The Great Secret of the Unobstructed Mind of All Things

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ཞེས་བྱ་བ།

The Great Secret of the Unobstructed Mind of All Things

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ཞེས་བྱ་བ།

BO
༄༅༅། ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་བུད་ཏྲོ་པཱུ་ན་གུ་ཧྱ་བ་ནོ་ཤི་ཨ་ཤྭད་ད། མ་བིན་ས་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ཞེས་བྱ་བ། དཔལ་ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་བདེ་བ་ཆེན་པོ་ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་འབྱུང་གནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་གསང་བ་ གཞན་ལས་ཁྱད་པར་དུ་གྱུར་པ་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པས་སྤྲས་པ། བཀོད་པ་རྒྱན་གྱི་དཀྱིལ་འཁོར་ལྷུན་པོ་བརྩེགས་ཤིང་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སྣ་ཚོགས་རྣམ་པར་སྣང་བའི་ངོ་བོ། ། ཟབ་པ་དང་རྒྱ་ཆེ་བའི་ཡན་ལག་ཐམས་ཅད་ གསལ་བར་བྱེད་ཅིང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་མ་ལུས་པ་མཐར་ཕྱིན་པ། ཀུན་དུ་ཕྲིན་ལས་རྒྱ་ཆེར་འཕྲུལ་པའི་བདག་ཉིད། དཔལ་བདེ་བྱེད་པདྨ་གར་གྱི་དབང་ཕྱུག་ཆགས་པ་ཆེན་པོའི་ཏིང་ངེ་འཛིན་བརྙེས་པ་མེད་པའི་ཆོས་ཉིད་ཀྱིས་ཐམས་ཅད་ལ་དབང་ བསྐུར་བ་དེ་ཉིད་ལྷ་ཐམས་ཅད་འདུ་བའི་གནས་གཞལ་ཡས་ཁང་བར་དུ་གྱུར་བ།
BO
འོག་མིན་རྡོ་རྗེ་ལྷུན་པོའི་གནས་ཡེ་ཤེས་ཀྱི་སྣང་བ་རིན་པོ་ཆེ་སྣ་ཚོགས་ནི་འོད་འབར་བའི་ཁང་{བཟངས,བཟང}། འདོད་པའི་ཡོན་ཏན་གཟུགས་སྡུག་པ་སྣ་ཚོགས་དང་། དྲི་ཞིམ་པ་སྣ་ ཚོགས་དང་། རོ་བྲོ་བ་སྣ་ཚོགས་དང་། རེག་བྱ་འཇམ་པ་སྣ་ཚོགས་དང་། ཆོས་ཀྱི་བདེ་བ་བསྐྱེད་པ་སྣ་ཚོགས་ཕྱོགས་བཅུར་འཕྲོ་ཞིང་འཁྲིགས་པ་རྩེ་མོ་མཐོ་ཞིང་ཁྱམས་ཀྱི་རྣམ་པར་ཕྱེ་བར་སྒོ་བཞི་སྒོ་ཁང་དང་བཅས་པར་བཞུགས་སོ། ། དེའི་ཚེ་བདེ་བར་གཤེགས་ པའི་རོལ་པ་ཆེན་པོ་ཀུན་དུ་སྣང་བ་དང་། འོད་ཀྱི་དཔལ་དང་། དགའ་བའི་དབང་ཕྱུག་དང་། ཆོ་འཕྲུལ་བཀོད་པ་དང་། རྣམ་པར་གཟིགས་དང་། མི་བསྐྱོད་རྡོ་རྗེ་དང་། མངོན་པར་སྣང་བ་དང་། བརྟན་པའི་དབང་ཕྱུག་དང་། འབྲུག་སྒྲ་དང་། དྲི་མ་མེད་པ་དང་། རིན་ཆེན་ཕུང་པོ་དང་། ནམ་མཁའི་མཛོད་དང་། རིན་ཆེན་དྲ་བ་དང་། དཀོན་མཆོག་མཚན་དང་། རིན་ཆེན་ཏོག་དང་། འོད་ཟེར་སྣང་བ་དང་། ཚེ་མཐའ་ཡས་དང་། ཆོས་ཀྱི་དབང་ཕྱུག་དང་། ཆགས་པ་མེད་པའི་འོད་དང་། དགའ་བའི་སྤྱན་དང་། དོན་ ཐམས་ཅད་ཡོད་པ་དང་། བརྩོན་འགྲུས་ཤུགས་ཅན་དང་། ལས་ཆེན་འཕྲུལ་ལས་དང་། གནོད་སྦྱིན་འདུལ་བ་དང་། སྣ་ཚོགས་དབང་ཕྱུག་གོ། །
BO
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བའི་བློ་གྲོས་དང་། རྒྱ་མཚོའི་སྒྲ་དབྱངས་དང་། གཟི་བརྗིད་བཀོད་པ་དང་། འཁོར་ལོ་རྣོན་པོ་དང་། ཤེས་སྣང་བ་དང་། རྡོ་རྗེ་རྒྱལ་མཚན་དང་། འོད་ཟེར་འཕྲོ་བ་དང་། དྲག་ཤུལ་ཅན་དང་། དྲི་མ་སེམས་དཔའ་དང་། སྒྱུ་མའི་སྤྲུལ་པ་དང་། རིན་ཆེན་རྒྱལ་པོ་དང་། དྲ་བ་ཅན་དང་། ལག་{བཟངས་,བཟང་} དང་། གསེར་འོད་འཕྲོ་བ་དང་། རིན་ཆེན་སྙེ་མ་དང་། ཆོས་ཀྱི་མཐོ་བ་དང་། དྲི་མ་མེད་པ་དང་། མུན་པ་སེལ་བ་དང་། དགའ་བའི་དབྱངས་དང་། གཞོན་ནུ་རིན་ཆེན་དང་། རྡོ་རྗེ་རྣམ་པར་གནོན་པ་དང་། གར་མཁན་དང་། བྲོའི་རྒྱ་མཚོ་དང་། ཐོགས་མེད་བཀོད་ པ་དང་། པདྨོ་དགའ་བ་དང་། ས་ལི་དབང་ཕྱུག་དང་། རིན་ཆེན་སྤུངས་པ་དང་། སྤྲིན་གྱི་ཕྲེང་བ་དང་། ཡིད་འོང་མེ་ཏོག་དང་། ཡེ་ཤེས་སྒྲོན་མ་དང་། སྤོབས་པ་བརྩེགས་པ་དང་། ཁ་ལོ་སྒྱུར་བ་དང་། དྲན་པའི་དབང་ཕྱུག་དང་། པདྨའི་བློ་གྲོས་དང་། ལས་བྱེད་པའི་སྟོབས་དང་། སྙིང་པོ་ བློ་གྲོས་རྣམས་སོ། ། དེ་དག་ཀུན་ཀྱང་རང་རང་གི་བཙུན་མོའི་ཚོགས་དང་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། ། གཞན་ཡང་པདྨོ་འཕྲོ་བ་དང་། པདྨ་འཛིན་པ་དང་། པདྨ་སྒྲོགས་པ་དང་།
BO
པདྨ་བསྐྱོད་པ་དང་། པདྨ་ཚིམ་བྱེད་དང་། པདྨ་འཐོར་བ་དང་། པདྨ་སྣང་ བ་དང་། པདྨ་དབང་བྱེད་རྣམས་ཀྱང་རང་རང་གི་ཕྲིན་ལས་ཀྱིས་བཀོད་དོ། ། གཞན་ཡང་འཇིགས་བྱེད་ཆེན་པོ་བྱམས་པའི་དབང་ཕྱུག་བརྩེ་བའི་དབང་ཕྱུག་དང་། པད་གྲོལ་དབང་ཕྱུག་དང་། གྲོལ་བའི་དབང་ཕྱུག་དང་། སྦྱིན་པའི་དབང་ཕྱུག་དང་། སྤྱོད་པའི་ དབང་ཕྱུག་དང་། སྨྲ་བའི་དབང་ཕྱུག་དང་། མཐུན་པའི་དབང་ཕྱུག་ཀྱང་རང་རང་གི་རིག་པ་བཅས་པས་འཁོད་དོ། ། དེ་དག་ལ་སོགས་པའི་འཁོར་གྱི་ཚོགས་རྣམ་པར་འབྱེད་པ་དང་། འབྱེད་པ་མེད་པར་སྣང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་ འབུམ་ཕྲག་བཅུ་གཉིས་དང་། ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་རྒྱལ་པོ་པདྨ་ཆགས་པའི་སྤྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀའི་དཔལ་བེའུ་ལ་སོགས་པའི་གནས་རྣམས་ ནས། འོད་ཟེར་གྱི་དཀྱིལ་འཁོར་གསལ་བར་བྱེད་པ་བཀྱེ་བས། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་པ་དང་། ཡ་མཚན་གྱི་ལྟས་ཆེན་པོ་བཅོ་བརྒྱད་འབྱུང་བར་གྱུར་ཏོ། ། དེ་ནས་སྣོད་དང་བཅུད་དུ་བཅས་པའི་གསལ་ཞིང་འབར་བར་གྱུར་ ནས།
BO
ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་དམ་བསྐུལ་ཏེ། དེ་དག་གིས་ཀྱང་ཆོ་འཕྲུལ་རྣམ་པར་འཁོད་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོས་རང་གིས་འཁོར་ལོའི་ཁྱམས་དག་ཏུ་སྤྲོ་བར་བྱེད་མཛད་དོ། ། དེ་ཡང་ཞིང་ཁམས་རྣམ་པར་སྦྱོང་ཞིང་ སླར་འཁོར་གྱི་འཁོར་དང་བཅས་པ་འོད་ཟེར་འཕྲོ་བའི་གནས་སུ་འདུས་སོ། ། དེ་ལྟར་འཆད་པའི་རྒྱ་ཆེན་པོའི་རྣམ་པར་རོལ་འཕྲུལ་བས་རོལ་ཞིང་ཞལ་འཛུམ་པ་དང་བཅས་པར་གྱུར་ནས་བཞུགས་པ་ལས་འཁོར་ཐམས་ཅད་ཀྱིས་ཐེ་ཚོམ་སྐྱེས་པར་གྱུར་ཏོ། ། དེའི་དུས་ན་ མཐུན་པར་གླེང་བ་ནི། ཀྱེ་མ་ཧོ་ཡ་མཚན་སྣ་ཚོགས་ཆོས། ། རྒྱལ་བའི་མཛད་པ་ཡ་མཚན་ཆེ། ། ཆོ་འཕྲུལ་དཔག་མེད་གྱུར་པ་ཡི། ། དགོས་པའི་དོན་ཉིད་ཇི་ལྟ་བུ། ། རྒྱུ་རྐྱེན་མེད་པར་སངས་རྒྱས་ནི། ། གསང་གསུམ་དམ་ཚིག་སྤྲོ་མི་མཛད། ། དེ་ཡི་མཚན་ཉིད་ཡང་ སྣང་བ། ། གསང་བའི་དབང་པོ་བསྐུལ་བར་མཛོད། ། ཁྱོད་ནི་རྒྱལ་བ་ཀུན་གྱི་སྲས། ། དགོངས་དོན་རྒྱ་མཚོ་དོན་མངའ་བ། ། བཀའ་ཡི་བདག་པོ་དགོངས་མཛོད་དག ། ལེགས་པར་ཞུ་ཞིང་གསོལ་གདབ་མཛོད། །
BO
དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་ལྔ་བརྒྱ་ དང་བཅས་པས་གཞན་དག་གི་ཐེ་ཚོམ་རྣམ་པར་གཅོད་པ་དང་རང་ཉིད་ཀྱི་སྒོ་གསལ་བར་བྱ་བའི་ཕྱིར་མདུན་རོལ་ནས་ལངས་ཏེ། ཕྱོགས་བཅུ་ནས་འཁོད་ནས་མཆོད་པའི་ཚོགས་རྒྱ་ཆེན་པོ་བཀོད་ཅིང་རྒྱལ་བ་ཀུན་ལ་མཆོད་དེ། ལན་བརྒྱ་རྩ་བརྒྱད་དུ་བསྐོར་བ་བྱས་ ཤིང་རྩེ་གཅིག་ཏུ་གུས་པས་ཕྱག་འཚལ་ནས། དགའ་བའི་བཞིན་གྱིས་གསོལ་བ་བཏབ་པ། ཨེ་མ་རྒྱལ་བ་ཉིད་ཀྱི་སྐུ། ། རྣམ་པར་འཕྲུལ་པའི་དཀྱིལ་འཁོར་དག ། ཏིང་འཛིན་ཡེ་ཤེས་གནས་ལས་བྱུང་། ། དགའ་མཛད་དཀྱིལ་འཁོར་འདུས་པ་དང་། ། བྱང་ ཆུབ་སེམས་སྤྲིན་ཆར་ཆེན་གྱིས། ། ཉོན་མོངས་ལ་སོགས་སྦྱོང་མཛད་ཅིང་། ། ཐུགས་རྗེ་ཆེན་པོ་ཡེ་ཤེས་ཀྱིས། ། ཚོགས་པའི་འབྲས་བུ་ལེགས་སྨིན་མཛད། ། སྐུ་མདངས་དགའ་བའི་བཞིན་བཅས་པས། ། གསང་བའི་ཐེག་པ་བསྟན་དུ་གསོལ། ། ཁྱོད་ ཀྱི་དགོངས་དོན་གཏིང་དཔག་དཀའ། ། ཟབ་ཅིང་ཕྲ་ལ་རྒྱ་ཆེ་བས། ། འཁོར་རྣམས་ཐེ་ཚོམ་རི་བོས་གནོན། ། ཐུགས་རྗེ་ཆེ་མངའ་གསལ་བར་མཛོད། ། འདི་དག་ཐམས་ཅད་བསྟན་པའི་སྣོད། ། མགོན་པོ་བཏང་སྙོམས་ལྷུན་མངའ་མཛད། ། དུས་འདིར་རྩོམ་པ་དོན་ཆེ་སྟེ། ། སྨོན་ ལམ་འབྲས་བུ་མཐར་ཕྱིན་མཛོད། །
BO
དེ་སྐད་ཅེས་གསོལ་པ་དང་། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་བརྟན་གཡོའི་དཀྱིལ་འཁོར་ཐམས་ཅད་ཐུགས་མཉམ་པ་ཉིད་རྩེ་གཅིག་གི་སྒོ་ནས་གཟིགས་སོ། ། རྣམ་པར་གཟིགས་ཀུན་དུ་གཟིགས། དེ་ལྟར་དགོངས་ནས་དཀྱིལ་འཁོར་འདི་དག་ཐམས་ཅད་སྨྲ་བསམ་ལས་འདས་པར་སྣ་ཚོགས་རྣམ་པར་སྨྲོས་ཤིག ། དེ་ཉིད་དངོས་པོ་དང་བར་གཟིགས་ནས། གཟིགས་པའི་མཐའ་དང་། དགོངས་པའི་མཐའ་དང་། མཛད་པའི་མཐའ་ཀུན་ལ་སྙོམས་པའི་ཏིང་ངེ་འཛིན་ལ་ སྙོམས་པར་བཞུགས་ཏེ། བཀོད་པ་དང་། རྣམ་པར་བཀོད་པ་དང་། རྣམ་པར་བཤད་པ་དང་། དགོངས་པ་དང་། རྣམ་པར་དགོངས་པ་དང་། རོལ་པ་དང་། རོལ་པ་ཆེན་པོ་དང་། མཛད་པ་དང་། སྣ་ཚོགས་མཛད་པས་ཀུན་དུ་སྤྲོ་བར་མི་བྱེད་དེ། འཇིག་རྟེན་དྲུག་གི་ རྣམ་པས་བསྡུས་པའི་སྟོང་གསུམ་གྱི་དངོས་པོ་འདི་དག ། སངས་རྒྱས་ཀྱི་དཀྱིལ་འཁོར་འདི་ལས་གཞན་དུ་སྣང་བར་མི་དགོངས་སོ། ། དེའི་དུས་དང་ས་དང་སའི་ཁྱད་པར་དང་། དཀྱིལ་འཁོར་བཀོད་པ་དག་ཀྱང་རྣམ་པར་མི་གཟིགས། ཀུན་དུ་མི་གཟིགས་ཤིང་དགོངས་ པ་ཡང་མི་འགོག་གོ། ། དེ་དག་ནི་མཐར་ཡང་མི་གནས་ཤིང་ནམ་མཁའ་ལྟ་བུར་བཞུགས་སོ། །
BO
དེ་ནས་ཏིང་ངེ་འཛིན་དེ་ལ་ཞུགས་མ་ཐག་ཏུ་འཁོར་གྱི་དཀྱིལ་འཁོར་དེ་དག་ཀྱང་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ནམ་མཁའ་ལྟ་བུར་རྟོགས་པར་འགྱུར་རོ། ། དེ་ནས་ ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེ་ངོ་མཚར་གྱི་སྒོ་ནས་བསྐུལ་ཞིང་གཞན་དག་གི་དོན་ཐུགས་གཡོ་བར་མཛད་པའི་གླུས་གཡོ་སློང་བར་མཛད་དེ། ཚུལ་བན་དོན་གྱི་རྒྱལ་པོ་ཆེ། ། འདྲེན་པ་ཀུན་གྱི་རྒྱུད་ཉིད་པས། ། ནམ་མཁའ་ལྟ་བུའི་རྒྱུད་ཉིད་པས། ། ནམ་མཁའ་ལྟ་བུའི་དཀྱིལ་འཁོར་ནས། ། ཐུགས་རྗེ་ཆེན་པོའི་ཡ་མཚན་སྟོན། ། ཀྱེ་མའོ་མགོན་པོ་དོན་ཀུན་གནས། ། ཞི་བའི་ལས་དམ་འཇུག་བྱེད་པ། ། བྱང་སེམས་ཐུགས་རྗེའི་རླན་བྲལ་ལམ། ། རྡོས་ཅན་ཆོས་དང་འགྲང་འགྱུར་ཅིང་། ། ཞེས་གསོལ་བ་བཏབ་པ་ལས་ཀྱང་ཅི་ཡང་མི་གསུང་བར་བཞུགས་སོ། ། དེ་ནས་ཡང་ཡུམ་ གཟི་ལྡན་པདྨོ་ཞེས་བྱ་བས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་སློང་བའི་གླུས་སྐུལ་བར་མཛད་དེ། མི་དམིགས་ཏིང་འཛིན་བསམ་འདས་བརྗོད་དང་བྲལ། ། བདེ་བ་ཆེན་པོ་ཡེ་ཤེས་བྱང་ཆུབ་སེམས། ། མི་དམིགས་ཐུགས་རྗེ་མི་འདའ་དམ་ཚིག་གིས། ། རོལ་བའི་ཆོ་འཕྲུལ་རྒྱ་ ཆེན་བསྟན་དུ་གསོལ། ། དེ་སྐད་ཅེས་ཡང་བསྐུལ་བའི་རྗེས། །
BO
མགོན་པོའི་གནས་རྣམས་ལ་དགོངས་ནས། ། འོད་ཟེར་རྣམས་བཀོད་འཛུམ་མཛད་དེ། ། འཁོར་བ་ལེགས་སྦྱིན་སྐབས་དབྱེ་མཛད། ། ལེགས་སོ་ལེགས་སོ་རྡོ་རྗེ་ཅན། ། པདྨོ་འཛིན་པའི་གྲོགས་བཅས་པས། ། ཡང་ཡང་བསྐུལ་བར་མཛད་པས་ན། ། གནང་ཞིང་བསྟན་པར་མཛད་པ་ལ། ། དགའ་བའི་སྤྱན་རྗེས་དང་བར་གྱིས། ། གང་འདོད་རྟོགས་པ་ཞི་བར་མཛོད། ། མ་འོངས་རྟོགས་པ་མཐའ་དག་རྣམས། ། ཐུགས་རྗེ་ཤུགས་ཀྱིས་བཟུང་མཛད་དེ། ། དོན་ཀུན་ཁྱབ་པའི་སྣང་བ་ཡིས། ། གཟུང་བར་བྱ་བའི་སྐབས་དབྱེ་མཛད། ། ཞེས་གསུངས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བའི་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་རྣམ་པར་སྤྲུལ་པའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་དགའ་ཞིང་འཁོར་འདུས་པས། ། དགའ་ བའི་བཞིན་{བཟངས་,བཟང་}རྒྱས་མཛད་དེ། ། གཙོ་བོས་ཇི་ལྟར་བཀའ་སྩལ་བཞིན། ། ཐུགས་རྗེས་འབྱུང་བའི་དཀྱིལ་འཁོར་གཟུངས། ། དེ་ནས་གཟིགས་ལྡན་པདྨོ་ཅན། ། འཛུམ་མདངས་རྒྱས་པས་བསྐུལ་མཛད་དེ། ། འོ་བྱེད་འཁྱུད་པ་ལ་སོགས་པ། ། དགའ་བཞིན་ ཆགས་པར་རྣམ་པར་འགྱུར། ། ཨེ་མ་རིག་པའི་རྒྱལ་པོ་ཁྱོད། ། ཐུགས་རྗེ་ཆེན་པོ་ཉི་འོད་བཞིན། །
BO
ཐུགས་རྗེ་འབྱུང་བའི་དཀྱིལ་འཁོར་གཟུངས། ། ཕྱོགས་རིས་མེད་པས་གོ་འབྱེད་པས། ། ཡུལ་དུ་གྱུར་པ་ཀུན་རྒྱུད་དགོངས། ། མི་དམིགས་ཆོ་འཕྲུལ་ནམ་ མཁའ་ལས། ། བཀོད་པ་རྒྱ་མཚོ་སྤྲིན་ཕུང་བཞིན། ། ཐུགས་རྗེ་སྤྲུལ་པའི་ཆར་ཆེན་པོས། ། སྣ་ཚོགས་ལས་བརྒྱད་དག་པར་མཛོད། ། དེ་ནས་གཙོ་བོ་རྡོ་རྗེ་འཆང་། ། ཏིང་ངེ་འཛིན་ལས་བཞེངས་མཛད་དེ། ། རང་གི་མཚན་མོས་རབ་མཛེས་པས། ། རྒྱལ་པོ་ཟིལ་ གནོན་གཟི་བརྗིད་ཅན། ། ཕྱག་གི་འཁོར་ལོ་རབ་བསྐོར་ཅིང་། ། ཕྱོགས་རྣམས་ཀུན་དུ་གཟིགས་མཛད་དེ། ། མི་དམིགས་ནམ་མཁའི་དབྱིངས་དག་ན། ། རྡོ་རྗེ་སྤྲུལ་སྐུ་མངོན་ཕྱུང་ནས། ། གཟི་ལྡན་པདྨོ་ཆེན་མོ་དང་། ། རོལ་པའི་ཚུལ་དུ་བཞུགས་མཛད་དེ། ། འཛུམ་ མིག་ཆགས་པའི་བཞིན་དག་གིས། ། འཁོར་རྣམས་སློང་བའི་སྔགས་བརྗོད་དོ། ། ཨོྃ་ཨཱཿཧཱུྃ་མ་ཧཱ་བྷསྨི་ཤ་ཀུ་རུ་བི་ན་ཧྲྀ་ད་ཡ་ཨྃ་བྷ་བ་ཧི་ཨ་ལ་ལ་ཧོ། ། གཉིས་སུ་མེད་པའི་བྱང་སེམས་ཀྱིས། ། དཀྱིལ་འཁོར་སྦྱོར་ཞིང་བསྡུ་བར་མཛོད། ། བསོད་ནམས་ཡེ་ཤེས་ཚོགས་ རྫོགས་སྐུ། ། རྡོ་རྗེ་གར་གྱི་རོལ་མཛད་ཅིང་། ། དགའ་མཆོག་རྡོ་རྗེ་བྱང་ཆུབ་སེམས། ། འཛུམ་ཞིང་འཁྱིལ་བའི་པདྨོའི་གནས། །
BO
དཀར་འཚེར་དག་པའི་རང་བཞིན་ཏེ། ། དམར་པོ་དབང་དང་གཉིས་མེད་པར། ། གསལ་ཁྱབ་ཀུན་དུ་སྤྲོས་པ་ལས། ། དཀྱིལ་འཁོར་སྤྲུལ་པ་ མཐའ་ཡས་འཐོན། ། ཞི་འགོག་མྱ་ངན་འདས་པ་དང་། ། བྱང་ཆུབ་མགོན་གནས་ལམ་ཞེས་དག ། གཉིས་མེད་གཉིས་སུ་སྦྱོར་མཛད་ཅིང་། ། རང་གི་དཀྱིལ་འཁོར་གནས་ལ་བཀོད། ། ངོ་མཚར་སྤྲུལ་པ་རྣམ་པར་རོལ། ། བརྗིད་དང་བཅས་པས་གར་མཛད་ཅིང་། ། འཛུམ་པར་ མཛད་དང་རོལ་པ་དང་། ། ཀུན་དུ་འགྱིང་དང་སྤྱན་མཛེས་བལྟམ། ། སྨིན་རིང་བསྐྱོད་ཅིང་བསྒྱུར་བ་དང་། ། རྡོ་རྗེ་ཕུར་པས་གཡའ་བས་སློང་། ། འདོར་ཞིང་སྐུམ་དང་འཇོག་ལྡེག་དང་། ། རྣམ་པར་རོལ་པའི་གར་གྱིས་ཀྱང་། ། རིགས་ཀྱི་ཕྲིན་ལས་སྣ་ཚོགས་སྤྲུལ། ། ནམ་མཁའ་ ཀུན་ཏུ་ཁྱབ་པར་མཛད། ། རྣམ་པར་རོལ་པའི་བདེ་འབྱུང་བར། ། བྱང་ཆུབ་སེམས་སོགས་ཞི་ཞིང་གསལ། ། རོལ་པའི་ཆར་ཉིད་མངོན་བབས་པས། ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ། བརྟན་དང་གཡོ་བ་མ་ལུས་པའི། ། སངས་རྒྱས་ཞིང་ཁམས་དག་བྱས་ནས། ། བྱང་ ཆུབ་སེམས་ཚོགས་རོལ་པ་ལ། ། བརྡེག་དང་འཁྱུད་དང་སྡོམ་པ་ལས། ། སྦྱོར་དང་བསྟིམ་དང་མཉེས་པ་དང་། ། ཀུན་དུ་རབ་དགྱེས་ཡེ་ཤེས་ཐིག ། སྣ་ཚོགས་སྣང་བ་ཉི་མའི་འོད། །
BO
ཡང་དག་བདེ་ལ་རབ་གནས་མཛོད། ། དེ་འདུས་པའི་ཆེ་ཚོགས་པའོ། ། ཕྱོགས་བཅུ་ཀུན་ ནས་བཞེས་མཛད་དེ། ། ཐབས་དང་ཤེས་རབ་བྱིན་བརླབས་པའི། ། བྱང་སེམས་རྣམ་དག་རྒྱུན་གྱིས་མཆོད། ། རྔ་དང་སིལ་སྙན་སྒྲ་སྒྲོགས་ཤིང་། ། དབང་པོ་ཚིམ་པའི་རོལ་རྩེད་དང་། ། གར་དབྱངས་གླུ་དྲུག་སྣ་ཚོགས་ཀུན། ། སྟོང་གསུམ་གང་བར་གསུང་བྱས་ཏེ། ། བཅོམ་ལྡན་པདྨོ་བདེ་ཡང་བདེ། ། གཟི་ལྡན་ཡུམ་དང་བཅས་པར་མཆོད། ། ཨེ་མ་འདུས་པའི་ཚོགས་དབུས་ནས། ། ཐུགས་རྗེ་ཆེ་མངའ་ཉི་དཀྱིལ་བཞིན། ། འཁོར་ལོ་ཀུན་སྒྱུར་སྒྲོལ་མཛད་པས། ། རང་གི་དཀྱིལ་འཁོར་རྒྱས་པར་མཛད། ། རྡོ་རྗེ་འཆང་བའི་གསོལ་ འདེབས་ཀྱིས། ། དཀྱིལ་འཁོར་དག་ལ་ལྷུན་གྲུབ་རྫོགས། ། པདྨའི་དཔལ་ལྡན་སེམས་པ་ཆེ། ། ཕྲིན་ལས་ཡེ་ཤེས་གནས་ཀུན་སྦྱོང་། ། ཁྱོད་ཞབས་བསྐྱེད་པ་ཐུགས་རྗེའི་སྟོབས། ། ཁམས་གསུམ་མ་ལུས་དག་པ་ཡི། ། དེ་བཞིན་ཉིད་ཀྱི་ཡེ་ཤེས་མཆོག ། མགོན་ པོ་བཀའ་དྲིན་མཛད་པས་ལེགས། ། དེ་སྐད་གསོལ་བཏབ་དགྱེས་པར་འགྱུར། ། ཕྱག་རྒྱ་ཆེན་པོའི་གནས་ལ་བཞུགས། ། དེ་ནས་དགའ་བའི་བྱང་ཆུབ་སེམས། ། སྔོན་གྱི་རྒྱུད་དང་ལམ་བཞི་ལས། ། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དང་། །
BO
སྔོན་གྱི་རྒྱུད་དང་ ལམ་གྲོགས་རྣམས། ། དགོངས་ཤིང་ཐུགས་རྗེའི་ཡེ་ཤེས་ཐུགས། ། རང་བཞིན་གནས་ནས་ཀུན་དགོངས་ཏེ། ། ཕྱོགས་བཞི་ནས་ནི་བསྐུལ་བར་མཛད། ། ཀྱེ་ཀྱེ་མཆོག་གསུམ་བདེ་བའི་སྐུ། ། བྱམས་པའི་ཐུགས་མངའ་སྐུ་གསལ་མཛད། ། རྡོ་རྗེ་རྒྱལ་པོ་བྱང་ ཆུབ་སེམས། ། བདག་དགོངས་འགྲོ་བའི་དོན་ཆེན་མཛད། ། ཀྱེ་ཀྱེ་ཡོན་ཏན་རིན་ཆེན་ཚོགས། ། ཐུགས་རྗེ་མཉམ་ཉིད་ཡེ་ཤེས་ཆེ། ། རྒྱལ་པོ་འཁོར་ལོ་བྱང་ཆུབ་ཉིད། ། དཀྱིལ་འཁོར་སྣ་ཚོགས་སྤྲུལ་པའི་མཛོད། ། ཀྱེ་ཀྱེ་རྣམ་པར་དག་པའི་སྐུ། ། དགའ་བ་རྒྱ་མཚོ་འབྱུང་བའི་གནས། ། སོ་སོའི་ཡེ་ཤེས་སྣ་ཚོགས་འབྱེད། ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། ། ཀྱེ་ཀྱེ་འགྲོ་བའི་དོན་ཆེན་བདག ། བཏང་སྙོམས་མི་འདོར་སྣ་ཚོགས་དོར། ། བྱ་བ་གྲུབ་པའི་ཏིང་འཛིན་མཆོག ། ཕྱོགས་བཅུའི་དཀྱིལ་འཁོར་རྣམ་དག་ སྟོན། ། རང་དགའི་བསྐུམ་པས་གཡོ་མཛད་དེ། ། ཕྱོགས་བཞི་བྱང་ཆུབ་དགའ་གནས་འཇུག ། ཀྱེ་མའི་འགྲོ་རྣམས་དེ་བཞིན་ཉིད། ། བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ལས། ། ཉོན་མོངས་གཟུང་འཛིན་སྒྲིབ་པ་ཡིས། ། རང་གི་མཐའ་ལམ་འགེས་པར་བྱེད། ། འདི་དག་ ཐུགས་རྗེའི་གནས་སུ་རུང་། །
BO
ཡེ་ཤེས་གསལ་བའི་ཐབས་མང་པོས། ། ཐམས་ཅད་དུས་གཅིག་བསྒྲལ་བྱས་ནས། ། རང་གི་བདེ་ཆེན་དོན་སྟོན་མཆོག ། ཞེས་གསུངས་པདྨའི་རིག་པ་འཛིན། ། སངས་རྒྱས་སྲས་བཅས་དགའ་བར་མཛད། ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་ཐུགས་རྗེ་སྤྲུལ་པའི་རོལ་པའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའི་གཙོ། ། རྡོ་རྗེ་འཆང་བ་སྟན་ལས་ལངས། ། བདེ་གཤེགས་བསྔགས་པ་རྗོད་བྱེད་ཅིང་། ། བསྐུམ་པས་ དབྱངས་ཀྱིས་གསོལ་བ་བཏབ། ། ཀྱེ་མ་ཧོ་མཆོག་གསུམ་དམ་ཚིག་སྐུ། ། ཡེ་ཤེས་བླ་ན་མེད་པའི་བདག ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད། ། རྣམ་འཕྲུལ་ཐུགས་རྗེའི་དུས་ཉིད་པས། ། རིགས་ཀྱི་འཁོར་ལོ་དཔག་མེད་སྐུ། ། དེ་རིང་བཀྲ་ཤིས་ཕུན་སུམ་ཚོགས། ། ཐུགས་ རྗེ་ཆེན་པོ་ཡལ་འདོར་ན། ། ཅི་ཕྱིར་ཐེག་ཆེན་མཆོག་ཏུ་སྔགས། ། ཡང་དག་ཞུས་པའི་ཚིག་གསན་ནས། ། ཐུགས་རྗེའི་དཀྱིལ་འཁོར་གཟིགས་པར་མཛད། ། མགོན་པོའི་པདྨའི་སྐུ་དེ་ཉིད། ། གཟི་ལྡན་ཡུམ་དང་རོལ་མཛད་ཅིང་། ། དྲི་མེད་ཡེ་ཤེས་ཕྱོགས་གཟིགས་ཤིང་། ། གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསལ། །
BO
ཐེག་པ་གསང་ཆེན་ཆེར་འབྱུང་བའི། ། ལམ་འདི་དཔལ་ལྡན་རོལ་མོའི་མཆོག ། སངས་རྒྱས་སྲས་བཅས་སྡུད་མཛད་དེ། ། གཞན་འཕྲུལ་གནས་ཚོགས་གཡོ་མཛད་ཅིང་། ། སྟོང་གསུམ་འདི་དག་སྤྱོད་ མཛད་ཅིང་། ། ཏིང་ངེ་འཛིན་ལ་སྙོམས་འཇུག་སྟེ། ། སྐུ་ལས་འོད་ཟེར་སྤྲོ་བར་མཛད། ། དེས་ཁྱབ་རིགས་ཀྱི་དཀྱིལ་འཁོར་གསལ། ། ཡེ་ཤེས་འོད་མདངས་སེམས་དཔའི་སྐུ། ། གནས་ལྔར་གསང་བའི་སྔགས་ཀྱིས་གཞུག ། ཕྱག་རྒྱ་ཆེན་པོ་ཡོངས་རྫོགས་སྐུ། ། ཞལ་གསུམ་ཕྱག་དྲུག་དགའ་བའི་མདངས། ། དམར་གསལ་པདྨ་རཱ་གའི་མདངས། ། གཡས་གཡོན་ཞལ་གཉིས་སྔོ་དང་སེར། ། རིགས་རྒྱན་མཚན་མ་ཀུན་གྱིས་མཛེས། ། ཕྱག་ན་པད་སྤོང་བུམ་པ་དང་། ། རྡོ་རྗེ་རྩེ་ལྔ་དཔལ་བེའུ་དང་། ། མཐའ་མས་མདའ་ གསོར་གཞུ་འཛིན་པའོ། ། རིན་ཆེན་སྣ་ཚོགས་ན་བཟའ་དང་། ། ཕྱག་རྒྱའི་ཡུམ་བཅས་རོལ་པ་མཛད། ། གཞལ་ཡས་ཁང་པ་སྒོ་བཞི་དང་། ། རིན་ཆེན་སྣ་ཚོགས་རྟ་བབས་བཅས། ། དྲ་བ་དྲ་ཕྱེད་མུ་ཏིག་ཕྲེང་། ། བྷན་དྷ་དྲིལ་བུ་སོགས་ཀྱིས་སྤྲས། ། དབུས་ ཀྱི་དཀྱིལ་འཁོར་ཆེར་འཕགས་པའི། ། ཕོ་བྲང་ཀ་བ་གདུང་རྣམས་ལ། ། པདྨོ་རྡོ་རྗེ་སོགས་པས་སྤྲས། ། འདོད་པའི་ཡོན་ཏན་ཕུན་སུམ་ཚོགས། །
BO
གནས་རྣམས་ཀུན་དུ་རིན་ཆེན་ཁྲི། ། པདྨ་འཁོར་ལོ་ཉི་ཟླས་མཚན། ། ཕྱི་རོལ་བར་ཁྱམས་འཁོར་བ་དང་། ། སྣོད་ རྣམས་ཀུན་དུ་པདྨ་ལ། ། ཐབས་དང་ཤེས་རབ་བྱེ་བྲག་གིས། ། ཉི་མ་ཟླ་བ་རྐྱང་པའོ། ། དེ་ནས་པདྨོ་རྣམ་དག་ཀུན། ། དབུས་ཀྱི་གདན་ལ་བཞུགས་མཛད་དེ། ། དགྱེས་པའི་གར་དབྱངས་བསྐྱོད་པའི་མཐུས། ། ཐབས་དང་ཤེས་རབ་རྫོགས་པར་མཛད། ། དེ་ཚེ་ ཐུགས་མཆོག་བྱང་ཆུབ་སེམས། ། མཁའ་ཀློང་རྣམ་པར་དག་པས་ན། ། རིག་པ་བདེ་བ་ཆེན་པོའི་སྐུ། ། སྣ་ཚོགས་སྣ་ཚོགས་ཤར་བ་དེ། ། གསུང་ཉིད་ཡི་གེ་འཁོར་ལོའི་ཚོགས། ། འབར་བ་འོད་ཟེར་རྩེ་ལྔ་བ། ། ཆོ་གའི་ཡན་ལག་རིམ་བཞིན་དུ། ། ཐུགས་ ཀྱི་མཚན་མ་དམ་ཚིག་བྱ། ། སྔགས་བཅས་འཕྲོ་ཞིང་འདུ་བའི་ཚུལ། ། རྒྱལ་པོ་བདེར་གཤེགས་ཡབ་ཡུམ་དང་། ། བྱང་ཆུབ་སེམས་དཔའ་སེམས་མ་དང་། ། ལས་མཛད་ཁྲོ་བོ་ཡབ་ཡུམ་དང་། ། ཕྱག་རྒྱ་ཆེན་པོའི་སྐུར་གྱུར་ནས། ། རིགས་ ཀྱི་རྒྱལ་ཕྲེང་མཚན་མས་མཛེས། ། རང་གི་དཀྱིལ་འཁོར་གནས་བཞུགས་ཤིང་། ། རྡོ་རྗེ་གསང་བའི་གྲལ་དུ་འཁོད། ། དེ་ཚེ་མགོན་པོ་བདེ་ཆེན་པོ། ། རིགས་ཀུན་བདག་འགྱུར་ཞེས་བྱ་བས། ། པདྨོ་རྣམ་པར་འཕྲུལ་བ་ཡི། ། དཀྱིལ་འཁོར་ཆེན་པོ་འབྱིན་ པར་མཛད། །
BO
བྱང་སེམས་ཀམ་ལས་རྣམ་འཕྲུལ་བའི། ། བདེར་གཤེགས་འོད་ཟེར་སྣང་བའི་སྐུ། ། ཞལ་དང་ཕྱག་ལ་སོགས་པའི་རྒྱན། ། གཙོ་བོའི་ཆ་ལུགས་ཅི་ལྟ་བར། ། རང་འོད་ཡུམ་དང་འཁྲིལ་བར་མཛོད། ། བཀྲ་ཤིས་མཚན་ལྡན་བདེ་བ་ལ། ། རཱ་ག་པདྨོ་ཧཱུྃ་ཞེས་པས། ། སྔགས་མཆོག་ཡི་གེ་འབྲུ་བརྒྱད་དེ། ། ལས་ཀུན་གྲུབ་པར་མཛད་པ་ཡིན། ། གང་གི་པདྨ་ཤ་རི་དང་། ། བྷུ་དྷ་ཧཱུྃ་གིས་བསྣན་བྱས་ན། ། ཞི་རྒྱས་དབང་དྲག་ལས་ཀུན་དང་། ། གྲུབ་ཆེན་བརྒྱད་ཀྱི་ཚོགས་སོག་རྣམས། ། སྦྱོར་བ་ཙམ་གྱིས་གྲུབ་འགྱུར་ཞིང་། ། ཡུན་{རིངས་,རིང་}གནས་ པ་གནས་པ་ཡིན། ། འབྱིན་པའི་དུས་སུ་གསང་སྔགས་ལ། ། ཡི་གེ་ཛ་ཡིས་གདགས་བྱས་ནས། ། རྣམ་འཕྲོ་རིགས་ཀྱི་དཀྱིལ་འཁོར་སྦྱོར། ། རིགས་བདག་སྐུ་གནས་དགྱེས་པར་བཞུགས། ། ཐུགས་རྗེ་སྐུལ་བའི་གླུ་དང་སྔགས། ། འོད་ཟེར་ཚོགས་ཀྱིས་སྐུལ་བ་མཛོད། ། དམ་ཚིག་གསུམ་སྟོན་སྔགས་ཀྱི་མཐུས། ། དགྱེས་ཆགས་བརྟན་པས་གཟི་དང་ལྡན། ། ཨོྃ་རྣམ་དག་པདྨོ་བདེ་བའི་དབྱིངས། ། ཡེ་ཤེས་བྱིན་ལས་གསལ་བའི་མཆོག ། དཀྱིལ་འཁོར་གསང་གསུམ་དམ་ཚིག་ཆེ། ། མཉམ་ཉིད་རིགས་བདག་ཐུབ་པ་ཆེ། ། བྱིན་བརླབས་ འདོར་བར་མི་མཛད་པས། །
BO
སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། ། གསལ་མཛད་གཉིས་སུ་མེད་པའི་སྐུ། ། རང་གི་ངོ་བོས་གནས་པ་ཡིན། ། གཙོ་བོ་སྔགས་ཀྱིས་བསྐུལ་བྱས་ཏེ། ། འོད་ཟེར་རྒྱན་བཅས་ཐུགས་ཀར་བསྡུས། ། ཡི་གེ་ཨཱ་ནས་ཨཿའི་བར། ། བཅུ་ དྲུག་འོད་ཟེར་འཕྲོ་བྱས་པས། ། འགྲོ་ཀུན་སངས་རྒྱས་སྐུར་བཀོད་ཅིང་། ། རིགས་མཐུན་དཀྱིལ་འཁོར་ཀུན་གསལ་འགྱུར། ། སྔགས་ཀྱི་འོད་ཟེར་སྒྲར་བཅས་པས། ། ཆོས་རྣམས་བཅུ་དྲུག་དག་པའི་དབྱིངས། ། རང་གི་གནས་སུ་བཀོད་བྱས་པས། ། མཚན་མཆོག་སུམ་ཅུ་རྩ་ གཉིས་རྫོགས། ། དེ་བཞིན་ཀཱ་ནས་ཀྵ་ཡི་བར། ། སུམ་ཅུ་རྩ་བཞིའི་རིམ་བཞིན་གསལ། ། བརྙན་པའི་ཡི་གེ་དྲུག་དང་བཅས། ། འོད་འཕྲོས་ཐམས་ཅད་སངས་རྒྱས་སྐུ། ། ཡེ་ཤེས་དཀྱིལ་འཁོར་གསལ་བྱས་ནས། ། སྔགས་ཀྱི་འོད་ཟེར་སྒྲར་བཅས་ནས། ། ཆོས་མང་ ཡེ་ཤེས་ཟག་པ་མེད། ། སླར་ཉིད་སྐུ་ཡི་གནས་ཞུགས་པས། ། དཔེ་བྱད་བཟང་པོ་བརྒྱད་ཅུ་རྫོགས། ། གཞན་ཡང་རིན་ཆེན་སྣ་བདུན་དང་། ། བཀྲ་ཤིས་བརྒྱད་སོགས་ཀུན་གྱིས་སྤྲས། ། ཁྃ་ལས་རྣམ་འཕྲུལ་ཆེ་མཐའ་ཡས། ། ཞལ་གཅིག་ཕྱག་བཞི་དཀར་དམར་ མདངས། ། པདྨ་སོགས་དང་རལ་གྲི་འཛིན། ། ཆོས་ཀྱི་སྣང་བའི་རྒྱན་གྱིས་བསྒྲུབས། །
BO
པདྨ་རྒྱན་འབྲིང་རང་བཞིན་མཆོག ། ཤར་གྱི་དཀྱིལ་འཁོར་གནས་ལ་བཞུགས། ། གྃ་ལས་སྤྲུལ་པའི་ཆོས་དབང་ཕྱུག ། དམར་སེར་ཞལ་གཅིག་ཕྱག་གཉིས་པ། ། པདྨའི་ཕྲེང་བ་ བུམ་པ་འཛིན། ། དཀྱིལ་འཁོར་གནས་སུ་བཞུགས་པའོ། ། གྷྃ་ལས་སྤྲུལ་པའི་ཆགས་མེད་འོས། ། ཞལ་གཅིག་ཕྱག་གཉིས་བྱུ་རུའི་འོད། ། པད་གནས་གླེགས་བམ་མེ་ལོང་འཛིན། ། ནུབ་ཀྱི་དཀྱིལ་འཁོར་གནས་བཞུགས་པའོ། ། ངྃ་ལས་སྤྲུལ་པའི་སྤྱན་དག་ མ། ། ཞལ་གཅིག་ཕྱག་གཉིས་བཙོད་ཀྱི་མདོག ། རིན་ཆེན་ཕྲེང་བས་བསིལ་ཡབ་འཛིན། ། བྱང་གི་དཀྱིལ་འཁོར་གནས་བཞུགས་པའོ། ། ཙྃ་ལས་སྤྲུལ་པའི་མི་བསྐྱོད་པ། ། ཞལ་གཅིག་ཕྱག་བཞི་ཆུ་ཤེལ་མདོག ། རྡོ་རྗེ་དྲིལ་འཛིན་འཁྲིལ་པའི་ཚུལ། ། དཔལ་བེའུ་བུམ་སོགས་འོད་ཕྲེང་རྒྱན། ། ཚྃ་ལས་སྤྲུལ་པའི་རྟ་དབང་ཕྱུག ། ཞལ་གཅིག་ཕྱག་བཞི་བཻ་ཌཱུརྱ། ། རིན་ཆེན་སྙེ་མ་དུང་ཕོར་འཛིན། ། ལྷོ་ཡི་དཀྱིལ་འཁོར་གནས་ལ་བཞུགས། ། ཛྃ་ལས་སྤྲུལ་པའི་འབྲུག་སྒྲ་ནི། ། ཞལ་གཅིག་ཕྱག་གཉིས་གུར་ གུམ་མདོག ། རིན་ཆེན་ཆག་ཤིང་འགུ་དྷེ་འཛིན། ། ནུབ་ཀྱི་དཀྱིལ་འཁོར་གནས་ལ་བཞུགས། ། ཉྃ་ལས་སྤྲུལ་པའི་དྲི་མེད་དཔལ། ། ཞལ་གཅིག་ཕྱག་བཞི་མར་གད་མདོག །
BO
རིན་ཆེན་པད་སྲུངས་ཟ་མ་ཏོག ། བྱང་གི་དཀྱིལ་འཁོར་གནས་ལ་ བཞུགས། ། ཏྃ་ལས་སྤྲུལ་པའི་རིན་ཆེན་དབྱངས། ། ཞལ་གཅིག་ཕྱག་བཞི་གསེར་གྱི་མདོག ། རིན་ཆེན་དྲིལ་བུ་ཡུམ་དང་འཁྲིལ། ། རིན་ཆེན་མཛོད་སྤུངས་འཁོར་ལོ་སོགས། ། ཐྃ་ལས་སྤྲུལ་པའི་ནམ་མཁའི་མདོག ། ཞལ་གཅིག་ཕྱག་བཞི་སྔོ་སྐྱའི་མདངས། ། རིན་ཆེན་གླིང་བུ་པདྨོ་འཛིན། ། ཤར་གྱི་དཀྱིལ་འཁོར་གནས་ལ་ཞུགས། ། དྃ་ལས་སྤྲུལ་པའི་དྲ་བ་ཅན། ། ཞལ་གཅིག་ཕྱག་བཞི་མཐིང་གའི་མདོག ། རིན་ཆེན་ཕྲེང་དང་པདྨོ་འཛིན། ། ལྷོ་ཡི་དཀྱིལ་འཁོར་གནས་ལ་བཞུགས། ། དྷྃ་ལས་སྤྲུལ་པའི་དཀོན་མཆོག་ རྒྱན། ། ཞལ་གཅིག་ཕྱག་བཞི་དམར་སྐྱའི་མདངས། ། ཆོས་ཀྱི་རྒྱལ་མཚན་རྒྱུད་{མངས་,མང་}འཛིན། ། ནུབ་ཀྱི་དཀྱིལ་འཁོར་གནས་ལ་བཞུགས། ། ནྃ་ལས་སྤྲུལ་པའི་རིན་ཆེན་ཏོག ། ཞལ་གཅིག་ཕྱག་བཞི་མ་ར་ཏ། ། དགོས་འདོད་བུམ་པ་དཔག་བསམ་ཤིང་། ། བྱང་གི་དཀྱིལ་འཁོར་གནས་ལ་བཞུགས། ། ཊྃ་ལས་སྤྲུལ་པ་ཀུན་དུ་སྣང་། ། ཞལ་གཅིག་ཕྱག་བཞི་གསེར་གྱི་མདོག ། འཁོར་ལོ་དྲིལ་འཛིན་ཡུམ་དང་བུམ་པ་འཛིན། ། གཙུག་ཏོར་དྲི་མེད་རྡོ་རྗེ་འཛིན། ། ཐྃ་ལས་སྤྲུལ་པའི་འོད་ཀྱི་དཔལ། ། ཞལ་གཅིག་ཕྱག་བཞི་ ཤེལ་གྱི་མདོག །
BO
འཁོར་ལོ་དྲ་བ་རལ་གྲི་འཛིན། ། ཤར་གྱི་དཀྱིལ་འཁོར་གནས་ལ་བཞུགས། ། དྃ་ལས་སྤྲུལ་པའི་དགའ་དབང་ཕྱུག ། ཞལ་གཅིག་ཕྱག་བཞི་ཉི་མའི་མདངས། ། འཁོར་ལོ་རྒྱལ་མཚན་དགའ་བའི་མཛོད། ། ལྷོ་ཡི་དཀྱིལ་འཁོར་གནས་ལ་ བཞུགས། ། ཏྃ་ལས་སྤྲུལ་པའི་ཆོ་འཕྲུལ་བཀོད། ། ཞལ་གཅིག་ཕྱག་བཞི་དམར་སྐྱའི་མདངས། ། ཉི་མའི་འོད་ཕྲེང་རྡོ་རྗེས་སྤྲས། ། ནུབ་ཀྱི་དཀྱིལ་འཁོར་གནས་ལ་བཞུགས། ། ནྃ་ལས་སྤྲུལ་པའི་རྣམ་པར་གཟིགས། ། ཞལ་གཅིག་ཕྱག་གཉིས་ལྗང་སྐྱའི་མདངས། ། ཀུ་ཤའི་ཆུན་པོའི་ཨ་མྲའི་མདངས། ། བྱང་གི་དཀྱིལ་འཁོར་གནས་ལ་བཞུགས། ། པྃ་ལས་སྤྲུལ་པའི་དོན་ཡོད་པ། ། ཞལ་གཅིག་ཕྱག་བཞི་ལྗང་སྔོའི་མདོག ། རྒྱ་གྲམ་དྲིལ་བཅས་ཡུམ་དང་འཁྲིལ། ། རྡོ་རྗེ་གདེངས་པོས་རལ་གྲི་འཛིན། ། ཕྃ་ལས་སྤྲུལ་པའི་བརྩོན་ འགྲུས་འཁྱུགས། ། ཞལ་གཅིག་ཕྱག་བཞི་ཀར་ཏི་ཀ ། རྒྱ་གྲམ་ཕྲེང་བ་རྩེ་གསུམ་འཛིན། ། ཤར་གྱི་དཀྱིལ་འཁོར་གནས་ལ་བཞུགས། ། བྃ་ལས་སྤྲུལ་པའི་ལས་ཆེན་པོ། ། ཞལ་གཅིག་ཕྱག་བཞི་སེར་སྐྱའི་མདོག ། པདྨའི་ཕྲེང་བ་ནོར་བུ་འཛིན། ། ལྷོ་ཡི་དཀྱིལ་ འཁོར་གནས་ལ་བཞུགས། ། བྷྃ་ལས་སྤྲུལ་པའི་གནོད་སྦྱིན་འདུལ། ། ཞལ་གཅིག་ཕྱག་བཞི་པདྨའི་མདངས།
BO
། ཕྱག་ན་རྡོ་རྗེ་མཆེ་བ་འཛིན། ། ནུབ་ཀྱི་དཀྱིལ་འཁོར་གནས་ལ་བཞུགས། ། མྃ་ལས་སྤྲུལ་པའི་སྣ་ཚོགས་དམ། ། ཞལ་གཅིག་ཕྱག་བཞི་ལྗང་སེར་མདངས། ། ཟླ་བ་རིན་ཆེན་དབྱུག་པ་འཛིན། ། བྱང་གི་དཀྱིལ་འཁོར་གནས་ལ་བཞུགས། ། བདེར་གཤེགས་རྒྱལ་བ་དེ་དག་ཀྱང་། ། ཙཀྲ་སྒྱུར་རྒྱལ་མ་ལུས་དང་། ། མཚན་དང་དཔེ་བྱད་སྣ་ཚོགས་རྒྱན། ། རིགས་བཙུན་བཙུན་མོ་མཛེས་པར་བྱ། ། ཡང་སྤྲུལ་བྱམས་པའི་དབང་ ཕྱུག་ནི། ། ཞལ་གཅིག་ཕྱག་བཞི་གངས་རི་མདོག ། རྡོ་རྗེ་གདེངས་དབྱུག་རལ་གྲི་དང་། ། ཏྲི་ཤཱུལ་ཐོད་བཅས་པདྨའི་ལྕུག ། རྔམ་བརྗིད་འཁོར་བཅས་ཡུམ་དང་འཁྲིལ། ། དྲག་པོའི་རྒྱན་ཆ་ཤར་གྱི་སྒོ། ། ཁྭ་ལས་སྤྲུལ་པ་རྩེ་བའི་དབང་། ། ཞལ་གཅིག་ཕྱག་བཞི་ གསེར་གྱི་མདོག ། རིན་ཆེན་དབྱུག་པ་པདྨོ་དང་། ། ཐོད་རྔ་རྡོ་རྗེ་མྱུ་གུའོ། ། རྃ་ལས་སྤྲུལ་པའི་རྣམ་གྲོལ་དབང་། ། ཞལ་གཅིག་ཕྱག་བཞི་དམར་མདངས་གསལ། ། པདྨ་དང་ནི་དྲིལ་བུ་དང་། ། ཐོད་སྤྲུལ་རས་སྔོན་བ་དན་འཛིན། ། ལྃ་ལས་སྤྲུལ་པའི་འགྲོ་དབང་ཕྱུག ། ཞལ་གཅིག་ཕྱག་བཞི་ལྗང་གུའི་མདོག ། རྡོ་རྗེ་རྒྱ་གྲམ་པདྨོ་དང་། ། གྲི་གུག་གཏུན་ཤིང་ཕྲེང་བ་ཅན། ། རིན་ཆེན་ཕྲེང་བས་མཛེས་བྱས་ནས། །
BO
འཁོར་བཅས་རྔམ་པའི་མདངས་བཅས་པས། ། ལྷོ་ལ་སོགས་པའི་སྒོ་བཞི་རུ། ། གཞན་འཇིགས་དྲག་པོའི་ལས་ཀྱིས་ འཁོད། ། ཤྃ་ལས་སྤྲུལ་པའི་བྱིན་དབང་ཕྱུག ། ཞལ་གཅིག་ཕྱག་བཞི་དཀར་དམར་འོད། ། རྩེ་གསུམ་བྷན་དྷ་རིན་ཆེན་འཁྲིལ། ། མི་ཡི་ཐོད་པ་རི་མོས་མཚན། ། ཥྃ་ལས་སྨྲ་བའི་དབང་ཕྱུག་སྟེ། ། ཞལ་གཅིག་ཕྱག་བཞི་སེར་སྐྱའི་མདངས། ། རིན་ཆེན་རྩེ་དགུ་བགྲད་ཕྲེང་དང་། ། པདྨའི་ལྕུག་མ་སྡིགས་མཛུབ་མཛད། ། ས་ལས་སྤྲུལ་པའི་སྤྱོད་དབང་ཕྱུག ། ཞལ་གཅིག་ཕྱག་བཞི་དམར་སྐྱའི་མདངས། ། དབྱུག་པ་རྩེ་གཅིག་པདྨ་དང་། ། དགྲ་སྟ་ཞགས་པ་ཕྱག་ན་འཛིན། ། ཧྃ་ལས་སྤྲུལ་པའི་དབང་ ཕྱུག་སྟེ། ། ཞལ་གཅིག་ཕྱག་བཞི་ལྗང་གུའི་སྐུ། ། རལ་གྲི་ལྕགས་ཀྱུ་དགྲ་སྟ་དང་། ། མེ་ཡི་ཕྲེང་བ་འཁོར་ལོ་འཛིན། ། གཞན་འཇོམས་འཇིགས་པའི་ཁྲོ་བོའི་མཆོག ། རང་འོད་རིགས་མཐུན་ཡུམ་དང་རོལ། ། དྲག་པོའི་རྒྱན་ཚོགས་མ་ལུས་འགེངས། ། པདྨའི་འདབ་མ་ བཞིན་དུ་འཁོད། ། ཀ་ལས་བདེ་བའི་བློ་གྲོས་དང་། ། ཞལ་གཅིག་ཕྱག་བཞི་ནམ་མཁའི་མདངས། ། ཡུམ་བཅས་རྡོ་རྗེ་དྲིལ་བུ་དང་། ། ནམ་མཁའི་མཛོད་ཀྱི་འོད་ཀྱི་དཀྱིལ་འཁོར་དང་། ། ཁ་ལས་ཁང་པ་རྒྱ་མཚོའི་སྒྲ་དབྱངས་ཅན། །
BO
ཞལ་གཅིག་ཕྱག་བཞི་བུ་ཤ་ར། ། རིན་ཆེན་པི་བང་ཕྲེང་བ་དང་། ། རྔ་ཡབ་རྡོ་རྗེ་ཅོད་པན་ཐོགས། ། ག་ལས་གཟི་བརྗིད་བཀོད་པ་ནི། ། ཞལ་གཅིག་ཕྱག་བཞི་རྒྱ་སྐེགས་མདོག ། པདྨའི་ལྕུག་མ་ཟླ་བ་དང་། ། འཁོར་ལོ་ཡིད་བཞིན་བུམ་པ་དང་། ། གྷ་ལས་སྤྲུལ་པའི་འཁོར་ལོ་གནོན་པ་ནི། ། ཞལ་གཅིག་ ཕྱག་བཞི་མ་ར་དང་། ། འཁོར་ལོ་དབྱུག་པ་མ་མོ་ཤིང་། ། རྒྱ་གྲམ་རིན་ཆེན་ལྕུག་མ་འཛིན། ། ཙ་ལས་ཤེས་རབ་སྣང་བ་ནི། ། ཞལ་གཅིག་ཕྱག་བཞི་ལྗང་སྐྱའི་མདངས། ། རིན་ཆེན་ཕུང་པོ་པདྨ་དང་། ། རྩེ་གསུམ་དྲིལ་ཐབས་འོད་དཀྱིལ་འཁོར། ། ཚ་ལས་རྡོ་རྗེ་རྒྱལ་མཚན་ ཏེ། ། ཞལ་གཅིག་ཕྱག་བཞི་གསེར་གྱི་མདོག ། རིན་ཆེན་གདུགས་མཛེས་ཉི་མ་དང་། ། དཔའ་བོ་ལོངས་སྤྱོད་པདྨའི་སྤྱན། ། ཛ་ལས་འོད་ཟེར་འཕྲོ་བ་ཅན། ། ཞལ་གཅིག་ཕྱག་བཞི་མདངས་དམར་གསལ། ། པདྨ་འཁོར་ལོ་མཆོད་སྡོང་བུ། ། མུ་ཏིག་ཆུན་པོ་ཟ་མ་ཏོག ། ཛྷ་ལས་སྤྲུལ་པའི་དྲག་ཤུལ་ཅན། ། ཞལ་གཅིག་ཕྱག་བཞི་ལྗང་སེར་མདོག ། འོད་ཀྱི་མེ་ཕུང་མེ་འོད་དང་། ། རལ་གྲི་འབར་བ་གཡས་དང་གཡོན། ། ཏ་ལས་སྤྲུལ་པའི་དྲི་མ་སེལ། ། ཞལ་གཅིག་ཕྱག་གཉིས་དམར་སྐྱའི་མདངས། ། ཉི་མའི་ཕྲེང་བ་གཎ་ཌཱི་རྡེག །
BO
ཆོས་ཀྱི་ ཙཀྲ་རྫོགས་བྱེད་པའོ། ། ཐ་ལས་སྒྱུ་མའི་འཕྲུལ་པ་ནི། ། ཞལ་གཅིག་ཕྱག་བཞི་པ་ལ་ཤ། ། སེང་གེ་རྒྱ་མཚོ་རིན་ཆེན་ཕྲེང་། ། རིན་ཆེན་བུམ་པ་དེ་བཅུད་བཅས། ། ལས་ཀྱི་རིན་ཆེན་རྒྱལ་པོ་ནི། ། ཞལ་གཅིག་ཕྱག་བཞི་རཱ་གའི་མདངས། ། རི་བོ་པདྨ་ཆུ་དྲི་དང་། ། གསེར་ཉ་འཕྱོ་ བའི་རྫིང་བུ་ཡིན། ། དྷ་ལས་འཕྲོས་པའི་དྲ་བ་ཅན། ། ཞལ་གཅིག་ཕྱག་བཞི་ལྗང་གུའི་མདོག ། རྒྱ་གྲམ་དྲིལ་བུ་འཕྲོ་བ་དང་། ། བྷན་དྷ་སྦྲང་ཡབ་འཛག་པའི་རྒྱུན། ། ཏ་ལས་སྤྲུལ་པའི་ལག་{བཟངས་,བཟང་}ནི། ། ཞལ་གཅིག་ཕྱག་བཞི་ཀར་ཏའི་འོད། ། པདྨའི་རྒྱལ་མཚན་དཀར་ དམར་མདངས། ། དྲི་ཡི་གཞོང་པ་ཀུ་ཤའི་ཚུལ། ། ཐ་ལས་གསེར་འོད་འཕྲོ་བ་འཛིན། ། ཞལ་གཅིག་ཕྱག་བཞི་མཐིང་གའི་མདོག ། གླེགས་བམ་མཛེས་པའི་སྐུ་གཟུགས་དང་། ། རིན་ཆེན་མཛོད་དང་ཟླ་བའི་འོད། ། ཌ་ལས་རིན་ཆེན་སྙེ་མ་ནི། ། ཞལ་གཅིག་ཕྱག་བཞི་པད་ རཱ་ག ། པདྨའི་སྡོང་བུ་དཔག་བསམ་ཤིང་། ། བྷན་དྷ་རྩེ་གསུམ་ཟླ་ཚེས་གཟུགས། ། དྷ་ལས་ཆོས་ཀྱི་མཐོང་བ་ནི། ། ཞལ་གཅིག་ཕྱག་བཞི་སྣ་ཚོགས་སྐུ། ། གོ་ཆ་ཡེ་ཤེས་སྒྲོན་མ་དང་། ། དཔལ་བེའུ་ཟུར་བརྒྱད་ནོར་བུ་ཏོག ། སྣ་ཚོགས་སྤྲིན་ཕུང་སེར་གྲ་བཅས། །
BO
མཆེ་ བ་དྲིལ་བུ་ངང་པ་འཛིན། ། བྷ་ལས་གཞོན་ནུ་རིན་ཆེན་ནི། ། ཞལ་གཅིག་ཕྱག་བཞི་ལྗང་སེར་མདོག ། རྒྱ་གྲམ་འཁོར་ལོའི་ཕྲེང་བ་དང་། ། འོད་ཟེར་རྩེ་གསུམ་སྔགས་པའི་བུམ། ། སེམས་དཔའ་ཆེན་པོ་དེ་དག་རྣམས། ། རྒྱན་ཕྲེང་ཆ་ལུགས་འོད་ཟེར་དང་། ། ཡུམ་ གནས་འཁྲིལ་ཞིང་རང་གནས་ཀྱི། ། གཙོ་ལ་འཁྲིལ་བའི་ཚུལ་དུ་བཞུགས། ། ཉམ་ན་ལས་འཕྲུལ་བ་ཡི། ། རྡོ་རྗེ་རྣམ་པར་གནོན་ལ་སོགས། ། རིགས་ཀྱི་མཚན་མ་ཅི་བཞིན་དུ། ། པདྨ་རཱ་ག་རཀྟ་མདངས། ། བེའུ་གསེར་མདོག་ཨིན་དྲ་བཞིན། ། པདྨ་རྡོ་རྗེ་ རིམས་སོགས་མཚན། ། ཞལ་གཅིག་ཕྱག་བཞི་ཡུམ་དང་འཁྲིལ། ། འོག་མའི་ཕྱག་མཚན་མཐུན་པ་ཡི། ། རང་རྟགས་མཚན་མ་སྣ་ཚོགས་དང་། ། པདྨའི་ལྕུག་མས་མཚན་བྱས་པའི། ། མེ་ཏོག་འབྲས་བུ་རྣམས་ཀྱིས་མཛེས། ། ཤར་ལ་སོགས་པའི་ ཕྱོགས་བཞི་རུ། ། བྱང་ཆུབ་སེམས་དཔའི་ཆ་ལུགས་ཀྱིས། ། རང་གི་དཀྱིལ་འཁོར་གནས་སུ་འཁོད། ། ཡ་ཝ་ར་ལས་སྤྲུལ་པ་ཡི། ། པདྨ་འཕྲོ་བ་ལ་སོགས་བཞི། ། ཞལ་གཅིག་ཕྱག་གཉིས་དཀར་དང་སེར། ། དམར་ལྗང་པདྨོ་མེ་ལོང་དང་། ། རིན་ཆེན་ཕྲེང་བ་བི་བང་གར། ། མཆོད་པ་ ལས་མཛད་ནང་གི་མཚམས། ། ཥ་ཤ་ས་ཧ་ལས་འཕྲུལ་པའི། ། པདྨོ་ཚིམ་བྱེད་ལ་སོགས་བཞི།
BO
། ཞལ་གཅིག་ཕྱག་གཉིས་རིགས་གཉིས་གཟུགས། ། བདུག་སྤོས་མེ་ཏོག་དུང་དང་དྲི། ། འགྱིང་ཚུལ་ཏྲི་ཤཱུལ་ལས་ཀྱི་ཚུལ། ། མཆོད་པས་ཕྱི་ཡི་མཚམས་ན་གནས། ། དེ་དག་གི་གསང་སྔགས་ནི། ཨོྃ་དྷེ་ཧི་རཱ་ག་པདྨ་ཤི་རི་བུ་ཏ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཨོྃ་པདྨ་མ་ཧཱ་དྷ་བ་ར་བུ་ན་སི་ཏ་མ་ཧཱ་དྷ་མ་ཧྲྀ་ད་ཡཱ་ཧཱུྃ་ཧཱུྃ། བྲད་ཏང་ཡ་ཛ་སྭཱ་ཧཱ། དབུས་ཀྱི་དཀྱིལ་འཁོར་གྱིའོ། ། ཨོྃ་ཙཀྲ་ཨ་ལོ་ཀ་ན་མ་རཀྵ་སྃ་བྷ་ར་ད་ན་ཧྲི་ཏི་བ་ཡ་བ་ཏི་ཛ་སྭཱ་ཧཱ། ནུབ་ཕྱོགས་པའི་ དཀྱིལ་འཁོར་རོ། ། ཨོྃ་བཛྲ་ད་ར་བ་ཀྲྀ་ཏ་ཡ་ནི་ཤྃ་ར་ཏི་བ་ཤྃ་ནི་ཛ་སྭཱ་ཧཱ། ཤར་ཕྱོགས་ཀྱི་དཀྱིལ་འཁོར་ལའོ། ། ཨོྃ་རཏྣ་ཀུ་ཏི་དུ་མན་ཏ་བྷན་དྷ་བྷན་དྷ་དུ་ན་དུ་ན་བི་ཛ་སྭཱ་ཧཱ། ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་པའོ། ། ཨོྃ་པི་ཤ་ཙི་ན་དྷ་མ་མ་དུ་རུ་ཧ་ཧ་ཧ་ཧ་སརྦ་གུརྦ་ནི་ཧཱུྃ་ཕཊ་ སྭཱ་ཧཱ། བྱང་གི་དཀྱིལ་འཁོར་བའོ། ། ཨོྃ་མ་མ་ཨ་བ་ལོ་ཀ་ན་རུ་རུ་ཡུ་རུ་སི་དེ་བྷྱོ་དེ་སཏྭ་མ་མ་ཧཱུྃ་ཛ་སྭཱ་ཧཱ། རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། ། ཨོྃ་བི་ལོ་ཀ་ནཱ་མ་སི་ཏ་ན་མ་ཀུ་རུ་ཀུ་རུ་བོ་དྷི་ས་ཏྭ་བྷ་ར་བུ་ན་ཛ་ཧཱུྃ་ཛ་སྭཱ་ཧཱ། རིགས་ལས་སྤྲུལ་པའི་བྱང་ཆུབ་སེམས་ ཀྱིའོ། །
BO
ཨོྃ་བིན་དྷ་བིན་དྷ་སརྦ་ཀརྨ་སི་དེ་དེ་པི་ཀུ་རུ་བུ་ཏ་སྃ་བོ་ཧ་ཧཱུྃ་ཨོྃ་ཨྃ་ཛ་སྭཱ་ཧཱ། ལྷ་མོ་རྣམས་ཀྱིའོ། ། ཨོྃ་ཨ་པ་སྨ་ར་ཀྲོ་དྷ་སྣི། ཡཀྴ་ཧཱུྃ་ཧཱུྃ་ཧཱུྃ་བི་ཏྃ་པ་ཀ་ཕཊ་སྭཱ་ཧཱ། ཁྲོ་བོ་རྣམས་ཀྱིའོ། ། གསང་སྔགས་རྒྱལ་པོ་མི་བཟད་པས། ། རྣམ་པར་སྤྲུལ་པ་སྐུ་ཡིས་ནི། ། སྟོང་ གསུམ་གནས་ནས་གཡོ་མཛད་དེ། ། རང་གི་ལྷ་ལ་གསལ་བར་མཛོད། ། དེ་ནས་མགོན་པོ་རྡོ་རྗེ་འཛིན། ། བདེ་ཆེན་གར་གྱི་དབང་ཕྱུག་གིས། ། དཀྱིལ་འཁོར་རྣམ་གསུམ་གསལ་བྱེད་པའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། དཀྱིལ་འཁོར་བྱིན་བརླབས་ དབང་བསྐུར་ཞིང་། ། རིགས་ཀྱི་བདག་པོས་གསལ་བར་མཛོད། ། གནས་ཀུན་མཚན་མ་ཡོངས་དག་ནས། ། རྣམ་གསུམ་སྣང་བ་གཉིས་མེད་འགྱུར། ། ཨོྃ་ན་མ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་མ་ཧཱ་བོ་དྷི་ཧྱ་སུ་ཏྲྃ་ཏྲི་ཤ་ཤུ་དྷེ་སོ་ནཱ་ཁྱ་ཧཱུྃ་ཧཱུྃ་ཧཱུྃ། ཨོྃ་རིན་ཆེན་དབུ་ རྒྱན་གྱི་སྔགས་སརྦ་བུ་ཏ་ཀུ་རུ་རཏྣ་མ་མ་ཀུ་ཏ། ཨ་ཨ་བཱིརྱ་སད་མ་མ་ཀུ་ཨ་བྷི་ཥིཉྩ་ཨོྃ་ཨཱཿཧཱུྃ་སྭཱ་ཧཱ། ཨོྃ་པདྨ་ཨ་མོ་ཀ་ས་མ་ཡ་ཤྲི་ཧ་ཧ་ཧ་ཚིན་དྷ་མ་ནི་ཨ་སྨི་ཤ་བི་མ་མ་ཡ་ཧཱུྃ་ཧཱུྃ། སྔགས་གསུམ་གྱི་གསལ་བར་ཕྱེད་པའོ། །
BO
ཨོྃ་བི་ཤ་ཙིན་དྷ་མ་ནི་ཨ་བ་སྃ་ བོ་ད་མ་མ་ཀུ་རུ་སི་ལ་ལ་ཏ་སི་ན་བི་བུད་པ་པྃ་ད་ཧཱུྃ་ཧཱུྃ་ཧཱུྃ། རྣམ་པར་སྤྲོ་བའི་སྔགས་སོ། ། ཨོྃ་མ་ཏ་ལ་ནི་བི་ཤ་ཙཀྲ་ཀུ་མ་ཏ་བུ་ཏ་ན་མ་སི་ལ་དུ་ཏྲི་སི་ཧཱུྃ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་གསལ་བའི་སྔགས་སོ། ། ཨོྃ་ཨྃ་ཨ་ཨ་མིན་དུ་ཤེ་མ་ལ་ཤན་དུན་དྷེ་ཏ་ཐཱ་ག་ཏེ་བྷྱོད་ ཏི་པདྨ་ཀུ་རུ་ཨཱཿཧཱུྃ་སྭཱ་ཧཱ། རྦད་པའི་སྔགས་སོ། ། ཨོྃ་པདྨ་མུ་ཁྃ་པདྨ་པ་བ་ས་བོ་ཏི་དི་ར་ཡྃ་གུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཧྃ་ཧྃ་དར་ཤ་སྭཱ་ཧཱ། སྙིང་པོའི་སྔགས་སོ། ། ཨོྃ་ན་མ་སུ་ཏྲྃ་བྷོ་ག་ག་ན་གུ་མ་ལེ་སྃ་སཱ་ར་ཧཱུྃ་ཕཊ་སྭཱ་ཧཱ། རིག་པ་མཆོག་གི་སྔགས་སོ། ། ཨོྃ་བ་ག་ག་བ་སྃ་པོ་པདྨ་དྷ་ ཨ་ཧྱེ་ཧྱི་མ་ཧཱ་ཀཱ་རུ་མ་ད་ཨ་མ་དྷུ་ན་ཛ་ཛ། སྤྱན་དྲང་བའི་སྔགས་སོ། ། ཨོྃ་པདྨོ་སྃ་ག་ག་སུ་ར་ཏ་ར་ག་ས་མ་ཡེ་སྟྭྃ། གདན་གྱི་སྔགས་སོ། ། ཨོྃ་ཨ་མུ་ཀ་སི་ནམ་སརྦ་བྷྱོ་ག་ག་ཏ་པཱུ་ཙ་མེ་ད་ན་ད་ཧཱུྃ་ཏྲི་སྭཱ་ཧཱ། མཆོད་པའི་སྔགས་སོ། ། ཨོྃ་པདྨ་བི་ལོ་ཀུ་མ་ལ་སུ་ནྃ་ ཏུ་ཏྲྃ་སྭཱ་ཧཱ་བ་སྃ་ཧི་ཧི། དགྱེས་པར་བྱ་བའི་སྔགས་སོ། ། དེ་ནས་གསང་བའི་བདག་པོ་མཆོག ། རྡོ་རྗེ་གསང་བ་རྨད་འབྱུང་བའི། ། སྐུ་དང་གསུང་ཐུགས་གསང་སྔགས་ཆེ། །
BO
བྱིན་གྱིས་བརླབས་པ་དོན་བཤད་མཛད། ། བདེ་བར་གཤེགས་པའི་ཡེ་ཤེས་མཆོག ། དེ་དག་དཀྱིལ་འཁོར་རྣམ་འཕྲུལ་མཆོག ། དྲི་མ་མེད་པའི་བྱང་ཆུབ་སེམས། ། དེ་ནི་དཀྱིལ་འཁོར་སྙིང་པོ་མཆོག ། རྡོ་རྗེ་གསང་བའི་གནས་ཆེན་པོ། ། ཐབས་དང་ཤེས་རབ་རོལ་པའི་ཚུལ། ། རང་བཞིན་བྱང་ཆུབ་སེམས་ཉིད་ལས། ། རང་བཞིན་ལྷུན་གྲུབ་རྫོགས་ ཆེན་པོ། ། འགྲོ་བའི་སྣང་བ་དམ་པའི་མཆོག ། རང་བཞིན་དག་པ་དྲི་མེད་ཆོས། ། དཀྱིལ་འཁོར་གནས་མཆོག་གཉིས་མེད་པའོ། ། ཕུང་པོ་ཁམས་སོགས་རྣམ་དག་སྐུ། ། ཨེ་མའོ་ཆོས་སྐུ་མྱ་ངན་འདས། ། ཨེ་མའོ་ཆོས་རྣམས་ཡེ་ཤེས་སྐུ། ། ཨེ་མའོ་ཆོས་ཀུན་རྣམ་པར་འཕྲུལ། ། རྒྱ་ ཆེ་སྔགས་ཀྱི་ཚུལ་ལྡན་པའི། ། དཀྱིལ་འཁོར་གསང་གསུམ་ངོ་མཚར་ཆེ། ། ཐབས་ལྔ་མཛད་པ་སྣ་ཚོགས་ཀྱིས། ། སྔོན་དང་ད་ལྟ་འབྲེལ་དོན་འབྱུང་། ། ཐབས་མཁས་ཕ་རོལ་ཕྱིན་བཅུ་རྫོགས། ། བསོད་ནམས་ཡེ་ཤེས་དག་པའི་ཤུགས། ། ས་དང་ས་འདས་དོན་ཆེན་པོ། ། ཏ་ཐཱ་ག་ཏའི་བྱིན་བརླབས་དབྱིངས། ། ལ་ལ་སྐུ་དང་གསུང་དང་ཐུགས། ། ཟབ་པ་དེ་ཉིད་རང་གི་མཐུས། ། གསང་གསུམ་གནས་ལ་ཕྱག་འཚལ་ལོ། ། ཡ་མཚན་ཆོས་ལ་ཕྱག་འཚལ་ལོ། ། རྣམ་འཕྲུལ་སྐུ་ལ་ཕྱག་འཚལ་ལོ། །
BO
བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། ཞེས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་འདུས་པའི་འཁོར་ཚོགས་རྣམས། ། དགའ་བ་ཆེན་པོ་ངོ་མཚར་གྱིས། ། རྒྱུད་གསུམ་རྣམ་ དག་ཚིམ་གྱུར་ནས། ། དགྱེས་པའི་དབྱངས་ཀྱིས་གསོལ་བ་བཏབ། ། ཨེ་མའོ་ངོ་མཚར་ཡ་མཚན་ཆེ། ། གཉིས་མེད་རོལ་པ་ཡ་མཚན་ཆེ། ། དྲི་མེད་དག་པ་ཡ་མཚན་ཆེ། ། འོད་འཕྲོ་འདུ་བ་ཡ་མཚན་ཆེ། ། བྱང་ཆུབ་སྤྲིན་ཕུང་ཡ་མཚན་ཆེ། ། སངས་རྒྱས་འབྱུང་བ་ཡ་མཚན་ ཆེ། ། འཕྲུལ་པ་འབྱུང་པ་ཡ་མཚན་ཆེ། ། ཁྲོ་བོ་འབྱུང་བ་ཡ་མཚན་ཆེ། ། བྱིན་བརླབས་ཆོ་འཕྲུལ་ཡ་མཚན་ཆེ། ། ཐ་བ་རླན་མཛད་ཡ་མཚན་ཆེ། ། འགོག་པ་རླུང་མཛད་ཡ་མཚན་ཆེ། ། བདག་ཅག་འཁོར་ཚོགས་འདུས་པ་རྣམས། ། དམ་ཚིག་ཅན་དུ་བྱིན་བརླབས་ མཛད། ། ཟ་འོག་རིམ་པ་ཅི་བཞིན་དུ། ། རྡོ་རྗེ་གསང་བའི་གྲལ་དུ་འགོད། ། དེ་ནས་བཅོམ་ལྡན་བདེ་ཆེན་པོས། ། ཆགས་པ་ཆེན་པོ་རྡོ་རྗེའི་སྐུ། ། སྐུ་དང་གསུང་ཐུགས་གཉིས་མེད་པའི། ། འཁོར་རྣམས་རབ་ཏུ་སྦྱང་བའི་ཕྱིར། ། རྡོ་རྗེ་རྒྱན་གྱི་ཏིང་འཛིན་གྱིས། །
BO
རང་གི་དཀྱིལ་འཁོར་གསལ་ བར་མཛོད། ། དེ་ཚེ་བྱང་ཆུབ་སེམས་ཆེན་པོ། ། འོད་ཟེར་ཀུན་དུ་ཁྱབ་པ་དེས། ། དགའ་བ་ཆེན་པོའི་མཆོད་པ་ཡིས། ། གནས་ཀྱི་མཚན་མ་གསལ་བར་མཛོད། ། འདུ་ཤེས་མེད་དང་འགོག་གནས་སོགས། ། རང་གི་རྟོག་པའི་མཐའ་ཞེས་རྣམས། ། དྲི་མ་མེད་པའི་བྱང་ཆུབ་སེམས། ། རིན་ཆེན་ཆུ་དེས་དབང་བསྐུར་ནས། ། རང་གི་ཡེ་ཤེས་དབང་ཐོབ་སྟེ། ། འགྲོ་བའི་དོན་བྱེད་ནུས་དང་ལྡན། ། ལས་ལ་སྤྱོད་པའི་གནས་རྣམས་དང་། ། རང་སྐྱོབ་པ་ཡི་སེམས་དག་གིས། ། ཐུགས་རྗེ་ཆེན་པོའི་བྱང་ཆུབ་སེམས། ། སངས་རྒྱས་བསྟན་པ་འདི་གཉེར་རོ། ། བྱང་ཆུབ་ སེམས་ཀྱི་མཚན་མ་ཡིས། ། འདུས་པའི་གནས་ལྔ་རིག་པར་བྱ། ། ཨོྃ་གུ་ཧྱ་བཛྲ་ས་མ་སྟྭྃ། ཨ་ལ་ལ་ཧོ། ། རྡོ་རྗེ་རོ་ལངས་བསྡུས་པ་ཡིས། ། གསང་བའི་དམ་ཚིག་ཆེན་པོ་རྣམས། ། རིགས་ཀྱི་དགོངས་པ་ཇི་ལྟ་བར། ། རྡོ་རྗེ་གསང་བའི་ལས་ལ་གནས། ། སྐལ་བཟང་དམ་ ཚིག་ཆེན་པོ་སྟེ། ། དེ་ལས་འདས་ན་རླག་པར་འགྱུར། ། བཀའ་ཡི་བསྒོ་བའི་དོན་ཆེན་པོས། ། འདས་པའི་འཁོར་ཚོགས་བསམ་ཡས་པས། ། དམ་ཚིག་ཐོབ་པས་གྲལ་འཁོད་དོ། ། དེ་ནས་གསང་བའི་བདག་པོ་ཉིད། ། དབང་ཐོབ་ལས་མཛད་ཆེན་པོ་དེས། །
BO
བཅོམ་ལྡན་འདས་ལ་ གཙུག་གི་ཕྱག ། རྣལ་འབྱོར་ལུགས་སུ་བྱས་ནས་ནི། ། ཕྱི་ནང་གསང་བའི་མཆོད་པས་མཆོད། ། མཉམ་འགྱུར་གསོལ་བ་རབ་ཏུ་གདབ། ། འདི་ལྟར་མ་བྱུང་ངོ་མཚར་ཁྱོད། ། སངས་རྒྱས་རྣམས་ཀྱི་དབང་ཕྱུག་ཆེ། ། མངོན་སྤྱོད་ཡ་མཚན་སྟོན་པར་སྤྱོད། ། བཀའ་ཡི་འཁོར་ལོ་ དམ་པ་ཉིད། ། སྨྲ་བསམ་ཡུལ་ལས་རབ་འདས་ཀྱང་། ། དཔེས་མཚོན་སྣང་བ་ལ་བརྟེན་ནས། ། ཡི་གེ་མིང་ཚོགས་ལ་སོགས་ཀྱིས། ། གསལ་བར་མཚོན་ཏེ་གོ་བར་མཛོད། ། སྟོན་པ་དབང་ཕྱུག་དམ་པ་དེས། ། གསོལ་བ་བཏབ་པའི་དོན་དགོངས་ནས། ། བརྗོད་བསམ་འདས་ བའི་ཏིང་འཛིན་ལས། ། མཉམ་པར་བཞུགས་ནས་མི་གསུང་བཞུགས། ། དེ་ནས་འདུས་པའི་འཁོར་ཚོགས་ཀྱིས། ། སྟོབས་མཆོག་སེང་གེ་ཆེན་པོ་ལ། ། ལོགས་སུ་བཏུད་དེ་ཕྱག་འཚལ་ནས། ། རྨད་འབྱུང་མཆོད་པ་སྣ་ཚོགས་བྱས། ། གསོལ་བཏབ་བློ་ མཆོག་སེང་གེ་ཁྱོད། ། བདག་ཅག་ཞུ་བའི་གནས་སྐབས་ཕྱེ། ། སྟོབས་མཆོག་སེང་གེ་གསང་བདག་གིས། ། གསོལ་བ་བཏབ་པའི་དོན་དགོངས་ནས། ། འདུས་པའི་འཁོར་ཚོགས་ཁྱོད་ཉོན་ཅིག ། བདག་ལ་ཞུས་ཤིག་སྤོབས་པར་བྱོས། ། སླར་ཉིད་གསོལ་བ་ བཏབ་པའི་དོན། ། ཀུན་གྱིས་མཐུན་པའི་ཚིག་སྨྲས་པ། །
BO
མགོན་པོ་རྒྱལ་བ་ཀུན་གྱི་མཛོད། ། སངས་རྒྱས་རྣམས་ཀྱི་སྲས་ཀྱི་མཆོག ། བྱང་ཆུབ་སེམས་དཔའ་རྗེ་བཙན་ལ། ། ཆོས་རྣམས་སྟོན་པའི་གནས་ལ་གསན། ། བཅོམ་ལྡན་གསང་མཆོག་དམ་པ་དེས། ། གསང་སྔགས་ལམ་རྣམས་མི་སྟོན་ཅིང་། ། དགོངས་མཛད་འབྲེལ་པས་མི་མཛད་པ། ། རྒྱུ་དང་རྐྱེན་གྱིས་གང་ལགས་པ། ། འཁོར་ནི་ཚོགས་ལ་བསྟན་དུ་གསོལ། ། གསལ་ཞིང་དབྱེ་བར་མཛད་པར་རིགས། ། ཞུས་པའི་དོན་ཉིད་སླར་གསུངས་པ། ། རྒྱལ་བ་ ཀུན་གྱི་གསང་བའི་མཛོད། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དངོས། ། སྣ་ཚོགས་སྣང་ཞིང་གསལ་བར་མཛོད། ། དེ་ཉིད་རྫོགས་པའི་གསང་སྔགས་ཅན། ། བཤད་ལས་འདས་པའི་དོན་དེ་ནི། ། དགོངས་དོན་རྒྱལ་བས་གསུང་མི་མཛད། ། དེ་ལྟར་སྟོན་པ་རྒྱལ་མཆོག་ གིས། ། རྣམ་པར་བརྗོད་པ་མི་མཛད་པས། ། ཡང་དག་དོན་གྱི་སྙིང་པོ་ཉིད། ། རྒྱ་ཆེར་བཀའ་ནི་གསལ་བ་ཡིན། ། འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག ། བྱང་ཆུབ་དམ་པའི་སྙིང་པོ་ནི། ། སྨྲ་བསམ་ལས་འདས་བརྗོད་མེད་པས། ། ཚིག་ཏུ་བརྗོད་པ་ལེགས་མ་ཡིན། ། གཉིས་ མཐའི་རྟོག་པ་ལས་གཞན་དག ། ཚིག་གི་སྣང་བས་ཐེ་ཚོམ་སྐྱེད། ། གྲོལ་བ་ཉིད་ཀྱིས་འཆིང་འགྱུར་ཞེས། ། འདས་དང་མ་བྱོན་ཐམས་ཅད་དང་། །
BO
ད་ལྟར་བྱུང་བའི་དགོངས་པའི་དོན། ། མ་གསུངས་མི་གསུང་གསུང་དུ་མེད། ། དེ་ནས་སེམས་དཔའི་སྙིང་པོ་ནི། ། སྤྲོས་དང་བྲལ་བའི་ བྱང་ཆུབ་སེམས། ། ཀུན་རྫོབ་བདེན་པའི་ཚིག་དབང་དུ། ། མཚན་མའི་ཚིག་གིས་རྣལ་འབྱོར་རྣམས། ། དོན་དམ་རྟོགས་དཀའ་འགྲོ་བའི་ཕྱིར། ། རྒྱལ་བས་ཚིག་སྐོར་བསྟན་པ་ཡིས། ། འདུས་ཚོགས་འཁོར་གྱིས་ཡང་ཞུས་པ། ། སྟོབས་མཆོག་སེང་གེ་དེ་ལྟར་ན། ། བདག་ སོགས་མ་འོངས་རྣལ་འབྱོར་པས། ། ཚིག་གི་རྗེས་འབྲངས་དོན་དག་ཏུ། ། གསང་བའི་ལས་བརྗོད་གསལ་བྱེད་པ། ། ཇི་ལྟ་བུ་ཡིས་མཚོན་པར་འགྱུར། ། དཔའ་བོ་ཁྱོད་ནི་རྒྱལ་བའི་སྲས། ། དབང་བསྐུར་ཐོབ་པར་ཞུ་བ་སྤོབས། ། བཅོམ་ལྡན་དབང་མཆོག་དམ་པ་ལ། ། ཞུས་ ཤིང་སྟོབས་མཆོག་སེང་གེ་ཁྱོད། ། དེས་ཀྱང་འཁོར་གྱིས་ཞུས་པ་བཞིན། ། རྒྱལ་བ་རྡོ་རྗེ་འཛིན་པ་ལ། ། ཕྱག་འཚལ་རྨད་འབྱུང་མཆོད་རྫས་ནས། ། རྡོ་རྗེ་ཚིག་ཏུ་འདི་སྐད་གསོལ། ། ཀྱེ་མ་སྟོན་པ་ཐུགས་ཆེན་པོ། ། ཕྱོགས་བཅུ་རྒྱལ་བ་ཀུན་འདུས་པ། ། བྱང་ཆུབ་སེམས་ཀྱི་ མཚན་ཉིད་དེ། ། ཚིག་ཏུ་བརྗོད་པ་མ་མཛད་ན། ། མ་འོངས་སྒྲ་ལ་བརྟེན་པ་དག ། དོན་ལ་རེག་པར་མི་འགྱུར་ཕྱིར། ། མཚོན་བྱ་མཚོན་པར་བྱས་ནས་ནི། །
BO
སྙིང་པོ་བྱང་ཆུབ་དོན་འདི་ལ། ། དཔེས་མཚོན་འཐད་པར་གྲུབ་བྱེད་པ། ། གསང་བ་དེ་ཉིད་བསྟན་དུ་གསོལ། ། དེ་ནས་ མགོན་པོ་རྡོ་རྗེ་འཛིན། ། ཡེ་ཤེས་ལྔ་དང་རྟགས་ལྡན་པའི། ། ཕྱག་གི་མཚན་མ་གསོར་མཛད་ཅིང་། ། རྨད་འབྱུང་ཡ་མཚན་སྟོན་པར་མཛད། ། ཐམས་ཅད་པདྨོར་འགྱུར་བ་ཡི། ། རྨད་འབྱུང་ཆོས་ཀྱི་སྒྲ་ཡང་སྒྲོགས། ། ཨོྃ་ཨཱཿཧཱུྃ་སྭཱ་ཧཱ། བོ་དྷི་ཙིཏྟ་གུ་ཧྱ། ས་མ་ཡ་ ཨ་ས། ཨ་ནུ་བོ་དྷི་ཙིཏྟ་ཨ་ནན་ཏ་གར་བྷ། མ་ཧཱ་ས་ཏྭ་པྲ་ཏ་ཨ་ཧཱུྃ། འདི་ནི་གསུངས་མ་ཐག་ཏུ་ཡང་། ། སངས་རྒྱས་གྲགས་ཆེན་ཐམས་ཅད་དག ། རབ་ཏུ་དྲག་ཅིང་བརྒྱལ་འགྱུར་ནས། ། གཞན་ལྟ་མ་ལུས་སྨོས་ཅི་དགོས། ། བཅོམ་ལྡན་འདས་ཀྱིས་ཡང་དག་བཀའ། ། བཤད་ཀྱིས་རིགས་ཀྱི་བུ་རྣམས་ཉོན། ། དོན་དམ་ཀུན་རྫོབ་གཉིས་མེད་པར། ། ཡང་དག་བདེན་པའི་དོན་བསྟན་པ། ། དེ་ནི་དངོས་པོ་མཚན་ཉིད་དེ། ། མཁའ་ལྡན་ཆེན་པོ་རྣམས་ཀྱི་གདེང་། ། ཇི་སྲིད་བློ་ཡི་ཆོས་དག་ཏུ། ། གཉིས་སུ་སྣང་བའི་མཚན་མ་ལ། ། བསམ་བརྗོད་ཀུན་རྫོབ་ཞེས་བྱ་སྟེ། ། དེ་ལས་འདས་པ་དོན་དམ་ཡིན། ། སྐུ་གསུམ་གཉིས་སུ་མེད་པ་ཡི། ། སྣང་བའི་དངོས་པོ་མ་འགགས་པ། ། དུས་གསུམ་བསྟན་པ་ཆེན་པོར་གནས། །
BO
ཡིད་བཞིན་པ་ཡི་དོན་ཉིད་དོ། ། ཐམས་ཅད་སྒྱུ་མ་ ལྟ་བུའི་ཚུལ། ། ཐམས་ཅད་རང་བཞིན་སྟོང་པ་ཉིད། ། ཟུང་དུ་འཇུག་པའི་ཡེ་ཤེས་ནི། ། དེ་ཉིད་བླ་མེད་མཆོག་དམ་པ། ། དེ་སྐད་ཅེས་ནི་བཀའ་སྩལ་ནས། ། ཨ་ལ་ལ་ཡི་སྒྲ་བརྗོད་དོ། ། སྟོབས་མཆོག་སེང་གེ་དྲི་བ་དྲིས། ། དེ་ལྟར་ལགས་སོ་བཅོམ་ལྡན་འདས། ། སྔགས་ཀྱི་ལྷ་ལ་བློ་ གནས་གང་། ། སྤྱོད་ལ་གནས་པ་གང་དག་གིས། ། ཕན་ཚུན་འབྲེལ་འགྱུར་ཅི་ལྟ་བུར། ། བློ་ཡི་རིམ་པ་འཇུག་བྱ་འམ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། གསང་བའི་བདག་པོ་ཁྱོད་ཉོན་ཅིག ། སངས་རྒྱས་རྣམས་ཀྱིས་བསྟན་པའི་དོན། ། མཚན་ཉིད་རྣམ་དག་དུས་ ལགས་པ། ། བགྲང་དང་བགྲང་བ་ལས་འདས་པའི། ། དངོས་པོ་མཚན་ཉིད་དེ་བཞིན་ནོ། ། ལེགས་སྤྱོད་བདེན་པའི་ལམ་འཇུག་ཅིང་། ། རྣམ་གསུམ་སྔགས་ཀྱི་དོན་སྤྱད་ན། ། འབྲེལ་པ་ཤུགས་ཀྱིས་སྒྲུབ་བྱེད་ན། ། ལྟ་སྤྱོད་གཉིས་ལྡན་བདེན་པའི་མཆོག ། རྣལ་འབྱོར་ས་ལ་ ལེགས་གནས་ཤིང་། ། བདེན་གཉིས་འབྲེལ་པའི་དོན་བསྒྲུབས་ནས། ། ཡང་དག་རྟག་པའི་དོན་གསལ་འགྱུར། ། རྣལ་འབྱོར་ས་སྤྱོད་ས་ཐོབ་ཤོག ། མ་སྐྱེས་ཐབས་ཀྱི་ཡེ་ཤེས་ལྡན། ། ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས། །
BO
བདེན་གཉིས་དབྱེ་བ་མེད་པ་ཡིས། ། ཡང་དག་དོན་མཆོག་སྒྱུ་མའི་སྐུ། ། ཀུན་རྫོབ་སྒྱུ་མ་ཐབས་ཀྱི་གསུང་། ། ཕྱག་རྒྱ་སྒྱུ་མའི་ཚུལ་ཉིད་དེ། ། མེད་པ་མ་ཡིན་མཚན་མེད་དེ། ། རྣལ་འབྱོར་གཉིས་དང་ལྡན་ཕྱིར་རོ། ། སློབ་པའི་རྣལ་འབྱོར་གཉིས་བརྟེན་ནས། ། ལྷུན་གྱིས་གྲུབ་པའི་ས་གོམས་ནས། ། བདེན་ འགྱུར་བདེན་པ་གཉིས་ལ་གནས། ། ཆེ་ཆུང་མཐུ་ཡིས་གྲུབ་པ་ཡིན། ། སྒྲ་ཡི་རྗེས་འབྲངས་རྣལ་འབྱོར་པས། ། དོན་མེད་སྤྱོད་ལ་གནས་པར་འགྱུར། ། ཡང་དག་ཀུན་རྫོབ་བདེན་གསལ་བས། ། གཉིས་མེད་དོན་དམ་བདེན་པར་གནས། ། སྣ་ཚོགས་ཆོས་ཀྱི་གཡུལ་ངོ་ ཟློག ། རིག་པའི་སྐྱེས་བུ་རྣམ་པར་གྲགས། ། ཞེས་པས་དགྱེས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་བཞི་བའོ། ། ། ། དེ་ནས་རིག་ པའི་སྐྱེས་བུ་མཆོག ། གསང་བའི་བདག་པོས་ཡང་ཞུས་པ། ། བཅོམ་ལྡན་སྙིང་པོ་བྱང་ཆུབ་སེམས། ། དགོངས་པའི་དོན་ནི་ཅི་ལྟ་བུ། ། ལས་དང་ཉོན་མོངས་དག་བྱེད་པའི། ། ཡེ་ཤེས་སྒྲོན་མ་ཅི་ལྟར་ལགས། ། རྒྱལ་བས་དགོངས་པའི་བྱང་ཆུབ་སེམས། །
BO
རྡོ་རྗེ་ ལྟ་བུར་མཉམ་བཞག་ནས། ། མི་རྟོག་ཡེ་ཤེས་གསལ་མཛད་དེ། ། སྣ་ཚོགས་རྣམས་ཀྱང་བྱང་ཆུབ་སེམས། ། བདེ་བ་ཆེ་ལས་གཞན་མེད་དོ། ། ལུས་ངག་ཡིད་གསུམ་རྣམ་པའི་ཚོགས། ། ཆོས་རྣམས་ཀུན་གྱི་རྒྱུ་ཡིན་ཏེ། ། རྣམ་གསུམ་རྡོ་རྗེ་ལྟ་བུ་ཉིད། ། སྐུ་ གསུམ་གསལ་བ་རྣམ་པར་སྣང་། ། དངོས་པོ་གསལ་བའི་ཆོས་མེད་དེ། ། གཅིག་ལས་རྣམ་འཕྲུལ་སྣ་ཚོགས་ཉིད། ། ཕྱག་རྒྱ་གར་ཐབས་དབང་བསྒྱུར་བས། ། འཆིང་བའི་ཚོགས་ལས་རྣམ་པར་གྲོལ། ། དངོས་པོ་ཐམས་ཅད་བྲལ་བ་ཡི། ། ཕུང་ཁམས་ སྐྱེ་མཆེད་རྣམ་པར་དབེན། ། གཟུང་འཛིན་རྟོག་པའི་ཡུལ་བྲལ་བས། ། དཔག་མེད་པ་ཡི་ངོ་བོ་ཉིད། ། རྣམ་གསུམ་མཆོག་གི་དོན་ལས་བྱུང་། ། འོད་གསལ་ཆེན་པོའི་རང་བཞིན་ནོ། ། ངོ་མཚར་རྨད་དུ་བྱུང་བའི་དོན། ། རྒྱལ་བ་ཀུན་གྱི་གསང་བའི་ཐུགས། ། སྐྱེ་དང་སྐྱེ་མེད་སྣ་ཚོགས་དངོས། ། ཕྱོགས་འཛིན་མཐའ་ཡིས་བཅིང་བར་བྱེད། ། དེ་དག་ཆོས་ལས་རྣམ་གྲོལ་བའོ། ། བདེན་པ་ཆེན་པོའི་ཏིང་འཛིན་རྒྱ། ། ངོ་མཚར་ཡ་མཚན་རྨད་ཀྱི་ཆོས། ། མེ་ལོང་གསལ་བའི་རང་བཞིན་ཅན། ། རྒྱལ་བ་རྣམས་ཀྱི་གསང་བའི་མཛོད། ། འགག་ པ་མེད་པའི་ཆོས་རྣམས་ལ། ། བྱང་ཆུབ་སེམས་ཉིད་སྐྱེ་བར་འགྱུར། །
BO
མཉམ་ཉིད་དེ་བཞིན་གཤེགས་པའི་སྐུ། ། ཡ་མཚན་རྨད་དུ་བྱུང་བའི་ཆོས། ། སྣ་ཚོགས་སྣང་བྱེད་གནས་གྲོལ་བ། ། རང་བཞིན་ཞི་བའི་བྱང་ཆུབ་སེམས། ། གཉིས་ཀྱི་མཐའ་ལས་གྲོལ་བའོ། ། གནས་ དང་གནས་མེད་བྱང་ཆུབ་སེམས། ། ཡ་མཚན་རྨད་ཀྱི་དོན་བྱུང་བའོ། ། རྒྱ་ཆེར་སོ་སོར་གསལ་བའི་ངང་། ། ཀུན་རྟོགས་བྱང་ཆུབ་སེམས་ཆེན་པོ། ། དམིགས་མེད་གསང་བ་ལས་བྱུང་བའི། ། དམིགས་དང་མི་དམིགས་སྣ་ཚོགས་ནི། ། བདེ་བའི་ཡེ་ཤེས་གསལ་ བའོ། ། མ་འགགས་པ་ཡི་ཆོས་ཉིད་དོ། ། བྱ་བ་གྲུབ་པའི་ཚུལ་ཅན་དུ། ། སྤྲོས་མེད་སྤྲོས་པ་སྣ་ཚོགས་སྣང་། ། སྤྲོ་བསྡུ་འདུན་དང་སྤྲོས་བྲལ་བའི། ། མཛད་པའི་བྱང་སེམས་བརྟན་པ་ལས། ། ངོ་མཚར་ཆོ་འཕྲུལ་བླ་ན་མེད། ། ཡེ་ཤེས་རྒྱ་མཚོ་རྨད་དུ་བྱུང་། ། རང་གི་དེ་ ཉིད་གསལ་བར་འགྱུར། ། རྒྱལ་བས་བཤད་པའི་དགོས་དོན་ལ། ། འཁོར་རྣམས་ཡ་མཚན་ངོམས་པར་འགྱུར། ། མཆོད་དང་ཞལ་དག་སྒྲ་འབྱིན་ཅིང་། ། རང་གི་དེ་ཉིད་གསལ་འགྱུར་ནས། ། བྱང་སེམས་དེ་ཉིད་བསྟོད་པར་བྱ། ། ཨེ་མའོ་སྟོང་ཉིད་བྱང་ཆུབ་སེམས། ། ཨེ་ མའོ་དག་པ་དྲི་མ་མེད། ། ཨེ་མ་མི་སྒྲིབ་གསལ་བ་ཆེ། ། ཨེ་མའོ་མཉམ་ཉིད་དབྱེར་མེད་ཆོས། །
BO
ཨེ་མའོ་སོ་སོ་རང་རིག་སེམས། ། ཨེ་མའོ་བྱ་བྱེད་ལྷུན་གྱིས་གྲུབ། ། དེ་བཞིན་ཉིད་ལ་ཕྱག་འཚལ་བསྟོད། ། བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས། ། བྱང་ཆུབ་སེམས་ ཉིད་ཐུགས་ཀྱི་མཆོག ། བདག་ཅག་རིག་འཛིན་ཚོགས་པ་རྣམས། ། བྱང་ཆུབ་སེམས་ཉིད་སྨོན་པ་དང་། ། འཇུག་དང་ལྡང་དང་གཉིས་མེད་དེ། ། རང་གི་བྱང་སེམས་གཡོ་བར་གྱིས། ། རེག་པར་བགྱི་ཞིང་ཉེ་བར་བགྱི། ། ཉམས་སུ་མྱོང་བར་འཚལ་ལགས་ན། ། ཐུགས་རྗེ་ ཆེ་དགོངས་བྱིན་གྱིས་རློབས། ། བདེ་བར་གཤེགས་པས་བྱིན་གྱིས་རློབས། ། དེ་སྐད་ཚིག་ཏུ་གསོལ་བཏབ་པས། ། བཅོམ་ལྡན་སྙིང་པོ་འདི་སྐད་གསུང་། ། སྣ་ཚོགས་རྣམ་དག་ངོ་བོ་ཉིད། ། ཆོས་རྣམས་འཕྲོ་བའི་ཚོགས་རྣམས་ཀུན། ། རང་བཞིན་བརྗོད་བྲལ་རྟོག་པ་མེད། ། རང་གསང་རྟོགས་པའི་དཀའ་བའི་དོན། ། སྲིད་གསུམ་ཡེ་ནས་རྣམ་དག་ཆོས། ། བདག་རྟོག་འཁྲུལ་པའི་ཉེས་དམིགས་ཀྱིས། ། དུས་རིང་འཁྱམས་འགྱུར་འགྲོ་བ་རྣམས། ། རང་རྟོག་དངོས་པོའི་ལས་ལ་སྤྱོད། ། ལོག་པའི་སེམས་ཀྱིས་ཀུན་བརྟགས་ཀྱང་། ། རང་བཞིན་ཉིད་ལ་འགྱུར་བ་མེད། ། ཡེ་ནས་དོན་གྱི་སངས་རྒྱས་ལ། ། འཁྲུལ་པའི་བདེ་སྡུག་འཁོར་ལོས་འཁྱམས། ། ལོག་རྟོག་དངོས་མེད་བྱང་ཆུབ་སེམས། །
BO
འཁྲུལ་རྟོག་མི་གནས་རྒྱན་གྱི་མཆོག ། ཐ་བའི་གནས་ཉིད་བྱང་ཆུབ་ཞིང་། ། སྲིད་དངོས་སངས་རྒྱས་མངོན་ རྫོགས་སྐུ། ། འཛིན་རྟོག་བྱང་ཆུབ་སྙིང་པོར་གསལ། ། བརྟན་གཡོ་དངོས་པོ་ཐམས་ཅད་དང་། ། བདེ་ཆེན་སྐུ་ལས་གཞན་མེད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་དེ་བཞིན་ ཉིད་ཀྱི་ལེའུ་སྟེ་ལྔ་པའོ། ། ། ། བཅོམ་ལྡན་རྒྱལ་བ་ཐམས་ཅད་ཀྱི། ། དཀྱིལ་འཁོར་སྙིང་པོ་བསྡུས་པའི་དོན། ། དེ་ནས་གསང་བའི་བདག་པོ་ཡིས། ། དཀྱིལ་འཁོར་རྣམ་པར་འཕྲོ་བའི་དོན། ། མཚན་ཉིད་འཕྲོ་ཞིང་རྟོགས་པ་དག ། རྒྱལ་བས་བཤད་ ཕྱིར་བསྐུལ་འདེབས་མཛད། ། བཅོམ་ལྡན་རྒྱལ་བ་ཐམས་ཅད་ཀྱིས། ། དཀྱིལ་འཁོར་སྙིང་པོ་བསྡུས་པའི་དོན། ། རྒྱ་ཆེ་མཛད་པའི་མཐུ་ལྡན་པ། ། རྡོ་རྗེ་གསང་བ་གསུམ་གྱི་གནས། ། རབ་རྒྱས་མཚན་བཞིན་ཆོ་གའོ། ། ཡན་ལག་བདག་ལ་བསྟན་དུ་གསོལ། ། དེ་ནས་ མགོན་པོ་གསང་བའི་བདག ། གཉིས་མེད་ཡེ་ཤེས་ལ་འགྲོ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་གནས། ། རྒྱ་ཆེར་སྤྲུལ་པའི་དོན་བསྟན་མཛད། ། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། ། རི་བོ་རྒྱུད་འཛིན་རིགས་མཚན་ཅན། །
BO
དབྱངས་ཀྱི་ཡི་གེའི་ཚུལ་འཇུག་པའི། ། རྟ་ བདུན་འོད་སོགས་གསལ་བྱེད་ལྡན། ། སྐར་མའི་ཚོགས་དང་འདྲ་བ་ལས། ། མཉམ་ཉིད་འོད་ཀྱི་གོང་བུའི་གཟུགས། ། སྣང་བའི་འོད་ཟེར་ལྔ་ཡི་ཚུལ། ། ཕྱག་རྒྱ་མཚན་མ་སྔགས་དང་བཅས། ། རྣམ་འཕྲོས་རང་རིག་ཞིང་ཁམས་སྦྱོང་། ། དེ་དག་གོང་བུའི་གཟུགས་མཚུངས་ བར། ། གཙོ་བོ་རྡོ་རྗེ་འཛིན་པའི་སྐུ། ། སྟོང་ཉིད་སྙིང་རྗེ་ཆེན་པོ་ཡིས། ། མ་ལུས་རྒྱུད་རྣམས་གསལ་མཛད་ནས། ། ནམ་མཁའ་དང་བའི་དཀྱིལ་འཁོར་བཞིན། ། ཐུགས་རྗེ་ཆེན་པོ་སྐྱོན་སྐྱོང་མཛད། ། ས་བོན་གསང་བའི་ལས་བྱུང་བའི། ། མཁའ་སྣང་གསལ་བ་ཀུན་ཁྱབ་ ལས། ། སྣ་ཚོགས་ཀུན་ནས་སོ་སོ་ཉིད། ། འབྱུང་བཞིའི་དཀྱིལ་འཁོར་རིམ་བཞིན་བཀོད། ། ཀུན་འཕྲུལ་ས་བོན་ལས་བསྐྱེད་པའི། ། ཡེ་ཤེས་རིན་ཆེན་སྣ་ཚོགས་གཟུགས། ། ཤར་དུ་དོ་ཤལ་ཕྲེང་བ་དང་། ། གདུགས་དང་རྒྱལ་མཚན་རྔ་ཡབ་སོགས། ། མེ་ལོང་རོལ་མོའི་ཚོགས་བསམ་ཡས། ། འཁོར་ལོ་རིན་ཆེན་རྡོ་རྗེ་པད། ། ཏྭ་ར་ན་བཞི་རྒྱན་མཛེས་པ། ། སྒྲ་དབྱངས་སྣ་ཚོགས་ཉི་ཟླའི་ཚོགས། ། ཙཀྲ་བར་ཁྱམས་ཕྲེང་བ་དང་། ། དམ་པའི་འདོད་ཡོན་ལྷ་མོ་འཁྲིགས། ། རིན་ཆེན་འབར་བའི་ཁྲི་བརྩེགས་གནས། །
BO
ཉི་ཟླ་ པདྨའི་རིན་ཆེན་རྒྱན། ། གནས་རྣམས་ཁྱབ་པར་ཅི་བཞིན་པར། ། དཀྱིལ་འཁོར་ལྷུན་གྱིས་གྲུབ་པའོ། ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཿ། རྀ་རཱྀ། ལྀ་ལཱྀ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ ས་ཧ་ཀྵ། དེ་བཞིན་ཉིད་དབྱིངས་རྨད་འབྱུང་བའི། ། བདེར་གཤེགས་ཀུན་གྱི་ཐུགས་གསལ་བ། ། བྱིན་བརླབས་ཡ་མཚན་སྤྲུལ་པའི་སྐུ། ། དཀྱིལ་འཁོར་སྣ་ཚོགས་ཀུན་གྱི་གནས། ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། ། རང་བཞིན་དག་པ་དྲི་མ་མེད། ། ཕུང་པོ་ཆོས་ རྣམས་སངས་རྒྱས་ཏེ། ། འབྱུང་ལྔ་དབྱིངས་ཕྱུག་ཡུམ་གྱི་མཁའ། ། ཁམས་དང་སྐྱེ་མཆེད་སེམས་དཔའ་དང་། ། སེམས་མའི་ཚོགས་དང་ཁྲོ་མོའི་སྐུ། ། ཕྱི་ནང་སྲིད་གསུམ་དངོས་སྣང་བའི། ། དཀྱིལ་འཁོར་རིགས་ཀྱི་བདག་ཉིད་ཆེ། ། གཟུགས་ཕུང་རྣམ་པར་སྣང་ མཛད་ཆེ། ། ཚོར་བ་རིན་ཆེན་འབྱུང་ལྡན་སྐུ། ། འདུ་ཤེས་སྣང་བ་མཐའ་ཡས་སྐུ། ། འདུ་བྱེད་དོན་ཡོད་གྲུབ་པ་ཡིན། ། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། ། ཐམས་ཅད་བདེར་གཤེགས་ལྔ་ཡི་སྐུ། ། ས་ཁམས་སངས་རྒྱས་སྤྱན་ཡིན་ཏེ། ། ཆུ་ཁམས་ལྷ་ མོ་མཱ་མ་ཀཱི། ། མེ་ཁམས་ན་བཟའ་དཀར་མོ་སྟེ། །
BO
རླུང་ཁམས་དམ་ཚིག་སྒྲོལ་མའོ། ། ནམ་མཁའ་ཀུན་དུ་བཟང་མོའི་སྐུ། ། འབྱུང་བའི་དཀྱིལ་འཁོར་རྣམ་དག་པའོ། ། དབང་པོའི་སྤྱོད་ཡུལ་མ་ལུས་ཀུན། ། ཐམས་ཅད་བདེར་གཤེགས་རིགས་ཀྱི་ སྐུ། ། མིག་ལ་རྣམ་པར་སྣང་མཛད་དེ། ། རྣ་བ་རིན་ཆེན་འབྱུང་ལྡན་ཆེ། ། སྣ་ལ་སྣང་བ་མཐའ་ཡས་ཉིད། ། ལྕེ་ལ་དོན་ཡོད་གྲུབ་པའི་སྐུ། ། ལུས་ཉིད་རྡོ་རྗེ་སེམས་དཔའ་ཡིན། ། དེ་ལྟར་སྣང་བའི་དཀྱིལ་འཁོར་ཉིད། ། ཡེ་ནས་ལྷུན་གྲུབ་གནས་པས་ན། ། རྣལ་འབྱོར་ གསང་བ་དོན་ཤེས་བྱ། ། ཕྱི་རོལ་དོན་ཤེས་ཡུལ་དྲུག་འདི། ། ཡུམ་ཆེན་ལྔ་ཡི་ཕྱག་རྒྱའི་དབྱིབས། ། གཟུགས་ཁམས་སངས་རྒྱས་སྤྱན་མ་སྟེ། ། སྒྲ་ཚོགས་ལྷ་མོ་མཱ་མ་ཀཱི། ། དྲི་ཚོགས་ན་བཟའ་དཀར་མོའི་དབྱིངས། ། རོ་དྲུག་ལྷ་མོ་སྒྲོལ་མ་ཡིན། ། རེག་ཚོགས་ལྷ་མོ་ཀུན་དུ་ བཟང་མོའི་སྐུ། ། དུས་གསུམ་མཉམ་སྦྱོར་འདུ་འབྲལ་མེད། ། རྡོ་རྗེ་པདྨོ་མཉམ་སྦྱོར་བས། ། རང་རིག་དཀྱིལ་འཁོར་གསལ་བར་མཛོད། ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། ། ཡོན་ཏན་ཕྲིན་ལས་རོལ་པའི་རྒྱན། ། ང་ཉིད་འདུ་འབྲལ་མེད་པའི་དབྱིངས། ། ཐབས་དང་ ཤེས་རབ་རོལ་པའི་མཆོག ། ས་ཡི་ཁྱད་པར་མ་ལུས་པའང་། །
BO
རྡོ་རྗེ་ཆོས་ཀྱིས་སྦྱོར་མཛད་དང་། ། ཡོན་ཏན་ཕྲིན་ལས་མཐར་ཕྱིན་པས། ། ཚེ་འདི་ཉིད་ཀྱི་གོ་འཕང་མཆོག ། རྡོ་རྗེ་གསང་གསུམ་དམ་ཚིག་ཆེ། ། རང་གི་མཐུ་ཡི་སྦྱོར་བྱེད་པ། ། རྟག་ཏུ་མཉམ་བཞག་སྦྱོར་ བ་ཡིས། ། དཀྱིལ་འཁོར་ཆེན་པོའི་གནས་བཞུགས་ཏེ། ། དྲི་མེད་བྱང་ཆུབ་སེམས་ཀྱི་ཚུལ། ། འགྲོ་རྣམས་ཚོགས་བཅས་དག་པར་བྱས། ། རྟག་ཏུ་གསང་སྔགས་བརྗོད་བྱས་ཤིང་། ། རྡོ་རྗེ་མགོན་པོའི་སྒོ་གསལ་བརྟན། ། རྟག་ཏུ་གཏོར་སྦྱིན་གཏང་བྱས་ཏེ། ། ཁམས་ ཀྱི་འཛིན་པ་མེད་པར་གྲོལ། ། རྟག་ཏུ་ལྷ་ལ་མཆོད་བྱས་ཏེ། ། རང་གི་བདུད་རྩིས་མཆོད་ཅིང་རོལ། ། རྟག་ཏུ་མི་གཉིས་བསྟོད་བྱ་བ། ། རྣམ་གྲོལ་ཐམས་ཅད་བྲག་ཅའི་སྒྲ། ། ཕ་རོལ་ཕྱིན་བཅུ་དུས་གཅིག་ཏུ། ། པདྨ་ཆོ་ག་རྟོགས་པར་འགྱུར། ། ཟག་པ་ཟད་པས་སྐུ་ལྔ་ དང་། ། པདྨའི་རིགས་ཀུན་མཉམ་པར་སྦྱོར། ། པདྨའི་དམ་ཚིག་ལ་གནས་པ། ། གནས་ཀུན་དཀྱིལ་འཁོར་གསལ་བར་འགྱུར། ། པདྨ་རང་གི་གནས་སུ་བསྒོམ། ། འདོད་ཆགས་ཆོས་ཀུན་སྤྱོད་པ་ཡི། ། མགོན་པོ་རང་རང་གནས་ན་གསལ། ། དྲི་མེད་དག་པའི་ ཐིག་ལེ་ལས། ། འོད་ཟེར་ལྔ་ཡི་སྣང་བ་བཅས། ། རང་གི་གནས་ནས་འཕྲོ་མཛད་ཅིང་། །
BO
དེ་ཉིད་མགོན་པོའི་སྐུ་འདོད་གཟུགས། ། ཀུན་ཏུ་པདྨ་ཆགས་མེད་པས། ། གནས་ཀུན་དཀྱིལ་འཁོར་གསལ་བར་འགྱུར། ། ཐུབ་པ་ཆེན་པོའི་མཚན་རྣམས་ དང་། ། དཔེ་བྱད་རྫོགས་པར་གྱུར་ནས་ནི། ། ཡོན་ཏན་མ་ལུས་འབྱུང་བའི་གནས། ། ཀུན་དུ་དྲེགས་པའི་སངས་རྒྱས་མཆོག ། རྡོ་རྗེའི་དམ་ཚིག་ལ་གནས་པས། ། རྡོ་རྗེ་རང་གི་གནས་སུ་བསྒོམ། ། འོད་འཕྲོས་འདུས་པའི་གནས་ཕྱག་རྒྱའི། ། ཡེ་ཤེས་མཉམ་ ཉིད་ཀུན་དོན་མཛད། ། ཐུགས་རྗེས་རྣམ་མང་ཡུལ་བྲལ་ཞིང་། ། འཇོམས་པར་མཛད་པའི་ཁྲོ་བོའི་སྐུ། ། རང་གི་དཀྱིལ་འཁོར་དྲི་བྲལ་བ། ། མངོན་སུམ་གསང་བའི་ཡེ་ཤེས་སྐུ། ། འཁོར་ལོའི་དམ་ཚིག་ལ་གནས་པས། ། འཁོར་ལོ་རང་གི་གནས་སུ་བསྒོམ། ། རྒྱལ་བ་ཀུན་གྱི་རིན་པོ་ཆེ། ། འཕྲོ་འདུ་ཉི་ཤུ་རྩ་ལྔའི་ཚོགས། ། ཕུང་ཚོགས་ཁམས་རྣམས་རྣམ་དག་ཅིང་། ། ཕྲིན་ལས་ཡེ་ཤེས་བླ་ན་མེད། ། བྱང་ཆུབ་དག་པའི་ཆ་ལུགས་གནས། ། དཀྱིལ་འཁོར་སྤྲུལ་པའི་བྱིན་བརླབས་སྐུ། ། དགའ་བའི་ཐབས་དང་ཤེས་ རབ་སྦྱོར། ། ཕྱག་རྒྱ་ཆེན་པོའི་རིགས་འཛིན་གནས། ། རྣལ་འབྱོར་དད་བརྩོན་ཏིང་འཛིན་ལྡན། ། འགྲུབ་འགྱུར་རིང་པོར་ཐོགས་མེད་སྤྱོད། །
BO
ཅེས་གསུངས་པས་འཁོར་གྱི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་མཉེས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་ཏིང་ངེ་འཛིན་གྱི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ། དགའ་བའི་མཆོད་པ་དང་གར་ཐབས་ཀྱིས་དཀྱིལ་འཁོར་ཐམས་ཅད་མཉེས་པར་བྱས་ནས། ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་གསོལ་བ་བཏབ་བོ། ། ཀྱེ་མ་རྒྱལ་བ་ཀུན་གྱི་གཙོ། ། སངས་རྒྱས་ཚོགས་རྣམས་བསྐྱེད་པའི་ཡབ། ། ཁྱེད་ཀྱིས་དཀྱིལ་འཁོར་སྤྲུལ་མཛད་ནས། ། གདུལ་བྱའི་ལམ་འདི་གྲོལ་བྱས་ན། ། ཕྱི་ཡི་འགྲོ་བ་ཅི་ལྟར་གཟུང་། ། གང་དག་དབང་ པོ་མ་སྨིན་པའི། ། དཀར་པོ་ཆོས་རྣམས་མཐོང་མི་འགྱུར། ། དེ་དག་ཐུགས་རྗེ་ཆེན་པོ་ཡིས། ། བཟུང་ཞིང་ལས་ལ་གཞུག་པར་སྣང་། ། མ་འོངས་འགྲོ་བ་ལ་ལ་དག ། འདི་ལྟར་དཀྱིལ་འཁོར་མཐོང་བ་རྣམས། ། ཇི་ལྟར་དཀྱིལ་འཁོར་བརྟན་པར་འདུལ། ། ཞེས་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མ་འོངས་པའི་འགྲོ་བ་ཐེག་པ་གསང་སྔགས་ཀྱི་ལམ་དུ་འཇུག་པར་འདོད་པ་དག་གིས་ནི།
BO
རྡོ་རྗེ་སློབ་དཔོན་ལ་བརྟེན་ཏེ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་གཞུག་པར་བྱའོ། ། རྡོ་རྗེ་སློབ་དཔོན་བློ་གྲོས་མཆོག ། དད་བརྩོན་ཤེས་རབ་སྟོབས་དང་ལྡན། ། བདག་ཆོས་མ་ལུས་ཤེས་འགྱུར་ནས། ། སྐྱོབ་པ་བྱང་སེམས་སྡོམ་པ་བླངས། ། བྱང་སེམས་སྙིང་རྗེ་ཆེན་པོ་དང་། ། དགའ་བ་བཏང་སྙོམས་བཞི་བཞག་ནས། ། སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། ། སླར་ཉིད་བྱང་ཆུབ་ལམ་ ལ་དགོད། ། ཕ་རོལ་ཕྱིན་པ་དྲུག་རྣམས་དང་། ། བསྡུ་བ་བཞི་ལ་ལེགས་གནས་པས། ། ཐེག་པ་ཆེན་པོའི་ལམ་གཉེར་ཞིང་། ། ཉན་ཐོས་ལ་སོགས་བློས་པ་མེད་པའི་བློས། ། གསང་བའི་ཐེག་པ་དོན་གཉེར་ཞིང་། ། དཀྱིལ་འཁོར་དབང་ཐོབ་དམ་ཚིག་ལྡན། ། གསང་ བའི་རྒྱུད་རྣམས་དོན་ཤེས་ཤིང་། ། དེ་ཉིད་བཅུ་ལས་གོམས་གྱུར་པས། ། རང་གི་ཡེ་ཤེས་རྣམ་གྲོལ་ཞིང་། ། དངོས་པོ་དེ་ཉིད་བརྟན་པར་གནས། ། མུ་སྟེགས་ལ་སོགས་མི་བསྐྱོད་ཅིང་། ། ཐེག་དམན་ལ་སོགས་འགྱུར་བ་མེད། ། རྟག་ཏུ་འགྲོ་བ་བཟུང་བའི་བློས། ། དཀྱིལ་འཁོར་ལ་སོགས་ལས་ལ་བརྩོན། ། མི་གནས་མྱ་ངན་འདས་པ་ཡི། ། གྲོང་ཁྱེར་ཆེན་པོར་འགྲོ་བྱེད་དཔོན། ། འཇིག་རྟེན་དྲག་བརྩོན་ཆོས་བརྒྱད་དག ། བཏང་སྙོམས་སྤོང་ལེན་མེད་པ་ཉིད། །
BO
དམུས་ལོང་ཚོགས་ཀྱི་མིག་བུ་བས། ། བླ་མའི་ གཙོ་བོར་གཟུང་བར་བྱ། ། འཇུག་པའི་གང་ཟག་ཕུན་སུམ་ཚོགས། ། ཞི་དེས་གསོང་པོར་སྨྲ་བ་དང་། ། འཇམ་ཞིང་འགྲོ་བའི་ཡིད་འོང་བ། ། རྩེ་གཅིག་དང་བ་བརྩོན་འགྱུར་བྱེད། ། བློ་གྲོས་ཡོན་ཏན་ཀུན་ལ་འཇུག ། ལྷ་དང་བླ་མ་ལ་སོགས་བུས། ། ཐེག་པ་ཆེན་པོའི་ལམ་དག་པས། ། ངན་པའི་ཚོགས་སྤངས་གཞན་དུ་གནས། ། དེ་ནི་བློ་གྲོས་བཟང་པོ་ཡོན་ཏན་ལྡན། ། ཐེག་ཆེན་གསང་བ་འཛིན་པའི་སྣོད། ། ས་མཆོག་ཤིན་ཏུ་དབེན་པའི་གནས། ། རི་བོ་ནགས་ཚལ་འབྲས་བུ་དང་། ། མེ་ཏོག་ཆུ་རྒྱུན་ཕུན་ སུམ་ཚོགས། ། གནོད་བྱེད་སྐྱེ་བོ་ཚོགས་བྲལ་བ། ། རྣལ་འབྱོར་གྲོགས་བཅས་དགའ་འགྱུར་བའི། ། བདག་དབང་བར་ཆད་མེད་པའི་མཆོག ། བསྙེན་པ་ཇི་བཞིན་རྫོགས་པ་ཡིས། ། དཀྱིལ་འཁོར་བྲི་སོགས་ལས་རྣམས་བྱ། ། ཕུན་སུམ་ཚོགས་པ་བདུན་ལྡན་པས། ། བདག་ གནས་ས་གཞིའི་གྲོགས་བཅས་དང་། ། མཆོད་རྫས་ཡོ་བྱད་མ་ལུས་པ། ། བསྲུང་ཞིང་བྱིན་གྱིས་བརླབ་པར་བྱ། ། རྡོ་རྗེ་ས་གཞི་ར་བ་དང་། ། གུར་དང་བླ་རེ་བཅས་པ་ཡིས། ། ཁྲོ་བོ་མེ་འོད་མཚོན་ཆའི་ཚོགས། ། བསྲུང་ཞིང་འཁོར་ལོ་རིམ་བཞིན་བསྒོམ། ། སེམས་ ཅན་ཐམས་ཅད་བསྒྲལ་བའི་བློས། །
BO
བསོད་ནམས་ཚོགས་ཀྱིས་དག་པར་བྱ། ། ཕྱག་འཚལ་མཆོད་པ་དབུལ་བ་དང་། ། སྡིག་བཤགས་བསོད་ནམས་རྗེས་ཡི་རང་། ། སངས་རྒྱས་མྱ་ངན་མི་འདའ་ཞིང་། ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ། ལུས་དབུལ་བྱང་སེམས་ བསྐྱེད་པ་དང་། ། ལམ་གནས་དགེ་བའི་རྩ་བ་བསྔོ། ། རྒྱ་ཆེར་ཡོངས་སུ་བསྔོ་བྱས་ཤིང་། ། སེམས་ཅན་དོན་དུ་སྨོན་ལམ་གདབ། ། དམིགས་མེད་པ་ཡི་རང་བཞིན་གྱིས། ། དེ་དག་བརྩོན་བྲལ་ནམ་མཁའ་བཞིན། ། རྣམ་ཐར་གསུམ་ལས་འདས་པ་ཡི། ། དེ་བཞིན་ ཉིད་ཀྱི་ཡེ་ཤེས་ཆེ། ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། ། ནམ་མཁའ་ལ་ཡང་མཚན་ཉིད་མེད། ། ནམ་མཁའ་འདྲ་བ་རྣལ་འབྱོར་པས། ། དོན་ཀུན་མཉམ་པ་ཉིད་ལ་གསལ། ། དེ་ལ་རྣམ་པར་འཕྲུལ་པའི་ཚོགས། ། དཀྱིལ་འཁོར་ཆེན་པོ་སྤྲུལ་བྱས་པས། ། རིགས་ ཀྱི་ཞིང་ཁམས་སྤྱོད་བྱེད་ཅིང་། ། རྣལ་འབྱོར་ཆེན་པོ་ལས་ཀུན་འགྲུབ། ། ས་ཕྱོགས་དྲི་མེད་ཡིད་འོང་བའི། ། གྲོང་ངམ་གྲོང་ཁྱེར་དགོན་པའམ། ། རི་ཕུགས་ནགས་ཚལ་གང་རུང་བར། ། ཉམས་དགའ་ཡན་ལག་བརྟག་པར་བྱ། ། གང་དུ་བཟང་ནི་འབྲས་བུ་བཅས། ། ནེའུ་གསིང་ཆུ་འགྲམ་མེ་ཏོག་བཅས། ། དཔལ་རྫོགས་ཡོན་ཏན་འབྱུང་བའི་གནས། ། དེ་ནི་རབ་གུས་བརྟག་པར་བྱ། །
BO
ནམ་མཁའ་འཁོར་ལོ་དྲ་བ་དང་། ། ས་གཞི་པདྨ་དྲ་བ་དང་། ། བཀྲ་ཤིས་ཕུན་སུམ་སྣ་ཚོགས་གཞི། ། བར་ཆད་མེད་པའི་མཚན་ཉིད་ཡིན། ། ས་གཞི་ཞོམ་རྡིབ་མེད་པ་ཡི། ། དབུས་སུ་མཐོ་བ་ཕྱག་རྒྱ་ཆེ། ། ཤར་དང་བྱང་དུ་གཞོལ་བ་ནི། ། ཕྲིན་ལས་རྣམ་བཞིའི་དངོས་གྲུབ་འགྱུར། ། ལྷོ་དང་ནུབ་ཏུ་གཞོལ་བས་ནི། ། འཇིག་རྟེན་པ་ཡི་དངོས་གྲུབ་འགྱུར། ། ནུབ་དང་བྱང་དུ་གཞོལ་བ་ནི། ། ཏིང་འཛིན་ ཕྲོ་མོའི་ལས་གཞན་འགྱུར། ། གང་ཞིག་ཤར་ཕྱོགས་མཐོ་བ་དང་། ། དབུས་སུ་དམའ་བ་སྤང་བར་བྱ། ། ས་དེ་པུས་མོ་ནུབ་ཙམ་དུ། ། བརྐོས་ཏེ་སླར་ཡང་དགང་བར་བྱ། ། མང་འཕེལ་གྱུར་ན་དངོས་གྲུབ་མཆོག ། གང་བར་གྱུར་པ་ཤིས་པ་ཡིན། ། དམའ་ ཞིང་མ་ལེགས་གྱུར་པ་ཡིན། ། སོལ་དུམ་རུས་སོགས་བྱུང་ན་ཡང་། ། ཡང་ན་ཆུ་ཡིས་དགང་བྱས་ཏེ། ། སློབ་དཔོན་རྡོ་རྗེ་དྲིལ་འཛིན་པས། ། མཉམ་བཞག་ལྷ་ཡི་སྔགས་བརྗོད་ཅིང་། ། ཤར་དུ་མི་དྲག་གོམ་པ་བརྒྱད། ། སོང་སྟེ་སླར་ལྡོག་བལྟ་བར་ བྱ། ། འགྲིབ་པ་མེད་ན་དངོས་གྲུབ་འགྱུར། ། སྣང་དང་མི་སྣང་ས་ཡི་བདག ། མགུ་བྱས་རིན་གྱིས་ཉོ་བ་དང་། ། བླངས་ཏེ་བར་ཆད་མེད་པའི་ཕྱིར། ། བགེགས་གཞན་ཕྲ་མོ་བསྐྲད་པར་བྱ། །
BO
བར་ཆད་མེད་པའི་ས་དབུས་སུ། ། རིགས་ཀྱི་བདག་པོ་འབྱོར་ལྡན་པས། ། ཆོས་གོས་ ལ་སོགས་རྒྱན་ཐོགས་ཤིང་། ། པདྨའི་དཀྱིལ་འཁོར་ལེགས་བཞུགས་ཏེ། ། འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་ཀྱིས། ། མཆོད་སོགས་སྦྱང་ཞིང་བྱིན་བརླབས་ཏེ། ། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ཡིས། ། ཕྱོགས་བཅུའི་དཀྱིལ་འཁོར་རིག་པར་བཅས། ། ས་ཡི་ལྷ་མོ་སྲུང་ མ་རྣམས། ། སྤྱན་དྲངས་མཆོད་པས་མཉེས་པར་བྱ། ། ཁྱད་པར་ས་ཡི་བདག་པོ་དང་། ། འགྲོ་དྲུག་བགེགས་རྣམས་མ་ལུས་ཀུན། ། དགུག་ཅིང་བུ་ལོན་མཆོད་སྦྱིན་གཏང་། ། དྲི་ཞིམ་ཆུ་ཡིས་ཀུན་གཏོར་ཞིང་། ། སྔགས་དང་ཕྱག་རྒྱས་སྦྱང་བར་བྱ། ། གང་ཞིག་དངོས་ གྲུབ་ལ་སོགས་འདོད། ། རབ་འབྲིང་ཐ་མ་གྲུབ་དོན་དུ། ། ལྟོ་འཕྱེ་བརྟག་པའི་ཆོ་ག་བཞིན། ། ཡན་ལག་ཀུན་དབང་རྒྱ་ཡང་བྱ། ། དེ་ནས་དཀྱིལ་འཁོར་རྒྱར་མཉམ་པའི། ། ས་གཞི་ཁྲུ་ལ་སོགས་ཚད་དུ། ། བརྐོས་ཏེ་ས་ཡི་སྐྱོན་བསལ་ཞིང་། ། ས་ཞག་ མདོག་བཟང་འཇམ་ཕྱིན་པས། ། གང་ཞིག་དྲི་ཞིམ་ཆུར་བཅས་པའི། ། སྔགས་བཏབ་གང་ཞིག་འཐས་པར་བཅག ། བསྒྲུབ་པའི་དཀྱིལ་འཁོར་ཁྲུ་དོར་བསྟོད། ། རྒྱར་ནི་ཁྲུ་དྲུག་པ་ཡི་ཚད། ། ཚོགས་བསག་ཁྲུ་གང་འཕང་དུ་བསྟོད། །
BO
མཐའ་སྐོར་ཁྲུ་གང་པ་ཡི་ཚད། ། དབང་བསྐུར་སོར་བཞིའི་ཚད་བསྟོད་དེ། ། ཇི་ལྟར་གྲུ་བཞི་རྒྱར་བསྐྱེད་ཅིང་། ། དབྱིབས་ལེགས་མེ་ལོང་བཞིན་དུ་གནས། ། ཚད་མཉམ་གྲོག་སྦུར་ལ་སོགས་པ། ། རིན་ཆེན་ལྔ་དང་སྨན་ལྔ་དང་། ། སྙིང་པོ་ལྔ་དང་འབྲུ་ལྔ་དག ། དྲི་ཆུ་སྔགས་ཀྱིས་བཏབ་བྱས་ནས། ། དཀྱིལ་འཁོར་སྙིང་པོར་གཞག་པར་བྱ། ། ཕྱོགས་ཀུན་མཉམ་པ་ཉིད་དམིགས་ཏེ། ། སྟོང་པ་ཉིད་ཀྱི་སྔགས་ཀྱིས་སྦྱང་། ། དྲི་ཞིམ་སྔགས་ཀྱིས་བྱིན་བརླབས་པའི། ། ཆུ་རྒྱུན་ཕྱོགས་བཅུར་གཏོར་བྱས་ཤིང་། ། སྣ་ཚོགས་གཏོར་མས་མཉེས་བྱས་ཏེ། ། ལྷ་ཚོགས་ མགྲོན་རྣམས་ཚིམ་པར་བྱ། ། སློབ་དཔོན་རིགས་ཀྱི་གཙོར་གནས་པའི། ། རྒྱན་དང་ཆ་ལུགས་རྫོགས་བྱས་ནས། ། སྒྲུབ་པའི་གྲོགས་མཆོག་བློ་གྲོས་ལྡན། ། ཚུལ་བཞིན་དུ་ནི་གསོལ་བ་བཏབ། ། དབུས་ཀྱིས་ཡི་ཆར་གནས་པ། ། ཀུན་འབྱུང་ནམ་མཁའ་དག་པའི་ སྔགས། ། བརྗོད་ཅིང་འབྱུང་བའི་ས་བོན་ལས། ། དཀྱིལ་འཁོར་རི་བརྩེགས་བསྒོམ་པར་བྱ། ། རྡོ་རྗེ་བསྡམས་པ་སར་གཞག་ཅིང་། ། བྱམས་པའི་རྡོ་རྗེ་རྣམ་དག་ཅིང་། ། རྡོ་རྗེ་དཀྱིལ་འཁོར་ཐུགས་དང་བཅས། ། ཕྱག་མཚན་དྲན་པ་ཐོག་མཐར་རྒྱན། ། རྡོ་རྗེ་ས་གཞི་ ར་བ་དང་། །
BO
གུར་སོགས་ཁྲོ་བོ་མེ་འོད་བཅས། ། གཙོ་བོ་གར་གྱི་དབང་ཕྱུག་སྐུས། ། པད་བཅས་ཐལ་མོ་ལན་གསུམ་བརྡབ། ། འོད་འཕྲོས་གནས་ཀུན་གཡོས་པ་ལ། ། ལྷ་མོ་གསེར་མདོག་རྒྱན་གྱིས་མཛེས། ། མེ་ཏོག་ཕྲེང་བ་བུམ་ཐོགས་པའི། ། ལུས་ཕྱེད་ ས་ལས་འཐོན་བྱས་ཏེ། ། མཐུན་ན་བཀའ་ཉན་ཚུལ་དུ་གནས། ། མཆོད་བསྟོད་ཞལ་བསིལ་སོགས་འབུལ་ཞིང་། ། དྲི་ཞིམ་ལས་རྣམས་མ་རྫོགས་པར། ། དེ་སྲིད་མི་འགྱུར་བརྟན་བཞུགས་ནས། ། བདུད་སོགས་བསྒོ་བའི་ངག་བཅས་མཛད། ། སྐྱོབ་པ་སངས་ རྒྱས་ཐམས་ཅད་ཀྱི། ། སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། ། ས་དང་ཕ་རོལ་ཕྱིན་པ་ལས། ། ལྷ་མོ་ཁྱོད་ནི་དཔང་དུ་ཤོག ། ཇི་ལྟར་རྒྱལ་བ་ཐམས་ཅད་ཀྱིས། ། བདུད་ཀྱི་སྡེ་རྣམས་འཇོམས་མཛད་པ། ། དེ་བཞིན་བདག་གིས་བདུད་ལས་ཀྱང་། ། རྒྱལ་བར་བྱས་པའི་དཀྱིལ་ འཁོར་བརྩམ། ། དེ་ནས་སློབ་དཔོན་རྒྱན་རྫོགས་པའི། ། རྡོ་རྗེ་དྲིལ་འགྱིང་བཅས་པ་ལ། ། དམ་ཚིག་ཉེ་བར་བསྐུལ་བ་ཡི། ། གླུ་དག་ཕྱོགས་བཞིའི་གནས་ནས་གདོན། ། རྒྱལ་བས་འགྲོ་བའི་མགོན་གྱུར་པའི། ། ཆོས་ཀྱི་མེ་ལོང་གསལ་བ་སྔོན། ། བདེར་གཤེགས་ རྣམས་ཀྱི་གསང་བ་པ། ། རྡོ་རྗེ་གསང་གསུམ་དམ་ཚིག་མཆོག ། ཡེ་ཤེས་དྲི་མ་མེད་པའི་ཚུལ། །
BO
སྒྲིབ་སོགས་མ་ལུས་བྲལ་བྱེད་པའི། ། རྡོ་རྗེ་པདྨོ་མཉམ་པའི་དབྱིངས། ། དཀྱིལ་འཁོར་ཆེན་པོ་དྲུག་ཅུའི་བདག ། ཐེག་ཆེན་ཆོས་ཀྱི་འཁོར་ལོའི་མཛོད། ། གསང་གསུམ་པདྨོ་ དག་པའི་དབྱིངས། ། སོ་སོར་གསལ་བའི་དོན་བསྟན་པ། ། རྡོ་རྗེ་ལྟ་བུས་གནས་ཀུན་སྦྱོར། ། ཟབ་ཅིང་རྒྱ་ཆེན་སྒྲ་སྣ་ཚོགས། ། ཆོས་ཀྱི་འཁོར་ལོ་བཤད་པའི་དུས། ། རྒྱལ་པོ་ཡོན་ཏན་དཔེ་དང་བྲལ། ། རིན་ཆེན་ལྷུན་པོའི་མཛོད་མངའ་བ། ། ཉམས་དགའ་ཐུགས་རྗེའི་ཞིང་རྣམས་ དགོངས། ། བདག་མེད་མཉམ་པའི་ཡེ་ཤེས་ཅན། ། ཕྲིན་ལས་དག་པས་ཟད་པར་མཛོད། ། གསང་གསུམ་སྣ་ཚོགས་རྡོ་རྗེའི་བདག ། རིགས་མཆོག་ཤེས་རབ་བརྩོན་བྱེད་ཅིང་། ། སྤྱན་བཟང་དག་པས་འགྲོ་ལ་གཟིགས། ། སླར་ཉིད་ཁྲོ་བོ་ཆེན་པོའི་སྐུ། ། ཞལ་ལྔ་ཕྱག་ཆ་སྣ་ཚོགས་ འཛིན། ། འཇིགས་བྱེད་འབར་བའི་སྐུར་གནས་ཏེ། ། མགུར་ནས་ཧཱུྃ་བསྒོམས་སྒྲ་སྒྲོགས་ཤིང་། ། རྡོ་རྗེ་པདྨ་ལྟ་བུ་ཡིས། ། ལྷ་རྣམས་བདག་ལ་བསྡུ་བྱེད་ཅིང་། ། མ་དང་ཏ་ལས་བྱུང་བ་ཡི། ། མིག་གཉིས་ཉི་ཟླའི་དཀྱིལ་འཁོར་བརྗིད། ། འབར་ཞིང་ཐམས་ཅད་དག་བྱས་ནས། ། སླར་ཉིད་རང་གི་དཀྱིལ་འཁོར་རྫོགས། ། ཤངས་ཀྱི་རླུང་སྒྲོམ་འབར་བ་ནས། །
BO
འཇིག་རྟེན་ཐམས་ཅད་འབར་བྱེད་པ། ། རྡོ་རྗེའི་འགྲོས་ལས་བྱུང་བ་ཡི། ། སྣ་ཚོགས་ས་གཞིར་བརྟན་པར་བྱས། ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཕྱག་གི་མཚན་མ་ཀུན་འཁྲོལ་ཞིང་། ། ཁྲོ་བོའི་དཀྱིལ་འཁོར་སྤྲོ་བར་བྱེད། ། ཧཱུྃ་ལྷ་དབང་རླུང་ལྷ་ཡི་ཚོགས། ། གནོད་སྦྱིན་དྲི་ཟ་སྲིན་པོ་དང་། ། ཤ་ཟ་གཤིན་རྗེ་མ་མོའི་ཚོགས། ། མཁའ་འགྲོ་གནོད་སྦྱིན་མ་ལུས་ རྣམས། ། གང་དག་ས་གཞི་འདིར་གནས་པ། ། སྲུང་བྱེད་ས་ཡི་བདག་པོར་བས། ། ཐོས་པ་ཙམ་གྱིས་མྱུར་བར་དེངས། ། ང་ཡི་བཀའ་ལས་འདའ་མ་བྱེད། ། གང་ཞིག་གནས་པའི་མཐུ་བོ་ཆེ། ། པདྨ་རྡོ་རྗེ་ཁ་ཊྭཱཾ་ག། ། ཐལ་བའི་ཚོགས་བཞིན་རླག་པར་བྱེད། ། རབ་འབར་ཁྲོ་བོའི་གནས་འཇོམས་པའོ། ། པདྨའི་འབར་བའི་གཟུགས་འདི་ཡིས། ། གལ་ཏེ་གང་གི་དམ་ཚིག་བཅག ། འདོད་གསུམ་སྐྱེ་གནས་གསལ་བྱས་ཏེ། ། འཇིགས་པར་འགྱུར་ཞིང་གཞན་འདིས་མེད། ། ས་ལས་ཡོངས་སུ་བསྐོར་བྱས་ཏེ། ། བགེགས་བྱེད་ བྱ་ཕྱིར་ཕུར་བར་གདབ། ། ཨོྃ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ།
BO
བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ལག་པ་བསྐྱོད་ཅིང་རྐང་པ་བསྐྱོད། ། ངོ་མཚར་ཁྲོ་བོའི་ཟུར་མིག་བཞིན། ། སྨིན་མ་ཁྲོ་གཉེར་གཡོན་མཛད་ཅིང་། ། ཁ་ཡི་ པདྨ་འཛུམ་བཅས་པས། ། སོ་སོའི་ཕྱག་རྒྱ་གནས་སུ་བསྒྱུར། ། འགྱིང་བག་བཅས་པས་ཞལ་ལ་བསྟོད། ། རྟ་མཆོག་ཁྲོ་བོའི་གར་ཐབས་ཀྱིས། ། ཞི་རྒྱས་དབང་དང་དྲག་པོའི་ཚུལ། ། བ་ཡི་རྣམ་ལྔ་དྲི་བསྲེས་ཆུས། ། དཀྱིལ་འཁོར་ས་གཞི་ཉེར་བྱུགས་ནས། ། ལྷ་རྣམས་ གནས་སུ་དྲི་ཡི་ཆུས། ། ཐིག་ལེ་གྲུ་བཞིར་ཟླུམ་པོར་བྱེ། ། རང་གི་སྔགས་དང་མེ་ཏོག་རྣམས། ། སོ་སོའི་གནས་སུ་དགྲམ་པར་བྱ། ། དབུ་རྒྱན་རོལ་མོ་མཆོད་པའི་ཚོགས། ། ལྷ་མགོན་གནས་ཀྱི་ཉེ་འཁོར་མཛེས། ། དཀྱིལ་འཁོར་ལྷ་རྣམས་ཉེ་བའི་ས། ། མཆོད་ཅིང་བསྟོད་པས་མཉེས་པར་བྱ། ། ཆོ་གའི་ཡན་ལག་རྫོགས་པ་དང་། ། བཟོད་གསོལ་བསྐང་བའི་དོན་ཆེད་དུ། ། རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས། ། ཕྱོགས་རྣམས་ཀུན་ཏུ་བསྐོར་བ་བྱ། ། ཨོྃ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་བ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སརྦ་སིདྡྷིཾ་མེ་པྲ་ཡཙྪ།
BO
སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བིཛྲཱ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། གསང་སྔགས་རྒྱལ་པོ་ བླ་མེད་པའི། ། ལན་ཅིག་བརྗོད་པ་ཙམ་གྱིས་ཀྱང་། ། སྡིག་པ་མ་ལུས་ཟད་བྱེད་ཅིང་། ། ལས་རྣམས་ཐམས་ཅད་འགྲུབ་པར་བྱེད། ། པུས་མོ་ས་ལ་བཙུགས་བྱས་ཏེ། ། ལག་པ་གཡས་པ་སྤོས་འཛིན་ཅིང་། ། གཡོན་པས་དྲིལ་བུ་དཀྲོལ་བྱས་ཏེ། ། ཚིག་འདིས་ གསོལ་བ་གདབ་པར་བྱ། ། ཨོྃ་བདེར་གཤེགས་སྟོབས་བཅུ་བརྩོན་ལྡན་འགྲོ་བའི་མགོན། ། མི་འཇིགས་ལ་སོགས་ཡོན་ཏན་རྩལ་མེད་ལྡན། ། རིགས་གཉིས་ཐབས་ཀྱིས་བརྒྱུད་པའི་དཀྱིལ་འཁོར་ཆེ། ། བསྙེངས་པ་མི་མངའ་ཐུགས་རྗེ་ཤུགས་ཆེན་པོ། ། དགའ་མཛད་དབང་གི་དཀྱིལ་འཁོར་ཚོགས་ཆེན་ལ། ། ཚུལ་ཁྲིམས་ལ་སོགས་ཕུང་པོ་མཉེས་གྱུར་ཅིག ། པདྨ་གར་གྱི་དབང་ཕྱུག་གཙོར་བྱས་པའི། ། དྲི་བྲལ་ཐུགས་རྗེའི་དཀྱིལ་འཁོར་འདི་ཉིད་ནི། ། མཉེས་པའི་ཚོགས་རྣམས་ཀུན་ལས་རྣམ་གྲོལ་ ཞིང་། ། བདེ་ལེགས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། ། འདོད་ཡོན་འབྲས་བུ་ཕུན་སུམ་ཚོགས་བསྒྲུབ་དང་། ། འགྲོ་རྣམས་མ་ལུས་ཐུགས་རྗེས་བཟུང་བྱེད་ཅིང་། །
BO
ཁྱེད་རྣམས་ལ་ཡང་མཆོད་པ་བྱ་བའི་ཕྱིར། ། དཀྱིལ་འཁོར་རྣམ་དག་རྒྱ་ཆེན་རྩོམ་ ལགས་ན། ། མགོན་པོའི་བཀའ་དྲིན་རྗེས་སུ་བརྩེ་དགོངས་ཏེ། ། ཁྱེད་ཀྱིས་རབ་ཏུ་གནས་པར་མཛད་འོས་ལགས། ། མེ་ཏོག་དྲི་{བཟངས་,བཟང་}ཕྲེང་སོགས་འདི་བཞེས་ལ། ། ཇི་སྲིད་འགྲོ་བའི་དོན་རྣམས་མ་གྲུབ་པར། ། དེ་སྲིད་ཐུགས་རྗེས་བཟུང་ཞིང་བཞུགས་ ནས་ནི། ། བདག་གི་གནས་སོགས་འདི་དག་བྱིན་གྱིས་རློབས། ། དེ་ནས་སློབ་མ་ལ་བོས་ཏེ། ། ཀྱེ་རིགས་ཀྱི་བུ་ཁྱོད་ཐེག་པའི་སྣོད། ། རྡོ་རྗེ་ཐེག་པའི་གཞུང་འདི་ཉོན། ། དད་གུས་དགའ་བའི་ཤུགས་ཕྱུང་ཤོག ། སྔོན་གྱི་དེ་བཞིན་གཤེགས་རྣམས་ཀྱིས། ། ཆོ་ ག་བཟང་པོ་འདི་བསྟན་བྱ། ། མགོན་པོ་རྫོགས་སངས་རྒྱས་རྣམས་དང་། ། མ་བྱོན་དེ་བཞིན་གཤེགས་པའི་ཚོགས། ། དེ་བཞིན་ད་ལྟའི་སེམས་ཅན་རྣམས། ། འགྲོ་ལ་ཕན་ཕྱིར་གནས་བཞུགས་ཏེ། ། གསང་བ་ཟབ་མོ་བླ་ན་མེད། ། ཆོ་ག་བཟང་པོ་འདི་སྤྱོད་པས། ། སྐྱེས་མཆོག་རང་གི་ གནས་ཉིད་དུ། ། ཀུན་མཁྱེན་ཡེ་ཤེས་བདེ་ཆེན་བརྙེས། ། གསང་སྔགས་སྦྱོར་བ་མཉམ་མེད་པར། ། པདྨ་གར་དབང་དཀྱིལ་འཁོར་གྱི། ། བདུད་ཚོགས་ཤིན་ཏུ་མི་བཟད་པའི། ། དཔུང་རྣམས་མ་ལུས་འཇོམས་པར་མཛད། །
BO
དེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཀྱི། ། བློ་གྲོས་མཆོག་ འདི་ཁྱོད་ཀྱིས་ཀྱང་། ། སངས་རྒྱས་ཆོས་དང་དགེ་འདུན་ལ། ། ཀུན་དུ་སྐྱབས་སུ་འགྲོ་བར་གྱིས། ། རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། ། རིགས་ཀྱི་དཀྱིལ་འཁོར་སོ་སོ་ཡི། ། འཁོར་ལོ་བཞུགས་པའི་ཚོགས་རྣམས་ལ། ། ཀུན་ནས་སྐྱབས་སུ་འགྲོ་བར་གྱིས། ། དཔའ་ བོ་དཔའ་མོ་འཁོར་དང་བཅས། ། བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། ། ཁྱད་པར་དུ་ཡང་སློབ་དཔོན་ལ། ། ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་གྱིས། ། དེ་ནས་ལེགས་སྤྱོད་སློབ་མ་ཡིས། ། སྐྱབས་འགྲོ་བྱང་སེམས་སྡོམ་པ་བཟུང་། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། དཀོན་ མཆོག་གསུམ་པོ་གཟུང་བར་བྱ། ། བདག་གིས་སྡིག་པ་བྱས་པ་དང་། ། བགྱིད་པ་རྗེས་སུ་ཡི་རང་བ། ། མགོན་པོའི་སྤྱན་སྔར་མཆིས་ནས་སུ། ། དེ་དག་ཐམས་ཅད་བཤགས་པར་བགྱི། ། རྒྱལ་བ་སྲས་བཅས་འཁོར་རྣམས་དང་། ། རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ ཀྱིས། ། བསྒོམ་བཟླས་ལ་སོགས་བསོད་ནམས་ལ། ། དད་པས་རྗེས་སུ་ཡི་རང་ངོ་། ། སེམས་ཉིད་མངོན་པར་སངས་རྒྱས་དང་། ། ཆོས་ཀྱི་འཁོར་ལོ་སྐོར་བྱེད་པའི། ། ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། ། བདག་ནི་རབ་ཏུ་སྐྱབས་སུ་མཆི། །
BO
སངས་རྒྱས་རྣམས་ འབྱུང་ཅི་ལྟ་བར། ། སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། ། བྱང་ཆུབ་སེམས་མཆོག་དྲི་མེད་པས། ། འགྲོ་བ་རྒྱ་ཆེ་ཚོགས་ལ་དམིགས། ། དུས་གསུམ་བཞུགས་པའི་འགྲོ་རྣམས་ཀྱིས། ། ཐུགས་ཀྱི་དཀྱིལ་འཁོར་གསལ་མཛད་པ། ། དེ་བཞིན་ཉིད་དབྱིངས་བྱང་ཆུབ་སེམས། ། དུས་གསུམ་དག་ཏུ་གཏང་མི་བྱ། ། རྡོ་རྗེ་སློབ་དཔོན་ལ་གུས་ཤིང་། ། དུས་ཀུན་དུ་ནི་ཡོན་ཏན་བཟུང་། ། རྣལ་འབྱོར་གསང་བ་སྨད་མི་བྱ། ། རྡོ་རྗེ་སྤུན་ལ་མིག་བཞིན་བལྟ། ། གསང་སྔགས་ཕྱག་རྒྱའི་རྣམ་པ་དག ། བརྩོན་པས་དུས་གསུམ་དྲན་པར་བྱ། ། དེ་ནས་ ཤིས་པར་བྱ་བའི་ཕྱིར། ། རང་དང་མཚན་མའི་ཡི་གེ་སྔགས། ། བྱིན་བརླབས་ཡེ་ཤེས་བསྐྱེད་པར་བྱ། ། སླར་ཡང་བདུག་པ་མེ་ཏོག་དང་། ། མར་མེ་དྲི་ཆབ་ལ་སོགས་པའི། ། རང་གི་གནས་སུ་འདུག་ཅིང་དབུལ། ། བཀྲ་ཤིས་ཤིང་མཆོག་འོ་མ་ཅན། ། ལོ་མ་མེ་ ཏོག་འབྲས་བུར་བཅས། ། རློན་པ་དྲང་ཞིང་འབུ་རྗེས་མེད། ། ཆག་གས་མེད་པའི་ཚེམས་ཤིང་ནི། ། སོར་ནི་བཅུ་གཉིས་དྲི་{བཟངས་,བཟང་}བྱུག ། རྩེ་མོ་མེ་ཏོག་ཕྲེང་བཏགས་པ། ། སྔགས་ཟློས་དྲི་ཆུས་བསང་བར་བྱ། ། རིགས་ཀྱི་མཚོན་ཆར་བྱིན་བརླབས་པས། །
BO
ཨོྃ་སརྦ་པཱ་པ་ད་ཧ་ན་བཛྲ་ཤི་ཏ་ནི་སྭཱ་ཧཱ། ཡི་གེ་གསུམ་བཅས་སྔགས་བརྗོད་ཅིང་། ། ཤར་དུ་ཁ་བལྟས་སློབ་མ་ལ། ། བདེན་པ་བདར་ཞིང་སྦྱིན་བྱ་ཞིང་། ། དེས་ཀྱང་མི་སྨྲ་བླང་བར་བྱ། ། གྲི་རྩེ་ལྟ་བུས་ལྕེ་བཞར་ཞིང་། ། ཕྲ་མོའི་ཕྱོགས་ཀྱིས་སོ་བྲུད་དེ། ། ས་ གཞི་དྲི་ཡིས་བྱུགས་པ་རུ། ། ཕན་ཚུན་མི་ལྟ་དོར་བར་བྱ། ། ཤར་ལ་སོགས་པའི་ཕྱོགས་ཀུན་གྱིས། ། ཞི་སོགས་དངོས་གྲུབ་མཚན་མ་བརྟག ། གྱེན་ཐུར་རབ་དང་འབྲིང་གིས་ལྟ། ། མཚམས་ཀྱིས་འཇིག་རྟེན་ལས་རྣམས་འགྲུབ། ། ལས་དག་པ་ཡི་ སྔགས་བཟླས་ནས། ། སྦྱང་ཞིང་བྱིན་གྱིས་བརླབས་བྱས་པའི། ། ཆུ་གཙང་དྲིས་སྦྱང་ཁྱོར་བ་གསུམ། ། ཉེ་རེག་འཐོར་བའི་ཚུལ་དུ་སྦྱིན། ། ཨོྃ་ཧྲི་བི་ཤུད་དྷ་སརྦ་དྷརྨ་པཱ་པ་ནི་ཙཱ་ཤ་བི་ཤོ་དྷརྨ་སརྦ་ཀལྤ་ན་ཨ་པ་ན་ཡ་ཧཱུྃ། གཙང་མའི་རས་ལ་ལེགས་ བཀལ་བའི། ། སྲུང་སྐུད་མདུད་པ་གསུམ་ལྡན་པའི། ། ཡི་གེ་གསུམ་གྱི་སྔགས་བཟླས་ནས། ། དེ་ཡི་དཔུང་པ་གཡོན་པར་བཅིང་། ། ཀུ་ཤ་རྩེ་མོ་མ་འཁྲུགས་པའི། ། བམ་པོ་གཉིས་སུ་སྦམས་པ་ཡིས། ། ཡབ་ཡུམ་གཉིས་སུ་བྱིན་བརླབས་པའི། ། སྔས་དང་སྟན་དུ་ སྦྱིན་པར་བྱ། ། ཨོྃ་སརྦ་དུ་སྟི་ཀུ་རུ་སྭཱ་ཧཱ།
BO
དགའ་བའི་གཏམ་གྱིས་གཟེངས་བསྟོད་ཅིང་། ། མཆོད་པ་གཏོར་མའི་ཚོགས་བཅས་པས། ། ལྷ་ཚོགས་རྣམས་ལ་བསྔོ་བྱས་ནས། ། བདེན་པ་བརྗོད་ཅིང་ཅི་བདེར་ཉལ། ། མི་སྨྲ་དགེ་བའི་སེམས་བཅས་པས། ། རྨི་ལམ་མཚན་མ་བརྟག་པར་ བྱ། ། སླར་ཉིད་སློབ་དཔོན་ནང་སོང་སྟེ། ། དཀྱིལ་འཁོར་གསལ་བའི་ཏིང་འཛིན་གྱིས། ། ལྷ་རྣམས་མཆོད་ཅིང་བསྟོད་བྱ་སྟེ། ། དགེ་བའི་སེམས་ཀྱིས་ཉལ་བར་བྱ། ། དེ་ནས་སྐྱ་རེངས་ཤར་དུས་སུ། ། སློབ་དཔོན་སློབ་མ་སྔས་འོངས་ཏེ། ། ཀྱེ་ཀྱེ་བཞིན་{བཟངས་,བཟང་}རྣམས་ ལོངས་ཤིག ། རྨི་ལམ་མཚན་མ་ཅི་མཐོང་བ། ། བདེན་པ་བརྗོད་པའི་དུས་ཡིན་ནོ། ། དེས་ཀྱང་ཅི་བཞིན་སྨྲ་བར་བྱ། ། རབ་འབྲིང་མཚན་མའི་ལྟས་བསྟན་ཅིང་། ། ངན་པའི་ལྟས་རྣམས་བཟློག་པར་བྱ། ། སྦྱིན་སྲེག་གཏོར་མ་ལ་སོགས་དང་། ། བ་ཡི་རྣམ་ལྔས་བྱུག་ པར་བྱ། ། དངོས་རྣམས་མཚན་མ་ལས་གྲོལ་བའི། ། སྟོང་པ་ཆེན་པོ་ཡེ་ཤེས་བསྒོམ། ། རིན་ཆེན་རྒྱུ་ལས་བྱུང་བ་ཡི། ། བུམ་པ་མགུལ་རིང་ལྟོ་བ་ཟླུམ། ། ཁ་ཁྱེར་ཞབས་བཏེག་འཕེལ་ཀ་ཆེ། ། དྲི་ཞིམ་ཚོན་དཀར་ལེགས་བྱུགས་ཏེ། ། པདྨའི་དཀྱིལ་འཁོར་ལེགས་ གནས་ཏེ། ། སོ་སོའི་མཚན་མའི་ཡི་གེ་རྒྱན། །
BO
རྣམ་རྒྱལ་བུམ་པ་ལ་སོགས་རྣམས། ། མཆོད་ནས་སྟན་ལ་དགྲམ་པར་བྱ། ། རིན་ཆེན་སྣ་ལྔ་འབྲུ་ལྔ་དང་། ། སྙིང་པོ་ལྔ་དང་སྨན་ལྔ་དང་། ། བཀྲ་ཤིས་རྫས་ལྔ་གཞུག་པར་བྱ། ། མགུལ་ཆིངས་གཟུངས་ཐག་ཁ་རྒྱན་ སོགས། ། དམ་ཚིག་ལྷ་རྣམས་གསལ་བྱས་ནས། ། ཡེ་ཤེས་སྐུ་དང་གཉིས་མེད་པར། ། མཆོད་བསྟོད་སྔགས་ཀྱི་བཟླས་པ་བྱ། ། སྔགས་བཅས་ཆུ་དང་གཉིས་མེད་གནས། ། དཀྱིལ་འཁོར་གྲུབ་པའི་དུས་དག་ཏུ། ། རང་རང་གནས་ཀྱི་ཕྱོགས་སུ་དགྲམ། ། དམ་ཚིག་ དཀྱིལ་འཁོར་གསལ་བྱས་ནས། ། ཡེ་ཤེས་ལྷ་དང་གཉིས་མེད་པའི། ། ཐབས་དང་ཤེས་རབ་འབྲེལ་བྱས་པས། ། དཀྱིལ་འཁོར་ས་ལ་ཐིག་གདབ་བྱ། ། ཤེས་རབ་སྤྱན་མཛེས་བཅུ་དྲུག་ལོན་པའམ། ། ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང་། ། དཀྱིལ་འཁོར་བསྒྲུབ་པ་གནས་བྱའོ། ། གཙང་མའི་རྒྱུ་ལས་བྱུང་བའི་རས། ། ཁ་དོག་ཉི་ཤུ་རྩ་ལྔའམ། ། ལྔ་ལས་བྱུང་བའི་སྐུད་པ་དག ། བྱིན་གྱིས་བརླབ་ཅིང་བསྒྲིལ་བར་བྱ། ། སྟོང་བ་ཉིད་ཀྱིས་སྦྱང་བྱས་ནས། ། རིགས་ཀྱི་ལྷ་རུ་གནས་པ་དང་། ། མཆོད་བསྟོད་སྔགས་བཅས་བསྒྲིལ་བར་བྱ། ། ཨྃ་བཛྲ་ས་མ་ ཡ་མུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཨོྃ་ཨཱཿཧཱུྃ། ཛ་གདགས་པ་ཡི་སྔགས་བརྗོད་ཅིང་། །
BO
རྡོ་རྗེ་སློབ་དཔོན་ཐུགས་ཀ་ནས། ། སློབ་མས་སྨིན་མཚམས་དྲང་པོར་ཐེན། ། དེ་ལ་གནས་ཀྱི་ནུབ་དང་ཤར། ། འོད་འཕྲོས་བྱང་སེམས་ཐུགས་རྗེ་ཆེ། ། ནམ་མཁའི་དཀྱིལ་འཁོར་མངོན་ པར་ལྟ། ། རྡོ་རྗེ་ལྟེ་བས་ཕྱོགས་དང་མཚམས། ། དཀྱིལ་འཁོར་ཆེན་པོ་རྫོགས་པར་བསྟན། ། སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། ། རྡོ་རྗེ་ཐིག་སྐུད་སྒྲར་ལྡན་པས། ། ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང་། ། འགྲོ་བའི་དོན་ལ་བསྐུལ་བར་མཛོད། ། ཨོྃ་ཨ་ནུ་ན་ཨ་ནུ་ག་ཏོ་སརྦ་དྷརྨ་པ་ར་པ་ར་ཨ་ནུ་ག་ཏ་སརྦ་ཨ་ནན་ཏ། ཨ་བ་ཏ་ར་སརྦ་དྷརྨ་ཧཱུཾ། ལྷ་རྣམས་མདུན་དུ་བཞུགས་འགྱུར་ནས། ། མཆོད་བསྟོད་དབང་པོའི་ཚུལ་དུ་དགོངས། ། རྡོ་རྗེ་ཁུ་ཚུར་སར་བཞག་ཅིང་། ། ཤར་ནས་ནུབ་ཏུ་བརྐྱང་བ་ཡི། ། ཚངས་ཐིག་དང་པོ་གདབ་བྱས་ནས། ། དེ་བཞིན་སྒོ་ནས་ཚད་ཀྱིས་ནི། ། ཟུར་བཞི་ཤིན་ཏུ་ལེགས་པར་གཞལ། ། རྡོ་རྗེ་ལྷོ་བྱང་གཉིས་པ་དང་། ། མཚམས་ཀྱི་ཐིག་རྣམས་གདབ་པར་བྱ། ། ལོགས་ཐིག་གྲུ་བཞི་མཉམ་འགྱུར་ནས། ། བརྒྱད་དང་བཅུ་དྲུག་ དག་ཏུ་བགོ། ། བར་ཁྱམས་ཕྱི་ཁྱམས་མ་གཏོགས་པའི། ། གཞན་དག་ཆ་ཕྲན་བཞི་བཞིར་བགོ། ། ཐིག་གི་ཆོ་ག་རྫོགས་པ་དང་། །
BO
ཡེ་ཤེས་སྐུད་པས་མཆོད་བསྟོད་ཅིང་། ། རྡོ་རྗེ་ཁུ་ཚུར་སྔགས་བཅས་ཀྱིས། ། རང་གི་གནས་སུ་གཤེགས་གསོལ་བྱ། ། ཨོྃ་བཛྲ་ ག་ཛཿ། དཀྱིལ་འཁོར་བདག་པོའི་ང་རྒྱལ་གྱིས། ། མིག་གཉིས་མ་དང་ཏ་ལས་བྱུང་བར་བསམ། ། དཀྱིལ་འཁོར་གནས་རྣམས་ཀུན་བལྟས་ཏེ། ། སྔགས་དང་ཕྱག་རྒྱ་བཅས་པ་ཡིས། ། སྒོ་དག་བཞི་པོ་དབྱེ་བྱས་ནས། ། ཆ་ཕྲན་དག་ཀྱང་བློ་ཡིས་བརྟག ། རྡོ་རྗེ་ སློང་བའི་ཕྱག་རྒྱ་ཡིས། ། རི་མོའི་མཁར་ནི་བཏེག་བྱས་ཏེ། ། འབྱུང་འཇུག་གསང་བའི་ཆོ་ག་དག ། རྣལ་འབྱོར་བརྟན་པ་ཡིད་ཀྱིས་བྱས། ། ཨོྃ་བེ་གཱ་ཀྲ་མ་ཧཱུྃ། པདྨ་རང་བཞིན་རྣམ་དག་པས། ། དཀྱིལ་འཁོར་འབྱུང་བའི་གནས་ཆེན་པོ། ། ཐུགས་རྗེ་ཡེ་ཤེས་རྣམ་འཕྲུལ་ ཚོགས། ། ཁྱབ་མཛད་བྱིན་བརླབས་སྟོན་པའི་གཙོ། ། རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས། ། ཡོན་ཏན་ཕྲིན་ལས་རྨད་དུ་འབྱུང་། ། མ་ལུས་སེམས་ཅན་དོན་གྱི་ཕྱིར། ། ཕོ་བྲང་དག་པར་བྱིན་གྱིས་བརླབས། ། ཕྱོགས་མཚམས་མ་ལུས་རྣམ་དག་པས། ། བྱང་ཆུབ་ཡེ་ཤེས་ གནས་གསལ་འགྱུར། ། ཉོན་མོངས་ཉེས་ཚོགས་ཀུན་བཅོམ་པའི། ། ཐུགས་རྗེ་ཆེན་པོ་དྲི་མེད་ཤུགས། ། ཡེ་ཤེས་བྱིན་བརླབས་ལས་བྱུང་བའི། ། དཀྱིལ་འཁོར་གསང་བ་གྲུབ་པར་མཛོད། །
BO
རིན་ཆེན་རྣམ་ལྔའི་ཕྱེ་མ་དང་། ། ས་ཚོན་ལ་སོགས་གང་འབྱོར་པ། ། རིན་པོ་ཆེ་ཡི་སྣོད་བླུགས་ཏེ། ། དཀྱིལ་འཁོར་གནས་ཀྱི་ཕྱོགས་ལྔར་བཞག ། སྦྱང་ཞིང་བྱིན་གྱིས་བརླབས་བྱས་ན། ། རིགས་ལྔའི་སྐུད་ཚོགས་ཡུམ་བཅས་ལ། ། རིགས་ཀྱི་དཀྱིལ་འཁོར་དབུས་སོགས་དང་། ། མཆོད་བསྟོད་སྔགས་ཀྱིས་མཉེས་པར་བྱ། ། ཨོྃ་བཛྲ་ ཙི་ཏ་མ་ཏི་ས་མ་ཡ་ཧཱུྃ། དཀར་མཐིང་སེར་པོ་ལྗང་གུ་དང་། ། དམར་པོའི་ཚོན་རྣམས་རིམ་བཞིན་དུ། ། དབང་ལྡན་མཚམས་ནས་བརྩམ་བྱས་ཏེ། ། པཉྩ་རཱ་ག་དྲང་བར་བྱ། ། གཡས་པས་པདྨ་རྡོ་རྗེ་བཟུང་། ། གཡོན་པས་འདྲེན་པའི་ལས་བྱའོ། ། དེ་ལ་མཆོད་འབུལ་ སྔགས་བརྗོད་ཅིང་། ། བདེན་པ་བདར་ཏེ་དགབ་པར་བྱ། ། འདི་ནི་ཆོས་དབྱིངས་རྣམ་པར་དག ། སེམས་ཅན་ཁམས་ནི་རང་སྒྲོལ་བྱེད། ། དཔལ་ལྡན་པདྨ་གར་དབང་ནི། ། དེ་བཞིན་གཤེགས་པ་ཀུན་གྱི་གནས། ། ཡང་དག་བདེན་པའི་བྱིན་བརླབས་ཀྱིས། ། དཀྱིལ་ འཁོར་ལས་རྣམས་ཤིས་པར་མཛད། ། དབུས་ཀྱི་ལྟེ་བ་ནས་བརྩམས་ཏེ། ། དང་པོ་སློབ་དཔོན་གྱིས་བྲི་ཞིང་། ། ཕྱིས་ནི་ཅི་དགར་ཤེས་པར་བྲི། ། མཐོ་དམན་མེད་སྙོམས་དྲང་པོར་བྱ། ། དེ་ནས་མཚན་མ་རྟགས་བསྟན་ཏེ། ། ཆད་ཅིང་སྨྲ་བས་མི་འགྲུབ་སྟེ། །
BO
ཡོན་ པོས་གདུང་པའི་ལས་རྣམས་སྐྱེ། ། ཆད་པས་སློབ་དཔོན་སློབ་མ་དག ། ཤི་ཐམ་ངན་པར་འགྱུར་བ་ཡིན། ། ལྟག་དང་བཅས་པས་གཡུལ་འཁྲུགས་ཤིང་། ། ཕྱོགས་འཁྲུལ་པ་ཡིས་སྨྱོ་བར་འགྱུར། ། དབུས་ཀྱི་དཀྱིལ་འཁོར་གནས་དག་ཏུ། ། རེའུ་ མིག་ཉི་ཤུ་རྩ་ལྔ་ལས། ། བདེར་གཤེགས་གཙོ་བོའི་རིགས་སུ་བཅས། ། ཕྱག་རྒྱའི་ཡི་གེ་མཚན་མ་བྲི། ། ཕྱི་རོལ་པདྨའི་འདབ་གནས་ལ། ། ཉི་ཤུ་རྩ་བཞི་ཚོགས་རྣམས་ལ། ། བྱང་སེམས་ཁྲོ་བོ་བཅས་པ་དག ། ཤར་ནས་རིམ་བཞིན་བྲི་བར་བྱ། ། ཕྱི་དང་ནང་གི་མཚམས་རྣམས་ སུ། ། མཆོད་པའི་ལྷ་མོ་བརྒྱད་རྣམས་བཞག ། བར་ཁྱམས་བསྐལ་{བཟངས་,བཟང་}སེམས་དཔའ་རྣམས། ། སྒོ་བཞིར་ཁྲོ་བོའི་ཚོགས་གཞག་གོ། ། དབུས་ཀྱི་དཀྱིལ་འཁོར་དབུས་སོང་སྟེ། ། བདེར་གཤེགས་འོད་ཟེར་སྣང་བ་ཡི། ། པདྨོ་རྡོ་རྗེ་དྲིལ་བཅས་པས། ། རང་གི་ཁ་དོག་ ཚོན་བཅས་བཞག ། དེ་ཡི་ཤར་ཕྱོགས་རེའུ་མིག་ལ། ། ཚེ་མཐའ་ཡས་དང་ཆོས་དབང་ཕྱུག ། ཆགས་མེད་འོད་དང་སྤྱན་དགའ་བའི། ། པད་བརྩེགས་པདྨའི་ཕྲེང་མ་དང་། ། པད་གནས་རིན་ཆེན་གླེགས་བམ་རིན་ཆེན་ཕྲེང་། ། རང་མདོག་སྔགས་ཀྱིས་བརྒྱན་པ་བཞག ། ཤར་ ཀྱི་དཀྱིལ་འཁོར་དབུས་གནས་པར། །
BO
བདེ་བར་གཤེགས་པ་མི་བསྐྱོད་པ། ། རྡོ་རྗེ་དྲིལ་བུའི་སྔགས་བཅས་པས། ། རང་གི་འོད་བཅས་གདན་ལ་བཞག ། དེ་ཡི་ཤར་ཕྱོགས་རེའུ་མིག་ལ། ། འབྲུག་སྒྲ་དྲི་མ་མེད་པའི་རིགས། ། མངོན་པར་སྣང་མཛད་བསྟན་དབང་ཕྱུག ། ཆགས་ཤིང་རིན་ཆེན་པད་སྤུངས་པ། ། རིན་པོ་ཆེ་ཡི་དྲ་བ་སྟེ། ། རིམ་བཞིན་རང་མདོག་སྔགས་ཀྱིས་བརྒྱན། ། ལྷོ་ཡི་དཀྱིལ་འཁོར་དབུས་གནས་པ། ། བདེར་གཤེགས་རིན་པོ་ཆེ་སྦྱངས་ཀྱིས། ། རིན་ཆེན་བརྩེགས་དང་དྲིལ་བུ་ལ། ། རང་མདོག་སྔགས་ཀྱིས་མཚན་ བྱས་པའོ། ། དེ་ཡི་ཤར་ཕྱོགས་རེའུ་མིག་ལ། ། ནམ་མཁའི་མཛོད་དང་དྲ་བ་ཅན། ། དཀོན་མཆོག་རྒྱལ་མཚན་རིན་ཆེན་ཏོག ། རིན་ཆེན་གླིང་བུ་རིན་ཆེན་ཕྲེང་། ། རིན་ཆེན་རྒྱལ་མཚན་རིན་ཆེན་བུམ། ། རང་གི་འོད་བཅས་སྔགས་ཀྱིས་བརྒྱན། ། ནུབ་ ཀྱི་དཀྱིལ་འཁོར་དབུས་གནས་པ། ། བདེར་གཤེགས་ཀུན་དུ་སྣང་བའི་འོད། ། འཁོར་ལོ་དྲིལ་བུམ་མཚན་མ་ལ། ། རང་འོད་སྔགས་ཀྱིས་མཚན་པ་བྲི། ། པདྨོ་རིགས་ཀྱི་འཁོར་ལོའི་ཚད། ། བྱང་གི་དཀྱིལ་འཁོར་དབུས་གནས་པ། ། བདེར་གཤེགས་དོན་ཡོད་ གྲུབ་པ་ཡི། ། རྡོ་རྗེ་སྣ་ཚོགས་དྲིལ་བུ་བསྣམས། ། རང་གི་སྔགས་དང་ཁ་དོག་གསལ། ། དེ་ཡི་ཤར་ཕྱོགས་རེའུ་མིག་ལ། །
BO
བརྩོན་འགྲུས་དང་ནི་ཤུགས་ཆེན་པོ། ། གནོད་སྦྱིན་འདུལ་བ་སྣ་ཚོགས་དབང་། ། རྒྱ་གྲམ་ཕྲེང་དང་པདྨ་ཕྲེང་། ། རྡོ་རྗེ་གདེངས་པོ་ཟླ་ཁམ་ཅན། ། འོད་འཕྲོས་སྔགས་ཀྱིས་མཚན་བྱས་པའི། ། མཚམས་ཀྱི་རེའུ་མིག་བཞི་རྣམས་ལ། ། འོད་འཕྲོས་པདྨ་འཛིན་པ་དང་། ། པདྨ་གནོན་དང་པད་སྐྱོང་དང་། ། མེ་ལོང་རིན་ཆེན་ཕྲེང་བ་དང་། ། པི་ཝང་གར་གྱི་ཕྱག་རྒྱ་ལ། ། རང་འོད་སྔགས་ཀྱིས་མཛེས་པར་བྱ། ། ཕྱི་རོལ་པདྨའི་ ཤར་བརྩམས་ཏེ། ། རིགས་ཀྱི་བྱང་སེམས་བཞི་བཞིར་གནས། ། བདེ་བའི་བློ་གྲོས་རྒྱ་མཚོའི་སྒྲ། ། གཟི་མདངས་དང་ནི་འཁོར་ལོ་ཡི། ། ནམ་མཁའི་མཛོད་ཀྱི་འཁོར་ལོ་རིན་པོ་ཆེ། ། པད་ལྕུག་འཁོར་ལོ་དབྱུག་པ་རྣམས། ། རང་འོད་སྔགས་ཀྱི་མཚན་མར་ གནས། ། ཤེས་རབ་སྣང་བ་རྡོ་རྗེ་རྒྱལ། ། འོད་ཟེར་འཕྲོ་བ་དྲག་ཤུལ་གྱི། ། རིན་ཆེན་ཕུང་པོ་རིན་ཆེན་གདུགས། ། པདྨའི་སྡོང་པོ་འོད་ཕུང་བྲི། ། དྲི་མའི་ཚོགས་དང་སྒྱུ་མ་འཕྲུལ། ། རིན་ཆེན་རྒྱལ་པོ་དྲ་བ་ཅན། ། རིན་ཆེན་རི་བོ་རྒྱ་གྲམ་བྲི། ། ལག་{བཟངས་,བཟང་}གསེར་འོད་ འཕྲོ་བ་དང་། ། རིན་ཆེན་སྙེ་མ་ཆོས་མཐོང་དང་། ། པདྨའི་རྒྱ་གྲམ་གླེགས་བམ་དང་། ། པདྨའི་སྡོང་པོའི་གོ་ཆ་བྲི། །
BO
དྲི་མེད་མུན་པ་སེལ་བ་དང་། ། དགའ་བ་དབྱངས་དང་གཞོན་ནུ་ཡི། ། ཆུ་ཤེལ་ནོར་བུའི་ཕྲེང་བ་དང་། ། སྤྲིན་ཕུང་རྡོ་རྗེ་རྒྱ་གྲམ་བྲི། ། དེ་ནི་རིགས་ལྔའི་ སེམས་དཔའ་སྟེ། ། རང་འོད་སྔགས་ཀྱིས་མཚན་བྱས་པའི། ། དེ་མཐར་ཁྲོ་བོ་བཞི་རྣམས་ཀྱི། ། ཕྱག་རྒྱའི་མཚན་མ་བྲི་བྱས་ཏེ། ། སྦྱིན་བདག་སྨྲ་བའི་དབང་ཕྱུག་དང་། ། རྩེ་གསུམ་རིན་ཆེན་རྩེ་དགུ་དང་། ། དབྱིག་པ་རྩེ་གཅིག་རལ་གྲིའོ། ། གྲུ་ཆད་མཆོད་པའི་ལྷ་མོ་བཞི། ། བདུག་སྤོས་མེ་ཏོག་མར་མེ་དྲི། ། ཕྱི་རོལ་བར་ཁྱམས་གནས་དག་ལ། ། ཕྱོགས་རེ་སེམས་དཔའ་བཞི་བཞི་སྟེ། ། རྡོ་རྗེ་རྣམ་སྣང་གར་མཁན་དང་། ། བློ་ཡི་རྒྱ་མཚོ་ཐོགས་མེད་བཀོད། ། རྡོ་རྗེ་མཚན་མ་གསང་སྔགས་བཅས། ། རང་འོད་གནས་གདན་དག་ལ་བྲི། ། པདྨོ་དགའ་བའི་ ས་ལ་དབང་། ། རིན་ཆེན་སྤུངས་པ་སྤྲིན་གྱི་ཕྲེང་། ། རིན་ཆེན་མཚན་མ་སྔགས་དང་བཅས། ། རང་འོད་གདན་ལ་གནས་པ་བྲི། ། ཡིད་འོང་མེ་ཏོག་སྒྲོན་མ་དང་། ། སྤོས་བརྩེགས་ཁ་ལོ་སྒྱུར་བ་དང་། ། པདྨའི་མཚན་མ་སྔགས་དང་བཅས། ། རང་འོད་གདན་ལ་གནས་ པར་བྲི། ། དྲན་དབང་པདྨའི་བློ་གྲོས་དང་། ། ལས་བྱེད་སྙིང་པོའི་བློ་གྲོས་དང་། །
BO
རྒྱ་གྲམ་མཚན་མ་སྔགས་དང་བཅས། ། རང་འོད་གདན་ལ་གནས་པར་བྲི། ། ཤར་སོགས་པ་ཡི་སྒོ་རྣམས་སུ། ། ཁྲོ་བོའི་འཇིགས་པའི་རྒྱལ་པོ་ཡི། ། རྡོ་རྗེ་རྒྱ་གྲམ་རྡོ་རྗེ་གདེངས། ། རིན་ཆེན་དབྱུག་ པ་པདྨ་ཕྲེང་། ། རང་གི་ཡི་གེ་གདན་གནས་པའི། ། ཕྱག་རྒྱའི་མཚན་མ་བྲི་བར་བྱ། ། ཕྱོགས་བཞི་རྒྱན་དང་ཕྲེང་བ་དང་། ། འདོད་ཡོན་ལྷ་མོ་ལ་སོགས་པའི། ། རྒྱན་རྣམས་པདྨ་རྡོ་རྗེ་དང་། ། རིན་ཆེན་འཁོར་ལོ་རྒྱ་གྲམ་བྲི། ། འཕྲོ་བས་མཚན་མ་ཁ་དོག་ལྔ། ། ཉི་ཤུ་རྩ་ལྔའི་ འོད་བཅས་པའོ། ། ཕྱི་རོལ་རྟ་བབས་དྲ་བ་སོགས། ། བྷན་དྷ་དྲིལ་བུ་ཉི་ཤུ་བཞི། ། གདུགས་དང་བུམ་པ་བྱ་ཡི་ཕྲེང་། ། དཔག་བསམ་རྫིང་བུ་དང་བ་དང་། ། ཉི་ཟླ་མེ་ལོང་རྒྱལ་མཚན་ལྔ། ། ཆོས་ཀྱི་འཁོར་ལོ་{རི་དགས་,རི་དྭགས་}རྣམས། ། མཛེས་བྱས་ཕྱི་མཐའ་པདྨ་དང་། ། རྡོ་རྗེ་མེ་འོད་ མཚོན་གྱིས་བསྐོར། ། དབུས་མིག་ཁ་དོག་ཉི་ཤུ་ལྔ། ། པད་ཕྲེང་དམར་པོ་བར་ཁྱམས་དཀར། ། སྒོ་བཞིའི་རིན་ཆེན་སྣ་བཞི་པ། ། གྲུ་ཆད་གསེར་གྱི་ཁ་དོག་ཅན། ། མཆོད་པ་ལྔ་དང་བུམ་དགྲམ་ཞིང་། ། བླ་རྒྱན་ན་བཟའ་ཕྱོགས་རྒྱན་བྲི། ། མེ་ཏོག་ཚོམ་བུ་སྔགས་བཅས་པ། ། སོ་སོའི་གནས་སུ་དགྲམ་པར་བྱ། །
BO
གཏོར་མའི་ཚོགས་མང་སྦྱར་བྱས་ནས། ། ཕྱི་རོལ་ཕྱོགས་དང་མཚམས་སུ་དགོད། ། ལྷ་ཡི་ཏིང་འཛིན་གསལ་བྱས་པས། ། དཀྱིལ་འཁོར་ཤིས་པའི་ལས་འགྲུབ་འགྱུར། ། དེ་ནས་ལྷ་རྣམས་བསྟོད་བྱས་ཏེ། ། རྡོ་རྗེ་པདྨོ་དམ་ ཚིག་གཞུག ། ཐུགས་ཀའི་སྔགས་ཀྱིས་དགུག་བྱས་པའི། ། མགྲོན་རྣམས་ཚིམ་པར་འགྱུར་བ་དང་། ། དམ་ཚིག་སྔགས་ཀྱིས་བསྐུལ་བྱས་ཤིང་། ། རང་གི་ཕྲིན་ལས་བཅོལ་བར་བྱ་ཞེས་གསུངས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་ གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་གཟུགས་བརྙན་བརྩམ་པའི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་བྱང་ཆུབ་སེམས་དཔའི་གཙོ། ། རྡོ་རྗེ་འཆང་སོགས་མགུ་འགྱུར་ནས། ། རྒྱལ་བ་སར་ཡང་བསྐུལ་བ་མཛད། ། ཀུན་དོན་ཐུགས་རྗེ་ཆེན་པོའི་ཤུགས། ། མ་འོངས་གསང་སྔགས་སྤྱོད་རྣམས་ཀྱིས། ། དཀྱིལ་འཁོར་ཆེན་པོར་གང་འཇུག་པ། ། དབང་བསྐུར་ཚུལ་བཞིན་ཇི་ལྟ་བུར། ། དེ་བཞིན་རབ་ཏུ་གནས་པ་གང་། ། བདག་གཞན་དོན་གྱི་ཡན་ལག་བསྲུང་། ། སྦྱིན་སྲེག་རིམ་པ་ཇི་ལྟར་ལགས། ། གཙོ་བོ་ཐུགས་ རྗེ་ཆེར་ལྡན་པས། ། མ་ལུས་གདུལ་བྱ་ཀུན་གྱི་ཕྱིར། ། དུས་འདི་སྣང་བར་མཛད་ནས་ཀྱང་། །
BO
ཆོ་གའི་ཡན་ལག་རྒྱས་པ་གསུངས། ། དེ་ནས་བྱང་ཆུབ་སེམས་ཚོགས་ཀྱིས། ། གུས་པར་གཟུང་སྟེ་སྤྱད་པར་བགྱི། ། དེ་ནས་བཅོམ་ལྡན་འདས་ཀྱི་དབང་། ། ཕྱག་རྒྱ་ ཤེས་རབ་རབ་བསྐྱོད་ཅིང་། ། རབ་ཏུ་དགའ་བའི་བཞིན་རྒྱས་པ། ། རིགས་རྣམས་ཀུན་ལ་གཟིགས་མཛད་དེ། ། མཆོག་གསུམ་སྦྱིན་པའི་ཞེས་བྱ་བའི། ། དོན་འདི་རབ་ཏུ་གནས་པར་མཛད། ། བྱང་ཆུབ་སེམས་དཔའ་བློ་ལྡན་པའི། ། མ་འོངས་གདུལ་བྱ་གང་དག་ གིས། ། གཉིས་མེད་གསང་བའི་ཐེག་པ་འདིར། ། སྨིན་པའི་ལམ་ལ་འཇུག་འདོད་པས། ། གང་གིས་མཉེས་པའི་ལས་རྣམས་ཀྱིས། ། རྡོ་རྗེ་སློབ་དཔོན་མགུ་བྱས་ནས། ། ཡང་དང་ཡང་དུ་གསོལ་བཏབ་སྟེ། ། དཀྱིལ་འཁོར་གསང་བའི་དོན་དུ་གཉེར། ། མ་ལུས་སྡུག་ བསྔལ་ལས་བསྒྲལ་ཕྱིར། ། བྱང་ཆུབ་སེམས་མཆོག་རྒྱ་ཆེན་བློས། ། ཕྱི་ནང་འབྱོར་བའི་ཡོ་བྱད་དག ། ཐམས་ཅད་བྱང་ཆུབ་དོན་དུ་བསྔོས། ། འདོད་ཆགས་རྣམ་དག་པདྨོའི་དབྱིངས། ། ཆོས་ཀུན་གྱིས་ནི་དེ་བཞིན་ཉིད། ། ཡེ་ཤེས་སྤྲུལ་པའི་དཀྱིལ་འཁོར་མཆོག ། དེ་རིང་ཡིད་ འོང་དོན་ཆེན་གཉེར། ། ཨོྃ་ཨུ་ཏ་ཀ་ཏ་ས་མ་ཡ་སྟྭྃ། པདྨ་དགའ་བའི་སྐུ་མཆོག་མཉེས། ། སྣ་ཚོགས་དཀྱིལ་འཁོར་འབྱུང་བའི་གནས། །
BO
མཚན་དཔེ་ཕུན་སུམ་ཚོགས་པ་ཡི། ། བདེར་གཤེགས་སྐུ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་ཆེན་པོས་གཞན་རྣམས་འཇོམས། ། མི་ཤེས་ དྲི་མ་ཀུན་སེལ་བའི། ། ཐུགས་མཆོག་གསང་བའི་ཆོས་མཐར་ཕྱིན། ། རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ། ། གསང་སྔགས་སྙིང་པོ་གསང་བའི་ཆོས། ། རབ་སྣང་པདྨའི་དབྱིངས་ནས་འཕྲུལ། ། བྱང་ཆུབ་ནམ་མཁའི་མཚན་ཉིད་ཅན། ། རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། ། ཡོན་ཏན་ རིན་ཆེན་ཆར་འབེབས་ཤིང་། ། དེ་བཞིན་གཤེགས་པའི་རྒྱལ་འགྱུར་བ། ། དཔལ་མཆོག་བཀྲ་ཤིས་ཕུན་སུམ་ཚོགས། ། ཐེག་པ་ཆེ་ལ་ཕྱག་འཚལ་ལོ། ། ཀུན་དུ་གནས་འགྱུར་ཁྱབ་པ་པོ། ། ལས་མཛད་རྡོ་རྗེ་དམ་ཚིག་མཆོག ། མི་མཐུན་གནས་རྣམས་རབ་འཇོམས་ མཛད། ། རྡོ་རྗེ་འཇོམས་ལ་ཕྱག་འཚལ་ལོ། ། དངོས་གྲུབ་ཀུན་གྱི་དབང་ཕྱུག་རྒྱལ། ། དཀྱིལ་འཁོར་ཆེན་པོའི་གནས་ཉིད་དུ། ། དབང་བསྐུར་གསང་བ་ལས་བྱུང་བ། ། དམ་ཚིག་ཡེ་ཤེས་རབ་གྲུབ་མཛོད། ། ཤེས་རབ་ཆོས་ཉིད་ལས་འཕྲུལ་བའི། ། རྗེས་སུ་འཇུག་པས་ སྙིང་རྗེའི་ཚོགས། ། ཡང་དག་བདེན་པ་ལས་བྱུང་བའི། ། བྱིན་བརླབས་འདོད་པ་ཐམས་ཅད་རྫོགས། ། བདེར་གཤེགས་སྤྲུལ་པའི་ཚིག་ཚོགས་ནི། ། དབང་བསྐུར་རྫོགས་མཛད་པ་ཡི་རིགས། །
BO
མེ་ཏོག་ཕྲེང་བ་ལ་སོགས་པས། ། སློབ་མ་བརྒྱན་པར་བྱས་ནས་ནི། ། ཕྱིར་ ཕྱོགས་སྟེགས་བུ་ལ་བཞག་སྟེ། ། གཏོར་མ་ཕྱོགས་ཀུན་ལས་བྱིན་ནས། ། ཀུན་ལ་གསོལ་འདེབས་བསྒོ་བྱ་ཞིང་། ། སློབ་མ་གཞུག་པ་ཉིད་དུ་བྱ། ། རས་གཙང་དམར་པོའི་རྒྱུ་ལས་བྱུང་། ། གནས་གཞན་མ་སྤྱད་མ་ཉམས་པར། ། རང་གི་སྔགས་ཀྱིས་བྱིན་བརླབས་ནས། ། ལེགས་ པར་གདོང་ནི་གཡོག་པར་བྱ། ། པདྨོའི་ཐལ་སྦྱར་རིན་ཆེན་ཕྲེང་། ། སྔགས་བརྗོད་གཟུངས་འཛིན་རྩེ་གཅིག་ཏུ། ། བརྟན་པོར་བྱང་ཆུབ་དོན་གཉེར་བས། ། དཀྱིལ་འཁོར་གནས་སུ་མོས་པ་བསྐྱེད། ། དེ་ནས་སློབ་དཔོན་བློ་ལྡན་པས། ། ཐེག་ཆེན་ལམ་ལ་ཞུགས་ པའི་ཕྱིར། ། སློབ་མ་དག་ལ་སླར་སྨྲས་པ། ། གསང་སྔགས་ལམ་མཆོག་ཟབ་པ་འདི། ། ཤིན་ཏུ་བཟུང་བ་དཀའ་བ་ཡིན། ། ཁྱོད་ཀྱིས་བཟུང་བར་འདོད་པ་རྣམས། ། མི་སྙེམས་པ་ཡི་བློ་བསྐྱེད་ནས། ། ལྟ་སྤྱོད་མཆོག་ལ་གནས་དགོངས་སོ། ། ཀྱེ་མ་རྡོ་རྗེ་གསང་བའི་དོན། ། ཐེག་ཆེན་སྙིང་པོ་བླ་ན་མེད། ། ཚེ་འདིས་བྱང་ཆུབ་འགྲུབ་བྱེད་ཀྱང་། ། རྨོངས་རྣམས་ཐེ་ཚོམ་སྐྱེ་བར་འགྱུར། ། ངང་ཚུལ་བཟང་པོ་འདི་རྟོགས་པས། ། དུས་གསུམ་བཞུགས་པའི་སངས་རྒྱས་རྣམས། །
BO
བྱིན་བརླབས་ངོ་མཚར་མཆོག་བརྙེས་ཏེ། ། སེམས་ ཅན་དོན་ཕྱིར་ཚུལ་དང་ལྡན། ། ཁྱོད་ཀྱིས་སྒྲོ་སྐུར་དང་བྲལ་ཞིང་། ། དད་བརྩོན་ཐེ་ཚོམ་མེད་པར་ཟུང་། ། དེ་ནས་སློབ་མས་སླར་གསོལ་པ། ། ཡང་དག་ཐུགས་རྗེ་ཆེར་མངའ་བའི། ། མགོན་མཆོག་རྣམས་ཀྱིས་བདག་ལ་གནོང་། ། འདི་དག་བདག་ལ་གཏོལ་ མེད་པས། ། ཁྱོད་ཀྱིས་གསུངས་བཞིན་གསོལ་བར་འཚལ། ། སླར་ཡང་རབ་གུས་དང་བའི་ཡིད། ། ཚུལ་ཆེན་མི་ཉན་དམ་ཚིག་མཆོག ། སློབ་དཔོན་ཆེ་ལ་སྐྱབས་སུ་མཆི། ། སངས་རྒྱས་དཀྱིལ་འཁོར་སྲས་བཅས་ཚོགས། ། ཐུགས་མཆོག་དྲི་མེད་བདག་ལ་ དགོངས། ། བདག་གིས་བྱང་ཆུབ་དོན་གཉེར་བས། ། དཀྱིལ་འཁོར་གནས་སུ་མོས་པ་བསྐྱེད། ། གར་གྱི་དབང་ཕྱུག་བདེ་ཆེན་མཆོག ། མགོན་འགྱུར་རྣམས་ལ་སྐྱབས་སུ་མཆི། ། མྱ་ངན་ལས་འདས་ཕོ་བྲང་འདིར། ། བདག་ཉིད་ཞུགས་པར་མཛད་པ་ལེགས། ། དེ་ནས་ ལས་ཀྱི་རྡོ་རྗེ་ཡིས། ། གསང་བའི་མཐེ་བོ་ནས་བཟུང་སྟེ། ། ཡོལ་བའི་ནང་དུ་གཞུག་པར་བྱ། ། ཨོྃ་པདྨོ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཡོ་ག་ཙིཏྟ་ཨུ་ཏ་པཱ་ཏ་ཡཱ་མི་ཧཱུྃ་སྭཱ་ཧཱ། དེ་ནས་གསང་བའི་གནས་ཞུགས་པས། ། མཆོད་བརྙེས་རྒྱུན་བཤགས་ལ་སོགས་ཀྱིས། ། སྣོད་དུ་རུང་ བར་གྱུར་པ་དང་། །
BO
དམ་ཚིག་གསུམ་སྒྲོགས་ཆུ་བླུད་ཅིང་། ། རྡོ་རྗེ་གསང་བའི་དམ་སྒྲོགས་ཤིང་། ། ཕྱག་རྒྱས་སྔགས་ཀྱི་གནས་གསུམ་སྦྱང་། ། ཨོྃ་རྒྱལ་བ་ཀུན་གྱི་ཁྱོད་ཉིད་ནི། ། བྱིན་གྱིས་བརླབ་ཅིང་བརྟན་མཛད་པས། ། པདྨ་གར་དབང་དཀྱིལ་འཁོར་འདིར། ། བདག་མེད་དམ་ ཚིག་སྤངས་པ་དང་། ། དད་མེད་བརྩོན་འགྲུས་ཉམས་པ་དང་། ། བློ་དམན་ཤེས་རབ་ཆུང་བ་དང་། ། བློ་དམན་རྟོག་འཛིན་ལ་གནས་ལ། ། སྲོག་གི་ཕྱིར་ཡང་བརྗོད་མི་བྱ། ། བདེ་ཆེན་མགོན་པོ་པད་འཆང་སྐུ། ། ཁྱོད་ཀྱི་སྙིང་ལ་ཞུགས་པ་ན། ། གསང་བའི་ཡེ་ཤེས་གཞན་བརྗོད་ དུས། ། སྙིང་ཁྲག་འཐུང་ཞིང་གཞན་དུ་ཤེས། ། བདག་ནི་གར་གྱི་དབང་ཕྱུག་སྐུ། ། ཁྱོད་ལ་ཐུགས་རྗེས་བཟུང་བྱེད་པས། ། ང་ཡིས་བསྒོ་བའི་ཚིག་འདི་དང་། ། འདའ་བར་རུང་བ་མ་ཡིན་ནོ། ། བདག་ལ་བརྙས་ཤིང་འཁུ་བྱེད་ན། ། རབ་གཏུམ་ཁྲོ་བོ་ཆེན་པོའི་སྐུ། ། ཀླད་པ་ཚལ་པ་ བརྒྱར་འགས་ཤིང་། ། ལུས་སེམས་ངལ་སོགས་རྡུལ་དུ་བྱེད། ། གནས་བཞི་འབྱུང་བའི་དཀྱིལ་འཁོར་ལ། ། རང་སྔགས་ས་བོན་འོད་ཟེར་བཅས། ། དབབ་པའི་གསང་སྔགས་ལན་སྟོང་དུ། ། དྲི་ཞིམ་བདུག་སྤོས་དྲིལ་དཀྲོལ་ཞིང་། ། ཡེ་ཤེས་སེམས་དཔའ་གཞུག་ པར་བྱ། །
BO
དེས་ནི་མཚན་མའི་རྟགས་མཐོང་འགྱུར། ། སྐུ་ཡི་ཡེ་ཤེས་ཕྱོགས་བཅུར་གཡོས། ། གསུང་གི་ཡེ་ཤེས་གསང་བ་བརྗོད། ། ཐུགས་ཀྱི་ཡེ་ཤེས་མངོན་ཤེས་གསལ། ། སྔགས་གསུམ་ཕྱག་རྒྱས་བརྟན་པར་གནས། ། བདེན་པའི་ཡེ་ཤེས་བྱིན་བརླབས་ཀྱིས། ། དཀྱིལ་འཁོར་རིགས་ཀྱི་ལྷ་གང་ཡིན། ། བདག་གིས་བསྐལ་བ་ཅི་ལྟ་བར། ། དུས་འདིར་དབབ་པར་མཛད་པར་རིགས། ། ནོར་བུ་ཕྲེང་བ་གར་བབ་པ། ། རིགས་དེ་རང་གི་དམ་ཚིག་ཉིད། ། སྔགས་དང་ཕྲེང་བ་མ་ལུས་པ། ། སླར་ཉིད་དེ་ལ་སྦྱིན་པར་བྱ། ། གསེར་གྱི་ ཐུར་མ་བྱིན་བརླབས་པས། ། མ་རིགས་ལྡོངས་པའི་ལིང་ཏོག་བསལ། ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། ། ཁྱོད་ཀྱི་མིག་འབྱེད་བརྩོན་པར་མཛད། ། མ་རིག་བསྒྲིབས་གཡོགས་བསལ་མཛད་ནས། ། པདྨོ་སྤྱན་བཟང་དྲི་མ་མེད། ། ཨོྃ་པདྨ་ཙུཀྵ་ཛྙཱ་ན་པྲ་བེ་ ཤ་ཕཊ། རྡོ་རྗེས་གདོང་གཡོགས་བསལ་བྱས་ནས། ། དཀྱིལ་འཁོར་གསལ་བ་བསྟན་པར་བྱ། ། ལེགས་པར་ལྟོས་ཅིག་བློ་གྲོས་ཆེ། ། སྔོན་གྱི་རྒྱལ་བ་ལ་སོགས་རྣམས། ། གསང་སྔགས་སྙིང་པོ་དཀྱིལ་འཁོར་འདིར། ། ལེགས་པར་ཞུགས་ཏེ་གྲུབ་ པ་བཞིན། ། མེ་ཏོག་གང་ལ་བབ་པ་ཡི། ། ལྷ་དེ་རིགས་ཀྱི་དམ་ཚིག་ཡིན། །
BO
ཤར་གྱི་སྒོ་སྲུང་ནས་བརྩམས་ཏེ། ། གཙོ་བོའི་བར་དུ་དཀྱིལ་འཁོར་བསྟན། ། ཞལ་ཟས་ན་བཟའ་ལ་སོགས་པས། ། བླ་མ་བློ་ལྡན་མཉེས་པར་བྱ། ། ཡི་དམ་ལྷ་སྐུ་ཕྱག་རྒྱ་སོགས། ། གསང་བའི་མིང་དང་བཅས་པར་བསྟན། ། དེ་རིང་དུས་ནས་བཟུང་བྱས་ཏེ། ། རྡོ་རྗེ་འཛིན་པའི་གནས་ཐོབ་པར། ། རབ་རིབ་ཐ་མའི་བློ་ལྡན་པས། ། དུས་ཀུན་དུ་ནི་གཟུང་བར་བྱ། ། ཀྱེ་མ་ཧོ་བློ་གྲོས་རྒྱ་མཚོའི་གནས། ། འགྲོ་ལ་བསྐྱབ་པའི་དོན་བརྩོན་ལ། ། ཁྱོད་ཞབས་ པདྨ་ལ་བཏུད་དེ། ། ཕོ་བྲང་གྲོང་མཆོག་ཉམས་དགའ་འདིར། ། དབང་བསྐུར་བ་ཡི་རིན་ཆེན་མཛོད། ། སྣང་མཛད་ལུས་ལ་བབ་པ་ལགས། ། རིགས་བཞིན་ཐུགས་རྗེ་བརྩེ་དགོངས་པས། ། དྲི་མའི་སྐྱོན་སོལ་བྱིན་བརླབས་མཛོད། ། གནང་བར་མཛད་པའི་དུས་ ལགས་པས། ། སྐྱོབ་པའི་སྐུ་མཆོག་ཐོབ་པར་མཛོད། ། ཤར་གྱི་སྒོ་ཕྱོགས་ཁྲུ་དོའི་རྒྱབ། ། དབང་བསྟེན་དཀྱིལ་འཁོར་དབུས་ཀྱི་ཚད། ། པདྨ་འདབ་བརྒྱད་སྒོ་དང་བཅས། ། དམར་པོའི་ཚོན་གྱིས་ལེགས་བྱུགས་ཏེ། ། སེང་གེའི་ཁྲི་བཤམས་པདྨོར་བཅས། ། འཁོར་ལོས་སྒྱུར་རྒྱལ་ཚུལ་གྱིས་གཞག ། སྤྱི་བོར་གདུགས་མཛེས་རྒྱལ་མཚན་གཡས། ། དུང་དང་ཟངས་དུང་སིལ་སྙན་རྣམས། །
BO
རོལ་ཆ་མཆོད་ཆ་ཕྱོགས་མཚམས་དགོད། ། རྒྱན་ཕྲེང་གོས་ཀྱིས་ལེགས་བཀླུབས་པ། ། དྲི་ཆུ་སྔགས་བཅས་ཡུངས་ཀར་དང་། ། ཀུ་ཤའི་ ཆུ་ཡིས་དག་པར་བྱ། ། ཨོྃ་མ་ཧཱ་བིན་ཏ་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ནས་རིགས་ཀྱི་ལྷར་བསྐྱེད་དེ། ། བཀྲ་ཤིས་དག་པའི་གླུ་བླངས་ཤིང་། ། རོལ་མོ་རྒྱན་ཕྲེང་བཀོད་བྱས་ཏེ། ། བུམ་པའི་ཆུ་ཡིས་དབང་བསྐུར་བྱ། ། དེ་ཡི་ཕྱིར་ན་སྒྲིབ་ཚོགས་དང་། ། བག་ཆགས་ཉོན་མོངས་གནས་དག་ ནས། ། ལྷ་ཡི་ཆུ་རྒྱུན་དག་པའི་མཐུས། ། ཡེ་ཤེས་ཕུང་པོ་དབང་ཕྱུག་མཆོག ། ཨོཾ་ལྷ་ཡི་ཆུ་ནི་དག་པའི་ཆུ། ། རྡོ་རྗེ་གསང་གསུམ་གནས་ལས་བྱུང་། ། བྱང་སེམས་ཆུ་ཡིས་ཚོགས་རྣམས་དག ། དབང་བསྐུར་བ་ཡིས་དོན་ཐོབ་མཛོད། ། ཡོན་ཏན་རིན་ཆེན་རྣམ་དག་མཆོག ། རིགས་ ལྔའི་སྐུ་རྒྱན་བྱས་པ་ཡི། ། དབུ་རྒྱན་བཟང་པོའི་ཅོད་པན་བཅས། ། ཀུན་འབྱུང་རིན་ཆེན་ཕུང་པོ་མཆོག ། ཏྲྃ་ཡོན་ཏན་མ་བཅས་པ་ཡི་རྒྱན། ། རིགས་ཀྱི་དཀྱིལ་འཁོར་གསལ་བར་བྱེད། ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེ། ། མཚན་དང་དཔེ་བྱད་ཀུན་རྫོབ་ཀུན། ། ཡེ་ ནས་རྡོ་རྗེ་རྩེ་ལྔ་པ། ། འོད་ཕྲེང་སྔགས་ཀྱིས་བརྒྱན་བྱས་པའི། ། རྟོགས་བཅས་ཚོགས་རྣམས་ཀུན་ལས་རྒྱལ། །
BO
བདེར་གཤེགས་ཐུགས་རྗེ་རྩེ་གཅིག་པས། ། ཁམས་གསུམ་གནས་རྣམས་དོར་མི་མཛད། ། བྱང་སེམས་རྡོ་རྗེ་རྩེ་ལྔ་པ། ། རང་རིག་ཡེ་ཤེས་གནས་གསལ་བྱེད། ། ཆོས་རྣམས་སྐྱེ་བ་མེད་པའི་དོན། ། སྒྲ་བརྗོད་དངོས་པོ་བྲག་ཅ་བཞིན། ། སྟོང་པའི་དྲིལ་བུ་གསུང་རང་བཞིན། ། དེ་ལས་སྣ་ཚོགས་རྒྱ་ཆེན་ཚོགས། ། ཧོྃ་ཆོས་ཀུན་རྒྱུ་ལས་རྣམ་གྲོལ་ཞིང་། ། དེ་བཞིན་རྐྱེན་མེད་འབྲས་བུའི་ཚོགས། ། རང་བཞིན་པདྨ་དག་པའི་དབྱིངས། ། ངེས་པའི་ཐེག་ པ་སྟོན་བྱེད་གསུང་། ། ཀྱེ་ཧོ་རྡོ་རྗེ་ཆེ་གེ་མོ། ། རིགས་ཀྱི་མཚན་གྱིས་དབང་བསྐུར་ཏེ། ། ཆོས་སྐུ་འོད་གསལ་བདེ་བ་ཆེ། ། པདྨའི་སྒྲ་དབྱངས་མིང་དང་བཅས། ། ཨོྃ་ཕྱག་རྒྱ་ཆེན་པོ་གསང་བའི་གནས། ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། ། མི་མཐུན་ལ་སོགས་བཅོམ་བྱས་ཏེ། ། རྣམ་པར་སྣང་མཛད་དེ་བཞིན་གཤེགས། ཨོྃ་བཛྲ་པདྨོ་ཨ་བྷི་ཥིཉྩཱ་མི། ཨོྃ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩཱ་ཧཱུྃ། ཨོྃ་ཨ་ཏི་པ་ཏི་ཏྲྃ་ཨ་བྷི་ཥིཉྩཱ་ཧྃ། ཨོྃ་ན་མ་ཆེ་གེ་མོ་ཨ་བྷི་ཥིཉྩཱ་མི། སློབ་དཔོན་ལྷ་ལ་རབ་གུས་པས། ། ཚོགས་བཅས་ཡོན་ཏན་བཟུང་བྱེད་ཅིང་། ། རྡོ་རྗེ་དམ་ ཚིག་པ་ཡི་སྤུན། ། མིག་གི་འབྲས་བུ་བཞིན་དུ་བསྐྱང་། །
BO
འདི་དག་ལ་གུས་སྨོད་བྱེད་པ། ། ཚེ་སྲོག་རྡོ་རྗེ་གཏུམ་པོས་འཕྲོག ། སྔགས་རྣམས་དུས་སུ་བརྗོད་བྱ་ཞིང་། ། ཕྱག་རྒྱ་རྒྱུན་དུ་བཅིང་བར་བྱ། ། གསང་བའི་ཚིག་དང་མཚན་མའི་ཚོགས། ། དུས་ཀུན་དག་ཏུ་ སྦ་བྱས་ཏེ། ། བདུད་རྩི་ལྔ་པོ་ཤ་སོགས་རྣམས། ། མཉམ་པར་ཤེས་པས་རྒྱུན་དུ་སྤྱད། ། བྲོ་དྲུག་གླུ་དྲུག་སྟབས་པ་ཡི། ། བརྟུལ་ཞུགས་གནས་སྐབས་དག་ཏུ་བྱ། ། ཉོན་མོངས་ཆོས་ལྔ་འདོད་ཡོན་ལྔ། ། དམ་ཚིག་ཉམས་པས་ཤེས་པར་སྤྱད། ། རྡོ་ རྗེ་དྲིལ་བུའི་ཕྱག་རྒྱ་ཆེ། ། གནས་གསུམ་བརྟུལ་ཞུགས་ལ་གནས་ཤིང་། ། ལུང་བསྟན་རྗེས་གནང་དབུགས་འདོན་པའི། ། ཆོ་ག་བཟང་པོ་སྤྱད་པར་བྱ། ། དེ་ནི་རྡོ་རྗེ་སློབ་དཔོན་མཆོག ། ཡོན་ཏན་བཟའ་བའི་གནས་ཐོབ་འགྱུར། ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སྐུ། ། ཡང་ དག་སྔགས་ཀྱིས་བྱིན་བརླབས་ཏེ། ། མ་འོངས་བཟུང་བའི་བློ་གནས་པས། ། གསང་བའི་དམ་ཚིག་རྗེས་སུ་ཟུང་། ། ཨོྃ་སརྦ་ཏ་ཐཱ་ག་ཏ་སྭ་ར་པདྨ་ས་མ་ཡ་སྟྭྃ། ། ཨོྃ་ད་དུ་ཤྲཱི་པདྨོ་གྷཱཾ་དྷ་ཨ། ཨོྃ་མ་ཧཱ་པདྨོ་སྭཱ་ཧཱ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་ཧཱུྃ་ཕཊ། ། མཆོད་པ་བཀྲ་ ཤིས་བཟང་ལ་ཀླགས། ། བརྟུལ་ཞུགས་མཆོག་ཏུ་གྱུར་པ་ཡིན། །
BO
བདག་དང་གཞན་གྱི་དོན་སྤྱོད་པའི། ། དངོས་གྲུབ་ཐུན་མོང་ཆོ་གའི་ལས། ། ཞི་རྒྱས་དབང་དང་དགུག་པ་དང་། ། དབྱེ་རྨོངས་བསྐྲད་པའི་ཆོ་ག་དང་། ། གསད་པ་ལ་སོགས་ལས་རྣམས་ཀུན། ། གསང་ བའི་དཀྱིལ་འཁོར་འདི་ཡི་ཚུལ། ། ཁྱོད་ཀྱིས་གང་འདོད་གྲུབ་པར་གྱིས། ། དེ་ནས་རང་བཞིན་འོད་གསལ་བའི། ། པདྨའི་དཀྱིལ་འཁོར་རབ་སྦྱོར་བས། ། འཁོར་བའི་ཆོས་རྣམས་ཟིལ་གནོན་ཅིང་། ། ཕྱོགས་བཅུར་དམ་ཆོས་གསུང་སྒྲོགས་ཤིང་། ། ཕ་རོལ་ཕྱིན་དྲུག་གནས་ འཕགས་ཏེ། ། སྒྲོ་འདོགས་ཐེ་ཚོམ་གཅོད་པར་བྱེད། ། ལུང་བསྟན་བདེར་གཤེགས་སྲས་བཅས་ཀྱིས། ། རིགས་མཆོག་མཛད་པ་བླ་ན་མེད། ། རྒྱལ་བ་ཀུན་གྱིས་ལུང་བསྟན་མཛད། ། ཁམས་གསུམ་འཛིན་བཅས་ཀུན་ལས་གྲོལ། ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག ། ཁམས་གསུམ་ཀུན་ན་གཞན་མེད་དེ། ། དེས་ན་འདོད་ལ་ཆགས་བྲལ་བར། ། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག ། ཨོྃ་མ་ཧཱ་ས་མ་ཡ་ཧཱུྃ་ཕཊ། ། གསང་སྔགས་རྒྱུན་རྣམས་འཛིན་བྱ་དང་། ། ལྷ་དང་སློབ་དཔོན་གཟུང་བར་བྱ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། ། གསུང་ གཅིག་སྒོ་ནས་གསུངས་པ་ཡིན། ། འགྲོ་རྣམས་ཀུན་ལ་ཕན་པའི་བློས། ། དཀྱིལ་འཁོར་ལ་སོགས་བརྩོན་པར་གྱིས། །
BO
དད་བརྩོན་ཤེས་རབ་བློ་ལྡན་པས། ། གང་འདོད་འབྲས་བུའི་ཚུལ་ལ་སྦྱོར། ། མཆོག་ཏུ་གསང་བའི་གྲོང་ཁྱེར་འདིར། ། གང་གིས་འདོད་དོན་གང་གཉེར་ བ། ། དེས་ནི་སྒྲིབ་སོགས་ཀུན་སྤངས་ཤིང་། ། མཆོག་གནས་ཡེ་ཤེས་གསལ་བར་སྦྱོར། ། བདེ་ཆེན་གསང་བའི་ཐེག་པ་ཆེ། ། ཚེ་འདི་བྱང་ཆུབ་འགྲུབ་པར་བྱེད། ། ཉོན་མོངས་དགྲ་སོགས་ལས་གྲོལ་བའི། ། བདེ་བ་ཆེན་པོའི་གནས་ཐོབ་པའོ། ། དེ་ནས་ལྷ་དང་བཞུགས་གནས་ པའི། ། རྣམ་དག་དེ་ཉིད་བསྟན་བྱ་སྟེ། ། མཆོད་སྦྱིན་གཏོང་ཚོགས་མགྲོན་གཉེར་ཅིང་། ། བཀྲ་ཤིས་འགྲོ་བའི་ཚོགས་བསགས་བྱ། ། སླར་ཡང་སློབ་མ་བློ་ལྡན་པས། ། ཡོན་མཆོག་བླ་མ་ལ་ཕུལ་ཏེ། ། མཎྜལ་མཆོད་པའི་ཚོགས་རྣམས་ཀྱིས། ། མཉེས་བྱས་གསོལ་ བ་གདབ་པར་བྱ། ། ཤེས་རབ་ཡན་ལག་ཕུན་སུམ་ཚོགས། ། བཅུ་དྲུག་ཡང་ན་ཉི་ཤུ་བཞི། ། རྡོ་རྗེ་བླ་མ་ལ་ཕུལ་ཏེ། ། བྱིན་གྱིས་བརླབས་པའི་ཆོ་ག་བྱ། ། ཁྲུས་བྱས་དྲི་ཞིམ་རྒྱན་གྱིས་བཀླུབས། ། སྣ་ཚོགས་སྔགས་དང་ཕྱག་རྒྱས་སྦྱང་། ། རིགས་ཀྱི་ལྷ་དང་ལྡན་བྱས་ པས། ། དམ་ཚིག་བསྐུལ་བའི་བརྡས་མཚོན་ཏེ། ། གཉིས་མེད་ཡེ་ཤེས་སྙོམས་འཇུག་བྱ། ། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །
BO
རང་གི་དཀྱིལ་འཁོར་མཆོད་བྱས་པས། ། སློབ་དཔོན་ཚོགས་ལ་དབང་ཡང་བསྐུར། ། ཇི་ལྟར་རྒྱལ་བ་སྲས་མཆོག་གིས། ། འཇུག་ པ་པོ་རྣམས་ཚིམ་མཛད་པའི། ། གཉིས་མེད་ཡེ་ཤེས་གསང་བའི་དོན། ། དབབ་པའི་ཕྱག་རྒྱ་ལས་བྱུང་བའི། ། ཨ་ལ་ལ་ཧོ། ། ཨོྃ་ཨཱཿཧཱུྃ། ཨ་ཧོ་སུ་ཀ་རང་གི་གནས། ། ཨ་ཧོ་ར་ཏི་ཚིམ་པར་མཛད། ། དཀྱིལ་འཁོར་ཀུན་ལ་རང་བཞིན་གནས། ། ཤེས་རབ་ མཆོག་ལྡན་བྱིན་བརླབས་པ། ། སློབ་མའི་ལག་ཏུ་གཏད་པར་བྱ། ། རང་བཞིན་བདེ་བའི་ཡེ་ཤེས་ཉིད། ། ཟག་པ་མེད་པའི་དོན་གསལ་འགྱུར། ། རྣམ་རྟོག་མེད་པའི་སེམས་ཀྱིས་ནི། ། རང་གི་དངོས་ཉིད་མཐོང་བར་འགྱུར། ། ཨེ་མ་ཧོ་འགྲོ་བའི་གནས་འདི་དག ། དེ་བཞིན་ཉིད་ལས་གཞན་དུ་འཁྲུལ། ། དེ་དག་བདེ་ཆེན་ཡེ་ཤེས་པས། ། གཞན་དུ་འགྱུར་བ་ཅི་ཡང་མེད། ། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། ། རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། ། རྡུལ་བྲལ་ཐར་བ་ཞི་བའི་ཆོས། ། རང་གི་རང་བཞིན་དེ་ཉིད་དོ། ། དེ་ནི་སྦྱིན་ སྲེག་གསང་བའི་དོན། ། ཁྱེད་རྣམས་ཀུན་ལ་ཕྱིར་བཤད་དེ། ། དཀྱིལ་འཁོར་ཆེན་པོ་ཕྱོགས་བཞིའམ། ། གཞན་ཡང་གནས་གཞན་གང་འཐད་པར། ། ཞི་རྒྱས་དབང་དང་མངོན་སྤྱོད་དང་། ། ལས་ཀུན་པ་ཡི་ཐབ་ཁུང་བརྩམ། །
BO
ཟླུམ་པོ་ཁྲུ་གང་ཟླ་ཁམ་དང་། ། གྲུ་ གསུམ་སྣ་ཚོགས་དབྱིབས་ཅན་ནོ། ། དེ་དག་དཀར་སེར་དམར་དང་ནག ། སྣ་བཞི་ཀུན་གྱིས་མཚན་པའོ། ། རྡོ་རྗེ་འཁོར་ལོ་པདྨའི་རྒྱན། ། སྣ་ཚོགས་རྡོ་རྗེ་མཚོན་ཆ་ཅན། ། ཁྲུ་གང་བཞི་དང་གཉིས་མེད་དང་། ། ཁྲུ་གསུམ་དེ་ཡི་ཞབས་སུ་ཕྱེད། ། བུད་ཤིང་ཡམ་ ཤིང་སོ་སོ་ཡི། ། མཚན་ཉིད་ལོ་འབྲས་ཁ་དོག་རོ། ། རྩེ་མོ་ཆ་ལས་སོར་བཞི་དང་། ། སོར་བརྒྱད་བཅུ་དྲུག་ཉི་ཤུའི་ཚད། ། སྦམས་པའི་སོ་སོའི་མར་གྱིས་བྱུག ། རིམ་བཞིན་རྩ་བ་བུད་ཁང་ནི། ། ཟླུམ་དང་གྲུ་བཞི་ཟླ་གམ་དང་། ། གྲུ་གསུམ་ཚུལ་དུ་བརྩིག་པར་བྱ། ། ལྷ་རྣམས་ཀུན་གྱི་ཁང་པ་ཉིད། ། མེ་ཡི་གནས་སུ་གཞག་བྱས་ཏེ། ། སོ་སོའི་ལས་དང་མཐུན་པ་སྟེ། ། ཨག་ནེ་རཱ་ཙ་བོད་བར་བྱ། ། གཡས་པ་མི་འཇིགས་ཕྱག་རྒྱས་གཡབ། ། གཡོན་པ་བགྲང་ཕྲེང་གཟུང་བར་བྱ། ། ཨོྃ་ཨེ་ཧྱེ་ཧི་ཨག་ནེ་ཡེ་མ་ཧཱ་བ་བ་ཧི་སྭཱ་ཧཱ། ། ཁྲོ་བོ་རྒྱལ་ པོས་གསུང་བྱ་སྟེ། ། མེ་ལྷའི་གདན་མཆོད་པདྨ་དབུལ། ། དེ་རྗེས་མཆོད་པ་རྣམ་ལྔ་དང་། ། སྲེག་རྫས་མ་ལུས་དབུལ་བྱས་ནས། ། ལྷ་རྣམས་མཆོད་པའི་ཕྱག་ཚང་དུ། ། བསྟོད་ཅིང་གསོལ་བ་གདབ་པར་བྱ། ། གཡས་གཡོན་དགང་གཟར་བླུགས་གཟར་གྱིས། །
BO
ཁུ་ བཅུད་འཛག་པའི་རྣམ་གྲངས་དབུལ། ། ཨོྃ་མ་ཧཱ་ཨ་ན་ལ་མ་ཧཱ་བྷུ་ཏཱ་བཛྲ་ལ་བསྨི་ཀུ་རུ་ཧཱུྃ་སརྦྦ་དུ་ཥྚན་ཧཱུྃ་ཕཊ། ། མེ་ལྷ་མཆོད་པའོ། ། ཨོྃ་མ་ཧཱ་ཀུ་རུ་པཉྩ་ཧཱུྃ། དགང་བླུགས་དབུལ་བའི་སྔགས་སོ། ། ཨོྃ་སརྦ་བ་དྷ་ཧ་ན་བཛྲ་སྭཱ་ཧཱ། ཏིལ་གྱིའོ། ། ཨོྃ་བཛྲ་བུཥྤེ་ཧཱུྃ། མེ་ཏོག་གིའོ། ། ཨོྃ་སརྦ་ཨགྣ་ཡེ་ཧཱུྃ་སྭཱ་ཧཱ། ། ཡམ་ཤིང་ངོ་། ། ཨོྃ་བཛྲ་པཱུ་ཛ་མེ་གྷ་ག་ལོ་ཀེ་ཤྭ་ར་ཧཱུྃ། འཇིག་རྟེན་དབང་ཕྱུག་བྱ་བའི་མཆོད་པའོ། ། ཨོྃ་དྷུ་བེ་ཏི་བ་བུ་ཤ་གྷན་དྷེ་སྦྱར་བའི་མཆོད་པ་རྣམས་སོ། ། ཨོྃ་ཨ་པྲ་ཏི་བཛྲཱ་ཨ་སྭཱ་ཧཱ། ། ཀུ་ཤའིའོ། ། ཨོྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ། དཱུར་བའིའོ། ། གཞན་ཡང་རྫས་རྣམས་གང་ཚོགས་པ། ། རང་མིང་ཡི་གེ་གསུམ་སྔགས་དབུལ། ། དེ་ནས་དཀྱིལ་འཁོར་ཀུན་མཆོད་ཅིང་། ། འདོད་པའི་དོན་ལ་གསོལ་བ་གདབ། ། སྡིག་བཤགས་བག་ཆགས་ཀུན་བྱས་པས། ། ལྷ་ཡི་དངོས་གྲུབ་ཐོབ་པར་འགྱུར། ། ཐ་མ་མེ་ལྷ་མཆོད་བྱས་ ནས། ། ཕྲིན་ལས་སོ་སོའི་སྔགས་བརྗོད་ཅིང་། ། ཨོྃ་བཛྲ་ན་མ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཀུ་རུ་ཧཱུྃ། ། ལྷ་རྣམས་གཤེགས་སུ་གསོལ་ཞིང་། དམ་ཚིག་ལྷ་ལ་བསྡུ་བར་བྱ། ། དེ་ནས་རབ་གནས་བཟང་པོ་ནི། །
BO
འགྲོ་ལ་ཕན་ཕྱིར་བཤད་པར་བྱ། ། ས་ཕྱོགས་ཉམས་དགའ་ མཛེས་པ་རུ། ། གཟུགས་བརྙན་དཀྱིལ་འཁོར་ལེགས་བྱས་ཏེ། ། མཆོད་རྫས་རྫས་ཀྱིས་མཉེས་བྱས་ནས། ། སློབ་དཔོན་ཆས་སུ་གཞུག་པར་བྱ། ། དཀྱིལ་འཁོར་གསལ་བར་བསྒྲུབས་བྱས་ནས། ། རྟེན་ཚོགས་སྦྱང་བའི་ཆོ་ག་བྱ། ། ཇི་ལྟར་རྫོགས་པའི་སངས་ རྒྱས་ཀུན། ། དགའ་ལྡན་གནས་ནས་གཤེགས་མཛད་དེ། ། ལྷ་མོ་སྒྱུ་མའི་ལྷུམས་ཞུགས་ནས། ། དེ་བཞིན་འདིར་ཡང་བཞུགས་སུ་གསོལ། ། དཀོན་མཆོག་གནས་འདིར་བཞུགས་ནས་ཀྱང་། ། མེ་ཏོག་ལ་སོགས་མཆོད་བཞེས་ལ། ། འདི་དོན་གཟུང་བར་བྱ་བ་ དང་། ། བྱང་ཆུབ་སེམས་མཆོག་སྤེལ་བར་མཛོད། ། ནང་པར་རབ་གནས་བགྱིད་པར་འཚལ། ། སློབ་མ་རྣམས་ལ་བརྩེ་བ་དང་། ། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། ། བཅོམ་ལྡན་བདག་ནི་གྲུབ་པ་ལ། ། བཀའ་དྲིན་ཆོ་ག་མཛད་པར་འོས། ། དེ་ནས་གནས་ རྣམས་ཀུན་སྦྱངས་ནས། ། འགྲོ་དྲུག་གནས་ཀུན་སྒྲོལ་བྱེད་པ། ། ཐམས་ཅད་དུས་འདིར་དགོངས་སུ་གསོལ། ། བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། ། གསང་བའི་སྔགས་ལྡན་ལྷ་རྣམས་ཀུན། ། འཇིག་རྟེན་མཆོད་པའི་དོན་ཕྱིར་རོ། ། རབ་གནས་བཟང་པོར་འོས་པ་ ལགས། ། དེ་ནས་གནས་རྣམས་ཀུན་སྦྱངས་ནས། །
BO
བྱིན་གྱིས་བརླབས་པ་རྫོགས་བྱས་ཏེ། ། རང་གི་དཀྱིལ་འཁོར་ཇི་ལྟ་བར། ། དབང་བསྐུར་ཆོ་ག་རྫོགས་བྱས་ནས། ། སྦྱིན་སྲེག་གཏོར་མ་ལ་སོགས་གཏང་། ། ཞེས་གསུངས་སོ། ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་ལམ་ཁྱད་པར་དུ་འཕགས་པའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ལྟར་དེ་བཞིན་གཤེགས་པའི་མཐུས་ཐམས་ཅད་འདུལ་བར་མཛད་པ་དེའི་ཚེ། བདུད་ཀྱི་རྒྱལ་པོ་ ཤིན་ཏུ་མྱ་ངན་སྐྱེས་ཏེ། ཀྱེ་མའོ་ཧོ་སངས་རྒྱས་འདིར་ནི་བདག་གི་གནས་ལ་སོགས་པ་བཅོམ་ཞིང་རླག་པར་བྱེད་ན་ཐབས་ཇི་ལྟ་བུར་གདུལ་བར་བྱ། ། འོན་ཀྱང་འདི་ཉིད་ལ་ནི་བདག་ཅི་ཡང་བྱ་བའི་གནས་མེད། ཤིན་ཏུ་དམན་པར་གྱུར་པ་དག་དང་མཚུངས་པར་ འགྲན་ནམ། དེ་བཞིན་དུ་འཇིག་རྟེན་གསུམ་པ་འདི་དག་ནི། སྲིད་པ་མི་སྲེག་བརླག་པར་བྱ་བའི་ཕྲིན་ལས་ཡིན་པས། ཐམས་ཅད་ལ་བཀའ་བསྒོ་ཞིང་། ལས་ངན་པ་འདི་དག་ལ་བཟློག་པར་བྱའོ་ཞེས་བསམ་མོ། ། དེ་ནས་འཇིག་རྟེན་གསུམ་གྱི་གནས་ན་མཐུ་ཆེ་བ་ དང་། དབང་དང་གཟི་བརྗིད་ཐམས་ཅད་འདུས་ནས། ཀྱེ་ཁྱེད་རྣམས་བདག་ལ་ཉོན་ཅིག ། འཇིག་རྟེན་གྱི་ཁམས་འདི་དག་ནི། རྒྱལ་པོ་གཅིག་གི་དབང་དུ་མ་གནས་ན།
BO
ཐམས་ཅད་སྲིད་པ་འཇིག་པར་འགྱུར་རོ། ། དེས་ན་ཕྱོགས་ཐམས་ཅད་འཁོར་དང་བཅས་པ་འདུས་ ལ། བདག་གི་བཀའ་ཉན་པར་མཛོད་ཅིག་ཅེས་བསྒྲགས་སོ། ། དེའི་ཚེ་འཇིག་རྟེན་གྱི་དྲག་བྱེད་ཆེན་པོའི་ཚོགས་ཀྱིས་རང་རང་གི་རྫུ་འཕྲུལ་བསྟན་ཅིང་སྨྲས་པ། ཁྱེད་ཇི་ལྟ་བུའི་ང་རྒྱལ་ཅན་ཅིག་ཡིན། ངེད་རྣམས་རེ་རེས་ཀྱང་འཁོར་དཔག་ཏུ་མེད་པ་སྐྱོང་བའི་རྒྱལ་པོ་ཆེན་པོ་ ཡིན་པས། ཡུལ་འཁོར་གྲངས་མེད་པ་ལ་དབང་བྱེད་ཅིང་། གཞན་གྱི་རེག་ནས་དམ་པར་གྱུར་པ་ལགས་པས་ཁྱོད་རང་ཞི་བ་ལ་གནས་ན་ལེགས་སོ་ཞེས་མཐུན་པར་བརྗོད་པས། བདུད་ཀྱི་རྒྱལ་པོ་ཡང་ཤིན་ཏུ་ཉོན་མོངས་པས་རྒྱས་ཏེ་གཞན་དག་ལ་སྨྲས་པ། ལྷར་བཅས་ འཇིག་རྟེན་འདི་དག་ཀུན། ། ང་ཡི་བཀའ་ལས་གནས་པ་ཡིན། ། སྐྱེ་འགྲོ་མ་ལུས་གང་དག་ཀུན། ། རྒྱལ་པོའི་བཀའ་གསང་ཉན་པར་གྱིས། ། ཁམས་གསུམ་བདག་པོ་ལྷ་ཡི་ལྷ། ། ས་རྣམས་ཀུན་གྱི་ས་སྟེང་པ། ། བདག་ནི་མཐུ་དང་རྫུ་འཕྲུལ་ཚད། ། ཀུན་གྱིས་འགྲན་པར་ ནུས་མ་ཡིན། ། ང་ཡི་བཀའ་ལས་འདའ་བྱེད་ན། ། སྲོག་སྲིད་བརླག་ཅིང་གནས་ཀྱང་འཐོར། ། ཞེས་བརྗོད་དོ། ། དེ་ནས་ཚངས་པའི་རྒྱལ་པོས། རང་གི་འཁོར་དཔག་ཏུ་མེད་པ་བསྡུས་ཏེ།
BO
དེ་དག་གི་དབུས་ནས་སྲིན་པོ་ཆེན་པོའི་གཟུགས་འཛིན་པའི་ཁྲོ་བོར་གནས་ནས། རང་ གི་མཐུ་ལས་སྤྲུལ་པའི་ཁྲོ་བོ་དང་། མཚོན་ཆའི་ཚོགས་སྤྲོ་བར་མཛད་དོ། ། དེ་བཞིན་དུ་ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། ཚོགས་ཀྱི་བདག་པོ་དང་། བྷྲྀང་གི་རི་ཏི་དང་། གཞོན་ནུ་གདོང་དྲུག་པ་རྣམས་ཀྱིས་ཀྱང་རང་རང་གི་འཁོར་དང་དཔག་ ཏུ་མེད་པ་བསྡུས་ཏེ། དེ་དག་གི་དབུས་ན་འགྱིང་ཞིང་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ། དབང་དང་རྫུ་འཕྲུལ་སྟོན་ཏོ། ། རི་རབ་ཀྱི་ཁ་ཁྱེར་ལ་གནས་པའི་རྒྱལ་པོ་ཆེན་པོ་བཞིས་ཀྱང་རང་རང་གི་འཁོར་གྱི་དབུས་ན་འགྱིང་ཞིང་མཐུ་དང་རྫུ་འཕྲུལ་སྟོན་པར་མཛད་ དོ། ། གསེར་གྱི་རི་ལ་གནས་པའི་ཕྱོགས་སྐྱོང་བརྒྱ་བྱིན་དང་། དབང་ལྡན་དང་། གཤིན་རྗེ་དང་། བདེན་བྲལ་དང་། ཆུ་ལྷ་དང་། གནོད་སྦྱིན་དང་། ཉི་མ་དང་། སའི་ལྷ་རྣམས་ཀྱིས་ཀྱང་རང་རང་གི་གནས་དང་བཅས་པར་འཇིགས་པའི་མཚོན་ཆ་དང་བཅས་པར་འཁོད་ དོ། ། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། ཕུར་བུ་དང་། པ་བ་སངས་དང་། སྤེན་པ་དང་། གཟའ་ཆེན་པོ་རྣམས་ཀྱིས་ཀྱང་རང་རང་གི་འཁོར་དང་བཅས་པས་འཇིགས་པའི་ཁྲོ་བོའི་ཚོགས་དང་།
BO
མཚོན་ཆར་བཅས་པས་འཁོད་དོ། ། མཐའ་ཡས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། རིགས་ལྡན་དང་། ནོར་རྒྱས་དང་། དུང་སྐྱོང་དང་། པདྨ་དང་། ཆུ་ལྷ་རྣམས་ཀྱིས་རང་རང་གི་གཡོག་འཁོར་རྣམས་དང་། འཇིགས་པའི་སྤྲུལ་པས་འཁོད་དོ། ། དེ་བཞིན་དུ་ཁམས་གསུམ་གྱི་དྲེགས་བྱེད་ཀྱི་ཚོགས་གནས་ པའི་གནོད་སྦྱིན་དང་། དྲི་ཟ་དང་། གྲུལ་བུམ་དང་། འགྲོ་བ་དྲུག་གཙོ་བོ་དབང་ཆེ་ཞིང་མཐུ་ཡོད་པ་རྣམས་དང་། མ་མོ་རྣམས་དང་། གཤིན་རྗེ་དང་། ལྷ་མ་ཡིན་རྣམས་དང་། འདབ་{བཟངས་,བཟང་}དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། རྒྱུ་སྐར་ གྱི་ཚོགས་སུ་བཅས་པ་རྣམས་ཀྱིས་ཀྱང་རང་རང་གི་འཁོར་གྱི་དཀྱིལ་འཁོར་གྱི་དབུས་ན་འཇིགས་པའི་གཟུགས་ཀྱི་མཚོན་ཆ་དང་ང་རོ་དང་བཅས་པས་རྣམ་པར་འཕྲུལ་ཞིང་འཁོད་དོ། ། དེ་ནས་བདུད་ཀྱི་རྒྱལ་པོ་ཡང་ཉོན་མོངས་པ་སྐྱེས་ཏེ། རང་གི་འཁོར་ རྣམས་འདུ་བར་མཛད་ཅིང་རྫུ་འཕྲུལ་གྱི་ནུས་པ་ཅི་ཡོད་པ་དུས་འདི་དག་གཅིག་ཏུ་སྟོན་ནས། མཚོན་ཆ་སྣ་ཚོགས་འབར་བའི་གཞལ་ཡས་ཁང་ནས་དྲག་པོ་འབར་བར་འཇིགས་པའི་སྐུར་སྟོན་ཏོ། ། ཁྲོ་མོའི་ཚོགས་དང་རོལ་པ་མཛད་པ་ལགས།
BO
འཁོར་བའི་ཚོགས་མཚོན་ཆ་མེ་འོད་བཅས་པ་ཕྱོགས་བཅུར་སྤྲོས་ཏེ་ནམ་མཁའ་ཐམས་ཅད་གང་བར་བྱས་ནས་ཐོག་སེར་ནད་དང་ཚུབ་མ་ཐམས་ཅད་སྐྱེས་སོ། ། དེས་འཇིག་རྟེན་གྱི་ལྷ་ཀུན་མྱོས་ཤིང་རྨོངས་པར་གྱུར་པ་དང་། ། འཇིགས་པའི་ཚོགས་ཀྱིས་ཕྱོགས་ ཐམས་ཅད་ནས། འཁོར་བའི་མེ་འོད་འབར་བའི་མཚོན་ཆས་བསད་ཅིང་གཏུབས་པ་ལས། སོ་སོའི་ཚོགས་བྲེད་པར་གྱུར་ཏེ། རང་གི་སྙིང་པོ་ཕུལ་ཞིང་སྐྱབས་སུ་གསོལ་ལོ། ། དེ་ནས་ལྷ་ཐམས་ཅད་འདུ་བར་བྱེད་པའི་བདུད་ཀྱི་སྡེ་དེ་དག་ལ་མནས་དོར་ཞིང་དམ་ཚིག་ བྱིན་ཏེ། སོ་སོའི་སྙིང་པོ་བླངས་ཏེ། འཁོར་ཚོགས་ཐམས་ཅད་རྗེ་དཔོན་དང་བྲལ་ཏེ། ལྷ་ཆེན་པོ་བརྒྱད་ནི་རང་གི་རྩེ་ལ་འཁོད་དོ། ། རྒྱལ་པོ་ཆེན་པོ་བཞི་ནི་ཤར་གྱི་གླིང་ལ་འཁོད་དོ། ། གནོད་སྦྱིན་དང་། ཕྱོགས་སྐྱོང་དག་ནི་ཤར་གྱི་གླིང་ཕྲན་གཉིས་སུ་འཁོད་དོ། ། འགྲོ་བ་རིས་ དྲུག་གི་སེམས་ཅན་རྣམས་ནི་ལྷོར་དགོད་དོ། ། དྲི་ཟ་དང་མ་མོ་རྣམས་ནི་ལྷོའི་གླིང་ཕྲན་ལ་དགོད་དོ། ། ལྷ་མ་ཡིན་རྣམས་ནི་ནུབ་ཏུ་དགོད་དོ། ། གཤིན་རྗེ་དང་འདབ་{བཟངས་,བཟང་}དང་སྲིན་པོ་རྣམས་ནི་ནུབ་ཀྱི་གླིང་གི་གླིང་ཕྲན་གཉིས་ལ་དགོད་དོ། །
BO
གཟའ་དང་རྒྱུ་སྐར་རྣམས་ ནི་བྱང་དུ་དགོད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་གསང་བ་བླ་ན་མེད་པ་ལས། བདུད་ཀྱི་སྤྲུལ་པ་བསྟན་པའོ། ། དེ་ནས་བདུད་ཀྱི་རྒྱལ་པོ་དེ་ཉིད་ཤིན་ཏུ་དགའ་ཞིང་འཁོར་ཐམས་ཅད་ལ་བཀའ་བསྒོ་བ། ། རྒྱལ་པོ་གཅིག་གི་འཁོར་དུ་གནས་པས་ནི། ། ཡིད་དང་མཐུན་པར་སྤྱོད་པས་གནས་པ་ཡིན་པས། ཁྱེད་རྣམས་ཀྱིས་ཀྱང་ངས་ཅི་ལྟར་བསྒོ་བའི་བཀའ་བཞིན་ཉོན་ལ། ཐར་པའི་ལམ་འདི་ཆོད་ལ། སྟོན་པ་གཞན་ལ་གུས་པར་མ་བྱེད་ཅིག ། ཁོ་བོའི་འཇིག་རྟེན་སྟོངས་པར་འོང་ངོ་། ། བསམ་པ་རྒྱ་ཆེན་པོ་མེད་པའི་འགྲོ་བ་ འདི་དག་ནི། གཏི་མུག་ཅན་གྱི་རང་བཞིན་ཏེ། ། བྱོལ་སོང་ལྟ་བུ་ཡིན་པས། བདེ་ལེགས་ཀྱི་གནས་ཐོབ་པའི་དོན་མེད་པ་ཡིན་ནོ། ། ཡང་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་འདུ་ཤེས་མེད་པའི་འགྲོ་བ་དག ། རང་གི་བདེ་བ་སྤོང་བྱེད་ཅིང་། ། ཐར་པའི་ལམ་གཞན་ སྒྲུབ་བྱེད་པ། ། དེ་དག་འཁྲུལ་པས་རང་རྒྱུད་བརླག ། ཉེས་འདོད་བདེ་ལེགས་སྤོང་བྱེད་པ། ། རྨོངས་པས་འགྲོ་རྣམས་སྙིང་རེ་རྗེ། ། རེ་ཞིག་ཐུགས་རྗེ་སྐལ་ལྡན་པས། ། བདག་གི་འཁོར་དུ་འདུས་པ་ཡིན། ། གནས་གཞན་གོང་མ་ཐོབ་འདོད་པས། །
BO
བདག་ལ་དད་སེམས་ གུས་པར་གྱིས་ཤིག་ཅེས་བསྒོའོ། ། དེ་དག་གིས་ཀྱང་དེ་ལྟར་ཉན་ཏེ། ། རང་རང་གི་གནས་ཤོར་ཞིང་མྱ་ངན་གྱི་སེམས་སྐྱེས་ཀྱང་ཅི་ལྟར་བྱ་བའི་ཐབས་མེད་དེ། དེ་ལྟར་འཁོད་ཅིང་གནས་སོ། ། དེ་ནས་བདུད་ཀྱི་རྒྱལ་པོ་རང་གི་གནས་སུ་སོང་སྟེ། འཁོར་དང་ བཅས་པ་རྣམས་དགའ་བའི་ལོངས་སྤྱོད་འདོད་པའི་ཡོན་ཏན་ལ་སྤྱོད་ཅིང་། ། དགྱེས་པའི་གླུ་གར་དང་རོལ་མོ་ལ་སྤྱོད་དོ། ། ཇི་ལྟར་ཁམས་གསུམ་ཀུན་གྱི་བདག་པོ་ནི་བདག་ཡིན་པས་འདི་ལས་ལྷག་པའི་བསྒྲུབ་བྱ་ནི་གཞན་དག་ཡོད་པར་བདག་གིས་མ་མཐོང་ ངོ་། ། ད་སངས་རྒྱས་ཀྱི་ཚོགས་དང་བྱང་ཆུབ་སེམས་དཔའ་དག་ཀྱང་བདག་གི་དབང་དུ་བསྡུ་ན་ཐབས་ཅི་ལྟར་བརྩམ་ཞིང་། ། རང་གི་འཁོར་དག་ལ་ཡང་འདྲི་བར་བྱེད་དོ། ། དེ་ནས་བདུད་ཀྱི་གྲོང་ཁྱེར་ཀུན་ལ་བསྒོ་སྟེ། སངས་རྒྱས་ཀྱི་འཁོར་རྣམས་ལ་མི་དགེ་བའི་ ལྟས་དང་མཚན་མ་ངན་པའི་ཆོ་འཕྲུལ་སྣ་ཚོགས་ཀྱི་བསྒྲུབ་པ་ཐམས་ཅད་དུ་རབ་ཏུ་འཆད་ཅིང་། ། ཅི་འདོད་པ་རྣམས་ལ་གྲུབ་པར་བྱ་ན་བདག་ཅག་ལ་མོས་པ་བྱེད་དོ། ། དེའི་རྗེས་ལ་དེ་དག་གི་གཙོ་བོ་རྣམས་བདག་གི་འཁོར་དུ་འདུས་པའི་ཚེ་ཐབས་སྣ་ཚོགས་ ཀྱི་སྒོ་ནས་གདུལ་བར་བྱའོ། །
BO
གལ་ཏེ་འོངས་པར་མ་ནུས་པ་བདག་ནི་ཁོ་རང་གི་གནས་དེ་ཉིད་དང་བཅས་པ་གཞོམ་པར་བྱའོ་ཞེས་བརྗོད་དོ། ། དེའི་སྟོང་གསུམ་གཡོ་བར་བྱེད་པའི་ཚོགས་ཀྱི་ཁྲོ་བོའི་མཚོན་ཆའི་ཚོགས་དང་བཅས་པ་སྤྲུལ་ནས། དཀར་པོའི་རིགས་ལ་དགའ་ བའི་འགྲོ་བ་རྣམས་མ་ལུས་བཅོམ་ཞིང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བརླག་པར་བཤམས་པ་ལས། བདེན་པའི་མཐུ་གང་ལ་གནོད་པར་མ་གྱུར་ཏོ། ། དེ་ནས་རབ་ཏུ་ཁྲོས་ཏེ། བདག་གི་ཁམས་གསུམ་འདི་དུས་གཅིག་ཏུ་གདུལ་བར་བྱ་ སྤྱོད་པ་ལ། ངན་པའི་ཚུལ་ཅན་གཡོ་སྒྱུ་དང་བཅས་པ་འདི་དག་མི་འདུལ་ལམ། དེ་རང་གི་སྡེ་ཚན་འོག་མ་ལ་གནས་པ་ཀུན་བསྐུལ་ཏེ། ཐར་པའི་ལམ་ལ་གནས་པ་འདི་དག་རིགས་ཀྱིས་གདུལ་བར་བྱའོ་ཞེས་བརྗོད་དོ། ། དེ་ནས་ཚངས་པ་ལ་སོགས་པ་བསྒོ་བར་མཛད་ པ་དང་། དེ་དག་གིས་ཀྱང་རང་རང་གི་སྤྲུལ་པ་དང་། མཚོན་ཆ་རྣམས་ཕྱོགས་ཀུན་དུ་སྤྲོ་ཞིང་། རང་གི་གསང་སྔགས་དྲག་པོའི་ཚོགས་དག་ཀྱང་རྗོད་པར་བྱེད་དོ། ། དེས་འཇིག་རྟེན་འཁྲུགས་ཤིང་གཡོས་ནས་ཐམས་ཅད་བྲེད་པར་གྱུར་ཏོ། ། བླ་ན་མེད་པའི་གསང་བ་ དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། བདུད་ཀྱི་སྡེ་དང་བཅས་པ་ཤུགས་འབྱུང་བའི་ལེའུ་སྟེ་དགུ་པའོ། ། ། །
BO
དེ་ནས་བཅོམ་ལྡན་བདེ་ཆེན་མཆོག ། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱིས། ། སྟོང་གསུམ་སོ་སོར་འདུལ་མཛད་ཕྱིར། ། རྣམ་འཕྲུལ་ཏིང་འཛིན་ གནས་ལ་བཞུགས། ། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། ། ཐུགས་རྗེ་ཆེ་དང་སྨོན་ལམ་མཐུས། ། སོ་སོའི་ལས་རྟོག་མཐུན་བཞིན་དུ། ། སྣ་ཚོགས་རྟོག་པའི་ཚུལ་མ་སྟོན། ། འདོད་ཆགས་ལ་ཞེན་སྨོན་པ་དག ། ཆགས་པ་ཆེན་པོས་འདུལ་བར་མཛད། ། དེ་བཞིན་ ཞེ་སྡང་གཏི་མུག་དང་། ། ང་རྒྱལ་ཕྲག་དོག་འདུལ་དོན་དུ། ། མཐུན་བྱས་སྣང་བ་སྣ་ཚོགས་དང་། ། མི་མཐུན་སྒོ་ནས་འདུལ་བར་མཛད། ། པདྨོ་བདེར་གཤེགས་རྡོ་རྗེ་དོན། ། རིན་ཆེན་རིན་ཆེན་ལས་སྣ་ཚོགས། ། ཕྱག་རྒྱ་ཆེ་སོགས་འཁོར་ལོ་སྒྱུར། ། ཇི་ལྟ་བ་བཞིན་དག་ པར་མཛད། ། ཐབས་ཆེན་རྣམ་དག་པདྨོའི་དོན། ། ཤེས་རབ་སྤྲུལ་པའི་མཆོག་འགྱུར་བས། ། གར་གྱི་དབང་ཕྱུག་བདེ་བ་ཆེ། ། རྡོ་རྗེ་ལྟ་ཉིད་སྤྲུལ་པར་མཛད། ། གཞན་ཡང་མཛད་པ་རྒྱ་ཆེན་པོ། ། སྣ་ཚོགས་མཐུ་ཡིས་འདུལ་མཛད་དེ། ། དག་པའི་འགྲོ་བ་མཐུན་བྱས་ སྐུ། ། གསེར་འོད་མཚན་དང་དཔེ་བྱད་ལྡན། ། གོ་བྱེད་ཐེག་པ་བླ་ན་མེད། ། ཟབ་མོ་གསང་སྔགས་ཇི་བཞིན་པར། ། རྒྱལ་བ་བདེར་གཤེགས་ཕྱག་རྒྱའི་སྐུ། །
BO
རབ་སྤྲུལ་དཀྱིལ་འཁོར་སྣ་ཚོགས་པའི། ། ལ་ལས་བྱང་སེམས་རྒྱ་ཆེན་མཆོག ། ལ་ལར་ལམ་ལྔ་དག་པར་ སྦྱོར། ། ལ་ལར་ཕ་རོལ་ཕྱིན་བཅུ་རྫོགས། ། ལ་ལར་འབྲས་བུའི་དོན་ལ་སྦྱོར། ། ལ་ལར་དགའ་ལྡན་ལྷ་ཡུལ་འཕགས། ། ལྷུམས་སུ་ཞུགས་དང་བལྟམས་པ་དང་། ། འཇིག་རྟེན་སྤྱོད་མཐུན་རོལ་རྩེད་སོགས། ། གཞན་གྱི་སྐུར་སྤང་བྱ་བ་རྣམས། ། བཅས་ ཀའི་ཅན་གྱི་བསམ་འཕྲུལ་པ། ། མཐུན་འཇུག་ཐབས་ཀྱི་བྱ་བ་མཆོག ། དཀའ་ཐུབ་མཛད་དང་དཀའ་བ་སྤྱོད། ། རྡོ་རྗེ་གདན་ལ་ཡང་སངས་རྒྱས། ། བདུད་འདུལ་མངོན་རྫོགས་སངས་རྒྱས་ཤིང་། ། རྩེ་གཅིག་ཏིང་འཛིན་བསྐུལ་ནས་བཞུགས། ། ཆོ་འཕྲུལ་ མཛད་པ་ཀུན་འདུལ་ཞིང་། ། ཆོས་ཀྱི་འཁོར་ལོ་རིམ་བཞིན་བསྐོར། ། མྱ་ངན་འདའ་ཚུལ་རིང་བསྲེལ་སྟོན། ། ཞི་ཚོགས་ཁྲོ་བོར་འཁྱིལ་པ་དང་། ། རང་བྱུང་དུད་འགྲོའི་གཟུགས་སྣ་ཚོགས། ། སྣོད་ཀྱི་འཇིག་རྟེན་ཀུན་མཐུ་སྐུ། ། ཚངས་པ་ཁྱབ་འཇུག་འཇིག་རྟེན་ སྐྱོང་། ། བདུད་དང་སྲིན་པོ་གཟུགས་སོགས་ཀྱིས། ། འགྲོ་བའི་ལས་རྟོག་དག་མཛད་ཅིང་། ། རང་གི་ཡེ་ཤེས་དོན་བཀོད་བྱ། ། དེ་ཚེ་འགྲོ་བའི་གནས་མཚོན་ཚོགས། ། ལས་ཀྱི་སྟོབས་ཚོགས་མཐུས་བརྡབས་རྣམས། །
BO
དེ་བཞིན་ཉིད་མཐུས་ཚོགས་ཆེན་པོས། ། ཡང་ དག་ལམ་ལས་རབ་གྲོལ་ཞིང་། ། ང་རྒྱལ་ཆེན་པོའི་དྲེགས་ཚོགས་སྐྱེས། ། རང་གི་མཐུ་དང་རྫུ་འཕྲུལ་སྟོན། ། ཉོན་མོངས་ལས་ཀྱི་ལམ་ལ་ཞེན། ། རང་གི་རིགས་ཚོགས་བསྡུ་བར་བྱེད། ། འཇིག་རྟེན་གསུམ་འཇིག་ཨ་ལ་ལ། ། ཁམས་གསུམ་ གཙོ་བོ་བདག་ཅག་རྣམས། ། སུ་ཞིག་སྤྲུལ་པ་ཨ་ལ་ལ། ། འཇིག་པར་མཛད་པའི་འོས་མ་ལགས། ། རང་གི་དཀའ་ཐུབ་བདེ་གནས་པས། ། མྱ་ངན་འདས་པའི་ལམ་མཆོག་སྟེ། ། གཞན་གྱི་བསྟན་པ་ཅི་ཞིག་བྱ། ། བདེ་ཚོགས་འཇིགས་པའི་ཡན་ལག་གོ། ། སུ་ ཞིག་རང་གི་བདེ་སྤོང་ཞིང་། ། གཞན་ནས་སྡུག་བསྔལ་དོན་གཉེར་བ། ། གཟུགས་མང་སྤྲུལ་པ་བསམ་ཡས་ཀྱང་། ། རང་གི་སྐུ་མཛེས་བསྒྱུར་བ་དཀའ། ། སྒྲ་མང་སྤྲུལ་པ་བསམ་ཡས་པས། ། རང་གི་གསུང་ཉན་འཕྲོ་བྱེད་དམ། ། སེམས་རྟོག་བྱ་བའི་འོད་བཅས་ ཀྱིས། ། ཏིང་འཛིན་རྩེ་གཅིག་འགྱུར་བ་མེད། ། དྲག་པོའི་སྟོབས་མཆོག་གཟི་ལྡན་རྣམས། ། རང་གིས་རང་སྤྱོད་བདེ་བར་སྡོད། ། དེ་ནས་བདུད་དཔུང་དང་པོ་དང་། ། དབང་ཕྱུག་ཚངས་པ་ཁྱབ་འཇུག་ཆེ། ། རྒྱ་བྱེད་གླུ་དང་དྲེགས་བྱེད་རྣམས། ། རབ་ཏུ་ཁྲོས་ཏེ་རང་གི་ མཐུས། ། སྟོན་ཞིང་དྲག་པོའི་གསང་སྔགས་དང་། །
BO
གཏུམ་ཚིག་ང་རོ་འབོད་སྒྲོགས་བྱེད། ། དེ་ཚེ་རྒྱལ་པོའི་བྱིན་བརླབས་མཐུས། ། མཐུན་འཇུག་ཐབས་ཀྱིས་འདུལ་མཛད་དེ། ། ཐེག་པ་གསང་བ་བླ་མེད་མཆོག ། ཁྱད་པར་སྒོ་གསུམ་གསང་བྱེད་ཅིང་། ། ཡང་ དག་དོན་ལ་བདེ་བཀོད་ཕྱིར། ། ཐུགས་རྗེ་ཆེན་པོས་མཐུན་མཛད་དེ། ། འཇུག་པའི་ལམ་རིང་བདེ་བསྟན་ཞིང་། ། དགའ་བའི་སྒོ་ནས་བདེ་མཛད་ཀྱང་། ། རང་གི་ཉོན་མོངས་དྲེགས་པའི་མཐུས། ། དོན་འཇུག་མཐུན་པའི་སྤྱོད་སྒོ་འཇིག ། གཏི་མུག་ཆེན་པོ་མུན་གཏིབས་ནས། ། ང་རྒྱལ་རི་བོ་ཀུན་དུ་བཀོད། ། ཞེ་སྡང་མེ་ལྕེ་འབར་བསྲེགས་ཤིང་། ། ཕྲག་དོག་རླུང་གིས་བསྐྱོད་བྱས་ནས། ། འདོད་ཆགས་ཆུ་བོས་འབྱིན་པར་འགྱུར། ། དྲེགས་པའི་མཐུ་ཡིས་རབ་ཁྲོས་ཏེ། ། ཚོགས་རྣམས་གཅིག་ལ་གཅིག་བསྒོ་ཞིང་། ། གསང་སྔགས་རྫུ་འཕྲུལ་སྟོབས་ ཕྱུང་ནས། ། རབ་ཏུ་བསྒྲགས་པའི་མཐུ་ཡིས་ནི། ། འཇིག་རྟེན་གསུམ་དག་འཁྲུག་པར་བྱེད། ། མི་ནད་མུ་གེ་འཁྲུག་པ་དང་། ། མཚོན་ཆ་ལོ་ཏོག་འབྲས་བུ་འཕྲོག ། འབྱུང་པོའི་འཇིགས་གཟུགས་ཉེས་ཚོགས་རྣམས། ། རྒྱུན་མི་འཆད་དུ་འཁོར་བར་འབྱུང་། ། ས་གཞི་མེ་འབར་ ཆུ་བདག་བྱེད། ། དུག་དང་དབྱིག་དུག་རླུང་བཞིན་གཡོས། །
BO
བདེ་ལམ་མཐོ་རིས་ཐར་ལམ་གཅོད། ། མི་དག་སེམས་ཀྱིས་ནོན་འགྱུར་ཞིང་། ། འགྲོ་རྣམས་སྡུག་བསྔལ་བསྐྱེད་བྱས་པས། ། སངས་རྒྱས་རྣམས་ཀྱིས་ཐུགས་ཁྲལ་བསྐྱེད། ། དེ་ནས་བྱང་ཆུབ་སེམས་བཅས་ པའི། ། འཁོར་རྣམས་དུས་གཅིག་བསྟན་པར་བཞེངས། ། གཙོ་བོའི་ཕྱོགས་སུ་འདུད་བྱེད་ཅིང་། ། ལན་གྲངས་བསྐོར་ཞིང་ཕྱག་ཀྱང་འཚལ། ། མགོན་པོ་བདེ་བ་མཉེས་བྱེད་ཅིང་། ། མཆོད་ནས་གསོལ་བ་གདབ་པར་བྱ། ། ཐུགས་རྗེ་ཆེ་མངའ་ལྷ་ཡི་ལྷ། ། བྱམས་སོགས་ དགའ་བའི་བདུད་རྩི་ཆུས། ། གདོས་བཅས་ཐལ་བར་བརླག་མཛད་པས། ། ཐིམ་འགྱུར་རྡོ་རྗེ་ཡེ་ཤེས་ཚོགས། ། ཆོ་འཕྲུལ་དཀྱིལ་འཁོར་བསྟན་དུ་གསོལ། ། མཛད་པའི་བྱིན་བརླབས་བསྟན་དུ་གསོལ། ། དེ་དག་ཉོན་མོངས་རླབས་འཁྲུགས་པས། ། རང་གཞན་ཐར་ ལམ་བདེ་བར་འཇོམས། ། བྱང་ཆུབ་སེམས་ཉིད་རླན་བྲལ་ལམ། ། སྲིད་གསུམ་ཡལ་བར་དོར་བྱེད་ན། ། ཐུགས་རྗེ་ཆེན་པོ་གང་ལ་གདགས། ། ཨེ་མ་ཧོ་འབྲས་བུ་མྱ་ངན་འདས། ། ཨེ་མ་ཧོ་བྱང་སེམས་པདྨའི་རྫིང་། ། ཨེ་མ་ཧོ་བརྗོད་བྲལ་ཀུ་མུ་ད། ། ཨེ་མ་ཧོ་མེ་ཏོག་ འབྲས་བཅས་ཤིང་། ། འདི་དག་དཀྱིལ་འཁོར་རྣམ་དག་པས། ། རིགས་མཆོག་མཚན་ཉིད་ཡོན་ཏན་གནས། ། དུས་འདིར་དག་པར་ག་ལ་མཛད། །
BO
ཐུགས་རྗེ་ཆེན་པོ་ག་ལ་གདགས། ། འདི་དག་སྐལ་ལྡན་གསུང་བའི་སྣོད། ། རྡོ་རྗེ་ཐེག་པའི་བསྟན་པ་འཛིན། ། ད་ ལྟར་རྣམ་རྟོག་རི་བོས་ནོན། ། ཐབས་ཀྱིས་འདུལ་བར་མི་འགྱུར་བས། ། ཤུགས་ཀྱིས་བསྒྲལ་བར་བྱ་བའི་ཕྱིར། ། དཀྱིལ་འཁོར་སྣ་ཚོགས་བསྟན་དུ་གསོལ། ། ཞེས་གསོལ་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་ དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་མཛད་པ་ཆེན་པོའི་ལེའུ་སྟེ་བཅུ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཆེན་པོ་རྣམས་འདུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། རྡོ་རྗེ་བཀོད་པའི་དཀྱིལ་འཁོར་ ཆེན་པོ་འདི་ཉིད་སྐུ་གསུང་ཐུགས་ཀྱི་དབྱིངས་ནས་ཕྱུང་སྟེ་སྤྲུལ་པ་མཛད་དོ། ། གྲུ་བཞི་པ་ལ་སྒོ་བཞི་པའི། ། རྟ་བབས་རྒྱན་ཚོགས་ཀུན་གྱིས་སྤྲས། ། རིན་ཆེན་ནོར་བུའི་ཕྲེང་སོགས་དང་། ། བྷན་དྷ་དྲིལ་བུ་འདོད་པ་ལྔ་ཡི་ཚོགས། ། མཆོད་པ་བླ་རེ་རྒྱལ་མཚན་གདུགས། ། ཁ་ དོག་ཉི་ཤུ་རྩ་ལྔས་སྤྲས། ། འཁོར་ལོ་རེའུ་མིག་དགུ་པ་ལས། ། སེང་གེ་ལ་སོགས་གདན་ཁྲི་སྤྲས། ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ།
BO
ཡེ་ཤེས་མ་འདྲེས་བདེ་ཆེན་གསལ། ། རྣམ་འཕྲུལ་རིགས་ མཆོག་གཟུངས་ཀྱི་དམ་ཚིག་དང་། ། ཁྲོ་ཞིང་འདྲེན་པའི་མདངས་ཀྱིས་གནས། ། རིགས་གཉིས་ལུང་གིས་རྒྱུད་པའི་སྐུ། ། དམར་ནག་ཞལ་གསུམ་ཕྱག་དྲུག་པ། ། སེར་དཀར་དམར་བའི་ཞལ་གཉིས་དག ། བཞིན་མདངས་ཚངས་པའི་ཚུལ་གྱིས་གནས། ། དབུས་ མ་ཁྲོ་འཛུམ་བརྗིད་བག་དང་། ། པདྨ་རྡོ་རྗེ་འཁོར་ལོ་དང་། ། དྲིལ་བུ་རིན་ཆེན་རྩེ་གསུམ་འཛིན། ། རིན་ཆེན་ཕྲེང་བའི་ཆུན་འཕྱང་དང་། ། མུ་ཏིག་དོ་ཤལ་དཔུང་རྒྱན་སྤྲས། ། སྟོད་གཡོགས་སྨད་དཀྲིས་ན་བཟའ་བཀླུབས། ། དབུ་རྒྱན་སྙན་ཆ་སོར་གདུབ་ཚོགས། ། མཚན་བཟང་དཔེ་བྱད་མཛེས་པར་བརྒྱན། ། རིགས་ཀྱིས་མཆོད་པས་དབུ་སྐྲ་སིལ། ། རང་འོད་བཙུན་མོའི་སྐུ་བཅས་པ། ། ཕྱུང་ནས་ཕྱོགས་བཅུའི་སྔགས་ཀྱིས་སྤྲོས། ། ཧཱུྃ་ཕཊ་པདྨོ་གྷྲྀ་ག་ཛ་སྭཱ་ཧཱ། ཨོྃ་དུྃ་དྲུྃ་བྷིན་དྷ་ཛ་པྲ་མོ་ཧྃ། ། མཛད་པའི་ཕྲིན་ལས་རྫོགས་ བྱས་ནས། ། སླར་འདུས་བདག་པོའི་སྐུ་ལ་ཐིམ། ། ཤར་དུ་རྣམ་སྣང་ཕྱག་རྒྱ་ཆེ། ། གསེར་མདོག་ཞལ་གསུམ་ཕྱག་དྲུག་པ། ། རྩེ་གསུམ་བེ་ཅོན་པདྨོ་རལ་གྲི་བྷན་དྷ་འཛིན། ། ལྷོ་རུ་རིན་ཆེན་འབྱུང་ལྡན་ཉིད། ། མཐིང་ག་ཞལ་གསུམ་ཕྱག་དྲུག་པ། །
BO
རིན་ ཆེན་པདྨ་གྲི་གུག་དང་། ། ཤུ་ལ་བུམ་པ་རྩེ་གསུམ་འཛིན། ། ནུབ་ཏུ་སྣང་བ་མཐའ་ཡས་སྐུ། ། དམར་པོ་ཞལ་གསུམ་ཕྱག་དྲུག་པ། ། ཐོད་དབྱུག་རྩེ་གསུམ་པདྨོ་དང་། ། དགྲ་སྟ་འཁོར་ལོ་རལ་གྲི་འཛིན། ། བྱང་དུ་དོན་ཡོད་གྲུབ་པ་ཉིད། ། ལྗང་གུ་ཞལ་གསུམ་ཕྱག་དྲུག་པ། ། རལ་གྲི་རྡོ་རྗེ་དབྱུག་པ་མདུང་། ། པདྨོ་རྩེ་གསུམ་གཤིན་རྗེའི་རྐང་། ། ཀུན་གྱི་གཡས་དཀར་གཡོན་པ་ནི། ། དམར་ལྗང་སེར་དང་ལེ་བརྒན་མདོག ། རང་གི་བཙུན་མོའི་མགུལ་ནས་འཁྱུད། ། ཞལ་གཅིག་ཕྱག་གཉིས་བདག་པོ་ལྷར། ། སྐུ་མདོག་གསང་བའི་མདངས་ དང་ལྡན། ། ཕྱག་དང་ཆ་ལུགས་ཀུན་གྱིས་བརྒྱན། ། ཨོྃ་ཛི་ན་ཛི་ག་ལཾ། དྭེ་ཥ་ར་ཏི། སྭ་རཏྣ་དྷྲྀ་ག ། མྃ་མོ་ཧ་ར་ཏི། ཨོྃ་ཨཱ་རོ་ལི་ཀ ། པྃ་རཱ་ག་ར་ཏི། ཧ་པྲ་ཛྙཱ་དྷྲྀག ། ཏཱྃ་བཛྲ་ར་ཏི། ཧཱུྃ་ཕཊ་སྭཱ་ཧཱ། ། འོད་ཟེར་འཕྲོ་བའི་ཚོགས་བཅས་པས། ། རིགས་ཀྱི་ དཀྱིལ་འཁོར་གསལ་བར་མཛད། ། འཁོར་ལོ་སྒྱུར་རྒྱལ་ཆ་ལུགས་དང་། ། དགྱེས་པའི་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། ། ཁྱམས་ཀྱི་ཕྱོགས་དང་མཚམས་རྣམས་སུ། ། སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། ། ཐུགས་ཀྱི་ཡེ་ཤེས་ཡི་གེ་ལས། ། རང་གི་གསང་སྔགས་དག་གིས་གདོན། །
BO
ས་སྙིང་དཀར་སེར་རིན་ཆེན་འཛིན། ། ནམ་སྙིང་མཐིང་ག་རལ་གྲི་འཛིན། ། སྤྱན་རས་དམར་སྐྱ་པདྨ་འཛིན། ། གསང་བདག་ལྗང་སྐྱ་རྡོ་རྗེ་འཛིན། ། གཡོན་པ་པདྨོ་ཡུ་བ་ཅན། ། བསྙེམས་པའི་ཚུལ་གྱིས་ ཕྱོགས་སུ་འདུད། ། སྒེག་མོ་ཕྲེང་བ་དབྱངས་དང་གར། ། དཀར་སེར་དམར་ལྗང་འོད་འཕྲོ་མདོག ། མེ་ལོང་རིན་ཆེན་ཕྲེང་བ་དང་། ། དབྱངས་སྙན་གར་ཐབས་མཛེས་པའི་ཚུལ། ། ཨོྃ་ཀྴི་ར་ཛ་ཡ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྃ། ། ཏྲཱྃ་མཱ་ལེ་ས་མ་ཡ་ཧོ། ཧྲཱིཿཔདྨ་བྷན་དྷ་ཧྲི། གི་རྟི་ར་ཧོ་ཧྃ། ཨ་ནྲྀ་ཏི་ར་ག་ཡཱ་མི་ཧཱུྃ་ཕཊ། བྱམས་པ་དཀར་སེར་ཀླུ་ཤིང་འཛིན། ། སྒྲིབ་སེལ་འཁོར་ལོ་མཐིང་ག་སྟེ། ། འཇམ་དཔལ་དམར་སྐྱ་ཨུཏྤལ། ། ཀུན་བཟང་ལྗང་སེར་རིན་ཆེན་སྙེ། ། གཡོན་པ་པདྨོ་ལྕུག་མ་འཛིན། ། སེམས་དཔའི་སྟབས་ཀྱིས་གདན་ལ་བཞུགས། ། བདུག་སྤོས་མེ་ཏོག་འཐོར་བ་དང་། ། མར་མེ་དྲི་ཆབ་ལྷ་མོ་རྣམས། ། སེར་དཀར་དམར་ལྗང་{གོ་རིམས་,གོ་རིམ་}བཞིན། ། མཚན་དང་མཐུན་པའི་རྫས་ཀྱིས་མཛེས། ། ཨོྃ་མེ་ར་ནི། ཛ་དྷཱུ་པ་པྲ་བེ་ཤ ། ཐི་ལིང་སྭ་ར་མ་པ་ཡ། ཧཱུྃ་པུག་པ་ཨཱ་བེ་ཤ་ཧཱུྃ་སྭ་ར་ཙ་ཡ། བྃ་དཱི་པ་བུ་ གི་ནི། མུྃ་ཤི་ར་ཙ་ཡ། ཧོ་གན་དྷེ་ཙི་ཏ་ཡ་ཧཱུྃ་ཕཊ། །
BO
ཤར་སྒོར་གཤིན་རྗེ་གཤེད་པོ་ཆེ། ། མཐིང་ནག་བེ་ཅོན་རྩེ་གསུམ་ཕྲེང་། ། ལྷོ་སྒོར་སྟོབས་ཆེན་སེར་སྐྱའི་མདངས། ། རྡོ་རྗེ་ཞགས་པ་རིན་ཆེན་ཕྲེང་། ། ནུབ་སྒོར་རྟ་མཆོག་འཇིགས་བྱེད་རྒྱལ། ། ཐོད་སྦྲུལ་དྲིལ་བུ་ལུ་གུ་ རྒྱུད། ། བྱང་སྒོར་རྡོ་རྗེ་འཁྱིལ་པ་སྟེ། ། ལྗང་སྐྱ་རྡོ་རྗེ་རྩེ་གསུམ་མཐུ། ། ཁྲོ་བོ་ཆ་ལུགས་རྔམ་བརྗིད་དང་། ། དུར་ཁྲོད་རིམ་པའི་ཆས་ཀྱིས་བརྒྱན། ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། ། སྤྱན་དམར་འཇིགས་བྱེད་འོད་དཔུང་དང་། ། རྡོ་རྗེ་མཆེ་སོགས་ཁྲོ་གཉེར་ ཅན། ། ཡབ་ཡུམ་འཁྱིལ་པ་བརྐྱང་བསྐུམ་སྐུ། ། ཧཱུྃ་ཕཊ་རུ་ལུའི་གསུང་འདོན་ཅིང་། ། ལས་ཀྱི་འཁོར་ལོ་གནོན་པའི་ཚུལ། ། ཨོྃ་རུ་ལུ་པདྨཱན་ཏ་ཀྲྀད་ཧཱུྃ་ཕཊ། ། ཛ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ་པྲ་ཛྙཱནྟ་ཀྲྀད་ཕཊ། ། ཧཱུྃ་རཏྣ་ཀྲོ་དྷི་ཤྭ་རི། ། ཧཱུྃ་པདྨཱ་ན་ཏ་ཀྲྀད་ཕཊ། བཾ་པདྨ་ཀྲོ་དྷི་ཤྭ་ རི་ཧཱུྃ་བི་ག་ནཱན་ཏ་ཀྲྀད། ཧོ་ཀརྨ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ་སྭཱ་ཧཱ། ། ཕྱི་ནང་མེད་པར་དཀྱིལ་འཁོར་ཆེན་པོ་སྟེ། ། ཐུགས་རྗེ་ཡེ་ཤེས་ཆེ་ལས་སྤྲུལ། ། ཕྱག་རྒྱ་བཞི་ཡི་རྒྱས་བཏབ་ཅིང་། ། དབུ་ལ་རིགས་ཀྱི་བདག་པོས་བརྒྱན། །
BO
འོད་དཔུང་སྤྲུལ་པའི་ལྷ་འཁོར་གྱིས། ། འཇིག་རྟེན་ གསུམ་པོ་སྣང་བྱེད་ཅིང་། ། ཚངས་པ་ལ་སོགས་ལྷ་ཆེན་བརྒྱད་རྣམས་འགུགས། ། རྡོ་རྗེ་བརྗིད་གནོན་སྔགས་ཀྱི་མཐུས། ། དེ་དག་དྲན་པ་མེད་པར་འགྱུར། ། མཚོན་ཆའི་ཚོགས་ཀྱིས་སྒྲོལ་བྱས་ཏེ། ། དུག་གསུམ་ཕུང་པོ་གསོལ་བར་མཛད། ། ཕྲིན་ལས་ཁྲོ་བོ་ བརྗིད་གླུ་ཡིས། ། ལྷ་ཆེན་འཁོར་རྣམས་དབང་དུ་སྡུད། ། དཀྱིལ་འཁོར་ཆེན་པོར་གཞག་བྱས་ནས། ། སྔ་མའི་ཤ་རུས་གནས་ནས་སྟོན། ། རྡོ་རྗེ་བདུད་རྩིའི་ཏིང་འཛིན་གྱིས། ། ལྷ་ཆེན་རྣམས་ཀྱིས་སླར་ལུས་གསོལ། ། འཁོར་བཅས་པ་ཡི་དབང་བསྐུར་ཞིང་། ། རྡོ་རྗེ་འཆང་གི་གྲལ་ལ་དགོད། ། དམ་ཚིག་གསང་བའི་བརྡས་བསྒོས་ཤིང་། ། ཕྲིན་ལས་བཀའ་ཉན་གཉེར་གཏད་དེ། ། གཞལ་ཡས་ཁང་གི་རྒྱན་དུ་བཞག ། ཀུན་ཀྱང་ཚིག་དབྱངས་མཐུན་པ་བསྒོས། ། དམ་ཚིག་མནའ་སྲོག་ཐལ་མྱོང་འགྱུར་ཞེས་བརྗོད་དོ། ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་རྡོ་རྗེ་བཀོད་པའི་དཀྱིལ་འཁོར་སྤྲུལ་པའི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་པདྨོ་ཆགས་པའི་སྐུས། ། གསུང་གི་གཟི་མདངས་རྒྱས་མཛད་དོ། །
BO
ཕྱག་ རྒྱ་རྫུ་འཕྲུལ་གནས་སྦྱོར་བས། ། གསེར་མིག་འདབ་{བཟངས་,བཟང་}གྲོང་ཁྱེར་དང་། ། ལང་ཀའི་གནས་ཚོགས་སྲིན་པོའི་སྡེ། ། ཀླུ་རྒྱལ་དབང་དུ་བསྡུ་བའི་ཕྱིར། ། རྫུ་འཕྲུལ་ཀུན་སྟོབས་འཁོར་ལོ་ཡིས། ། ལྷ་ཆེན་ལ་སོགས་གདུལ་བར་དགོངས། ། ཏིང་ངེ་འཛིན་ལ་སྙོམས་ ཞུགས་ཏེ། ། པདྨོ་རྟ་མཆོག་སྤྲུལ་པ་མཛད། ། དེ་བཞིན་ཉིད་དབྱིངས་སྙོམས་འཇུག་ལས། ། སེམས་དཔའ་རྒྱལ་བ་ཀུན་གྱི་ཡབ། ། རྡོ་རྗེ་འཛིན་ཐུབ་དབང་ཉིད་དང་། ། རིགས་ཉིད་སྤྲུལ་པའི་ལུང་ལས་གྲུབ། ། སྐུ་མདོག་དམར་པོ་རཱ་གའི་མདོག ། ཞལ་གསུམ་རྟ་ མགོ་ལྗང་གུ་ཅན། ། ཕྱག་ནི་གྲི་གུག་ཁ་ཊྭཱྃ་ག། ། ཐོད་པ་ཁྲག་མེ་དཔུང་སྤྲུལ་ལྔ། ། གནས་བརྒྱད་ཀླུ་བདག་ཐོད་ཕྲེང་དང་། ། གླང་ཆེན་སྟག་གི་པགས་པ་གྱོན། ། སྒྲ་སྐད་དྲག་པོ་ཕྱོགས་བཅུར་སྒྲོག ། བགེགས་ལ་སོགས་པའི་ཆ་ལུགས་ཅན། ། དྲང་སྲོང་ཁྲོས་ པའི་ཆ་ལུགས་ཀྱིས། ། ཀླུ་ཡི་འགྲོ་བ་རྨོངས་མཛད་པ། ། པདྨའི་གདན་ལ་བརྐྱང་བསྐུམ་གྱིས། ། ཡུམ་ཆེན་དཔལ་ལྡན་མ་དང་སྦྱོར། ། ཨོྃ་པདྨོ་གུ་རུ་ཧེ་ཧེ་རུ་ལུ་ཧཱུྃ་ཕཊ། འཁོར་ལོ་འབར་བ་ཕྱོགས་མཚམས་སུ། ། ཡེ་ཤེས་ཁྲོ་བོ་ཆེན་པོ་བརྒྱད། ། ཧྲཱི་ལས་གྲུབ་ པའི་འཇིགས་གཟུགས་ཅན།
BO
། རྟ་མགོ་ལྗང་གུ་བརྗིད་པ་ཡི། ། ཤར་དུ་པདྨའི་དབང་ཕྱུག་ནི། ། དཀར་པོ་ཞལ་གསུམ་ཕྱག་དྲུག་པའོ། ། རྡོ་རྗེ་པདྨ་ཀླུ་ཞགས་དང་། ། རིན་ཆེན་དབྱུག་པ་རལ་གྲི་མདུང་། ། སེང་གེ་རྒྱལ་མོ་སྐུ་དང་འཁྲིལ། ། སྣ་ཚོགས་མི་མཐུན་ ཞབས་ཀྱིས་གནོན། ། ཉི་མ་ཟླ་བའི་སྙན་ཆས་བརྒྱན། ། སྦྲུལ་གྱི་ཕྲེང་བས་གནས་ཀུན་བརྒྱན། ། ལྷོ་རུ་གཟི་ཆེན་དྲག་པོ་ནི། ། མདོག་ནག་རལ་གྲི་རྩེ་གསུམ་ལྔ། ། རྡོ་རྗེ་རྩེ་གསུམ་མདའ་དང་གཞུ། ། དྲག་པོ་གནས་ཀྱི་སྐུ་དང་འཁྲིལ། ། མེ་རི་འབར་བས་ཀུན་ དུ་ཁྱབ། ། སྟག་མོ་བཅིངས་པས་གཞན་གནས་འཇིགས། ། སྤྲུལ་པའི་ཕོ་ཉ་མེ་འབྲུག་གི། ། ཁྲོ་བོ་ཡི་ནི་དཀྱིལ་འཁོར་ཚོགས། ། ནུབ་ཏུ་རྡོ་རྗེ་དྲ་བ་མཆོག ། དམར་སེར་རྡོ་རྗེ་དབྱུག་པ་བྲི། ། འཁོར་ལོ་སྦྲུལ་ཞགས་མེ་ལོང་ཆུ། ། ལྷ་མོ་འཇིགས་ཆེན་ཞབས་ཀྱིས་གནོན། ། འོད་འབར་གློག་གི་ཕྲེང་བ་ཅན། ། སྤྲུལ་པའི་ཕོ་ཉ་ཅེ་སྤྱང་གདོང་། ། འབུམ་ཕྲག་གྲི་དང་ཐོད་ཁྲག་འཛིན། ། བྱང་དུ་འོད་བྱེད་འཇིགས་ཆེན་སྐུ། ། ལྗང་གུ་རྩེ་གསུམ་མདའ་བོ་ཆེ། ། ནོར་བུ་དུང་ཁྲག་ལྕུག་མ་དུང་ཁྲག་འཆང་། ། ར་རོ་མིག་དམར་ཟིལ་གྱིས་ནོན། ། རྒྱལ་བདག་ ཁྲོ་བོའི་སྐུ་དང་འཁྲིལ། །
BO
ཅོད་པན་ཀླུ་མགོ་གདེངས་ཀའི་རྒྱན། ། དུས་མཚུངས་ཕུད་ཀྱི་སྒྲ་ཆེན་སྒྲོགས། ། ཀུན་ཀྱང་ཐོད་ཕྲེང་གཡང་གཞི་དང་། ། དུར་ཁྲོད་གནས་འབྱུང་གཙང་སྨེ་བྱེད། ། མཚམས་ཀྱི་ཁྲོ་བོ་ཆེན་པོ་བཞི། ། རིགས་ཀྱི་ཕྱེད་གཟུགས་ཐིག་ལེས་མཚན། ། ཞལ་ གསུམ་ཕྱག་དྲུག་འོད་མདངས་ཅན། ། རྡོ་རྗེ་ཐོད་དབྱུག་གླུ་ཡི་སྒྲ། ། ཅེ་སྤྱང་བྱ་ཁྱུང་གནམ་ལྕགས་སྤྲིན། ། འོད་ཕྲེང་ཐིག་ལེ་དབྱུ་གུའི་རྒྱན། ། རྣམ་འཕྲུལ་ཀླུ་ཐབས་ཨུ་ཧ་ར། ། འདོད་ཡོན་ལྷ་མོའི་ཚོགས་ཀྱིས་བསྐོར། ། ཀུན་དུ་སྤྱན་དམར་རྡོ་རྗེའི་མཚན། ། གནས་སུ་ འཇིགས་པའི་ཧཱུྃ་སྒྲ་སྒྲོགས། ། ཀླུ་ཡི་རྒྱལ་པོའི་གནས་ན་བཞུགས། ། གཞན་གྱི་རྫུ་འཕྲུལ་འཇོམས་པར་བྱེད། ། ཨོྃ་མ་ཧཱ་ཧ་ཡ་གྲཱི་བ་པདྨ་དྷ་རུ་ནྃ་བི་དྷ་ཧ་ར་ཧཱུྃ་ཕཊ་རྩ་བའི་སྔགས་སོ། ། ཨོྃ་ན་མོ་ཨུད་ཏྃ་ཧེ་རུ་ལུ་རུ་ཀྃ་བ་མུ་ཁ། ། ཨཱ་ཀ་ར་ཥ་ཡ་རཀྵ་ན་གྃ་གུ་རུ་ཧཱུྃ་ཕཊ་སྙིང་ བོའི་སྔགས་སོ། ། ཨོྃ་པདྨ་རག་མ་ཀུརྱ་ར་ཀྃ་རུ་ལུ་རུ་ལུ་ཧཱུྃ་ཕཊ་ཉེ་བའི་སྙིང་པོའོ། ། དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་རུ། ། ལྕགས་ཀྱུ་ལྕགས་སྒྲོག་ཞགས་པ་དྲིལ་བུ་རྣམས། ། དཀར་དམར་སེར་ལྗང་འོད་མདངས་འབར། །
BO
སེང་གེ་ཅེ་སྤྱང་སྟག་འབྲུག་དང་། ། མགོ་བརྩེགས་སྤྲུལ་པའི་འཁོར་དང་བཅས། ། རང་གི་ལས་ཀྱིས་འཁོད་པ་དང་། ། འཇིགས་པའི་ཆ་ལུགས་རྔམ་གཟུགས་གནས། ། ལས་མཛད་ཀླུ་ཡི་དཀྱིལ་འཁོར་འདུལ། ། ཀླུ་ཆེན་བརྒྱད་སོགས་བསྡུས་བྱས་ན། ། མཐུ་དང་རྫུ་འཕྲུལ་མེད་པར་བྱ། ། རང་གི་དམ་ཚིག་ དྲན་པའི་ཤུགས། ། སྤྱན་རྣམས་སྤྱན་ངར་འདོད་པར་བྱེད། ། ཨོྃ་ན་ག་མེ་ག་ན་ན་ག་ར་ཙ་ཡ་ས་མ་ཡ་ཧཱུྃ། ། དཀྱིལ་འཁོར་གསང་བར་དབང་བསྐུར་ནས། ། འོད་བཟང་གཟི་མདངས་མེ་དཔུང་འབར། ། རིགས་ཀྱི་དབུ་རྒྱན་གསལ་བྱེད་ཕྱེ། ། ཡེ་ཤེས་འོད་ཚོགས་ གནས་བཅས་ཏེ། ། དཀྱིལ་འཁོར་གསང་བར་གོམས་ཞུགས་ཀྱིས། ། ཚུལ་འཛིན་དཀོན་མཆོག་མངོན་དུ་དབྱེ། ། ཚོགས་རྣམས་མ་ལུས་མགྲིན་གཅིག་ཏུ། ། གར་དབང་སྐུ་ལ་སྐྱབས་གསོལ་ཞིང་། ། འདོད་ཡོན་གསོལ་འདེབས་དམ་བཅས་པ། ། བསོད་ནམས་ ཕུང་པོའི་གཏེར་ལ་སྤྱོད། ། ཀྱེ་མ་དཀྱིལ་འཁོར་ཡ་མཚན་ཆེ། ། བདག་ཅག་འཁོར་རྣམས་རབ་སྒྲོལ་མཛད། ། རྒྱལ་བའི་དཀྱིལ་འཁོར་དཔེ་བྲལ་བས། ། ཉི་མའི་དཀྱིལ་འཁོར་བཞིན་དུ་གནས། ། བདེ་ཆེན་ལམ་འདི་སྔོན་མ་རྟོགས། ། ད་ལྟར་ཐུགས་ རྗེ་དྲིན་གྱིས་རྙེད། ། རྣལ་འབྱོར་གསང་བར་འཛིན་བྱེད་ཀྱིས། །
BO
ཇི་ལྟར་བསྒོས་པའི་བཀའ་བཞིན་འགྱིད། ། རྡོ་རྗེ་གསང་བའི་དམ་འདི་ལས། ། གལ་ཏེ་ཉམས་ན་འདས་པར་ཤོག་ཅེས་དམ་བཅས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་ པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་རྟ་མགྲིན་དབང་གི་དཀྱིལ་འཁོར་སྤྲུལ་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་བཅོམ་ལྡན་པདྨའི་སྐུས། ། ཡུམ་ལ་ཆགས་ཚུལ་འཛུམ་མདངས་ཀྱིས། ། བཀའ་ཡི་བསྒོ་བས་དགྱེས་ མཛད་དེ། ། མི་ཤིགས་ཏིང་འཛིན་ལ་གནས་མཛད། ། ཕྱོགས་སྐྱོང་དྲི་ཟ་རྒྱལ་ཆེན་པོ། ། རང་གི་ཆུང་མ་ཚོགས་བཅས་པས། ། གནས་གཞན་འཇིགས་པར་མཛད་པ་དང་། ། རང་གི་མཐུས་བཅུས་འདུལ་བར་མཛད། ། སྐུ་ནི་བཻ་ཌཱུརྱ་འཚེར་བའི་མདངས། ། ཞལ་གསུམ་ཕྱག་རྒྱ་དྲུག་གིས་རོལ། ། རིན་ཆེན་མཛོད་བུམ་སྔགས་ཆེན་ལྕུག ། འཁོར་ལོ་ཕྲེང་བ་མ་ག་ཏ། ། རྒྱན་དང་ཆ་ལུགས་རིན་ཆེན་ཚོགས། ། དབྱིངས་ཀྱི་དབང་ཕྱུག་ཡུམ་ཆེན་མོ། ། དམར་སྐྱ་ཟབ་མོའི་ཚུལ་དུ་སྦྱོར། ། འོད་འཕྲོ་སེམས་དཔའི་གདུག་ པའི་འཕྲོ། ། རིགས་ལྔའི་དབུ་རྒྱན་རིན་ཆེན་ཕྲེང་། ། ཕྱག་རྒྱ་བཞི་ཡིས་བརྗིད་པའི་ལྷ། ། རིན་ཆེན་འབར་བའི་གཞལ་ཡས་ཁང་། ། གྲུ་བཞི་སྒོ་བཞི་རྟ་བབས་བརྒྱན། །
BO
བར་ཁྱམས་འཁོར་གྱི་དབུས་ནས་འགྱིང་། ། པདྨའི་ལྟེ་བར་སྐྱིལ་ཀྲུང་བཞུགས། ། ཤར་དུ་འཇོམས་བྱེད་ རྡོ་རྗེའི་སྐུ། ། དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། ། ལྷོ་རུ་རིན་ཆེན་བློ་གྲོས་སྐུ། ། དཔལ་བེའུ་གདུགས་མཛེས་འོད་མང་སེར། ། ནུབ་ཀྱི་ཕྱོགས་ཀྱི་རྒྱལ་པོ་རྟོག ། དཀར་དམར་པདྨ་གླེགས་བམ་འཛིན། ། བྱང་དུ་འཇིག་རྟེན་ཀུན་སྒྲོལ་བ། ། ལྗང་སྐྱ་རྡོ་རྗེ་རྒྱ་གྲམ་བྲི། ། ཤར་ལྷོ་དྲ་བའི་ དབང་ཕྱུག་ནི། ། སེར་སྐྱ་རིན་ཆེན་བྷྲྀང་ག་ར། ། ལྷོ་ནུབ་ཆོས་ཀྱི་ལྷུན་པོ་མཆོག ། རྩེ་གསུམ་པདྨའི་ལྕུག་མ་འཛིན། ། ནུབ་བྱང་རྒྱལ་བའི་ཡེ་ཤེས་ཏོག ། སྔོ་སྐྱ་སེང་གེའི་བུམ་པ་འཛིན། ། བྱང་ཤར་སྒྱུ་འཕྲུལ་དྲ་བ་བརྩེགས། ། ལྗང་སེར་གཡུང་དྲུང་རྡོ་རྗེ་མཚན། ། འདི་དག་འཁོར་ ལོས་སྒྱུར་རྒྱལ་བྱིན། ། མཚན་དང་དཔེ་བྱད་འོད་མདངས་རྒྱན། ། སྐྱེས་བུ་ཆེན་པོའི་ལོངས་སྤྱོད་འཕེལ། ། ཆ་མཐུན་ཡུམ་དང་འཁྲིལ་བར་བཞུགས། ། ཨོྃ་བི་ཏ་ཛྙཱ་ན་ཏ་ན་སྃ་བོ་ག་ཏ་ཧཱུྃ་ཕཊ། ཨོྃ་དྷརྨ་མུ་ནི་ནས་ནས་ཧཱུྃ། ཨོྃ་བི་ཧ་ར་ཕྲ་མོ་ཐ་ན་ཧཱུྃ་ཕཊ། ཨོྃ་ཛྙཱ་ན་ལོ་ཏྲ་སྃ་བོ་ག་ཡ་ཧཱུྃ་ ཕཊ། ཨོྃ་རཏྣ་མ་རུ་དྷེ་ས་གྲུྃ་བ་ཧཱུྃ་ཕཊ།
BO
ཨོྃ་མ་ཧཱ་ཤུ་ཏི་མུ་ས་མོ་ཧ་ཧཱུྃ་ཕཊ། ཨོྃ་བུད་དྷ་བུད་དྷ་སརྱ་ན་ཀུ་མཱ་ར་ཧཱུྃ་ཕཊ། ཨོྃ་ན་མ་ག་ག་ན་སི་ཏ་ཡོ་ག་ཧཱུྃ་ཕཊ། ཨོྃ་ནི་ས་ཧ་ཧེ་ཧི་ཧུ་མུ་ག་ར་བ་རི་ཧཱུྃ་ཕཊ། འཁོར་ལོའི་གསང་སྔགས་རབ་བརྗོད་པས། ། ལྷ་རྣམས་ཕྱི་ཡི་གནས་ སུ་སྤྲོ། ། དྲག་པོའི་རྒྱུ་འབྲས་སྦྱང་བྱས་ཏེ། ། གནས་ཀུན་དག་པའི་ཡེ་ཤེས་ཆེ། ། རིགས་མཆོག་ཡེ་ཤེས་འོད་གསལ་བས། ། ཤར་གྱི་དབང་པོ་དྲི་ཟ་སོགས། ། གནས་མགོན་སྐྱབས་དང་དབང་དུ་མཛད། ། ཉོན་མོངས་ལས་ཀྱི་དྲེགས་པའི་ཚོགས། ། རང་རྒྱུད་ཞི་ནས་བྱང་ སེམས་བཅས། ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད། ། སྙིང་པོ་མདོངས་གསོལ་ཕུལ་བར་འགྱུར། ། ཨོྃ་ཏྲག་ཤ་ཀ་སརྦ་ར་མ་མས་ཧཱུྃ་ཧཱུྃ་སྭཱ་ཧཱ། ། བཅོམ་ལྡན་འདས་བདག་ཅག་གི་རིག་པ་འདི་བྱིན་གྱིས་བརླབ་ཏུ་གསོལ། ། བསྟན་པ་མྱུར་དུ་སྤེལ་ཅིག ། རྒྱ་ཆད་པའི་ སྔགས་ཀྱིས་ཐམས་ཅད་བསྲུང་བར་གྱུར་པ་བདེ་ལེགས་སུ་བྱ་བའི་གནས་པ་བདག་ཅག་དུས་ཐམས་ཅད་དཀྱིལ་འཁོར་འདིར་གནས་ཤིང་དེ་འཛིན་པའི་རྣལ་འབྱོར་པ་དག་བསྲུང་བར་བྱ་བ་དང་བྲན་བཞིན་དུ་གནས་པར་བགྱིའོ། །
BO
སླར་ཡང་བདག་ཅག་རྣམས་མགོན་པོས་ བཞེངས་ལ་བྱིན་གྱིས་བརླབས་ཏེ་དབང་བསྐུར་བ་དང་གྲོལ་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། ། བཅོམ་ལྡན་འདས་ཀྱིས་རིག་པའི་སྙིང་པོ་འདི་བྱིན་གྱིས་བརླབས་སོ། ། ཨོྃ་ཨུ་ཨོྃ་མྲྀ་ཏ་བི་ག་ན་ཤུ་ཏ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་གསུངས་པ་དང་། ། དེ་དག་དང་ པོའི་སངས་རྒྱས་བཞིན་དུ་འོད་ཟེར་དང་བཅས་པར་གྱུར་ནས་གཞལ་ཡས་ཁང་གི་རྒྱན་དུ་འཁོད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་ཐུགས་ཡེ་ཤེས་སེམས་དཔའི་དཀྱིལ་ འཁོར་འཕྲུལ་པའི་ལེའུ་སྟེ་བཅུ་གསུམ་པའོ། ། ། ། དེ་ནས་བདེ་བྱེད་གར་དབང་ཕྱུག ། པདྨ་ཚོགས་པའི་སྐུ་ཆེན་པོས། ། ཡོན་ཏན་རིན་ཆེན་སྒྱུ་མའི་ཆོས། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། མཁའ་འགྲོ་ཚོགས་བཅས་གཤིན་རྗེ་རྣམས། ། རྒྱལ་ པོ་རྒྱལ་ཆེན་རྒྱལ་མོར་གནས། ། འཁོར་བཅས་འདུལ་བར་བྱ་བའི་ཕྱིར། ། མཁའ་འགྲོ་ཆེན་མོའི་ཚོགས་འཕྲུལ་མཛད། ། ཐབས་དང་ཤེས་རབ་གཉིས་མེད་ལས། ། གཟི་ལྡན་གར་གྱི་དབང་ཕྱུག་མ། ། པདྨ་རཱ་ག་ནམ་མཁའི་མདོག ། ཞལ་གཅིག་པ་ལ་ཕྱག་བཞི་ སྟེ། ། པདྨའི་སྡོང་པོ་བདུད་རྩིའི་སྣོད། །
BO
རྡོ་རྗེ་ཁ་ཊྭཱཾ་ཞགས་པ་ཐོགས། ། རིན་ཆེན་ཕྲེང་བའི་རྒྱན་གྱིས་བཀླུབས། ། ཁྱོད་བཞེད་འཇིགས་མདངས་ཚུལ་འཛིན་ཅིང་། ། བརྐྱང་བསྐུམ་ཞིང་མཆོག་ཉི་མའི་དཀྱིལ། ། གཡང་གཞི་ཉི་མའི་ཕྲེང་བ་ས་བརྒྱན། ། ཨོྃ་པདྨ་མ་ ཧཱ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ། དཔལ་གྱི་ལྷ་མོ་མཆོག་ཉིད་དང་། ། ཨོྃ་དང་སྤྲུལ་ཏེ་ཕྱོགས་དང་མཚམས། ། པདྨའི་གདན་ལ་ཞིང་གིས་མཚན། ། བརྐྱང་བསྐུམ་སྐུ་མདོག་སྔོན་མོའི་ཚོགས། ། ཕྱག་ན་གྲི་གུག་ཐོད་པ་ཁྲག ། འབར་བའི་ཆ་ལུགས་སྒ་འབར་མ། ། ཕྱི་རོལ་སྤྲུལ་པའི་ཚོགས་བཅས་པས། ། དུར་ཁྲོད་ཆེན་པོའི་གནས་སུ་རོལ། ། རྡོ་རྗེ་རིན་ཆེན་པདྨོ་དང་། ། ལས་དང་སྒྱུ་འཕྲུལ་མཁའ་ལ་བཞད། ། སྣ་ཚོགས་སྒྱུ་མ་བཞིན་རྒྱས་སྤྱན། ། ཁ་དོག་ཕྱོགས་མཚམས་ཇི་ལྟ་བུ། ། གསལ་ཞིང་མུན་པའི་རྡུལ་གྱིས་གོས། ། ཞིང་ གི་དབྱུག་པ་རྩེ་གསུམ་དང་། ། གསེར་གྱི་མདའ་དང་རྡོ་རྗེ་དང་། ། ཆུ་སྲིན་རྒྱལ་མཚན་ཞགས་པ་དང་། ། ཞིང་ཆེན་རྡོ་རྗེ་རྩེ་དགུ་གདེངས། ། གྲི་གུག་རྒྱུ་མའི་ཞགས་པ་སྡོམ། ། རྡོ་རྗེ་གདེངས་པ་རྩེ་གསུམ་ཁྲག ། ཞིང་ཆེན་ཁོག་ཕྱེས་སྙིང་འདྲེན་ཅིང་། ། དེ་བཞིན་རླུང་ཡབ་ ཐོད་པ་འཆང་། །
BO
ཨོྃ་བཛྲ་ཏ་ཀྲྀད་མ་ཧཱ་ལ་ཏི་ཏི་ཧཱུྃ་ཧཱུྃ་ཕཊ། ། ཨོྃ་བཛྲ་ཏ་ཏྲི་མེ་དར་ཧཱུྃ་ཕཊ། ཨོྃ་ཌཱ་ཀི་མད་ཀུམ་པ་ཡ་ཧཱུྃ་ཕཊ། ཨོྃ་ཌཱ་ཀི་ནཱི་ཏི་བྲེ་ཤ་ཧཱུྃ་ཕཊ། ཨོྃ་བཛྲ་ཌཱ་ཀི་བི་ལ་ས་ཧཱུྃ་ཕཊ། ཨོྃ་བཛྲ་ཌཱ་ཀི་དྲི་ཀུ་ཊ་མ་ལེ་ཧཱུྃ་ཕཊ། ཨོྃ་བཛྲ་ཌཱ་ཀི་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ། ཕྱི་རོལ་ པདྨའི་འདབ་མ་ལ། ། སེང་གེ་རྟ་དང་ཅེ་སྤྱང་ཝ། ། བྱ་རྒོད་ཀང་ཀ་བྱ་རོག་འུག ། མགོ་བརྙན་མཆེ་གཤོག་ཆེན་མོ་བརྒྱད། ། ཧཱུྃ་ལས་སྤྲུལ་ཏེ་མདོག་དམར་པོ། ། ཕྱག་ན་གྲི་གུག་ཐོད་པ་ཁྲག ། རྡོ་རྗེ་རལ་གྲི་རྩེ་གསུམ་མདུང་། ། འཁོར་ལོ་དགྲ་སྟ་བེ་ཅོན་མདའ། ། གཏུན་ཤིང་ཞིང་ཁོག་གཡང་གཞི་སྤྲུལ། ། ནེའུ་ལེ་གཞོང་པ་རིན་ཆེན་ཁྱུང་། ། ཞལ་གདངས་སོ་སོའི་ཕྱོགས་མདངས་བཞིན། ། ཀུན་ཀྱང་ཁྲོ་བཅས་ཁྱམས་པར་གནས། ། ཞིང་ལྤགས་གཡང་གཞི་ཐོད་ཕྲེང་སྤྲུལ། ། ཁྲག་ཞག་ཐལ་བའི་ཚོམ་བུས་བརྒྱན། ། མཁའ་འགྲོ་རིགས་བདུན་མ་སྲིང་སྤྲུལ་པའི་ཚོགས། ། མཆེ་གཤོག་འབར་བ་ཕྱོགས་བཅུར་འཁྲུགས། ། ཨོྃ་སེ་ར་བ་ར་ན་ཧཱུྃ་ཕཊ། ཨོྃ་ནི་རྃ་ཏེ་ཤ་པ་མུ་ཁ་ཧཱུྃ་ཕཊ། ཨོྃ་ཀྃ་ན་མ་དུ་ན་ཧཱུྃ་ཕཊ། ཨོྃ་མུ་ར་ན་ནྃ་ཧཱུྃ་ཕཊ། ཨོྃ་སཱུརྱ་ས་མོ་ཀ་ཧཱུྃ་ཕཊ།
BO
ཨོྃ་ བཛྲ་སྣི་ག་ཤ་བྲུྃ་ཧཱུྃ་ཕཊ། ཨོྃ་ནི་ཤ་ཀུརྱ་ར་ན་ཧཱུྃ་ཕཊ། ཨོྃ་རེ་ལྃ་སུ་བག་ཤ་ཧཱུྃ་ཕཊ། མཁའ་འགྲོ་བཅུ་དྲུག་འདི་དག་ཀྱང་། ། འོད་འབར་གློག་གི་ཕྲེང་བ་ཅན། ། འོད་ཀྱི་རུ་ལུའི་སྒྲ་འབྱིན་ཅིང་། ། སྤྱན་མུར་ཁྲོ་གཉེར་མཆེ་བ་ཅན། ། ཞལ་གཅིག་ཕྱག་བཞི་རོལ་པའི་སྟབས། ། དབྱིངས་དང་ཤེས་རབ་རབ་རྟོགས་ལ། ། སོ་སོའི་ཕྲིན་ལས་མཛད་པའི་ཕྱག ། ཞལ་དང་སྐུ་ནི་སོ་སོའི་མདོག ། ཨོྃ་རུ་ཁུ་སྃ་ཏ་གུ་ན་ཌཱེ་ཏ་ས་མོ་ར་ག་ཧཱུྃ་ཕཊ་སྙིང་པོའི་སྔགས་སོ། ། ཨོྃ་བཛྲ་ཌཱ་ཀི་ཛཱ་ལ་ཤྃ་བ་ར་ཀུ་མ་ར་ཧཱུྃ་ཕཊ་ཉེ་བའོ། ། ཨོྃ་ཌཱ་ཀི་ཧཱུྃ་སྃ་བ་ར་ཛཱ་ལི་མུ་ཁ་མ་ མེ་ཧཱུྃ་ཕཊ་རྩ་བའི་སྔགས་སོ། ། མཁའ་འགྲོ་མ་ཡི་དཀྱིལ་འཁོར་སྤྲོ་བའི་མཐུས། ། དེ་དག་དྲན་པ་མེད་པར་བརྒྱལ། ། སླར་ཉིད་རང་གི་འཁོར་དུ་བསྡུས། ། དམ་ཚིག་དཀྱིལ་འཁོར་ཆེན་པོར་བཀོད། ། དེ་ནས་མཁའ་འགྲོའི་ཚོགས་དང་བཅས། ། གདུལ་བྱ་རྣམས་ ཀྱི་གནས་དོར་ནས། ། རྒྱལ་བའི་བསྟན་པ་བཟུང་བྱེད་ཅིང་། ། རྡོ་རྗེ་ཐེག་པ་སྦྱོར་བར་མཛད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་མཁའ་འགྲོ་མ་སྤྲུལ་པའི་ལེའུ་སྟེ་བཅུ་བཞི་པའོ།
BO
། ། ། དེ་ནས་བཅོམ་ལྡན་དགྱེས་པའི་གཙོ། ། གར་གྱི་དབང་ཕྱུག་དེ་བཞིན་གཤེགས། ། གཟི་ལྡན་ཡུམ་དང་ཞལ་སྦྱོར་ཞིང་། ། ཕྱོགས་བཅུའི་དཀྱིལ་འཁོར་སྤྲུལ་པའོ། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། ཕྱོགས་ཀྱི་བགེགས་འདུལ་བྱེད་པའོ། ། ཁམས་གསུམ་ གནོན་པའི་དཀྱིལ་འཁོར་སྤྲུལ། ། སངས་རྒྱས་ཀུན་གྱི་རང་བཞིན་གནས། ། རིན་ཆེན་འབར་བའི་ཁང་{བཟངས་,བཟང་}ན། ། རིན་ཆེན་པདྨ་སེང་གེའི་གདན། ། དྲི་མེད་ཉི་ཟླ་སྤྲས་པ་ལ། ། དབུས་ཀྱི་ལྷ་མཆོག་ཆེན་པོ་ནི། ། ཞབས་བརྒྱད་ཕྱག་ནི་བཅུ་དྲུག་དང་། ། དམར་སེར་ ཉི་མའི་དཀྱིལ་འཁོར་བཞིན། ། བགེགས་ལ་སོགས་པའི་ཚུལ་དང་ལྡན། ། པདྨ་རྡོ་རྗེ་འཁོར་ལོ་གྲི། ། ཐོད་པ་རིན་ཆེན་དགྲ་སྟ་རས། ། ཡུམ་ཆེན་དབང་ཕྱུག་སྒེག་མོ་དང་། ། རྒྱན་ཚོགས་རིན་ཆེན་ཕྲེང་བ་ཅན། ། དྲི་མེད་པདྨས་བཀླུབས་པའོ། ། ཨོྃ་བ་ག་བ་ཏེ་རུ་ཀྃ་སྃ་ པོ་ག་ཏ་ཡ་ཧཱུྃ་ཕཊ། ། མདུན་དུ་རྡོ་རྗེ་སེམས་དཔའ་ནི། ། དཀར་སེར་རྡོ་རྗེ་དྲིལ་བུ་འཛིན། ། གཡས་སུ་རིན་ཆེན་སེམས་དཔའ་སྟེ། ། སེར་པོ་རིན་ཆེན་འཁོར་ལོ་ཐོགས། ། རྒྱབ་ཏུ་པདྨོའི་སེམས་དཔའ་ཉིད། ། དམར་སེར་རྩེ་གསུམ་བུམ་པ་ཐོགས། ། གཡོན་དུ་ ལས་ཀྱི་སེམས་དཔའ་སྟེ། །
BO
ལྗང་སེར་དྲིལ་བུ་ཏྲི་ཤཱུ་ལ། ། ཨོྃ་བཛྲ་སྭ་ཏྟ་ཧཱུྃ་ཕཊ། ། ཨོྃ་རཏྣ་སྭཏྟ་ཧཱུྃ་ཕཊ། ། ཨོྃ་པདྨ་སྭཏྟ་ཧཱུྃ་ཕཊ། ། ཨོྃ་ཀརྨ་སྭཏྟ་ཧཱུྃ་ཕཊ། ། འཁོར་ལོ་པདྨའི་རྩེ་མོ་ལ། ། ཡུམ་དང་འཁྲིལ་བའི་ཚུལ་གྱིས་འཁོད། ། ཕྱི་རོལ་པདྨའི་རིགས་བདུན་ལ། ། བདེར་ གཤེགས་ཡབ་ཡུམ་ཉིས་སྟོང་ཚོགས། ། བདེར་གཤེགས་རྡོ་རྗེ་རིན་ཆེན་དང་། ། པདྨ་རྒྱ་གྲམ་སྣ་ཚོགས་མཁའ། ། སྐུ་མདོག་པདྨ་རཱ་ག་དང་། ། ཨིནྡྲ་ལ་སོགས་རིམ་བདུན་ལ། ། རལ་པ་རྩེ་མཛོད་བུམ་པ་ལ། ། ལྕུག་མ་དྲིལ་བུ་གླེགས་བམ་དང་། ། ཆོས་ཀྱི་ རྒྱལ་མཚན་ཕྲེང་བ་འཛིན། ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། ། རིན་ཆེན་རྒྱན་ཕྲེང་འོད་མདངས་ཅན། ། ཕྱག་མཚན་གྲི་གུག་ཐོད་པ་དང་། ། པདྨའི་ཕྲེང་བ་རྩེ་གསུམ་བསྣམས། ། ལྷག་པའི་ཕྱག་བཞི་འཛིན་པར་མཛད། ། དང་པོར་རང་རྟགས་ཕྱག་རྒྱ་བསྣམས། ། ཨོྃ་བཛྲ་དུ་ཀི་བི་ཤི་ཀ་དུ་ཀུྃ་དི་ཀྃ་མྃ་ཧྲི་སྃ་ག་ཏ་སཱུྃ་སྲ་མོ་ཏ་ཕཊ་སྭཱ་ཧཱ། ། དེ་བཞིན་གཤེགས་པ་རྣམས་ཀྱིའོ། ། ཨོྃ་བཛྲ་ས་མོ་ཡོ་ག་ཏ་ས་ར་ལ་སུ་ཧཱུྃ་ཕཊ། ། རིན་པོ་ཆེ་རྣམས་ཀྱིའོ། ། ཨོྃ་པདྨ་བུྃ་སི་ཉི་ཧྃ་ཧེ་ཧེ་མྃ་བྃ་ཧཱུྃ་ཕཊ། ། པདྨའི་རིགས་རྣམས་ཀྱིའོ། །
BO
ཨོྃ་ཀརྨ་བྷྱོ་ཏྲུྃ་ཧཱུྃ་ རཀྵ་མུརྱ་ས་ཧཱུྃ་ཕཊ། ། ལས་ཀྱི་རིགས་ཀྱིའོ། ། ཨོྃ་བཛྲ་ཙཀྲ་བྲུྃ་སི་ཏི་ཡོ་གཱི་ཤྭ་རི་ཧཱུྃ་ཕཊ། ། འཁོར་ལོའི་རིགས་ཀྱིའོ། ། དེ་ནས་དཀྱིལ་འཁོར་སྤྲུལ་པའི་ཚོགས། ། ཕྱོགས་རྣམས་ཀུན་དུ་སྤྲོས་བྱས་པས། ། རྡོ་རྗེ་རིགས་ཀྱི་ཕོ་ཉ་ཡིན། ། ཕྱོགས་ཀྱི་རྒྱལ་པོའི་གདོན་ རྣམས་འགུགས། ། སྐྲག་ཤིང་བྱེད་ནས་དགྲ་འགུགས་ཤིང་། ། སོ་སོའི་རིགས་དབྱེར་འཁྲུག་པ་དག ། རྡོ་རྗེ་གསང་བའི་སྔགས་ཀྱིས་གཟེར། ། རང་གི་དམ་ཚིག་རྗེས་སུ་དྲན། ། སྲོག་གི་སྙིང་པོ་དབུལ་བར་བྱ། ། རྡོ་རྗེ་གསང་བའི་དམ་ཚིག་གིས། ། དབང་བསྐུར་ བྱིན་བརླབས་རྫོགས་བྱས་ནས། ། དཀྱིལ་འཁོར་གསང་བའི་གནས་སུ་འཁོད། ། གསང་བ་འཛིན་པའི་གནས་འདོར་ནས། ། རང་གི་ལུས་སུ་གནས་བྱས་ཏེ། ། གཞལ་ཡས་ཁང་གི་རྒྱན་དུ་གཞག ། དེ་དག་གི་སྙིང་པོ་ནི། ཨོྃ་ས་མུ་དར་ཛིན་ན་ག་སུ་ཏྲ་བྷ་བ་སི་ཏྲི་སྣི་ཤ་ཧཱུྃ་ པྲུྃ་ཕཊ་ཞེས་པའོ། ། སླར་གསོ་བའི་སྔགས་ནི། ཨོྃ་སུ་མུ་གེ་ཌྃ་སྃ་མྱག་ཧེ་ཧེ་རུ་ཏུ་པ་ལ་སི་ཏྃ་ཛ་ཧཱུྃ་ཕཊ། ལྷ་རྣམས་ཀྱི་སྙིང་པོ་བསྡུས་པ་ནི། ། ཨོྃ་སརྦ་ས་ཀ་ར་བྲུྃ་བག་ཤ་སྃ་མེ་བྲྃ་མུ་རཀྵ་ཧཱུྃ་ཞེས་པའོ། །
BO
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་ གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་ཁམས་གསུམ་གནོན་པའི་ལེའུ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། ། དེ་ནས་བཅོམ་ལྡན་གར་དབང་སྐུ། ། སངས་རྒྱས་ཐམས་ཅད་འདུས་མཛད་ནས། ། ཁྲོ་བོའི་དཀྱིལ་འཁོར་སྤྲུལ་བྱས་ཏེ། ། གནོད་སྦྱིན་གྲུལ་བུམ་འདུལ་ བར་མཛད། ། གཞལ་ཡས་གྲུ་གསུམ་མཐིང་ནག་ལ། ། དབུས་སུ་འཁོར་ལོ་ཉི་མའི་གདན། ། དཔལ་ཆེན་པདྨ་ཧེ་རུ་ཀ ། དུར་ཁྲོད་ཆེན་པོའི་རྒྱན་གྱིས་བརྗིད། ། ཞལ་གསུམ་པ་ལ་ཕྱག་དྲུག་སྟེ། ། སྐུ་མདོག་པདྨ་རཱ་གའི་མདངས། ། རྩེ་གསུམ་གཏུན་ཤིང་རལ་ གྲི་དང་། ། པདྨ་ཞགས་པ་ཐོད་རྔ་འཛིན། ། གླང་ཆེན་ཀོ་བ་ཐོད་རློན་སྤྲུལ། ། ཡུམ་དང་ཞལ་སྦྱོར་འཁྲིལ་བའི་ཚུལ། ། ཐབས་དང་ཤེས་རབ་སྦྱོར་བ་ལས། ། ཡི་གེ་ལས་སྤྲུལ་ཁྲོ་བོའི་རྒྱན། ། ཤར་དུ་རྣམ་རྒྱལ་མདོག་དཀར་སྔོ། ། ཞལ་གསུམ་ཕྱག་དྲུག་རྡོ་རྗེ་ དུང་། ། འཁོར་ལོ་རིན་ཆེན་པདྨ་དང་། ། རལ་གྲི་མེ་འོད་ཀྱིས་མཚན་པ། ། ལྷོ་རུ་གཤིན་རྗེ་གཤེད་པོ་ནི། ། སྔོ་ནག་ཞལ་གསུམ་ཕྱག་དྲུག་པ། ། ཐོད་དབྱུག་རིན་ཆེན་ནེའུ་ལེ་དང་། ། རྩེ་གསུམ་མེ་དཔུང་ཐོད་རྔ་འཛིན། ། ནུབ་ཏུ་རྟ་མཆོག་ཁྲོ་བོའི་སྐུ། །
BO
ཞལ་གསུམ་ ཕྱག་དྲུག་དམར་སྐྱའི་མདོག ། འཁོར་ལོ་སྡིགས་མཛུབ་རྩེ་གསུམ་དང་། ། རལ་གྲི་ཐོད་པ་ཌ་མ་རུ། ། བྱང་དུ་བདུད་རྩི་འཁྱིལ་པ་སྟེ། ། ལྗང་སྔོན་ཞལ་གསུམ་ཕྱག་དྲུག་པ། ། རྒྱ་གྲམ་གྲི་གུག་པདྨ་དང་། ། བེ་ཅོན་རྩེ་གསུམ་སེང་གེ་འཛིན། ། ཤར་ ལྷོར་དབྱུག་པ་སྔོན་པོ་ནི། ། སྔོ་སྐྱ་ཞལ་གསུམ་ཕྱག་དྲུག་པ། ། དབྱུག་པ་ཙཀྲ་པདྨ་དང་། ། རྔ་ཡབ་བྷན་དྷ་དྲིལ་བུ་འཛིན། ། ལྷོ་ནུབ་མི་གཡོ་མགོན་པོ་ནི། ། ཞལ་གསུམ་སེར་སྐྱ་ཕྱག་དྲུག་པ། ། རིན་ཆེན་རལ་གྲི་གཏུན་ཤིང་འཛིན། ། པདྨ་ཐོད་ཁྲག་ མདུང་རྩེ་གསུམ། ། ནུབ་བྱང་འདོད་པའི་རྒྱལ་པོ་ནི། ། དམར་སྐྱ་ཞལ་གསུམ་ཕྱག་དྲུག་པ། ། རྡོ་རྗེ་དབྱུག་པ་རིན་ཆེན་བུམ། ། ཐོད་པ་བདུད་རྩི་སྟིང་འཛིན་པའོ། ། བྱང་ཤར་སྟོབས་ཆེན་དུད་ཀའི་མདོག ། ཞལ་གསུམ་ཕྱག་དྲུག་འཇིགས་པའི་མདངས། ། རྡོ་རྗེ་རྩེ་གསུམ་བམ་ ཆེན་ཁོག ། སྣ་ཚོགས་རྡོ་རྗེ་བམ་ཆེན་ཁྲག ། འཇིགས་པའི་ཆ་ལུགས་ཁྲོ་ཕྲེང་དང་། ། གྱད་ཀྱི་དོར་ཐབས་རོལ་པའི་སྟབས། ། ཨོྃ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཕཊ། ། ཨོྃ་བཛྲ་ཀྲོ་དྷ་ཡ་མཱ་ན་ཏ་ཀ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ།
BO
ཨོྃ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུ་ཎ་ཌ་ལི་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཊཀྐི་རཱ་ཛ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཕཊ། ཕྱོགས་སྐྱོང་རྒྱལ་པོ་གནོད་སྦྱིན་དང་། ། གྲུལ་བུམ་ཚོགས་རྣམས་དབང་བསྡུས་ཏེ། ། གསང་སྔགས་དྲག་པོས་བསྒྲལ་ བྱས་ན། ། སླར་གསོལ་ཡེ་ཤེས་ལྷུམས་སུ་གྱུར། ། དཀྱིལ་འཁོར་གསང་བའི་དབང་བསྐུར་ཞིང་། ། དམ་ཚིག་ལ་གཞན་དཀྱིལ་འཁོར་ཚུལ། ། ཀུན་གྱི་སྲོག་སྙིང་ཕུལ་བ་ནི། ། དམ་ཚིག་ཆེན་པོས་བྱིན་བརླབས་མཛད། ། སླར་ཡང་དམ་ཚིག་འཛིན་པའི་སྔགས། ། འཁོར་རྣམས་ཀུན་ལ་སྦྱིན་པར་མཛད། ། ཨོྃ་བཛྲ་ཀྲ་ཀ་ར་མུརྡ་སི་ན་བ་མུ་ཀ་ཧཱུྃ་ཕཊ། ཨོྃ་ཨཱཿཧཱུྃ་བཛྲ་སུ་ཀ་ཏ་བྷ་མོ་ཏྲྃ་ཨ་ལ་ལ་ཧཱུྃ་ཕཊ། ། ལྷ་རྣམས་ཀུན་གྱི་དམ་ཚིག་ནི། ། རྡོ་རྗེ་གསང་བ་གསུམ་ལས་བྱུང་། ། རྡོ་རྗེ་གནོད་སྦྱིན་དྲག་པོའི་སྐུ། ། ཁམས་གསུམ་ དུས་ཀྱིས་དབང་བསྐུར་ནས། ། འཁོར་བའི་ཆོས་ལས་རྒྱལ་བྱེད་ཅིང་། ། བྱང་ཆུབ་སེམས་ཀྱིས་དེ་ཉིད་གསལ། །
BO
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་ཁྲོ་བོ་ཕྲིན་ལས་རོལ་པའི་ལེའུ་སྟེ་ བཅུ་དྲུག་པའོ། ། ། ། དེ་ནས་བཅོམ་ལྡན་གར་དབང་སྐུས། ། གཟི་བརྗིད་དགོད་པའི་རྒྱན་བཀོད་ཅིང་། ། ལྷ་མིན་གྲོང་ཁྱེར་འདུལ་བའི་ཕྱིར། ། ཡུམ་གྱི་དཀྱིལ་འཁོར་འཕྲུལ་བར་མཛད། ། ཆོས་དབྱིངས་སྤྲུལ་པའི་གནས་བཟང་མཆོག ། རྒྱལ་བའི་རང་བཞིན་རིན་ ཆེན་སྤྲོས། ། གྲུ་བཞི་ཁང་པ་སྒོ་དང་བཅས། ། རྟ་བབས་ཀ་བ་བརྒྱད་ཀྱིས་མཛེས། ། དབུས་ཀྱི་པདྨའི་གདན་བཞུགས་པ། ། གཉིས་མེད་རོལ་པའི་ཡུམ་གྱི་སྐུ། ། མདོག་དམར་རྒྱན་དུ་ཟངས་ཆེན་གཟུགས། ། ཞལ་གཅིག་ཕྱག་བཞི་མཛེས་པའི་མདངས། ། འཁོར་ ལོ་དུང་ཁྲག་པདྨོ་དང་། ། རིན་ཆེན་འབར་བ་རྩེ་དགུ་འཛིན། ། རིན་ཆེན་པདྨའི་ཕྲེང་བ་ཅན། ། སྟོད་བཟང་ན་བཟའ་དཀྱིལ་བཟང་བཞུགས། ། ཨོྃ་པདྨ་མུ་ཤ་ར་ས་མ་ཀ་ཏ་ཧཱུྃ་ཕཊ། ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ། ། པདྨ་དབྱིངས་ཕྱུག་གསལ་བ་མོ། ། རིན་ ཆེན་ཕྲེང་བ་གླུ་མ་ཆེ། ། དཀར་དམར་སེར་དང་ལྗང་གུའི་མདོག ། རྡོ་རྗེ་གསུམ་པ་པདྨོ་དྲ་བ་དང་། ། ན་ར་སི་ལའི་སྣོད་རིན་ཚོགས། ། རང་གི་དཀྱིལ་འཁོར་མ་སྤྲོས་ཤིང་། །
BO
སྣ་ཚོགས་པདྨའི་གདན་ལ་བཞུགས། ། ཨོྃ་ཙུན་དྷེ་ཤྭ་རི་ཧཱུྃ་ཕཊ། ཨོྃ་ཥྞི་ཤ་བཛྲ་སྃ་བྲུྃ་ག་ ཧཱུྃ་ཕཊ། ཨོྃ་བྱི་ཙུ་སྭ་ཏེ་ཧཱུྃ་ཕཊ། མཚམས་ཀྱི་པདྨའི་འདབ་མ་ལ། ། དེ་བཞིན་བདེ་བ་སྐྱེད་བྱེད་ཡུམ་ཆེན་བཞི། ། དྲ་བ་མོ་དང་གློག་འགྱུར་རྒྱན། ། གཤོག་པ་ཅན་དང་འདོད་པའོ། ། དཀར་སེར་དམར་སྐྱ་སྔོ་བསངས་དང་། ། ལྗང་གུ་མདོག་ལེགས་ལ་ བཞུགས་ནས། ། རྡོ་རྗེ་རིན་ཆེན་པདྨོ་དང་། ། ཨུཏྤལ་ལྗང་གུ་ལེགས་མཛད་པའོ། ། ཨོྃ་ནུ་ཏེ་ནོ་ཙ་ཀྲུ་ཧཱུྃ་ཕཊ། ཨོྃ་སྃ་བོ་ག་ཏ་སུ་ཧེ་བྱ་ཧཱུྃ་ཕཊ། ཨོྃ་མ་མ་ཀྲི་བྲུྃ་ཧེ་ཧེ་ཧཱུྃ་ཕཊ། ཨོྃ་ཏ་རེ་ག་ག་ན་ཨ་མ་ལ་ཧཱུྃ་ཕཊ། ། ཕྱོགས་རྣམས་ཀུན་དུ་མཁའ་ཁྱབ་པ། ། ཏིལ་གང་ བཞིན་དུ་གནས་གྱུར་པ། ། མ་མོ་གཤིན་རྗེའི་ཚོགས་རྣམས་ཀུན། ། འཁྲུག་རྔམ་རོད་རོད་པོར་གྱུར་ནས། ། ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི། ། སྲོག་གི་སྙིང་པོ་དབུལ་བར་བྱེད། ། དེ་ནས་དཀྱིལ་འཁོར་བསྡུས་བྱས་ཏེ། ། རང་གི་གནས་སུ་དབང་བསྐུར་ཞིང་། ། དམ་ཚིག་དགའ་བའི་སྡོམ་པ་རྙེད། ། བདེར་གཤེགས་ཡེ་ཤེས་གསལ་བར་འགྱུར། ། ཀུན་གྱིས་མཐུན་པར་ཁས་བླངས་ཏེ། ། དམ་ཚིག་བསྲུང་ཞིང་རྣལ་འབྱོར་སྐྱོང་། །
BO
ཨོྃ་མེ་མ་རཀྟ་ས་བྲ་ཏི་ཨིད་དྃ་ས་བུ་ཏ་ཕཊ། ཨོྃ་ཏྲཀྴ་ར་ལ་སི་བད་ཊ་ཏ་ཕཊ། མ་ མོ་དང་འབྱུང་པོ་རྣམས་ཀྱི་སྙིང་པོའོ། ། ཨོྃ་ཡུ་མེ་སི་དྷ་རུ་ལུ་རུ་ལུ་ཧཱུྃ་ཕཊ། གནོད་སྦྱིན་རྣམས་ཀྱིའོ། ། ཨོྃ་ཨཱཿཧཱུྃ་ཡོ་ག་བྲི་གུ་མེ། ཧ་ས་ཧ་ས། རུ་ལུ་རུ་ལུ་ཧཱུྃ་ཕཊ། སླར་གསོ་ཞིང་བྱིན་གྱིས་བརླབ་པའི་སྔགས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་རིན་ཆེན་དབྱིངས་ཀྱི་དཀྱིལ་འཁོར་འཕྲུལ་པའི་ལེའུ་སྟེ་བཅུ་བདུན་པའོ། ། ། ། དེ་ནས་གར་གྱི་དབང་ཕྱུག་ཉིད། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིས། ། ས་འོག་ས་ བླ་ས་སྟེངས་རྣམས། ། འཇོམས་བྱེད་གཟའ་དང་རྒྱུ་སྐར་དང་། ། བདུད་དང་དེ་ཡི་རིགས་འཁོར་ཀུན། ། འདུ་བར་བྱ་བའི་ཏིང་འཛིན་ལ། ། སྙོམས་ཞུགས་འཁོར་ལོ་སྤྲུལ་པ་མཛད། ། ཐབས་དང་ཤེས་རབ་བསྒྲུབ་བྱས་པའི། ། འོད་ཟེར་གསལ་བས་སྟོང་གསུམ་གང་། ། རིན་ཆེན་ འབར་བའི་གཞལ་ཡས་ཁང་། ། སྒོ་བཞི་རྟ་བབས་ཕྲེང་བས་བརྒྱན། ། འཁོར་ལོ་རིམ་གསུམ་གདན་དང་བཅས། ། རྡོ་རྗེ་པདྨ་རིན་ཆེན་གྱིས། ། ཁོར་ཡུག་སེང་གེ་གླང་ཆེན་མཆོག །
BO
ཉི་མས་མཛེས་པའི་པདྨོ་ཡི། ། དབུས་ཀྱི་དཔའ་བོ་ཡུམ་དང་བཅས། ། ཞལ་གཅིག་ ཕྱག་བཞི་རྡོ་རྗེ་རིན། ། པདྨ་རལ་གྲི་འཛིན་པར་མཛད། ། དམར་སེར་ཀུན་དུ་རྒྱུ་བ་ནི། ། ལྗང་སེར་པདྨ་དྲིལ་བུས་འཁྱུད། ། མཚན་དང་དཔེ་བྱད་རྒྱན་ཕྲེང་བཀླུབས། ། སངས་རྒྱས་འདུས་པའི་དབུ་རྒྱན་ཅན། ། ཕྱག་རྒྱ་བཞི་ཡིས་མཛེས་བྱས་པའོ། ། རྡོ་རྗེ་འཁོར་ལོ་རྩིབས་ རྣམས་ལ། ། རིགས་ཀྱི་སེམས་དཔའ་ཉི་ཤུ་བཞི། ། དཀར་དང་དམར་དང་སེར་བའི་མདངས། ། རྡོ་རྗེ་དྲིལ་བུ་པདྨ་བསྒོམ། ། འཁོར་ལོ་རིན་ཆེན་སྙེ་མ་བསྣམས། ། དང་པོའི་ཕྱག་གཉིས་མཚན་བྱས་ཤིང་། ། ལྷག་མ་གྲི་གུག་ཐོད་པ་ཐོགས། ། ཁྲོ་ཞིང་སེམས་དཔའི་ཆ་ ལུགས་ཀྱིས། ། རྒྱན་ཕྲེང་རིགས་ཀྱི་དབང་པོ་གསུམ། ། རིན་ཆེན་འབར་བའི་རྒྱན་གྱིས་བཀླུབས། ། ཨོྃ་བཛྲ་སྭ་ཏ་ཀྲོ་དྷ་ཧེ་ཧེ་རུ་ལུ་ཧཱུྃ་ཕཊ། ། རྡོ་རྗེ་རིགས་རྣམས་ཀྱིའོ། ། པདྨ་ཏེ་ཤྠ་སྭཱ་ད་ན་མ་ཀུ་རུ་ཀུ་རུ་ཧཱུྃ་ཕཊ། ། པདྨ་རིགས་ཀྱི་སེམས་དཔའ་རྣམས་ཀྱིའོ། ། ཨོྃ་ཨི་ཀུ་རི་ ཙག་བན་དྷ་སི་དྷི་ཕཊ་ཕཊ། ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ། ། དེ་བཞིན་གཤེགས་པ་རིགས་ཀྱིའོ། ། སྒོ་བཞི་མཛེས་གཟུགས་ཁྲོ་མོ་ནི། ། མི་མཐུན་བློ་གྲོས་དཔའ་ཆེན་མོ། །
BO
ཡེ་ཤེས་མཁའ་དབྱིངས་བཞི་རྣམས་ཏེ། ། དཀར་སེར་དམར་དང་རིམ་པ་བཞིན། ། རྡོ་རྗེ་ལྕགས་ཀྱུ་ ཞགས་པ་དང་། ། ལྕགས་སྒྲོག་དྲིལ་བུ་མཚན་མའི་ཕྱག ། ཨོྃ་བཛྲ་ཨྃ་གུ་ཤ་ཛཿཔཱ་ཤ་ཧཱུྃ། སྥོ་ཊ་པྃ། གྷེནྜེ་ཧོཿ། ཕཊ། དགུག་གཞུག་བཅིང་བའི་ལས་དག་དང་། ། དབབ་པའི་ཆོ་ག་མཉེས་པར་བྱེད། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། ། སྐུ་གསུང་ ཐུགས་ཀྱི་དཀྱིལ་འཁོར་འདུས། ། རིགས་གསུམ་སེམས་དཔའ་ཁྲོ་བོར་བསྟན། ། འཇིགས་བྱེད་ཆ་ལུགས་རྔམ་པའི་སྟབས། ། རྡོ་རྗེ་གཅོད་བྱེད་འཇིགས་པ་ཆེ། ། རྡོ་རྗེ་འཇོམས་པའི་ཡིད་འཕྲོག་བྱེད། ། རྡོ་རྗེ་རབ་བཟང་བློ་གྲོས་མཆོག ། རྡོ་རྗེའི་བསྟན་པ་ གཡུལ་ལས་རྒྱལ། ། པདྨའི་སྤྲིན་ཆེན་འབྲུག་སྒྲའི་དབྱངས། ། པདྨའི་བློ་གསལ་མྱ་ངན་འཇོམས། ། པདྨའི་སྡོང་པོ་ང་རོ་མྱོས། ། པདྨའི་འོད་ཟེར་བདུད་རྩིའི་འོད། ། འཁོར་བ་བརྩེགས་པ་མྱུར་དུ་བཟློག ། འཁོར་ལོ་དགའ་བ་སྦྲང་རྩིའི་མཆོག ། འཁོར་ལོ་སྒྲོལ་ དང་རྩེ་གསུམ་འཆིང་། ། འཁོར་ལོ་རོལ་པ་དགའ་བྱེད་སྟོབས། ། འདི་དག་སྤྲུལ་པ་འཁོར་ཚོགས་སྐུས། ། གནས་གསུམ་པོ་དག་འདུལ་བར་མཛད། ། དེ་ནས་གཟའ་དང་རྒྱུ་སྐར་རྣམས། ། གདུག་པའི་ང་རོ་ཆུ་མ་ཤུམས། །
BO
སྒྲ་ཆེན་སྒྲོགས་ཤིང་སྤྲུལ་ནས་ཀྱང་། ། མཐུ་དང་རྫུ་འཕྲུལ་མེད་པར་འགྱུར། ། དཀྱིལ་འཁོར་ཆེན་པོ་སྐྱབས་གསོལ་ཞིང་། ། བསྟན་པ་བཟུང་བར་དམ་བཅས་སོ། ། དེ་དག་སོ་སོའི་སྲོག་སྙིང་དག ། ལུས་སེམས་དད་པས་ཕུལ་བྱས་པས། ། དཀྱིལ་འཁོར་ཆེན་པོ་དབང་བསྐུར་ཞིང་། ། རབ་གནས་ གདན་ལ་གཞག་པར་བྱ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་རང་སངས་རྒྱས་ཐམས་ཅད་ཁྲོ་བོར་བྱུང་བའི་ལེའུ་སྟེ་{བཅྭ་,བཅོ་}བརྒྱད་པའོ། ། ། ། དེ་ནས་བཅོམ་ལྡན་དབང་གི་ལྷ། ། པདྨ་བདེ་ཆེན་ཡུམ་བཅས་ལ། ། འགྲོ་དྲུག་རྒྱུ་འབྲས་བྱ་བའི་ཕྱིར། ། བདེ་ཆེན་བྱང་སེམས་དཀྱིལ་འཁོར་སྤྲུལ། ། དཀྱིལ་འཁོར་ཆེན་པོའི་གནས་འབར་བ། ། རིན་ཆེན་ཕྲེང་སོགས་འཇིགས་བྱེད་བརྒྱད། ། དུར་ཁྲོད་ཆེན་པོའི་གནས་བཞིན་བརྒྱན། ། དབུས་ཀྱི་འཁོར་ལོ་ གདན་བཅས་ལ། ། རིགས་ལྔའི་ཧེ་རུ་ཀ་བཞུགས་མཛད། ། ཡུམ་ཆེན་ལྔ་དང་འཁྲིལ་བར་སྦྱོར། ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། ། དམར་ནག་དཀར་སེར་ལྗང་གུའི་མདངས། ། རྡོ་རྗེ་ཁ་ཊྭཱཾ་རལ་གྲི་དང་། ། ཏྲི་ཤཱུལ་ཞིང་དབྱུག་ཐོ་བ་བསྣམས། ། གཡས་པར་དུང་ ཕོར་གཡོན་ཐོད་ཁྲག །
BO
བར་མ་གྲི་གུག་པདྨ་སྟེ། ། ཐ་མ་ཡུམ་དང་འཁྲིལ་བའི་ཚུལ། ། སྤྱན་དགུ་སྡང་མིག་དམར་པོ་བཟློག ། ཁྲོ་གཉེར་རལ་པ་གྱེན་དུ་བརྫེས། ། ཐོད་སྤྲུལ་ཁྲག་དང་ཐལ་བས་བརྒྱན། ། གཡང་གཞི་རི་ཤའི་རྒྱན་གྱིས་མཛེས། ། ཨོྃ་བཛྲ་ཤྲཱི་ཧེ་རུ་ཀ་ བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོྃ་བྷུདྡྷ་ཤྲཱི་ཧེ་རུ་ཀ་བྷུདྡྷ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོྃ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། རཏྣ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཨོྃ་པདྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོྃ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཀརྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ། བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱན། ། རོལ་ པ་ཀུན་ཏུ་ཁྱབ་མཛད་དེ། ། ཁམས་གསུམ་མ་འདྲེས་རྣམ་པར་དབྱིངས། ། བདེ་བ་ཆེན་པོ་གཉིས་མེད་འགྱུར། ། དབང་བསྐུར་བྱིན་བརླབས་རིགས་ཀྱིས་བསྐུར། ། བསྐྱེད་དེ་དབུ་ལ་རང་གི་བདག་པོས་བརྒྱན། ། སྨོན་འཇུག་གཡོ་ལྡང་བསྐྱོད་པ་ཡི། ། ལྷ་མོ་བཞི་དང་མཉམ་པར་ སྦྱོར། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་བདེ་བ་ཆེན་པོའི་ལེའུ་སྟེ་བཅུ་དགུ་པའོ། ། ། །
BO
དེ་ནས་བཅོམ་ལྡན་འདས་དགོངས་པ་ཉིད་ལ་བཞག་སྟེ་བཞུགས་སོ། ། དེའི་ཚེ་དེའི་དུས་ན་བདུད་ཀྱི་རྒྱལ་ བོ་མ་ཏྲ་རུ་ཏྲས། རང་གི་རྫུ་འཕྲུལ་ཆེན་པོ་བསྟན་ཞིང་། ། འཁོར་དང་བཅས་པས་ཕྱོགས་བཅུར་རྒྱུག་ཅིང་རིག་པ་འཛིན་པ་དང་། ། རྣལ་འབྱོར་མཐའ་དག་གི་བར་གཅོད་བྱེད་ཅིང་བདེ་འགྲོའི་བདེ་བ་ཐམས་ཅད་རྒྱུན་གཅོད་པ་དང་། ། རང་ཉིད་ཀྱི་ཉོན་མོངས་པ་བསྐྱེད་ དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། རིགས་ཀྱི་འོད་ཟེར་མཐའ་ཡས་པ་ཞེས་བྱ་བས་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་སྐད་ཅིག་གིས་གསལ་བར་མཛད་དོ། ། རྒྱལ་བའི་དབང་པོ་སྟོང་ གསུམ་འདིར། ། ཁང་{བཟངས་,བཟང་}མཛེས་པར་བྱིན་བརླབས་ཏེ། ། རིན་ཆེན་ཀ་བ་གདན་ཕྲེང་དང་། ། གཟུགས་མཛེས་ལ་སོགས་ཀུན་གྱིས་སྤྲས། ། ཉི་མ་ཟླ་བ་རིན་ཆེན་ཁྲི། ། པདྨ་སེང་གེ་ལ་སོགས་གནོན། ། སྒོ་བཟང་ཁྱམས་སུ་བཅས་པ་ཡི། ། རྣམ་དག་གཞལ་ཡས་ཁང་ {བཟངས་,བཟང་}སྤྲུལ། ། དེ་ནས་བཅོམ་ལྡན་བདེ་ཆེན་པོས། ། དཔལ་ལྡན་གར་གྱི་དབང་ཕྱུག་སྐུས། ། སངས་རྒྱས་དཀྱིལ་འཁོར་རིགས་ཚོགས་རྣམས། ། དགའ་བའི་སྤྲིན་གྱིས་བསྐུལ་བར་མཛད། །
BO
བདེ་བ་ཆེན་པོ་གཉིས་མེད་མཐུས། ། རིགས་ཀྱི་དཀྱིལ་འཁོར་གཅིག་ཏུ་གྱུར། ། ཡོངས་ རྫོགས་གསལ་བ་རྒྱ་ཆེན་པོས། ། དཀྱིལ་འཁོར་རྒྱ་ཆེན་སྤྲུལ་པར་མཛད། ། དབུས་སུ་པདྨའི་རིགས་རྒྱལ་པོ། ། གཙོ་བོ་པདྨ་རྡོ་རྗེའི་མདངས། ། ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་སྐུ། ། རྡོ་རྗེ་དགའ་བའི་སྤྱན་འདྲིལ་ཞིང་། ། ཤར་ལ་སོགས་པའི་ཕྱོགས་ཀུན་དུ། ། བདེར་ གཤེགས་རྡོ་རྗེ་སེམས་དཔའི་མཆོག ། རྣམ་སྣང་རིན་ཆེན་དོན་གྲུབ་རྣམས། ། རིན་ཆེན་ཕྱོགས་ཀྱི་མཚོན་མདངས་གསལ། ། རྡོ་རྗེ་འཁོར་ལོ་རིན་ཆེན་དང་། ། རལ་གྲི་པདྨ་སྣ་ཚོགས་དང་། ། གཙོ་བོ་པདྨའི་དྲུག་མཚན་ཅན། ། སྟོང་པའི་སྒྲ་སྙན་དྲིལ་བུ་གཡོན། ། སངས་རྒྱས་ སྤྱན་མཛེས་མཱ་མ་ཀཱི། ། དཀར་མོ་དམ་ཚིག་སྒྲོལ་མ་དག ། མདོག་བཟང་ཕྱག་མཚན་གཙོ་བོ་བཞི། ། སངས་རྒྱས་ཏིང་འཛིན་རྫུ་འཕྲུལ་སྟོབས། ། ཐབས་དང་ཤེས་རབ་ཉིས་སྟོང་ཚོགས། ། འཁོར་ལོ་འབར་བའི་རྩེ་མོ་ལ། ། རང་གི་མཚན་མ་སོ་སོའི་ཚུལ། ། དམར་མདངས་དཀར་དང་གསེར་གྱི་མདོག ། ནི་ར་ཀ་ཏའི་མདོག་འཚེར་ཞིང་། ། པདྨ་རྡོ་རྗེ་འཁོར་ལོ་རིན། ། པདྨ་ཏྲི་ཤཱུལ་བཅས་པ་འཛིན། ། གཡས་ན་འཁོར་ལོ་{གོ་རིམས་,གོ་རིམ་}བཞིན། །
BO
རྡོ་རྗེ་སྐྱིལ་ཀྲུང་ལེགས་བརྒྱན་བརྗིད། ། གཞན་ཡང་ཁྲོ་བོའི་ ཚོགས་འབར་བ། ། ཕྱི་རོལ་འཁོར་ལོའི་བར་ཁྱམས་དང་། ། སྒོ་ལ་སོགས་པའི་འཇིགས་གཟུགས་ཀྱིས། ། རྔམ་པའི་མདངས་བཅས་འཁོད་པ་ནི། ། ཁྲི་ཚོགས་ཡང་སྤྲུལ་མཚོན་ཆ་དང་། ། རིགས་ཀྱི་སྤྲུལ་པའི་དོན་བྱེད་པའི། ། ཁམས་གསུམ་འཇིགས་བྱེད་ཁྲོ་བོ་དང་། ། མཁའ་འགྲོའི་དག་པའི་ཚོགས་བཅས་རྣམས། ། དུར་ཁྲོད་རྒྱན་གྱིས་རབ་མཛེས་ཤིང་། ། རིགས་ཀྱི་ཁ་དོག་མཚོན་ཆ་དང་། ། འོད་ཟེར་འཕྲོ་བ་འཁྲིགས་པའི་ཚུལ། ། གསང་སྔགས་དྲག་པོ་བརྗོད་མཛད་པའོ། ། དེ་ལྟར་དཀྱིལ་འཁོར་ཁྲོ་ཞི་ཚོགས། ། སྐད་ཅིག་གསལ་ བར་རྫོགས་བྱས་ནས། ། ཕྱི་ཡི་གནས་སུ་སྤྲོ་ཞིང་བྱ། ། གསང་སྔགས་རྒྱུན་གྱི་སྐལ་བར་བྱེད། ། ཧཱུྃ་ཨ་ལ་ལ་ཧོ། མ་ཧཱ་པདྨ་ཧྲྀ་ད་ཡ། ཨ་ཨཱ་ཨོྃ་ཨཱཿཧཱུྃ། མ་ཧཱ་པདྨ་ཀུ་རུ། ཧ་ལ་ཧ་ལ་བྷི་ཤ་ན་ཧཱུྃ་ཧཱུྃ་ཕཊ། ། སྟོང་ཁམས་སངས་རྒྱས་བཞུགས་པའི་གནས། ། རབ་ འཁྲུག་བྲེད་རྒྱས་རྨོངས་པ་དག ། འབར་བའི་དཀྱིལ་འཁོར་འོད་ཀྱིས་བདེར་བྱས་ཤིང་། ། རང་གི་སངས་རྒྱས་ཞིང་ལ་བཀོད། ། དཀྱིལ་འཁོར་གནས་སུ་བསྡུས་བྱས་ནས། ། རང་གི་འཁོར་ལོ་མཛེས་བྱས་ཏེ། །
BO
དབང་བསྐུར་བྱིན་བརླབས་རྫོགས་འགྱུར་ནས། ། དབུ་ལ་ རིགས་ཀྱི་བདག་པོས་བརྒྱན། ། ཨོྃ་པདྨ་ཀུན་དྷཱ་ལི་ཧྲྀ་ད་ཡ་ན་བི་མུ་ཀུ་རུ་ཧ་ན་ད་ཧ་ཧཱུྃ་ཕཊ། ། གསང་སྔགས་ཀུན་གྱིས་བརྗོད་བྱས་ན། ། འཇིག་རྟེན་གསུམ་པོ་སྡུད་པ་ཡི། ། ཕོ་ཉ་རྡོ་རྗེ་ཀཱི་ལ་ཡ། ། དྲེགས་བྱེད་གཙོ་བོ་དག་རེངས་བྱ། ། དེ་ནས་བཅོམ་ལྡན་བདེ་ཆེན་སྐུས། ། སངས་རྒྱས་ཐམས་ཅད་བསྐུལ་བའི་ཕྱིར། ། རྡོ་རྗེ་སེ་གོལ་ལན་གསུམ་བརྡབ། ། དམ་ཚིག་ཆེན་པོའི་སྔགས་ཆེན་བརྗོད། ། དེ་བཞིན་གཤེགས་པའི་རིགས་ཚོགས་རྣམས། ། ཏིང་འཛིན་བསྡུ་བའི་རྡོ་རྗེ་ལས། ། གཅིག་ཏུ་གནས་ནས་འགྲོ་བ་གཟིགས། ། དྲེགས་ བྱེད་གཙོ་བོ་མ་རུངས་རྣམས། ། རྒྱུ་དང་འབྲས་བུ་ལོག་འཁྲུལ་ཞིང་། ། སངས་རྒྱས་བསྟན་པ་ལོག་མི་འགྱུར། ། ལོག་པའི་ལམ་ལ་མངོན་ཞེན་ཅིང་། ། མངོན་པའི་ང་རྒྱལ་མཐུས་བསྙེམས་ནས། ། འཇིག་རྟེན་གསུམ་དག་ཕུང་བྱེད་ན། ། ཞི་བས་འདུལ་བར་མི་འགྱུར་ ན། ། ཁྲོ་བོའི་རོལ་པ་མཛད་མོད་ཀྱི། ། འདུལ་བར་གཟིགས་ནས་བཀའ་གྲོས་མཛད། ། ཀྱེ་མ་འདུལ་བའི་ཚོགས་ཆེན་དག ། འདས་པའི་དུས་ན་སྔོན་བྱུང་ལྟར། ། ད་ལྟའི་དུས་འདིར་བྱུང་བ་སྟེ། ། དེ་བཞིན་གཤེགས་པའི་གསུང་རབ་ལས། །
BO
ལོག་པའི་ ལམ་དུ་འཁྲུལ་པ་སྟེ། ། ཁྲོ་བོའི་ཚུལ་དུ་བྱུང་གྱུར་པ། ། དེ་ཚེ་སེམས་ཅན་ཐམས་ཅད་ཀུན། ། ཤིན་ཏུ་ཁྲོ་ཞིང་གཏུམ་པར་འགྱུར། ། དེ་ལྟར་གྱུར་པའི་མཚན་ཉིད་ཀྱིས། ། མནར་མེད་ལ་སོགས་གནས་ངན་ལེན། ། མི་བཟད་སྡུག་བསྔལ་མཐའ་ལ་བརྟེན། ། ཇི་ལྟ་བུ་ཡི་ཐབས་ཀྱིས་འདུལ། ། ཤིན་ཏུ་གཏི་མུག་མདོངས་པའི་ཚོགས། ། དེ་བཞིན་བག་ཆགས་ངན་པ་ཡིས། ། རིག་འཛིན་བདུན་རྒྱུད་གཅོད་བྱེད་ཅིང་། ། བསྟན་པའི་གསུང་རབ་འཇིག་པར་འགྱུར། ། ལས་ཀྱི་མུན་པས་འགྲོ་བ་འཁྱམས། ། དུས་ངན་ རིགས་ངན་ཕྲ་མེན་མ། ། གནོད་བྱེད་གདོན་དང་ལོག་འདྲེན་དང་། ། སྲིད་གསུམ་འཇིག་ཅིང་དམ་ཚིག་འདྲལ། ། འདི་ལྟ་བུ་ཡི་ཐབས་ཀྱིས་ནི། ། སངས་རྒྱས་ཐུགས་རྗེ་རྣམ་འཕྲུལ་བསྟན། ། ང་རྒྱལ་ཆེན་པོ་མདོངས་པ་ཡི། ། ལྟ་བ་རི་བོ་མཐུ་བརྙེས་ཚོགས། ། ད་ལྟའི་ཚེ་ནི་འདི་བྱུང་འགྱུར། ། རྒྱལ་བ་འདས་དུས་སྦྱོར་བྱེད་ཅིང་། ། ཇི་བཞིན་ལས་ལ་འཁྲུལ་བར་བྱེད། ། སངས་རྒྱས་ཀུན་གྱི་བདག་ཉིད་མཛོད། ། མངོན་སྤྱོད་རོལ་པའི་ཐབས་ཆེན་གྱིས། ། འདི་དག་བསྟན་པའི་དུས་ལ་བབ། ། སྲིད་གསུམ་གདུག་ ཅིང་གཏུམ་པ་ལ། ། ཞི་བས་ཕན་པར་མི་འགྱུར་ཏེ། ། ཤེས་རབ་ཐབས་ཀྱི་ངོ་བོ་ལས། །
BO
ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། ། ཁྲོ་བོའི་ཚུལ་ཅན་ཁྲོས་པ་ཡི། ། འཇིག་རྟེན་གསུམ་དག་སྲེག་བྱེད་ན། ། སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། ། ཁམས་གསུམ་ མ་ལུས་སྨོས་ཅི་དགོས། ། རང་བཞིན་དག་པའི་ངོ་བོ་ལས། ། ཕྲག་དོག་འཁྲུལ་པའི་རླུང་དག་གིས། ། འཇིག་རྟེན་ཕྱིན་ཅི་ལོག་ཏུ་འཁྱམས། ། ཇི་བཞིན་གནས་པ་ལམ་བྲལ་བས། ། ཁམས་གསུམ་བརླག་པའི་ལམ་ལ་ཞུགས། ། འཇིག་རྟེན་འདི་དག་སྙིང་ རྗེ་ཞིང་། ། མངོན་ཤེས་གདུལ་དཀའི་རྨོངས་ཚོགས་རྣམས། ། ཁྲོ་བོའི་ཚོགས་ཀྱིས་སྦྱོར་བར་མཛད། ། ཞེས་བསྒྲགས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་རྣམ་པར་འཕྲུལ་པའི་དཀྱིལ་ འཁོར་བསྒྲལ་བྱའི་ལེའུ་སྟེ་ཉི་ཤུ་པའོ། ། ། ། དེ་ནས་བཅོམ་ལྡན་དགྱེས་ཆེན་པོས། ། པདྨ་གར་གྱི་དབང་ཕྱུག་སྐུས། ། མ་ཏང་རུ་ཏྲ་ལ་སོགས་པས། ། བདུད་ཀྱི་ཚོགས་བཅས་འདུལ་བའི་ཕྱིར། ། ཡུམ་ཆེན་སྐུ་གཅིག་རོལ་མཛད་དེ། ། བྱང་ཆུབ་སེམས་སྤྲིན་ ཕྱོགས་བཅུར་སྤྲོ། ། དཀྱིལ་འཁོར་རྣམ་གསུམ་དཀྱིལ་འཁོར་གསལ། ། དཀྱིལ་འཁོར་འདུས་ཚོགས་དཀྱིལ་འཁོར་ཆེ། ། དཀྱིལ་འཁོར་ཆེན་པོའི་བདག་ཉིད་ཆེ། །
BO
དགྱེས་བཅས་གར་བཅས་གདན་ལ་བཞུགས། ། ཞལ་གསུམ་གངས་རི་མདངས་ལྡན་ པ། ། པདྨ་གཏུན་ཤིང་རྩེ་གསུམ་ཐོགས། ། རིན་ཆེན་རྒྱན་སོགས་དབུ་རྒྱན་བཅས། ། དཀྱིལ་འཁོར་སྤྲུལ་པའི་ཏིང་འཛིན་གྱིས། ། སྣོད་གཅིག་དུས་གཅིག་སྤྲུལ་པ་མཛད། ། མཐའ་དང་དབུས་མེད་འཇིག་རྟེན་གནས་རྣམས་ཀུན། ། དྲག་པོ་འཐིང་ནག་འབར་བའི་ གཞལ་ཡས་ཁང་། ། འཁོར་ལོ་རྩིབས་དྲུག་བར་ཁྱམས་ཉི་རིམ་ལྡན། ། ཀུན་དུ་ཟླ་ཁམ་སྒོ་ཁྱུད་གྲུ་བཞིར་བཅས། ། རིན་ཆེན་འབར་བའི་ཐོད་དབྱུག་རྒྱན་དང་བཅས། ། ཚད་མེད་ཡེ་ཤེས་འཁོར་ལོ་ལ་བསྟེན་ཅིང་། ། འཇིགས་བྱེད་ཁྲོ་བོའི་རྒྱན་ཚོགས་མང་པོ་ བཀླུབས། ། ནམ་མཁའི་མཐའ་མཉམ་ལྷུན་གྱིས་གྲུབ་པའི་གནས། ། སྨོན་ལམ་དབང་དང་ཐུགས་རྗེའི་བྱིན་བརླབས་ཀྱིས། ། འཇིག་རྟེན་དྲུག་དང་དུས་བཞི་ཕྱོགས་བཅུ་ན། ། གཟུགས་ཁམས་མ་ལུས་དབང་དུ་བསྡུ་བ་ན། ། དྲག་པོ་ལྷ་བརྒྱད་ང་རྒྱལ་གཞོམ་པའི་ ཕྱིར། ། ལྷ་ཆེན་ཕྱོགས་སྐྱོང་ཚོགས་ཀྱིས་རྩིག་པ་བྱས། ། སྐུ་བཞི་དཔལ་བརྒྱད་ཚང་བར་བྱ་བའི་ཕྱིར། ། རྒྱལ་ཆེན་རིགས་བཞི་བཟུང་ནས་ཀ་བ་བྱས། ། ཐེག་པ་གཞན་ལས་འཕགས་པའི་དོན། ། གླང་ཆེན་ཀ་ལ་ལིང་གིས་ཀ་གཏན་བྱས། །
BO
གླིང་བཞིའི་མི་རྣམས་དགོས་ འདོད་བསྐང་བའི་ཕྱིར། ། གཟའ་སྐར་མིག་ཚགས་བྱས་པས་འགྱུར་ལྡོག་མེད། ། འཇིག་རྟེན་ཟིལ་གྱིས་གནོན་པའི་ཕྱིར། ། སེང་གེ་ཀ་ལ་ཤ་ཡིས་ཀ་ཞུ་བྱས། ། འཁོར་བའི་གཅོང་རྙིང་གཏན་ནས་སྦྱང་བའི་ཕྱིར། ། སེང་གེའི་ཁ་ནས་བདུད་རྩིའི་འོ་མ་འཛག ། ཐོད་རུས་བར་ ཁྱམས་རྡོ་རྗེའི་གཟེར་གྱིས་བརྒྱན། ། ཞིང་ཆེན་རྔ་ཡབ་བླ་རེ་འཕན་གདུགས་དང་། ། ཐུགས་རྗེ་བྱང་སེམས་ཀུན་དུ་ཁྱབ་པའི་ཕྱིར། ། ཉི་ཟླ་འབར་བའི་རྒྱན་ཆས་གསལ་བར་ལྡན། ། སྤྲུལ་པའི་མེ་རླུང་འབྲུག་གིས་དུས་བཞིར་ཕྱེ། ། ཁྲོ་བོའི་འབྱུང་གནས་ཐུགས་རྗེའི་སྒྲ་དང་ བཅས། ། རིན་ཆེན་ཁྲི་དང་པདྨ་ཉི་ཟླ་གདན། ། གསེར་གྱི་སེང་གེ་སྤྱན་གསུམ་པ། ། དྲུག་བཞི་རྩལ་འཕགས་ཉི་ཤུ་བརྒྱད། ། ཁྲི་རྐང་བརྒྱད་ཀྱིས་བར་ཁྱམས་དག་ལ་གནས། ། ཐུགས་རྗེ་ཆེ་བས་ཉི་མ་ཉི་ཤུ་བརྒྱད། ། འཇིགས་པ་སྤངས་པའི་སེང་གེ་ཉི་ཤུ་བརྒྱད། ། སྤྲུལ་ སྐུ་ཐོབ་པས་དབང་མོ་ཉི་ཤུ་བརྒྱད། ། ཀུན་དུ་འོད་ཀྱིས་ལ་རབ་གནས་པ། ། རིན་ཆེན་ཁྲི་རྐང་འདེགས་པའི་སྟོབས་དང་ལྡན། ། མགོན་གནས་དབེན་པར་གཞན་དག་གིས། ། མཐོང་རྐང་སྦས་པའི་ཆོས་ཉིད་ལུང་། ། ཕྲིན་ལས་རྣམ་པར་རྫོགས་པའི་གནས། །
BO
རིགས་བཞི་ ཁྲག་འཐུང་ཧེ་རུ་ཀ ། བཞུགས་གནས་མི་འགྱུར་ཆོས་ཀྱི་སྐུ། ། དེ་ཉིད་ཀུན་དུ་འོད་ཀྱི་ལུང་། ། པདྨ་ལེ་བརྒན་ཕྱོགས་བཅུའི་འོད། ། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཚུལ། ། ཆགས་པར་གྱུར་པ་པདྨ་སྟེ། ། ཆེ་བའམ་ཡོན་ཏན་ལུང་དུ་སྟོན། ། མཁའ་དབྱིངས་ རྣམ་དག་དྲི་མེད་པས། ། མ་ཆགས་པདྨ་ཅན་གྱི་ལུང་། ། སྟོང་ཞིང་གསལ་བས་གཞན་གང་འཕགས། ། ཉི་ཟླའི་དཀྱིལ་འཁོར་བརྩེགས་པ་ཡིན། ། སེང་གེ་འཁོར་ལོ་ཚོགས་ཆེན་པོས། ། ཐབས་དང་ཤེས་རབ་ཡ་བྲལ་བས། ། སྤྲོས་མེད་རང་གིས་བཟླུམས་པ་ནི། ། མ་སྐྱེས་པ་ཡི་ཆོས་ཉིད་ལུང་། ། འོད་ཟེར་གསལ་བས་འཚེར་བས་ན། ། ཡང་གབ་སྦས་པ་ཡེ་ཤེས་ལུང་། ། འཕྲོ་འདུ་ཁྱབ་པར་གྱུར་པའི་ཚོགས། ། ཤེས་རབ་རིགས་ཀྱི་གསང་བའི་ཡུམ། ། ཐབས་དང་ཤེས་རབ་དགྱེས་པའི་ཏིང་འཛིན་གྱིས། ། ཚོགས་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཆེན་པོ་ནི། ། བདག་པོ་ཁྲོ་བོ་ཆེན་པོའི་སྐུ་ཉིད་དུ། ། གསང་སྔགས་འདི་ཡིས་ཡོངས་རྫོགས་བྱ། ། ཨོྃ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ། མ་ཧཱ་ཙ་ཎ་ཌ་སརྦྦ་དུཥྚ་ན་ཕཊ། ། དཀྱིལ་འཁོར་བདག་པོ་རྔམ་བརྗིད་ཆ་ལུགས་དང་། ། འབར་ བའི་མེ་འོད་དམར་གསལ་འཕྲོ་བའི་མདངས། །
BO
དབུ་ལྔ་ཕྱོགས་བཞིར་ལས་བཞིའི་ཚུལ་དུ་བཞུགས། ། དབུ་མ་མཉམ་ཉིད་བདེ་བ་དབྱིངས་སུ་གཟིགས། ། རལ་པའི་སྲིད་རྩེ་མེ་འོད་བཞིན་དུ་འབར། ། སྨིན་མ་ཁྲོ་གཉེར་སྨ་ར་སོགས་མྱུར་བ། ། ལུས་ཐུང་སྐུ་རྒྱན་གྱད་ཀྱི་ཆ་ བྱད་ལ། ། {བཅྭ་,བཅོ་}ལྔའི་སྤྱན་གྱིས་རང་གི་ཡུལ་རྣམས་གཟིགས། ། རྡོ་རྗེ་རིན་ཆེན་ཁྱུང་གི་གཤོག་པས་གཏམས། ། བཅུ་དྲུག་རོལ་པའི་སྤྱན་དང་ཕྱག་མཚན་དང་། ། སྒེག་པོའི་ཞབས་བརྒྱད་ཆས་དང་འཆས་པར་གནས། ། འཇིག་རྟེན་གསུམ་པོ་ཟིལ་གྱིས་གནོན་པའི་ཕྱིར། ། ཁྲོ་བོའི་ཚོགས་བཅས་འགྱིང་བག་ཡུམ་བཅས་གནོན། ། འོད་ཟེར་སྣ་ཚོགས་འཕྲོ་བའི་རྩེ་མོ་ལ། ། བདེར་གཤེགས་རིགས་ལྔའི་སྣང་བ་སྣ་ཚོགས་སྟོན། ། རང་གི་ཞིང་སྦྱོང་དྲག་པོའི་གནས་འདུལ་ཞིང་། ། ཐམས་ཅད་རིགས་ཀྱི་དཀྱིལ་འཁོར་ཆེ་ལ་དགོད། ། ཕྱོགས་བཅུའི་ རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀྱིས། ། ཡབ་ཡུམ་གཉིས་ཀྱི་དགའ་བ་བསྐྱེད་པར་མཛད། ། གནས་སུ་ཉི་ཟླ་པད་དཀྱིལ་ཟླ་བ་ལ། ། སྐུ་གསུང་ཐུགས་ཀྱི་ས་བོན་ཡོངས་རྫོགས་གསལ། ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་ བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོ྅ཧྃ།
BO
ཨོྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། འཁོར་ལོ་འབར་བའི་རྩེ་མོ་དྲུག་རྣམས་ལ། ། མཁའ་འགྲོའི་རྒྱལ་མོ་ཁམ་རྒྱ་ཆེན་མོ་དྲུག ། ཞག་གཅིག་ཕྱག་གཉིས་འཇིགས་པའི་ཆ་ལུགས་ཅན། ། རིགས་དྲུག་མཚན་མ་ཆ་ལུགས་ ཅི་ལྟ་བུ། ། བུདྡྷ་བཛྲ་ཨོྃ། སཏྭ་བཛྲ་ཧཱུྃ། རཏྣ་བཛྲ་ཏྲཱྃ། པདྨ་བཛྲ་ཏྲཱི། ཀརྨ་བཛྲ་ཧ། གྷུ་ན་བཛྲ་ཕཊ། ཕྱི་རོལ་དཀྱིལ་འཁོར་ཁྱབ་པར་སྤྲོས་བྱས་ཏེ། ། འགྲོ་རྣམས་དུད་སོགས་ཁམས་རྣམས་དག་བྱས་ནས། ། རྡོ་རྗེ་འཁོར་ལོ་རིན་ཆེན་པདྨོ་དང་། ། རལ་གྲི་ཁ་ཊྭཱྃ་རྩེ་གསུམ་ དྲིལ་བུ་བཅས། ། གཡོན་པ་བདུད་རྩི་ཐོད་པ་གང་བ་ཐོགས། ། མཁའ་འགྲོ་རབ་གཏུམ་རིགས་ཀྱི་དབུ་རྒྱན་ཅན། ། རང་གི་ཕྲེང་བ་དུར་ཁྲོད་རྒྱན་གྱིས་བཀླུབས། ། ལས་ཀྱི་ཁམ་རྒྱ་སྣ་ཚོགས་གཟུགས་ཀྱིས་བཞུགས། ། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། ། ལོང་ བ་རྒྱབ་འབྲེལ་རྒྱན་རྣམས་རྫོགས། ། སྐུ་མདོག་མཚན་མ་སྣ་ཚོགས་ལ། ། ཕྱག་སྦྲེལ་ཟངས་ཀྱི་ཐོད་པ་ཐོགས། ། ཨོྃ་ཤྲཱི་ཁཱའི་ཨོྃ་ཤྭ་རི་ཁཱའི། ཏྲྃ། ཤྲཱི་ཁཱའི་ཨ། དམུས་ལོང་འཁོར་བ་བཅུ་དྲུག་དག་བྱུང་སྟེ། ། ཐོད་རུས་བར་ཁྱམས་གནས་སུ་བཀོད་པར་བྱ། ། ཨོྃ་ཤྲཱི་ཁཱའི་ཧཱུྃ། ཤྲཱི་ཁཱའི་ཧཱུྃ།
BO
ལྕགས་ཀྱི་སྤྱང་མོ་བརྒྱད་རྣམས་ཡང་སྤྲུལ་བཅས། ། ཡེ་ཤེས་སྤྲུལ་པའི་ཁྱི་བཅུ་རྔམ་པར་འཁོད། ། མེ་རི་སྤྲིན་ལྟར་གཏིབས་པ་རིལ་ཞིང་འཁྲུགས། ། བར་ཁྱམས་ཕྱི་མའི་གནས་ལ་ཀུན་དུ་འཁོད། ། ཨོྃ་ཏིབ་ཏ་ཙཀྲ་ཤྭ་ན་མུ་ མོ་ར་ཁྃ་ཧཱུྃ་ཕཊ། ཀུ་ཀུ་ར་ཡགྴ་ཧཱུྃ་ཕཊ། ། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། ། ཛཿཧཱུྃ་བྃ་ཧོཿ ཕྱག་རྒྱ་ལས། ། མགོ་དགུ་བརྩེགས་པའི་རྐང་གཅིག་པོ། ། མགོ་བརྒྱད་ལག་བརྒྱད་རོལ་པ་དང་། ། མགོ་དྲུག་ལག་དྲུག་རྐང་དྲུག་དང་། ། མགོ་གསུམ་ རྐང་གསུམ་ལག་གསུམ་པོ། ། དཀྱིལ་འཁོར་ཆེན་པོ་སྒོ་བཞི་རུ། ། ཚད་མེད་སྤྲུལ་པའི་ཕྱག་རྒྱས་རོལ། ། དེ་དག་རོལ་པའི་བྱིན་བརླབས་ལས། ། སྟེང་འོག་ཕྱོགས་མཚམས་མ་ལུས་པའི། ། ཐབས་དང་ཤེས་རབ་བྱང་ཆུབ་སེམས། ། མེ་འབྲུག་རླུང་འབྲུག་ ཕྱག་རྒྱས་གསལ། ། རབ་ཏུ་རྫོགས་པའི་ཚུལ་དུ་བྱུང་། ། ཨོྃ་ཛི་ན་ལ་ཏོ་ཙ་རྃ་ཡགྴ་ཀུ་རུ་བན་ཙྪ་ཧཱུྃ་ཕཊ། ། གཞན་ཡང་སྤྲུལ་པའི་དཀྱིལ་འཁོར་ཚོགས། ། བསེ་ཡི་བྱན་ལག་དམར་པོ་དང་། ། དུང་བྱ་ཁྲུང་ཁྲུང་ལ་སོགས་རྣམས། ། འཇིག་རྟེན་ ཙམ་པའི་ཚོགས་ཀྱིས་བསྐོར། ། ཨོྃ་ཧ་ཧ་རུ་རུ་མ་ཧཱ་ཙནྡེ་ཤྭ་རི་བི་ཤ་ན་ཡ་ཧཱུཾ་ཧཱུཾ་ཕཊ། །
BO
ཀུན་གྱི་རྩ་བའི་སྔགས་སོ། ། ཨོྃ་པདྨ་བི་ཏ་སི་ཏོ་ཧེ་ཧེ་ཙཀྲ་བྷྱོ་ཕཊ། ། སྙིང་པོའི་སྔགས་སོ། ། ཨོྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨེ་ཨ་མ་ར་ལི་ཧཱུྃ་ཛ། ཉེ་བའི་སྙིང་པོའོ། ། ཨོྃ་ བྷྱོ་ཨེ་ཨཱ་ར་ལི་ཛ་ཞེས་བརྗོད་པས་ཁྲོ་བོ་འཁོར་ལོ་མ་ལུས་པར་བྱོན་ཞིང་། ། རང་གི་དཀྱིལ་འཁོར་གཉིས་སུ་མེད་པར་གྱུར་ནས། ། ཧེ་རུ་ཀ་ཆེན་པོ་ཉིད་ཀྱི་དཀྱིལ་འཁོར་ཆེན་པོའི་རྒྱུའི་དཀྱིལ་འཁོར་དུ་གནས་ཤིང་། ། རང་གི་དཀྱིལ་འཁོར་རྣམས་དམ་ཚིག་བཀོད་པར་མཛད་ དོ། ། དེ་ནས་སྤྲུལ་པའི་འཁོར་ལོ་ཚོགས། ། མ་ལུས་རོལ་པར་བྱིན་བརླབས་ཤིང་། ། བདུད་དང་གྲགས་བྱེད་རྨོངས་བྱེད་ཅིང་། ། རང་གི་གནས་སུ་འདུ་བར་མཛད། ། ཨོྃ་ཧུ་ལུ་ཧུ་ལུ་རྃ་ཛ་ལ་ཨེ་ཨ་ར་ལི་ཛཿཧཱུྃ་བྃ་ཧོཿ། ཨ་ལ་ལ་ཧོ། ། ཨོྃ་མ་ཏྲ་རུ་ཏྲ་ཧ་ལ་ཧ་ལ་ཧཱུྃ་ཕཊ། དུག་ གསུམ་དངོས་པོ་སྦྱང་བའི་ཕྱིར། ། རྔམ་པའི་ཁྲོ་ཚོགས་ཕྱོགས་བཅུར་སྤྲོ། ། ཁྲོ་འཛུམ་ཕྱག་རྒྱ་བསྟན་མཛད་ཅིང་། ། ཧེ་ཧེ་རུ་རུའི་གསང་སྔགས་བརྗོད། ། ཧ་ལ་རྡོ་རྗེའི་གད་རྒྱངས་ཀྱིས། ། བདུད་དང་སྲིན་པོ་ལ་སོགས་བརྒྱལ་བར་མཛོད། ། ཨོྃ་སརྦ་པ་པ་ཀ་ར་ཧེ་ཏ་པ་བྱི་ཤ་ མ་ཏ་རུ་ཏྲ་ཧཱུྃ་ཕཊ།
BO
ཨོྃ་སརྦ་པ་པ་ཧེ་ཏ་བ་བྱི་ཤ་ཁ་ཏང་རུ་ཏྲ་ཧཱུྃ་ཕཊ། ཨོྃ་སརྦ་པ་པ་ཀ་ར་ཧེ་ཏ་པ་བྱི་ཤ་ཁ་ཏང་རུ་ཏྲ་ཧཱུྃ་ཕཊ། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ཕོ་ཉའི་ཚོགས། ། དཔལ་ཆེན་རྡོ་རྗེ་ཐོག་ཐོག་སེར་ཆེན་འབེབས། ། ཧཱུྃ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་ བ་འཇིག ། ཧཱུྃ་དང་ཕཊ་ཀྱི་བྱིན་བརླབས་བསམ་མི་ཁྱབ། ། རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམས། ། རྡོ་རྗེ་མཚོན་ཆ་གནམ་ལྕགས་ཐུ་ལུམ་འདྲིལ། ། གསང་སྔགས་ལོག་པར་ལྟ་བའི་བདུད་རྣམས་འཇོམས། ། རྡོ་རྗེ་སེར་ཆེན་ཐོག་བཅས་འབར་ཞིང་འཁྲུགས། ། ཉམས་ པའི་སྙིང་དང་དབང་པོ་ཐལ་བར་རློག ། ཡེ་ཤེས་ཐུགས་རྗེ་ཨ་ལ་ལ། ། ཨོྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་བྷནྡྷ་བྷནྡྷ། གརྫ་གརྫ། ཧ་ལ་ཧ་ལ་ཧཱུྃ་ཕཊ། ། དེ་ནས་བདུད་དང་རུ་ཏྲ་བཅས། ། རྡོ་རྗེ་མཚོན་ཆས་བསྒྲལ་བསྒྲལ་ནས། ། འཁོར་གྱི་ལོངས་སྤྱོད་རོལ་མཛད་ཅིང་། ། ཤ་ཁྲག་ནང་ གྲོལ་བདུད་རྩི་དང་། ། རུས་རྐང་དབང་པོར་བཅས་པ་ལ། ། ཚོགས་ཀྱི་ལོངས་སྤྱོད་སྟོན་མོར་མཛད། ། ཀུན་གྱི་དགྱེས་པ་རྡོ་རྗེའི་གླུས། ། མཐུན་པར་སྒྲ་དབྱངས་གཅིག་གིས་བསྟོད། ། ཐུགས་རྗེ་རྣམ་དག་པདྨའི་རང་བཞིན་ལས། ། ཐུགས་ཀར་ལྃ་ལས་སྤྲུལ་པའི་བྱང་ཆུབ་ སེམས། །
BO
ཕྱོགས་བཞི་དབུས་ལྔར་བརྗིད་པའི་སྐུ་མཆོག་ནི། ། གྲུབ་པའི་སངས་རྒྱས་མཁྱེན་པའི་ཡེ་ཤེས་ལྔ། ། དཔལ་ལུས་ཁྱད་པར་འཕགས་པ་ཞལ་གྱི་དབྱིངས། ། དབང་མཆོག་ལྷུན་གྱིས་གྲུབ་པའི་རྟ་སྐད་ཅན། ། ཐར་ལམ་ཐུགས་རྗེ་ཐབས་མཁས་སྤྲུལ་པ་ཡི། ། ཡེ་ ཤེས་བྱིན་བརླབས་ཁྲོ་རྒྱལ་འབུམ་དུ་སྤྲུལ། ། སྨིན་མཛད་སྨོན་ལམ་ཡུན་{རིངས་,རིང་}གྲུབ་པ་ཡི། ། དམིགས་པའི་མཐའ་བྲལ་པདྨ་ཡུམ་གྱི་ཚུལ། ། ཆོས་རྣམས་མ་ལུས་གསལ་བར་གཟིགས་པའོ། ། ཆགས་མེད་ཐུགས་རྗེ་པདྨའི་ཚུལ། ། སྒྲ་སྐད་ཐམས་ཅད་མཐའ་ལས་ གྲོལ། ། ཟབ་དང་རྒྱང་རིང་ཆོས་ཀྱི་དོན་རྣམས་མཚན་ཉིད་ལས། ། ཤངས་ཀྱི་རླུང་སྒྲོམ་དུག་གསུམ་རྩད་ནས་ཆོད། ། ཞལ་གྱི་ཧྃ་ལ་འབྲེལ་པས་རྒྱུད་ལྔ་གཅོད། ། རྣོ་དབལ་མཆེ་བ་སྐྱེ་ཤི་རྩད་ནས་གཅོད། ། ལེ་བརྒན་ལྗགས་ཀྱི་གསུང་སྒྲ་རྒྱ་མཚོར་འཆད། ། རོལ་པའི་ཕྱག་གིས་འགྲོ་བ་འདུལ་ལ་མཁས། ། གཤོག་བཞི་བསྐྱོད་པས་ཕྲིན་ལས་རྣམ་བཞི་མཛད། ། ཞབས་རོལ་པས་ནི་ཟིལ་གནོན་མཛད་པའི་ཚུལ། ། སྐུ་ཆེ་ཡན་ལག་རགས་པ་རི་བོ་བཞིན། ། ཐུགས་མཆོག་ཡེ་ཤེས་སྟོང་ཉིད་ཉི་མ་བདལ། ། ཡེ་ཤེས་ ལྷ་མཆོག་བྱིན་བརླབས་འབྱུང་བའི་གནས། ། ངོ་མཚར་རོལ་པས་ཁྲོ་བོ་ཀུན་གྱི་རྗེ། །
BO
དཔའ་བོ་སྐུ་མཆོག་མངའ་ལ་ཕྱག་འཚལ་བསྟོད། ། དེ་ནས་བདེ་ཆེན་དབང་གི་སྐུས། ། འཁོར་ལོ་དམ་ཚིག་སྒྲོགས་མཛད་ཅིང་། ། རྡོ་རྗེ་གསང་བའི་སྐུ་གསུང་ཐུགས། ། གསལ་བར་ བྱིན་བརླབས་བསྐྱེད་པར་མཛད། ། ཨོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། པ་ཧོ་ཀ་ཀ་མ་ལ་སུ་ཏ་ས་ཧཱུྃ། ཨོྃ་བཛྲ་ས་མ་ཡ་ཀྲོ་དྷ་ས་མ་ཡ་ཨོྃ་ཨཱཿཧཱུྃ། མ་ཧཱ་ཡོ་གི་ཙིཏྟ་རྃ་བ་རཀྟ་མ་ལ་ཁཱའི་ཁཱའི་ཧཱུྃ། ཨོྃ་ཁ་ཁ་ལེ་ལ་རུ་ལུ་རུ་ལུ་ཧཱུྃ་ཕཊ། ཨི་དྷ་ན་ས་མ་ ཡ་ཨ་ལ་ལ་ཧོ་ཞེས་རྡོ་རྗེའི་གླུ་བླངས་སོ། ། པདྨོ་གར་མཛད་དོ། ། བདེ་བ་ཆེན་པོས་མཆོད་པས་ཚིམ་པར་འགྱུར་རོ། ། དེའི་དུས་ན་བདུད་ལ་སོགས་པ་རྣམས་བསྒྲལ་བའི་ཚོགས་རྣམས་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བརྒྱན་ཏེ། ། དབང་བསྐུར་ བའི་མཐུ་སོགས་ཀྱིས། ། བདག་པོ་རིག་འཛིན་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བར་འགྱུར་རོ། ། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ་འཁོད་ཅིང་གསང་བའི་དཀྱིལ་འཁོར་འཛིན་པར་གྱུར་ཏོ། ། དེའི་འཁོར་རྣམས་ཀྱང་དམ་ཚིག་གི་སྙིང་པོ་བླངས་ན་བྲན་དུ་མཛད་པར་ཁས་བླངས་ སོ། ། སྙིང་པོ་བརྗོད་པ་ནི། ། མ་མ་ཏྲག་ཤ་རུ་ཏྲ་མ་མ་བྷྱོ། སླར་བསྒོ་བའི་སྔགས་ནི།
BO
ཨོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་པདྨ་ཧྲྀ་དྡྷ་རུ་རུ་ཧཱུྃ་བྷྱོ་ཧཱུྃ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་གསང་ཆེན་འདུས་ པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ། ། ། ། དེ་ནས་བཅོམ་ལྡན་གར་དབང་གིས། ། རིགས་ཀྱི་དཀྱིལ་འཁོར་བསྡུ་མཛད་ནས། ། བདག་དང་གཉིས་མེད་རོལ་པའི་མཐུས། ། ཁྲོ་བོའི་རྒྱལ་པོ་སྐུ་ཆེན་དག ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ། གསང་གསུང་ དམ་ཚིག་ཕྱག་རྒྱ་ཆེ། ། དཀྱིལ་འཁོར་རྒྱུ་ཡི་དམ་ཚིག་སྐུ། ། བཀོད་པའི་དཀྱིལ་འཁོར་མཛེས་པའོ། ། ཆོས་དབྱིངས་ཡོན་ཏན་འབྱུང་གནས་གཞལ་ཡས་ཁང་། ། རྒྱལ་བའི་དཀྱིལ་འཁོར་རིགས་ཀྱི་ཅོད་པན་ཅན། ། རིགས་ཀྱི་དབང་ཕྱུག་སྐྱེ་འགྲོ་མ་ལུས་སྒྲོལ། ། རྡོ་རྗེ་ བཀོད་པ་རྒྱན་གྱི་དཀྱིལ་འཁོར་ཆེ། ། དབང་པོ་ཡུལ་ཚོགས་རིགས་ཀྱི་སྐུ་ལྔར་ལྡན། ། ཤེས་རབ་ཐབས་དང་མི་གཉིས་འདུ་འབྲལ་མེད། ། དུས་གསུམ་ཅིག་ཆར་སྒྲོལ་བས་ཚར་གསུམ་རྒྱན། ། ཁམས་གསུམ་ཡོངས་སྒྲོལ་མཛད་ཀྱི་རྒྱན་དུ་ཆེ། ། མི་གནས་མྱ་ངན་ གསུང་རབ་རྒྱ་མཚོ་སྒྲོགས། ། མ་བསྒྲིབས་མ་གསལ་གོ་འཕང་མཛེས་པར་མཐོང་། །
BO
མི་ལྡོག་ཡུལ་སྒྲོལ་སྟབས་དྲུག་མཛེས་པར་མགྱོགས། ། གར་ཡང་ཐོགས་མེད་བྱིན་བརླབས་ཤུགས་དང་ལྡན། ། འཚེར་སྐད་གདངས་སྙན་མ་སྲིང་སྤྲོ་བ་འགྱེད། ། ཁམ་དམར་ རལ་པའི་དབུས་ནས་དབུགས་འབྱུང་བ། ། དཔྲལ་བ་ཞུར་པོ་བརྗིད་པའི་ཁྱད་པར་དང་། ། རྟ་མགྲིན་འོད་འབར་གསལ་བའི་ཁྱད་པར་ནི། ། དོན་མཆོག་ཁྱད་པར་ཡོན་ཏན་རྨད་དུ་བྱུང་། ། ལྗང་གུ་མེ་འབར་རྟ་མགོའི་རང་བཞིན་ནི། ། འགྱུར་མེད་ཡེ་ཤེས་ཇི་བཞིན་གསལ། ། བྱམས་པའི་མདངས་ཀྱིས་ཁམས་གསུམ་ཁྱད་པར་གཟིགས། ། རྡོག་མ་ལེ་བརྒན་འབར་བའི་ཁྱད་པར་མཆོག ། སྟུག་པོ་བཀོད་སོགས་ཞིང་ཁམས་རབ་འབྱམ་ན། ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཁྲོ་བོ་ཀུན། ། ཞིང་ཁམས་གསུམ་དག་མ་ལུས་དབང་དུ་སྡུད། ། ཤེས་ རབ་ཐབས་སུ་འབྲེལ་པའི་རྟ་སྐད་ནི། ། གྲུབ་པའི་དཔལ་ཚོགས་ཚངས་པའི་རྟ་དབྱངས་ཡིན། ། དང་པོའི་གདངས་ཀྱིས་རྒྱལ་བའི་ཞིང་ཁམས་སྒྲོགས། ། གདངས་སྐད་གཉིས་པ་རི་རབ་རྩེ་ལ་འཚེར། ། གསུང་སྙན་གདངས་གསུམ་སྙན་པའི་ཁྱད་པར་ནི། ། བཅུ་དྲུག་སླད་མའི་ངན་ རྟོག་ཐར་ལམ་སྟོན། ། སྤྱན་མིག་གློག་ལྟར་འགྱུ་བ་ཆེར་འཕགས་ཤིང་། ། ཤ་ཁྲག་རློན་པ་ཟ་བའི་སྲིན་པོ་འཇོམས། །
BO
འཚེར་ཅན་ཡིད་ལ་གདུང་བའི་རྟ་སྐད་ནི། ། མུན་མཐུའི་འགྲོ་བ་མ་ལུས་གསལ་བར་མཛད། ། རྒྱུ་དབྱིངས་གྲངས་དང་གཟིགས་ཐབས་རྟོག་པའི་དོན། ། ཧཱུྃ་ལས་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། ། གནས་ནི་སྣ་ཡི་དབུགས་{རིངས་,རིང་}དྲོ་བ་ལགས། ། ཕྱག་རྒྱའི་དཀྱིལ་འཁོར་རྣམ་པར་འཕྲུལ་པ་འབྱུང་། ། ཤངས་ཀྱི་རླུང་སྒྲོམ་ཡངས་པས་ཡེ་ཤེས་སྲོག ། གསང་བའི་ཚུབ་མས་སྡུག་བསྔལ་སྙིང་ནས་འབྱིན། ། རྒྱ་ཆེན་ སྤྲུལ་པས་བག་ཆགས་ཚར་གཅོད་དེ། ། འཁོར་བའི་རྒྱ་མཚོ་ལུགས་ལས་བཟློགས་པ་ཡི། ། རིགས་ཀྱི་རླུང་གིས་དུག་ལྔ་དབྱིངས་སུ་སྒྲོལ། ། ཟླུམ་དཀར་གཟངས་{རིངས་,རིང་}རྣོ་དབལ་ཚེམས། ། ཞལ་དུ་བདར་བའི་བྱང་ཆུབ་སེམས། ། མ་སྐྱེས་ཆོས་ཉིད་ཀུན་ལ་རོལ། ། ཞི་ རྒྱས་དབང་སྡུད་དྲག་པོ་ཡི། ། ཅིར་ཡང་འགྱུར་བའི་ཧོམ་ཁུང་སྟེ། ། ལས་ལྔ་འབྲེལ་བའི་ཞལ་ཞེས་བྱ། ། འཁོར་བ་ཡོངས་སུ་སྨིན་པ་དང་། ། ལས་{མངས་,མང་}ཉོན་མོངས་དབང་བཙན་དང་། ། སྐྱེ་བ་མི་སྐྱེ་ལུང་མ་བསྟན། ། དེ་སྨིན་མཛད་པ་ཆེན་པོ་ཡི། ། འཇོག་ལྡོག་ཅིར་ཡང་ གྱུར་པ་དང་། ། རྗོད་བྱེད་གཉིས་ཀའི་བསྟན་གྱུར་ནས། ། འབྱར་ཞིང་བསྐྱོད་པས་ལྗགས་ཉིད་དོ། །
BO
ཡིག་འབྲུའི་རྒྱུ་ཉིད་བདེར་གཤེགས་ཐུགས། ། རྡོ་རྗེ་མྱུ་གུ་ཏིང་འཛིན་ཐུགས། ། འོད་ཉིད་ཉོན་མོངས་རྣམ་དག་འཇོམས། ། རིག་བྱེད་ཡེ་ཤེས་ཕྱག་རྒྱ་དང་། ། ཡིག་འབྲུ་ས་བོན་ཕྱག་རྒྱ་དང་། ། ཡོན་ཏན་རྫོགས་པའི་ཕྱག་རྒྱའོ། ། སྲིད་པ་གསུམ་སྟེ་ལྟ་བ་དང་། ། རྒྱུད་དང་ལས་ཀྱི་རིམ་པའོ། ། དེ་ཕྱིར་ཡེ་ཤེས་རོལ་པའི་དབྱིངས། ། སྙིང་པོ་ཕྱག་མཚན་ཕྱ་མོ་དག ། བསྟན་པར་གྱུར་ནས་མཁའ་ཡི་དབྱིངས། ། ཆོས་སྐུ་ཆུ་ཡི་ཟླ་ བ་བཞིན། ། སྣ་ཚོགས་སྣང་ལ་རང་བཞིན་མེད། ། དུར་ཁྲོད་ཆེན་པོའི་གནས་ཀུན་དུ། ། གར་གྱི་དབང་ཕྱུག་རྣམ་པར་རོལ། ། ཤར་དུ་རོལ་པའི་ཕྱག་བཞི་མཚན་མ་ནི། ། ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་འབར་བ་དང་། ། རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པས་རོལ། ། དེ་བཞིན་ ལྷོ་ལ་སོགས་པའི་ཕྱག་ཀྱང་བཞི། ། ཐོད་པ་ཁྲག་བཀང་རྡོ་རྗེ་ལུ་གུ་རྒྱུད། ། རྡོ་རྗེ་བེ་ཅོན་ཐོད་རློན་འཛིན་པར་རོལ། ། མེ་ཡི་ཞགས་པ་དག་དང་ཁྱུང་གི་ཁྲ། ། སྡིགས་འཛུབ་རྩེ་ལ་ཡེ་ཤེས་འབར། ། རྡོ་རྗེ་ཁ་ཊྭཱཾ་ག་ནི་རབ་ཏུ་འཁྲོལ། ། རྡོ་རྗེ་རྩེ་དགུ་རྩེ་ལྔ་གདེངས་པ་དང་། ། རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེག །
BO
ཡེ་ནས་མ་སྐྱེས་དང་བའི་ཆོ་འཕྲུལ་སྟོན། ། ཡེ་ཤེས་ལྔ་ཡི་ཡོན་ཏན་ཁྱད་པར་ནི། ། རིན་ཆེན་དྲ་བ་སངས་རྒྱས་སྟོང་གིས་བརྒྱན། ། ཀླུ་རྒྱལ་ནག་པོ་འདྲ་བའི་ཐབས་ཤེས་ཀྱིས། ། རྩེ་བ་རྣམ་ཐར་སྒོ་གསུམ་སྐུ་ གསུང་ཐུགས། ། སྤྲུལ་པའི་དོན་མཛད་དཀྱིལ་འཁོར་སྣ་ཚོགས་སྟོན། ། གསང་བའི་ཡུམ་བཞིས་སྐུ་ལ་འཁྲིལ་བྱེད་ཅིང་། ། བྱང་ཆུབ་སེམས་བཞི་དེ་ཉིད་སྟོན་པར་བྱེད། ། རྡོ་རྗེ་དྲ་བས་རིན་ཆེན་གློག་འགྱུ་བ། ། ཁྱུང་གཤོག་ཨ་མོ་ཐེབ་གཤོག་སྡེར་མོ་ཅན། ། སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐུགས་རྗེ་ཤར། ། ཐབས་ཀྱི་རྣམ་པར་འཕྲུལ་པས་གཡས་ནས་བརྐྱང་། ། སྲིད་གསུམ་མ་རིག་མུན་པ་སེལ་བྱེད་པའི། ། ཤེས་རབ་ཟླ་སྟོང་རྩ་གཉིས་གཡོན་ནས་ཁྱབ། ། ཐབས་དང་ཤེས་རབ་འབྲེལ་པའི་བྱིན་བརླབས་ཆེ། ། སྤྲུལ་ པ་འཕྲོས་པས་དུག་གསུམ་རྒྱུན་མི་འཆད། ། སྣ་ཚོགས་རོལ་པའི་ཕྱག་རྒྱ་ཞེས་པ་ཡི། ། ཕྲིན་ལས་བརྒྱད་ཀྱིས་བདག་ཉིད་སྐུ་ཆེ་བའི། ། དཔའ་བོ་སྟག་གིས་སྟེང་ཕྱོགས་འདུལ་ཞབས་བརྒྱད། ། རྒྱ་བྱེའུ་ལྕགས་ཀྱིས་ཤར་ལྷོའི་ཞབས་བརྒྱད་དེ། ། རྡོ་རྗེ་འཆོལ་བས་ལྷོ་ ཡི་ཕྱོགས་ན་བརྗིད། ། བསེ་ཁྲབ་སྨུག་པོས་ལྷོ་ནུབ་རྐང་པ་བརྐྱང་། །
BO
སྣ་ཚོགས་བརྗིད་པས་བྱང་ཤར་མཚམས་སུ་གྱོན། ། ཤུ་ཀན་དར་གྱིས་བྱང་ཤར་ཞབས་མཛེས་ཤིང་། ། མཆེ་བ་དམར་པོས་ནུབ་བྱང་བརྒྱངས་པའི་གདན། ། སྦྲུལ་ནག་འཁྲིལ་པའི་ཞབས་ཀྱིས་འོག་ ཕྱོགས་འདུལ་བར་མཛད། ། ཁྲོ་བརྒྱད་གནོན་ཅིང་གཟིར་བས་ཞབས་བརྡེབས་ཤིང་། ། དུག་ཆེན་བཅོམ་ཞིང་སྒལ་ཚིགས་གནོན། ། བྲང་གནོན་ལྡན་པ་འཇོམ་ཞིང་འཇིགས་མཛད་དང་། ། འཁོར་གྱི་སྐུ་ལ་སྦས་པས་ཡེ་ཤེས་གསལ། ། སྐུ་ཉིད་འཁོར་ལ་སྦས་པས་དབྱིངས་ ཀྱིས་བརྒྱན། ། ཐུགས་རྗེ་རོལ་པས་གཞལ་ཡས་ཁང་དུ་བསྟན། ། ཕྲིན་ལས་རོལ་པས་ཧཱུྃ་མཛད་ཧཱུྃ་གིས་བརྒྱན། ། ས་བཅུ་ཟིལ་གནོན་སྟོབས་བཅུའི་དབང་དང་ལྡན། ། དེ་ནས་གར་གྱི་དབང་ཕྱུག་ཆེ། ། དམ་ཚིག་གར་གྱི་བྱིན་བརླབས་ཀྱིས། ། རྒྱུན་གྱི་ཏིང་འཛིན་ལ་གནས་ ནས། ། ཡུམ་ཆེན་གཟི་ལྡན་དགྱེས་པར་མཛད། ། དམ་ཚིག་ཆེན་པོའི་ཕྱག་རྒྱ་ནི། ། མཉེས་མཛད་གཟི་ལྡན་དབང་ཕྱུག་མ། ། ཇི་སྙེད་བུད་མེད་སྣ་ཚོགས་དང་། ། གསུང་གི་རྡོ་རྗེ་མི་སྨད་དོ། ། གཙོ་བོ་རབ་ཏུ་གདུངས་པ་ལ། ། རབ་ཏུ་སྨྲ་བར་གང་བྱེད་པ། ། སྒེག་པའི་ཚིག་ གིས་བརྒྱན་ནས་སུ། ། སྲི་ཞུའི་སེམས་ཀྱིས་གདུངས་པ་ལ། ། ཡེ་ཤེས་ཚོགས་ཀྱིས་རབ་བསྐོར་བའི། །
BO
ལྷ་མོའི་ཚོགས་རྣམས་བསྐོར་བྱས་ཏེ། ། རང་གི་ཕྱག་རྒྱའི་དཀྱིལ་འཁོར་དུ། ། གཉིས་མེད་མཉམ་པའི་རྒྱ་གཞི་གདབ། ། བྱང་ཆུབ་སེམས་ཚོགས་གསལ་བའི་ རྒྱུན། ། ཐིམ་པའི་དཀྱིལ་འཁོར་དོན་ཆེན་གསལ། ། དབྱིངས་ཕྱུག་སྤྲུལ་ཚོགས་བསམ་ཡས་དག ། ངེས་པའི་ཡེ་ཤེས་རོལ་པའི་སྐུ། ། སྟོང་གསུམ་དབང་པོར་གདོན་མི་ཟ། ། འཇིག་རྟེན་གསུམ་གྱི་འབྱུང་གནས་མཆོག ། དུས་གསུམ་ཀུན་གྱི་གནས་དང་ རྟེན། ། ཕྱོགས་བཅུ་དཀྱིལ་འཁོར་ཐམས་ཅད་ན། ། དམ་ཚིག་ཆེན་པོ་དེ་ཉིད་མང་། ། ཕྱི་ནང་གསང་བའི་མཐར་ཕྱིན་པ། ། ཐམས་ཅད་པདྨོ་རྣམ་དག་པས། ། ཆོ་འཕྲུལ་རྣམ་ཀུན་དེ་བཞིན་ཉིད། ། ཐུགས་རྗེ་ཆགས་པའི་ཕྲིན་ལས་ཀྱིས། ། དབང་དྲག་ ཕྲིན་ལས་གནོད་སྦྱིན་གནས། ། གཉིས་མེད་འབར་བས་ཐམས་ཅད་སྲེག ། ལས་དང་བག་ཆགས་སྒྲིབ་སོགས་ཀུན། ། གནས་ནས་གཤེགས་མཛད་ཡེ་ཤེས་ཚོགས། ། ལྷུན་གྱིས་དང་བས་ཀུན་དུ་འཇོམས། ། སྙིགས་མ་ལྔ་བརྒྱ་དུས་ཀྱི་མཐའ། ། སྲིད་གསུམ་སེམས་ ཅན་འདུལ་དཀའ་བ། ། འཕྲོ་འདུ་འཁྱིལ་བའི་འོད་མདངས་མཛད། ། འཇིག་རྟེན་མཁྱེན་དང་མྱ་ངན་འདས། ། གཉིས་མེད་ཐུགས་ཀྱིས་ས་ལེ་མཁྱེན། ། དེ་ལྟར་དགོངས་པའི་ཁྱད་པར་དེ། ། འགྲོ་བ་མཐའ་དག་འདུལ་དོན་དུ། །
BO
རྣམ་པར་ཐར་པ་དབུ་གསུམ་བསྟན། གཡས་དཀར་གཡོན་དམར་དབུས་མཐིང་ག ། ཡེ་ཤེས་དྲུག་གི་ཕྱག་མཚན་ནི། ། གཡས་པས་རྡོ་རྗེ་རྡེའུ་ཆུང་དང་། ། མདུང་རྩེ་གསུམ་པ་འཛིན་པས་རོལ། ། དྲིལ་བུ་རྒྱུ་ཞགས་ཐོད་རློན་གཡོན། ། བསྐལ་པའི་མེ་རི་སྦྲུལ་ཞགས་དང་། ། ཐོད་རློན་ཕྲེང་བ་རྒྱན་དུ་ བྱས། ། སྒེག་པ་དཔའ་བོ་འཇིགས་སུ་རུང་། ། དགོད་དང་གཤེ་དང་འཇིགས་པར་བྱེད། ། སྙིང་རྗེ་རྔམ་དང་ཞི་བའི་སྐུ། ། སྐུ་གསུང་ཐུགས་ཀྱི་གར་ཐབས་ཅན། ། འཇིགས་བྱེད་ཁྲོ་བོ་རྣམ་པར་རྒྱལ། ། སྐྱེ་བ་མེད་པའི་ཆོས་དབྱིངས་སུ། ། མཚན་མ་མེད་པའི་ཆོས་ བཤད་པས། ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱལ། ། ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས། ། མི་འཇིགས་སྟོབས་མཆོག་གདན་སྟེངས་ན། ། སངས་རྒྱས་ཞིང་ཁམས་ཐམས་ཅད་དུ། ། ཟབ་མོ་རྒྱ་ཆེན་ཆོས་མ་བསྟན། ། དངོས་དང་དངོས་མེད་གསལ་བྱེད་ པས། ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། ། སྤྲུལ་པ་འགྲོ་མང་དོན་གྱི་ཕྱིར། ། ཕལ་མང་བཀོད་པའི་ས་རྣམས་སུ། ། དངོས་པོ་མཚན་མ་རྣམ་འཕྲུལ་གྱིས། ། བྱ་བ་གྲུབ་པའི་ཡེ་ཤེས་ཚོགས། ། ཐམས་ཅད་མཚན་མ་ནམ་མཁའི་དངོས། ། དེ་ཉིད་སྒྲོ་བཏགས་ ཆོས་དང་བྲལ། ། ཀུན་ལྡན་བྱམས་སེམས་དེ་ཁོ་ན། །
BO
རང་བཞིན་དག་པ་དྲི་མ་མེད། ། ཧེ་རུ་ཀ་ཡི་བདེ་ཆེན་དབྱིངས། ། ཆོས་རྣམས་ཀུན་གྱི་རྒྱུ་ཡིན་དེ། ། འོད་གསལ་བ་ཡི་གནས་འཇུག་པས། ། རྣལ་འབྱོར་ཆེན་པོ་ཞེས་བྱ་བཤད། ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དགོངས་པ་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། དཀྱིལ་འཁོར་རྒྱུའི་དོན་ཕྱུང་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ། ། ། ། དེ་ནས་བཅོམ་ལྡན་དཔལ་གྱི་སྐུས། ། གར་གྱི་དབང་ཕྱུག་ལྷུན་གྲུབ་མཆོག ། ཐུགས་རྗེ་བརྗིད་ པའི་སྟོབས་ལྡན་པས། ། ཡོན་ཏན་ཁྱད་པར་བསྟན་པའི་ཕྱིར། ། ནམ་མཁའི་རི་མོ་ཕྱག་རྒྱའི་རྔོམ། ། ཅིར་ཡང་འགྱུར་བའི་བཞུགས་པའི་རྔོམ། ། ཟིལ་གྱིས་གནོན་པའི་གནས་མཆོག་རྔོམ། ། ཚམ་ངམ་ཆེན་པོའི་སྟང་སྟབས་རྔོམ། ། སྐུ་མདོག་བརྒྱད་ཀྱིས་ བརྗིད་པའི་མཆོག ། ཕྱག་རྒྱའི་དོན་དང་ལྡན་པའི་སྐུ། ། ཧྃ་ལྔ་འབྲེལ་པར་གྱུར་པའི་ཞལ། ། ཟླ་ཁམ་ཅིར་ཡང་འགྱུར་བའི་ལྗགས། ། སྐྱེ་ཤི་རྩད་ནས་གཅོད་པའི་ཚེམས། ། རྣམ་པའི་འབྲུག་ལྟར་སྒྲོགས་པའི་དབྱངས། ། ཏིང་འཛིན་ནམ་མཁའི་སྐར་ཚོགས་བཞིན། ། ཕྲིན་ལས་རྒྱ་མཚོ་རླབས་ཚོགས་ལྟར། ། བྱིན་བརླབས་ཆོ་འཕྲུལ་སྤྲིན་ཕུང་ཚོགས། ། མཛད་པའི་རོལ་མོ་གར་ཐབས་རྔམ། །
BO
བདུད་དང་སྲིན་མོ་འཛོམས་བྱེད་རྣམས། ། ཁམས་གསུམ་ཟིལ་གྱིས་གནོན་པའི་གདན། ། སྟོང་གསུམ་དུས་གཅིག་བསྒྲལ་བའི་ཞིང་། ། རྟོག་པ་འཇོམས་པའི་བརྟུལ་ཞུགས་མཆོག ། སྐུ་གསུང་ཐུགས་མཆོག་ཡོན་ཏན་ནི། ། རྔོམ་བརྗིད་སུམ་ཅུ་རྩ་དྲུག་མངའ། ། རྒྱ་ཆེན་ཡན་ལག་རགས་པས་བརྗིད། ། གྲངས་མ་རྐྱེན་དང་འཚམ་པས་བརྗིད། ། བཀུར་གཤོག་གཙོ་བོ་མཐོང་བས་བརྗིད། ། ཁྱད་ ཞུགས་བླ་མ་ཡིན་པས་བརྗིད། ། གདངས་ཆེན་སྟོང་གསུམ་གང་བས་བརྗིད། ། གསལ་བས་མཐའ་གཉིས་ཡངས་པས་བརྗིད། ། ཐུགས་རྗེ་ཐུགས་དམ་མཐར་ཕྱིན་བརྗིད། ། མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད། ། མ་ འགགས་ས་ལེ་མཁྱེན་པས་བརྗིད། ། མེད་ལ་ཟད་མི་ཤེས་པས་བརྗིད། ། གཅིག་ལ་འདོད་དགུར་སྒྱུར་བས་བརྗིད། ། གནོད་སྦྱིན་ཕམ་པར་མཛད་པས་བརྗིད། ། ཐབས་མཁས་སྐྱོན་གྱིས་མ་གོས་བརྗིད། ། རིམས་བྲལ་ཉམ་ཐག་རོལ་པས་བརྗིད། ། འཁོར་བ་ཡུན་{རིངས་,རིང་}མགོན་མཛད་བརྗིད། ། ཅིག་ཆར་ཟིལ་གྱིས་གནོན་པས་བརྗིད། ། བྱ་བའི་ཡེ་ཤེས་རྫོགས་པས་བརྗིད། ། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། ། ཟིལ་གནོན་ང་རྒྱལ་བཅག་པར་བྱ། ། དེ་སུ་རོ་ཡི་ནང་ནས་ནི། ། གློག་འགྱུ་ལྕེ་ནི་ལན་ གསུམ་འབྱུང་། །
BO
སོ་འམ་སེན་མོ་གཅད་པར་བྱ། ། དེ་ཉིད་རལ་གྲི་བཟང་པོར་འགྱུར། ། རྣལ་འབྱོར་པ་ཡི་གྲངས་བཞིན་དབྱུང་། ། དེ་ཐོགས་ནམ་མཁའ་ལ་སོང་ནས། ། རིག་པ་འཛིན་པའི་སྔགས་བརྗོད་བྱ། ། ཨོྃ་བྷཱུ་རུ་ན་ར་ས་མ་ཏ་ཡ་ཧཱུྃ་ཕཊ། ། གར་གྱི་དབང་ ཕྱུག་ང་རྒྱལ་གྱིས། ། གང་འདོད་གནས་སུ་འགྲོ་བྱ་ཞིང་། ། དྲེགས་བྱེད་ཚོགས་རྣམས་ཟིལ་གནོན་ཏེ། ། བརྟུལ་ཞུགས་སྤྱོད་པས་གླུ་བླང་ཞིང་། ། བརྟུལ་ཞུགས་སྤྱོད་པ་སྣ་ཚོགས་པས། ། ཡུད་ཙམ་གཅིག་ལ་གནས་སུ་དག་པར་བྱེད། ། བཅོམ་ལྡན་པདྨ་ཧེ་རུ་ ཀའི། ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། ། ཇི་ལྟར་སྤྲུལ་ཞིང་ཅིར་ཡང་སྣང་། ། མཚན་ཉིད་གཅིག་ཏུ་མ་ངེས་པས། ། སྐུ་གསུང་ཐུགས་སྤྲུལ་བསམ་ཡས་ཆེ། ། རང་བཞིན་ལས་དང་ཡོན་ཏན་གྱི། ། བྱིན་བརླབས་ཡ་མཚན་སྒྲིབ་མེད་གསལ། ། ཁམས་ གསུམ་ཀུན་ལས་རྩལ་འཕགས་ཤིང་། ། རང་གི་དཀྱིལ་འཁོར་རྣམ་གསལ་ལས། ། བྱིན་བརླབས་འགྲོ་ལ་རྒྱ་ཆེར་སྟོན། ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། ། སྤྲུལ་སྐུ་སྣ་ཚོགས་འདུལ་བའོ། ། ཚིག་གི་གསུང་རབ་རིག་པའི་གསུང་། ། བཞི་ལ་སུམ་ཅུ་ དྲུག་གིས་བརྗིད། ། དུག་གསུམ་སྐུ་གསུང་ཐུགས་ཀྱིས་སྦྱངས། ། དུག་ལྔ་བདེ་བ་ཆེན་པོས་སྤྱད། །
BO
དབྱིངས་ལས་ཡེ་ཤེས་རོལ་པའི་མཐུས། ། སྐྱེ་འགྲོ་མ་ལུས་རྒྱས་བཏབ་ནས། ། རང་བཞིན་དག་པའི་དབྱིངས་སུ་སྦྱོང་། ། རྒྱལ་བ་གང་གི་ཐུགས་རྗེས་ཀྱང་། ། འདི་ལ་སྐྱབས་ སུ་ཡོད་མ་ཡིན། ། སྲིད་པ་གསུམ་དུ་དག་བྱས་ནས། ། སྲིད་པའི་ཕྱག་རྒྱས་ཕྱག་རྒྱ་གསང་བས་འདེབས། ། ཐིག་ལེ་ཆོས་སྐུ་རིག་པའི་མཆོག ། གར་གྱི་དབང་ཕྱུག་ཞེས་སུ་བསྔགས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་ རོལ་པའི་རྒྱུད་ལས། ཁྲོ་བོ་རྔོམ་བརྗིད་སྟོན་པའི་ལེའུ་སྟེ་ཉེར་གསུམ་པའོ། ། ། ། དེ་ནས་འཁོར་གྱི་གཙོ་བོ་མཆོག ། གསང་བའི་བདག་པོ་ལ་སོགས་པས། ། ཡང་དང་ཡང་དུ་ཕྱག་འཚལ་ལོ། ། མཆོད་པ་རྒྱ་ཆེན་ཕུལ་བྱས་ཏེ། ། འགྲོ་བ་བརྩེ་བའི་སེམས་ཅན་ ལས། ། བསྒྲུབ་པའི་རིམ་པ་ཞུ་བར་མཛད། ། བཅོམ་ལྡན་དངོས་གྲུབ་ཀུན་གྱི་བདག ། གདུལ་བྱ་ཀུན་གྱི་དོན་གྱི་ཕྱིར། ། ཐུན་མོང་དངོས་གྲུབ་ཇི་ལྟ་བུར། ། དེ་བཞིན་མཆོག་གི་དངོས་གྲུབ་དག ། བསྒྲུབ་པར་བྱ་བའི་ཐབས་ནི་གང་། ། ལས་ཀྱི་ཆོ་ག་ཅི་ལྟ་བུར། ། ཡན་ལག་ཚོགས་པའི་ལྡན་བྱས་ནས། ། ཚེ་འདི་མཆོག་ཏུ་གྱུར་རམ་ཅི། ། ཐབས་མང་ཆོ་ག་བཤད་པར་བྱ། ། དེ་ནས་བཅོམ་ལྡན་འདས་ཀྱི་དབང་།
BO
། རང་གི་དཀྱིལ་འཁོར་གནས་བཞུགས་ཏེ། ། མ་འོངས་འགྲོ་ལ་ཕན་པའི་ཕྱིར། ། སྐུ་གསུང་ཐུགས་ཀྱི་སྦྱོར་ བ་ལས། ། ངོ་མཚར་འཕྲུལ་པ་འདི་གསུངས་སོ། ། རྒྱལ་བ་ཀུན་གྱི་དམ་ཚིག་ཆེ། ། རྣམ་གསུམ་ཕྱག་རྒྱ་ལ་གནས་ནས། ། ལས་ཀྱི་དངོས་གྲུབ་བསྒྲུབ་པ་ནི། ། གནས་བཟང་དག་ཏུ་བརྩམ་པར་བྱ། ། ཕྱག་རྒྱའི་གྲོགས་ལ་བརྟེན་པ་ན། ། བཟླས་བརྗོད་ཡན་ལག་མ་ ཉམས་པར། ། གསང་སྔགས་ཡི་གེ་བཅུ་བཞི་པ། ། སུམ་འབུམ་དག་ཏུ་བརྗོད་བྱས་ནས། ། རོལ་པ་མཚན་མ་བསྒྲུབ་པའི་ཕྱིར། ། མཆོག་ཆེན་མཚན་མ་མཉམས་པ། ། རབ་བརྟགས་དུར་ཁྲོད་གནས་ནས་བླངས། ། ཁྲོ་བོ་ཆེན་པོའི་ཚམ་ངམ་གྱིས། ། ཡུངས་ཀར་ཐལ་ བ་ལ་སོགས་པས། ། སུམ་བྷ་ནི་ཡི་སྔགས་བརྗོད་ཅིང་། ། {ཡི་དགས་,ཡི་དྭགས་}གཤིན་རྗེ་བསྐྲད་པར་བྱ། ། དེ་ནས་དྲི་ཞིམ་སྦྱར་བ་ཡི། ། དག་བྱེད་ཆུ་ཡིས་ལེགས་བཀྲུས་ཏེ། ། མེ་ཏོག་ཕྲེང་སོགས་རྒྱན་གྱིས་བརྒྱན། ། གསུང་གི་ཕྱག་རྒྱ་བྱིན་བརླབས་ཤིང་། ། དཔའ་བོས་ རང་གི་ཁྱིམ་དུ་བླང་། ། གླུ་དྲུག་དབྱངས་དྲུག་བཅས་པ་ཡིས། ། ཁྲོ་རྒྱལ་རོལ་བའི་བྲོ་ཡིས་སྦྱངས། ། བསྒྲུབ་པའི་དཀྱིལ་འཁོར་ཉམས་དགའི་མཆོག ། རྒྱ་ཁྱོན་འདོམ་གང་ཁྲུ་ཡིས་བསྟོད། །
BO
ཅི་བཞིན་ལ་སོགས་ཆོ་ག་བཞིན། ། རྫས་དང་ས་ གཞི་དག་བྱ་ཞིང་། ། ས་བོན་གནས་པའི་ལས་རྫོགས་ནས། ། བསྲུང་ཞིང་དཀྱིལ་འཁོར་བྲི་བར་བྱ། ། ཡབ་ཡུམ་བསྒྲུབ་པའི་གྲོགས་བཅས་རྣམས། ། དཀྱིལ་འཁོར་ཕྱོགས་བཞིར་གནས་བཟུང་སྟེ། ། མཆོག་ཆེན་དཀྱིལ་འཁོར་ཁ་རུ་བཞག ། བསྲུང་བའི་འཁོར་ ལོ་ལེགས་ལྡན་པས། ། སྟོང་ཉིད་ཏིང་འཛིན་ནས་བརྩམས་ཏེ། ། དཀྱིལ་འཁོར་མཉེས་སོགས་རྫོགས་བྱས་ནས། ། རོ་ལངས་དགུག་ཅིང་གཞུག་བྱ་སྟེ། ། བར་ཆད་མེད་པར་བཟླས་བརྗོད་བྱ། ། ཨོྃ་བི་ར་ན་ཏྲག་ཤ་ཏ་ཧ་ལ་ཏའི་ལོ་མ་ཏ་ཡ་མན་ཏ་ཙན་ཏྲ་ཧཱུྃ་ཕཊ། ཏིང་འཛིན་འོད་ཟེར་གསལ་བའི་རྒྱུན། ། ཟུར་མ་ཆག་པར་བརྗོད་བྱས་ཏེ། ། འབུམ་ཚོ་གཅིག་གིས་གཡོ་འགྱུར་ཞིང་། ། གཉིས་ཀྱིས་འོད་དང་བཅས་པར་སྣང་། ། འབུམ་ཕྲག་གསུམ་གྱིས་སྒྲ་བསྟན་ཞིང་། ། ལངས་ཏེ་ཀུན་དུ་ལྟ་བར་བྱེད། ། དེ་ཚེ་རྣལ་ འབྱོར་དབང་པོ་ཡིས། ། སྐྲ་ནས་བཟུང་ནས་བསྒྱེལ་བྱས་ལ། ། རྟ་མཆོག་སྔགས་ཀྱིས་དབང་དུ་བྱ། ། རྡོ་རྗེ་ཁྱུང་གཤོག་ཕྱག་རྒྱ་ཡིས། ། དོན་གྱི་གསུང་གིས་གོ་བར་སྤྱོད་པས་བྲོ་ཡང་བརྡུང་། ། ཏིང་འཛིན་སྔགས་དང་ཡན་ལག་རྣམས། ། མ་བྲལ་རང་གི་གནས་འོངས་ ཏེ། །
BO
དཀྱིལ་འཁོར་མཐའ་མ་བསྐོར་བྱས་ནས། ། མཆོད་པ་བྲོ་གླུ་དང་བཅས་པས། ། ལྷ་རྣམས་མཉེས་པའི་ཆོ་ག་བྱ། ། དེ་ནས་བརྟུལ་ཞུགས་ཆེན་པོ་ཡིས། ། གོ་ལ་ལང་གྷ་གནོན་པ་ཡིས། ། བྲོ་ལ་སོགས་པ་རྫོགས་བྱས་ནས། ། རོ་དེ་གསེར་དུ་གྱུར་བ་ ཡིན། ། དེ་ནི་མཆོད་དང་སྦྱིན་པ་དང་། ། རང་ལ་དགོས་པའི་ཡོ་བྱད་བྱ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། རོ་ལངས་བསྒྲུབ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ། ། ། ། དེ་ནས་ གར་གྱི་དབང་ཕྱུག་གིས། ། གཟི་ལྡན་ཡུམ་དང་རོལ་མཛད་ཅིང་། ། འཁོར་གྱིས་ཞུས་པའི་ཚིག་གསན་ནས། ། ཐུན་མོང་དངོས་གྲུབ་བཟང་པོ་ཉིད། ། མ་འོངས་འགྲོ་ལ་ཕན་གདགས་ཕྱིར། ། རིམ་པ་བཞིན་དུ་ཕན་གདགས་མཛད། ། དབང་ཐོབ་དམ་ཚིག་ལ་གནས་ པས། ། ཡིད་མཐུན་གནས་མཆོག་བཟང་པོ་རུ། ། མིག་སྨན་སྦྱོར་བ་བསྒྲུབ་བྱས་ཏེ། ། བྱིན་བརླབས་ལྡན་པས་འགྲོ་དོན་བྱས། ། རང་གི་ཏིང་འཛིན་ལ་གནས་པས། ། རང་གི་གསང་སྔགས་འབུམ་རྫོགས་ནས། ། མཚན་མ་ཕྲ་མོ་མཐོང་བ་དང་། ། བསྒྲུབ་པའི་ དཀྱིལ་འཁོར་བརྩམ་པར་བྱ། ། དཀྱིལ་འཁོར་གང་ཡང་རུང་བ་ཡི། ། ཕྱག་རྒྱ་གསང་སྔགས་ཏིང་འཛིན་ལྡན། །
BO
རིན་ཆེན་སྔགས་ཀྱི་བཟླས་བརྗོད་ནི། ། འབུམ་ཕྲག་གསུམ་དུ་གསུང་བར་བྱ། ། ཨོྃ་པདྨ་མ་ཙ་ག་ཧྲུ་ཨ་ལ་ས་མ་ར་སི་ཏི་ཡོ་ན་ཧཱུྃ་ཕཊ། དཀྱིལ་འཁོར་གནས་ཀྱི་རྟགས་མཐོང་ནས། ། གྲོང་མཐའི་གནས་སུ་འགྲོ་བྱས་ཏེ། ། སུས་ཀྱང་མ་མཐོང་མཚན་མོ་རུང་། ། ལྷ་འདྲེ་གཏུམ་པོའི་གྲོང་དུ་བསྡད། ། རང་གི་འཁོར་གྱི་ཚོགས་རྣམས་ཀྱིས། ། མི་རྒོད་བཙན་འབྲང་བསྲུང་བར་བྱ། ། དེར་ནི་བྷན་དྷ་མཚན་ ལྡན་དུ། ། གཟི་ཆེན་མར་ནི་བལྟས་ནས་སུ། ། མཚན་གཅིག་ཡལ་བར་སྔགས་བཟླས་ཤིང་། ། ཏིང་འཛིན་མ་ཉམས་སྦྱོར་བ་བྱས། ། སྐྱ་རེངས་དང་པོ་འཆར་དུས་སུ། ། དུད་པས་བདུགས་ཏེ་བཅང་བར་བྱ། ། གླུ་དང་བྲོ་ཡི་བརྟུལ་ཞུགས་དང་། ། ལྷ་རྣམས་ཀུན་ གྱི་སྟང་སྟབས་ཀྱིས། ། གནས་དེའི་བདག་པོ་དབང་དུ་སྡུད། ། རིག་པ་འཛིན་པའི་སྔགས་ལྡན་པས། ། སླར་ཉིད་མིག་སྨན་ཤས་གཅིག་བྱུག ། དེ་ནས་འཁོར་གྱི་ཚོགས་བསྒོ་ཞིང་། ། སྐྱེ་འགྲོ་ཀུན་ལ་གསང་བར་བྱ། ། པདྨ་བསྒྲུབ་པའི་ཨན་རྫ་ལིས། ། ཅི་འདོད་དངོས་ པོ་མཐོང་བར་འགྱུར། ། གཞན་ཡང་རིལ་བུའི་སྒྲུབ་ཐབས་ནི། ། བདུད་རྩི་ལྔ་ལས་འབྱུང་བ་ཡི། ། རྫས་དག་ཤ་ལྔ་དང་བསྲེས་ཏེ། ། ཐོད་པ་མཚན་ལྡན་ནང་བཞག་ནས། །
BO
དཀྱིལ་འཁོར་རྒྱན་དང་ལྡན་གནས་སུ། ། ཐབས་དང་ཤེས་རབ་ལྡན་གནས་སུ། ། གར་གྱི་ དབང་ཕྱུག་སྐུ་བསྒོམས་ཤིང་། ། ཡི་གེ་བཅུ་བཞི་གསང་སྔགས་ཀྱིས། ། འབུམ་ཕྲག་གསུམ་དུ་བཟླས་བྱས་ཏེ། ། མཚན་མ་ཕྲ་མོ་མཐོང་བ་དང་། ། བདུད་རྩི་གོང་བུ་བསྒྲིལ་བྱས་ཏེ། ། རྒྱ་ཤུག་འབྲས་བུའི་ཚད་ཙམ་དུ། ། རིན་ཆེན་ཟ་མ་ཏོག་ཏུ་གཞུག ། དཀྱིལ་ འཁོར་དེ་ཡི་དབུས་བཞག་པས། ། བསྲུང་བའི་ཙ་ཀྲས་བསྲུང་བྱ་ཞིང་། ། རིག་པ་འཛིན་པའི་གསང་སྔགས་ནི། ། འབུམ་ཕྲག་ལྔ་རུ་བརྗོད་པར་བྱ། ། འོད་ཟེར་ལྕགས་ཀྱུ་འབྱུང་བར་འགྱུར། ། ཨོྃ་མ་ཧཱ་པདྨ་སྃ་བོ་ཏ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་རིལ་བུ་དེ་བླངས་ཏེ། ། ཁའམ་ ལག་ཏུ་བཟུང་བྱས་ནས། ། གང་འདོད་གནས་སུ་འགྲོ་བྱེད་ཅིང་། ། ཅི་འདོད་པ་དག་གྲུབ་པར་བྱེད། ། ལྷ་ཡི་གནས་མཆོག་ཉམས་དགའ་བས། ། སྔ་དྲོ་གཅིག་གིས་འཁོར་བར་ནུས། ། གཞན་ཡང་བཅུད་ལེན་བཟང་པོ་ཉིད། ། སྐྱེས་བུ་གང་གིས་བསྒྲུབ་འདོད་པས། ། བདུད་ རྩི་རྒྱལ་པོ་ཨ་རུ་ར། ། གསེར་གྱི་མདོག་ཏུ་འདུག་པས་མཆོག ། ཉི་ཤུ་རྩ་གཅིག་ར་བོར་སྦ། ། སུལ་རངས་རྒྱས་པར་གྱུར་པ་དང་། ། བ་གཅིན་ཕུར་མོ་ཐལ་བ་དང་། ། སེར་སྐྱའི་བ་མར་བཙོ་བར་བྱ། །
BO
དེ་ཉིད་སྦྲང་རྩི་དང་སྦྱར་བས། ། ཉི་ཤུ་རྩ་གཅིག་ཞག་གི་བར། ། ཞོ་རེའི་ཚད་དུ་བསྐྱེད་ཅིང་བཟའ། ། དཀྱིལ་འཁོར་གསང་བ་ལ་བརྟེན་ནས། ། གར་གྱི་དབང་ཕྱུག་སྐུར་བསྒོམས་ཤིང་། ། རིག་འཛིན་པ་ཡི་སྔགས་བརྗོད་ཅིང་། ། མཚན་རྟགས་གསལ་བར་མ་མཐོང་བར། ། ཡན་ལག་མ་ཉམས་བརྩོན་འགྲུས་བསྐྱེད། ། ཨོྃ་པདྨོ་ བི་ཧ་ར་ཧ་ར་ཏ་ས་ནི་ཧཱུྃ་ཕཊ་སྭཱ་ཧཱ། ། གསང་སྔགས་སུམ་འབུམ་མ་རྫོགས་པར། ། ཨ་རུ་ར་ཡི་འབྲས་བཟང་སྟོང་གི་ཚད། ། ལེགས་པར་སྦྱར་ཏེ་ཟོས་པའི་མཐུས། ། ནད་དང་ཟུག་རྔུའི་ཚོགས་འཇོམས་ཤིང་། ། ཚེ་རིང་བདེ་བ་ཕུན་སུམ་ཚོགས། ། རྒས་ལ་ སོགས་པའི་སྐྱོན་སེལ་ཅིང་། ། རིག་འཛིན་གནས་སུ་འགྲོ་བར་བྱེད། ། དེ་བཞིན་དབང་པོའི་ལག་པ་དང་། ། ཁ་ར་བུ་རམ་ཉེ་ཤིང་དང་། ། ཟུར་རྔུལ་མུ་ཟིལ་སོགས་པས། ། རང་གི་ཆོ་ག་ཤེས་པ་ཡིས། ། རིག་པ་འཛིན་པའི་སྔགས་ཀྱིས་འགྲུབ། ། གར་དབང་ དཀྱིལ་འཁོར་ལ་ནི་བརྟེན་བྱས་ཏེ། ། སོ་སོར་མཉམས་སྦྱངས་པའི་ས། ། བ་ཡི་འོ་མ་དང་སྦྱར་ཞིང་། ། བ་ཡི་མར་གྱིས་གཟུངས་བཏབ་ནས། ། མཚན་མ་མ་བྱུང་བར་དུ་གཞག ། དེ་ནི་རིག་འཛིན་དངོས་གྲུབ་ཐོབ། ། ཨོྃ་པདྨོ་ཨི་དྲ་དྲ་ཨ་ཧེ་དེ་བི་ན་ཧཱུྃ་ཕཊ།
BO
ཨོྃ་པདྨར་རྒྱ་ཨ་གར་ཏ་དར་ཤ་ཧཱུྃ་ཕཊ། ཨོྃ་པདྨོ་ས་མོན་བི་ཤ་ལེ་ཧཱུྃ་ཕཊ། ཨོྃ་གྷུ་ལི་ས་བོ་ཏམ་གོ་ར་ན་ཧཱུྃ་ཕཊ། ཨོྃ་པདྨོ་མེ་ཤ་ཨ་ནན་ད་ཏ་ཡ་ཀ་ར་ཧཱུྃ་ཕཊ། དེ་དག་ལས་རྣམས་འགྲུབ་པ་དང་། ། རྟག་ཏུ་རང་གིས་འཆར་བྱས་ཤིང་། ། གསང་བའི་སྔགས་ལམ་ ལ་བརྟེན་ནས། ། ཚེ་འདི་གྲུབ་པར་གྱུར་པ་ཡིན། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ལེའུ་སྟེ་ཉེར་ལྔ་པའོ། ། ། ། དེ་ནས་གར་གྱི་དབང་ཕྱུག་ཉིད། ། ཕྱག་རྒྱ་རོལ་པའི་སྐུར་བཅས་ཀྱིས། ། སྣོད་ལྡན་བྱང་ཆུབ་སེམས་དཔའ་དག ། མཆོག་གི་དངོས་གྲུབ་སྐྱེད་བྱེད་པའི། ། རིག་འཛིན་གནས་ཀྱི་མཚན་ཉིད་བཤད། ། དམར་པོ་དབང་གི་དཀྱིལ་འཁོར་དུ། ། བྷན་དྷ་མཚན་དང་ལྡན་པ་བརྒྱད། ། པདྨའི་འདབ་མ་ལ་བཀྲམ་ ནས། ། ཚེ་འདས་སྔགས་ཀྱིས་བརྒྱན་པར་བྱ། ། དེ་ནི་བཟའ་བཏུང་ལོངས་སྤྱོད་ཚོགས། ། མ་ཉམས་ཕུན་སུམ་ཚོགས་པར་སྤྱད། ། གར་དབང་ལྷ་ལ་མོས་པ་ཡིས། ། གསང་སྔགས་རྒྱལ་པོ་རྗོད་བྱེད་ཅིང་། ། སུམ་འབུམ་བཟླས་པའི་གྲངས་ཚད་ནས། ། མཐའ་སྔགས་ གཞན་གྱིས་བརྒྱན་བྱས་ཏེ། །
BO
རྟགས་མཐོང་བར་དུ་བཟླས་བརྗོད་བརྩམ། ། ཨོྃ་ཨ་སུ་ཤ་ཨོྃ་ཨ་ཡུ་ཤ་སོ་ཏ་བྲུྃ། ། འོད་ཟེར་དུ་བ་ལྟ་བུ་དང་། ། ཕྱག་རྒྱའི་དབྱིངས་དང་འབྱུང་བའི་དུས། ། བྲོ་དྲུག་གླུ་དང་གར་བཅས་པས། ། བརྟུལ་ཞུགས་ཆེན་པོ་བདུད་རྩི་སྤྱད། ། སྐུ་གསུང་ ཐུགས་མཆོག་ཕྱག་རྒྱ་ཆེ། ། གསང་བའི་ཡུམ་བསྐྱེད་སྙིང་པོ་མཆོག ། ཨོཾ་ཨེ་ཀ་ཏེ་བི་ག་ཏེ་མ་ཏང་ཀ་ཏེ་སྭཱ་ཧཱ། ། མ་ཉམས་ཉམས་པའི་ཕྱག་རྒྱར་གསལ། ། གཉིས་སུ་མེད་པར་སྦྱོར་བ་ཡིས། ། རྡོ་རྗེ་པདྨོར་ལྡན་བྱས་པས། ། ཐབས་ཀྱི་ཕྱག་རྒྱའི་ཆོ་འཕྲུལ་ལ། ། གཟི་ལྡན་གསང་བ་ཨེ་གྲུ་གསུམ། ། ཉི་མ་པདྨ་ཤེས་རབ་ལྡན། ། སོ་སོ་གསལ་བའི་བརྡས་མཚོན་ཏེ། ། ཨོྃ་བྲུྃ་པདྨ་ཨཱ་ཡུ་ཤེ། ། བྱིན་བརླབས་རྣམ་པར་འཕྲོ་བ་ཡིས། ། ཕྱོགས་བཅུའི་སངས་རྒྱས་ཐུགས་བསྐུལ་ཞིང་། ། བྱང་ཆུབ་སེམས་མཆོག་ ཚེ་ཡི་རྒྱུན། ། སྒྲུབ་པ་པོ་ལ་གསལ་བར་མཛད། ། པད་འདབ་བརྒྱད་པ་ཉི་མར་བཅས། ། དབུས་སུ་གསང་བའི་རྡོ་རྗེ་ཆེ། ། ཧཱུྃ་གིས་གསོར་ཞིང་ཨ་ཡིས་བསྐྱོད། ། ཡང་དང་ཡང་དུ་བསྐུལ་བ་ནི། ། སྐུ་གསུང་དབྱིངས་སུ་གྱུར་པའོ། ། དེ་ལ་བྱང་ཆུབ་སེམས་མཆོག་ རྒྱུན། ། བྷན་དྷ་མཚན་ལྡན་ནང་དུ་བཅུག །
BO
རྣལ་འབྱོར་གར་དང་ལེགས་བཅས་པས། ། བཀྲ་ཤིས་ཚིགས་བཅད་གླུ་བླང་ཞིང་། ། བཀྲ་ཤིས་གར་དང་དབྱངས་སུ་བཅས། ། ལོངས་སྤྱོད་སྟོན་མོ་ཀུན་གསོལ་ཞིང་། ། དངོས་གྲུབ་དོན་ཕྱིར་གསོལ་བ་གདབ། ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་ཚེ་བསྒྲུབ་པའི་ལེའུ་སྟེ་ཉེར་དྲུག་པའོ། ། ། ། དེ་ནས་གར་གྱི་ལྷ་མཆོག་གིས། ། ཐམས་ཅད་བདུད་རྩིར་བྱིན་བརླབས་ནས། ། ཕྱི་ནང་སྣོད་བཅུད་མ་ལུས་ཀུན། ། རིགས་ལྔའི་སྐུ་རུ་བསྒྲུབ་པའི་ཕྱིར། ། རང་ལས་བྱུང་བའི་རང་བཞིན་དང་། ། དངོས་གྲུབ་སྙིང་པོ་ཀུན་བསྡུས་བཤད། ། ཆོས་རྣམས་མ་ལུས་རྣམས་བརྟགས་ནས། ། རིགས་ལྔའི་དཀྱིལ་འཁོར་ཚུལ་དུ་གནས། ། དེ་ལས་འབྱུང་བའི་དངོས་རྣམས་ཀྱིས། ། དེ་ཉིད་ལྟ་བུར་ སྦྱོར་བ་བྱ། ། དང་པོར་བསོད་ནམས་ཚོགས་བསགས་ཤིང་། ། རྡོ་རྗེ་བླ་མ་མཉེས་བྱས་པས། ། ཕུན་སུམ་ཚོགས་པའི་གནས་དག་ཏུ། ། ལྷ་ཉིད་ཉེ་བར་བསྒོམས་བྱས་པས། ། དཀྱིལ་འཁོར་ཆེན་པོ་བརྩམ་པར་བྱ། ། རིགས་ཀྱི་ལྷ་ཡི་དཀྱིལ་འཁོར་གྱིས། ། རིགས་ ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ། ། དྲི་དབྱིབས་ཁ་དོག་རོ་ལ་སོགས། ། ཤ་ལྔ་བདུད་རྩིར་བཅས་པ་དག །
BO
བྷན་དྷ་མཚན་ལྡན་ལྔ་རུ་ནི། ། དཀྱིལ་འཁོར་འཁོར་དང་ཕྱོགས་བཞིར་དགྲམ། ། རྡོ་རྗེ་བཀོད་པའི་དཀྱིལ་འཁོར་གྱིས། ། སོ་སོར་སྤང་བ་སྦྱང་བྱས་ཏེ། ། ཕྱག་རྒྱ་ སྔགས་དང་ཏིང་འཛིན་མཐུས། ། རིགས་ཀྱི་དཀྱིལ་འཁོར་མངོན་པར་བསྒྲུབ། ། མཆོད་ཅིང་མཉེས་པར་བྱས་ནས་ནི། ། ལས་ཀུན་གྲུབ་པའི་གསང་སྔགས་བརྗོད། ། ཨོྃ་པདྨོ་བཛྲ་ཧྲི་གྷུ་ན་སིདྷི་སརྦ་པཉྩ་ཨ་མྲྀ་ཏ། ཨོྃ་ཨཱཿཧཱུྃ་སྭཱ་ཧཱ། དེ་ལ་འོད་དང་དུ་བ་དང་། ། དྲི་ དང་ལྷ་མོ་རྟགས་དག་ནི། ། བཟླས་བརྗོད་ཐུན་མོང་ཁྱད་པར་དག ། འབུམ་ཚོ་གསུམ་གྱིས་འགྲུབ་པར་འགྱུར། ། དེ་ནས་གྲུབ་པའི་རྟགས་མཐོང་ནས། ། དེ་དག་བཏག་ཙམ་སྦྱང་བྱ་ཞིང་། ། མཁའ་འགྲོ་རོལ་པའི་བརྟུལ་ཞུགས་ཀྱིས། ། བསོད་ནམས་སྦྱང་ཞིང་བྱིན་གྱིས་ བརླབས། ། དཀྱིལ་འཁོར་བཀོད་པ་རྒྱན་དང་བཅས། ། ཁྲོ་བོ་འབར་བར་ཞལ་སྒྱུར་ཞིང་། ། ཡབ་ཡུམ་གདུང་བའི་གླུ་དབྱངས་དང་། ། བྱང་ཆུབ་སེམས་དཔའ་འཕྲོ་འདུ་ཡིས། ། དཀྱིལ་འཁོར་དབུས་ཀྱི་གནས་བཞུགས་པར། ། བདུད་ཀྱི་གར་གྱི་དབང་ཕྱུག་བསྐྱེད། ། སླར་ ཉིད་ཁྲོ་བོ་དཀྱིལ་འཁོར་གྱིས། ། གཟུགས་འདུལ་གཙོ་བོའི་ཐུགས་ཀར་ཞུགས། ། ཡེ་ཤེས་དཀྱིལ་འཁོར་ཀུན་བཀུག་ནས། །
BO
དམ་ཚིག་བདུད་རྩི་གཉིས་མེད་འགྱུར། ། སླར་འབྱུང་པདྨོའི་རྒྱལ་པོའི་སྐུ། ། དབུས་ཀྱི་དཀྱིལ་འཁོར་གདན་ལ་བཞུགས། ། མཆོད་ བསྟོད་དགའ་བས་མཉེས་བྱས་ནས། ། བྲོ་གར་གླུ་ཡིས་ཐུགས་དམ་བསྐང་། ། ཁྱད་པར་གསང་སྔགས་རྒྱལ་པོའི་མཐུས། ། ཡེ་ཤེས་ལྔར་ལྡན་འོད་ཟེར་ཅན། ། ཨོྃ་མ་ཧཱ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀ་ཏ་རུ་ལུ་རུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཇི་སྲིད་མཚན་མ་མ་བྱུང་བར། ། སྔགས་ཀྱི་ རྒྱལ་པོ་བརྗོད་པར་བྱ། ། དེ་ནས་རྟ་མགྲིན་ཕྱག་རྒྱ་ཡིས། ། སྒྲུབ་པ་ཆེན་པོ་གསང་བའི་དོན། ། རྡོ་རྗེ་རྟ་མཆོག་ཕྱག་རྒྱ་ཆེ། ། བདུད་རྩི་རྫས་ཀྱིས་དབང་བསྐུར་ཞིང་། ། རྣལ་འབྱོར་གྲོགས་བཅས་ཚིམ་པར་བྱ། ། ཕྱོགས་རྣམས་ཀུན་ནས་གདུངས་བའི་གླུས། ། དཀྱིལ་ འཁོར་ལྷ་དང་བླ་མ་མཆོད། ། དངོས་གྲུབ་གསོལ་བའི་ཚིག་བརྗོད་ཅིང་། ། དགའ་བའི་ལོངས་སྤྱོད་རྒྱ་ཆེར་བྱ། ། ལྷ་རྣམས་ཀུན་ལ་དགྱེས་འདུལ་ཞིང་། ། དམ་མེད་དབང་པོ་སྔགས་ཀྱིས་བསྐྲད། ། བདུད་རྩི་གཏོར་བས་ལུས་རླག་འགྱུར། ། རང་གི་ཡེ་ཤེས་ལས་ལས་ སྐྱེས། ། དེ་ནས་ལས་མཛད་སྲུང་མ་དང་། ། མགྲོན་ཚོགས་གཏོར་མས་མཉེས་བྱས་ཏེ། ། བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ། །
BO
རབ་ཚོགས་འགྲོ་བའི་དོན་ཕྱིར་བསྔོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དཔལ་རྟ་མཆོག་རོལ་པའི་རྒྱུད་ ཆེན་པོ་ལས་བདུད་རྩི་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ། ། ། ། དེ་ནས་རྟ་མཆོག་རོལ་པའི་སྐུ་དབུས་སུ། ། དཀྱིལ་འཁོར་དབུས་སུ་དགྱེས་ཚུལ་གྱིས། ། འགྲོ་རྣམས་ཀུན་ལ་བསྐུལ་མཛད་ཅིང་། ། ཕྲིན་ལས་གསང་བའི་དོན་བཤད་མཛད། ། བསམ་གཏན་ལས་ ཀྱིས་འབྱུང་བ་ཡི། ། ཞི་རྒྱས་དབང་དྲག་མངོན་སྤྱོད་དང་། ། མནན་བཟློག་རེངས་དང་བསད་ལ་སོགས། ། ཏིང་འཛིན་གསལ་ནས་གོམས་པའི་མཐུས། ། བདག་དང་གཞན་དོན་ལས་ལ་སྦྱར། ། ཞི་བ་ཞི་བའི་ཡི་གེ་སྟེ། ། བསྒྲུབ་བྱ་ཟླ་དཀྱིལ་ལ་བཞག་ནས། ། རྣམ་ པར་སྣང་མཛད་འོད་སྔགས་ཀྱིས། ། དུས་གསུམ་ལྷ་དང་མངོན་སྦྱར་ཞིང་། ། བྱང་ཆུབ་སེམས་ཀྱི་བདེ་བསྐྱེད་དེ། ། ཟུག་རྔུ་རྟོག་པ་རྣམ་པར་སེལ། ། ཡུན་{རིངས་,རིང་}གོམས་པར་བསྟན་པའི་མཐུས། ། མེ་འབར་གནས་ཀྱང་ཞི་བར་ནུས། ། རྒྱས་ལ་རྒྱས་པའི་གཟུགས་ བགྱིས་ཏེ། ། རིན་ཆེན་འབྱུང་ལྡན་ལ་འབྱུང་བའི། ། འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་ཀྱིས། ། སེར་པོ་འོད་དཔུང་འབར་བ་བརྗིད། ། རང་གི་བཙུན་མོའི་ཚོགས་དང་བཅས། །
BO
བདེར་གཤེགས་བྱིན་བརླབས་ཀུན་བསྡུས་ཤིང་། ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། ། ཕྲིན་ལས་སྒོ་ནས་བརྩམ་པར་མཛད། ། སྔགས་དང་འོད་ཟེར་གསང་བ་ཡིས། ། རིན་ཆེན་སྣ་བདུན་གསེར་ལ་སོགས། ། མཁའ་མཛོད་ཆར་སྤྲིན་བཞིན་དུ་འབེབས། ། ཚོགས་རྣམས་རང་གིས་ལོངས་སྤྱོད་ཅིང་། ། འགྲོ་རྣམས་གཞན་ལ་སྦྱིན་པར་བྱེད། ། ཐབས་ དང་དབང་དུ་བསྡུས་ཕྱིར་རོ། ། འོད་དཔུང་དམར་པོ་མཐའ་ཡས་ས་སྐུ། ། པདྨའི་དཀྱིལ་འཁོར་དབུས་བཞུགས་ཤིང་། ། ཆགས་པ་ཆེན་པོས་འགྲོ་འདུལ་བ། ། རིགས་ཀྱི་ཏིང་འཛིན་སྔགས་ཀྱི་མཐུས། ། ལྷ་ཚོགས་འགྲོ་རྣམས་དབང་སྡུད་ཅིང་། ། འཁོར་བཅས་དང་ བར་གྱུར་པ་ཡིན། ། གང་ཞིག་སྡང་བའི་སེམས་ཡོད་པ། ། འཕྲད་པ་བཞིན་རྒྱས་ཆགས་པར་འགྱུར། ། གང་ཞིག་གསད་པའི་ལས་གྲུབ་མཛོད། ། དེ་ནི་མཐིང་ནག་ལས་ཀྱི་ཁྲོ་བོའི་ཏིང་འཛིན་ལས། ། ཁྲོ་བོ་སྤྲུལ་པའི་འཕྲོ་འདུ་ཡིས། ། བསྒྲུབ་བྱ་དང་ཕྲ་ཞིང་དགུག་པ། ། མེ་ཡི་དཀྱིལ་འཁོར་ལ་གཞག་སྟེ། ། ཤིན་ཏུ་མ་རུངས་མཚོན་ཆར་ལྡན། ། དཀོན་མཆོག་གསུམ་ལ་སྔོ་བྱེད་ཅིང་། ། སྐྱེ་བོ་ཡོངས་ལ་འཚེ་བ་དང་། ། སློབ་དཔོན་ཀུན་ལ་བསྔོ་བ་དང་། ། སངས་རྒྱས་ཐུགས་རྗེས་བཟོད་མི་མཛད། །
BO
ལས་ཀྱི་ཁྲོ་བོ་སྣ་ཚོགས་ཀྱིས། ། མཚོན་ཆ་མེ་འོད་འབར་འཕྲོས་ནས། ། སྡིག་པ་ཅན་དེ་བསྒྲལ་མཛད་ཅིང་། ། བྱ་ཁྱི་ཅེ་སྤྱང་ཤ་ཟ་དང་། ། ཁྲག་འཐུང་མང་པོ་འདུས་པ་ཡིས། ། བསྟོད་པའི་ཚུལ་དུ་རོལ་ཞིང་དགྱེས། ། ཏིལ་ཙམ་མེད་པར་ཟོས་པ་དང་། ། སེམས་ཉིད་བདེ་བ་ཆེན་པོའི་གནས། ། དེ་ དག་ཏིང་འཛིན་གསང་སྔགས་དང་། ། དཀྱིལ་འཁོར་སོ་སོའི་རྣམ་པ་བསྒྲུབ། ། ཨོྃ་བྷཱུ་ཏ་ཙཀྲ་སམ་བ་ག་ཏི་ལོ་ཙཱ་ན་ཆེ་གེ་མོ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོྃ་རཏྣ་སྃ་བྷ་གུ་རུ་མ་མ་ཀི་ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོྃ་ཡཱ་མི་ཏེ་ས་ར་བ་ར་ཧོ་ཆེ་གེ་མོ་པ་ཤྃ་ཀུ་རུ་སྭཱ་ཧཱ། ཨོྃ་ ཀརྨ་སནྟི་བ་ཀྲོཏ་ནི་ཆེ་གེ་མོ་ཧཱ་ཡཱ་སྭཱ་ཧཱ། རང་གི་དཀྱིལ་འཁོར་གནས་བཟང་པོ། ། རང་གི་དཀྱིལ་འཁོར་ལ་གནས་ཏེ། ། སྔགས་དང་ཏིང་འཛིན་སྦྱོར་བའི་མཐུས། ། ཆོ་ག་མངོན་དུ་འགྲུབ་པར་བྱེད། ། གཞན་ཡང་རྨོངས་དང་རེངས་པ་དང་། ། དབྱེ་ཞིང་དགུག་དང་ བསྐྲད་པ་དང་། ། གནོན་ལ་སོགས་པའི་ལས་རྣམས་ཀྱང་། ། རང་གི་ལྟ་བའི་སྦྱོར་བ་ཡིས། ། བསམ་གཏན་སྔགས་ཀྱིས་འགྲུབ་པར་འགྱུར། །
BO
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་ བསམ་གཏན་གྱི་སྦྱོར་བའི་རིམ་པ་སྟེ་ཉེར་བརྒྱད་པའོ། ། ། ། དེ་ནས་སྦྱོར་བའི་རྒྱལ་པོ་དང་། ། ཕྲིན་ལས་ཀུན་གྱི་མཆོག་གྱུར་པའོ། ། རྫས་རྣམས་རྟེན་པའི་མཚན་མ་ཉིད། ། འདོང་འདོད་འབྲས་བུ་སྒྲུབ་བྱེད་པའོ། ། གར་གྱི་དབང་ཕྱུག་ཕྱག་རྒྱའི་སྐུ། ། རྣམ་སྤྲོ་ལྷ་ཡི་དཀྱིལ་འཁོར་གྱིས། ། སོ་སོའི་འདོད་དོན་སྒྲུབ་པར་བྱེད། ། རྡོ་རྗེ་ཙཀྲ་རིན་ཆེན་དང་། ། པདྨ་རྒྱ་གྲམ་ལ་སོགས་ཏེ། ། ལས་ཀུན་ལྷ་ཡི་ང་རྒྱལ་གྱིས། ། མཚན་རྟགས་མ་བྱུང་བར་དུ་བསྒྲུབ། ། གཟུགས་བརྙན་དཀྱིལ་འཁོར་གཞིར་ བཞག་ནས། ། ལྷ་ཡི་དཀྱིལ་འཁོར་སྒྲུབ་བྱེད་ཅིང་། ། མཚན་མའི་རྫས་ལ་བརྟེན་བྱས་ཏེ། ། བརྟེན་པར་མཆོད་ཅིང་མཉེས་པ་དང་། ། ལས་ཀུན་པ་ཡི་གསང་སྔགས་བརྗོད། ། ཨོྃ་མ་མ་སརྦ་བི་ཏ་ཧ་ར་ཀུ་རུ་སྭཱ་ཧཱ། ། སརྦ་ས་མོ་ཀུ་ནི། ལྃ་བ་ཤཱནྟིཾ་ཀུ་རུ་ད་ནི་ཧཱུྃ། པུཥྚིཾ་རཏྣ་མ་ཀུ་རུ་སྭཱ་ཧཱ། ། པ་ཤྃ་ཀུ་རུ་པདྨོ་ཧྲྀ་ད་ཡ་ཨྃ། སྟྃ་བ་ན་མོ་ཤ་ཨ་ཀརྨ་པ་ནི་ཧཱུྃ་ཕཊ། ། ཅུང་ཞིག་གཟུགས་ནི་འདུ་བའམ། ། འོད་འཕྲོས་བསྐྱོད་པར་གྱུར་པ་དང་། །
BO
ང་རྒྱལ་ལྡན་པས་ལག་ཐོགས་ཏེ། ། གསང་སྔགས་དྲག་ཏུ་བརྗོད་པར་བྱ། ། གང་ ཞིག་ཞི་དང་རྒྱས་པ་དང་། ། དབང་ལ་སོགས་ནི་སྒྲུབ་འདོད་པས། ། དེ་དག་དེ་དང་མཐུན་པ་དང་། ། ལས་ཀྱི་དཀྱིལ་འཁོར་ལ་གནས་བསམ། ། ཕྱག་རྒྱའི་མཚན་མ་བསྐུལ་བྱས་ཏེ། ། རང་གི་ལས་ལ་རྣམ་པར་གནས། ། དགུག་ལ་སོགས་པའི་ལས་ དག་དང་། ། ལྕགས་ཀྱུ་ལ་སོགས་ལས་ཀྱི་བསྒྲུབ། ། རྟེན་གྱི་མཚན་མ་དང་བྲལ་བར། ། ཅི་འདོད་བྱ་བ་མཐར་ཕྱིན་འགྲུབ། ། ཐབས་དང་སྒྲུབ་བྱེད་གསང་སྔགས་ལ། ། སོ་སོའི་ལས་ཀྱི་མཐའ་བརྒྱན་ཏེ། ། ཡི་གེ་བཅུ་བཞིའི་རྗེས་ཐོགས་སུ། ། སུམ་འབུམ་ གྲངས་ཀྱིས་བསྒྲུབ་པར་བྱ། ། ཨོྃ་བི་ལོ་གི་མ་མ་དུཤྚ་ན་ག་ག་ན་རུ་ལུ་རུ་ལུ་ཧཱུྃ་ཕཊ། དང་པོ་རྩ་བའི་སྔགས་ནི། གསུམ་འབུམ་དག་ཏུ་བཟླས་བྱས་ནས། ། སླར་ཡང་དེ་ཡི་གྲངས་མཐུན་པ། ། གང་འདོད་ལས་རྣམས་འགྲུབ་པར་འགྱུར། ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས་རྟེན་གྱི་སྒོ་ནས་སྤྱད་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ། ། ། ། འགྲོ་གནས་ཐམས་ཅད་སྲུང་བྱེད་ཅིང་། ། ཕན་གདགས་ཆོ་ག་བཟང་པོ་ཉིད། ། རྒྱལ་བའི་བྱིན་བརླབས་གནས་པའི་ཐབས། །
BO
རྣམ་པ་ཡིས་ནི་བརྩམ་བྱས་ཏེ། ། གྲོང་ཁྱེར་ལ་སོགས་བསྲུང་འདོད་པས། ། ཆུ་དང་བྱེ་མ་ལ་སོགས་ལ། ། གསང་སྔགས་རྒྱལ་པོ་བརྗོད་པར་བྱ། ། ཨོྃ་ན་མོ་ཀུ་རུ་སརྦ་བི་ད་ར་ནི་མོ་ས་དེ་ནི་ར་ཤ་ནི་ར་ཤ་ཀྲ་ར་ཀྲ་ཏ་ཧཱུྃ་ཕཊ། ། རང་གི་ ལྷ་ཡི་སྦྱོར་ལྡན་པས། ། སྟོང་དུ་བརྗོད་ཅིང་ཕྱོགས་བཅུར་གཏོར། ། གང་སྲུང་བ་དག་ཤིས་འགྱུར་ཅིང་། ། འབྱུང་པོའི་ཚོགས་ཀྱིས་མི་ཚུགས་འགྱུར། ། གཞན་ཡང་རིའུ་ཆ་དགུ་པ་ཡི། ། འཁོར་ལོ་ཤིང་ཤུན་ཚོགས་ལ་བྲི། ། མུ་ཁྱུད་དག་གིས་མཐའ་བསྐོར་ནས། ། གསང་ སྔགས་རྒྱལ་པོ་དགོད་པར་བྱ། ། དབུས་སུ་དགོད་པའི་གསང་སྔགས་ནི། ། ཡི་གེ་བཅུ་བཞི་གསང་སྔགས་བསམ། ། དེའི་མཐའ་མར་ཨོྃ་མཐར་ཧེ་ཧེ་དང་། ཧུ་རུ་ཀཾ་པ་བག་ཤ་ཧ་ཧ་མ་མྲ་བྲི་ཧཱུྃ་ཕཊ་སྭཱ་ཧཱ ། དེ་མཐར་དབྱངས་དང་གསལ་བྱེད་གང་། ། བསྲུང་བའི་སྔགས་དང་བཅས་པ་ ནི། ། གུར་གུམ་བཟང་པོས་བྱུགས་བྱས་ཏེ། ། རྡོ་རྗེ་རྒྱ་གྲམ་དབུས་སུ་གཞུག ། གང་གི་མིང་བཅས་འབུམ་བཟླས་ཤིང་། ། བཏགས་པའི་སྲུང་བའི་མཆོག་ཏུ་འགྱུར། ། གཞན་ཡང་བུམ་པ་བཟང་པོ་རུ། ། བདུད་རྩི་འོ་མ་སྦྱར་བ་དག ། རང་གི་གསང་སྔགས་ཡུངས་ཀར་ བཅས། ། གར་དབང་ཆགས་པའི་སྐུར་བསྒོམས་ཤིང་། །
BO
སྔགས་ཐོད་བསྲུང་བར་འགྱུར་བར་བྱེད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། གསང་བ་འདི་ཉིད་བཤད་པ་ལས། ། ཕྱོགས་བཅུའི་བྱང་ཆུབ་སེམས་བཅས་པས། ། དེ་ལ་ཐམས་ཅད་དགའ་ མཛད་ཅིང་། ། ལྷ་རྣམས་ཀུན་ལ་སླར་བསྒོ་མཛད། ། དེ་དག་དད་པའི་ཤུགས་ཀྱིས་ནི། ། རྒྱུད་ཀྱི་རྒྱལ་པོ་འདི་བཟུང་ཞིང་། ། དེ་འཛིན་གཞན་ལའང་བྱམས་པར་འགྱུར། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་ པོ་ཞེས་བྱ་བ་ལས་བསྲུང་བའི་ལེའུ་སྟེ་སུམ་ཅུ་པའོ། ། ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོའི་རྩ་བ་རྫོགས་སོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source