་ལ། ། བསྒྲུབ་བྱའི་གཟུགས་ནི་རྣམ་པར་བྲི། ། དེ་ནས་བསྒྲུབ་བྱའི་མིང་བརྗོད་དེ། ། དྷ་དུ་ར་ཡི་ཤིང་ཉིད་དང་། ། ཀ་ ར་བཱི་ར་ཁྲག་ཏུ་ནི། ། ཡང་དག་སྦྱར་བས་སྦྱིན་སྲེག་བྱ། ། གྲོ་ག་ལ་ནི་བསྒྲུབ་བྱའི་གཟུགས། ། རང་ཁྲག་གིའུ་ཝང་བསྲེས་པས་བྲི། ། བསྒྲུབ་བྱ་གོས་ཀྱིས་གཡོགས་ནས་ནི། ། གསང་སྔགས་བཟླ་ཞིང་སྦྱིན་སྲེག་བྱ། ། སྔགས་ཀྱི་ང་རོར་བཅས་ལུས་ཀྱིས། ། མེ་ཏོག་ རེ་རེ་རབ་བཟུང་ནས། ། ཉི་མ་བདུན་དུ་སྦྱིན་སྲེག་བྱས། ། གང་ཞིག་ཡིད་ལ་འདོད་པ་འགུགས། ། དེ་ནས་གཞན་ཡང་བཤད་པར་བྱ། ། ཙནྡན་དམར་པོའི་ཤིང་ལས་ནི། ། གཟུགས་བརྙན་བྱས་ནས་རང་ཁྲག་དང་། ། གི་ཝང་གིས་ནི་མིང་བྲིས་ཏེ། ། དེ་བཞིན་བསྒྲུབ་བྱའི་སྙིང་ གར་གཞུག ། ཚ་བ་གསུམ་གྱིས་ལུས་ལ་བྱུག ། ཟངས་མའི་ཁབ་ཀྱིས་དབུག་བྱ་བ། ། སྙིང་ག་ལྟེ་བ་གསང་བ་སྟེ། ། བསྒྲུབ་བྱའི་གནས་གསུམ་དུ་ནི་དབུག །
BOགང་ཞིག་ཡིད་ལ་འདོད་པ་དེ། ། མཚན་ཕྱེད་ནས་ནི་འགུགས་པར་འགྱུར། ། གསེར་མདོག་ཅན་གྱི་བཙག་ གིས་སྐྱེ་གནས་ཀྱི་མཚན་མ་མངོན་པར་བྲིས་ལ་དེའི་སྟེང་དུ་ལག་པ་གཡོན་པས་བཀབ་ནས་བརྒྱ་རྩ་བརྒྱད་བཟླ་བར་བྱ་སྟེ་གང་གི་མིང་ནས་བརྗོད་དེ་སྔགས་བཟླས་ན། སྐད་ཅིག་དེ་ཉིད་ལ་འོང་བར་འགྱུར་རོ། ། ཚུབ་མས་ཁྱེར་བའི་ཤིང་ལོ་བླངས་ལ་ཁྭའི་སྒྲོ་རྩ་དང་། མཆི་ མས་བསྒྲུབ་བྱའི་མིང་བྲིས་ཏེ། གྱེན་དུ་ལངས་པའི་ཚུབ་མ་ལ་བསྐུར་ན། དེའི་མོད་ལ་སྐྲོད་པར་འགྱུར་རོ། ། སྤྲེའུའི་རུས་པ་ལ་སོར་དྲུག་པའི་ཕུར་པ་བྱས་ཏེ། སྔགས་ལན་བདུན་མངོན་པར་བཟླས་ནས། གང་གི་སྒོར་སྦས་པ་དེའི་རིགས་རྒྱུད་ཆད་པར་འགྱུར་རོ། ། བ་ལང་དང་། གླང་པོ་དང་། རྟ་དང་། བོང་བུ་དང་། རྔ་མོ་དང་། མ་ཧེའི་གནས་རྣམས་སུ་སྦས་ན་དེ་དག་བརླག་པར་འགྱུར་རོ། ། {ཡི་དགས་,ཡི་དྭགས་}ཀྱི་གོས་མ་ལྷུང་བ་བླངས་ལ་མར་ཁུ་ཆེན་པོ་དང་ལྷན་ཅིག་ཞ་ཉེའི་སྣོད་དུ་སྦྱར་ཏེ། མར་ངོའི་བཅུ་བཞིའི་ཁྱད་པར་ལ་སྙིང་པོའི་ སྔགས་བཟླས་ཞིང་། མིག་སྨན་དབབ་པ་བྱས་ལ་མིག་ལ་བྱུགས་པ་དེས་མཁའ་འགྲོ་མ་ཐམས་ཅད་མཐོང་བར་འགྱུར་རོ། ། ཨོཾ་བྷཱུ་ཏ་ལིངྒེ་སྭཱ་ཧཱ། མེ་དབལ་ལ་བྱབ་པའི་སྔགས་སོ། །
BOགླང་པོ་ཆེའི་ལྕི་བ་བླངས་ཏེ། རུས་སྦལ་གྱི་ཁོག་པའི་ནང་དུ་བཞག་ལ་ཁྱིམ་དུ་ བདུག་པར་བྱིན་ན་འདིས་ནི་འདྲེ་ཤིག་ལ་སོགས་པ་ཡང་ངེས་པར་རབ་ཏུ་ཞི་བར་འགྱུར་རོ། ། ཨོཾ་ཨུ་ད་ཀི་མ་ཤཾ་ཀཱ་ཛཱ་ཏཱ། ། ཨུ་ད་ཀ་སཾ་བྷ་བཱཿ། ། ཏེ་ཥཱཾ་ཏུ་ཏཾ་ཤྩ་པ་ཀྵཾ་ཤྩ། ། ཨི་ནྡྲོ་བནྡྷ་ཏི་མ་ཧཱ་བ་ལཿ། ། མ་ཤ་ཀཱ་ཨིནྡྲ་པཱ་ཤ་བ་དྡྷཱ། ། ཨིནྡྲ་བ་ཤག་ཏཱ་ག་ཙྪནྟེ། ། སཱུཡྱོ་ད་ཡ་སྭཱ་ཧཱ། ། བཞི་མདོའི་རྡོ་ཡི་དུམ་བུ་བླངས། ། འདི་ཡི་ལན་ནི་ཉི་ཤུ་བཟླས། ། ཕྱོགས་བཞི་རུ་ནི་གཞག་པར་བྱ། ། སྦྲང་བུ་མཆུ་{རིངས་,རིང་}བཟློག་བྱས་པས། ། ཡིད་ཅན་རྣམས་ནི་བདེ་བར་འགྱུར། ། བདེ་བས་ཆོས་ནི་ཐོབ་འགྱུར་ཏེ། ། ཆོས་ཀྱིས་ཀྱང་ནི་བླ་མེད་འགྱུར། ། འདི་ནི་སྦྱིན་སྲེག་ གི་ཆོ་ག་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བརྒྱད་པའོ། ། ། ། དེ་ནས་དེ་ཉིད་ཇི་བཞིན་དོན། ། སྒོམ་པ་ཡང་དག་རབ་བཤད་བྱ། ། སྒོམ་པ་དངོས་མེད་རང་བཞིན་ཏེ། ། དངོས་མེད་སྤྲོས་དང་བྲལ་བ་ཡིན། ། རང་རིག་བདག་ཉིད་ཅན་གྱི་ལས། ། སྒོམ་པའང་སྒོམ་ དུ་མེད་པའོ། ། གཅིག་དང་དུ་མ་རྣམ་བྲལ་འདི། ། སྐད་ཅིག་དེ་ཉིད་རབ་ཏུ་སྐྱེ། ། ཡེ་ཤེས་འདི་ནི་རང་རིག་པ། ། ངག་གི་སྤྱོད་ཡུལ་ལས་འདས་ཤིང་། །
BOཀུན་མཁྱེན་ཡེ་ཤེས་དེ་ཡི་དངོས། ། རྨད་དུ་བྱུང་བའི་རྣམ་པར་སྐྱེས། ། སྲིད་པ་ཐམས་ཅད་དངོས་ མེད་མཉམ། ། ཡངས་ཤིང་གཏིང་དཔག་དཀའ་བ་སྟེ། ། རྒྱུ་དང་རྣམ་པར་བྲལ་བ་ནི། ། ལྷན་ཅིག་སྐྱེས་པའི་སྣང་བརྙན་ཙམ། ། རང་བཞིན་གྱིས་ནི་འོད་གསལ་བ། ། རྣམ་པར་སྤྱད་པའི་སྤྱོད་ཡུལ་འདས། ། ཁ་ན་མ་ཐོ་མེད་ཅིང་ཞི། ། ངེས་པར་བསྐུལ་དུ་མེད་པ་སྟེ། ། བརྗོད་དུ་མེད་ཅིང་བགྲང་དུ་མེད། ། སྟོང་པ་ཉིད་ཀྱི་རྣམ་པ་ནི། ། དངོས་པོ་ཀུན་གྱི་རང་བཞིན་གནས། ། སྒྲ་སོགས་ཡོན་ཏན་ཀུན་རྣམས་བྲལ། ། འདི་ནི་སངས་རྒྱས་བདེ་འབྱུང་བའོ། ། བྱང་ཆུབ་གནས་ནི་དཔེ་མེད་པ། ། གང་ཞིག་འགྲོ་ལ་རྣམས་གནས་པ། ། ལ་ ལར་ངས་ནི་མ་བཤད་དོ། ། སོ་སོར་མཉམ་པའི་དེ་ཉིད་ནི། ། རྒྱལ་བ་ཡིས་ནི་གསུངས་པ་ཡིན། ། གཉིས་པའི་རྣམ་པ་ལས་འདས་གསལ་བར་རིག་ཅིང་སྐལ་བ་བཟང་། ། སྣ་ཚོགས་ནམ་མཁའི་དཀྱིལ་ཁྱབ་རོ་ནི་ཡང་དག་རྫོགས་པའི་སྟོབས། ། ཐམས་ཅད་སེམས་ ཀྱི་ནང་སོན་སྣ་ཚོགས་རྣམ་པའི་གཟུགས་འཕྲོ་བ། ། འཇིག་རྟེན་གསུམ་པོ་ནམ་མཁར་ཐིམ་ལྟར་ཡིད་ལ་སྣང་བར་འགྱུར། ། རྣམ་ཀུན་གཅིག་པའི་བདེ་མཆོག་གིས། ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །
BOརྣམ་ཀུན་མཆོག་ལྡན་མཚན་ཉིད་ཀྱིས། ། དེ་ཉིད་དཀྱིལ་ འཁོར་ཤེས་པར་བྱ། ། རྩ་ཀུན་མཁའ་འགྲོ་མ་རྣམས་ཏེ། ། སྐྱེ་མཆེད་ཡན་ལག་དཀྱིལ་འཁོར་ཡིན། ། ཐམས་ཅད་རོ་གཅིག་ཐོབ་པ་ཡིས། ། ཧེ་རུ་ཀ་དཔལ་རང་བཞིན་རྒྱས། ། སྣང་བ་མེད་ཅིང་ཐོགས་པ་མེད། ། གནས་མེད་ལུས་པ་མེད་པ་སྟེ། ། དངོས་པོ་ཀུན་ གྱི་རང་བཞིན་ཕྱིར། ། དངོས་པོ་ཀུན་ལ་རྟག་ཏུ་གནས། ། རྣལ་མ་ཉིད་དུ་ཤེས་བྱ་སྟེ། ། གང་ལ་སྒོམ་པའང་རྣལ་མ་ཉིད། ། ངོ་བོ་ཉིད་ཀྱིས་དགའ་བྱས་པས། ། འདི་ནི་རང་བྱུང་འཆར་བའོ། ། དེ་བས་བསམ་མི་ཁྱབ་བསམ་པས། ། སྣ་ཚོགས་གཅིག་ཏུ་ ཤེས་པར་བྱ། ། གང་ལ་དངོས་དང་དངོས་མེད་ཀྱི། ། བྱེ་བྲག་རྣམ་སྤངས་བདག་ཉིད་ནི། ། དགའ་བའི་བདག་ཉིད་བརྟན་གསལ་བས། ། ནམ་མཁའི་མཐའ་ཀླས་ཁྱབ་པར་ནི། ། བདག་ཉིད་ཆེན་པོ་རྟོགས་པར་བྱ། ། རྣམ་པ་སྣ་ཚོགས་དྲི་མེད་པའི། ། དཀྱིལ་འཁོར་ དག་ནི་འཕྲོ་བར་སྣང་། ། ལྷན་ཅིག་སྐྱེས་དགའ་བཞི་པའི་མིང་། ། བདེ་བ་ཀུན་གྱི་གནས་དེ་ཡིན། ། ཡང་དག་དེ་ཉིད་རིག་པ་ལ། ། འདིར་ནི་ཐབས་མེད་ཤེས་རབ་མེད། ། སྒྲུབ་པོ་ས་གསུམ་དཀྱིལ་འཁོར་ནི། ། རྣམ་རྟོག་ཉིད་དུ་ཤེས་པར་བྱ། ། ཆོས་དང་ལོངས་ སྤྱོད་རྫོགས་སྤྲུལ་པ། །
BOབདེ་བ་ཆེན་པོ་ཞེས་པའི་རིམ། ། བདེ་བ་ཆེན་པོ་རང་བཞིན་གྱིས། ། འཁོར་ལོ་བཞི་པོ་མཉམ་པ་ཡིན། ། རྟག་ཏུ་དངོས་པོ་ཐམས་ཅད་ལ། ། སྒྲུབ་པོས་ཆགས་པ་མེད་པར་སྤྱད། ། འཁོར་བའི་འདམ་གྱི་དབུས་སུ་ནི། ། གོས་མེད་ མྱ་ངན་འདས་པའོ། ། མཛེས་པའི་ཡོན་ཏན་ལེགས་འཐོབ་པ། ། ཡེ་ཤེས་ལྡན་ཞིང་བརྩོན་འགྲུས་ལྡན། ། དེ་ནས་བླ་མའི་སྐྱེ་བོ་ལ་གུས་སངས་རྒྱས་དང་ནི་མཉམ་ལྟ་ཞིང་། ། རྒྱལ་བའི་ཆོས་ནི་ཤིན་ཏུ་རྟོགས་ཤིང་བརྟན་ལ་ལེགས་པར་རབ་དང་བ། ། དེ་འདིར་ སྣོད་དུ་གྱུར་པ་ཡིན་ཕྱིར་དེ་ལ་བཀའ་དྲིན་སྦྱིན་པར་བྱ། ། དེ་ནས་གཟུགས་སོགས་དབྱེར་མེད་ཅིང་། ། ཁམས་གསུམ་གཅིག་ཏུ་ཤེས་པས་ན། ། རྒྱུན་མི་འཆད་པར་སྒྲུབ་པོ་དེས། ། དགའ་བས་ཀྱང་ནི་མཆོད་ཆེན་བྱ། ། ཇི་སྲིད་བྱང་ཆུབ་ཚོགས་ལྡན་པ། ། དེ་སྲིད་དྲི་ མ་མེད་ཉིད་འགྱུར། ། སྒྲུབ་པོ་ཐབས་དང་ཤེས་རབ་དག ། བླ་མེད་འབྲས་བུ་འཐོབ་པར་འགྱུར། ། འདི་ནི་དེ་ཁོ་ན་ཉིད་བསྟན་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་དགུ་པའོ། ། ། ། དེ་ནས་ཡང་དག་བཤད་བྱ་བ། ། རི་མོའི་ལྷ་ཡི་གཟུགས་རྣམས་ ཀྱི། ། སྐུ་ཡི་ཚད་ཀྱི་མཚན་ཉིད་ནི། ། གསང་བ་པ་ཡི་བདག་པོ་ཉོན། ། ཚངས་པའི་རི་མོ་སོགས་གཟུགས་ཀྱི། །
BOཆ་ལྔ་ཡང་ནི་གདན་ཡིན་ནོ། ། དུམ་བུ་གསུམ་ཅན་སྐུ་ལུས་ཀྱི། ། ཆ་མཉམ་པས་ནི་ཞལ་བྱས་ཏེ། ། ཞལ་ནི་བཅུ་གཉིས་ཆ་ཡིན་ནོ། ། མགྲིན་པ་ སོར་ནི་བཞི་པ་སྟེ། ། མཁས་པས་སྐྲ་མཚམས་དབུས་དང་ནི། ། སྙན་གཉིས་ལ་ཡང་དེ་ཉིད་སྦྱར། ། དཔྲལ་བ་ཞལ་དང་ཤངས་ཀྱི་ཚད། ། ཆ་གསུམ་ཞལ་གྱི་དཀྱིལ་འཁོར་རོ། ། སྨིན་མའི་དབུས་དང་ཞལ་གྱི་སྟེང་། ། སྤྱན་གྱི་ཞེང་ཡང་སོར་གཉིས་སོ། ། དེ་དག་དཀྱུས་ནི་སོར་ བཞི་ཡི། ། ཚད་ཉིད་དུ་ནི་ཤེས་པར་བྱ། ། མགྲིན་པའི་རྩ་བའི་དབུས་ཀྱི་ཚད། ། དཔུང་པ་གཉིས་ཀྱིའང་ཆ་ཡིན་ནོ། ། ཐམས་ཅད་དུ་ནི་ཐུགས་ཀ་དང་། ། ལྟེ་བའི་གནས་ཀྱི་ཚད་གཅིག་གོ། ། ནུ་མའི་བར་གྱི་ཚད་ཀྱིས་ནི། ། ནུ་མ་དཔུང་པའི་བར་གྱི་ཚད། ། ལག་ངར་གཉིས་ཀྱི་ཚད་ཀྱིས་ནི། ། དཔུང་པ་གཉིས་ཀྱིའང་ཚད་དེ་ཉིད། ། བརླ་དང་བྱིན་པའི་མཚམས་སུ་ནི། ། སོར་བཞི་པ་དང་ཡང་དག་ལྡན། ། པུས་མོའི་ལྷ་ང་སོར་བཞིའི་ཚད། ། ཞབས་ཀྱི་བོལ་གྱིའང་དེ་ཉིད་དོ། ། ཆ་ནི་བཅུ་གཉིས་ཚད་ཀྱིས་ནི། ། ལྷ་ཡི་སྐུ་གཟུགས་བྲི་བར་བྱ། ། ལྷག་མ་སོར་ནི་བཞི་པ་སྟེ། ། གདན་ནི་གཙོ་བོའི་ བརྒྱད་ཆ་ཡིན། ། གདན་གྱི་དགུ་ཆ་ཉིད་ཀྱིས་ནི། ། སོར་ནི་གཉིས་གཉིས་བྱ་བ་སྟེ། །
BOཟླ་བའི་དཀྱིལ་འཁོར་སྙིང་པོར་ནི། ། ཕྱག་མཚན་ན་བཟའ་ལ་སོགས་བྱ། ། ཟབ་མོ་རྡོ་རྗེ་ཅན་གྱི་ལྷ། ། ཆ་ནི་བཅུ་གཉིས་མཚན་ཉིད་དོ། ། དམན་པའི་ཆ་སོགས་ཆ་རྣམས་ནི། ། ཉེ་བར་མཛེས་བཞིན་ལེགས་པར་བྲི། ། དེར་ཡང་ཞལ་གྱི་ཚད་མཚུངས་པའི། ། ཕྱག་གཉིས་ཅུང་ཟད་བྲི་བར་བྱ། ། སོར་གཉིས་དོར་བར་བྱས་ནས་ནི། ། ཞི་བའི་ལྷ་ནི་བྲི་བར་བྱ། ། དེར་ཡང་ཞལ་ནི་མཐོ་གང་ཚད། ། བྱས་ཏེ་ཕྱག་ནི་རྟག་མཛེས་བྲི། ། ཡན་ལག་ཉིང་ལག་ཐམས་ཅད་ལ། ། སོར་ནི་གཉིས་གཉིས་དོར་བར་བྱ། ། ཁྲོ་བོ་ ཁྲོ་མོའི་དབང་ཕྱུག་མ། ། བྲན་ཕོ་བྲན་མོ་ཅི་བགྱི་མ། ། དྲག་ཅིང་འཇིགས་པའི་གཟུགས་རྣམས་ནི། ། ཆ་བཅུ་པར་ནི་རྣམ་པར་བྲི། ། ཡིད་དུ་འོང་བའི་རང་གཟུགས་ནི། ། ཆ་དགུ་པར་ནི་མངོན་པར་བྲི། ། དཀྱིལ་འཁོར་འཁོར་ལོའི་ལྷ་རྣམས་ནི། ། རིམ་བཞིན་རིམ་གྱིས་སྦྱར་བར་བྱ། ། དབུས་ཀྱི་རྡོ་རྗེ་ རྒྱལ་པོ་ནི། ། མཚན་ཉིད་གཅིག་ཏུ་རྣམ་པར་བྲི། ། ཀོས་ཀོ་མགྲིན་པ་བྱིན་པ་རྣམས། ། གསུམ་པོ་རིང་ན་སྐྱོན་ཆེན་པོ། ། སྔགས་པ་བདག་ཉིད་ངེས་པར་ནི། ། གནས་ལས་ཉམས་ཤིང་བསྐྲད་པར་འགྱུར། ། ཤངས་དང་སྙན་དང་ཕྱག་སོར་རྣམས། ། གསུམ་པོ་ཐུང་ན་སྐྱོན་ཆེན་པོ། །
BOདངོས་གྲུབ་ངེས་པར་འཇོམས་པ་དང་། ། དེ་བཞིན་དཔལ་ཡང་ཉམས་པར་འགྱུར། ། བྱིན་པ་ཞལ་དང་མཁུར་ཚོས་ཏེ། ། གསུམ་པོ་སྦོམ་པ་སྐྱོན་ཆེན་པོ། ། སྒྲུབ་པོ་བདག་ཉིད་ངེས་པར་ཡང་། ། དབལ་ལས་རིང་ཞིང་བདུད་བགེགས་འབྱུང་། ། འགྲམ་པ་བྲང་དང་རྩིབ་ལོགས་ཏེ། ། གསུམ་ པོ་ཞོམ་ན་སྐྱོན་ཆེན་པོ། ། དོན་ནི་ཉམས་པར་འགྱུར་བ་དང་། ། འདིར་ནི་བགེགས་འབྱུང་ཐེ་ཚོམ་མེད། ། ནུ་མ་སྙན་དང་དཔྲལ་བ་རྣམས། ། གསུམ་པོ་ཡོ་ན་སྐྱོན་ཆེན་པོ། ། སྒྲུབ་པ་པོ་ཉིད་མྱུར་བར་ནི། ། དགྲ་ཡི་རྩོད་པས་གདུང་བར་འགྱུར། ། བརླ་དང་དཀུ་དང་ནམ་ཚོང་གཉིས། ། གསུམ་ པོ་ཉམས་ན་སྐྱོན་ཆེན་པོ། ། ཆོམ་རྐུན་རྣམས་ཀྱིས་འཇིགས་པ་དང་། ། འཆི་བར་འགྱུར་བར་ཐེ་ཚོམ་མེད། ། སྙན་དང་མཆུ་དང་དཔྲལ་བ་དང་། ། ཤངས་ཉམས་སྤྱན་ནི་ཡོ་གྱུར་ན། ། སྔགས་པ་བདག་ཉིད་ངེས་པར་ཡང་། ། སྣ་ཚོགས་བགེགས་འབྱུང་འཆི་བར་འགྱུར། ། གྱེན་ དུ་གཟིགས་ཤིང་དབུགས་བསྐྱོད་ཚུལ། ། གདན་ལས་ཡོ་ཞིང་བསྐྱོད་ལྟ་བུས། ། རང་གི་གནས་ལས་རྟག་འཕོ་ཞིང་། ། དོན་རྣམས་འཇོམས་པ་ཉིད་དུ་འགྱུར། ། མགྲིན་པ་ནམ་ཚོང་ལ་སོགས་སྐུའི། ། སྐྱོན་ནི་གྲངས་མེད་ཞིག་ཏུ་གྲགས། ། འདིར་ནི་སྤྱན་ཚོགས་ཡོ་ བའམ། །
BOཕྱག་རྒྱ་ཕྱག་མཚན་ནོར་གྱུར་ན། ། མྱ་ངན་སྡུག་བསྔལ་གྱིས་རབ་གདུང་། ། སྣ་ཚོགས་སྐྱོན་སོགས་བརྟག་པར་བྱ། ། རྒྱབ་ཡོལ་གདུགས་དང་གདན་རྣམས་ཏེ། ། གསུམ་པོ་ཆུང་ཞིང་དོག་པའི་སྐྱོན། ། མཛའ་བོས་མི་སྙན་བརྗོད་པ་དང་། ། དཔལ་ཉམས་ འཆི་བར་གྱུར་པ་ཡིན། ། སྐྱོན་ནི་འདི་དག་སྐྱོན་ཆེན་པོ། ། མཁས་པས་ལེགས་པར་བལྟ་བར་བྱ། ། དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། ། ཆོ་ག་མཐོང་ཞིང་མཉམ་གཞག་པས། ། མཚན་ཉིད་ཐམས་ཅད་ཡོངས་རྫོགས་ཤིང་། ། གཟུགས་མཛེས་པས་ནི་བྲི་བར་བྱ། ། ཞི་ལ་ཞི་བའི་ཚུལ་གྱི་སྐུ། ། དྲག་ལ་དྲག་ཅིང་འཇིགས་བྱེད་པ། ། དཔའ་ལ་དཔའ་ཞིང་ང་རྒྱལ་སྐུ། ། སྒེག་པ་ལ་ནི་བཞད་པའི་ཞལ། ། མཚན་ཉིད་འདི་ལྟར་མཚོན་ནས་ནི། ། སྔགས་པ་རྣམས་ཀྱིས་བྲིས་སྐུ་བྲི། ། སྔགས་པ་ལས་ནི་དང་པོ་པས། ། གཟུགས་ བརྙན་ལ་སོགས་བྱ་བ་སྟེ། ། བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། ། དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། ། འདི་ནི་རི་མོ་ལ་སོགས་པའི་སྐུའི་མཚན་ཉིད་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་པའོ། ། ། ། དེ་ནས་རྣལ་འབྱོར་མའི་ མཚན་ཉིད། ། དགེ་བ་ཡང་དག་རབ་བཤད་བྱ། ། མཁའ་འགྲོ་མ་ནི་པདྨི་ནཱི། ། ལཱ་མཱ་ཧསྟི་ནཱི་ཉིད་འགྱུར། །
BOཁཎྜ་རོ་ཧཱ་ཤང་ཁི་ནཱི། ། གཟུགས་ཅན་ཙི་ཏྲི་ཎཱི་ཉིད་འགྱུར། ། རིགས་ནི་བཞི་པོ་རང་དངོས་སུ། ། མཁས་པ་ཡིས་ནི་བརྟག་པར་བྱ། ། པདྨི་ནཱི་ཡི་མཚན་ ཉིད་བཤད། ། བཞིན་ནི་དཀྱིལ་འཁོར་ལྟ་བུ་སྟེ། ། སྣ་ནི་ཏིལ་གྱི་མེ་ཏོག་མཚུངས། ། སེན་མོ་ཟངས་འདྲ་རུས་སྦལ་རྒྱབ། ། རྐང་པའི་མཐིལ་ནི་མཉམ་པར་གནས། ། ནུ་མ་ཏ་ལའི་འབྲས་བུ་བཞིན། ། དེ་བཞིན་བ་སྤུ་འཁྱིལ་པ་དང་། ། ཁྲོ་གཉེར་གསུམ་ཅན་སྐྱེ་གནས་མཆོག ། དེ་ཡི་བྲང་ཡང་ཤིན་དུ་མཛེས། ། གླང་ཆེན་མྱོས་པ་ལྟ་བུའི་འགྲོས། ། པདྨའི་དྲི་ལྡན་ངང་པའི་དབྱངས། ། རེག་བྱ་པདྨ་ལྟ་བུ་སྟེ། ། པདྨའི་བཅིང་བ་འདོད་བསྟེན་བྱ། ། སྐྲ་དང་ནུ་མ་ནས་བཟུང་ནས། ། མཆུ་ནི་སོ་ཡིས་བཙིར་བར་བྱ། ། བྷ་གར་སོར་མོ་གཞུག་དེ་ལྟར། ། པདྨ་ལ་ནི་འདོད་ པར་བྱ། ། དེ་ནས་ཧསྟི་ནཱིའི་མཚན་ཉིད། ། དེ་བཞིན་ཡང་དག་བཤད་པར་བྱ། ། ཆང་གི་དྲི་ཅན་བྱིན་པ་སྦོམ། ། སྣ་ཡོན་བ་སྤུ་འཁྱིལ་པ་ཡང་། ། འདོད་པས་མྱོས་ཤིང་སྲེད་པ་དང་། ། ལུས་ནི་སྦོམ་ཞིང་མི་སྲུན་མ། ། ཨུ་ར་ཊའི་བཅིང་བ་ཡིས། ། དེ་ལ་རོལ་པར་བྱ་བ་སྟེ། ། རིལ་བུའི་རྣམ་པ་ཧ་སྟི་ནཱི། ། མགོར་ནི་སོར་མོས་བསྣུན་བྱ་ཞིང་། །
BOདྲག་ཏུ་འཁྱུད་ཅིང་ནུ་མ་མཉེ། ། ཁ་ལ་རེག་ཅིང་སོས་གདབ་བྱ། ། མཁས་པས་སེན་མོས་དྲང་བར་བྱ། ། བཞད་ཀྱི་ང་རོ་ཧསྟི་ནཱི། ། གླུ་དང་རོལ་མོ་མངོན་པར་དགའ། ། མཚན་ཉིད་འདི་དག་ཡང་དག་ལྡན། ། ཧསྟི་ ནཱིར་ནི་ཤེས་པར་བྱ། ། ཤང་ཀི་ནི་ཡང་བཤད་བྱ་སྟེ། ། སྐྲ་རིང་སྣ་ཡང་རིང་བ་སྟེ། ། ཧ་ཅང་སྐེམ་མིན་སྦོམ་པ་མིན། ། ནུ་མ་ན་རང་ཀའི་འབྲས་མཚུངས། ། ཞོ་དང་འོ་མའི་སྟོན་མོར་དགའ། ། ལག་པ་གཡོན་པས་སྐྲ་ནས་ནི། ། བཟུང་བས་དགའ་བ་བསྐྱེད་བྱ་ཞིང་། ། སོ་ཡིས་ མཆུ་ནི་བཙིར་བར་བྱ། ། ཤིན་ཏུ་དགའ་བས་དྲག་པར་ནི། ། གཞིབ་དང་སྙིང་གར་སེན་མོས་བྲུད། ། བོང་བུ་ཡི་ནི་དྲི་ལྡན་དང་། ། བ་ལང་ལྕེ་ལྟར་རྩུབ་པ་སྟེ། ། བྱ་རོག་སྒྲ་ཅན་ཤང་ཁི་ནཱི། ། མཚན་ཉིད་འདི་དག་ཡང་དག་ལྡན། ། རྟག་ཏུ་ཤང་ཁི་ནཱི་ཞེས་བཤད། ། དེ་ནས་ཙི་ཏྲི་ཎཱི་ཡང་ བཤད། ། ལུས་ཐུང་དེ་ཡི་བྲང་རྣམས་མཛེས། ། ནུ་མ་དཔལ་འབྲས་ལྟ་བུ་སྟེ། ། ཤིན་ཏུ་ཁྲོ་ཞིང་ངོ་ཚ་སྤངས། ། རྟག་ཏུ་རྩོད་པ་ལ་དགའ་ཞིང་། ། བྱིན་པ་ཕྲ་ཞིང་གན་རྐྱལ་ཉལ། ། མཆུ་འཕྱངས་ཕུག་རོན་གྱི་ནི་སྐད། ། ཤ་ཡི་དྲི་དང་ལྡན་པ་དང་། ། དཔུང་པ་རྒྱས་པ་ཙི་ ཏྲི་ཎཱི། ། དགའ་བས་རོལ་པ་བཤད་བྱ་སྟེ། །
BOཐོག་མར་ལག་པས་བྷ་ག་བཙིར། ། འོ་བྱ་ནུ་མ་མཉེ་བ་དང་། ། མགོ་ལ་སོར་མོས་བསྣུན་བྱ་ཞིང་། ། ལུས་ནི་བསྐུམ་པས་དགའ་བ་དང་། ། དྲག་པ་ཉིད་དུ་འཁྱུད་པར་བྱ། ། མཆུ་ནི་འཇིབ་ཏུ་གཞུག་པར་བྱ། ། སྡེབ་སྦྱོར་ཚིགས་ བཅད་ལས་བཤད་པའི། ། མཚན་ཉིད་འདི་དག་ཡང་དག་ལྡན། ། ཙི་ཏྲི་ཎཱི་ནི་གཟུགས་ཅན་འགྱུར། ། དེ་ནས་གཞན་ཡང་འཕོ་བ་ཡི། ། དབྱེ་བའི་མཚན་ཉིད་ཡང་དག་བཤད། ། ཕྱི་ཡི་འཕོ་བ་རགས་པ་སྟེ། ། ནང་གི་བདག་ཉིད་ཕྲ་བར་བཤད། ། སྤྱི་བོར་བདེ་ཆེན་འཁོར་ལོ་སྟེ། ། པདྨ་འདབ་མ་བཞི་པ་ནི། ། ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། ། ཐམས་ཅད་བརྟེན་པའི་གཟུགས་ཡིན་པས། ། བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། ། ས་བོན་གྱུར་པའི་ཕྱི་རོལ་དུ། ། པདྨ་འདབ་མ་སུམ་ཅུ་གཉིས། ། དེ་ཡི་དབུས་ཀྱི་ཡི་གེ་ཧ། ། འོག་ཏུ་བལྟས་པ་བདེ་བ་འཛག ། བྱང་ཆུབ་ སེམས་བདག་ཟླ་བ་ནི། ། ཆ་ནི་{བཅྭ་,བཅོ་}ལྔའི་བདག་ཉིད་ཅན། ། རྟག་ཏུ་བདེ་བ་ཆེན་པོར་འབབ། ། རྣལ་འབྱོར་མ་ནི་ཆ་བཅུ་དྲུག ། དེ་ཡི་ལོགས་ནི་གཉིས་པོ་རུ། ། ལ་ལ་ནཱ་དང་ར་ས་ནཱ། ། ཨཱ་ལི་ཀཱ་ལི་རང་གི་དངོས། ། རྒྱུ་དང་འབྲས་བུའི་རང་བཞིན་གྱིས། ། དགའ་བ་བཞི་ཡི་གཟུགས་ ཅན་མ། །
BOལྷན་ཅིག་སྐྱེས་དགའི་རང་བཞིན་དང་། ། གཉིས་མེད་མཆོག་གི་དབང་ཕྱུག་མ། ། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། ། དོན་དམ་བདེ་བའི་གཟུགས་ཅན་མ། ། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། ། རྟེན་དེ་རྡོ་རྗེ་འཛིན་པའོ། ། མགྲིན་པར་ལོངས་སྤྱོད་འཁོར་ ལོ་སྟེ། ། དམར་པོ་འདབ་མ་བཅུ་དྲུག་པ། ། དེ་ཡི་དབུས་སུ་ཡི་གེ་ཨོཾ། ། དེ་ཡི་སྟེང་གི་ལྕེའུ་ཆུང་གི། ། བུ་གའི་ལམ་ནས་བདུད་རྩི་ནི། ། རྒྱུན་མི་འཆད་པར་འབབ་པ་ཡིན། ། སྙིང་གར་ཆོས་ཀྱི་འཁོར་ལོ་སྟེ། ། སྣ་ཚོགས་པདྨ་འདབ་མ་བརྒྱད། ། དེ་ཡི་དབུས་སུ་ཡི་གེ་ཧཱུྃ། ། འོག་ཏུ་བལྟས་པས་གནས་པ་སྟེ། ། དེའི་སྟེང་ཕྲ་བའི་པདྨ་ནི། ། ཚངས་པའི་གནས་ཀྱི་རྣམ་པ་འདྲ། ། དེ་ཡི་དབུས་ཀྱི་རྣམ་ཤེས་ནི། ། རྟག་ཏུ་འཆར་བ་ཐམས་ཅད་ཁྱབ། ། རང་བྱུང་ཡེ་ཤེས་ཀྱི་ནི་རྟེན། ། རྣམ་ཤེས་མཆོག་གི་དབང་ཕྱུག་གོ། ། ལྟེ་ བར་པདྨ་མདོག་སྔོན་པོ། ། འདབ་མ་དྲུག་ཅུ་རྩ་བཞི་པ། ། དེ་ཡི་དབུས་ཀྱི་ཡི་གེ་ཨོཾ། ། ནོར་བུ་བཞིན་དུ་འབར་བ་ཡིན། ། དེ་འོག་ཕྲ་བའི་པདྨ་ནི། ། མདུད་པའི་གནས་སུ་གཞག་པར་བྱ། ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། ། རྟེན་དང་རྩ་བར་བརྗོད་པ་ཡིན། ། ཤེས་རབ་རང་ བཞིན་ལ་ལ་ནཱ། །
BOཐབས་ནི་ར་ས་ནཱ་རུ་གནས། ། དེ་དག་དབུས་སུ་སོན་ལྷ་མོ། ། ཨོཾ་ཡིག་སྣ་ཚོགས་གཟུགས་ཅན་མ། ། ལྷ་མོ་སྐུ་བཞིའི་བདག་ཉིད་ཅན། ། དངོས་གྲུབ་ཐམས་ཅད་རབ་སྩོལ་མ། ། ཀུན་ལ་བདེ་ཆེན་རབ་སྩོལ་ལ། ། རྟག་ཏུ་ཡང་དག་བདག་ཕྱག་འཚལ། ། དངོས་ པོ་གང་དང་གང་གིས་ནི། ། མི་རྣམས་ཡིད་ནི་ཡང་དག་སྦྱོར། ། དེས་དེའི་བདག་ཉིད་འགྱུར་ལྷ་མོ། ། སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། ། ཤེས་རབ་མེ་ཡིས་བསྐྱོད་པས་ཡུལ་གྱི་དངོས་པོ་རྣམ་པར་དཔྱད་ན་རྒྱུན་དང་བྲལ། ། གཏུམ་མོ་འབར་ཞིང་རྣམ་པར་འཕྲོ་བས་དྲི་ མ་མེད་ཉིད་ཡང་དག་རིག་ཅིང་གསལ། ། ཕུང་པོའི་རྣམ་པར་རྟོག་པ་བསྲེགས་ཤིང་དམིགས་པ་མེད་པའི་རང་རིག་འཛག་པ་དང་། ། དངོས་པོ་ཐམས་ཅད་མཉམ་ཉིད་བདུད་རྩི་ནམ་མཁའ་ཁྱབ་ཅིང་ཡང་དག་གོ་འཕང་ལྡན། ། དེ་ནས་གཞན་ཡང་ཐིག་ལེའི་གཟུགས། ། འཕོ་བ་ཡང་དག་བཤད་པར་བྱ། ། ཡར་ངོའི་ཚེས་གཅིག་ནས་བཟུང་ནས། ། ཇི་སྲིད་ཉ་ཡི་བར་དུ་སྟེ། ། ཡར་ངོ་ཡི་ནི་ཚེས་གཅིག་ལ། ། རྐང་པའི་སོར་མོ་ཡི་གེ་ཨ། ། ཚེས་གཉིས་བྱིན་པར་ཡི་གེ་ཨཱ། ། ཚེས་གསུམ་བརླ་ལ་ཡི་གེ་ཨི། ། བཞི་པ་སྐྱེ་གནས་ཡི་གེ་ ཨཱི། ། ལྔ་པ་ལྟེ་བར་ཡི་གེ་ཨུ། ། དྲུག་པ་སྙིང་གར་ཡི་གེ་ཨཱུ། །
BOབདུན་པ་ནུ་མར་ཡི་གེ་རཱྀ། ། བརྒྱད་པ་མགྲིན་པར་ཡི་གེ་རཱྀ། ། དགུ་པ་ལག་མཐིལ་ཡི་གེ་ལྀ། ། བཅུ་པ་མཁུར་ཚོས་ཡི་གེ་ལཱྀ། ། བཅུ་གཅིག་མིག་ཏུ་ཡི་གེ་ཨེ། ། བཅུ་གཉིས་སྣ་རྩེར་ཡི་གེ་ཨཻ། ། བཅུ་གསུམ་དཔྲལ་བར་ཡི་གེ་ཨོ། ། བཅུ་བཞི་མཚོག་མར་ཡི་གེ་ཨཽ། ། ཉ་ལ་སྤྱི་གཙུག་གཡས་གཡོན་དུ། ། ཡི་གེ་ཨྃ་ཨཿའི་ངོ་བོ་ཉིད། ། མར་ངོའི་ཚེས་གཅིག་ནས་བཟུང་སྟེ། ། ཇི་སྲིད་གནམ་སྟོང་གི་ནི་བར། ། དེ་ཉིད་ཀྱིས་ནི་འཕོ་བར་འགྱུར། ། གཡོན་པར་ ཨ་ལི་ཟླ་བ་སྟེ། ། ཕྲ་བ་ཡི་ནི་རང་བཞིན་ཉིད། ། གཡས་པར་ཀཱ་ལི་ཉི་མ་སྟེ། ། རགས་པ་ཡི་ནི་རང་བཞིན་ནོ། ། བྱང་ཆུབ་སེམས་བདག་དབྱེ་བ་ཡིས། ། དེ་བཞིན་འཕོ་བ་བཅུ་དྲུག་ཡིན། ། ཐུན་ཕྱེད་ཀུན་སྤྱོད་དབྱེ་བ་ཡིས། ། འཕོ་བ་བཅུ་དྲུག་དག་ཏུ་བཤད། ། ཟླ་ བ་འཛིན་དང་ཉི་མ་འཛིན། ། ཐིག་ལེ་འགོག་དང་ནམ་མཁའ་འགོག ། འདི་དག་དང་ནི་ཡང་དག་ལྡན། ། འཕོ་བ་བཅུ་དྲུག་ཤེས་པར་བྱ། ། རྣམ་པར་མི་རྟོག་བདེ་བ་ཆེ། ། མངོན་འདོད་ཡེ་ཤེས་ཀྱི་ནི་གཟུགས། ། འདི་ནི་དགའ་ཞིང་བདེ་བའི་ཁྱིམ། ། སྒོ་ཡི་ཐེམ་སྐས་དང་ མཚུངས་པའོ། ། འདི་ནི་རྣལ་འབྱོར་མ་བཞི་དང་། ། འཁོར་ལོ་བཞི་ཡི་རིམ་པ་དང་། །
BOབྱང་ཆུབ་ཀྱི་སེམས་འཕོ་བ་བསྟན་པའི་རིམ་པར་ཕྱེ་བ་སྟེ་སོ་གཅིག་པའོ། ། ། ། དེ་ནས་གཏོར་མའི་དེ་ཉིད་ནི། ། ཇི་བཞིན་གསལ་བར་རབ་ཏུ་བཤད། ། དཀྱིལ་འཁོར་སྦྱིན་སྲེག་བཟླས་པ་དང་། ། རབ་གནས་དང་ནི་ཞི་རྒྱས་དང་། ། དབང་དང་བསྐྲད་དང་བསད་པ་དང་། ། འབྱུང་པོ་གནོད་སྦྱིན་མོ་སྒྲུབ་དང་། ། གནས་ཀྱིས་སྒྲུབ་པའི་དུས་དག་སྟེ། ། ལས་རྣམས་ཀུན་ལ་མཆོག་ཡིན་ནོ། ། ཆང་དང་གཏོར་མ་མེད་པར་ནི། ། ལས་རྣམས་མྱུར་དུ་འགྲུབ་མི་འགྱུར། ། དེས་ན་གཏོར་མ་རབ་བསྔགས་ཏེ། ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། ། དང་པོར་བདེ་མཆོག་ཕྱག་གཉིས་པའི། ། ལྷ་ཡི་རྣམ་པའི་རྣལ་འབྱོར་ལྡན། ། སྲུང་བ་གཉིས་ཀྱིས་ཡང་དག་བསྲུང་། ། ཧཱུྃ་གི་སྒྲ་ནི་བསྒྲག་པར་བྱ། ། ཉི་ཤུ་རྩ་བཞིའི་གནས་ཀྱིས་ནི། ། ལུས་ཀྱི་ཡན་ལག་བརྒྱན་པར་བྱ། ། སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། ། སྐད་ཅིག་གིས་ནི་གསང་སྔགས་བརྗོད། ། དང་པོར་རེ་ཞིག་བཟའ་བ་དང་། བཏུང་བ་དང་། སྟོན་མོ་ལ་སོགས་པ་མདུན་དུ་ཡང་དག་པར་བཞག་ལ་རྣམ་ པར་སྦྱང་བར་བྱ་སྟེ། དེ་ལ་མདུན་དུ་ཡི་གེ་ཡྃ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་རྃ་ལས་བྱུང་བའི་མེའི་དཀྱིལ་འཁོར།
BOདེར་ཡི་གེ་ཨ་དཀར་པོ་ལས་བྱུང་བའི་པདྨའི་སྣོད་ཐོད་པ་གསུམ་གྱི་སྒྱེད་པུ་ལ་གནས་པ། དེའི་དབུས་ཀྱི་བཟའ་བ་ལ་སོགས་པ་རྣམས་ལ། ཨོཾ་ཨྃ་ཏྲྃ་ཁྃ་ཧཱུྃ། ལཱྃ་མཱྃ་པཱྃ་ཏཱྃ་བཱྃ་གྱི་ཡི་གེ་ལས་བྱུང་བའི་བདུད་རྩི་ལྔ་དང་། སྒྲོན་མ་ལྔའི་གཟུགས་རྫོགས་པར་བྱིན་གྱིས་བརླབས་ལ། ། རླུང་གིས་བསྐྱོད་པས་མེ་རབ་ཏུ་སྦར་ཏེ། བསྐོལ་བས་ས་བོན་གྱི་ཡི་གེ་ལ་སོགས་པ་བཞུ་སྟེ། ཉི་མ་འཆར་ཀ་ལྟ་བུའི་བཅུད་ཀྱི་གཟུགས་སུ་བལྟས་ལ། དེའི་སྟེང་དུ་དངུལ་ ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྭཱྃ་ག་དཀར་པོ་བདུད་རྩིའི་རང་བཞིན་ཅན་ཐུར་དུ་བལྟས་པ་རྣམ་པར་ཞུ་བར་བསམས་ཏེ། དེ་བཅུད་ཀྱི་རང་བཞིན་དུ་རོ་གཅིག་པར་གྱུར་པར་བལྟས་ལ། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཨོཾ་ཨཱཿཧཱུྃ་གི་ཡི་གེ་རྩེག་མར་ཡོངས་སུ་གནས་པ་སྟེ་དེ་དག་ལས་ དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་སྤྲོས་ལ་འགྲོ་བའི་དོན་བྱས་ཏེ། མཉམ་པར་སྦྱོར་བ་སྔོན་དུ་འགྲོ་བས་ཞུ་བར་གྱུར་ཅིང་ཇི་ལྟ་ཇི་ལྟ་བའི་ས་བོན་ལ་རབ་ཏུ་བཅུག་སྟེ། ཡི་གེ་གསུམ་ཅི་འདོད་པར་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། ། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །
BOམཐེ་བོ་རྡོ་རྗེ་བརྟན་པར་རབ་ཏུ་སྦྱར། ། དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་ནས། ། བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་བྱ། ། རྐང་པ་མནན་ཅིང་སྟེང་དུ་བལྟ། ། གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་། ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། དཔའ་བོ་རྣལ་འབྱོར་མ་རྣམས་ འགུགས། ། དེ་ནས་ཡང་ལག་པ་གཡས་པ་དང་གཡོན་པ་བསྐོར་བར་བྱ་སྟེ། ས་མ་ཡ་སྟྭཾ། ས་མ་ཡ་ཧ། ས་མ་ཡ་ཧོཿ ཞེས་པ་ལན་གསུམ་བརྗོད་ཅིང་། གཡས་དང་གཡོན་དུ་བསྐོར་ཞིང་བསྐོར་བས། མཆོད་བྱ་དང་མཆོད་བྱེད་ཀྱི་དབྱེ་བ་མེད་ཅིང་ཤིན་ཏུ་གྲོལ་བ་སྔོན་དུ་འགྲོ་བ་ ཡིས། མཁའ་འགྲོ་མ་ཡི་དྲ་བའི་བདེ་བའི་དམ་པས་ལྷ་རྣམས་ལ་མཆོད་པར་བྱས་ཏེ། ཤར་དུ། ཨིནྡྲ་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། ལྷོར། ཡ་མ་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། ནུབ་ཏུ། བ་རུ་ཎ་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། བྱང་དུ། ཀུ་བེ་ར་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། དབང་ལྡན་དུ། མ་ཧཱ་བྷཱུ་ཏ་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། མེར། ཨགྣི་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། བདེན་བྲལ་དུ། རཱཀྵ་ས་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། རླུང་དུ། བཱ་ཡུ་དེ་བ་ཏཱ་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། སྟེང་དུ།
BOཙནྡྲ་སཱུརྱ་བྲཧྨཱ་དྱཱ་དེ་བ་ཏཱ་ས་པ་རི་བཱ་རཱ་ནཱ་ཀརྵ་ཡ་ཛཿ། ས་འོག་ཏུ། བཻ་མ་ཙི་ཏྲཱི་པྲཱྀ་ཐི་ཝཱ་དེ་བ་ཏཱ་ས་པ་རི་བཱ་ རཱ་ནཱ་ཀརྵ་ཡ་ཛཿ། ཛཿཧཱུྃ་བྃ་ཧོཿསནྟྲྀ་པྟ་སརྦྦ་དེ་བ་ཏཱ་སཱ་དྷ་ཀ་སྱ་ཤཱིནྟཾ་ཀུ་རུ། པུཥྚིཾ་ཀུ་རུ། སརྦ་ཀརྛནྟུ་སིདྡྷིརྦྷ་བ་ཏུ། ། ཡ་ཐཱ་སུ་ཁཾ་སུ་ཁེ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་ བྷ་ཀྵ། བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལྃ་བི་ནེ་གྲཱིཧྞ་གྲཱིཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦམྦཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲཱིཾ་ཧྲཱིཾ། ཛྙཽ་ཛྙཽ། ཀྵྨཱྃ་ཀྵྨཱྃ། ཧཱྃ་ཧཱྃ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་འདི་ལན་ཅིག་བརྗོད་པས་བཅོམ་ ལྡན་འདས་ཤེས་རབ་དང་བཅས་པ་དང་། མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་རིམ་བཞིན་དུ་བསྐོར་བ་བྱས་ཏེ། ཨོཾ་ཨཱ་རལླི་ཧོཿཛཿཧཱུྃ་བྃ་ཧོཿ།
BOབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲཱི་ཤྱ་ཧོཿཞེས་བྱ་བ་འདིས་ལན་ཅིག་གམ་གཉིས་སམ་གསུམ་མམ་བཞིའམ་ལྔར་ བརྗོད་དེ་དབུལ་བར་བྱའོ། ། དེ་ནས་ཉེ་རེག་དང་། སོ་རྩི་ལ་སོགས་པ་ཕྱག་ཏུ་ཕུལ་ལ་པདྨའི་ལག་བསྐོར་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་དེ་བསྟོད་ནས། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་འཇོམས། ། ཁྱེད་ཀྱིས་དངོས་པོ་ཐམས་ཅད་མཁའ་དང་ མཉམ་པའི་བདག་ཉིད་གཟིགས་པར་ལྡན། ། མགོན་པོ་ཐུགས་རྗེའི་ཆུ་ཡི་ལྗིད་ཀྱིས་བརླན་པར་འགྱུར་བའི་ཐུགས་ཀྱི་ཆུས། ། བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། ། ཞེས་བྱ་བ་འདིས་དངོས་གྲུབ་བླང་བར་བྱའོ། ། དེ་ནས་དུར་ ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་སྔོན་བཞིན་བསྐོར་བར་བྱས་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙོནྨཱ་དཱ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ་ཨི་མྃ་བ་ལིཾ་གྲྀཧྞཾ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བྃ། ཡ་ཐེ་ཥྚྃ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀཱརྱཱཾ་སཏྶུ་ཁཾ་བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།
BOརྐང་པ་བརྒྱད་ཀྱི་སྔགས་ཀྱིས་ཡང་དག་པར་བསྟོད་ལ་མངོན་པར་འདོད་པའི་དངོས་གྲུབ་བླང་བར་བྱ་ཞིང་བརྡའི་ལག་པས་བརྡ་བསྟན་ པར་བྱ་སྟེ། ཨོཾ་ཡོ་ག་ཤུདྡྷཱཿསརྦྦ་དྷརྨྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བྱ་བ་བརྗོད་ཅིང་པདྨ་བསྐོར་བའི་ཕྱག་རྒྱས་མཉེས་པར་བྱའོ། ། ཉེ་བར་བསྡུ་བའི་ཕྱག་རྒྱ་མི་ཕྱེད་པར་འཁྱུད་པ་སྔོན་དུ་འགྲོ་བས་མཐེ་བོ་དང་སྲིན་ལག་སེ་གོལ་བརྡབ་པར་བྱ་སྟེ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་ མཛད། ། རྗེས་སུ་མཐུན་པར་དངོས་གྲུབ་སྩོལ། ། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། ། ཇི་ལྟར་བདེ་བར་བཞུགས་སུ་གསོལ། ། ཨོཾ་བཛྲ་མུཿཞེས་བརྗོད་པས་གཤེགས་སུ་གསོལ་བར་བྱའོ། ། དཀྱིལ་འཁོར་པའི་ལྷ་རྣམས་ཐམས་ཅད་བདག་ཉིད་ལ་གཞུག་པར་ བྱའོ། ། དེའི་རྗེས་ལ་ལྷག་མའི་གཏོར་མ་བསྡུས་པས་དམ་ཚིག་བསྒྲུབ་པ་བསྟན་པར་བྱ་སྟེ། ཁ་ནི་མྱོས་བྱེད་ཀྱིས་བཀང་ནས། ། འབར་བའི་ཕྱག་རྒྱ་བཅིང་བར་བྱ། ། ཧཱུྃ་གི་སྒྲ་ནི་དྲག་པོ་ཡིས། ། ལྷག་མའི་སྣོད་དུ་སྦྱིན་པར་བྱ། ། མེ་ཏོག་སྤོས་ལ་སོགས་བྱིན་པས། ། མཉེས་ བྱས་སྔགས་ནི་བརྗོད་པར་བྱ། ། ཨོཾ་སརྦྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ། ཨུ་ཙྪིཥྚ་བྷཀྵ་ཀེ་བྷྱཿསྭཱ་ཧཱ།
BOསྙིང་རྗེ་ལ་སོགས་ཉམས་ལྡན་པས། ། དེ་བཞིན་བཀྲ་ཤིས་གླུ་བླང་བྱ། ། རྣམ་ཀུན་དོན་ནི་ཡོངས་དག་ཅིང་། ། རྣམ་པ་མེད་པའི་བདེ་བ་ཆེ། ། སྒྲུབ་པོ་ཤེས་རབ་ཐབས་བདག་ཉིད། ། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། ། འབྱོར་ན་ཉི་མ་རེ་རེ་འམ། ། དེ་བཞིན་ཟླ་བའམ་ལོ་རེར་ནི། ། རྫོགས་པའི་བྱང་ཆུབ་སེམས་ཀྱི་གཟུགས། ། དེ་བཞིན་ཉིད་དུ་ཡོངས་སུ་བསྔོ། ། སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བ་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་ མཛད། ། ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླགས། ། གང་ཞིག་འཁོར་ལོ་རབ་ཏུ་བསྐོར་བའི་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་སྦྱིན་མཛད། ། དེ་ནི་སྙིང་རྗེ་ཆེན་པོའི་དབང་གྱུར་འཕགས་པ་རྣམས་ཀྱི་རྟག་ཏུ་མྱུར་བར་ བཀྲ་ཤིས་ཡིན། ། འདི་ནི་གཏོར་མའི་མཆོད་པ་བསྟན་པའི་རིམ་པར་ཕྱེ་བ་སྟེ་སོ་གཉིས་པའོ། ། ། ། དེ་ནས་ཡེ་ཤེས་འབྱུང་བ་ཡི། ། དངོས་གྲུབ་སྡོམ་པ་བཤད་པར་བྱ། ། སྣ་ཚོགས་ཚུལ་གྱི་ཐབས་རྣམས་ནི། ། དངོས་གྲུབ་རྣམས་ཀྱི་རྒྱུ་ཡི་མཆོག ། ཕྱི་ དང་ནང་དུ་བཅས་པའི་ལུས། ། ནམ་མཁའ་ལྟ་བུར་དྲི་མ་མེད། ། འདི་ལྟར་བདག་ཉིད་མཁའ་མཚུངས་པར། །
BOརྟག་ཏུ་གྲོལ་བའི་བདག་ཉིད་མཐོང་། ། ལུས་མེད་ཐོག་མ་ཐ་མ་མེད། ། སྒྲ་ལ་སོགས་པའི་ཡོན་ཏན་བྲལ། ། གཉིས་པ་ལས་ནི་རྣམ་གྲོལ་བ། ། རྣམ་པ་ཀུན་དུ་ཅིར་ ཡང་གནས། ། དངོས་མེད་དངོས་པོ་ལ་བརྟེན་ནས། ། བརྟེན་པ་མེད་པར་དངོས་པོར་བྱ། ། ཡིད་མེད་ཡིད་ནི་བྱས་ནས་སུ། ། ཅུང་ཟད་ཙམ་ཡང་མི་བསམ་མོ། ། སྟན་ལ་གནས་ནས་བླ་མ་ཡི། ། བརྒྱུད་པར་བརྟན་པར་བྱས་ནས་ནི། ། དེ་བཞིན་མཁའ་དང་མཚུངས་པ་ཡི། ། རོ་གཅིག་ སེམས་ནི་བསྒོམ་པར་བྱ། ། བསམ་གཏན་གཟུགས་ལས་རྣམ་པར་གྲོལ། ། རྟོག་གེའི་སྦྱོར་བ་རྣམ་པར་སྤངས། ། སེམས་བྱུང་སེམས་སུ་བརྟན་གྱུར་པ། ། འགྲོ་བའང་རང་བཞིན་ཚུལ་དེ་བཞིན། ། མཁའ་མཚུངས་ནམ་མཁའ་ཡང་དག་གནས། ། ཤེལ་གྱི་ནོར་བུ་དག་པ་བཞིན། ། ཐོག་མ་ཐ་མ་མེད་པའི་གཟུགས། ། སྤྲོས་བྲལ་དབང་པོའི་སྤྱོད་ཡུལ་མིན། ། འགྱུར་བ་མེད་ཅིང་སྣང་བ་མེད། ། ཐམས་ཅད་སྟོང་བ་ཉོན་མོངས་མེད། ། འགྲོ་བའི་སྒྲོན་མ་སྲིད་པ་ཡི། ། འཆིང་བ་འཇོམས་ཤིང་ཚིག་བརྗོད་བྲལ། ། ཡིད་ཀྱི་འང་སྤྱོད་ཡུལ་མ་ཡིན་ཏེ། ། གཉིས་ལྡན་རྣམ་ གྲོལ་ཉོན་མོངས་མེད། ། དོན་དམ་གྲོལ་བ་རབ་སྩོལ་བའི། ། འཕོ་མེད་དེ་ཉིད་ལ་ཕྱག་འཚལ། ། ཇི་ལྟར་དེ་ཉིད་ལ་རེག་ནས། །
BOབསམ་པ་ཀུན་གྱིས་བསམ་དུ་མེད། ། གང་ཚེ་བསམ་དུ་མེད་སེམས་པ། ། དེ་ཚེ་བསམ་གྱིས་མི་ཁྱབ་འགྱུར། ། སེམས་ཅན་ཇི་བཞིན་བསམ་མེད་ དེ། ། བསམ་མེད་ཇི་བཞིན་རྒྱལ་བའང་དེ། ། གང་ཕྱིར་བསམ་བྲལ་སངས་རྒྱས་ཀྱིས། ། བསམ་པ་འདི་ནི་རབ་ཏུ་བཤད། ། བསམ་གྱིས་མི་ཁྱབ་སེམས་དེ་ལ། ། བསམ་པ་ཀུན་གྱི་བགྲང་ལས་འདས། ། སྣ་ཚོགས་རྟོག་པའི་རྟོག་པ་མེད། ། ཆགས་ མེད་བདེ་བ་ཆེན་པོ་སྟེ། ། རྣམ་པ་ཐམས་ཅད་ཀྱི་ནི་མཆོག ། དབང་པོ་ཀུན་འདས་རྣམ་པ་མེད། ། དངོས་དང་དངོས་མེད་བདག་ཉིད་དེ། ། དངོས་དང་དངོས་མེད་རྣམ་པར་སྤངས། ། བེམས་པོ་མིན་ཕྱིར་བདག་ཉིད་རིག ། མི་ཤེས་རྣམ་པར་མི་མཐོང་བའོ། ། གཟུགས་མེད་ གར་ཡང་མི་གནས་པ། ། འགྱུར་བ་མེད་ཅིང་བརྟན་པའོ། ། དངོས་པོ་མེད་པའི་ཆོས་རྣམས་ལ། ། བླང་དང་དོར་བ་གང་ལ་ཞིག ། བླང་བྱ་དང་ནི་དོར་བྱ་ཡི། ། ཆོས་ཀུན་རྨི་ལམ་ཇི་བཞིན་ནོ། ། དགའ་བ་ཡོངས་སུ་ཤེས་པ་ཡིས། ། ཤེས་རབ་ཕ་རོལ་ཕྱིན་པ་མཆོག ། དགའ་བའི་འབྲས་བུ་ལ་གནས་པ། ། འདི་ནི་དངོས་མེད་བྱང་ཆུབ་བོ། ། གཉིས་པོ་རོ་གཅིག་དབྱེར་མེད་པ། ། དགའ་བའི་བདེ་བ་ཆེན་པོ་ཉིད། ། ཤེས་རབ་སྙིང་རྗེའི་དབྱེ་བ་ནི། ། སྒྲོན་མ་དང་ནི་འོད་ཟེར་བཞིན། །
BOའདི་གཉིས་མི་ཕྱེད་བདག་ཉིད་ནི། ། རོ་གཅིག་ དངོས་པོའི་སེམས་ཡིན་ནོ། ། ཤེས་རབ་ཐབས་ནི་མཉམ་སྦྱོར་བས། ། རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། ། དེ་ཉིད་ལ་ནི་བླ་མེད་པའི། ། སངས་རྒྱས་ཀུན་རྣམས་རབ་ཏུ་བཞུགས། ། དབྱེར་མེད་རྣམ་པར་ཡང་དག་རིག ། གང་ཞིག་གནས་པ་རྡོ་རྗེ་སེམས། ། ཇི་སྲིད་ རྫོགས་པའི་བྱང་ཆུབ་རྒྱུར། ། བདེ་བས་སྡོམ་པར་བྱས་ན་ནི། ། སྒྲུབ་པོས་བདེ་མཆོག་རྫོགས་བར་དུ། ། དེ་སྲིད་དེ་ནི་མྱོང་བར་འགྱུར། ། མཛེས་པའི་སྒྱུ་མ་རྣམ་འཕྲུལ་དག་ལ་དེ་ཤེས་ཇི་བཞིན་ཉིད། ། དགའ་དང་སྐྱོ་བ་ཐམས་ཅད་མཉམ་པ་ཉིད་དུ་རབ་ཏུ་སྦྱང་། ། འཇིགས་པར་ བྱེད་པའང་མེད་ཅིང་བདེ་བ་འབྱུང་བའང་ཡོད་མ་ཡིན། ། དེ་ཉིད་ཀྱིས་ནི་སྒྲུབ་བོ་དེ་བཞིན་ཉིད་བདག་རྗེས་སུ་འགྲོ། ། ཨེ་མའོ་བདེ་ཆེན་འདོད་པ་ཡིས། ། ས་གསུམ་པོ་ནི་གང་བ་སྟེ། ། ཨེ་མའོ་ཞི་བའི་བདེ་བ་འབབ། ། སྣ་ཚོགས་མངོན་པར་བྱང་ཆུབ་རྒྱས། ། ཨེ་ མའོ་བདེ་བའི་བདེ་ཆེན་པོ། ། ཨེ་མའོ་ཇི་ལྟར་ཇི་ལྟར་བཟའ། ། ཨེ་མའོ་ལྷན་སྐྱེས་བདག་ཉིད་ཆེ། ། ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། ། འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་མཐོང་བ་དང་། ། ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག །
BOསེམས་ཀྱང་མྱ་ངན་སྨིག་ རྒྱུ་ལྟ་བུར་བལྟ་བྱ་ཞིང་། ། འདི་ལྟར་བཟའ་དང་བཏུང་བ་ནམ་མཁའ་ལྟ་བུ་སྟེ། ། དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པར་མནམ་པ་དང་། ། ཡིད་ནི་ཉི་མ་ཟླ་བ་བཞིན་དུ་ཁྱབ་པར་བྱ། ། ཡང་དག་གནས་དེའང་རི་རབ་དང་ནི་མཚུངས་པ་ཡིན། ། གཞོན་ནུ་མ་ཡི་ རྨི་ལམ་དེ་བཞིན་དམིགས་པར་བྱ། ། ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བགྲོད། ། འདི་དག་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། ། སྲིད་པ་རང་བཞིན་བྲལ་ཞིང་བསམ་གྱིས་མི་ཁྱབ་གཟུགས། ། རྟག་ཏུ་འཆར་བ་བདེ་གཤེགས་ལམ་མཆོག་ཕྱག་ འཚལ་བསྟོད། ། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། ། བླ་མ་མཆོད་པ་ཡང་དག་བརྩམ། ། དེ་མཉེས་པས་ནི་ཀུན་མཁྱེན་པའི། ། ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། ། བླ་མེད་མཛད་པའི་སློབ་དཔོན་ནི། ། རྡོ་རྗེ་སེམས་དཔའ་རབ་མཆོད་ན། ། དེ་ ཡི་བསོད་ནམས་མ་བྱས་ཅི། ། དཀའ་ཐུབ་མ་བསྟན་ཅི་ཞིག་ཡོད། ། འཇིགས་དང་སྡིག་པ་སྤངས་པ་དང་། ། བདེ་བ་དང་ནི་ལྡན་པ་ཉིད། ། དམ་ཚིག་སྤྱོད་པ་སྲུང་བྱེད་པ། ། དེ་ལ་རིམ་པ་རབ་བསྟན་བྱ། ། ཧེ་རུ་ཀ་དཔལ་མངོན་བརྗོད་རྒྱུད། ། ཀློག་གམ་ འཆང་ངམ་བྲིས་ནས་ནི། ། དངོས་གྲུབ་རྫུ་འཕྲུལ་སྐལ་བཟང་དང་། །
BOབྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར། ། དཔའ་བོ་ཀུན་དང་མཉམ་སྦྱོར་བའི། ། མཁའ་འགྲོ་མ་ཡི་དྲ་བ་སྡོམ། ། དཔལ་སྡོམ་འབྱུང་བའི་རྒྱུད་ལ་ནི། ། གང་ཚེ་སྒོམ་ཞིང་སེམས་བྱེད་ ན། ། ལོངས་སྤྱོད་ཆེ་ཞིང་བདེ་བ་ཆེ། ། དབུལ་བའི་སྡུག་བསྔལ་འཇོམས་པར་འགྱུར། ། མོས་པ་དུ་མའི་སེམས་ཅན་ལ། ། སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། ། སྣ་ཚོགས་ཚུལ་གྱིས་འདུལ་བ་ལ། ། ཐབས་ཀྱང་ཡང་དག་བསྟན་པ་ཡིན། ། ཟབ་མོའི་ཆོས་ ནི་བསྟན་པ་ལ། ། གང་ཞིག་མོས་པར་མ་གྱུར་ཀྱང་། ། སྨད་པ་དག་ཏུ་མི་བྱ་སྟེ། ། སྟོང་ཉིད་སྙིང་རྗེ་མི་ཕྱེད་པའི། ། ཆོས་ཉིད་ཐམས་ཅད་བསམ་མི་ཁྱབ། ། སངས་རྒྱས་རོལ་པ་བསམ་མི་ཁྱབ། ། མཁའ་འགྲོ་མ་ཡི་ཚོགས་ བརྟེན་པའི། ། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། ། སེམས་ཅན་མོས་པས་འཇུག་པ་རྣམས། ། དེ་དག་ཀུན་ལ་དགའ་བ་སྟེ། ། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། ། ཧེ་རུ་ཀ་དཔལ་གོ་འཕང་གནས། ། འདི་ནི་རིམ་པར་ཕྱེ་བ་སྟེ་སོ་གསུམ་ པའོ། ། ། ། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྒྱུད་ཆེན་པོ་འབུམ་ཕྲག་གསུམ་པ་ལས་ལྷན་ཅིག་སྐྱེས་པ་འབྱུང་བའི་རྟོག་པ་ལས་བཏུས་པ། ། རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་བ་བཀླགས་པས་འགྲུབ་པ།
BOདཔལ་སྡོམ་པ་འབྱུང་ བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ། ། ། ། ཤེས་རབ་དམན་ཞིང་སྦྱངས་པ་ཆུང་མོད་ཀྱི། ། རྒྱུད་ཀྱི་གཞུང་ལ་དད་པ་བརྟན་སྐྱེས་པས། ། རང་དོན་ཙམ་དུ་བསྒྱུར་བ་གང་ལགས་པ། ། འཕགས་དང་མཁས་པ་རྣམས་ཀྱིས་བཟོད་པ་ མཛོད། ། ། ། རྒྱ་གར་གྱི་མཁན་པོ་གཞན་ལ་ཕན་པ་མཐའ་ཡས་དང་། བོད་ཀྱི་ལོཙྪ་བ་རྒྱུས་བནྡེ་སྨོན་ལམ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ། ། སླར་ཡང་ཡོངས་སུ་རྫོགས་པའི་པཎྜི་ཏ་ ཆེན་པོ་ཤྲཱི་བ་ན་རཏྣའི་རྒྱ་དཔེ་ལ་གཏུགས་ནས་ལོཙྪ་བ་གཞོན་ནུ་དཔལ་གྱིས་ཀྱང་ཞུས་སོ། ། ། །