The King of the Four Noble Truths and the Explanation of the Essence of the Teachings

དཔལ་གདན་བཞི་པའི་བཤད་པའི་རྒྱུད་ཀྱི་རྒྱལ་པོ་སྔགས་ཀྱི་ཆ་ཞེས་བྱ་བ།

The King of the Four Noble Truths and the Explanation of the Essence of the Teachings

དཔལ་གདན་བཞི་པའི་བཤད་པའི་རྒྱུད་ཀྱི་རྒྱལ་པོ་སྔགས་ཀྱི་ཆ་ཞེས་བྱ་བ།

BO
༄༅༅། ། རྒྱ་གར་སྐད་དུ། ཤི་ཙ་ཏུཿབཱི་ཋཱ་ཁྱཱ་ཏ་ཏནྟྲ་རཱ་ཇོ་མནྟྲ་ཨཾ་ས་ནཱ་མ། བོད་སྐད་དུ། དཔལ་གདན་བཞི་པའི་བཤད་པའི་རྒྱུད་ཀྱི་རྒྱལ་པོ་སྔགས་ཀྱི་ཆ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྣལ་འབྱོར་ནམ་མཁའ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། དམ་ཚིག་ལ་སྤྱོད་པའི་རྡོ་རྗེ་མཁའ་འགྲོ་དང་། རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གུས་པར་ཕྱག་འཚལ་ལོ། ། གདན་བཞི་པ་ཡི་རྒྱུད་ཀྱི་ནི། ། གསུམ་པ་ ཡི་ནི་དང་པོའོ། ། དེ་ཡི་སྦྱོར་བ་རྙེད་ནས་ནི། ། སྔགས་ཀྱི་དེ་བཞིན་ཁྱད་པར་ཉིད། ། སྙིང་པོ་ཡི་ནི་སྙིང་པོའི་ཆོས། ། རབ་སྦྱོར་གསང་ཞིང་གསང་བ་ཡི། ། དེ་ཉིད་དེ་ཉིད་དེ་ལས་མཆོག ། སྙིང་པོའི་དེ་ཉིད་བསྡུས་པའོ། ། བླ་མའི་མ་ནིང་ གཉིས་བཟུང་ལ། ། རྩ་བར་བསྐོར་ཞིང་མནན་པར་བྱ། ། སྤྱི་བོར་འོད་དང་ཟླ་བའོ། ། ས་བོན་བསྐྱེད་པའི་རིམ་པ་བཞིན། ། ཟླ་བ་དཀར་དང་ཀུནྡའི་མདོག ། གཙོ་བོའི་སྔོན་དུ་སྦྱར་བར་བྱ། ། སྔགས་ཀྱི་བཟླས་པ་རྫོགས་བྱ་ཞིང་། ། དབྱངས་ཡིག་མངོན་པར་ མཐོང་བ་ནི། ། ལས་རྣམས་གསུམ་གྱི་སྔོན་དུ་ནི། །
BO
བླ་མའི་ཡི་གེ་སྔོན་དུའོ། ། དཀར་དང་སེར་དང་དམར་པོའོ། ། བཞི་པ་དག་པ་རུ་ནི་བརྗོད། ། མྱུ་གུའི་གནས་ནི་གཙོ་བོ་ཉིད། ། སྲེད་པ་མཆོག་ཏུ་སྒྲོལ་པའོ། ། དབྱངས་ཡིག་དབྱངས་ཀྱི་བསྒོམ་པ་ནི། ། རྣལ་ འབྱོར་པ་ཡི་མཚོན་པར་བྱ། ། དོན་གྲུབ་འདོད་པས་བཟླས་པ་ཡི། ། བནྡུ་ཀ་ཡི་མེ་ཏོག་འདྲ། ། རྡོ་རྗེ་དབྱུག་པ་ལ་རྟག་ཏུ། ། དེ་ཉིད་དུ་ན་རྣམ་པར་ཐིམ། ། དཀར་བོ་ཟླ་བས་མནན་པ་ཡི། ། གཉིས་ཀ་བསྒོམས་པས་བཀྲུ་བར་བྱ། ། པདྨ་རྡོ་རྗེ་ཟླ་བ་དང་། ། བདུད་རྩི་ ཡིས་ནི་བཀྲུ་བར་ལྡན། ། དང་པོའི་ས་བོན་གཙོ་བོ་ཡིས། ། དབྱངས་ཡི་གེ་ཀུན་ལ་ཁྱབ་པའོ། ། དཀར་ཞིང་དག་ལ་མཉམ་པའི་འོད། ། གསུམ་པའི་ལས་ཀྱི་ས་བོན་ནི། ། བཞི་བར་ནམ་ཡང་མ་ཡིན་ནོ། ། ཇི་ལྟར་དང་པོ་མཐར་གནས་པའི། ། ཁྱད་པར་དབྱངས་ ཡིག་ས་བོན་ཉིད། ། མཐའ་ཡི་སྔོན་དུ་ས་བོན་ཉིད། ། དེ་བཞིན་སྔོན་དུ་ཉིས་འགྱུར་རོ། ། བཞི་པོ་མཉམ་པའི་ཆ་རུ་ནི། ། མཉམ་པའི་གནས་སུ་སྦྱར་བར་བྱ། ། བཞི་པ་གསུམ་པའི་ས་བོན་ནི། ། མགོ་སྨོས་གོ་བའི་ལུས་ཉིད་དོ། ། ཡི་གེ་གསུམ་གྱི་ལུས་ཉིད་ ནི། ། རང་བཞིན་གྱིས་ནི་དབྱངས་ཡིག་དངོས། ། ལུས་དང་ལུས་སོགས་ཡི་གེ་ནི། །
BO
ལྕགས་ཀྱུ་ཡིས་ནི་མནན་པར་བྱ། ། དམར་དང་གནག་སོགས་ས་བོན་ནི། ། རྣལ་འབྱོར་པ་ཡི་ཁྱད་པར་དུ། ། ལྔ་བ་དྲུག་པའི་ས་བོན་ནི། ། ཐམས་ཅད་སྒྲ་ཡི་ཡི་གེའོ། ། དཀར་དང་སེར་ལ་ལྕི་བར་བཤད། ། དམར་དང་སྔོན་པོ་དེ་བཞིན་ཡང་། ། ཞི་རྒྱས་དབང་ལ་སོགས་པ་ནི། ། ཀུན་ཀྱང་སྒྲ་ཡིད་བྱེ་བའོ། ། ཐམས་ཅད་ལས་ལ་སྒྲ་ཡིས་ནི། ། ཁ་དོག་བཞི་རུ་རབ་ཏུ་གྲགས། ། བདུན་པ་བརྒྱད་པའི་ས་བོན་གྱིས། ། སྐྱེས་བུ་རང་འདོད་ པ་ཡི་ལས། ། ངེས་བར་ལུས་ནི་སྡོམ་པ་དང་། ། གཉིས་པའི་ས་བོན་གྱིས་མནན་པའོ། ། ཡང་བས་དམར་དང་གནག་ལ་སྦྱར། ། རྣལ་འབྱོར་པ་ཡི་ཁྱད་པར་དུ། ། མཚམས་ནི་བཅད་ཅིང་མནན་པའི་ལས། ། གཉིས་པ་ལྕགས་ཀྱུའི་ཡི་གེ་ནི། ། རང་བཞིན་ཡི་གེ་ མིང་གི་ནི། ། དེ་ཉིད་ལས་རྣམས་འགུགས་པ་དང་། ། ས་བོན་འདི་ནི་དབྱེ་བའོ། ། ཁ་དོག་དམར་པོ་མཆོག་གི་འོད། ། ཐམས་ཅད་འདྲེས་པའི་ས་བོན་ནི། ། དབྱངས་ཡིག་བསྐྱེད་པའི་ས་བོན་ནི། ། ལས་རྣམས་ཐམས་ཅད་བྱེད་པའོ། ། མ་ནིང་གིས་བསྐྱེད་ས་བོན་ ནི། ། བརྟན་ཞིང་རྟག་པའི་ས་བོན་ནོ། ། བུད་མེད་དང་ནི་སྐྱེས་པའམ། ། འདི་ཉིད་ཀུན་ནས་རབ་ཏུ་སྦྱར། ། སྡེ་ཚན་བཞི་པའི་བཞི་པ་ནི། ། ཐ་མ་བཞི་ནི་རྣམ་སྤངས་པ། །
BO
དཀར་དང་ཀུནྡ་ཟླ་བའི་མདོག ། ཉི་མའི་ཡི་གེ་རྣམ་པར་ཤེས། ། ཐ་མ་བཞི་ནི་ལྔ་པ་དང་། ། སྡེ་ཚན་དྲུག་པ་ཡང་དག་ལྡན། ། ཀུན་ནས་མཚན་མོའི་སྟོང་པར་ནི། ། ཁྱད་པར་དུ་ནི་ཤེས་པར་བྱ། ། བདུད་རྩི་ཆུ་ཡི་ས་བོན་ནི། ། དཀར་ཞིང་ཤེལ་ལྟར་མཉམ་པའི་འོད། ། དེ་ཉིད་ཀུན་གྱི་དེ་ཉིད་ནི། ། ཀུན་ནས་བདུད་རྩིའི་གྲུབ་པའོ། ། ལྷ་མིན་གྲུབ་པས་ འགུགས་པ་དང་། ། ལྷ་དང་མི་དང་གནོད་སྦྱིན་དང་། ། ཐམས་ཅད་ལས་རྣམས་གྲུབ་པ་ནི། ། ས་བོན་འདི་ནི་ཁྱད་པར་ཉིད། ། སྦོམ་པོ་མ་ནིང་གཉིས་ཀྱིས་ལ། ། ལྕགས་སྒྲོག་བཞིན་དུ་ཁ་སྤྲད་པ། ། རྩ་བར་ཡང་བ་ཉིས་འགྱུར་རོ། ། སྤྱི་བོར་བདུད་རྩི་རྣམ་ པར་དགོད། ། སྟེང་དུ་ཐིག་ལེ་འབར་བའི་མཆོག ། སངས་རྒྱས་ལྔ་ཡི་རང་བཞིན་སྐུ། ། ས་བོན་ལྔ་ཡི་ངོ་བོ་ཉིད། ། རྣམ་བཞིར་ཕྱེ་ཞིང་ཕྱེ་བ་ཡིས། ། ལྕེ་རྩ་ལྕེ་རྩེར་གསུངས་པ་ནི། ། ཁ་དོག་དམར་པོ་མཉམ་པའི་འོད། ། ཞི་དང་ཆུ་ཡི་བྱེ་བྲག་ལ། ། ཧཱུྃ་གི་རྣམ་ པ་རྐན་ལ་སྦྱར། ། རྩ་བར་སྒྲ་དང་འོད་བྲལ་བ། ། བར་མ་ཡི་ནི་དབྱངས་སུ་གསུངས། ། གལ་ཏེ་འདོད་ན་ལྷ་ཡི་ལུས། ། ཁྱད་པར་དུ་ནི་ཞི་བའི་ལས། ། སྙིང་གའི་རྩ་བར་གསུངས་པ་ནི། ། ཁ་དོག་སེར་པོའི་འོད་མཉམ་པ།
BO
། སྦོམ་པོའི་སྒྲ་ དང་ཐིག་ལེ་དང་། ། རྒྱས་པ་དང་ནི་མེ་ཡི་ལས། ། ལྟེ་བར་སྒྲ་དང་འཇོམས་པ་ནི། ། ཁ་དོག་དམར་པོ་འོད་མཉམ་པ། ། སྦོམ་པོའི་སྒྲ་དང་ལྡན་པའི་འོད། ། དབང་གི་ལས་ལ་རབ་ཏུ་སྦྱར། ། སྣ་རྩེར་སྦྲིད་པ་གསུམ་པ་ནི། ། ཁ་དོག་སྔོན་པོ་མཉམ་པའི་འོད། ། ཡང་བའི་སྒྲ་ཡི་འོད་དུ་ནི། ། ལྡན་པར་བློ་དང་ལྡན་པར་བསྐུལ། ། བསྐྲད་དང་གསང་དང་བཅིང་བ་དང་། ། མནན་དང་གདུག་སོགས་བསྐྲད་པ་དང་། ། གཏོར་མ་ལ་སོགས་ནག་པོའི་ལས། ། ཧཱུྃ་གི་རྣམ་པ་སྦྲིད་པར་སྦྱར། ། དེ་ཉིད་དེ་ཉིད་བཞི་པར་ནི། ། ཧཱུྃ་གི་རྣམ་པ་ ཉེ་བར་མཚོན། ། ས་བོན་ཐམས་ཅད་འབྱིན་མཛད་པ། ། ཧཱུྃ་གི་རྣམ་པ་དབང་ཕྱུག་མཆོག ། ཐམས་ཅད་འབྱིན་པའི་ངོ་བོ་བས། ། ཧཱུྃ་གི་ཡི་གེ་མཆོག་གི་ལྷ། ། སྟོང་ཉིད་ཡི་གེའི་ཧཱུྃ་གྱུར་པས། ། ཧཱུྃ་གི་རྣམ་པ་ཕྱག་འཚལ་བསྟོད། ། སྟོང་པའི་གཟུགས་དང་ རབ་ལྡན་པ། ། དངོས་དང་དངོས་མེད་འབྱིན་མཛད་པ། ། བཙོ་མ་གསེར་དང་འདྲ་བའི་མདོག ། སྒྲ་དང་ཐིག་ལེ་ཡང་དག་ལྡན། ། རི་རབ་རྒྱ་མཚོ་རི་ནི་གྲགས། ། བརྟན་པ་དང་ནི་གཡོ་བར་ལྡན། ། ལྷ་དང་ལྷ་མིན་གྲུབ་པ་དང་། ། མི་དང་གནོད་སྦྱིན་རྣལ་འབྱོར་བ། ། ལྷ་རྣམས་ཀུན་ནས་གཡོ་བ་ནི།
BO
། གསུངས་པའི་ས་བོན་གྱིས་འགུགས་བྱེད། ། སྡེ་ཚན་དང་པོའི་ས་བོན་ནི། ། རྩ་བར་རེ་ཕ་མ་ནན་པ་དང་། ། ལྕགས་ཀྱུས་མགོར་ནི་རྣམ་པར་དགོད། ། སྟེང་དུ་ཟླ་བའི་འོད་དང་བཅས། ། ཁ་དོག་དམར་པོ་མཉམ་པའི་འོད། ། ལྕགས་ ཀྱུ་ཡིས་ནི་སྙིང་པོ་བསྒྲུབ། ། ལྕགས་ཀྱུ་ཡི་གེ་ས་བོན་བཞིན། ། ལྕགས་ཀྱུ་ཡིས་ནི་ཀུན་འགུགས་པའོ། ། སྟོང་བར་རླུང་གི་ས་བོན་ནི། ། སྡེ་ཚན་བརྒྱད་ཀྱི་དང་པོ་ལ། ། རྩ་བར་སྒྲ་ཡིས་དཀྲི་བར་བྱ། ། སྤྱི་བོར་ཟླ་ཚེས་ཐིག་ལེ་དང་། ། རླུང་གི་ཁ་དོག་དྲག་པོ་ཡིས། ། ལུས་ཅན་ཀུན་ནི་བསྐུལ་བར་བྱ། ། བསྐུལ་བའི་ལས་ཀྱི་ས་བོན་གྱིས། ། ས་བོན་དེ་ཉིད་ཀུན་ཏུ་སྦྱར། ། ལྔ་པ་སྡེ་ཚན་གཉིས་པ་ཡི། ། གསུམ་པའི་ཡི་གེ་གཟུང་བྱས་ལ། ། ཡི་གེ་གསུམ་པས་མནན་པར་བྱ། ། རེ་ཕ་རྩ་བར་སྦྱར་བ་དང་། ། སྟེང་དུ་བདུད་རྩིའི་ ཐིགས་པའོ། ། ཁ་དོག་དཀར་པོ་མཉམ་པའི་འོད། ། དགྱེས་པ་ལ་སོགས་ས་བོན་གྱིས། ། ལྷ་ཚོགས་ཀུན་ནས་མཉེས་པར་བྱེད། ། སྡེ་ཚན་དང་པོའི་གསུམ་པ་ནི། ། གསང་བའི་སྒྲ་ནི་རྩ་བར་རོ། ། སྟེང་དུ་བདུད་རྩིའི་ཐིག་ལེ་དང་། ། དཀར་ཞིང་ཡིད་འོང་ཤིན་ ཏུ་འབར། ། མཆོད་པའི་སྔགས་ཀྱི་དུས་དང་ནི། །
BO
གཏོར་མ་སྦྱིན་སྲེག་ཕྱག་རྒྱ་སོགས། ། རྒྱས་པའི་ལས་ནི་ཐམས་ཅད་ལ། ། རྒྱས་པའི་ས་བོན་དུ་ནི་གྲགས། ། དང་པོའི་སྡེ་ཚན་བཞི་པ་ལ། ། རྩ་བར་རེ་ཕ་སྒྲ་དང་ནི། ། སྤྱི་བོའི་སྟེང་དུ་འབར་བའོ། ། ཁ་དོག་ དམར་བོ་མཉམ་པའི་འོད། ། ཞི་བའི་ལས་ནི་རྣམ་སྤངས་པ། ། ལས་རྣམས་ཀུན་གྱི་སྔོན་དུའོ། ། རྨོངས་ཤིང་ལུས་ཀུན་རྨོངས་བྱེད་པས། ། རྨོངས་པའི་ས་བོན་དུ་ནི་གྲགས། ། སྡེ་ཚན་ལྔ་པའི་གསུམ་པ་དང་། ། གཉིས་པའི་ས་བོན་བླང་བྱས་པ། ། མཐའ་རུ་ སྟོད་པ་གཉིས་ཀྱིས་སོ། ། ཁ་དོག་དཀར་པོ་མཉམ་པའི་འོད། ། ལྷ་དང་ལྷ་མིན་གསང་བ་སོགས། ། རང་གི་འདོད་པའི་གནས་སུ་གཞག ། བཞག་པའི་ལས་ལ་རྣལ་འབྱོར་པས། ། བློ་ལྡན་ཡི་གེ་འདི་ཡིས་གཞག ། སྟོང་པའི་སྡེ་ཚན་ལ་སྤྱད་ལ། ། དེ་ཡི་ བཞི་པ་གཟུང་བར་བྱ། ། རྩ་བར་མ་ནིང་སྦོམ་པོ་དང་། ། སྟེང་དུ་བདུད་རྩིའི་ཐིག་ལེའོ། ། འཇིགས་པ་བསྲུང་བའི་ལས་ཉིད་ལ། ། ཁ་དོག་དཀར་པོ་མཉམ་པའི་འོད། ། རྣལ་འབྱོར་དེ་ཉིད་འདོད་པ་ཡི། ། ས་བོན་འདི་ཉིད་ཀྱིས་བསྲུང་ངོ་། ། བསྲེག་པའི་ ཡི་གེ་སྔགས་ཉིད་ནི། ། དབྱེ་བ་རྣམ་པ་གསུམ་དུ་བཤད། ། དཀར་དང་སེར་དང་དམར་སོགས་ཀྱི། ། ལས་གསུམ་གྱི་ནི་མཐའ་རུའོ། །
BO
བདུན་པ་ཡི་ནི་མཐའ་བཟུང་ལ། ། བརྒྱད་པ་གཉིས་པ་ཡི་ནི་གདན། ། བདུད་རྩི་ཡི་ནི་གདན་དུ་ཆུ། ། ཁ་དོག་དཀར་པོ་ མཉམ་པའི་འོད། ། མ་ནིང་སྡེ་ཚན་གྱིས་བསྐྱེད་པའི། ། མེ་ལྟར་དམར་བ་མཉམ་པའི་འོད། ། ལོགས་སུ་དབྱངས་ཡིག་དབྱུག་པའོ། ། ཞི་བ་ལ་ནི་བསྲེག་པའི་མཐར། ། བདུད་རྩིའི་ས་བོན་ཁ་དོག་སེར། ། ཆུ་ཡི་ས་བོན་དཀར་བའི་གདན། ། ལོགས་སུ་དབྱངས་ཡིག་དབྱུག་པའོ། ། བརྒྱད་ཀྱི་མཐའ་མ་ཀུན་ནས་འབར། ། རྡོ་རྗེ་འོད་བཞིན་འབར་བའི་མེ། ། ས་བོན་འོད་བཞིན་འབར་བཅས་པ། ། དབྱངས་ཡིག་དབྱུག་པའི་སྲེག་པའོ། ། རྒྱས་པའི་སྲེག་པའི་མཐའ་མར་རོ། ། དེ་ཡི་བདུད་རྩི་འབར་བའི་ནི། ། བརྒྱད་མཐའི་ལོགས་སུ་དབྱུག་པའོ། ། ཀུན་ནས་དམར་དང་དམར་བ་ཡི། ། མཐར་ནི་དབྱུག་བ་ལྕགས་ཀྱུའོ། ། དབུ་མར་དྲང་བའི་སེམས་ཀྱིས་ནི། ། དབྱུག་པའི་དབུགས་ཀྱིས་བཟླ་བར་བྱ། ། ཆགས་པའི་ལས་ལ་རྣལ་འབྱོར་པས། ། སྲེག་པའི་ཡི་གེ་རྣམ་པ་ གསུམ། ། རྣམ་པ་བཞི་ལས་དོན་གཉེར་པས། ། འཇོམས་པའི་ཡི་གེ་གཉིས་སུ་ཤེས། ། བསྐྲང་དང་བསད་དང་དབྱེ་བ་དང་། ། མནན་དང་ཉེ་བར་བཟློག་པ་ལ། ། སྟོང་པའི་སྡེ་ཚན་གཉིས་པ་ནི། ། དབྱུག་པ་གློ་རུ་རྣམ་པར་སྦྱར། །
BO
ཉི་མའི་སྡེ་ཚན་གསུམ་ པ་ལས། ། དང་པོ་གཉིས་པའི་གློ་རུའོ། ། ཁ་དོག་ནག་པོ་འཇིགས་ཆེན་པོ། ། འོད་ཟེར་མེ་བཞིན་ཀུན་ནས་ལྡན། ། རྡོ་རྗེ་ས་བོན་མཉམ་འབར་ལས། ། ལུས་ཀྱི་དབུས་སུ་དབུག་པར་བྱ། ། བསད་དང་གདུག་པ་བསྐྲད་ལ་སོགས། ། དྲག་པོའི་ལས་ནི་ཐམས་ཅད་ ལ། ། དངོས་གྲུབ་འདོད་པ་རྣལ་འབྱོར་པས། ། འཇོམས་པའི་ཡི་གེ་མཐའ་མར་རོ། ། དེ་ཡི་ས་བོན་ལྡན་པ་ནི། ། སྔོན་གྱི་དབྱུག་ཚོགས་རྣམ་པར་སྤངས། ། དང་པོ་དབུ་ཡི་སྟེང་རྣམས་སུ། ། ཁ་དོག་སྔོན་པོར་བ་རྣོ་བས། ། གསད་དང་དབྱེ་དང་གདུག་པ་ནི། ། ཁྲོ་ བོའི་ལྷ་ཡིས་བསྐྲད་པར་བྱ། ། འཇོམས་པའི་ཡི་གེའི་མཐའ་མར་ནི། ། ས་བོན་འདི་ཡིས་སྦྱར་བར་བྱ། ། དཀར་པོའི་སྡེ་དང་སྡེ་ཚན་གྱི། ། དང་པོའི་དང་པོ་བླང་བྱས་ལ། ། ཀུན་ནས་རྡོ་རྗེའི་ས་བོན་གྱིས། ། ས་བོན་ཡི་གེ་ཕྱེད་དང་གཉིས། ། འཕོ་བར་སྦྱོར་བའི་སྔོན་ དུས་སུ། ། རྣམ་ཤེས་གོང་དུ་བསྐུལ་བའོ། ། ལྟེ་བར་རྩ་བའི་ཕྱོགས་ནས་ནི། ། ཡི་གེ་ཕྱེད་དང་གཉིས་ཀྱིས་དྲང་། ། བརྒྱད་པའི་མཐའ་ནི་སྔོན་དུའོ། ། མ་ལ་ཏ་ཡི་སྦྱོར་དུས་སུ། ། འཕོ་བར་སྦྱོར་བས་སྔོན་དུའོ། ། འཕོ་བའི་དུས་ཀྱི་སྔོན་དུ་ནི། །
BO
རྣལ་འབྱོར་བ་ ཡིས་རབ་ཏུ་སྤྱད། ། ཨུ་ལ་པ་ལི་ཏ་ས་བོན། ། སྤྱད་བྱའི་ཡི་གེ་ཕྱེད་དང་གཉིས། ། དངོས་དང་དངོས་མེད་ས་བོན་ལས། ། སྐྲ་དང་ཐིག་ལེ་རྣམ་པར་སྦྱར། ། རླུང་གི་རྩ་བའི་གནས་སུ་ནི། ། སྒྲ་དང་སྒྲ་ཡིས་བསྟན་པའོ། ། ཆུ་ཤིང་མེ་ཏོག་ལྟེ་བར་གནས། ། ས་བོན་འདི་ ཡིས་བསྒྱུར་བར་བྱ། ། སྔོན་དུ་སྦྱོར་བའི་བསམ་གཏན་དང་། ། མཉམ་པར་གཞག་པའི་སེམས་ཀྱིས་བཅིང་། ། བདུན་པའི་མཐའ་ཡི་ས་བོན་ནི། ། བདུད་རྩིའི་ས་བོན་ས་བོན་གྱིས། ། བཟློག་བྱས་རྒྱས་པའི་གནས་སུ་ནི། ། ཆུ་ཤིང་མེ་ཏོག་ལྟ་བུར་གྱིས། ། ཇི་ལྟར་ སྡེ་ཚན་གསུམ་པ་ནི། ། ཡི་གེ་གསུམ་པ་གཟུང་བྱས་ལ། ། དབྱུག་པར་ཕྱི་མའི་ས་བོན་དང་། ། འོག་པག་གིས་ནི་སྔོན་དཀྲིས་པ། ། དེ་ཉིད་དེ་ཉིད་ཀུན་དང་ནི། ། ས་བོན་ས་བོན་མཆོག་གི་གཙོ། ། ཐེག་པ་རྣམ་གསུམ་དག་བྱེད་པ། ། ཨཱ་ལིའི་ས་བོན་རབ་ཏུ་ གྲགས། ། སྡེ་ཚན་བརྒྱད་པའི་གཉིས་པ་ལ། ། ལྕགས་ཀྱུ་ཡིས་ནི་སྤྱི་བོར་མནན། ། སྤྱི་བོར་ཟླ་ཚེས་ཐིག་ལེ་དང་། ། ཁ་དོག་དམར་པོ་མཆོག་གི་འོད། ། སེམས་ཅན་ཀུན་ནས་རྨོངས་བྱེད་པ། ། ཡིད་དབྱེ་བ་ལ་ཀུན་ནས་སྦྱར། ། ཀུན་ཏུ་རྨོངས་ནི་ས་བོན་ནོ། །
BO
རྨོངས་པའི་ལས་ལ་རབ་ཏུ་སྦྱར། ། བརྒྱད་པའི་མཐའ་ཡི་ས་བོན་ནི། ། སྤྱི་བོར་ལྕགས་ཀྱུ་འདྲེན་པ་དང་། ། རྩ་བར་རེ་ཕའི་ས་བོན་ནོ། ། ཁ་དོག་སྔོན་པོ་འབར་བ་ཡི། ། དྲི་དང་མེ་ཏོག་རོ་སོགས་མིད། ། ལས་ཀྱིས་ཀུན་ནས་འཕྲོག་པར་བྱེད། ། འཕྲོག་བྱེད་མིང་ གི་ས་བོན་གྱིས། ། འཕྲོག་པའི་ལས་ལ་ཀུན་ཏུ་སྦྱར། ། བདུན་པ་དཀར་པོའི་ས་བོན་ནི། ། དུང་དང་ཀུནྡ་མཉམ་པའི་འོད། ། བདུད་རྩི་ཆུ་ཡི་ས་བོན་ནོ། ། ཆུ་ཡི་ཡི་གེ་མིང་ཅན་ནོ། ། ཀ་ཤར་ལྡན་པའི་ས་བོན་ནི། ། ཁ་དོག་སེར་པོ་འོད་མཉམ་པ། ། མེ་བཞིན་ འབར་ཞིང་འབར་བ་ཡི། ། མེ་ཡི་ཡི་གེར་རྣམ་པར་གྲགས། ། སྡེ་ཚན་བརྒྱད་ཀྱི་དང་བོར་ནི། ། དེ་ཉིད་སྟོང་པའི་དངོས་པོ་དང་། ། རླུང་གི་ས་བོན་དམར་པོ་ནི། ། རླུང་གི་ས་བོན་དུ་ནི་གྲགས། ། བརྒྱད་པའི་མཐའ་ཡི་ས་བོན་ནི། ། ཁ་དོག་སྔོན་ པོའི་འོད་མཉམ་པ། ། སྙིང་གར་ས་ཡི་ས་བོན་ནི། ། དེ་ཉིད་པ་ཡི་ས་བོན་ནོ། ། འདི་རྣམས་ས་བོན་ས་བོན་ལ། ། ཐིག་ལེའི་ཡི་གེ་རྩ་བར་རོ། ། རྩ་བར་ཉིས་འགྱུར་རེ་ཕ་དང་། ། རླུང་གི་ས་བོན་གསུམ་པར་རོ། ། རྩ་བར་སྒྲ་ནི་བཞི་པའོ། ། སྟེང་དུ་ཐིག་ལེ་སྦྱར་བ་ དང་། ། དེ་ཉིད་བཞི་པའི་ས་བོན་ནི། །
BO
བཞི་པའི་ཡི་གེ་དྲུག་པའོ། ། རྨོངས་པ་ཆུ་ཡི་ས་བོན་ནི། ། གཡོ་བའི་རླུང་གི་ས་བོན་དང་། ། ས་ནི་ཉོན་མོངས་པར་འགྱུར་རོ། ། ཕྱུགས་ནི་མེ་ལ་ཀུན་ཏུ་སྦྱར། ། ཡི་གེ་བརྒྱད་པའི་ས་བོན་ནི། ། རྣལ་འབྱོར་མ་བརྒྱད་སེམས་ དང་བཅས། ། བདག་ཉིད་དེ་ཉིད་གཙོ་བོ་ཡི། ། འཁོར་བ་ཐམས་ཅད་གཅོད་མཛད་པ། ། ཐམས་ཅད་ཀུན་ནས་སྤྱི་བོ་དང་། ། ཡི་གེ་ཀུན་ནས་གནས་པའོ། ། ས་བོན་འདི་ནི་ཀུན་ནས་བཟུང་། ། ཡེ་ཤེས་ས་བོན་ཞེས་བྱའི་མིང་། ། རྟག་པའི་རྩ་བར་མནན་པ་དང་། ། སྒྲ་དང་ཐིག་ལེར་སྦྱར་བར་བྱ། ། དཀར་པོ་ཀུནྡ་ཟླ་བའི་མཆོག ། ཡེ་ཤེས་རྣམ་ཤེས་ས་བོན་ཉིད། ། རྒྱུ་པའི་གཟུགས་ཀྱི་ས་བོན་ནི། ། ས་བོན་ས་བོན་དེ་བས་མཆོག ། ཡེ་ཤེས་རྣམས་ཤེས་བྱ་བའི་མིང་། ། ལས་ཀུན་ལ་ནི་རབ་སྦྱར་བྱ། ། བྱང་ཆུབ་སེམས་དཔའ་ཞི་ བ་ནི། ། ཞི་བའི་གཟུགས་ཅན་རྫུ་འཕྲུལ་ཆེ། ། མཐར་ནི་སྭཱ་ཧཱ་རིང་པོར་ལྡན། ། སྔོན་དུ་བསྙེན་པའི་སྔགས་པ་ཡིས། ། གཉི་ག་ལུས་ལ་བསྒོམས་ནས་ནི། ། འདི་ཡིས་ལྷ་མོ་སྦྱར་བར་བྱ། ། སྔགས་བས་བསྲེག་པའི་སྔགས་པ་ནི། ། སྔོན་དུ་དབྱུག་པ་མེད་ པའོ། ། ལྷ་མོའམ་ཡང་ན་ལྷ་མོ་ལ། ། ཁྲོ་བོའི་གཟུགས་འཇོམས་ལ་སོགས་པའི། །
BO
འཇོམས་པའི་ཡི་གེ་མཐའ་བཞག་སྟེ། ། བཟླས་ཤིང་བསྙེན་པ་ལ་སོགས་བྱ། ། གཟུགས་དང་གཟུགས་ཅན་དངོས་པོ་ཡིས། ། ཁྲོ་བོ་ཁྲོ་མོ་ཁྱད་པར་ཉིད། ། སྲེག་ དང་འཇོམས་པའི་ས་བོན་ནི། ། ཁྱད་པར་དང་ནི་ཁྱད་པར་ཅན། ། དེ་ཉིད་དེ་ཉིད་ཀུན་གྱིས་ནི། ། རབ་ཏུ་སྤྱད་ཅིང་བལྟ་བར་བྱ། ། དེ་ཉིད་མེད་པའི་སྔགས་པ་ནི། ། དངོས་གྲུབ་རིང་དུ་བསྟན་པ་ཡིན། ། བསྒྲུབ་པའི་དུས་སུ་ལྷ་ཉིད་ཀྱི། ། ས་བོན་མཐའ་ར་བཟླས་པ་བྱ། ། མཆོག་ ཏུ་ཞི་བའི་དེ་ཉིད་ལ། ། དང་པོ་དབྱངས་ཡིག་མཐའ་རུའོ། ། ཁྲོ་བོ་མོའི་ལྷ་ལ་ནི། ། རྡོ་རྗེའི་ས་བོན་མཐའ་མར་རོ། ། ལྷ་མོ་ཀུན་གྱི་དེ་ཉིད་ལ། ། བདུད་རྩིའི་ཡི་གེ་མཐའ་མར་རོ། ། དང་པོ་སྔགས་ཀྱི་ས་བོན་ནི། ། ཕྱག་འཚལ་གཅིག་ནི་རྣམ་སྤངས་ནས། ། བདག་ ཉིད་མིང་གི་ས་བོན་དང་། ། གཉི་ག་ཡོངས་སུ་རྫོགས་པའི་རྒྱུ། ། སྟོང་དང་སྟོང་པའི་ས་བོན་ནི། ། བར་མ་བསྒྲུབ་པའི་ལྷ་ཉིད་དོ། ། ཉིན་མོའི་ཡི་གེ་དང་པོ་རུ། ། བསྒྲུབ་བྱ་སྒྲུབ་པའི་མིང་ཉིད་ནི། ། དེ་ཡི་སྒྲུབ་པའི་ལས་རྣམས་ནི། ། རྣལ་འབྱོར་མ་ཡི་རྣམ་པར་མཚོན། ། སྔགས་པས་སྔོན་གྱི་དུས་སུ་ནི། ། རབ་ཏུ་བལྟ་ཞིབ་སྤྱད་པར་བྱའོ། །
BO
ཉིན་མོ་སྟོང་པའི་སྒྲུབ་པ་ནི། ། འཆི་བར་ཡང་ནི་ཐེ་ཚོམ་མེད། ། ཉིན་མོ་ཉིན་མོ་ཉིན་མོ་སྒྲུབ། ། སྟོང་པ་སྟོང་པ་བར་མའོ། ། གོ་བཟློག་པ་ཡི་ས་བོན་ནི། ། ལྷག་པའི་ཡི་གེ་བརྩི་བར་བྱེད། ། ཉིན་ བར་བསྒྲུབ་བྱ་ལྷག་མ་ནི། ། སྒྲུབ་པ་པོ་ལ་བུ་ལོན་ནི། ། བསྒྲུབ་བྱ་སྟོང་པ་ལྷག་པ་ནི། ། དག་ཉིད་པས་ན་འདྲས་བུ་མེད། ། རབ་ཏུ་བལྟ་ཞིང་སྤྱད་པ་ཡིས། ། སྔགས་ཀྱི་སྒྲུབ་པ་ཤེས་པ་ཡིན། ། སྔོན་དུ་མ་ནིང་ས་བོན་དང་། ། དེ་བཞིན་བསྒྲུབ་བྱའི་མ་ནིང་ཉིད། ། དབུས་ སུམ་ནིང་ཡི་གེ་ནི། ། དངོས་གྲུབ་སྟོང་པར་བཤད་པ་ཡིན། ། དེ་ཉིད་འདི་ཡི་ས་བོན་གྱིས། ། རང་འདོད་ལྷ་ཉིད་བསྒྲུབ་པར་བྱ། ། ཐོག་མ་ཐ་མ་ཁྱད་པར་དུ། ། དབུས་སུ་བསྒྲུབ་བྱའི་མིང་ཉིད་དོ། ། མཐོ་དང་དམའ་དང་བར་མ་དང་། ། ཁྱད་ཉིད་ཀྱང་ནི་ཁྱད་པར་རོ། ། ཞི་དང་ རྒྱས་པ་ལ་སོགས་ལ། ། ཁྱད་པར་ས་བོན་ལྡན་པ་ཉིད། ། སྟོང་པའི་སྡེ་ཚན་གཉིས་པ་ལ། ། རྩ་བར་རེ་ཕ་སྒྲ་ཉིད་དང་། ། སྟེང་དུ་ཟླ་ཚེས་ཐིག་ལེ་དང་། ། ཁ་དོག་སེར་པོ་ཀུན་འོད་ལ། ། ལྷ་མོ་རྣལ་འབྱོར་མ་ཀུན་གྱིས། ། སྙིང་པོ་ཡི་ནི་སྙིང་པོ་མཆོག ། གོང་དུ་ ཕྱག་འཚལ་ཡི་གེ་དང་། ། འདོན་བཞིན་མིང་ནི་དབུས་སུའོ།
BO
། མཐའ་དང་མཐའ་ནི་བསྲེག་སོགས་ཉིད། ། ཐམས་ཅད་དུ་ནི་ཀུན་ནས་ལྡན། ། སྟོང་པའི་སྡེ་ཚན་གཉིས་པ་ལ། ། སྤྱི་བོར་ཨེ་ཡི་རྣམ་པས་མཚན། ། རྩ་ བར་ནཱ་ད་ཐིག་ལེར་བཅས། ། ཁ་དོག་དཀར་པོ་མཉམ་པའི་འོད། ། དགའ་བྱེད་ལས་ཀྱི་ས་བོན་གྱིས། ། རྣལ་འབྱོར་མ་ཀུན་དགའ་བར་བྱེད། ། དེ་ཉིད་ཀུན་གྱི་ས་བོན་ནི། ། རྣལ་འབྱོར་མ་ཀུན་གྱིས་རབ་སྤྱད། ། དེ་ནས་སྨན་སོགས་རིམ་པ་ནི། ། ཁྱད་ པར་ཉིད་དུ་སྦྱར་བར་བྱ། ། བླ་རེ་བླ་རེ་ཉིད་དང་ནི། ། སྤོས་དང་བདུག་པ་དྲིལ་སོགས། ། སྔགས་དང་ཕྱག་རྒྱའི་ཆོ་ག་ཡིས། ། མཁའ་འགྲོའི་གཏོར་མ་བྱིན་བརླབས་པ། ། སྔོན་དུ་གཉིས་མེད་གཏོར་མར་ལྡན། ། དྲི་ཡི་མཎྜལ་གྲུ་བཞི་པ། ། དབུས་སུ་རྣལ་འབྱོར་ བས་བྲི་བ། ། གུར་གུམ་ཤིན་ཏུ་དྲི་ཞིམ་ལྡན། ། རེའུ་མིག་ཉི་ཤུ་རྩ་ལྔ་པ། ། བློ་དང་ལྡན་པས་གྲུ་བཞི་བྲི། ། དབང་པོ་ལ་སོགས་རེའུ་མིག་ནས། ། བློ་དང་ལྡན་པས་ཡི་གེ་དགོད། ། དངོས་དང་དངོས་མེད་ལྡན་པ་ཡིས། ། དེ་ཡི་ས་བོན་སྤང་དབུས་སོ། ། ཉིན་མོའི་ ཡི་གེ་ཐམས་ཅད་ཉིད། ། ལྷག་མའི་སྡེ་ཚན་བརྒྱད་པ་ཡི། ། ས་བོན་མཉམ་པར་གཞག་པ་དགོད། ། སྒྲ་དང་ཐིག་ལེར་ཡང་དག་ལྡན། ། ཁ་དོག་དམར་པོ་འོད་མཉམ་པའོ། །
BO
གུ་གུལ་དབང་པོའི་ལག་པ་དད། ། རྨོངས་བྱེད་རེངས་བྱེད་དེ་བཞིན་སྒྲ། ། སཏྟ་སི་ ཧཱ་ཙམ་པ་ཀ། ། ཀུ་ཏུ་རུ་དང་ཀོ་ལི་ཀི། ། སོན་རྩི་ཀ་དང་པ་བླ་དང་། ། གུ་གུལ་རུ་རྟ་དཱུར་བ་ཀར། ། མེ་དང་དྲི་དང་གུར་གུམ་དང་། ། ཙནྡན་གི་ཝང་ཡང་དག་ལྡན། ། ཤ་ཁར་དང་ལི་ཤི་དང་། ། པྲི་ཡང་ཀུ་དང་གེ་སར་དང་། ། ཆུ་སྲིན་སྡེར་མོ་ནུབ་ཕྱོགས་ཆ། ། རེའུ་ མིག་ཀུན་དང་གནས་ཀུན་ཏུ། ། དབང་པོ་ལ་སོགས་སྨན་རིམ་བཞིན། ། རྫས་ནི་རེ་རེ་རེ་རེ་དང་། ། ཆ་ལ་ས་བོན་བཟླས་པར་བྱ། ། ཕྱག་འཚལ་དང་པོ་བསྲེག་པ་མཐའ། ། བརྒྱད་དང་བརྒྱད་དུ་བཟླས་པ་བྱ། ། ཆ་དང་ལྡན་སོགས་ས་བོན་ནི། ། སྨན་དང་ལྡན་ན་དེ་ བས་མཆོག ། བདུད་རྩི་ལྔ་དང་ཡང་དག་ལྡན། ། གུ་གུལ་ལ་སོགས་སྦྱར་བྱས་ནས། ། རྒྱལ་པོའི་བཙུན་མོ་རྒྱལ་དབང་ལ། ། མཁས་པས་བྱིན་པས་དབང་དུ་བྱེད། ། བདག་ཉིད་ལྔ་ཡི་ལྔ་དང་ནི། ། ཤ་ད་ཝ་སོགས་སྦྱར་བྱས་ནས། ། རེ་པའི་རྫས་ལ་ བསྒོམས་བྱས་ན། ། ཇི་ལྟར་སྔོན་དང་སྔོན་བཞིན་ཉིད། ། རྗེའུ་རིགས་བྲམ་ཟེ་དམངས་རིགས་དང་། ། སྐྱེས་པའམ་ཡང་ན་བུད་མེད་ལ། ། བཟའ་བའི་དངོས་པོ་བྱིན་པ་ཡིས། ། དབང་དུ་འགྱུར་བར་ཡོངས་སུ་གྲགས། ། སྐྱོ་བྱེད་ལ་སོགས་རྣམ་པ་ལྔ། །
BO
སོན་ རྩི་ཀ་ཡི་ཆ་དང་སྦྱར། ། བརྟུལ་ཞུགས་དམན་པའི་རིགས་རྣམས་ནི། ། བདག་ཉིད་ཀྱིས་ནི་དབང་དུ་བྱེད། ། མེ་ད་ལ་སོགས་སྨན་རིམ་དང་། ། མི་ཡི་མར་ཁུ་ཡང་དག་ལྡན། ། མཁས་པས་དཔྱད་ཅིང་བརྟགས་པ་ཡིས། ། མཉམ་པའི་ཆ་དང་མ་རུ་བྱ། ། ཐིག་ ལེའུ་ནི་སྦྱིན་བྱས་ན། ། རྒྱལ་པོའི་རིགས་ལ་འགྲོ་བ་དང་། ། ཐ་སྙད་ལས་ནི་རྣམ་པར་རྒྱལ། ། འགྲོ་བ་ཡང་དག་རྨོངས་པར་བྱེད། ། དང་པོ་ཤ་ཁ་ར་སོགས་དང་། ། ཙནྡན་དང་ནི་རྣམ་པར་སྦྱར། ། སྡེ་ཚན་གཅིག་གི་ཆ་དང་ནི། ། ཙནྡན་གྱི་ནི་ཆ་ཉིད་དང་། ། བྱམས་པའི་གནས་སུ་རྣལ་འབྱོར་པ། ། ཡན་ལག་ཉིང་ལག་བྱུག་བྱས་ནས། ། དྲི་ནི་སྣ་ལ་མན་མས་ཙམ་གྱིས། ། ངེས་པར་དབང་དུ་བྱེད་པའོ། ། མཚམས་དང་མཚམས་ཀྱིས་ཤ་ཁ་ར། ། སྦྲང་རྩིའི་ཆ་དང་སྦྱར་ནས་ནི། ། མཆོག་ཏུ་བསྒོམས་ཤིང་བདུག་པ་ ཡིས། ། ཀུན་ནས་ངེས་པར་དབང་དུ་བྱེད། ། མཚམས་ཀྱི་ནང་གི་ཀུན་བཟུང་ནས། ། ཤ་ཁར་ཡི་ཆ་དང་བསྲེ། ། བདུག་པས་བདུག་ཅིང་བདུག་བྱས་ནས། ། མི་ནི་ཀུན་ནས་རྨོངས་པར་བྱེད། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ། ཡེ་ཤེས་མཁའ་ འགྲོ་སྤྲུལ་ནས་ནི། ། ས་བོན་སོ་སོའི་ས་བོན་ཉིད། ། ཀུན་ནས་བརྒྱ་ཕྲག་གཅིག་ཏུའོ། །
BO
དེ་བཞིན་དུ་ནི་དམར་པོའི་ལས། ། དེ་ཡི་རྗེས་ནི་ཀུན་བཟུང་ལ། ། བདག་ཉིད་ཡེ་ཤེས་ལྟ་རུའོ། ། ཉི་མའི་ལག་པའི་རྫས་རྣམས་ནི། ། ཁ་དོག་དམར་པོ་མཉམ་པའི་ འོད། ། དེ་ཉིད་ས་བོན་བཟླས་པ་ཡིས། ། གཡོ་བ་དང་ནི་ལྟུང་བར་བྱེད། ། སྙིང་གའི་དཀྱིལ་འཁོར་དབུས་གནས་པར། ། ཉི་མའི་དཀྱིལ་འཁོར་བསམས་ནས་ནི། ། དེ་ཡི་དབུས་སུ་ས་བོན་ནི། ། སྐྱེད་པར་རེ་པ་ཐིག་ལེ་ཅན། ། ཁྲི་ཕྲག་ གཅིག་ཏུ་བཟླས་པ་ཡིས། ། གཉིས་ཀྱིས་ལྟུང་བའམ་གཡོ་བར་བྱེད། ། ཕྱི་ནས་གཏོར་མའི་ལས་ཀྱིས་ནི། ། གཡོ་དང་མི་གཡོ་གྲུབ་པར་བྱེད། ། གུ་གུལ་ལ་སོགས་སྲིན་བུ་ལྔས། ། རྩ་བ་བརྒྱད་དང་སྦྱར་བྱས་ནས། ། ཕྲ་བའི་སྒོ་ང་ཙམ་ཟོས་པས། ། མོད་ལ་ མྱུར་དུ་འཆི་བར་འགྱུར། ། ཤ་ཏ་ཅ་སོགས་སྲིན་བུ་ནི། ། འོ་མ་བདུན་པར་སྦྱར་བྱས་པའི། ། ཞག་བདུན་ལས་ལྷག་པར་ཟོས་ན། ། འཆི་བ་འདི་ལ་ཐེ་ཚོམ་མེད། ། སོན་རྩི་ཀར་སོགས་སྲིན་བུ་ལྔ། ། སྦྲང་རྩི་སྨྱོ་བྱེད་ལྔ་བ་ནི། ། བཟའ་དང་བཏུང་བ་སྦྱིན་བྱས་ནས། ། སྐྱོ་བྱེད་མྱོས་བར་འགྱུར་བའོ། ། མེད་ལ་སོགས་སྲིན་བུ་ལྔ། ། སྦྲུལ་གྱི་སྒོ་ངར་བཟླས་བྱས་ནས། ། ཐིག་ལེ་ཙམ་ཞིག་ཟོས་པས་ནི། ། སྐད་ཅིག་དེ་ལ་མཛེ་ཡིས་འཛིན། །
BO
ཁ་རའི་སྡེ་ཚན་སྲིན་བུ་ནི། ། མགོ་ལ་སྒོང་དང་ལྡན་པར། ། དེ་ཡི་ཕྱེ་མ་ཟོས་པ་ཡིས། ། མི་ནི་དབྱངས་དང་བྲལ་བར་འགྱུར། ། མཚམས་ཀྱི་ཁར་ཀུན་བཟུང་ལ། ། སྦྲང་རྩི་མར་གྱི་ཆ་དང་སྦྱར། ། དེ་ཡི་ཕྱེ་མ་བཟའ་བྱས་ན། ། དེ་ཡི་མོད་ལ་གཟིར་བས་འཛིན། ། མཚམས་ཀྱི་ནང་གི་ཡང་དག་གཟུང་། ། སྦྲང་རྩི་ལྷན་ཅིག་བསྒོ་བྱས་པའི། ། ཕྲ་རབ་ཙམ་ཞིག་ ཟོས་པ་ཡི། ། མོད་ལ་རིམས་ཀྱིས་གདུང་བར་བྱེད། ། དེ་ཉིད་རབ་སྦྱོར་སྙིང་པོ་ནི། ། གསང་ཞིང་གསང་བའི་ལུང་གི་དོན། ། ཡེ་ཤེས་ལྡན་ཞིང་བློ་ལྡན་པའི། ། ལུས་ཀྱི་རིམ་པ་རྣམ་པར་བལྟ། ། དཀོན་མཆོག་གསུམ་ལ་གནོད་པ་དང་། ། སློབ་དཔོན་དང་ནི་གསང་ སྨོད་པ། ། སྡིག་གིས་གོས་པར་མི་འགྱུར་ཏེ། ། རྣལ་འབྱོར་མ་ནི་ཀུན་གྱིས་གསུངས། ། ལྔ་པའམ་ལྔ་བའི་རིམ་པ་ཞེས་བྱ་བ་བསྟན་པ་རྫོགས་སོ། ། ། ། དེ་ནས་གཞན་གྱི་རིམ་པ་ནི། ། སྨན་རྣམས་ཀྱི་ནི་ཁྱད་པར་ཉིད། ། དེ་ཉིད་ཀུན་གྱི་མཆོག་འགྱུར་བ། ། མཆོག་གི་སྙིང་པོ་སྙིང་པོ་ཉིད། ། སྔོན་གྱི་མཚན་ཉིད་དང་ལྡན་པས། ། ཆོ་ག་རིམ་བཞིན་སྨན་དང་སྔགས། ། དེ་ཉིད་གཏོར་མའི་ལས་དང་ནི། ། དྲི་ཡི་རེའུ་མིག་དགོད་པར་བྱ། ། བཅུ་དགུ་དང་ནི་སུམ་ཅུ་ཡི། །
BO
གྲུ་བཞི་པ་ཡི་རེའུ་མིག་དགོད། ། ཉིན་མོ་སྟོང་པའི་ས་ བོན་དང་། ། སྡེ་ཚན་ཐ་མ་དགོད་པར་བྱ། ། དབང་པོ་ལ་སོགས་གནས་རྣམས་སུ། ། དང་པོར་དབྱངས་ཡིག་རིམ་ཇི་བཞིན། ། རེའུ་མིག་ཀུན་གྱི་ས་བོན་ནི། ། སྨན་སོགས་བཞིན་དུ་གཞག་པར་བྱ། ། ན་ཀི་བྷ་ལ་བི་ལིང་ག། ། རུ་རྟ་བུ་རམ་བྷ་ས་ཀ། ། ཀ་ས་ལ་སོགས་ བདུན་པ་ནི། ། དབང་ལྡན་ལ་སོགས་གནས་སུ་དགོད། ། དབང་པོའི་ལག་པ་ཤུ་དག་དང་། ། རྨོངས་བྱེད་དང་ནི་ཙནྡན་དང་། ། ཙནྡན་དང་ནི་གུར་གུམ་ཉིད། ། བདུན་པའི་གནས་སུ་གཞག་པར་བྱ། ། ཆ་མཉམ་པ་ནི་གཉིས་པའོ། ། ག་བུར་སཱ་ལི་ཤུ་དག་དང་། ། གུར་གུམ་རྐུན་མོ་གི་ཝང་དང་། ། སྦྲང་རྩི་བདུན་པ་ཡི་ནི་ཆ། ། གསུམ་པའི་རེའུ་མིག་སྡེ་ཚན་ནོ། ། ས་རྫར་གུ་གུལ་རུ་རྟ་དང་། ། གྷན་དྷི་ཁ་ར་ཀུན་དུ་རུ། ། མེ་ཏོག་ཕྲེང་བ་བདུན་པ་ནི། ། བཞི་པའི་རེའུ་མིག་གནས་སུའོ། ། ཀ་ཀོ་ལ་དང་ཤ་ཏ་དང་། ། གེ་སར་ སོ་རྩི་རྒྱ་སྐྱེགས་དང་། ། པ་ཏྲ་བདུན་པའི་ཆ་ཉིད་ནི། ། ལྔ་པའི་ལས་སུ་ཡོངས་སུ་གྲགས། ། དྲི་དང་བཅུད་ལེན་ཀྵ་ར་དང་། ། ཡུང་བ་དང་ནི་ཁ་ར་ཏྲ། ། ཀྵཽ་དྲི་བི་བི་ལིང་གི་ཆ། ། དྲུག་པའི་རེའུ་མིག་མིག་ཡིན་ནོ། ། དན་ཏ་དན་ཏ་ཀུ་སུ་མ། །
BO
རམས་དང་གར་སྨ་བེ་ཏ་ ཀི། ། སར་རྣམས་ནི་བདུན་པའི་ཆ། ། བདུན་པའི་སྨན་གྱི་རིམ་པའོ། ། བརྒྱ་ཕྱེད་གཅིག་གིས་མཚང་བར། ། རེའུ་མིག་ཀུན་སོགས་སྨན་ཉིད་དོ། ། རེ་རེ་ལ་ཡང་སྔགས་འདི་ནི། ། བརྒྱ་ཕྲག་མངོན་པར་རབ་བསྔགས་ཏེ། ། དང་པོ་ཆུ་སྲིན་སྡེ་ཚན་སོགས། ། བདག་ ཉིད་བདུན་གྱི་བདུན་པ་ནི། ། མཐར་ནི་ཕྱེ་མ་སྦྱར་བྱས་ཏེ། ། ཤིན་ཏུ་ཞི་བ་མོར་མཁས་པས་བཏགས། ། འདུས་པ་རྒྱལ་པོ་རྒྱལ་དབང་གི། ། བཟའ་དང་བཏུང་དང་ལྡན་པར་སྦྱིན། ། ཐམས་ཅད་བདག་ཉིད་འདོད་པ་བཞིན། ། ཀུན་ནས་ཐམས་ཅད་དབང་དུ་འགྱུར། ། དང་པོ་ ལ་སོགས་སྡེ་ཚན་ནི། ། ཕྲ་ཞིང་ཞིབ་པར་རབ་ཏུ་བྱ། ། ཕྱེ་མ་ཀུན་ནས་བླངས་ནས་ནི། ། བདག་ཉིད་མཆིལ་མས་དེ་བཞིན་བདུན། ། བཟའ་དང་སྟོན་མོར་ཆོ་ག་བཞིན། ། རབ་ཏུ་མཉམ་པར་བཞག་པས་བྱ། ། སྐྱེས་པའམ་ནི་བུད་མེད་དམ། ། ཐམས་ ཅད་ཀུན་ནས་འོད་འགྱུར་རོ། ། དང་པོར་ཤེལ་གྱི་སྡེ་ཚན་ནི། ། མཉམ་པོར་ཆ་དེ་ཕྱེད་མར་བྱ། ། མི་ཡི་སྣུམ་དང་ཀུན་ཏུ་སྦྱར། ། གྲིབ་མ་དང་ནི་གྲིབ་མར་བསྐམས། ། ཆོ་ལོར་འཇུག་ཅིང་དགའ་བ་དང་། ། སྔ་དྲོ་ཐིག་ལེ་སྦྱིན་བྱས་ན། ། རྒྱལ་པོའི་རིགས་ལ་ཉེར་འགྲོ་བ། ། སྐྱེ་བོ་སྐལ་ཅན་མྱུར་དུ་འགྱུར། །
BO
ས་རྫ་སྔོན་སོགས་དབང་པོར་སྦྱར། ། ཕྱེ་མ་ཞིབ་ཏུ་བྱས་ནས་ནི། ། སྦྲང་རྩི་ཁ་རའི་ཆ་ཉིད་དང་། ། རང་འདོད་སྤོས་ཆུ་རབ་སྦྱར་ནས། ། མི་དགའ་བ་ཀུན་དགའ་བ་དང་། ། ངག་གི་འདྲེན་པ་ཉིད་དུ་འགྱུར། ། དེ་ཡི་བདུག་པས་བདུགས་པའི་ ལུས། ། འགྲོ་བ་ཀུན་ཏུ་རྨོངས་པར་འགྱུར། ། ཀ་ཀོ་ལ་སོགས་དང་ལྡན་པས། ། ཕྱེ་མ་མཉམ་པོར་ཆར་བྱས་ཏེ། ། ཙནྡན་དང་པོ་ཐམས་ཅད་ཀུན། ། ཆ་གསུམ་དུ་ནི་བྱ་བར་བྱ། ། མི་བྱམས་སྨན་ཞིང་བཀུར་པ་ནི། ། སྐལ་ལྡན་མཛེས་པར་འདོད་འགྱུར་ན། ། དེ་ཡི་ ཡན་ལག་ལ་བྱུགས་ལ། ། འགྲོ་བ་རྣམ་པར་རྨོངས་བྱེད་ཡིན། ། དྲི་ཡི་སྡེ་ཚན་བདུན་པར་ནི། ། ཀ་ཀོ་ལ་སོགས་དང་ལྡན་པར། ། མར་དང་འོ་མ་དང་བསྲེས་ནས། ། ཀུན་གྱི་ཆ་དང་སྦྱར་བྱས་ནས། ། གྲིབ་མའི་གྲིབ་མར་བསྐམ་པར་བྱ། ། རིགས་དམན་ཀླ་ཀློ་ལ་སོགས་ ཀུན། ། ཡིད་མི་འོང་བ་བྱམས་པར་འགྱུར། ། འདི་ཡི་སྦྱོར་བ་སྦྱིན་བྱས་ནས། ། དང་གི་འདོད་བཞིན་བྱེད་པའོ། ། ད་ན་ཏི་མཉམ་པའི་ཆ་ཉིད་དང་། ། རྒྱ་སྐྱེགས་ལ་སོགས་ཀུན་གྱི་ཆ། ། མེ་ལ་བསྲོ་བར་རབ་ཏུ་སྦྱར། ། ཀ་ར་ན་ཛ་ཡི་རྡོག་མ་ཙམ། ། ཡིད་དུ་མི་འོང་ བ་ཡི་གནས། ། ཁར་བཅུག་ཀུན་ཏུ་དེ་ཡི་དག །
BO
ཚིག་གསུམ་ཚིག་ཏུ་བརྗོད་པ་ཡིས། ། བདག་འདོད་པ་བཞིན་དབང་དུ་བྱེད། ། མཚམས་ཀྱི་དན་ཏི་ལ་སོགས་པ། ། སྨྱོ་བྱེད་ཆུ་ནི་ལྔ་བ་དང་། ། བདག་ཉིད་བཅིངས་བར་སྔོན་ལྡན་པས། ། མཆོག་ཏུ་བསྒོམས་ན་ འདུག་པར་བྱ། ། བདུག་པ་འདི་ཡིས་བདུག་བྱས་ན། ། སྒྲུབ་པོས་སྣ་ལ་མནམས་ཙམ་གྱིས། ། དེ་ཡི་རང་འདོད་སུ་ལ་ནི། ། དབང་དུ་གྱུར་པར་ཡོངས་སུ་གྲགས། ། མཚམས་ཀྱིས་ར་ལ་སོགས་བླང་། ། ཕྱེ་མ་ཞིབ་མོར་བྱས་ན་ནི། ། བདག་ཉིད་དྲི་མ་ལྔ་དང་ ནི། ། ཀུན་ནས་ཆ་ནི་མཉམ་བྱས་ལ། ། ཕྱེ་མ་ཞིབ་མོ་ཡང་དག་ལྡན། ། འདི་ཡི་སྨན་དང་ལྡན་པ་ཡིས། ། བསྒྲུབ་བྱའི་ལུས་ལ་རེག་བྱས་ན། ། ངེས་པར་དབང་དུ་བྱེད་པའོ། ། ཆ་དང་ཆ་ཡི་བྱེ་བྲག་ནི། ། མཁས་ཤིང་བཟོ་བར་བྱས་བར་བྱ། ། ཁྱད་པར་སྨན་གྱི་ ལས་འདི་ནི། ། ཆོ་ག་བཞིན་དུ་རྣམ་པར་བལྟ། ། རྡོ་རྗེ་སེམས་དཔར་སྦྱོར་བ་ནི། ། པདྨའི་གདན་གྱི་གདན་ལ་བཞུགས། ། ཀུན་ནས་ཡོངས་སུ་རྫོགས་པ་ཡི། ། བཙོ་མ་གསེར་དང་འདྲ་བའི་འོད། ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ། ། ཨ་ནི་ཐིག་ལེ་ཡང་དག་ལྡན། ། འབར་ཞིར་རབ་ཏུ་འབར་བ་ཡིས། ། བསྒྲུབ་བྱའི་སེམས་ནི་འགྲུགས་པར་བྱེད། ། མི་འགྱུར་ཡི་གེའི་ཐིག་ལེ་དང་། །
BO
རྩ་བར་སྒྲ་ཡིས་རབ་ཏུ་སྦྱར། ། མཐང་ནི་བདུད་རྩིའི་ཡི་གེའི་མིང་། ། འབུམ་ཕྲག་གཅིག་གིས་རབ་ཏུ་བསྒྲུབ། ། སྨན་གྱི་སྦྱོར་བར་ལྡན་པ་ནི། ། ཟླ་བའི་ དཀྱིལ་དུ་ཀུན་ནས་བྱ། ། གཏོར་མ་དེ་ཉིད་བྱིན་བརླབས་ནས། ། འབུམ་དང་འབུམ་དུ་བསྙེན་པ་བྱ། ། སྔོན་དུ་ད་ན་ཏིའི་ཡན་ལག་དང་། ། ཐིག་ལེ་བརྒྱ་པར་ཀུན་ནས་ལྡན། ། བཟའ་བའི་དངོས་པོས་སྦྱིན་བྱས་ན། ། མི་ཡི་སྐད་ཅིག་རྣམ་པར་སྤངས། ། ད་ན་ཏ་ལ་སོགས་སྲིན་ བུ་དང་། ། ར་ཡི་འོ་མར་བསྲེས་བྱས་ན། ། གང་གིས་ཟོས་པ་ཙམ་གྱིས་ནི། ། ཞག་བདུན་ན་ནི་ངེས་པར་འཆི། ། ཀུ་གསུམ་སྲིན་བུ་བདུན་དང་ནི། ། སྨྱོ་བྱེད་ཆུ་ནི་རྣམ་པ་ལྔ། ། བཟའ་བར་ཟོས་པ་ཙམ་གྱིས་ནི། ། སྨྱོ་ཞིང་སྨྱོ་བར་འགྱུར་བའོ། ། རམས་ཀྱི་ལམ་སོགས་ སྡེ་ཚན་དང་། ། དཀར་པོར་སྲིན་བུ་སྦྱར་ནས་ནི། ། བཟའ་བའི་དངོས་པོར་སྦྱིན་བྱས་ན། ། ཐམས་ཅད་ཀུན་ནས་འཐབ་པར་འགྱུར། ། ཀ་མི་སྲིན་བུའི་སྡེ་ཚན་དང་། ། མི་ཡི་མར་ཁུ་དང་སྦྱར་ནས། ། ཕྱེ་མས་ཡན་ལག་ལ་རེག་ན། ། སྐལ་ངན་མི་བྱམས་པ་དག་ནི། ། ཙི་ཏེ་ སྡེ་ཚན་བདུན་པ་ནི། ། ནོར་བུར་སྒོང་ལྡན་བཟླས་ནས། ། ཐིག་ལེ་ཙམ་ཞིག་ཟོས་པ་ཡིས། ། མོང་ལ་ཚོར་བ་མི་བཟད་འབྱུང་། །
BO
ས་ཡལ་སོགས་སྡེ་ཚན་དང་། ། ཉི་ཤུར་ར་ཡི་ཆུ་ཡིས་སྤངས། ། ཅུང་ཞིག་ཙམ་ཞིག་ཟོས་པ་ཡིས། ། ཉི་མ་ཉི་ཤུ་ན་ དེ་འཆི། ། དན་ཏི་མཚམས་ཀྱི་སྲིན་བུ་དང་། ། མར་དང་སྦྲང་རྩི་སྦྱར་ནས་ནི། ། བཟའ་དང་བཏུང་བ་ཟོས་ནས་ནི། ། མཛེ་ནད་ཀྱིས་ནི་ཡན་ལག་གཟིར། ། མཚམས་སོགས་ཐང་ཆུའི་སྲིན་བུ་ནི། ། བཟའ་དང་བཏུང་བར་རབ་བྱིན་ན། ། རྣམ་པར་རྨོངས་ཤིང་དྲན་པ་ཉམས། ། དེ་ཉིད་མེད་ཅིང་མཉམ་གཞག་མེད། ། རབ་སྦྱོར་སྙིང་པོ་བསྡུས་པ་ཉིད། ། གསང་ཞིང་གསང་བར་བྱས་པ་ཡི། ། རྨོངས་ཤིང་བླུན་པའི་སེམས་ཅན་སོགས། ། སྦྱོར་བ་འདི་ཡིས་ལོངས་སྤྱོད་ལྡན། ། དཀོན་མཆོག་གསུམ་ལ་བརྙས་པ་དང་། ། སློབ་དཔོན་དང་ནི་ གསང་སྨོད་དང་། ། སྡིག་གིས་གོས་པར་མི་འགྱུར་བ། ། རྣལ་འབྱོར་མ་ནི་ཀུན་གྱིས་གསུངས། ། ཉོན་མོངས་རྨོངས་སོགས་བག་ཆགས་དང་། ། ཤེས་རབ་ཞན་ཅིང་ཡིད་མི་གཞུངས། ། སྔགས་ཀྱི་སྣོད་མིན་སྙིང་རྗེ་མེད། ། སྨན་གྱི་བྱ་བ་ལ་འཇུག་པའོ། ། གདན་ བཞི་པ་ཡི་རྒྱུད་ཀྱིས་ནི། ། གསུམ་པ་ཡི་ནི་གསུམ་པའོ། ། དེ་ཡི་སྦྱོར་བ་མཐོང་ནས་ནི། ། བརྡ་ཡི་སྐད་ཀྱིས་བསྡུས་པའོ། ། ལེའུ་བཞི་པ་ཞེས་བྱ་པ་རྫོགས་སོ། ། ། ། དེ་ཡི་རྩ་བའི་སྙིང་པོའི་དོན། །
BO
སྔགས་ཀྱི་སྦྱོར་བའི་རིམ་པ་ཡི། ། དེ་ཉིད་བསྡུས་པའི་འགྲུབ་ པའོ། ། དེ་ཉིད་སྨན་པས་ལུས་ཉོན་མོངས། ། ཤེས་རབ་ཐབས་ནི་རྒྱུར་གྱུར་པས། ། རང་འདོད་ལས་ནི་བསྒྲུབ་པར་བྱ། ། ཤེས་རབ་ཡེ་ཤེས་སྣང་བའོ། ། ཐབས་ནི་རིགས་པའི་ཚུལ་ཉིད་དོ། ། རྣལ་འབྱོར་ཤེས་རབ་རྩ་བ་འདི། ། ཐབས་ནི་དེ་ཡི་གྲོགས་ཉིད་དོ། ། གང་ཞིག་ཐབས་དང་ཤེས་རབ་ལྡན། ། ཉོན་མོངས་ལུས་ལས་རྣམ་པར་རྒྱལ། ། སྲིད་པའི་ཉེས་སྐྱོན་དུ་མ་ཡང་། ། སྲིད་པ་དང་ནི་རྨོངས་པ་གཞི། ། དངོས་པོའི་གནས་ནི་མི་རྟག་པས། ། དེ་ཕྱིར་ཤེས་རབ་ཡོངས་སུ་སྤངས། ། དངོས་མེད་དངོས་པོ་ཡང་མ་ཡིན། ། སྐྱེ་ པ་དང་ནི་འགག་པ་མེད། ། དངོས་པོ་ཡོངས་སུ་གནས་པ་མེད། ། འཇིགས་པ་ཡི་ནི་རྣམ་པ་མེད། དངོས་དང་དངོས་མེད་ལ་སོགས་མཐའ། ། དག་དང་མ་དག་དབུས་སུ་ནི། ། དེ་ཡི་མཚན་ཉིད་སྔོན་ཤེས་ནས། ། མཉམ་པའི་ལྟ་བ་ལྡན་པར་གཟུང་། ། གཟུང་དང་ འཛིན་པ་རྣམ་གྲོལ་བའི། ། དངོས་པོའི་འདུ་ཤེས་རྣམ་པར་སྤངས། ། སངས་རྒྱས་ཀྱིས་རྟོགས་བསྟན་བཅོས་ལས། ། ཡོངས་སུ་བརྟགས་ནས་སྙིང་པོ་བླང་། ། དངོས་མེད་དངོས་པོར་གཟུང་པར་བྱ། ། དངོས་པོའི་རང་བཞིན་རྣམ་པར་སྤངས། ། དངོས་དང་དངོས་ མེད་མཉམ་བྱས་པས། །
BO
འོ་མ་བསྲུབས་པ་ལས་ནི་མར། ། མཆོག་གི་སྙིང་པོ་ཡང་དག་བླང་། ། མཉམ་པར་ལྟ་བ་འབའ་ཞིག་གོ། ། བསྟན་བཅོས་བསྟན་ཞིང་ཡོངས་ཤེས་ན། ། དེ་ཡི་མཚན་ཉིད་དངོས་པོ་མེད། ། ཡང་དག་ལམ་ལ་དམིགས་པ་ཡིས། ། དངོས་ པོ་མཆོག་དང་མཆོག་ཏུ་འགྲུབ། ། ཇི་བཞིན་གནས་ཀྱི་རིམ་པ་བརྟེན། ། ཡེ་ཤེས་མཆོག་ཏུ་གོང་ནས་གོང་། ། གཞན་གྱི་གནས་ལས་འཕངས་པ་ཡི། ། མངའ་ཡིས་མངའ་ནི་བསྣུན་པར་བྱ། ། གོང་ནས་གོང་ལ་སོགས་པར་བལྟ། ། རང་འདོད་དངོས་པོར་ཡང་ དག་བླང་། ། བདུན་པའི་དགྲ་ལས་རྣམ་པར་རྒྱལ། ། འཁོར་པའི་དགྲ་ཡི་གཡུལ་ཉིད་ནི། ། གང་ཞིག་ཐབས་དང་ཤེས་རབ་ལྡན། ། དགྲ་ཡི་དངོས་པོ་གང་དུ་གནས། ། ལེ་ལོ་གཉིད་དང་འདོད་པ་དང་། ། ཁྲོ་དང་རྨོངས་པ་སྲོད་པ་དང་། ། ཁྲོ་བ་ཡིས་ནི་ཡན་ལག་ གཟིར། ། ཐབས་ཀྱིས་བདུད་ནི་རྣམ་པར་སྦངས། ། ལེ་ལོ་ཉེས་སྐྱོན་ཀུན་གྱི་གནས། ། གཉིད་ཀྱིས་དགེ་བ་རྣམ་པར་འཇོམས། ། ཁྲོ་བ་ཡིས་ནི་སྲིང་པས་འདྲེན། ། འདོད་པས་དྲན་པ་རྣམ་པར་ཉམས། ། རྨོངས་པ་ཡིས་ནི་གཉིས་ཀྱིས་ནོན། ། སྲེང་བ་ཡིས་ནི་འཁོར་ བར་འཇུག ། བཀྲེས་པས་དམན་ཞིང་སྡང་བ་ཡི། ། བདུད་བདུན་པོ་ནི་ཡོངས་སུ་སྲངས། ། ཀུན་ནས་བདུད་ཀྱིས་འབིགས་པ་ཡི། །
BO
ལུས་ནི་ཉོན་མོངས་སྡུག་བསྔལ་གནས། ། རང་འདོད་པ་ཡི་སེམས་ཀྱིས་ནི། ། དུལ་བར་བསྲུབས་ཤིང་མནན་པར་བྱ། ། གང་ དང་གང་གི་ལམ་དུ་ནི། ། རང་འདོད་སེམས་ཀྱི་འབད་པ་ཡིས། ། ཐམས་ཅད་སྙིང་པོ་བསྡུས་ནས་ནི། ། རྣལ་འབྱོར་མཆོག་ནི་བརྩམ་པར་བྱ། ། རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། ། སྨོན་ལམ་བླ་མེད་རྒྱུ་ཡི་ནི། ། ཨོྃ་སྭ་བྷཱ་བ་ཤུདྡྷཱཿསརྦྦ་དྷརྨཱཿསྭ་བྷཱ་བ་ ཤུདྡྷོ྅ཧཾ། ཡོ་ག་ཤུདྡྷཱཿསརྦྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། བཛྲ་ཤུདྡྷཱཿསརྦྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། སྨོན་ལམ་ཀུན་མཆོག་དོན་དུ་ནི། ། ལྷ་ཉིད་དམིགས་པར་བྱ་བ་ཡིས། ། རྣམ་ཤེས་རང་འདོད་པར་བྱས་པས། ། སྲེད་དང་རྨོངས་པ་རྣམ་པར་སྤངས། ། ཟླ་བའི་དཀྱིལ་ འཁོར་དབུས་གནས་པར། ། བདག་ཉིད་ལུས་ནི་རྣམ་པར་བརྒྱན། ། སངས་རྒྱས་ལྔ་ཡི་ཅོད་པན་ཅན། ། དུང་དང་ཀུནྡ་མཉམ་པའི་འོད། ། བདག་ཉིད་སེམས་དཔའི་སྐྱིལ་མོ་ཀྲུང་། ། ཕྱག་ན་རྡོ་རྗེ་དྲིལ་བུ་དང་། ། སྐུ་ལ་རྒྱན་རྣམས་ཀུན་གྱིས་བརྒྱན། ། རྡོ་རྗེ་མེ་ འོད་རབ་འཕྲོ་བ། ། འཇིགས་པ་མེད་ཅིང་འཚེ་མེད་པར། ། དངོས་པོ་དངོས་པོར་བསྒོམ་པར་བྱ། ། ཨཱ་ལི་ཀཱ་ལི་རབ་སྦྱོར་བས། ། ས་བོན་ས་བོན་བྱུང་བ་ཡི། །
BO
ཕྱག་འཚལ་བསྲེག་པ་མཐར་བཞག་པ། ། རང་འདོད་པ་ཡི་སེམས་ཀྱིས་བཟླ། ། རིམ་བཞིན་འགགས་ པའི་ཕྱི་ནས་ནི། ། བདག་མེད་ཤིན་ཏུ་མཉམ་པར་གཞག ། གཟུགས་ཀུན་རྣམ་པར་དབུག་ནས་ནི། ། ཁམས་གསུམ་དུ་ནི་མི་རྟོག་གོ། ། ཟླ་བ་ལ་སོགས་བདག་ཉིད་མེད། ། ཀུན་ནས་ཐམས་ཅད་སྟོད་པར་རིག ། སྟོང་ཉིད་སྟོང་པ་སྟོང་ཆེན་དང་། ། དངོས་མེད་ དངོས་པོར་བསྒོམས་པ་ཡིས། ། བསྒོམས་ནས་ལྷག་མའི་མཐའ་རུ་ནི། ། རྣམ་ཤེས་སྒྲོན་མ་ལྟ་བུར་འབར། ། དེ་ཡི་འོད་ཟེར་སྣང་བ་ཡིས། ། ཁམས་གསུམ་མུན་པ་བསལ་ནས་ནི། ། འབར་ཞིང་རབ་ཏུ་ཕྲ་བའོ། ། རྣམ་ཤེས་ཡེ་ཤེས་སྣང་བ་ཉིད། ། དངོས་དང་ དངོས་པོ་མེད་པའི་དབུས། ། གཟུགས་དང་གཟུགས་མེད་དབུས་ཉིད་དང་། ། འདུ་ཤེས་འདུ་ཤེས་མེད་པར་ལྡན། ། ཡུད་ཙམ་ལྟ་བར་རིག་པའོ། ། གཟུགས་དང་སྟོང་བ་ལ་སོགས་དབུས། ། འདི་ཡི་མཚན་ཉིད་མཚོན་པ་ཉིད། ། འགོག་པའི་སྦྱོར་བའི་རིམ་ པ་ནི། ། ཤིན་ཏུ་མཉམ་པར་བཞག་པས་བསྒོམ། ། ཡན་ལག་གཟིར་མེད་པ་དང་། ། སེམས་ཀྱི་སྐྱོ་བ་མེད་པ་ཡིས། ། རིམ་དང་རིམ་པ་ཙམ་བྱས་ནས། ། འཁོར་བ་གཅོད་ཅིང་གཅོད་པའོ། ། རྟག་ཏུ་ཉིད་ཀྱི་སེམས་ཀྱིས་ནི། ། ཡང་དག་བྱང་ཆུབ་རིམ་པ་ བསྟན། །
BO
ཤིན་ཏུ་བཅད་ཅིང་བལྟས་ནས་ནི། ། རྣལ་འབྱོར་འདི་ནི་བླང་བར་བྱ། ། ཨོྃ་བྷ་ཏ་ལི་བྟ་ཏ་ལི་པེ་ཏ་མུ་ཁི་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་གྱིས། ། བརྒྱད་བརྒྱ་རུ་ནི་བཟླས་པར་བྱ། ། གཟུགས་ཀུན་རྫོགས་ཤིང་མཛེས་པ་ཡི། ། བཙོ་མའི་གསེར་དང་ འདྲ་བའི་འོད། ། པདྨའི་གདན་ལ་བཞུགས་ནས་ནི། ། རྡོ་རྗེ་འོད་ཟེར་ཀུན་ནས་འཕྲོ། ། ཡེ་ཤེས་སྦྱོར་བའི་སེམས་ཀྱིས་ནི། ། སྔགས་པས་འབུམ་ཕྲག་གསུམ་བཟླས་ན། ། འདོད་དང་གྲོལ་བ་རྒྱ་ཆེན་པོའི། ། ཕྱིས་ནི་ལས་རྣམས་བརྩམ་པར་བྱ། ། དུར་ཁྲོད་ཐལ་བ་སོགས་ བླངས་ལ། ། སྣོད་ལ་དཀྱིལ་འཁོར་བྲི་བར་བྱ། ། དེ་ཡི་སོལ་བའི་ཕྱེ་མ་ཡིས། ། གང་དུ་དཀྱིལ་འཁོར་སྤྲུལ་བ་ཡིས། ། གྲུ་བཞི་པ་ལ་སྒོ་བཞི་བ། ། རྟ་བབས་བཞིས་ནི་རྣམ་པར་བརྒྱན། ། དེ་ཡི་དབུས་སུ་པདྨ་བྲི། ། ཐོད་པ་བརྒྱད་ཀྱིས་རྣམ་པར་བརྒྱན། ། དྲི་དང་བདུག་པ་མར་མེ་དང་། ། གཏོར་མའི་དེ་ཉིད་དེ་ཉིད་དང་། ། ཀུན་ནས་ཉ་ཕྱེས་དངོས་པོ་ཡི། ། སྣ་ཚོགས་མཆོད་པ་རྒྱ་ཆེན་པོ། ། ཡེ་ཤེས་མཁའ་འགྲོ་དགུག་པ་ནི། ། ཕོ་ཉ་བཞི་དང་ཀུན་ཏུ་ལྡན། ། སེང་གེ་སྟག་མོ་ཅེ་སྤྱང་དང་། ། འུག་པ་མོ་ནི་ཕྱོགས་ བཞིར་རོ། །
BO
ཐམས་ཅད་ཀུན་ནས་ཀུན་ཏུ་ནི། ། མཉམ་པ་ཉིད་ཀྱི་སེམས་ཀྱིས་མཆོད། ། དེ་ཡི་ཤར་གྱི་གནས་སུ་ནི། ། མེ་ཡི་ལས་ནི་རབ་ཏུ་བྱ། ། དུར་ཁྲོད་ཤིང་གི་ལྷག་མ་དང་། ། དེ་ཡི་ཤིང་གི་བ་དན་གསུམ། ། དེའམ་འོན་ཏེ་གདོལ་པའི་མེས། ། འབད་ པས་མེ་ནི་རབ་ཏུ་སྦར། ། རྡོ་རྗེ་ལྕགས་ཀྱུ་རྒྱ་ཆེན་པོ། ། མར་དང་སྦྲང་རྩི་བསྲེས་བྱས་པས། ། མཆོག་གི་སྔགས་ནི་བཟླ་བྱ་ཞིང་། ། བསྲེགས་པས་ལྷ་མོ་ཚིམ་པར་འགྱུར། ། ཐམས་ཅད་གནས་དང་ཕྱོགས་ནས་ནི། ། སྣ་ཚོགས་གཟུགས་ནི་འཇིགས་པ་དང་། ། མི་བཟད་ཀུ་ཅོ་རབ་སྒྲོགས་ན། ། འཇིགས་པར་མི་འཇོམས་པར་འགྱུར། ། དབུང་གི་ཚོགས་ནི་ཡན་ལག་བཞི། ། རྒྱལ་བོ་མྱུར་དུ་འོང་འགྱུར་ན། ། དེ་ལ་ཚམ་དམ་སྦྱིན་པར་བྱ། ། རི་རབ་རི་ལ་སོགས་པ་དང་། ། ས་གཞི་འུར་འུར་འགུལ་བ་ དང་། ། སྣ་ཚོགས་མི་བཟད་དྲི་དང་ནི། ། འདྲེན་པའི་སེམས་ནི་འཇིག་མི་བྱ། ། སེམས་ཅན་ཆེན་པོའི་རྣལ་འབྱོར་པས། ། ཁྲི་ཕྲག་གཅིག་ཏུ་བསྲེག་བྱས་ན། ། རྡོ་རྗེ་མཁའ་འགྲོ་བདུན་ཉིད་ནི། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། ། སྔགས་དང་ཕྱག་རྒྱའི་བྱ་ བ་དང་། ། གཏོར་མའི་ལས་དང་ལས་ཉིད་དང་། ། ལུས་ལ་ལྟོས་བ་མེད་པ་ཡིས། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད།
BO
། ཕྱི་ནས་ཡེ་ཤེས་ལྷ་མོ་ནི། ། མེ་ཡི་དབུས་སུ་སྟོན་པར་བྱེད། ། བདུད་རྩི་ལྔ་དང་ལྡན་པ་ཡིས། ། གཏོར་མ་དང་ནི་ཨརྒྷཾ་དབུལ། ། ཟབ་ ཅིང་རྒྱ་ཆེར་སྒྲོགས་པ་ཡི། ། དེ་ལ་ལྷ་མོ་ཚིག་ཏུ་བརྗོད། ། སེམས་ཅན་ཆེན་པོ་ཅི་ཞིག་འགྲུབ། ། གང་འདོད་དངོས་གྲུབ་རབ་ཏུ་སྨྲོས། ། དེ་ལ་སྒྲུབ་པོས་སྨྲས་པ་ནི། ། དངོས་གྲུབ་ཆེན་པོ་འགྲུབ་ལྡན་པའི། ། གལ་ཏེ་མཆོག་གི་དངོས་གྲུབ་འདོད། ། གྲུབ་པ་བརྒྱད་ ནི་གསོལ་བ་གདབ། ། བདུད་དང་ཉོན་མོངས་གཟའ་སོགས་ཀྱིས། ། གལ་ཏེ་ཡིད་གཉིས་སྐྱེས་ནས་ནི། ། ཏིལ་མར་ཆེན་པོ་དང་ལྡན་པའི། ། ལྕགས་ཀྱུ་ཆེན་པོ་སྦྱིན་སྲེག་བྱ། ། རྡོ་རྗེ་སེམས་དཔས་གསུངས་པ་བཞིན། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། ། དངོས་གྲུབ་ཐམས་ཅད་རབ་སྟེར་བའི། ། མཆོག་གི་ལྷ་མོ་བསྒྲུབ་པ་ནི། ། ལུས་དང་སྲོག་ལ་མི་ལྟོས་པར། ། མཁས་པ་ཡིས་ནི་བསྒྲུབ་པར་བྱ། ། དེ་ནས་ཡེ་ཤེས་དེ་ཉིད་མཆོག ། ཤིན་ཏུ་ཕྲ་ལ་རབ་ཞི་བ། ། གཟུང་དང་འཛིན་པ་རྣམ་པར་སྤངས། ། འབྱུང་བ་ ཀུན་ལ་འདིས་ཁྱབ་པ། ། འོད་ཀྱི་བདག་ཉིད་གནས་པའི་མི། ། མ་རིག་ཉོན་མོངས་གཅོད་བྱེད་པ། ། སྲིད་པ་ལ་སོགས་ཉོན་མོངས་རྣམས། ། གང་དུག་ནས་ཀྱི་རྣམ་པ་འབྱུང་། །
BO
ལུས་ལ་སེམས་ཤིང་སེམས་པ་དང་། ། བཅུ་གཉིས་དུས་ཀྱི་གནས་སུ་ཡང་། ། གཟུགས་མེད་སེམས་ཀྱི་ལོངས་སྤྱོད་པའོ། ། རྨོངས་པའི་གནས་དང་གནས་སུ་ནི། ། སྲིད་པའི་ངོ་བོ་ཉིད་དུ་མཆོད། ། རྨོངས་པ་གཅོད་སོགས་རྣལ་འབྱོར་པ། ། སྲིད་པའི་འདམ་སོགས་རྒལ་དཀའ་བ། ། དག་པའི་ཆོས་ཀྱི་སྒྲོན་མ་ཡིས། ། སྒྲིབ་པའི་མཚན་མ་ འཇོམས་པ་ཡི། ། ཆོས་དག་པ་ཡི་ཐབས་ཀྱིས་ནི། ། དག་པའི་ལུས་ནི་སྐྱོན་མེད་པའོ། ། དངོས་དང་དངོས་མེད་ལྡན་པ་ཡིས། ། ལེགས་བྱས་ཉེས་བྱས་འདུ་ཤེས་ཅན། ། འདོད་ཆགས་ལ་སོགས་ཉོན་མོངས་དག ། རྒྱ་མཚོ་ལྟ་བུར་གཏིང་དཔག་དཀའ། ། བཅུ་གཉིས་ལུས་ཀྱི་བདག་ཉིད་ཅན། ། རྨོངས་པ་ཡེ་ཤེས་རྣམ་པར་གནས། ། དག་པའི་ཆོས་ཀྱི་ཆུ་ཡིས་ནི། ། ལྷན་ཅིག་གནས་པའི་དྲི་མ་འཁྲུ། ། རང་བཞིན་པདྨའི་དབྱེ་བ་ཡིས། ། ཉོན་མོངས་ལ་སོགས་གདུང་བ་གཅོད། ། རྣམ་རྟོག་འཇིགས་པ་ཆེན་པོ་ ནི། ། སྲིད་པའི་རྒྱུ་སྟེ་མེ་བཞིན་ནོ། ། དེ་ཕྱིར་རྣམ་རྟོག་རིང་དུ་སྤང་། ། རྣལ་འབྱོར་བ་ཡི་འགྲོ་བ་རྟོགས། ། མཉམ་ཉིད་སེམས་ནི་བསྐྱེད་བྱས་ནས། ། ཀུན་ནས་ཐམས་ཅད་མཉམ་པར་བལྟ། ། རབ་ཏུ་མི་གནས་མིང་ཅན་ལ། ། ལས་དང་ལས་ཀྱི་མཚན་ ཉིད་མེད། །
BO
བདུད་རྩི་ལྔ་ཡི་རང་བཞིན་ཡང་། ། བདུད་རྩིས་ལུས་ནི་ཚིམ་པར་བྱ། ། རྟག་ཏུ་བདུད་རྩིས་མཆོད་པའོ། ། དངོས་སུ་མེད་ན་རྣམ་པར་བརྟག ། ལྕགས་ཀྱུ་རྣམ་པ་ལྔ་དྲངས་ནས། ། ཐམས་ཅད་ཀུན་ནས་རིམ་པས་མཆོད། ། སྦྱོར་བས་ མཁའ་འགྲོ་ལ་སོགས་ནི། ། བདག་ཉིད་དབང་དུ་མྱུར་དུ་འགྱུར། ། རྟག་ཏུ་དེ་ཉིད་ཀྱིས་བཟའ་ཞིང་། ། མེད་ན་གཞན་ལས་རྣམ་པར་བརྟག ། གཤེར་བའི་བདུད་རྩི་ཀུན་ནས་བས་མ། ། བཟའ་བ་ཡང་ན་ཤ་ཉིད་དུ། ། རྟག་ཏུ་དགའ་བའི་ངོ་བོ་ཡིས། ། རྟགས་ དང་རྣམ་རྟོག་རྣམ་པར་སྤངས། ། རང་བཞིན་དག་པའི་དཔའ་བོ་ནི། ། དག་པའི་ལུས་སུ་གདོན་མི་ཟ། ། རྟག་ཏུ་རྣལ་འབྱོར་བ་སྤངས་པ། ། བགྲོད་དང་བགྲོད་མིན་རྣམ་པར་སྤངས། ། ལོ་མའི་དང་ནི་འདབ་མའི་རྒྱུ། ། སྣོད་ལ་ཐམས་ཅད་མྱུ་གུའི། ། དེ་ཡི་པདྨ་ རྒྱས་བྱེད་པ། ། དག་པའི་མཚན་མ་དང་པོའོ། ། ཁ་དོག་ངན་ཞིང་དྲི་མི་ཞིམ། ། བཏུང་བ་དྲོ་བ་རྣམ་པར་སྤངས། ། དག་པའི་ངོ་བོ་གཅོད་བྱེད་པ། ། གཉིས་པའི་མཚན་མར་བསྟན་པའོ། ། ཀུན་ལ་དགའ་ཞིང་བྱམས་པ་དང་། ། གནོད་པ་ནམ་ ཡང་མི་བྱེད་ཅིང་། ། སེམས་ཅན་ཀུན་ལ་སྙིང་བརྩེ་བ། ། གསུམ་པའི་མཚན་མ་ཉིད་དུ་བསྟན། ། རྟག་ཏུ་སྟོང་པའི་བློ་ལྡན་པས། །
BO
ཟབ་ཅིང་རྒྱ་ཆེའི་སེམས་ཀྱིས་ནི། ། ཐམས་ཅད་རྩ་བཞིན་དུ་ནི་སྟོང་། ། བཞི་པའི་མཚན་མ་ཉིད་དུ་བསྟན། ། དག་ཅིང་བརྟན་ པའི་ངོ་བོ་ཉིད། ། ལུས་གཅིག་ལ་ནི་རབ་ལྷོས་པ། ། རྟག་ཏུ་གསང་སོགས་ཟ་བ་ནི། ། ལྔ་བའི་མཚན་མ་རུ་ནི་གསུངས། ། བརྩོན་འགྲུས་ཀུན་ནས་ལྡན་པ་དང་། ། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། ། བསམ་གཏན་མཆོག་ཏུ་བརྟེན་བྱེད་པ། ། དྲུག་པའི་ མཚན་མ་རུ་ནི་བརྟག ། བཟོ་དང་སྒྱུ་རྩལ་ཉན་པ་དང་། ། རྟག་ཏུ་མཉམ་པའི་སེམས་དང་ནི། ། རྟག་ཏུ་སེམས་ཅན་དོན་ལ་བརྩོན། ། བདུན་པ་ཡི་ནི་མཚན་མར་བསྟན། ། མི་ཤེས་འདམ་དུ་བྱིང་བ་ཡི། ། སེམས་ཅན་ཀུན་གྱི་བློ་རྟོགས་བྱེད། ། སྲིད་པ་ ཡང་དག་བྱང་ཆུབ་ལམ། ། མཚན་མ་བརྒྱད་པ་རུ་ནི་བསྟན། ། འགའ་ཡང་ནམ་དུ་མི་སྨོད་ཅིང་། ། རྫས་དང་རྫས་མིན་རྣམ་རྟོག་བཅས། ། གདུག་པའི་བདུད་དང་བགེགས་སོགས་དང་། ། རྣམ་པར་རྟོག་པས་སྲིད་བར་ལྟུང་། ། དཀའ་ཐུབ་སྡུག་བསྔལ་མི་བཟད་ པས། ། བསྙེན་པ་འགྲུབ་པར་མི་འགྱུར་ཏེ། ། ལུས་ནི་དཀའ་བར་སྤྱོད་པ་ཡིས། ། འཁོར་ཞིང་སྲིད་པའི་མཐའ་རུའོ། ། རྣམ་རྟོག་མེད་པས་མཉམ་པར་བྱ། ། དངོས་པོ་མཚན་མའི་སེམས་དང་བཅས། ། སྦྱོར་བ་གྲུབ་པའི་དོན་དུ་ནི། །
BO
རྣམ་པར་མི་རྟོག་སེམས་ ཀྱིས་བཟའ། ། བསྒྲུབས་པ་རང་འདོད་སྙིང་པོ་ནི། ། གཡོང་ང་མི་གཡོ་དངོས་གྲུབ་རྒྱུ། ། ཆོས་ཀྱི་སྙིང་པོ་སྙིང་པོ་ཉིད། ། སེམས་ནི་ཡེ་ཤེས་རང་བཞིན་ལྡན། ། སྦྱོར་བའི་བསྟན་བཅོས་ཆ་ཉིད་ནི། ། དེ་ཉིད་དེ་ཉིད་ཁྱད་པར་རོ། ། སྦྱར་དང་བསམ་གཏན་བྱས་ པ་ཡིས། ། རྟག་ཏུ་སེམས་ནི་སྦྱར་བར་བྱ། ། རྣལ་འབྱོར་རྗེས་རྣལ་འབྱོར་དང་། ། རྣལ་འབྱོར་ལས་འདས་གནས་ཆེན་པོ། ། ལས་བཞི་དང་ནི་རབ་ལྡན་པའི། ། ཡེ་ཤེས་ཀྱིས་ནི་འཁོར་བསྒྲོལ། ། དང་པོར་བསྐྱེད་རིམ་སྤྱོད་པ་དང་། ། དབུགས་ཀྱི་སྦྱོར་བ་ རིམ་སོགས་དང་། ། ལས་ལ་སེམས་ཤིང་སེམས་པ་དང་། ། དང་པོའི་སྦྱོར་བའི་མཚན་ཉིད་དོ། ། མེ་བཞིན་དུ་ནི་ཟ་བ་དང་། ། མཉམ་པའི་ཉི་མ་བཞིན་དུ་བལྟ། ། རྣ་དབང་རླུང་གི་རང་བཞིན་དུ། ། རྣ་བ་སྒྲ་ཡི་མཆོད་པར་ལྡན། ། དངོས་པོ་ཀུན་གྱི་རང་བཞིན་ ནི། ། གཟུགས་བརྙན་ལ་སོགས་མཆོད་པའོ། ། གཏོར་མས་ཇི་སྐད་གསུངས་པ་བཞིན། ། གཉིས་པ་ཤིན་ཏུ་སྦྱོར་བའོ། ། དངོས་དང་དངོས་མེད་མཉམ་བྱས་ནས། ། སངས་རྒྱས་བྱང་ཆུབ་ཡང་དག་སྦྱར། ། ཕྱག་རྒྱ་ཆེན་པོ་ཡི་ནི་ཐབས། ། སྦྱོར་བ་ལས་ འདས་འདི་ཉིད་དོ། ། རང་བཞིན་གྱིས་ནི་ལེགས་སྤྱད་ན།
BO
། ཐམས་ཅད་བདག་མེད་པ་ལས་བྱུང་། ། ལུས་སོགས་སྟོང་བར་རྟོགས་པ་ནི། ། བཞི་པ་རྣལ་འབྱོར་ཆེན་པོའོ། ། འདི་རྣམས་མཚན་ཉིད་ལྡན་པ་ནི། ། ཆེན་པོའི་སེམས་ཀྱི་སྡོམ་པའོ། ། རྟག་ ཏུ་བྱ་བ་དེར་འཇུག་པས། ། འབྱུང་ཞིང་འཁོར་བར་སྒྲོལ་བའོ། ། སྤྱན་ནི་པདྨ་ལྟར་ཡངས་ཤིང་། ། བཞིན་ནི་མེ་ཏོག་རྒྱས་པ་འདྲ། ། འདོད་པ་ལྔ་པོ་ཉེ་བར་བསྟེན། ། བདེ་བར་སྤྱོ་ཅིང་བདེ་བར་རེག ། འདོད་པ་ཀུན་དང་ཉེར་ལྡན་པ། ། བདེ་བའི་སེམས་ཀྱིས་ བསྒྲུབ་པར་བྱ། ། རྣམ་པར་རྟོག་པའི་རྣལ་འབྱོར་པས། ། སྲིད་པར་འཁོར་ཞིང་འཇུག་པའོ། ། ཡིད་དུ་འོང་བའི་ས་ཕྱོགས་སུ། ། བདེ་བའི་སྟན་ལ་འདུག་ནས་ནི། ། རང་བཞིན་ལྡན་པའི་ལས་ཀྱིས་ནི། ། མཁས་པ་ཡིས་ནི་བསྒོམ་པར་བྱ། ། ཟླ་བ་ཉི་མ་ཁ་ སྦྱར་ནས། ། སོར་མོ་འབྲེལ་པར་བྱས་ནས་ནི། ། དྲི་མེད་གསུམ་དང་དུད་པས་སྤྲེལ། ། སེམས་མ་རྡོ་རྗེ་རབ་ཏུ་གྲགས། ། ཚམ་དམ་ཕུར་བུ་ར་བ་དང་། ། དྲ་བ་ཐམས་ཅད་ལས་ཉིད་དོ། ། འབར་བའི་ཕྲེང་བ་མཉམ་པའི་འོད། ། འདི་ཡི་ཕྱག་རྒྱར་བསྟན་ པར་བྱ། ། ཁ་གའི་ཕྱོགས་གཞན་ཉིད་དང་ནི། ། རྩ་བར་རླུང་དབང་གནོན་པ་དང་། ། སྤྱི་བོར་འབར་བའི་རེ་བ་དང་། །
BO
མཚན་མའི་མངའ་བདག་གིས་བརྒྱན་ཅིང་། ། རྟག་ཏུ་ཞི་ཞིང་མཆོག་གི་གནས། ། འབར་བའི་ཕྲེང་བ་མཉམ་པའི་འོད། ། འདི་ ལྟར་ས་བོན་མདོར་བྱས་པ། ། ཐམས་ཅད་ལས་ནི་བསྒྲུབ་པའོ། ། ལུས་ལ་སྒྲ་ཡིས་ཀུན་ཏུ་དགང་། ། གཟུགས་ལ་སོགས་པ་ཟད་པར་བྱེད། ། ས་བོན་ལུས་ཀྱི་བདག་ཉིད་ནི། ། ས་བོན་ལྷག་མ་བསམ་པར་བྱ། ། གོ་ཆའི་བསྲུང་བ་དང་བྲལ་ཞིང་། ། ཐམས་ཅད་ ཡན་ལག་དྲུག་གི་ལས། ། སྟོང་པའི་དེ་ཉིད་སྙིང་པོ་ནི། ། སྔོན་གྱི་མཚན་ཉིད་ཡང་དག་ལྡན། ། སྨད་པ་དང་ནི་བསྟོད་པའང་མེད། ། ཅི་འབྱོར་དག་པའི་བཟའ་བ་དང་། ། དབང་པོ་ཡུལ་དང་ལོངས་སྤྱོད་ནི། ། མཉམ་པ་ཉིད་དུ་སེམས་ཀྱིས་བྱ། ། སྔོན་དུ་རིག་པས་ སྨོན་ལམ་རྣམས། ། བསྒྲུབ་བྱ་བསྒྲུབ་པའི་འབྲས་བུ་རྟོགས། ། གང་ཞིང་ཡིད་ལ་འདོད་སྤྱོད་པ། ། དེ་ཡི་ཐབས་ནི་རྡོ་རྗེའི། ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། ། རྐེད་པའི་ཕྱོགས་སུ་བཟུང་ནས་ནི། ། ཧཱུྃ་གི་དབྱངས་ཀྱིས་ཀུན་བཀང་ཞིང་། ། གྲུབ་པའི་ གླུ་ཡིས་མཉམ་པར་བྱ། ། ཛ་ཛ་ཛ་ཛ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བཞུགས་པའི་བདག་པོ་ཁྱོད། ། ཧ་ཧ་ཧ་ཧ། ཧཱུྃ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་འཚལ། ། བ་བ་བ་བ།
BO
རྡོ་རྗེ་སྒྲོག་གི་གསང་བ་ལས་བྱུང་སྐུ་འཛིན་པ། ། ཨ་ཨ་ཨ་ཨ། ཨ་ཧོ་མ་གུ་པའི་རྡོ་རྗེ་ཨཱ་ལི་གཅིག་ཏུ་ཐིམ་པར་ཧཱུྃ། ། འདི་ལྟར་གསང་བའི་གླུ་ཆེན་པོ། ། རྣལ་འབྱོར་མ་ཀུན་ཚིམ་བྱེད་པ། ། རྩེ་གཅིག་རྣལ་འབྱོར་སེམས་བཅས་པས། ། ཁུ་བྱུག་སྐད་ལྟར་སྙན་པའི་སྒྲས། ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། ། ཁམས་ གསུམ་སྙིང་པོའི་དབུས་སུ་ནི། ། རླུང་གི་ནམ་མཁའ་ལྟར་དག་པས། ། སེམས་ཉིད་རླུང་བཞིན་ནམ་མཁར་བརྗོད། ། རླུང་གི་དཀྱིལ་འཁོར་དབུས་གནས་པར། ། ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། ། དེ་ཡི་དབུས་སུ་རབ་མཛེས་པའི། ། ཨཱ་ལི་ས་བོན་འོད་ དང་བཅས། ། ལས་ཀྱི་ས་བོན་མདོག་ཏུ་ནི། ། མཉམ་པར་གཞག་པས་བསྒོམ་པར་བྱ། ། འབྱིན་དང་སྡུད་ཅིང་གཅོད་མཛད་མ། ། ཨཱ་ལིའི་ས་བོན་རབ་ཏུ་གྲགས། ། ཇི་ལྟར་སྡེ་ཚན་གསུམ་པ་ཡི། ། ཡི་གེ་གསུམ་པ་བཟུང་བྱས་ཏེ། ། གློ་རུ་དབྱུག་པ་རྡོ་རྗེ་ དང་། ། འོག་བག་གིས་ནི་དཀྲི་བར་བྱ། ། འདི་ལྟར་རྣལ་འབྱོར་མཆོག་བསྒོམ་པ། ། འཁོར་བ་ཐམས་ཅད་གཅོད་པར་བྱེད། ། ཕྱི་ནས་བདག་ཉིད་ལུས་པོ་ནི། ། སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན། ། ཀུན་ནས་ཆུ་ཡིས་གང་བར་ནི། ། ཕྱོགས་བརྒྱད་དུ་ནི་ མཉམ་པར་རོ། །
BO
དེ་ཡི་དབུས་སུ་རབ་མཛེས་པའི། ། པདྨ་དཀར་པོ་ཡིད་འོང་བའི། ། རླུང་གི་དཀྱིལ་འཁོར་དབུས་གནས་པར། ། འོ་མ་ཟླ་བའི་བོན་འཛིན། ། གདུགས་དཀར་པོ་ཡིས་མངོན་པར་བཀབ། ། འོད་ཟེར་འབར་བ་རྣམ་མང་པོ། ། དེ་ཡི་ས་བོན་ ལས་སྐྱེས་པ། ། རྡོ་རྗེ་སེམས་དཔའི་བདག་ཉིད་ནི། ། ཀུན་དཀར་དང་ཟླ་བའི་མདོག ། ཕྱག་གཉིས་པ་ལ་མཛེས་པའི་བྲང་། ། དབུ་རྒྱན་སངས་རྒྱས་ལྔ་ཡི་དངོས། ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། ། རྡོ་རྗེ་སྙིང་གར་མཐའ་འཛིན་ཅིང་། ། གཡོན་པ་ དྲིལ་བུ་དཀུ་རུ་བརྟེན། ། སྒེག་ཅིང་སྤྲོ་བའི་རང་བཞིན་དང་། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། འོད་ཟེར་འབར་བ་རྣམ་མང་པོ། ། དངོས་པོའི་ཚོན་གྱིས་བཙོ་བར་བྱ། ། སངས་རྒྱས་སྤྲིན་གྱིས་རབ་རྒྱས་པའི། ། རྡོ་རྗེ་རྣོན་པོའི་འོད་འཕྲོ་བ། ། འཇིགས་ པ་མེད་ཅིང་གནོད་མེད་པར། ། དངོས་པོས་དངོས་པོ་བསྒོམ་པར་བྱ། ། བཟླས་འདོད་པ་ཡི་རྣལ་འབྱོར་པས། ། སྤྲོ་བའི་སེམས་ཀྱིས་མཉམ་པར་བསྒོམ། ། དབུས་སུ་མཆོག་གི་ས་བོན་དང་། ། ཕྱག་འཚལ་ཨཱ་ལིར་མཐར་བཞག་པ། ། ཡི་གེ་དྲུག་པའི་ སྔགས་ཆེན་པོ། ། སངས་རྒྱས་ཀུན་གྱིས་གསུངས་པའོ། ། ཟློས་དང་བསམ་གཏན་རྣལ་འབྱོར་པས། །
BO
རང་འདོད་ལས་ནི་མངོན་པར་འགྲུབ། ། འབུམ་ཕྲག་གསུམ་དུ་བསྙེན་པ་ཡིས། ། དེ་ནས་དེ་ཡི་མངོན་དུ་འགྲུབ། ། དེ་ནས་ཀུན་གྱི་སྙིང་པོ་ནི། ། སྐྱེ་ དང་འཇིག་དང་རྣམ་བྲལ་བ། ། གཉིས་མེད་ཡེ་ཤེས་རྣལ་འབྱོར་བས། ། འདོད་བཞིན་ཡེ་ཤེས་གནས་རྙེད་པའོ། ། རྡོ་རྗེ་དྲིལ་བུ་དེ་ཉིད་དང་། ། ཡེ་ཤེས་སྐུ་ནི་གཉིས་ཀྱི་གཟུགས། ། རྡོ་རྗེ་གཡས་བརྐྱང་གནས་ནས་ནི། ། དྲིལ་བུ་མནན་པའི་ རྐང་པས་གནོན། ། པདྨ་རྡོ་རྗེ་སྦྱར་བྱས་ནས། ། ཕྱག་རྒྱ་འཆིང་བར་མཆོག་ཏུ་བརྩོན། ། དྲིལ་བུ་ལག་གཉིས་ཀྱིས་མགྲིན་པར། ། རྡོ་རྗེ་གཅིག་གིས་ནུ་མར་རེག ། གཡོན་པས་གཞུང་ཚིགས་མཐའ་རུའོ། ། ཚེམས་ཀྱིས་མ་མཆུ་བཙིར་མཛད་ཅིང་། ། གཉིས་ ཀྱིས་སེམས་ཀྱི་མཆོག་བརྩོན་པར། ། དངོས་པོས་དངོས་པོ་བསྒོམ་པར་བྱ། ། སྟེང་དང་འོག་དང་དབུས་གཉིས་དང་། ། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར། ། ཐམས་ཅད་སྟོང་པའི་དེ་ཉིད་ནི། ། སེམས་ཀྱིས་རབ་ཏུ་སྤྱད་པར་བྱ། ། མཐར་ནི་སྒྲོན་མའི་ རྣམ་པའོ། ། དབུས་སུ་ཨཱ་ལིའི་ས་བོན་ནི། ། འབར་བའི་ཕྲེང་བ་རབ་ཏུ་འཕྲོ། ། ཁམས་གསུམ་ཀུན་གྱི་ཆ་དང་བཅས། ། ཕྱིས་ནི་གཟུགས་ཉིད་ཡོངས་རྫོགས་པ། ། གཉིས་ཀ་ཡིད་འོང་གཟུགས་མཛེས་པའོ། །
BO
དབྱིག་པ་རྡོ་རྗེ་འཇམ་པའི་མགོན། ། འོད་དཔག་ཤེས་རབ་ཀྱི་ནི་གཞི། ། རྡོ་རྗེ་དྲིལ་བུ་རབ་སྦྱོར་བས། ། མཆོག་གི་གོ་འཕང་བསྒྲུབ་པར་བྱ། ། རྡོ་རྗེ་གསང་བས་མཚན་ནས་ནི། ། གཉིས་ཀ་འཁྱུད་ནས་བཟླས་པར་བྱ། ། ཕྱག་འཚལ་བསྲེག་པ་མཐར་བཞག་ནས། ། དབུས་སུ་ཨཱ་ལིའི་ས་ བོན་ནི། ། རྟག་པ་མཆོག་ཏུ་ཕྲ་བ་ཉིད། ། བདེ་བའི་སེམས་ཀྱིས་བསྒྲུབ་པར་བྱ། ། ཡིད་ཀྱི་མཆོད་པའི་ཆོ་ག་ཡིས། ། ཀུན་ནས་ཡིད་ཀྱིས་བསྒྲུབ་པར་བྱ། ། ཤེས་རབ་རྡོ་རྗེ་ཡང་དག་པར་སྦྱོར་བའི་ལེའུ་རྫོགས་སོ། ། ། ། དེ་ནས་ཐམས་ཅད་ སྙིང་པོ་ནི། ། མཆོག་གི་གཙོ་བོ་བསྡུས་པའོ། ། སྦྱོར་བའི་རྒྱུད་ཀྱི་རྗེས་འབྲངས་ནས། ། གུས་པ་ཡིས་ནི་གཟུང་བར་བྱ། ། ཤེལ་གྱི་རྣམ་པའི་སེམས་ཀྱིས་ནི། ། དག་པའི་དངོས་པོར་བཟའ་བར་བྱ། ། སྔོན་གྱི་མཚན་ཉིད་དང་ལྡན་པ། ། དག་པའི་ངོ་བོར་ བསྒོམ་པ་ཉིད། ། དེ་ནས་རྟོག་པ་མི་རྟོག་པ། ། བཟའ་དང་བཟའ་མིན་མཉམ་པ་ཉིད། ། བཏུང་དང་མི་བཏུང་རང་འདོད་དུའོ། ། འཁོར་བའི་ཕ་རོལ་རྒལ་འདོད་པས། ། སྔོན་དུ་དབང་བསྐུར་དཔའ་བོ་རྣམས། ། འབད་པས་བརྟུལ་ཞུགས་གཟུང་བར་བྱ། ། རིམ་ པ་བཞིན་དུ་ཟླ་བ་དང་། ། ཉི་མ་འམ་ནི་ལོ་དུས་སུ། །
BO
བརྟུལ་ཞུགས་མཚན་ཉིད་བཞི་པའོ། ། ཡོན་ཏན་དེ་ཡི་ཡོངས་སུ་བཟའ། ། {བཅྭ་,བཅོ་}ལྔ་དང་ནི་བཅུ་བཞི་དང་། ། ཁྱད་པར་དུ་ནི་ཚེས་བརྒྱད་ལའོ། ། བརྟུལ་ཞུགས་རིམ་པ་འདི་ཉིད་ནི། ། ནན་ཏན་གྱིས་ ནི་གཏོར་མ་སྦྱིན། ། དེ་ཡི་ལས་རྣམས་ཐམས་ཅད་ནི། ། ཡེ་ཤེས་དེ་ཉིད་འབྲས་བུ་སོགས། ། དེ་ལྟར་བདེན་པའི་སྔགས་ཀུན་གྱིས། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། ། བཟའ་སོགས་སྟོན་མོའི་རྣལ་འབྱར་པས། ། ཟླ་བ་ཐ་མའི་ཉི་མ་གཟུང་། ། རང་འདོད་ ཆོས་ནི་རབ་བརྟགས་ན། ། ཐམས་ཅད་སྔགས་ནི་འགྲུབ་པར་འགྱུར། ། བརྟུལ་ཞུགས་ལྡན་པ་ཉིན་རེའམ། ། གལ་ཏེ་མ་འབྱོར་པ་ན་ཡང་། ། དབྱར་ཟླ་འབྲིང་པོའི་ཐ་མ་ནི། ། ལོ་ཡི་ཉི་མ་གཟུང་བར་བྱ། ། མཚན་ཉིད་ཇི་ལྟར་གསུངས་པ་བཞིན། ། སྐྱོན་ མེད་སྔགས་ཀྱིས་སྦྱིན་བྱས་ནས། ། དེ་ཡིས་དུས་རྣམས་ཐམས་ཅད་དུ། ། དཔལ་དང་ཕུན་ཚོགས་མདུན་ན་གནས། ། རྣལ་འབྱོར་ཆོས་སོགས་ལ་དགའ་བས། ། གཉིས་མེད་གྲོགས་མཆོག་རབ་ལྡན་པས། ། དེ་ཡིས་ཆོས་ལ་བརྟེན་ནས་ནི། ། མཆོག་གི་ གོ་འཕང་བསྒྲུབ་པར་བྱ། ། སྟོང་ཉིད་ཀྱིས་ནི་གཟུགས་འཇིག་ཅིང་། ། བླངས་པའི་ཆོས་རྣམས་ཟད་པར་བྱེད། ། ཐམས་ཅད་སྡོམ་པ་ནམ་མཁའ་ནི། །
BO
ཤིན་ཏུ་མཉམ་པར་གཞག་པས་བསམ། ། ཐམས་ཅད་ནམ་མཁའི་གནས་སུ་ནི། ། འོ་མ་ཟླ་བའི་ས་ བོན་བསམ། ། འོད་ཟེར་འབར་བ་མང་པོ་ནི། ། དཀར་དང་ཀུནྡ་ཟླ་བའི་མདོག ། ཨཱ་ལིའི་ས་བོན་མཆོག་གཙོ་བོ། ། དབུགས་མི་གཡོ་བས་བསྒོམ་པར་བྱ། ། སྐད་ཅིག་རྣམ་པར་སྦྱོར་བ་ཡིས། ། ཡེ་ཤེས་མཁའ་འགྲོ་བདག་ཉིད་ནི། ། ཞལ་གསུམ་ ཕྱག་ནི་དྲུག་པ་ཉིད། ། ཁ་དོག་སྔོན་པོ་མཉམ་པའི་འོད། ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། ། ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པ། ། སྟེང་དུ་རྡོ་རྗེ་ཅོད་པན་དང་། ། སངས་རྒྱས་ལྔ་ཡིས་དབུ་ལ་བརྒྱན། ། རྒོད་དང་ཁྲོ་དང་སྒེག་ པ་དང་། ། སྤྱན་གསུམ་གྱིས་ནི་རྣམ་པར་བརྒྱན། ། སྨད་གཡོགས་གླང་ཆེན་པགས་པ་དང་། ། མི་ཡི་པགས་པ་རབ་ཏུ་གསོལ། ། མི་ཡི་ཡན་ལག་ལྔ་རུས་པའི། ། རྒྱན་ཀུན་གྱིས་ནི་རབ་ཏུ་བརྒྱན། ། སྐྲ་ཡི་རྩེ་མོ་རབ་འཇམ་ཞིང་། ། མེ་འབར་བ་དང་ མཉམ་པའི་འོད། ། དང་པོའི་ཕྱག་ན་ཁ་ཊྭཱྃ་ག། ། གཉིས་པ་ན་ནི་དགྲ་སྟ་བསྣམས། ། གསུམ་པ་ན་ནི་རྡོ་རྗེའོ། ། གཡོན་པ་སྡིགས་མཛུབ་ཞགས་པ་དང་། ། གཉིས་པ་ཐོད་པ་ཁྲག་གིས་བཀང་། ། རལ་གྲིའི་ཕྱག་ནི་སྟེང་དུའོ། ། རྡོ་རྗེ་འོད་ཟེར་དྲི་མ་མེད། །
BO
སངས་རྒྱས་སྤྲིན་ལྟར་རབ་འཕྲོ་བ། ། ས་ཡི་དབུས་སུ་རྣམ་རོལ་བར། ། དངོས་པོས་དངོས་པོ་བསྒོམ་པར་བྱ། ། འུག་པ་ཅེ་སྤྱང་སེང་གེ་དང་། ། སྟག་མོ་ཕྱོགས་སུ་རྣམ་པར་བསྒོམ། ། བྱ་རོག་ཅེ་སྤྱང་བྱ་རྒོད་དང་། ། ཙ་ལི་ཀ་ཡི་མཚམས་སུ་དགོད། ། འཇིགས་ པའི་སྒྲ་སྒྲོགས་མཆེ་བ་གཙིགས། ། ཧ་ཧཱུྃ་རྣམ་པར་འཇིགས་པར་བྱེད། ། འདི་ལྟར་མཁའ་འགྲོ་རྒྱལ་དབང་མ། ། བདག་ཉིད་སེམས་ཀྱིས་བསྒོམ་པར་བྱ། ། རང་གི་དབུགས་ལས་ཕྱུང་ནས་ནི། ། གཟུགས་བརྙན་ལ་སོགས་དགོད་པར་བྱ། ། རྣལ་འབྱོར་པ་ཡི་ བྲིས་སྐུ་སོགས། ། དེ་ཡི་གནས་སུ་ཀུན་ཏུ་བསམ། ། འདོད་དང་གྲོལ་བའི་གོ་འཕང་གནས། ། གཉིས་མེད་གཏོར་མའི་ལྷ་ཉིད་ཡིན། ། སྦྱོར་བའི་སྒོ་ནས་སྒྲུབ་པ་པོས། ། འདི་ཡི་མཆོད་པའི་ཆོ་ག་བཤད། ། བཟའ་དང་སྟོན་མོ་དེ་ཉིད་དང་། ། གསང་བའི་ མཆོད་པས་རབ་ཏུ་མཆོད། ། སྙིང་གའི་དཀྱིལ་འཁོར་དབུས་གནས་པར། ། སེམས་ཀྱིས་ཧཱུྃ་གི་ས་བོན་ལས། ། དེ་ཡི་གཟུགས་ལ་སོགས་བསྐྱེད་པ། ། རྡོ་རྗེ་སེམས་དཔའི་བདག་ཉིད་དགོད། ། བཟའ་བ་ལ་སོགས་ཁྱད་པར་ཉིད། ། དག་པའི་དངོས་པོར་ བསྒོམས་ནས་ནི། ། བསྒྲུབ་པ་ཤིན་ཏུ་མཉམ་གཞག་པས། ། ཡུད་ཙམ་གྱིས་ནི་སྦྱོར་བ་ཡིས། །
BO
ཨོྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ཨོཾ་གྱིས་འབར་བར་བསམ་པ་དང་། ། ཧ་ཡི་རྣམ་པས་སོ་སོར་རྟོགས། ། ས་བོན་ཧོ་ཡིས་སྣང་པར་བྱས། ། ཧྲཱིཿཡི་རྣམ་པས་དྲི་མ་སྦྱོང་། ། ལུས་ཀྱི་ལྷ་ཉིད་ཚིམ་པའི་ཕྱིར། ། ཨ་ཡི་རྣམ་པར་རྟོགས་པར་བྱ། ། ས་བོན་ལྔ་ཡིས་ལྷ་ཉིད་ནི། ། སངས་རྒྱས་ལྔ་ཉིད་མངོན་པར་ཐིམ། ། ཨོྃ་ཛྃ་གྷྲྃ་ཏྲཱྃ་ཧཱུྃ་ཨ་སྭཱ་ཧཱ། བཟའ་བ་ལ་སོགས་ཁྱད་པར་ཉིད། ། སྔགས་འདི་ཡིས་ནི་གཟུང་བར་བྱ། ། ཨོཾ་གྱིས་རྣམ་ པས་ལུས་དང་ནི། ། ཛྃ་གྱིས་རྣམ་པས་གཟུང་བ་དང་། ། གྷྲྃ་གྱིས་རྣམ་པར་ལྟོ་བ་དང་། ། ཏྲཱྃ་གིས་རྣམ་པར་དྲི་མེད་ལུས། ། ཧཱུྃ་གིས་རྣམ་པས་སྤྱད་པར་བྱེ། ། སེམས་ཀྱིས་སྙིང་གར་ཡི་གེ་ཨ། ། དེ་ཉིད་རྟག་ཏུ་མཆོད་བྱས་ན། ། རྣལ་འབྱོར་པ་ཡིས་སྡིག་སྦྱང་བྱ། ། དྲི་དང་མར་མེ་མེ་ཏོག་དང་། ། ལྷ་བཤོས་དང་ནི་གཏོར་མ་ཡིས། ། གླུ་ཡི་དུས་སུ་དབྱངས་སྙན་དང་། ། པི་ཝང་གླིང་བུ་ལ་སོགས་སྦྱར། ། རྟག་ཏུ་དེ་དག་གིས་མཆོད་ཅིང་། ། རྡོ་རྗེ་སེམས་དཔའ་བདག་ཉིད་བརྗོད། ། འགྲོ་དང་ཉལ་དང་འདུག་པ་དང་། ། འཆག་ དང་ཐམས་ཅད་དུས་ཉིད་དུ། ། རྟག་ཏུ་སེམས་ཤིང་སེམས་པ་ཡིས། ། རྡོ་རྗེ་སེམས་དཔའ་བསམ་པར་བྱ། ། ཨོཾ་ཨ་མུ་ཧཱུྃ་སྭཱ་ཧཱ།
BO
ཡེ་ཤེས་གཟུགས་བརྙན་སྦྱོར་བ་ཡིས། ། ས་བོན་འདི་ནི་བཟླས་བྱས་ན། ། སྡིག་པ་ཐམས་ཅད་ཐག་བསྲིངས་ཤིང་། ། རང་ འདོད་ལས་ནི་འགྲུབ་པར་འགྱུར། ། འབྱུང་བ་ལྔ་ལས་གྱུར་པའི་སྡིག ། གང་གིས་གསང་བ་དབྱེ་བྱས་པའང་། ། རྟག་ཏུ་བསྒོམ་ཞིང་བཟླས་བྱས་ན། ། སྡིག་པ་ཀུན་ལས་གྲོལ་བར་འགྱུར། ། ཨོཾ་ཀ་ར་ཀ་ར་པྲ་ཛྲྭཱ་མ་ཧཱ་ཏཱིཀྵྞ་པཉྩ་ཨོཾ་བུདྡྷེ་ཧ། ཨོཾ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ། ཨ་ ཨ་ཨ་མུ་མུ་མུ་སྭཱ་ཧཱ། སྔགས་ཆེན་པོ་ཡི་ས་བོན་འདི། ། སངས་རྒྱས་སེམས་ནི་མདོར་བསྡུས་པའོ། ། སྐྱོན་མེད་སྦྱོར་བའི་སྒྲུབ་པ་པོས། ། ཐམས་ཅད་ལྡན་པའི་ས་བོན་ནི། ། མཚན་མོ་ཡི་ནི་མཐའ་ཉིད་དང་། ། དང་པོར་རོ་ཧི་ཏ་དུས་ལ། ། ཉ་ཕྱིས་སྣོད་དུ་ཆུ་ དང་ནི། ། མ་གདྷཱ་ནི་སྲང་གཉིས་ཉིད། ། ཀུན་ནས་ཟླ་བའི་དཀྱིལ་འཁོར་བསམ། ། བདུད་རྩིའི་དབུས་སུ་ཡང་དག་ལྡན། ། བདུད་རྩི་བསམ་པའི་ཐབས་ཀྱིས་ནི། ། ཤིན་ཏུ་མཉམ་རྣལ་འབྱོར་པས། ། ལན་བདུན་མངོན་པར་བསྔགས་ བྱས་པའི། ། དེ་ཡི་ཆུ་ནི་བཏུང་བྱས་ནི། ། སྡིག་པ་ཐམས་ཅད་འཇིག་པ་དང་། ། ཡེ་ཤེས་བདུད་རྩི་ཡེ་ཤེས་སྐུ། ། ཡིད་གཞུངས་ཤེས་རབ་རྣོ་བ་དང་། ། རླུང་དང་གཟི་བརྗིད་དཔལ་འཕེལ་ཞིང་། །
BO
ཀུན་ནས་སྐལ་ལྡན་དག་དང་ནི། ། ཐོས་དང་ཤེས་རབ་ ནོར་དང་ནི། ། རླུང་མཁྲིས་དུག་དང་བད་ཀན་དང་། ། འདུས་དང་གློ་སོགས་ཀྱིས་གཟེར་དང་། ། མིག་དང་ཡན་ལག་གཟེར་བ་ནི། ། ཆུ་འདི་ཡིས་ནི་ནད་ཀུན་འགྲོག ། ཨོྃ་ར་ཏ་ཨ་བརྟ་ནི། སརྦ་ཕཱ་ཕྃ་ཧ་རནྟུ་མྃ་ཧཱུྃ། བི་ཀྲྀ་ཏ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ཡི་སྔགས་ ནི་སྔགས་ཆེན་པོ། ། བསྲུང་བ་ཀུན་གྱི་བླ་ན་མེད། ། སྔོན་གྱི་དུས་སུ་གཞག་བྱས་ནས། ། རྣལ་འབྱོར་ལུས་ནི་བསྲུང་བའོ། ། ལན་བདུན་མངོན་པར་བསྔགས་བྱས་ལ། ། གནས་ལྔ་རུ་ནི་ལན་གསུམ་མོ། ། སངས་རྒྱས་ལྔ་ནི་མངོན་བསམ་ནས། ། སྤྱི་བོའི་སྟེང་དུ་ བསྐུར་བྱས་ནས། ། རྒྱལ་པོ་སེང་གེ་དགྲ་སོགས་དང་། ། རྐུན་མོ་དང་ནི་མེ་དང་ཆུ། ། རླུང་དང་མཁྲིས་པ་ལ་སོགས་ནད། ། འཇིགས་བྱེད་འཇིགས་པ་འཇོམས་པར་བྱེད། ། ཨོྃ་བི་མོ་ཧ་ནི་སྃ་མོ་ཧ་ནི། སརྦ་པྲི་ཡེ་ཏི་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། འདི་ཡི་སྔགས་ནི་སྔགས་ཆེན་ པོས། ། འགྲོ་ཀུན་རྨོངས་པར་བྱེད་པ་གསུངས། ། མི་བྱམས་བྱམས་པ་སྐྱེ་བྱེད་ཅིང་། ། ཀུན་ནས་མཛའ་བར་གྱུར་པའོ། ། ལག་པ་གཡོན་པ་ཡི་ནི་ཆུས། ། སྔ་དྲོའི་དུས་སུ་ཁ་བཀྲུས་ན། ། རྣལ་འབྱོར་པ་ནི་གྲུབ་འདོད་པ། །
BO
དགོས་པ་ཐམས་ཅད་འགྲུབ་པར་ འགྱུར། ། དེ་ནས་སྦྱོར་བ་མཆོག་ཏུ་བཤད། ། སྙིང་པོ་ལས་ནི་སྙིང་པོ་མཆོག ། རྡོ་རྗེ་ལ་སོགས་བསྒོམ་པར་བྱ། ། གཉིས་སུ་མེད་པར་མཉམ་པར་འདྲེས། ། ཡན་ལག་འདི་ཡིས་ཐ་དད་བསྒོམ། ། དུག་མེད་པ་ཡང་དུག་གིས་བསྣུན། ། ཤིན་ཏུ་མི་བཟད་ རྨོངས་པ་ཡིས། ། རྨོངས་པ་རྣལ་འབྱོར་བདག་ཉིད་འཇིགས། ། འབད་པས་ཆོས་ཀྱི་ཐབས་ཀྱིས་ནི། ། དག་པའི་ལུས་ནི་རྣམ་དག་བྱེད། ། དག་པའི་སྒྲོན་མ་བལྟས་པ་ཡིས། ། ཉོན་མོངས་ལ་སོགས་མུན་པ་འཇོམས། ། ནམ་མཁའ་རྡོ་རྗེ་རྡོ་རྗེ་ལ། ། སེམས་དང་ སེམས་ནི་རྣམ་པར་ཐིམ། ། གཅིག་སོགས་དངོས་པོ་བསྒོམ་པ་ནི། ། འདི་ཡི་རྣལ་འབྱོར་མཚན་ཉིད་དོ། ། མེ་ཡི་ལྷག་མ་སོགས་ལྷགས་པ། ། དབུས་དང་དབུས་སུ་རྣམ་པར་འཚེར། ། དེ་ཡི་འོད་ཀྱིས་ནམ་མཁའི་ཁམས། ། ཤིན་ཏུ་མཉམ་པར་གཞག་པས་ བལྟ། ། ས་བོན་འདི་ཡི་མྱུ་གུ་ལས། ། ཨཱ་ལི་ཀཱ་ལི་རྣམ་པར་འབྱུང་། ། ས་བོན་ས་བོན་རབ་འཕྲོ་བ། ། ནམ་མཁའི་ཁམས་སུ་ཡང་དག་གནས། ། ཉི་མའི་དཀྱིལ་འཁོར་དབུས་གནས་པའི། ། རོ་ལངས་མ་ཡི་དབུས་སུ་བསམ། ། པདྨའི་གདན་ལ་རྣམ་པར་ བཞུགས། ། གདུགས་དཀར་པོ་ཡིས་མངོན་པར་གཡོགས། ། ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་།
BO
། ཁ་དོག་དམར་པོ་འོད་མཉམ་པ། ། ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་དང་། ། སྤྱན་གསུམ་གྱིས་ནི་རྣམ་པར་བརྒྱན། ། སྒེག་པའི་ཉམས་ཀྱིས་ བལྟ་བ་དང་། ། ན་བཟའ་དམར་པོ་མངོན་པར་གཡོགས། ། མཆོག་གི་སེམས་དང་སེམས་པ་ལ། ། བདུད་རྩིའི་ཡི་གེ་རྣམ་པར་བསམ། ། ལྕགས་ཀྱུའི་རྩེ་མོར་ཡི་གེ་ཀྵུྃ། ། བཟླས་ཤིང་འདི་ཡིས་དྲང་པར་བྱ། ། གཟུགས་བརྙན་གྱིས་ནི་ཡིད་བསྐྱོད་ཅིང་། ། རང་ གི་དབུགས་ཀྱིས་དགའ་བར་བྱ། ། ཨོྃ་རཱ་ག་ཏ་རཱ་ག་ཏ་བྷ་ཏི་ཧཱུྃ་ཀྵུྃ་སྭཱ་ཧཱ། ལྕགས་ཀྱུའི་སྔགས་དང་ཕྱག་རྒྱ་ཡིས། ། རྣལ་འབྱོར་པ་ཡིས་འདོད་བཞིན་དྲང་། ། རྨོངས་ཆེན་ཤིན་ཏུ་རྨོངས་པ་ནི། ། མཉམ་པར་གཞག་ནས་རབ་ཏུ་བསྒྲུབ། ། གདན་བཞི་པ་ཡི་རྒྱུད་ཀྱི་ནི། ། སྦྱོར་བའི་གདན་གྱི་གསུམ་པ་ལས། ། གྲུབ་པའི་སྙིང་པོ་བསྡུས་པ་ནི། ། མདོར་བསྡུས་ནས་ནི་བསྡུས་པའོ། ། དེ་ནས་ཡེ་ཤེས་ལུས་ལ་ནི། ། ཤིན་ཏུ་མཉམ་གཞག་རྣལ་འབྱོར་པས། ། བཟའ་དང་བཟའ་བའི་བསམ་པ་ཡིས། ། སྦྱང་དང་རྟོགས་པར་སྤྱད་པར་ བྱ། ། དངོས་པོར་སྨད་པ་མ་ཡིན་ཞིང་། ། གང་ཡང་བརྟག་པར་མི་བྱའོ། ། མཐོ་དང་དམའ་བའི་རིགས་ལ་སོགས། ། མཉམ་ཉིད་ལྷ་ནི་ལྔ་པའོ། ། གང་ཞིག་སྐྱེ་བ་པོ་སོགས་པ། །
BO
སེམས་ཀྱིས་གནོད་པར་མི་བྱའོ། ། གལ་ཏེ་གནོད་པ་ བྱེད་སེམས་ན། ། རྣལ་འབྱོར་སྡོམ་པ་རིང་བར་འགྱུར། ། གང་ཞིག་ཆེ་དང་ཕྲ་བ་ཡི། ། གཞན་རྫས་རང་གིར་བྱེད་པ་ཡིས། ། རྐུ་བའི་སེམས་ནི་མི་བྱའོ། ། རྣལ་འབྱོར་སྡོམ་པ་རིང་པ་ཉིད། ། {བརྫུན་,རྫུན་}དང་ཚིག་རྩུབ་ཕྲ་མ་དང་། ། འཁྱལ་བའི་དག་ནི་རིང་དུ་སྤང་། ། གཞན་གྱི་སེམས་ལ་གནོད་བྱས་པས། ། རྣལ་འབྱོར་སྡོམ་པ་རིང་བ་ཉིད། ། དོན་དང་ལིང་ག་རབ་སྦྱོར་བས། ། སྦྱོར་བའི་ཆོས་ཀྱི་སྙིང་པོ་ཉིད། ། རྨོངས་པས་ལོག་དཀྲིས་ངག་སོགས་ཀྱིས། ། དེ་ཡི་རབ་སྦྱར་སྨད་པ་ཉིད། ། ལེགས་པར་བྱས་པའི་ལས་ཀྱིས་ནི། ། བདེ་བ་བསྐྱེད་པའི་ལུས་ཀྱིས་ནི། ། སེམས་ཅན་བདེ་བ་ལྷུར་ལེན་པས། ། ཐེག་པ་ཆེ་ལ་ལེགས་པར་བསླབས། ། གལ་ཏེ་སེམས་ཅན་གནོད་སོགས་པའི། ། མི་དགའ་བ་ཡི་ཚིག་མི་སྨྲ། ། སྡིག་པའི་ལས་ནི་མི་བྱ་ཞིང་། ། རྣལ་འབྱོར་གཙུག་ལག་མི་སྨད་དོ། ། རྣལ་འབྱོར་འདོད་དགའ་མ་ཡིན་ཞིང་། ། རྨོངས་པས་རྒྱགས་པར་མི་བྱའོ། ། ཕྱག་རྒྱ་འཆིང་བར་རབ་སྦྱོར་བས། ། རང་འདོད་ཀྱིས་ནི་བསྟེན་པར་བྱ། ། བསྟེན་ཅིང་བསྟེན་པའི་རབ་སྦྱོར་བས། ། ལྷ་ཉིད་ཚིམ་ཞིང་བསྒྲུབ་པར་བྱ། །
BO
སེམས་ཅན་དོན་གྱི་ངོ་བོ་ཡིས། ། སེམས་ཅན་བདེ་བས་ཕན་འདོགས་བྱེད། ། ཐེག་པ་ཆེན་པོའི་འབྲས་བུ་ཆེ། ། འདི་ཡིས་ལམ་གྱིས་བསྟེན་པར་བྱ། ། གང་དང་གང་དུ་རབ་སྦྱོར་བས། ། དེ་དང་དེར་ནི་ཕན་པས་བདེ། ། སེམས་ཅན་སྡོམ་པ་ལ་སོགས་པས། ། དེ་ཡི་སེམས་ནི་གནོད་མི་བྱ། ། འཁོར་བར་སྐྱེས་པའི་དུས་ན་ནི། ། ཐབས་དང་ཤེས་རབ་ཡང་དག་ལྡན། ། དངོས་པོ་དངོས་མེད་བྱེད་པ་དང་། ། སེམས་ཅན་དོན་ནི་ཨཱ་ལིར་སྒྱུར། ། ཕྱག་རྒྱ་བཞི་དང་ལྡན་པའི་རྒྱ། ། གསང་བའི་གསང་བ་བཅིངས་པ་ཡིས། ། དེ་ཡི་དབུས་སུ་བདུད་རྩི་ནི། ། སྐྱེ་ ཞིང་མྱུ་གུ་འབྱུང་བའོ། ། འདབ་མ་གསུམ་དང་ཀུན་ལྡན་པའི། ། ཨཱ་ལི་མཆོག་ནི་མཐའ་མེད་དོ། ། གཞན་ཡང་བདུད་རྩི་མཆོག་ཉིད་ནི། ། ཕྱི་རོལ་ཀུན་གྱི་སྙིང་པོ་ཉིད། ། བདུད་རྩི་ཡིད་འོང་སྐལ་ལྡན་ཞིང་། ། སེམས་ཅན་ལ་ནི་སྙན་པར་སྟོད། ། སངས་རྒྱས་ ལྔ་ཡི་ཀུན་གྱི་ལུས། ། བཙོ་མ་གསེར་ལྟར་འབར་བའོ། ། ཅོད་པན་བཅིངས་ཤིང་འཕྱར་བ་དང་། ། ཕྱག་བཞི་ཡིས་ནི་རྣམ་པར་སྤྲས། ། དགོད་དང་སྒེག་པའི་ཉམས་དང་ནི། ། རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། ། སྟེང་དུ་རྡོ་རྗེ་ལྕགས་ཀྱུ་དང་། ། གཉིས་པ་རྡོ་ རྗེ་ཞགས་པའོ། །
BO
གཡོན་པ་རྡོ་རྗེ་དྲིལ་བུ་དང་། ། གསུམ་པ་ལྕགས་སྒྲོག་འཆིང་བ་ཡི། ། ཕྱག་བཞི་བོ་ཡི་ཕྱག་རྒྱ་ནི། ། གསང་བ་གསང་སོགས་འཆིང་བ་དང་། ། ལུས་དང་ཁ་དོག་འབར་བ་རུ། ། སྣང་བ་མཐའ་ཡས་མཉམ་པར་གཞག ། ཧ་ཡི་རྣམ་པའི་ ས་བོན་ནི། ། ཡི་གེ་མཆོག་གི་དགའ་བར་བྱེད། ། ཧོ་ཡི་རྣམ་པས་ལུས་དང་ལུས། ། རྣམ་སྣང་མངའ་བདག་ལྷ་ཉིད་དོ། ། སེམས་དང་སེམས་པ་བསྒོམས་པས་ནི། ། ལྷ་ཉིད་དུ་ནི་ཡོངས་སུ་གྲགས། ། ཐམས་ཅད་ལུས་དང་ལུས་ཅན་གྱི། ། སྲོག་དང་སེམས་ ནི་འཕྲོག་པའོ། ། ཧྲཱིཿཡི་རྣམ་པའི་ས་བོན་ནི། ། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། ། ཨོྃ་གྱི་རྣམ་པ་གསལ་བར་འཕྲོ། ། ཀུན་ནས་སེམས་ནི་རྟོགས་མཛད་པའོ། ། ཨ་ཡི་རྣམ་པ་དེས་ཚིམ་བྱེད། ། བློ་དང་ལྡན་པས་ཡོངས་སུ་བསྟེན། ། བདུད་རྩི་ཆུ་ཡི་ལྷ་མོ་ནི། ། དེ་ཡི་ཤེས་བྱ་རྟོགས་པའོ། ། བདུད་རྩི་གང་གིས་མྱངས་པ་ཡིས། ། བདུད་རྩི་ཡི་ནི་འབྲས་བུ་ཐོབ། ། དེ་བཞིན་གཤེགས་དགྱེས་ལྷ་མོ་ནི། ། གཟུགས་མཛེས་མཆོག་ཏུ་ཡིད་འོང་བའོ། ། སངས་རྒྱས་ཀུན་གྱི་རྣམ་པ་ཡིས། ། ཕྱག་རྒྱ་བཞི་པ་བཅིང་བར་ བྱ། ། རྣལ་འབྱོར་པ་ནི་བསྒྲུབ་འདོད་ན། ། གཉིས་ནི་གཉིས་སུ་མེད་པར་བསྒོམ། །
BO
གཉིས་ནི་དངོས་པོ་དངོས་མེད་པས། ། ཡེ་ཤེས་ལྡན་པས་ཡོངས་སུ་གསལ། ། ང་རྒྱལ་ཆེན་པོས་བཅིངས་པ་ནི། ། སྤྲོས་པའི་སེམས་དང་ལྡན་པས་བཅིངས། ། སྒེག་ དང་ཁྲོ་བའི་ཚུལ་གྱིས་ནི། ། ལྷ་མོའི་སྙིང་པོ་ཉིད་དུ་ཐིམ། ། ཉི་མའི་ལག་པའི་གདན་ལ་ནི། ། ཟླ་བའི་ལག་པས་རེག་བྱས་ལ། ། དེ་ཡིས་འཁྱུད་ཅིང་འཁྱུད་ནས་ནི། ། ལྷ་མོའི་ཡེ་ཤེས་ཉིད་དུ་ཐིམ། ། ལྟོ་བའི་ཡེ་ཤེས་མེ་ཡི་ལྷ། ། དེ་ཡི་ གནས་སུ་ཚིམ་པར་བྱ། ། ཤེས་རབ་ཐབས་ལ་ཐིམ་པ་ཡིས། ། གཉིས་མེད་སྦྱོར་བས་ཚིམ་པ་ཉིད། ། ཨོྃ་ཧ་ཧོ་ཧྲཱིཿཨ། ས་བོན་ཆེན་བོའི་ས་བོན་ནི། ། འདི་ཡིས་ས་བོན་བསམ་པར་བྱ། ། རིམ་པ་འདི་ཡིས་མཆོད་པ་ནི། ། སྨན་གྱི་རྒྱུར་ནི་མ་ཡིན་ནོ། ། ལྷ་ མོ་བཀྲེས་དང་སྡུག་བསྔལ་འཕྲོག ། སྒེག་ཅིང་སྙན་པར་སྨྲ་བ་དང་། ། ང་རྒྱལ་མེད་པའི་ང་རྒྱལ་བྱེད། ། བརྩོན་མེད་པ་ཡི་བརྩོན་འགྲུས་བཅས། ། ཀུན་ནས་སྐལ་ལྡན་ལྷ་མོས་ནི། ། རྨོངས་བྱེད་འཇིགས་དང་འགུགས་པར་བྱེད། ། ཡིད་མི་གཞུངས་དང་ངོ་ ཚ་འཇིགས། ། ལྷ་མོ་སྙན་མས་འཇོམས་པར་བྱེད། ། དེ་ལྟར་ཡོན་ཏན་ལྷ་མོ་ལྡན། ། ཡིད་འོང་བདུད་རྩི་སྙན་པ་མོ། ། འདོད་དང་ཐར་པའི་གོ་འཕང་གནས། ། གང་ཞིག་ལྷ་མོ་འདི་ཡི་ལམ། །
BO
ཆུ་སྦྱར་ནེ་ཙོ་གཏམ་དང་ནི། ། སྒེག་དང་གར་ནི་ལྔ་ལྡན་ པའོ། ། ལྷ་མིན་བརྩོན་འགྲུས་བདུན་པ་སྟེ། ། དྲན་པ་ཉམས་བྱེད་བརྒྱད་པའོ། ། ལྷ་མོ་ཕོ་ཉ་བརྒྱད་ཀྱི་ལས། ། མྱུར་དུ་སེམས་ནི་འཕྲོག་པའོ། ། རྣལ་འབྱོར་བ་ཡི་བདག་ཉིད་སེམས། ། འདོད་པའི་སེམས་ཀྱི་རྣམ་པར་བྱེད། ། ཇི་ལྟར་གསུངས་པའི་ མཚན་ཉིད་ཀྱིས། ། འབད་པས་ཐང་ཀ་སྣ་ཚོགས་དགྲམ། ། པདྨའི་གདན་ལ་བཞུགས་པ་ནི། ། ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པར། ། ཀུན་ནས་ཕོ་ཉ་བརྒྱད་པ་ནི། ། བུད་མེད་གཟུགས་སུ་དེ་ཡི་ཚུལ། ། ཕྱོགས་ཀྱི་མདོག་དང་མདོག་ཏུའོ། ། གཟུགས་ མཛེས་ཡོན་ཏན་ལྡན་པ་ཡི། ། དུང་ཆེན་ལ་སོགས་ལག་པ་ན། ། གནས་དང་གནས་ལ་བདུད་རྩིའི་ཆུ། ། ཤ་ལྔ་ཡི་ནི་སྣོད་ལ་སོགས། ། བཟའ་དང་སྟོན་མོས་ཉེ་བར་མཛེས། ། དེ་ཡི་གཟུགས་བརྙན་མདུན་དུ་ནི། ། མཁས་པ་ཡིས་ནི་བསྒྲུབ་པར་བྱ། ། མེ་ཏོག་སྤོས་དང་དྲི་ལ་སོགས། ། གཉིས་མེད་གཏོར་མར་ཡང་དག་ལྡན། ། དང་པོར་རེ་ཞིག་དམ་ཚིག་གི། ། ཕྱག་རྒྱ་ལ་སོགས་བཅིང་བར་བྱ། ། ཟླ་བའི་ལག་པ་རབ་བརྐྱང་ནས། ། རྣམ་ཤེས་བྱེད་པར་ཀུན་ཏུ་ལྡན། ། ཨོཾ་ཧི་ལི་ཧི་ལི་ཧཱུྃ་ཕཊ། དམ་ཚིག་ སྔགས་དང་ཕྱག་རྒྱ་ཡིས། །
BO
མཆོད་པའི་ལས་ལ་རབ་ཏུ་སྦྱར། ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ཧོ་ཧྲཱིཿཨ་སྭཱ་ཧཱ། ཉེ་བར་སྤྱོད་པའི་སྔགས་དང་ཕྱག་རྒྱའོ། ། ཉི་མའི་ལག་པའི་གདན་ལ་ནི། ། ཟླ་བའི་ལག་པ་ཀུན་སྦྱར་ལ། ། སྙིང་པོའི་སྙིང་དང་ཕྱག་རྒྱ་ཡིས། ། རང་ འདོད་ལས་ནི་རབ་ཏུ་བྱེད། ། འབུམ་ཕྲག་གཅིག་ཟློས་རྣལ་འབྱོར་པས། ། སྔོན་དུ་བསྙེན་པ་ལ་སོགས་བྱ། ། ཕྱིས་ནི་མེ་ལ་སོགས་པའི་ལས། ། གཉིས་མེད་གཏོར་མའི་ལས་ཀྱིས་སོ། ། མེ་ཐབ་ཁ་རན་གསུམ་པར་ནི། ། སྣང་བྱེད་ཤིང་ནི་རབ་སྦར་ལ། ། ལྷ་ མིའི་མེ་ཏོག་རྒྱས་པ་ནི། ། སྦྲང་རྩིས་བསྐུ་ཞིང་སྦྱར་བྱས་ལ། ། བདུད་རྩིའི་ཆུ་དང་ཀུན་ནས་བསྲེ། ། གང་གི་མིང་ནས་ཡང་དག་བཟུང་། ། བརྒྱད་བརྒྱ་རུ་ནི་བསྲེག་བྱས་ན། ། ངེས་པར་དབང་དུ་འགྱུར་བའོ། ། མེ་ཡི་ལྷ་སོགས་ཐལ་བ་དང་། ། བདག་ཉིད་ཁུ་བ་ ལན་ལྔ་རུ། ། བདུད་རྩི་དབུས་སུ་སྦྱིན་བྱས་ན། ། བདག་ཉིད་འདོད་བཞིན་དབང་དུ་བྱེད། ། སྨྱོ་བྱེད་སྦྲུལ་ནི་ལྔ་པ་དང་། ། ཨུ་ཛའི་ཤིང་ནི་ཆ་མཉམ་པ། ། བདུད་རྩིར་ལྡན་པར་བྱིན་བྱས་ན། ། མྱུར་དུ་སྨྱོ་བར་འགྱུར་བའོ། ། ནིམ་པ་ལ་སོགས་རྩེ་མོ་ལ། ། མཁས་པ་ཡིས་ནི་བསྒྲུབ་པར་བྱ། ། མེ་ཏོག་བདུག་པ་དྲི་སོགས་དང་། །
BO
གཉིས་མེད་གཏོར་མའི་ལས་ཀྱིས་ནི། ། ཨརྒ་དཀར་པོའི་རྩ་བ་ལས། ། འབད་པས་མེ་ནི་རབ་ཏུ་སྦྲར། ། པདྨོ་ཞིབ་མོ་ཕྱེ་མ་ནི། ། འོ་མ་དང་ནི་བདུད་རྩིས་བསྐུ། ། བརྒྱད་བརྒྱ་རུ་བསྲེག་ བྱས་པ་ཡི། ། ལྷག་མའི་ཐལ་བ་བསྒོས་པའོ། ། ཙི་ཏྲ་ཀ་ཡི་རྩ་བའི་ཆུས། ། ལན་བདུན་བསྒོས་ལ་གྲིབ་མར་བསྐམ། ། མཆོད་པའི་དུས་རྣལ་འབྱོར་པས། ། དེ་ཡི་ཐལ་བ་བདུད་རྩི་ཆུས། ། མྱུར་བ་ཉིད་དུ་བསྒོས་པ་ནི། ། ཁ་བ་ཀུནྡ་འོ་མ་རུ། ། ལུས་ ནི་རྨོངས་པའི་གཟུགས་དང་ནི། ། ཤིན་ཏུ་རྨོངས་ཤིང་རྨོངས་པའི་དྲི། ། ཕོ་ཉ་བརྒྱད་ཀྱི་ལྷ་མོ་ནི། ། སྟོབས་དང་གཟི་བརྗིད་དོན་མེད་པའོ། ། རྣམ་རྟོག་རྨོངས་པའི་སེམས་ཅན་ལ། ། འདི་ཡིས་ལས་ཀྱིས་རབ་ཏུ་སྦྱར། ། རྨོངས་པ་སྤངས་ པའི་རྣལ་འབྱོར་པས། ། འགྲོ་བ་མྱུར་དུ་རྟོགས་པར་འགྱུར། ། འདི་ཡིས་ཕྱེ་མ་བླངས་བྱས་ལ། ། ཛཱ་ཏི་མར་ཁུ་ལན་གསུམ་སྤང་། ། བདུད་རྩི་མཆོད་པའི་དུས་སུ་ནི། ། ཐལ་བ་ལྷན་ཅིག་བསྲེས་བྱས་ནས། ། ཐིག་ལེ་ལྕེ་ཡིས་མྱངས་པ་ཡིས། ། ཕོ་ཉ་བརྒྱད་ ཀྱིས་འཛིན་པར་འགྱུར། ། ཕོ་ཉའི་མཚན་མ་ཡོངས་རྫོགས་པ། ། སྨྱོ་ཞིང་རྒྱགས་ཤིང་རྒྱགས་པའོ། ། སྨྱོ་བྱེད་ཤིང་ནི་ཡང་དག་བླང་། །
BO
འབད་པས་མེ་ནི་རབ་སྦར་ལ། ། མེ་ཏོག་སྦྲང་རྩི་བདུད་རྩིར་ལྡན། ། བརྒྱ་བརྒྱ་རུ་ནི་བསྲེག་པར་བྱ། ། དེ་ཡི་ཐལ་བ་བླངས་ ནས་ནི། ། རབ་ཏུ་སྦྱོར་བ་ལ་སོགས་བྱ། ། བདུད་རྩི་བསྐྱེད་པའི་གནས་སུ་ནི། ། ཐལ་པ་དེ་ཡིས་བྱུགས་བྱས་ན། ། ཆུ་ཡིས་མདོག་ནི་གཞན་དུ་དང་། ། དེ་ཡི་རོ་ནི་གཞན་དུ་འགྱུར། ། སྦྲང་རྩི་འོ་མར་ལྡན་པ་ཡིས། ། དེ་གཟུགས་སྔ་མ་བཞིན་དུ་འགྱུར། ། དེ་ ཡི་ཐལ་བ་བླངས་བྱས་ལ། ། སྐུ་གསུམ་པ་ཡི་ཆ་དང་བསྲེ། ། བདུད་རྩི་ཡི་ནི་ཆ་བདུན་དང་། ། མ་རུ་ཙེ་ཡི་ཆ་བརྒྱད་ཉིད། ། མཆོད་པའི་དུས་སུ་ཆང་ལ་ནི། ། དེ་ཡི་ཐལ་བ་བླུགས་བྱས་ན། ། གང་ལ་བྱིན་པ་ཙམ་གྱིས་ནི། ། བདུད་རྩི་ཀུན་ནས་རང་འདོད་རིག ། གང་དང་གང་གིས་ལམ་གྱིས་ནི། ། དེ་དང་དེ་ཡི་རྨོངས་པ་རྣམས། ། སེམས་ཅན་དོན་དུ་རྨོངས་བསལ་ཕྱིར། ། རྟག་ཏུ་ལམ་ནི་བསྟན་པར་བྱ། ། གཞན་གྱི་དོན་ལ་བརྩོན་པར་བྱ། ། རང་གི་འདོད་འདི་བསྡུས་པའོ། ། སྨན་དང་སྔགས་ཀྱི་སྦྱོར་བ་ཡང་། ། ཤེས་ རབ་དམན་ལ་སོགས་པས་དམན། ། གདན་བཞི་བ་ཡི་རྒྱུད་ཀྱི་ནི། ། གསུམ་པ་གཏོར་མའི་ལས་ཀྱི་ནི། ། དངོས་གྲུབ་སྙིང་པོ་བཏུས་པ་ནི། ། དེ་ཡི་དངོས་པོ་བསྡུས་པའོ། །
BO
སྔགས་སྒྲུབ་པ་ཡི་དོན་དུ་ནི། ། གཟུགས་བརྙན་རབ་ཏུ་སྦྱར་བར་བྱ། ། མཆོག་ གི་གཟུགས་བརྙན་རབ་སྦྱར་བས། ། བྱིན་གྱིས་བརླབས་ཀྱིས་རིམ་པས་བསྒྲུབ། ། ཞི་དང་རྒྱས་དང་དབང་དང་ནི། ། གསད་དང་བསྐྲད་དང་དབྱེ་བ་ནི། ། གཟུགས་བརྙན་གྱིས་ནི་ཐམས་ཅད་འགྲུབ། ། གཟུགས་བརྙན་མཚན་ཉིད་ལྡན་པར་བྱ། ། སྔོན་དུ་རས་ ཀྱི་མཚན་ཉིད་དང་། ། གཉིས་པ་ཏ་ལའི་མཚན་ཉིད་དང་། ། གསུམ་པ་ཁ་དོག་རིམ་པ་དང་། ། བཞི་པ་གཏོར་མ་སྦྱིན་སྲེག་ཉིད། ། གླེང་གཞི་རང་འདོད་བསྐྱེད་ནས་ནི། ། མཉམས་ཁ་ཚར་ཡང་དག་ལྡན། ། སྟེང་འོག་ལ་སོགས་རབ་རྒྱས་པ། ། རས་ལ་ཞི་ བའི་རི་མོ་བྲི། ། མ་ལྷུང་བ་ཡི་{ཡི་དགས་,ཡི་དྭགས་}གོས། ། མ་ཉམས་ཁ་ཚར་བགོ་བར་བྱ། ། ཚོན་གྱིས་མ་ཕོག་ཆ་ལ་ནི། ། རྒྱས་པ་ཡི་ནི་མཚན་ཉིད་དོ། ། {ཡི་དགས་,ཡི་དྭགས་}མོ་ཡི་དམར་པོའི་རས། ། མ་ལྟུང་བར་ནི་རབ་ཏུ་སྤྱད། ། ཚོན་གྱིས་མ་ཕོག་རབ་སྦྱར་བ། ། དབང་ ཉིད་དུ་ནི་ཡོངས་སུ་གྲགས། ། ར་ནག་པོ་ཡི་པགས་པ་དང་། ། བ་ལང་རྟ་སོགས་གཞན་དག་ལ། ། གནག་ཅིང་དྲག་སོགས་པ་ཡི་ལས། ། མངོན་སྤྱོད་ལས་ཀྱི་མཚན་ཉིད་དོ། ། དེ་ཡི་མནན་པའི་གནས་སུ་ནི། ། ཐིག་གི་མཚན་ཉིད་གདབ་པར་བྱ། །
BO
ཆ་གསུམ་ དུ་ནི་རབ་ཏུ་བསྒོ། ། གཅིག་ནི་འོག་ཏུ་དོར་བར་བྱ། ། ཆ་གཉིས་ལྔ་པའི་སྟེང་དུའོ། ། གསུམ་པ་གསུངས་པའི་ཐིག་ཉིད་ནི། ། ཚངས་པའི་རི་མོ་དབྱུག་པ་ནི། ། ཆ་ལྔ་པ་ནི་བདུན་དུའོ། ། ལུས་ནི་ཆ་གསུམ་ཉིད་དུ་འདོད། ། ཞི་དང་ཡན་ལག་མཉམ་པའོ། ། ཞལ་ནི་བཅུ་གཉིས་ཆ་ཉིད་དོ། ། མགྲིན་པ་ལ་ནི་སོར་བཞིའོ། ། མགོ་དང་སྐྲ་ལའང་དེ་ཉིད་དོ། ། རྣ་བ་ཉིད་ཀྱང་དེ་ཡི་ཚད། ། ཞལ་གྱི་ཆ་ནི་གསུམ་པ་ཉིད། ། དཔྲལ་བ་ལྐོག་མ་སྣ་ཉིད་དོ། ། སྨིན་མའི་མཐའ་ནི་རྣ་བའི་ལྟག ། མིག་ནི་སོར་གཉིས་པ་ཡི་ཚད། ། བུག་པ་སོར་མོ་བཞི་པའོ། ། དེ་ནི་མིག་གི་མཚན་ཉིད་དོ། ། མགྲིན་པའི་མཐའ་ཡི་དབུས་སུ་ནི། ། བྲང་གི་ཆ་ནི་གཉིས་ཀྱིས་མནན། ། སྙིང་གའི་གནས་དང་ལྟེ་བར་ནི། ། མནན་ཅིང་ཀུན་ཏུ་མནན་པའོ། ། ནུ་མའི་མཐར་ནི་མནན་བཅས་པ། ། བྲང་དུ་ནུ་མ་ གཉིས་མནན་ལ། ། ལག་པ་གཉིས་ཀས་མནན་པ་ནི། ། ལག་གཉིས་ཀུན་ཏུ་གནོན་པའོ། ། སོར་བཞི་པ་དང་ལྡན་པ་ནི། ། བརླ་དང་རྗེ་དར་ཀུན་ཏུ་ལྡན། ། བུས་མོ་གཉིས་ལ་སོར་བཞིའོ། ། རྐང་པའི་ཚད་ཀྱང་དེ་བཞིན་ནོ། ། བཅུ་ གཉིས་ཏ་ལའི་ཚད་ཀྱི་ནི། ། ལྷ་ཡི་གཟུགས་ནི་རི་མོར་བྲི། ། ལྷག་པའི་སོར་མོ་བཞི་པོ་ནི། །
BO
ལྷ་བརྒྱད་ཀྱི་ནི་གདན་དུའོ། ། དགུ་པ་ཡི་ནི་གདན་ཉིད་ནི། ། སོར་མོ་གཉིས་སུ་བཤད་པའོ། ། དབུས་ཀྱི་ཟླ་བའི་དཀྱིལ་འཁོར་ནི། ། ཀུན་ནས་ན་བཟའི་འོད་ཟེར་ སོགས། ། རབ་ཟབ་རྡོ་རྗེའི་ལྷ་ཉིད་ནི། ། ཏ་ལ་བཅུ་གཉིས་ཀྱི་ནི་ཚད། ། འོག་མའི་ཆ་དང་ཆ་སོགས་དང་། ། ཉེ་བར་མཛེས་སོགས་རི་མོ་བྲི། ། སྟེང་གི་ལྷག་པའི་ཆ་ལ་ནི། ། རིགས་ནི་ལྔ་པ་བསྟན་པའོ། ། ལས་ཀྱི་མདོག་སོགས་མདོག་ཏུ་ནི། ། འདོད་ བཞིན་ལྷ་ཉིད་བསྒྲུབ་པར་བྱ། ། གཟུགས་བརྙན་རབ་ཏུ་སྦྱོར་བ་ནི། ། བཅུ་གཉིས་ཏ་ལའི་རྣམ་པའོ། ། དེ་ཡི་ཏ་ལའི་ཚད་ལ་ནི། ། ཕྱག་གཉིས་ཀུན་ནས་བཀུག་པ་ནི། ། སོར་མོ་གཉིས་ནི་རབ་དོར་ལ། ། ཞི་བའི་ལྷ་ཡི་རྣམ་པའོ། ། དེ་ཡི་ཏ་ལས་ཞལ་བཞིན་ བྱ། ། གསུས་ཁྱིམ་ཆེ་ཞིང་ཆེ་བ་ཉིད། ། ཀུན་ནས་ཚིགས་དང་ཚིགས་ཉིད་ནི། ། སོར་མོ་གཉིས་ནི་དོར་བར་བྱ། ། ཁྲོ་བོ་ཁྲོ་མོ་དབང་ཕྱུག་མ། ། བྲན་ཕོ་བྲན་མོ་མངག་གཞུག་ནི། ། དྲག་པོ་འཇིགས་སུ་རུང་བའི་གཟུགས། ། ཏ་ལ་བཅུར་ནི་བྲི་བའོ། ། དཀྱིལ་ འཁོར་བསྒྲུབ་པར་འདོད་པ་ཡིས། ། མཆོད་པའི་ལྷ་མོ་མངོན་པར་ལྡན། ། རས་ཀྱི་བརྒྱད་ཀྱི་ཆ་ཉིད་ནི། ། ཏ་ལའི་སྟེང་དུ་དོར་བར་བྱ། །
BO
དཀྱིལ་འཁོར་ལྷ་མོའི་རིམ་པ་ནི། ། རིམ་དང་རིམ་བཞིན་སྦྱར་བར་བྱ། ། དབུས་སུ་མངའ་བདག་རྡོ་རྗེའི་ལྷ། ། གཅིག་ བའི་མཚན་ཉིད་རྣམ་པར་བྲི། ། མགྲིན་པ་ཀོ་སྐོ་ཞབས་ཉིད་ནི། ། དེ་གསུམ་རིང་ན་ཉེས་སྐྱོན་ནོ། ། སྔགས་པ་ངེས་པར་བདག་ཉིད་ནི། ། སྐྲོད་དང་གནས་ནི་བརླག་པའོ། ། ཤངས་དང་སྙན་དང་སོར་མོ་ནི། ། དེ་གསུམ་ཐུང་བའི་ཉེས་པ་ནི། ། ངེས་པར་དངོས་ གྲུབ་བརླག་པ་དང་། ། དེ་ཡི་དཔལ་ཡང་རིང་བ་ཉིད། ། རྗེ་ངར་ཞབས་དང་མཁུར་ཚོས་ནི། ། དེ་གསུམ་སྦོམ་པ་ཉེས་པ་ཆེ། ། ངེས་པར་སྒྲུབ་པོའི་བདག་ཉིད་ནི། ། བདུད་དང་བགེགས་དང་དཔལ་རིང་ངོ་། ། འགྲམ་པ་བྲང་དང་རྩིབ་ལོགས་ནི། ། དེ་གསུམ་ དམའ་ན་སྐྱོན་ཆེའོ། ། ཡུན་མི་རིང་བ་མྱུར་དུ་ནི། ། ནོར་ནི་བརླག་པར་འགྱུར་བའོ། ། ནུ་མ་རྣ་བ་དཔྲལ་བ་ནི། ། དེ་གསུམ་ཡོ་ན་སྐྱོན་ཆེའོ། ། འཐབ་མོ་དང་ནི་དགྲས་འཚེ་བར། ། མྱུར་དུ་སྒྲུབ་པོ་འགྱུར་བའོ། ། བྲང་དང་ལུས་དང་བརླ་གཉིས་ནི། ། དེ་གསུམ་ དམའ་ན་སྐྱོན་ཆེའོ། ། དགྲས་ནི་འཇིགས་པར་འགྱུར་བ་དང་། ། འཆི་བར་ཡང་ནི་ཐེ་ཚོམ་མེད། ། སྣ་ཞོམ་མིག་ནི་ཡོ་བ་དང་། ། རྣ་བ་མཆུ་དང་(དབྲལ་,དཔྲལ་)བ་ནི། །
BO
བགེགས་དང་བདུད་དང་མེས་འཇིགས་ཤིང་། ། དངོས་གྲུབ་རིང་བར་འགྱུར་བ་ཉིད། ། གྱེན་དུ་ལྟ་ བའི་དབུ་དང་ནི། ། གདན་ནི་ཡོ་ཞིང་ཐ་དད་པ། ། བྲང་དང་མགྲིན་པ་ཡན་ལག་ནི། ། ཉེས་སྐྱོན་གྲངས་ནི་མེད་པར་གྲགས། ། འོད་ཟེར་ཡོ་ཞིང་ཐ་དད་དང་། ། ཕྱག་རྒྱ་ཕྱག་མཚན་ནོར་བས་ནི། ། མྱ་ངན་གདུང་བས་སྡུག་བསྔལ་བར། ། སྒྲུབ་པོའི་གཟུགས་ བརྙན་ཉེས་སྐྱོན་ནོ། ། རྒྱབ་ཡོལ་གདུགས་དང་བ་དན་ནི། ། རྣམ་གསུམ་དོག་པའི་ཉེས་པ་ནི། ། འཆི་ཞིང་དཔལ་ཉམས་བརླག་པ་དང་། ། མི་མཛའ་མཛའ་བ་འཇོམས་པའོ། ། དེ་ལྟར་ཉེས་སྐྱོན་སྐྱོན་ཆེན་པོས། ། དུལ་ཞིང་དུལ་ལ་བཟོད་པ་དང་། ། སེམས་ནི་ཤིན་ཏུ་མཉམ་གཞ་པས། ། རྣམ་པར་བརྟག་ཅིང་རབ་ཏུ་དཔྱོད། ། མཚན་ཉིད་ཐམས་ཅད་ཡོངས་རྫོགས་ཤིང་། ། མཛེས་པའི་ཚུལ་གྱིས་མཆོད་པར་བསྟན། ། སྔགས་གྲུབ་རྒྱུ་ཡི་དོན་དང་ནི། ། དབང་དང་དགུག་པ་ཡི་ནི་ལྷ། ། ཞི་བ་ལ་ནི་ཞི་ བའི་ཚུལ། ། དྲག་ལ་དྲག་ཅིང་འཇིགས་སུ་རུང་། ། དཔའ་ཞིང་དཔའ་བའི་ང་རྒྱལ་གྱིས། ། དགོད་ཅིང་ཁྲོ་དང་སྒེག་པ་དང་། ། ཁྲོ་བའི་གཟུགས་ཀྱི་ཚུལ་དང་ནི། ། བྲན་དང་བྲན་མོའི་རྣམ་པར་སྤྲུལ། ། ལས་ཀྱི་གནས་དང་གནས་ཉིད་དུ། །
BO
བདག་ཉིད་ཀྱི་ནི་ ཁ་དོག་བསྒྱུར། ། དེ་ལྟར་མཚན་ཉིད་མཚོན་པ་ཡི། ། དངོས་གྲུབ་མྱུར་དུ་རྫོགས་པ་དང་། ། རྣལ་འབྱོར་བ་ཡི་འདོད་པ་ལས། ། སྔགས་པས་ཐང་ཀའི་རི་མོ་བྲི། ། ན་མཿསམནྟ་བུདྡྷཱ་ནཱྃ། སྃ་བོདྷ་ནི། བི་ཤུདྡྷ། ན་མཿསརྦ་བྷི་ག་ཧ་རེ་ནམ་ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་པ་ཡིས་ནི་སྔགས་འདི་ཡིས། ། རས་དང་སྐུད་པ་བཀྲུ་བའོ། ། ཐམས་ཅད་ལས་ཀྱིས་སྔགས་ཀྱིས་ནི། ། སངས་རྒྱས་ལྔ་ཡི་བྱིན་གྱིས་བརླབས། ། གཟུགས་བརྙན་སོ་སོར་རབ་སྦྱོར་བས། ། སྒྲུབ་པོས་ཐང་ཀ་བསྒྲུབ་པར་ བྱ། ། གཟུགས་བརྙན་འགྲུབ་པའི་རྒྱུ་རུ་ནི། ། སྦྱིན་སྲེག་ཕྱག་རྒྱ་སྔགས་བྱའོ། ། {ཡི་དགས་,ཡི་དྭགས་}ཀྱིས་ནི་གོས་བླངས་ལ། ། གཏོར་མ་ལ་སོགས་ལྡན་པ་ཡི། ། ནན་ཏན་གྱིས་ནི་ཐང་ཀ་བརྒྱད། ། ཐིག་སྐུད་ཀྱིས་ནི་རི་མོ་བྱ། ། པདྨའི་གདན་ལ་བཞུགས་པ་ ནི། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། ། ཕྱག་གཉིས་པ་ལ་ཐང་ཀ་མཛེས། ། རྡོ་རྗེ་ཅོད་པན་མཐོན་ཀའི་རྩེ། ། སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། ། རྒྱན་རྣམས་ཀུན་གྱིས་བརྒྱན་པའི་སྐུ། ། དར་གྱིས་དཀྲི་ཞིང་རྣམ་པར་འཕྱང་། །
BO
རྡོ་རྗེ་ཕྱག་གིས་གསོར་མཛད་ཅིང་། ། སྙིང་གར་གནོན་པ་མཆོག་ཏུ་བརྩོན། ། གཡོན་པར་དྲིལ་བུ་མངོན་ལྡན་པས། ། རྐེད་པའི་མཚམས་སུ་རྣམ་པར་གནོན། ། བཅོ་མ་གསེར་གྱི་ཁ་དོག་དང་། ། སྒེག་ཅིང་ཤིན་ ཏུ་བཞད་པའི་ཞལ། ། རྡོ་རྗེ་དཀྱིལ་འཁོར་ལ་བརྟེན་པར། ། ཁྲོ་བོའི་འོད་ཟེར་རྣམ་པར་སྤྲོ། ། དཀར་དང་ཟླ་བ་ཀུནྡའི་མདོག ། ལྷ་མོ་གསང་བའི་སྣོད་མཛད་ཅིང་། ། རྐང་པས་འཁྱུད་པས་ཐལ་མོ་སྦྱར། ། ཕྱག་གཉིས་ཀྱིས་ནི་མགྲིན་པར་འཁྱུད། ། ཚམས་ཀྱིས་མ་མཆུ་བཙིར་ནས་ནི། ། མྱོས་པས་ཁྲོ་བོ་མཆོག་གི་སྟེ། ། རྒྱན་རྣམས་ཀྱིས་ནི་བརྒྱན་པའི་སྐུ། ། ཆགས་པའི་གོས་དཀར་མནབས་པ་ཉིད། ། བ་སྤུ་ནས་ནི་རྡོ་རྗེ་འཕྲོ། ། གདུགས་དཀར་པོ་ཡིས་མངོན་གཡོགས་པའི། ། འདི་ལྟར་རྡོ་ རྗེ་དབང་ཕྱུག་རྒྱལ། ། པདྨའི་ལུས་ཅན་རྡོ་རྗེ་འཛིན། ། རྡོ་རྗེ་ཤར་གྱི་ཆ་རུ་ནི། ། མོ་གཟུགས་རི་མོར་བྲིས་པ་ནི། ། གཟུགས་ཀུན་ལ་སོགས་རབ་རྒྱས་པའོ། ། གནོད་སྦྱིན་མོ་ནི་རྒྱལ་དབང་འདི། ། རིན་ཆེན་གདན་ལ་བཞུགས་པ་ནི། ། རྒྱན་ཀུན་གྱིས་ནི་ རྣམ་པར་བརྒྱན། ། ཕྱག་ན་གཏོར་མའི་སྣོད་སོགས་པ། ། ཕྱོགས་ཀྱི་མདོག་ཏུ་བཙོ་བར་བྱ། ། དངོས་གྲུབ་ཀུན་སྟེར་ལྷ་མོ་ནི། །
BO
ལུས་ངན་གྱི་ནི་སྲིང་མོའོ། ། ཕྱག་འཚལ་ཚུལ་གྱིས་འདུད་པ་ནི། ། ལྷ་མོ་བསྒྲུབ་པའི་མཚན་ཉིད་དོ། ། རྡོ་རྗེ་བྱང་གི་ཆ་ལ་ནི། ། ལྷ་མོ་སྙན་པར་སྨྲ་བ་ནི། ། དེ་ལྟར་རྡོ་རྗེ་དབང་ཕྱུག་རྒྱལ། ། པདྨའི་ལུས་ཅན་ཡེ་ཤེས་འཛིན། ། སྙན་པའི་གསེར་བཙོ་མ་ཡི་མདོག ། བཟང་པོའི་གདན་ལ་བཞུགས་པ་ནི། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། གཉིས་ཀྱི་ཕྱག་ན་བདུད་རྩིའི་སྣོད། ། སྒེག་པའི་ཉམས་ཀྱི་ལྟ་བ་རུ། ། མཁས་པ་ཡིས་ནི་བྲི་བར་བྱ། ། ཡེ་ཤེས་ནུབ་ཀྱི་ཆ་ལ་ནི། ། ལྷ་མོ་སྙན་པའི་དབང་ཕྱུག་མ། ། བཙོ་མ་གསེར་གྱི་མདོག་དང་ནི། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། ཐམས་ཅད་མཚན་ཉིད་ཡོངས་རྫོགས་པའི། ། ལྷ་མོ་གཞོན་ནུ་གྲུབ་པ་ནི། ། ལྕགས་ཀྱུ་ལྔ་སོགས་སྣོད་ཀྱིས་ནི། ། གཉིས་པའི་ཕྱག་ནི་རྣམ་པར་བརྒྱན། ། རྡོ་རྗེ་ལྷོ་ཡི་ཆ་རུ་ནི། ། འབྱུང་མོའི་མིང་ནི་སྐ་རགས་ཅན། ། སྐུ་མདོག་སྔོན་མོ་གཟུགས་མཛེས་པའི། ། རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། ། བདུད་ རྩིའི་བུམ་པ་ཕྱག་གཉིས་ན། ། གཞན་གྱི་སྒེག་པའི་ཡན་ལག་དང་། ། གཤིན་རྗེ་ཡི་ནི་སྲིང་མོ་ཉིད། ། དངོས་གྲུབ་ཀུན་སྟེར་ལྷ་མོ་ནི། ། ཐམས་ཅད་ཀུན་ལ་གཟུགས་མཛེས་པར། །
BO
རྣམ་པར་བརྟགས་ཏེ་རི་མོ་བྲི། ། རྡོ་རྗེ་དྲིལ་སོགས་རིམ་པར་ཡང་། ། དབང་ལྡན་ལ་སོགས་རིམ་པར་སྦྱར། ། ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། ། ཕྱག་ནི་ཕྱག་རྒྱ་མཚན་མ་སོགས། ། དེ་ལྟར་རྡོ་རྗེ་དབང་ཕྱུག་རྒྱལ། ། རོལ་པའི་འཁོར་ལོ་བསམ་པར་བྱ། ། ལྷ་རྣམས་དམིགས་པ་དང་བཅས་པ། ། སྔགས་དང་ཕྱག་རྒྱ་ གཏོར་མས་མཆོད། ། ཨོྃ་སརྦ་སིདྡྷི་ཀུ་རུ་ཧཱུྃ། ཉེ་བར་སྤྱོད་པའི་སྔགས་སོ། ། ཨོྃ་བཛྲ་ཧཱུྃ་ཕཊ། ཉི་མའི་ལག་པ་རབ་བརྐྱང་ནས། ། ཡེ་ཤེས་ཀྱི་ནི་པདྨ་མནན། ། དམ་ཚིག་སྔགས་དང་ཕྱག་རྒྱའོ། ། དེ་ཡི་སྔགས་དང་ཕྱག་རྒྱ་ཡིས། ། ཡན་ལག་དྲུག་ཏུ་བསྲུང་བར་བྱ། ། ཡེ་ཤེས་ཁུ་ཚུར་གཉིས་བཅིངས་ནས། ། དཀར་པོ་དང་ནིས་གདུགས་བསྒྲེང་། ། འཁྱིལ་བ་རས་གདུགས་འཁྱུད་བྱས་ལ། ། དཀར་པོའི་ལྕགས་ཀྱུས་སྤྱན་དྲང་ངོ་། ། ཨོྃ་བཛྲ་ཨཾ་ཀུ་ཤ་ཛཿ། ཕྱག་རྒྱ་དེ་གཉིས་བརྟན་ བཅིངས་ལ། ། དཀར་བོ་དང་ནི་གི་ཝང་སྦྲེལ། ། ཞགས་བའི་དམ་ཚིག་ཕྱག་རྒྱ་ཡིས། ། ཀུན་ནས་ལྷ་མོ་བཞུགས་པར་ལྡན། ། ཨོྃ་བཛྲ་པཱ་ཤ་ཧཱུྃ། ཕྱག་རྒྱ་དེ་ཉིད་དམ་བཅིངས་ནས། ། རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། ། གསང་ཞིང་གསང་བའི་ལྕགས་ སྒྲོག་གིས། ། ལྷ་རྣམས་ཀུན་ནས་མཉེས་པར་བྱ། །
BO
ཁུ་ཚུར་དེ་ཉིད་དམ་བཅིངས་ནས། ། རྒྱབ་དང་རྒྱབ་ཏུ་ཡང་དག་ལྡན། ། ས་གདུགས་པདྨ་སྤྲེལ་བྱས་ལ། ། ཀུན་ནས་ལྷ་ཉིད་ཚིམ་བྱེད་པའོ། ། སྤོས་ཀྱི་ཕྱག་གཉིས་རབ་ལྡན་པས། ། སོར་མོ་གཉིས་ ཀ་བསྒྲེང་བྱས་ལ། ། ཟླ་བ་ཉི་མར་བཞུགས་བྱས་ལ། ། སྙིང་རྗེ་ཆེན་པོའི་ཕྱག་རྒྱའོ། ། ཨོཾ་སུ་ར་ཏ་བཛྲ་ཧཱུྃ་ཛ། ཁུ་ཚུར་གཉིས་ནི་བཅིངས་བྱས་ལ། ། ཉི་མའི་སྟེང་དུ་ཁ་སྦྱར་ལ། ། ཤར་གྱི་ཕྱོགས་ཀྱི་ལྷ་མོ་ནི། ། སྙིང་པོ་སྔགས་དང་ཕྱག་རྒྱའོ། ། ཨོྃ་ ཤྲི་ཡེ་བ་ཏི་ཧཱུྃ་ཕུ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་དམ་བཅིངས་ཏེ། ། ཡེ་ཤེས་དང་ནི་རྣམ་ཤེས་བསྒྲེང་། ། ཨོཾ་སུ་ཀྲི་ཡེ་ཧཱུྃ་ཕུ་སྭཱ་ཧཱ། བྱང་གི་ཕྱོགས་ཀྱི་ལྷ་མོ་ནི། ། སྙིང་པོ་སྔགས་དང་ཕྱག་རྒྱའོ། ། ཕྱག་རྒྱ་དེ་ཉིད་དམ་བཅིངས་ནས། ། དཀར་པོ་དང་ནི་གི་ཝང་བསྒྲེང་། ། ཨོཾ་སུ་རུ་སུ་རུ་མ་དུར་ཧཱུྃ་ཕུ་སྭཱ་ཧཱ། ནུབ་ཀྱི་ཕྱོགས་ཀྱི་ལྷ་མོ་ནི། ། སྙིང་པོ་སྔགས་དང་ཕྱག་རྒྱའོ། ། ཕྱག་རྒྱ་དེ་ཉིད་དམ་བཅིངས་ནས། ། ས་གདུགས་པདྨའི་ཁ་སྦྱིན་བྱ། ། ཨོཾ་པྲི་ཡྃ་མེ་ཁཱ་ལ་ཧཱུྃ་ཕུ་སྭཱ་ཧཱ། ལྷོ་ཕྱོགས་ལྷ་མོ་རྒྱལ་དབང་གིས། ། སྙིང་པོ་ སྔགས་དང་ཕྱག་རྒྱའོ། ། གཉིས་མེད་ཆོ་གའི་སྔགས་ཀྱིས་ནི། །
BO
མཁས་པ་ཡིས་ནི་མཆོད་པར་བྱ། ། བདུག་པ་མེ་ཏོག་སོགས་གླུ་དང་། ། མཁས་པས་མཆོད་པ་ཉི་ཤུས་མཆོད། ། འདོད་དང་ཐར་པ་དགེ་བའི་གནས། ། ལས་རྣམས་ཐམས་ཅད་གྲུབ་བྱེད་པ། ། རྡོ་རྗེ་ཆོས་ཀྱི་བདེ་སྤྲོ་བ། ། རྣལ་འབྱོར་སྔགས་ཀྱིས་སྒྲུབ་པར་བྱེད། ། དེ་ནས་ཀུན་གྱི་སྙིང་པོ་ནི། ། ཁྲོ་བོ་གནོད་བྱེད་ཁྲོ་མོ་ནི། ། དབྱེ་བ་རྣམ་གསུམ་སྐུ་རང་བཞིན། ། སངས་རྒྱས་བྱང་ཆུབ་ཡན་ལག་བཞི། ། ཁྲོས་པའི་ཁྲོ་བོའི་མཆོག་ཏུ་སྤྲོ། ། འཇིགས་པ་ཐེག་པ་རྣམ་པ་གསུམ། ། ལྷ་མོའི་ལྟ་བས་འཇིགས་པར་བྱེད། ། བདུད་དང་འབྱུང་པོ་གཅོད་བྱེད་ཅིང་། ། བདུད་དང་གདུག་པ་སྐེམས་པ་དང་། ། གནོན་ཅིང་ཡུལ་ནས་སྐྲོད་པ་དང་། ། འདོད་དང་ཐར་པའི་གོ་འཕང་བསྒྲུབ། ། ཚངས་པ་ མནན་ཅིང་ཉེད་པ་དང་། ། ཙ་མུཎྜི་ནི་དྲག་པོས་འགུགས། ། འཇིགས་བྱེད་ཀུན་ནས་བསྒྲུབས་པ་ཡང་། ། མཁས་པ་ཡི་ནི་བསྒྲུབ་པར་བྱ། ། རེ་ཞིག་དང་པོ་བྲིས་པའི་སྐུ། ། མཚན་ཉིད་ཇི་ལྟར་གསུངས་པ་བཞིན། ། བྱེ་བ་བཅུ་བཞིའི་ཚོགས་དང་ནི། ། སྣ་ཚོགས་གཟུགས་ཅན་བཞིན་ངན་པ། ། ལྷ་མོ་དཀའ་ཟློག་གདན་དུ་ནི། ། རྒྱབ་ཏུ་ཀུན་ནས་རྣམ་པར་མནན། ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །
BO
རྡོ་རྗེ་མཁའ་འགྲོ་རྣམ་པར་སྤྲུལ། ། ཞལ་གསུམ་ཕྱག་ནི་དྲུག་པ་ཉིད། ། འོད་ཟེར་སྔོན་པོ་འབར་ བའི་ཞལ། ། རོལ་པས་འཕེན་པའི་གདན་ལ་ནི། ། ཚངས་པའི་མགོ་ནི་ཞབས་ཀྱིས་མནན། ། སྤྱན་གསུམ་ཁྲོ་ལ་ང་རྒྱལ་ཅན། ། དམར་ཞིང་དམར་བའི་སྤྱན་དང་ལྡན། ། འཁྱིལ་ཞིང་རྣམ་པར་གྱེས་པ་ཡི། ། དབུ་སྒྲ་དམར་པོས་རྣམ་པར་བརྒྱན། ། རུས་ བའི་ཐོད་པའི་ཕྲེང་བ་ཡིས། ། སངས་རྒྱས་མི་བཟད་ཅོད་པན་ནོ། ། བགེགས་ཀྱི་མགོ་བོ་བསམ་པ་ཡིས། ། ཀླུ་གཉིས་ཀྱིས་ནི་རྣམ་པར་བརྒྱན། ། ཤིན་ཏུ་རྒོད་ཅིང་མཆེ་བ་གཙིགས། ། ཞལ་གསུམ་ཁ་དོག་གསུམ་པའོ། ། གླང་ཆེན་པགས་པ་ བསྣམས་པའོ། ། མི་ཡི་པགས་པ་རབ་ཏུ་གསོལ། ། རྒྱན་བརྒྱད་ཀྱི་ནི་གནས་ཉིད་དུ། དཀར་ཞིང་རབ་འབར་རུས་པའོ། ། སངས་རྒྱས་མགོ་བོའི་ཕྲང་བ་དང་། ། མཆེ་བ་རྣོ་ཞིང་སོར་མོ་འབར། ། སྟེང་གི་ཕྱོགས་སུ་མདའ་དང་ནི། ། གཉིས་པ་ལ་ནི་ཁ་ཊྭཱྃ་ག། ། གསུམ་པས་རྡོ་རྗེ་གསོར་བའོ། ། གཡས་པ་སྡིགས་མཛུབ་ཞགས་པ་དང་། ། གཉིས་པ་ལ་ནི་ཐོད་པའོ། ། གསུམ་པ་གཞུ་དང་ཀུན་ནས་ལྡན། ། རྒན་བྱད་དྲག་མོ་འཇིགས་སུ་རུང་། ། ཞགས་པས་བཅིངས་ཤིང་རྣམ་པར་ བརྒྱན། ། དྲག་མོ་མནན་ཅིང་མཆེ་བ་གཙིགས། །
BO
ཁྲག་འཛག་པ་དང་བརྒྱལ་བ་ནི། ། སོ་སོར་དབུས་སུ་བརྒྱན་པ་ཡི། ། སོ་སོའི་ཕོ་ན་རབ་ཏུ་བསྒྲུབ། ། ཚོན་བདུན་གྱིས་ནི་གོས་པ་ཡི། ། རྒྱུན་མི་འཆད་པར་རྟག་ཏུ་སྤྲོ། ། ཁྲོ་བོ་མཆེ་བ་གཙིགས་པའི་ ལུས། ། འབར་བའི་འོད་ཟེར་རྡོ་རྗེ་ཅན། ། མི་ཡི་ཀེང་རུས་ཀེང་རུས་དང་། ། གདུགས་དཀར་པོ་ཡིས་མངོན་པར་གཡོགས། ། ཡེ་ཤེས་ཁྲོ་བོ་དབང་ཕྱུག་བདག ། དྲག་ཅིང་ཤིན་ཏུ་དྲག་པ་འདུལ། ། བདུད་རྣམས་ཐམས་ཅད་གནོན་མཛད་པ། ། ཤིན་ ཏུ་གདུག་པའི་སེམས་ཅན་རྣམས། ། ཞི་བས་འདུལ་བར་མི་འགྱུར་བས། ། ཐབས་དང་ཤེས་རབ་སྦྱོར་བ་ཡིས། ། ཁྲོ་བོའི་གཟུགས་ལ་སོགས་པ་བསྟན། ། ཁྭ་དང་འུག་པ་བྱ་རྒོད་དང་། ། ཅེ་སྦྱང་སྲིན་པོ་ཁྱི་ལ་སོགས། ། འཇིགས་པའི་ཀུ་ཆོ་རབ་ སྒྲོགས་དང་། ། མི་ཡི་ཀེང་རུས་གྱིས་བཀང་བའི། ། དེ་ལྟར་གཟུགས་བརྙན་རབ་སྦྱོར་བས། ། འདོད་དང་ཐར་པ་དོན་གཉེར་དང་། ། ཐམས་ཅད་ཁྲོ་བོ་འཇིགས་མཛད་པའི། ། སྔགས་པས་གཟུགས་བརྙན་བསྒྲུབ་པར་བྱ། ། ཨོྃ་ཏ་ཧཱུྃ་མ་ཐ་མ་ཐ་དུ་ཥྜཱ་ན་གྷཱ་ཏ་ ཡ་ཧཱུྃ་ཕཊ་སྭཱ་ཧཱ། བ་དན་གསུམ་སོགས་ཕྱག་རྒྱ་ཡིས། ། ལས་རྣམས་ཀུན་ནས་རབ་ཏུ་བྱེད། ། སྤོས་དང་བདུག་པ་ལ་སོགས་དྲི། ། རྒྱས་པའི་མཆོད་པ་ཀུན་ལྡན་པས། །
BO
དཔའ་བོ་མཆོད་སོགས་ཡང་དག་ལྡན། ། དཀྱིལ་འཁོར་ཆོ་ག་མཐོང་བ་ཡིས། ། ཆོ་གའི་ཡན་ལག་སྦྱིན་སྲེག་ལས། ། གཏོར་མའི་ལས་ནི་ཁྱད་པར་ཉིད། ། མ་བརྟགས་པ་ཡི་ཤ་དང་ནི། ། ཁྲག་གིས་ཀྱང་ནི་དེ་ཉིད་ལས། ། གང་གང་དངོས་གྲུབ་འདོད་པ་ཡིས། ། དེ་ཡི་རྣམ་པས་ཚིམ་པར་བྱ། ། ཨོྃ་བི་ཏྲི་ཏྟི་ནཱ་མ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཟླ་ བ་ཉི་མ་བརྐྱང་ནས་ནི། ། རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། ། དཀར་པོ་གི་ཝང་སྦྲེལ་བྱས་ནས། ། ས་ཡི་གདུགས་དང་པདྨ་སྦྲེལ། ། དེ་ཉིད་སྙིང་པོ་ཕྱག་རྒྱ་དང་། ། སྔགས་དེ་ཉིད་ནི་རྣམ་པར་སྦྱར། ། ཕུར་བུ་ར་བ་ཚམ་ངམ་དང་། ། དྲ་བ་གེ་ཆ་མཚོན་ཆ་རྣམས། ། ལས་ཀྱི་གནས་སུ་དགོད་པ་ནི། ། ཕྱག་རྒྱ་འདི་ནི་རབ་ཏུ་གྲགས། ། ཕྱག་རྒྱ་འདི་ཉིད་སྙིང་གར་བཅིང་། ། ཡེ་ཤེས་དང་ནི་རྣམ་ཤེས་སྦྱར། ། ཨོྃ་ཀྲོ་དྷ་ནི་ཧཱུྃ་ཨ། སྙིང་པོ་མཆོག་གི་ས་བོན་དང་། ། ཕྱག་རྒྱ་དེ་ཉིད་རྣམ་པར་བྱ། ། ལུས་དང་སྲོག་ལ་ལྟོས་ མེད་པར། ། ཆེན་པོའི་སེམས་ཀྱིས་བསྒྲུབ་པར་བྱ། ། དྲག་ཅིང་རྣོ་བའི་ལྷ་མོ་ནི། ། རྣོ་བའི་སེམས་ཀྱིས་བསྒྲུབ་པར་བྱ། ། ཅུང་ཟད་ཞི་བའི་ལྷ་མོ་ནི། ། ཐབས་ཅིག་གིས་ནི་མཚན་ཉིད་དོ། ། ཆུ་ཡི་འགྲམ་གྱི་ས་ཕྱོགས་སུ། །
BO
སྔོན་དུ་བསྙེན་པ་ལ་སོགས་ བྱ། ། འབུམ་ཕྲག་ལྔ་ནི་བཟླས་པ་དང་། ། ཕྱིས་ནི་འབུམ་ཕྲག་གཅིག་གིས་སོ། ། ཞི་བའི་མཆོད་པ་ཕུལ་ནས་ནི། ། མེ་ཡི་ལས་ལ་སོགས་པ་བྱ། ། ནག་པོར་ཡི་ཤ་དང་ནི། ། ཁྲག་དང་རྣམ་པར་བསྲེས་ནས་ནི། ། བྲིས་སྐུ་ལ་སོགས་གཟུགས་བརྙན་ མདུན། ། རྫོགས་པའི་ཆོ་གས་སྦྱིན་སྲེག་བྱ། གཏོར་མ་སྦྱིན་སྲེག་གིས་ཚིམ་བྱ། ། ཐམས་ཅད་ལས་ནི་འགྲུབ་པར་འགྱུར། ། ཞི་དང་རྒྱས་དང་དབང་དྲག་དང་། ། མངོན་པར་སྤྱོད་པ་ལ་སོགས་འགྲུབ། ། དྲི་ཞིམ་ཆུ་ཡིས་བཀང་བ་ཡིས། ། བུམ་པ་རྒྱ་ ཆེར་མཆོད་པ་ཡིས། ། ནད་ཀྱི་ཡན་ལག་གཟིར་བ་ལ། ། སྔོན་དུ་དབང་བསྐུར་བྱིན་བྱས་ནས། ། ནད་ཀུན་དང་ནི་བྲལ་བ་དང་། ། དེ་བཞིན་གཟའ་ཡིས་གནོད་པ་ཉིད། ། སྐལ་བ་དམན་དང་མི་བྱམས་པས། ། ཐམས་ཅད་ཞི་བ་ཐོབ་པར་འགྱུར། ། སེར་པོའི་ ཚོན་དང་སྤྲ་ཚིལ་ལས། ། ལོག་འདྲེན་ལྷ་ཡི་གཟུགས་བརྙན་ཉིད། ། མཉམ་པའི་གདན་ལ་ཐལ་མོ་སྦྱར། ། ཕྱག་བཞི་ཡིས་ནི་རྣམ་པར་སྤྲས། ། མཆེ་བ་གཙིགས་པ་ཡན་ལག་རྒྱས། ། པདྨའི་སྣོད་ལ་གནས་པ་ནི། ། རྩེ་གསུམ་ དང་ནི་བཟའ་བའི་སྣོད། ། དགྲ་སྟ་ལ་ཕུག་ཕྱག་ནའོ། ། སོར་མོ་བཞི་ཡི་ཚད་དུ་ནི། ། རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། །
BO
བྲིས་སྐུའི་གཟུགས་བརྙན་མདུན་དུ་ནི། ། འཁྲུལ་འཁོར་འདི་ནི་བྲི་བར་བྱ། ། གྲོགའམ་ནི་ཤིང་ཤུན་ལ། ། གི་ཝང་དང་ནི་གུར་ གུམ་གྱིས། ། སྒྲུབ་པ་པོ་ཡི་གཟུགས་བརྙན་བྲི། ། གཟུགས་དང་རྣམ་པ་ཀུན་ལྡན་པ། ། སྙིང་གར་མིང་ནི་བྲི་བར་བྱ། ། གཡོ་དང་ལྷུང་དང་སྲོག་འདྲེན་པ། ། ལྕགས་ཀྱུ་ཀུན་ནས་ལྡན་པ་དང་། ། དཔྲལ་བར་དྲངས་ནས་གཞག་པར་བྱ། ། བགེགས་ཀྱི་ དབང་པ་ཡི་ནི་གདན། ། སྙིང་གར་མནན་ནས་གཞག་པར་བྱ། ། མེ་ཏོག་བདུག་པ་སོགས་པས་མཆོད། ། ནན་ཏན་གྱིས་ནི་གཏོར་མའི་ལས། ། དོན་འདོད་འབྲས་བུ་དོན་གཉེར་བའི། ། རྣལ་འབྱོར་པས་ནི་སྔགས་ཡིག་བཟླས། ། ཨོྃ་ཏྲྃ་ཐ་ཐ་ཐ་ཧཱུྃ་ ཛ་སྭཱ་ཧཱ། མེ་ཏོག་དཀར་པོ་ལ་བཟླས་ཤིང་། ། རེ་རེ་ཞིང་ནི་བརྡེག་པར་བྱ། ། བརྒྱ་རྩ་བརྒྱད་དུ་ཡོངས་རྫོགས་ན། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། ། སྔགས་འདི་ཡིས་ནི་སྦྱོར་བ་ཡིས། ། སྒྲུབ་པ་པོ་ཡི་ཡིད་གཡོ་ཞིང་། ། མྱུར་དུ་འགུགས་ ཤིང་ཡོན་པའོ། ། རྒྱལ་པོའི་དབང་པོ་དབང་ཕྱུག་སོགས། ། རྒྱལ་པོ་དང་ནི་རྒྱལ་ཚབ་དང་། ། ཕྱུག་པོའི་བྱིས་པ་ལ་སོགས་དང་། ། ཤིན་ཏུ་མཛེས་པའི་བདག་ཉིད་ལུས། ། ཤ་ཙི་དང་ནི་བརྒྱ་བྱིན་སོགས། ། གལ་ཏེ་ཀུན་ནས་འདོད་ཙམ་གྱིས།
BO
། སྒྲུབ་པ་པོ་ཡི་དབང་དུ་འགྱུར། ། ཇི་སྲིད་ལུས་ནི་འཚོ་བའི་བར། ། དུས་རྟག་ཏུ་ནི་རྣམ་པར་འདུད། ། ང་རྒྱལ་ཡན་ལག་གཙོ་བོ་བས། ། ང་རྒྱལ་གྱིས་ནི་འགྲུབ་པར་འགྱུར། ། ཁྲོ་བོའི་ལུས་ནི་བསྟན་པ་ཡིས། ། ལས་དང་ལས་ནི་མྱུར་དུ་འགྲུབ། ། ཁྲོ་བོའི་ ལུས་རྣམ་པར་བསྟན་པ་ཞེས་བྱ་བ་རྫོགས་སོ། ། ། ། སྤྱོད་པའི་ཆོས་ཅན་ཀུན་བསྡུས་པ། ། བརྟུལ་ཞུགས་མཚན་ཉིད་བསྟན་པའོ། ། ཡེ་ཤེས་ལོངས་སྤྱོད་འབྲས་འདོད་པས། ། སྤྱོད་པའི་མཚན་ཉིད་ཤེས་པར་བྱ། ། མི་བཟད་འཁོར་བ་འཇིགས་པ་ནི། ། ཆགས་པས་སྲིད་པར་ལྟུང་བའོ། ། ཆགས་པ་སྤངས་པའི་ལུས་ཀྱི་ནི། ། རྒྱུན་དུ་བརྟུལ་ཞུགས་ཡང་བཟུང་ངོ་། ། དབེན་པར་ཤིན་ཏུ་མཉམ་གཞག་པས། ། དངོས་པོ་ཐམས་ཅད་མདོར་བསྡུས་པའོ། ། ཆགས་པས་སྲིད་པར་ལྟུང་བ་དང་། ། ཞེན་པས་འཁོར་ བར་འཇུག་པར་བྱེད། ། རྨོངས་པའི་བདག་ཉིད་རིང་དུ་སྤངས། ། སེམས་ཅན་དོན་དུ་ཆོས་བསྟན་ཕྱིར། ། སེམས་ཅན་དོན་བྱེད་གྱུར་པས་ཀྱང་། ། བརྟུལ་ཞུགས་དཀའ་ཐུབ་མི་བཟད་པས། ། དབེན་པར་སྦྱོར་བས་འགྲུབ་པར་འགྱུར། ། ཆགས་པའི་ཉེས་པ་རྒྱ་ མཚོར་འཁོར། ། བདག་ཉིད་ཉོན་མོངས་ལས་རྒྱལ་ཕྱིར། ། སེམས་ཅན་དོན་བློ་འབའ་ཞིག་གོ། །
BO
སེམས་ཅན་དོན་འགྱུར་དུས་སུ་ནི། ། སྤྱོད་དང་སྡོམ་པའི་སྟོན་བཞིན་ནོ། ། འདུ་འཛི་དང་བྲལ་དབེན་པ་ནི། ། དགའ་བ་རུ་ནི་ལུས་བསྲུང་ངོ་། ། དང་པོ་རེ་ཞིག་ རྣལ་འབྱོར་པས། ། བསྟན་བཅོས་ཚིག་རྣམས་བླངས་བྱས་ནས། ། སྡོམ་པ་ཐམས་ཅད་ཡང་དག་ལྡན། ། རབ་ཏུ་རྣོ་བས་ཆོས་སྤྱད་དོ། ། གནས་དང་གནས་ལའང་མི་གནས་པའི། ། ནམ་དུ་ཡང་ནི་མི་གཟུང་ངོ་། ། བཟའ་དང་བཟའ་མིན་པར་རྟོག་པའི། ། དམན་ སོགས་ངེས་པར་མི་བྱའོ། ། འབད་པས་རྟག་ཏུ་དགའ་བ་ཡིས། ། ལྷ་མ་མཁན་ཉ་པ་ཤན་པ་དང་། ། བྲམ་ཟེ་དམངས་རིགས་རྒྱལ་རིགས་རྣམས། ། མཉམ་པའི་སེམས་ཀྱི་ལམ་གྱིས་ནི། ། རྟག་ཏུ་སློང་མོ་བསླང་བར་བྱ། ། གལ་ཏེ་གོང་དུ་སྤྱོད་པའི་ཚེ། ། གང་ཞིག་བཟའ་སྟོན་ཟོས་པ་དང་། ། མལ་ཆ་རས་དང་མཆིལ་ལྷམ་ཡང་། ། ལོངས་སྤྱོད་ལོངས་སྤྱོད་ཡིད་འོང་བའི། ། བརྟུལ་ཞུགས་ལ་གནས་ཙམ་གྱིས་ནི། ། རྣལ་འབྱོར་སྡོམ་པ་རིང་བ་ཉིད། ། སྤྱོད་པ་སྤྱོད་དགུར་རྣལ་འབྱོར་པས། ། བསོད་ནམས་ ལག་ཏུ་བླང་བར་བྱ། ། ཐམས་ཅད་བསླངས་ཀྱང་ཉེས་མེད་དེ། ། དངོས་པོ་ཡང་ནི་མི་གཟུང་ངོ་། ། སེམས་ནི་རྣམ་པར་དག་པ་ཡིས། ། ཐམས་ཅད་བཟའ་ཞིང་བཟའ་བ་ཉིད། ། དག་ཅིང་གུས་བཅས་ང་རྒྱལ་གྱིས། །
BO
དེ་ཡི་གནས་ནི་ ཡོངས་སུ་སྤངས། ། དད་པས་དཀྱིལ་འཁོར་འདྲི་བ་དང་། ། ཡང་ན་གཏོར་མའི་ལས་ལ་ནི། ། བསགས་པའི་རྫས་ཀྱི་དངོས་པོ་ནི། ། དེ་ཡི་གནས་སུ་དབུལ་བར་བྱ། ། ཆོས་གོས་གསུམ་གྱི་ལྷག་མ་ནི། ། སླར་ཡང་གུས་པ་ཡིས་ནི་གཟུང་། ། སྤྱི་བོར་ ངུར་སྨྲིག་མཚན་མ་དང་། ། སངས་རྒྱས་བྱང་ཆུབ་ཡན་ལག་དང་། ། རྙིང་པའི་ཚེམ་བེར་ཆོས་གོས་གསུམ། ། སྟེང་དུ་རྡོ་རྗེ་དབྱུག་པ་དང་། ། ལྷུང་བཟེད་མཆན་ཁུང་ཆུ་ཚགས་བཅས། ། དེ་ལྟར་འཛིན་པའི་ལུས་ལ་ནི། ། གླེགས་བམ་ལ་སོགས་གཞན་ ཡང་མེད། ། གྲོག་མོ་ལ་སོགས་བསལ་བའི་ཕྱིར། ། རྔ་མའི་ཆུན་པོ་བསྔགས་པ་ཡིན། ། སངས་རྒྱས་བྱང་ཆུབ་ཡན་ལག་དང་། ། ཆོས་དོན་རྩ་པ་སྙིང་རྗེ་ཉིད། ། དེ་ནས་བསླབ་པར་བྱ་བ་ནི། ། བླ་མའི་ཚིག་གི་སྡོམ་པའོ། ། སངས་རྒྱས་ཡེ་ཤེས་རྫུ་ འཕྲུལ་ཆེ། ། མཆོག་ལ་སྐྱབས་དང་སྐྱབས་སུ་མཆི། ། རྡོ་རྗེ་དབང་ཕྱུག་མཆོག་གི་ལུས། ། རྡོ་རྗེ་སེམས་དཔའ་བདག་ཕྱག་འཚལ། ། ལྷ་མོ་ཤེས་རབ་སྦྱོར་རང་བཞིན། ། མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ། ། ཨོྃ་ཨ་མུ་ཀ་ས་མ་ཡོ་ཧྃ་ས་མ་ཡ། ཨ་མུ་ ཀ་ས་མ་ཡོ། ཨོྃ་ཨ་མུ་ཀ་ས་མ་ཡོ། ཧྃ་ས་མ་ཡ། ཨོྃ་བཛྲ་བཛྲ། མ་ཧཱ་བཛྲ་བཛྲ། ཀཱ་ཡ་སུ་པར། ཧི་ཧི་ཧི།
BO
ཧོ་ཧོ་ཧོ། ཧཱུྃ་ན་ནི་བ་ཏ་དྃ། འདི་ཡིས་སློབ་མ་རབ་ཏུ་གཟུང་། ། བརྟུལ་ཞུགས་རྡོ་རྗེ་རྡོ་རྗེ་ཅན། ། གཉིས་པའི་ལས་ཀྱིས་བསྒྲུབ་ པར་བྱ། ། སྦྱོར་དང་གསང་བའི་སྔགས་རིག་པས། ། ཐམས་ཅད་དུས་དང་དུས་ཉིད་དུ། ། ཚིགས་བཅད་གཉིས་ནི་བརྗོད་པར་བྱ། ། གང་ཞིག་ཕ་དང་གང་ཞིག་མ། ། གང་ཞིག་མཛའ་བའང་མི་རྟག་པའོ། ། སངས་རྒྱས་ལུས་ནི་སྒྱ་མ་ཉིད། ། རྟག་ཏུ་ ཆོས་ཀྱིས་ཡོངས་སུ་སྐྱོབ། ། ཀྱེ་མ་སྟོང་བ་ཉིད་ཀྱི་མཐུས། ། དངོས་ཀུན་རྣམ་པར་མནན་པའོ། ། སངས་རྒྱས་འབྲས་བུ་རབ་སྟེར་བའི། ། མཁས་པ་ཡིས་ནི་གཟུང་བར་བྱ། ། རྨོངས་པ་བཅད་པའི་དོན་དུ་ནི། ། དུས་གསུམ་དུ་ནི་ཚིགས་བཅད་བརྗོད། ། འཆག་ དང་ཉལ་དང་འགྲོ་བ་དང་། ། འདུག་དང་འགྲོ་བ་ཐམས་ཅད་དུ། ། སྔགས་ཀྱི་སྦྱོར་བ་བརྟན་བྱས་ནས། ། སེམས་དང་སེམས་ཀྱིས་ཉལ་བར་བྱ། ། སྐྱེ་དང་སྐྱེ་བར་བརྒྱུད་པ་ཡི། ། འབྱུང་བ་ལྔ་ཡི་ལུས་ཀྱི་སྡིག ། ཉིན་མཚན་གཉིས་ཀྱི་སྤྱོད་པ་ཡིས། ། ལུས་ཀྱི་དྲི་མ་དག་པ་ཉིད། ། ཟླ་བ་དྲུག་ཏུ་སྤྱད་བྱས་པས། ། རང་འདོད་ལྷ་ནི་འགྲུབ་པའོ། ། བརྟུལ་ཞུགས་སྤྱད་པའི་རྣལ་འབྱོར་པས། ། མི་ཤེས་པས་ཀྱང་ཡེ་ཤེས་འཐོབ། ། དེ་ལྟར་ཡོན་ཏན་རང་བཞིན་ཞིང་། །
BO
བརྟུལ་ཞུགས་སྤྱོད་པ་ཡི་ནི་རྒྱུ། ། བརྟུལ་ ཞུགས་སྦྱོར་བ་སྦྱོར་བ་ཡིས། ། ཐམས་ཅད་རྨོངས་པ་རྣམ་པར་སྤངས། ། ཐབས་ཀྱི་མཚན་ཉིད་མཚོན་པ་ཡིས། ། མཉམ་ཉིད་ལྟ་བ་རྫོགས་བྱས་ནས། ། རྣམ་དག་ལྟ་བ་འབའ་ཞིག་གོ། ། ཀུན་ནས་སྟོང་པ་མཉམ་པའི་རོས། ། དངོས་པོ་ཀུན་གྱི་མཚན་ ཉིད་མེད། ། ཀུན་ནས་སྟོང་པ་ཉིད་ཀྱི་མཐར། ། རྣམ་པར་རྟོག་པ་ཇི་ལྟ་བུར། ། རྨོངས་པས་བརྟགས་ཤིང་རྣམ་བརྟགས་པའི། ། དག་པའི་སེམས་དང་སེམས་པར་བཅས། ། རྨོངས་པ་ཉོན་མོངས་རྒྱ་མཚོའི་ལུས། ། འདོད་པ་ཁྲོ་བོའི་གཞི་དེ་ནི། ། རྣོ་ བའི་སེམས་ཀྱིས་རྨོངས་པ་ནི། ། ཡེ་ཤེས་ལྡན་པའི་ལུས་ཀྱི་དབྱེ། ། སྣུམ་པའི་བཟའ་དང་འཇམ་པའི་གོས། ། སྣ་ཚོགས་དབང་བོས་རེག་པ་ཡིས། ། གཏི་མུག་ཆགས་པས་གོ་བཟློག་པས། ། སྲིད་པར་ལྟུང་བའི་ལས་སུ་འགྱུར། ། ལས་ནི་བྱ་བའི་དབང་ པོར་འགྱུར། ། རྨོངས་པ་ཡེ་ཤེས་མི་རྟག་པའོ། ། འདོད་དང་ཁྲོ་དང་ང་རྒྱལ་འཇོམས། ། སྲིད་པར་འཆིང་བའི་བཟའ་བའོ། ། འབྱུང་པོ་འབྱུང་ལ་བརྩེ་བ་དང་། ། ཀུན་ནས་སྡིག་པ་མི་བརྟག་གོ། ། མགོན་མེད་སྡུག་བསྔལ་ཕོངས་པ་ལ། ། ནོར་བས་ མནར་མེད་གྱུར་པ་བཞིན། ། འཇིག་རྟེན་འདིར་ནི་རྨ་འབེབས་དང་། །
BO
མཚང་འདྲུ་བ་ནི་མཆོག་ཏུ་གཙོ། ། ཐེག་པ་ཆེ་ལ་ལེགས་བསླབས་པས། ། ངན་འགྲོའི་དངོས་པོར་ཡང་མ་ཡིན། ། ཀུན་ནས་བཟའ་དང་ལེགས་བཟའ་བས། ། ཡང་ དག་དགའ་བས་ལུས་བསྲུང་ངོ་། ། རྙིང་པའི་བཟའ་སྟོན་ངན་པ་ཡིས། ། ངེས་པར་བདག་ཉིད་དགའ་བར་བྱ། ། སྔོན་གྱི་བསླབ་སོགས་བསླབ་པ་དང་། ། སྔོན་དུ་ཐམས་ཅད་བསྡམ་པ་ཉིད། ། བརྟུལ་ཞུགས་སྤྱོད་པ་མཉམ་གཞག་པས། ། མནར་ མེད་དམིགས་པ་མེད་པའོ། ། སྔོན་གྱི་མཚན་ཉིད་མཚོན་པ་ཡིས། ། སྔོན་དུ་བསླབ་སོགས་བསླབ་པར་བྱ། ། བརྟུལ་ཞུགས་སྤྱོད་པ་མཉམ་གཞག་པས། ། བསླབ་པ་གུས་པས་བསླབ་པར་བྱ། ། བུད་མེད་འཇིགས་གཟུགས་དྲག་མོ་ཉིད། ། སྐྲ་ནི་ འཇིངས་ཤིང་འཁྱིལ་པ་དང་། ། ངུར་སྨྲིག་དམར་པོ་འཇམ་པ་ཉིད། ། ཕྲ་མོའི་རྡུལ་གྱིས་འཇམ་པ་བགོ། ། མི་ཡི་རུས་པས་བྱས་པ་ཡང་། ། བུད་མེད་རྒྱན་དུ་རྣམ་པར་བརྒྱན། ། རྙིང་པའི་ཚོམ་བེར་དམར་པོ་ནི། ། མི་ཡི་པགས་པས་གཡོག་པར་བྱ། ། སྣོད་ཆེན་པོ་ནི་གཉིས་པ་རུ། ། བཟུང་ལ་དབང་པོ་ལྔ་ནི་གཟུང་། ། སྟེང་དུ་རྡོ་རྗེའི་དབྱུག་པ་ནི། ། མི་ཡི་ཡན་ལག་རུས་པས་བརྒྱན། ། བ་དན་དྲིལ་བུ་ཕྲེང་བ་ནི། ། དབྱུག་པ་ལག་པ་གཡོན་པས་གཟུང་། ། དེ་ལྟར་བསྡུས་པའི་ལུས་ཀྱིས་ནི། །
BO
འབད་ པས་བརྟུལ་ཞུགས་སྤྱོད་པར་བྱ། ། འདི་ལྟར་རྫས་སོགས་དངོས་པོ་ནི། ། མེ་བཞིན་འབར་བས་རེག་མི་བྱ། ། བཟའ་དང་བཏུང་བ་ལ་སོགས་གཞན། ། དང་པོ་བསྡུ་བར་ཡང་མི་བྱ། ། སྙིང་རྗེར་ཕན་པའི་སེམས་ཀྱིས་ནི། ། ཀུན་ནས་དགའ་ཞིང་བཟའ་བར་ བྱ། ། ཐམས་ཅད་གནོད་པ་དོན་མེད་པས། ། དངོས་པོ་ཀུན་ནས་ཡོངས་སུ་སྦང་། ། ལུས་ནི་བསྲུངས་པ་ཙམ་གྱིས་ནི། ། སློང་མོའི་བཟའ་བ་བསླང་བར་བྱ། ། སྟོང་པའི་ཁྱིམ་དང་དུར་ཁྲོད་དང་། ། བས་མཐའ་དང་ནི་དགོན་པར་གནས། ། མཚན་མོ་ ཀུན་ནས་བགྲོད་པར་ནི། ། བཟླས་དང་བསམ་གཏན་མཆོག་ཏུ་བརྩོན། ། འཆག་དང་ཉལ་དང་འདུག་པའམ། ། ཤེལ་གྱི་རྣམ་པའི་སེམས་དང་ནི། ། རང་བཞིན་ཡོངས་སུ་དག་པ་ཉིད། ། བཟླས་དང་བསམ་གཏན་འབའ་ཞིག་གོ། ། དེ་ཡིས་ཐམས་ཅད་ འགྲུབ་འགྱུར་བར། ། སངས་རྒྱས་ཀུན་གྱིས་གསུངས་པ་ཉིད། ། སྡིག་སྤངས་རྣམ་པར་སྤྱོད་པ་ཡིས། ། འཁོར་བ་རུ་ནི་མི་གནས་པའོ། ། ཐམས་ཅད་དངོས་པོ་དངོས་མེད་པར། ། རྟག་ཏུ་སེམས་ཀྱིས་བལྟ་བ་ཉིད། ། བདག་ཉིད་སངས་རྒྱས་རྒྱུ་རུ་ནི། ། དེ་ནས་ཚིགས་བཅད་གཉིས་ནི་བརྗོད། ། སྦྱིན་པ་ཆོས་ཀྱིས་བསྲུང་བ་ནི། ། ཚིགས་བཅད་གཅིག་གིས་གནང་བར་བྱ། །
BO
ཨེ་མའོ་རྨོངས་པ་ཡི་ནི་མཐུས། ། ལུས་ཅན་ཀུན་ནས་དབང་དུ་བྱས། ། འདོད་སོགས་ཆོས་སོགས་མི་བཟད་པས། ། མཁས་པ་ ཡིས་ནི་ཡོངས་སུ་སྤངས། ། དངོས་མེད་དངོས་པོ་ཡང་མ་ཡིན། ། གཟུང་དང་འཛིན་པ་མི་རྟོགས་པས། ། སྲིད་པའི་དགོན་པ་ལས་རྒལ་ཞིང་། ། དམིགས་པ་མེད་པའི་བདེ་བ་འཐོབ། ། གཞན་གྱིས་བརྟགས་པའི་ལོངས་སྤྱོད་སོགས། ། ཉལ་དང་འཆག་ པར་དུས་གསུམ་དུ། ། རྣལ་འབྱོར་ཚིགས་བཅད་གཅིག་གིས་ནི། ། རྣལ་འབྱོར་རྨོངས་པ་གཅོད་བྱེད་པའོ། ། སེམས་ཆེན་པོ་ཡི་སེམས་ཀྱི་ནི། ། རྙིང་པའི་རས་ནི་བསགས་པ་ཡིས། ། དེ་ཡི་གོས་སུ་རབ་ཏུ་བགོས། ། ཀེང་རུས་ཀྱི་ནི་ཡན་ལག་ཀུན། ། ཤིན་ཏུ་མཇོས་པའི་དབྱུག་པ་བཟུང་། ། པ་ཊ་ཧ་ཡི་ཆོས་ཀྱིས་བརྡུང་། ། རྡོ་རྗེའི་གླུ་ནི་བླང་བ་ཉིད། ། སེམས་ཅན་སྒྲོལ་བའི་རྒྱུ་རུ་ནི། ། གྲོང་ནས་གྲོང་དུ་ཀུན་ཏུ་རྒྱུ། ། དམིགས་པ་མེད་པའི་རང་བཞིན་གྱིས། ། བརྟུལ་ཞུགས་སྤྱོད་པས་མཉམ་པར་ གཞག ། དག་པའི་སེམས་ནི་མི་དམིགས་པས། ། དགའ་བ་ཡིས་ནི་བསྲུང་བར་བྱ། ། སྤྱོད་པ་ཡིས་ནི་རྒྱུར་གྱུར་པས། ། རྣལ་འབྱོར་སྤྱོད་པ་དོན་གྱི་རྒྱུ། ། སྡིག་པ་ཐམས་ཅད་རྣམ་བསལ་ཞིང་། ། ཉེས་པ་ཀུན་ནས་རྣམ་སྤངས་ལ། །
BO
བརྟུལ་ཞུགས་ ཟླ་དྲུག་སྤྱད་པ་ཡི། ། རང་འདོད་ཡེ་ཤེས་འགྲུབ་པར་འགྱུར། ། བརྟུལ་ཞུགས་ཀྱི་སྤྱོད་པ་རྣམ་པར་བསྟན་པའི་ལེའུ་ཞེས་བྱ་བ་རྫོགས་སོ། ། ། ། དེ་ནས་ཐམས་ཅད་སྙིང་པོ་ནི། ། དེ་ཉིད་ཀུན་གྱི་དོན་བསྡུས་པ། ། འཁོར་བའི་ བརྟན་དང་གཡོ་བཅས་པའི། ། ཀུན་གྱི་སྙིང་པོར་རབ་སྦྱོར་བའོ། ། དང་པོར་རེ་ཞིག་རྣལ་འབྱོར་པས། ། ཡིད་དུ་འོང་བའི་ས་ཕྱོགས་སུ། ། བདེ་བའི་སྟན་ལ་འདུག་ནས་ནི། ། སྔོན་དུ་བསྙེན་པ་ལ་སོགས་བྱ། ། རྡོ་རྗེའམ་ཤེས་རབ་རྣལ་འབྱོར་གྱིས། ། འབུམ་ཕྲག་གསུམ་དུ་བཟླས་བྱས་ནས། ། ཕྱིས་ནི་རང་འདོད་པ་ཡི་ལས། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། ། སྤྲ་ཚིལ་ལས་ནི་གཟུགས་བརྙན་བྱ། ། ཚ་བའི་མར་ཁུས་བྱུགས་བྱས་ལ། ། སྙིང་གར་མིང་ནི་བཞག་པ་དང་། ། ཚིགས་དང་ཚིགས་སུ་ཚེར་ མས་དགང་། ། སྐྱུར་བོ་ཚྭ་དང་མ་རུ་ཙེར། ། གཟུགས་བརྙན་དང་ནི་ཡང་དག་ལྡན། ། སྣོད་དུ་བསྲེས་ལ་ཡང་དག་གཞག ། ཡེ་ཤེས་ལུས་ལ་ལུས་ཀྱི་ནི། ། རྐང་པ་གཡས་པས་མནན་པར་བྱ། ། རྣོ་བའི་སེམས་ཀྱིས་བཟླས་བྱས་པས། ། མཚན་མོ་ གཅིག་གི་མཐའ་རུ་ནི། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། ། སྨིན་པའི་མེ་ལ་གཞག་བྱས་ན། །
BO
རྒྱལ་པོ་མྱུར་དུ་གདུང་བར་འགྱུར། ། དཀོན་མཆོག་གསུམ་ལ་གནོད་པ་ལ། ། ལས་འདི་ཡིས་ནི་སྦྱར་བར་བྱ། ། ཧྲཱིཿཨ་མོ་གྷ་སི་སི་ད་ཧ་ད་ཧ་གྲྀ་ཧྞ་ཧཱུྃ་ཧྲཱིཿ ཕཊ། སྔ་དྲོ་ཉི་མ་ཤར་དུས་ལ། ། མེ་ཏོག་དཀར་པོའི་མཎྜལ་དང་། ། སྤོས་དང་མར་མེའི་ཆོ་ག་ཡིས། ། ཞི་བའི་ལས་ནི་རྣམ་པར་བྱ། ། ཆུ་དང་འོ་མ་བསྲེས་པའི་སྣང་། ། དེར་ནི་གཏོར་མ་སྦྱར་ནས་ནི། ། སྔགས་ནི་བརྒྱ་རྩ་བརྒྱད་དུ་བཟླས། ། རྒྱལ་པོ་ ནད་དང་བྲལ་བར་འགྱུར། ། ཨོཾ་ཨ་མྲྀ་ཏ་བྷ་རེ་དེ་ཧཱུྃ་ཧཱུྃ་ཧཱུྃ། ཨ་ཨ་ཨ། ཐམས་ཅད་ལས་ནི་བསྡུས་བྱས་ལ། ། ཆུ་བོ་ཆེན་པོའི་རྒྱུན་ལ་བསྐུར། ། རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ལེའུ་རྫོགས་སོ། ། ། ། དེ་ནས་རབ་སྦྱོར་སྙིང་པོ་ འདི། ། སྔགས་བས་རབ་ཏུ་རྣམ་པར་སྤྱད། ། ཡུངས་ཀར་ལས་ནི་གཟུགས་བརྙན་བྱ། ། སྙིང་གར་མིང་ནི་རྣམ་པར་སྦྱར། ། རྡོ་དང་ཚེར་མ་ལྟེ་བར་རོ། ། རྐང་པས་མནན་ཅིང་བཟླས་པར་བྱ། ། སུ་ཏཱི་ཀྵ་ཎཱ་ཤཱུ་ལ་ཧཱུྃ་ཛ་ཕཊ་ཧྲཱིཿ། མེ་ལ་བསྲོ་ཞིང་གདུང་བ་དང་། ། ལྷག་པར་བཟླས་ཤིང་གཞག་པར་བྱ། ། འདི་ལྟར་མཚོན་པའི་མཚན་ཉིད་ཀྱིས། ། མོད་ལ་གཟེར་བས་ཡང་འཛིན་ཏོ། ། ཞི་བའི་མཆོད་པའི་ཆོ་ག་ལས། །
BO
འོ་མ་དང་ནི་སྦྲང་རྩིས་བཀྲུ། ། ཆུ་བོའི་རྒྱུན་ལ་བསྐུར་བྱས་ན། ། གཟེར་ཞིང་གཟེར་བའི་ནད་དང་ བྲལ། ། ཨོཾ་སརྦ་ཀ་རི་ཧཱུྃ་ཛ་སྭཱ་ཧཱ། གཟེར་བ་རབ་ཏུ་ཞི་བར་བྱེད་པའི་སྔགས་གོ། ། དེ་ནས་ཐམས་ཅད་སྙིང་པོ་ཡིས། ། གཞན་གྱི་ལས་ཀྱི་མཚན་ཉིད་ནི། ། སྔོན་དུ་བསྙེན་སོགས་བསྟེན་བྱས་པས། ། ལས་ཀུན་འགྲུབ་པར་འགྱུར་བའོ། ། ནག་པོའི་མཐའ་ དང་ཐ་མ་ལ། ། བ་སྐམ་གྱི་ནི་ལྕི་བ་ལས། ། བསྒྲུབ་བྱ་ཡི་ནི་མིང་དང་གཟུགས། ། དམར་པོའི་ཙནྡན་གྱིས་ནི་བསྐུ། ། བསྒྲུབ་བྱའི་མིང་ནི་ཀུན་ནས་གཞག ། སེང་ལྡེང་ཕུར་བས་མིག་འབྲས་ལ། ། གཡོན་པའི་རྐང་བས་མནན་ནས་ནི། ། བརྒྱ་རྩ་བརྒྱད་དུ་ བཟླས་བྱས་ཤིང་། ། མེ་ལ་བདུག་ཅིང་བདུགས་པ་ཡིས། ། མིག་ནི་གཟེར་བས་འཛིན་པར་འགྱུར། ། ཨོཾ་ཙཀྵུ་མ་ལི་ནི་ཧཱུྃ་ཕཊ། འདི་ཡི་སྔགས་དང་སྔགས་ཀྱིས་ནི། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། ། ཞི་བའི་མཆོད་པས་མཆོད་བྱས་ནས། ། ཨོཾ་བཛྲ་ ཏཱིཀྵ་ཎཱ་ཡ་ཧཱུྃ་སྭཱ་ཧཱ། ལན་བདུན་མངོན་པར་བསྔགས་བྱས་ནས། ། དེ་ཡི་འོ་རྒྱུན་ལ་བཀྲུས་ནས། ། བསྒྲུབ་བྱའི་ནད་དང་གནོད་པ་སེལ། ། མིག་འབྲས་རྣོ་ཞིང་གསལ་བར་འགྱུར། ། མིག་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ཆོ་གའོ། །
BO
ལྷད་ཚེར་ལས་ནི་ བསྒྲུབ་པར་བྱ། ། མཁས་པས་ཁྲག་གིས་བྲི་པའོ། ། དུག་དང་དུར་ཁྲོད་སོལ་བ་ཡིས། ། མིག་གི་འབྲས་བུ་བྱུགས་བྱས་ལ། ། རྐང་པ་གཡོན་པས་མནན་ནས་ནི། ། བརྒྱ་རྩ་བརྒྱད་དུ་བཟླས་པའོ། ། ཨོྃ་ཀྲྀཥྞཱ་པིངྒ་ལི་ཧཱུྃ་ཁྃ་ཕཊ། འདི་ཡི་སྔགས་དང་ སྔགས་ཀྱིས་ནི། ། བདག་ཉིད་ལྕི་བས་བྲན་པར་བྱ། ། དེ་ལྟར་མཚན་ཉིད་ཀུན་ལྡན་པས། ། བསྒྲུབ་བྱ་མྱུར་དུ་ལོང་བར་འགྱུར། ། སྦྲང་རྩི་མར་གྱིས་བསྐུ་བྱས་ནས། ། བསྒྲུབ་བྱའི་ནད་དང་གནོད་པ་སེལ། ། བརྒྱ་རྩ་བརྒྱད་དུ་མངོན་ པར་བཟླས། ། ཨོཾ་ཨ་མྲྀ་ཏ་ལོ་ཙ་ནེ་ཨ་སྭཱ་ཧཱ། ལོང་བ་རབ་ཏུ་ཞི་བར་བྱེད་པའི་སྔགས་སོ། ། གཞན་ཡང་བསྒྲུབ་བྱ་སྒྲུབ་པ་པོས། ། ལས་ནི་ཤིན་ཏུ་རྣམ་པར་སྤྱད། ། དཀོན་མཆོག་གསུམ་ལ་གནོད་བྱེད་པ། ། སྡིག་གིས་གོས་པར་མི་འགྱུར་ རོ། ། བག་ཟན་ལས་ནི་པདྨའི་དབྱིབས། ། བསྒྲུབ་བྱའི་མིང་ནི་དབུས་ཉིད་དོ། ། ཁྱི་ཡི་སྤུ་ཡིས་བུག་པ་དགང་། ། ཚ་བའི་མར་ཁུས་བསྐུས་བྱས་ལ། ། གཡོན་པའི་རྐང་པས་མནན་ནི། ། བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། ། ཨོཾ་བཛྲ་བ་ཀེ་ཧཱུྃ་ཕུ་ཕཊ། མེ་ལ་བསྲོ་ཞིང་ བསྲོས་པ་ཡིས། ། བྷ་ག་མྱུར་དུ་བཟློག་པར་བྱ། ། ཤིན་ཏུ་གདུག་པའི་ཆུང་མ་ནི།
BO
། འདི་ཡི་ལས་ཀྱིས་རབ་ཏུ་སྦྱར། ། ལན་བདུན་དུ་ནི་མངོན་བསྔགས་ནས། ། སྦྲང་རྩི་འོ་མའི་རྒྱུན་གྱིས་བཀྲུ། ། ཨོཾ་སུ་ཀོ་བྷ་བི་ཧཱུྃ་ཧེ་སྭཱ་ཧཱ། ཞི་བར་བྱེད་པའི་སྔགས་སོ། ། འཇིམ་པའི་སྣོད་ནི་བླངས་བྱས་ལ། ། པདྨའི་དབྱིབས་ཀྱི་རྣམ་པར་བྱ། ། རྣོ་བའི་ཏིལ་མར་ཡུངས་ཀར་གྱིས། ། བུག་པ་དགང་ཞིང་སྦྱར་བར་བྱ། ། རྐང་པ་གཡོན་པས་མནན་ནས་ནི། ། སེང་ལྡེང་ཕུར་པས་བརྡུང་བྱ་ཞིང་། ། སྔགས་ནི་བརྒྱད་བརྒྱ་རབ་བཟླས་ན། ། བྷ་ག་གཟིར་ཞིང་གཟིར་བར་འགྱུར། ། ཧྲི་པི་ལ་ཏ་ཧཱུྃ་ཕཊ། འདི་ཡི་སྔགས་དང་སྔགས་ཀྱིས་ནི། ། བྷ་ག་གཟིར་བའི་ལས་ཉིད་དོ། ། ཆུ་དང་འོ་མར་བཀྲུ་བྱ་ཞིང་། ། སྔགས་ཀྱང་མངོན་དུ་སྦྱར་བར་བྱ། ། ཨོཾ་སརྦ་ཤོ་དྷ་ནི་སྭཱ་ཧཱ། འདི་ཡི་སྔགས་དང་སྔགས་ ཀྱིས་ནི། ། བྷ་ག་གཟིར་སོགས་ལས་གྲོལ་ལོ། ། གཞན་ཡང་ལས་ཀྱིས་མཚན་ཉིད་ནི། ། ཤིན་ཏུ་རྣལ་འབྱོར་པས་སྤྱད་དོ། ། རྒྱལ་པོ་ལམ་གྱི་ས་རྡུལ་བླང་། ། ཡང་ན་བཞི་མདོའི་ས་རྡུལ་ལས། ། པདྨའི་མཚན་ཉིད་མཚན་ཉིད་ནི། ། བྷ་གའི་སྙིང་པོ་ཁྲག་ དང་ནི། ། {ཡི་དགས་,ཡི་དྭགས་}ཕྱག་རྒྱ་ཕྱག་རྒྱ་ཡིས། ། བརྒྱ་རྩ་བརྒྱད་དུ་མངོན་པར་བཟླས། ། ཧྲི་པྲི་ཕཊ།
BO
འདི་ཡི་སྔགས་དང་སྔགས་ཀྱིས་ནི། ། པདྨ་སྡོམ་པའི་ལས་སུ་འགྱུར། ། ཨོཾ་ཨ་མྲི་ཏ་ཝ་ཏི་སྭཱ་ཧཱ། དཀོན་མཆོག་གསུམ་ལ་གནོད་པ་དང་། ། བླ་མ་དང་ནི་སློབ་ དཔོན་སྨོད། ། དམ་ཚིག་སྤྱོད་ལ་འཕྱ་བ་ནི། ། སྡིག་གིས་གོས་པར་མི་འགྱུར་རོ། ། གལ་ཏེ་རྨོངས་ཤིང་ཁྲོ་བ་ནི། ། ལས་ཀྱི་རྟག་ཏུ་བྱས་ནས་ནི། ། འདིས་ནི་ངེས་པར་ལྟུང་བ་རུ། ། སངས་རྒྱས་ཀྱིས་གསུངས་ཐེ་ཚོམ་མེད། ། ལས་ཀྱི་རབ་ཏུ་དབྱེ་བ་ ཞེས་བྱ་བའི་ལེའུ་རྫོགས་སོ། ། ། ། གསང་ཞིང་གསང་བའི་དེ་ཉིད་དོན། ། སྙིང་པོའི་མཆོག་ནི་མདོར་བསྡུས་པ། ། རོལ་མོ་བསྟན་བཅོས་སོགས་གླུ་ཡི། ། དེ་ཉིད་ཐར་པ་གོ་འཕང་གནས། ། གཉིས་མེད་དངོས་པོ་ངོ་བོ་ལས། ། གཟུང་དང་འཛིན་པ་ཇི་ལྟར་ འགྱུར། ། གཉིས་ཀྱི་དངོས་པོ་བདག་མིན་པས། ། གཉིས་དངོས་དངོས་པོ་མེད་པའོ། ། དངོས་པོ་དངོས་མིན་དངོས་མེད་ལ། ། མཉམ་ཉིད་ལྟ་བའི་སེམས་ཀྱིས་སུ། ། རྣམ་པར་བརྟན་དང་བརྟེན་བྱ་མེད། ། རྟོག་ཅིང་རྣམ་རྟོག་འཁྲུལ་པ་དང་། ། གཟུགས་ དང་གཟུགས་ཅན་ཟད་པར་བྱེད། ། རང་བཞིན་མེད་པའི་རང་བཞིན་ཉིད། ། སེམས་ཀྱི་བརྟན་པའི་གནས་སུ་ནི། ། བསམ་གཏན་བསམ་བྱ་བསམ་པར་བྱ། ། དམིགས་པ་མེད་པའི་རང་བཞིན་ཉིད། །
BO
ཐམས་ཅད་དབྱིངས་སུ་འཇིག་པར་བྱེད། ། སྟོང་ཉིད་སྟོང་ལ་ སོགས་སྟོང་པའི། ། ནམ་མཁའི་ཁམས་ཀྱི་མཐའ་ཅན་ཉིད། ། དག་ཅིང་ཕྲ་ལ་ཕྲ་བའི་དོན། ། སེམས་དང་སེམས་པ་དང་བཅས་པ། ། ཀུན་ཏུ་དངོས་པོ་དངོས་མེད་པས། ། ཐམས་ཅད་ནམ་མཁའ་བསྔམས་པའོ། ། རྟག་ཅིང་རྟག་ལ་རྟག་པའི་ དོན། ། ནམ་མཁའི་ཁམས་ལྟར་བརྟན་སེམས་པས། ། མེ་སྟག་རྡུལ་ཕྲན་ཡན་ལག་འཕྲོ། ། ཆུ་སྐྱར་བཞིན་དུ་བརྟགས་པ་ཡི། ། རྣམ་ཤེས་ཡེ་ཤེས་ལྷག་མ་ནི། ། ནམ་མཁའ་འཕྲོ་ཞིང་སྣང་བའོ། ། ཉོན་མོངས་དེ་བཞིན་མུན་པ་ནི། ། ཡེ་ཤེས་རྡོ་རྗེས་ བཅོམ་ནས་སུ། ། རྣམ་པར་ཤེས་པ་ལྷན་ཅིག་འབར། ། ཡེ་ཤེས་སྣང་བ་སོགས་ཐོབ་འགྱུར། ། སེམས་དང་སེམས་བྱུང་སེམས་པ་ཡིས། ། རྣམ་པར་བལྟ་ཞིང་རབ་ཏུ་སྤྱད། ། འཇིགས་པ་མེད་ཅིང་འཚེ་མེད་པར། ། དངོས་པོས་དངོས་ པོ་བསྒོམ་པར་བྱ། ། ཐམས་ཅད་ཀུན་ཏུ་སྣང་བྱེད་ཅིང་། ། ཐམས་ཅད་འོད་ཟེར་ཀུན་བསྡུས་པ། ། སྙིང་པོའི་ས་བོན་ས་བོན་ནི། ། དཀར་དང་ཀུནྡ་ཟླ་བའི་མདོག ། ཨཱ་ལི་ཀཱ་ལི་རབ་སྦྱར་བས། ། ཕྱུང་བ་ཡི་ནི་ས་བོན་མཆོག ། སྦྱོར་བ་འགྲུབ་པའི་རྒྱུ་རུ་ནི། ། མཉམ་ཉིད་རྣལ་འབྱོར་པ་ཡིས་བསྒོམ། ། ས་བོན་ནམ་མཁར་སྤྲོས་པ་ཡིས། །
BO
འཇིག་རྟེན་གསུམ་པོ་སྣང་བར་བྱས། ། མ་ལུས་སྤྲིན་ལྟར་སྤྲོ་བ་ཉིད། ། སྐད་ཅིག་གིས་ནི་སྤྲོ་ཞིང་བསྡུ། ། ཕྱིས་ནི་རང་འདོད་དམིགས་མེད་ཅིང་། ། ཡི་གེ་མེད་པས་ཡང་བསམ་མོ། ། གཟུགས་ནི་སྟོང་པར་བརྟགས་པ་ཡི། ། མཉམ་ཉིད་སེམས་དང་སེམས་ཀྱིས་ནི། ། མ་ལུས་རྣམ་པར་བལྟས་པ་ཡིས། ། ཁམས་གསུམ་སྣང་བར་བྱེད་པའོ། ། དེ་ལྟར་སེམས་ཀྱིས་བསམས་པ་ཡིས། ། བྱང་ཆུབ་རིམ་པ་མཐོང་བར་འགྱུར། ། སྐད་ཅིག་གཟུགས་ དང་གཟུགས་ཉིད་དང་། ། སྐད་ཅིག་ཕུང་པོའི་རྣམ་པ་དང་། ། སྐད་ཅིག་ཐམས་ཅད་དབྱིབས་རྣམས་ནི། ། དེ་ཕྱིར་མི་རྟག་པ་ཡི་གནས། ། ལེགས་བྱས་ཉེས་བྱས་མིང་ཅན་ནི། ། ཉེས་པས་སྨད་པར་མི་བྱའོ། ། གཟུགས་དང་སྟོང་པ་ལ་སོགས་དབུས། ། སེམས་ དང་སེམས་བྱུང་རྣམ་པར་མཚོན། ། དངོས་པོའི་ལྷག་མ་དངོས་མེད་པས། ། དེ་ཡི་ལྷག་མ་གཟུགས་མེད་པའོ། ། ཡེ་ཤེས་རི་མོ་འབར་བ་ཡི། ། འོད་ཟེར་མཉམ་པར་གནས་པ་ཉིད། ། དེ་ཡི་མཚན་ཉིད་མཚོན་པ་ཉིད། ། རྣལ་འབྱོར་པ་ཡིས་རབ་ཏུ་སྤྱད། ། རྟག་ ཏུ་ཞི་ཞིང་མཆོག་གི་ལས། ། ཡང་དག་བྱང་ཆུབ་རྟག་པའོ། ། ཡིད་དུ་འོང་བའི་ས་ཕྱོགས་སུ། ། བདེ་བའི་སྟན་ལ་འདུག་ནས་ནི། ། སྔོན་དུ་བསྙེན་པ་རབ་བརྩམས་ནས། །
BO
ལས་དང་དོན་ཀུན་རབ་གྲུབ་པའོ། ། རི་རབ་རྩེ་མོར་ཀུན་བསམས་པ། ། རང་འདོད་རྒྱལ་ ཆེན་གཞལ་ཡས་ཁང་། ། སྣ་ཚོགས་རིན་ཆེན་རང་བཞིན་མཆོག ། དྲིལ་བུ་དྲ་བས་མངོན་པར་བརྒྱན། ། གདུགས་དཀར་པོ་དང་བ་དན་དང་། ། སྣ་ཚོགས་མཆོད་པས་མངོན་པར་བརྒྱན། ། རྡོ་རྗེ་སེམས་དཔའི་བདག་ཉིད་ནི། ། དཀར་དང་ཀུནྡ་ཟླ་བའི་འོད། ། དེ་ ནི་རྒྱན་ཀུན་གྱིས་བརྒྱན་ཅིང་། ། སངས་རྒྱས་ལྔ་ཡིས་མངོན་པར་ཆས། ། རབ་ཏུ་མཛེས་པའི་གོས་མནབས་ཤིང་། ། ཕྱག་གཉིས་ན་ནི་རྡོ་རྗེ་དྲིལ། ། འོད་ཟེར་འཕྲོ་བ་རྣམ་མང་པོ། ། ཀུན་ནས་རྡོ་རྗེའི་འོད་ཟེར་འཕྲོ། ། ཁམས་གསུམ་པོ་ཡི་རྣམ་པ་ནི། ། སེམས་ དང་སེམས་ཀྱིས་བསྒོམ་པའོ། ། སྙིང་གར་དཀྱིལ་འཁོར་དབུས་གནས་པར། ། དམར་པོའི་ཧཱུྃ་ནི་རབ་འབར་བ། ། སྤྱི་བོར་ཐིག་ལེ་མེ་རིའོ། ། བ་སྤུའི་བུ་ག་ནས་འཕྲོ་བའོ། ། ཤར་དུ་རྡོ་རྗེ་གཞག་པ་དང་། ། ལྷོ་རུ་མདའ་ནི་རྣམ་པར་དགོད། ། ནུབ་ཏུ་རལ་གྲི་ མཚོན་པ་དང་། ། བྱང་དུ་གཞུ་ནི་ཡང་དག་ལྡན། ། རྡོ་རྗེའི་ཞགས་པ་ལས་སོགས་བཞི། ། མཚམས་དང་མཚམས་སུ་གཞག་པར་བྱ། ། འདི་ལྟར་མཚན་ཉིད་མངོན་ལྡན་པས། ། ཤིན་ཏུ་མཉམ་པར་གཞག་པས་བསྒོམ། ། ཨཱ་ལིའི་ས་བོན་གཙོ་མོ་ནི། །
BO
དེ་ཉིད་ ལྡན་པས་ཡང་སྔགས་བཟླས། ། ཕྱག་འཚལ་བསྲེག་པས་མཐར་བཞག་པ། ། འབུམ་ཕྲག་གསུམ་དུ་རབ་བསྙེན་པས། ། རྡོ་རྗེའི་ལུས་དང་ལུས་ཉིད་དུ། ། རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། ། སྦས་པའི་སྙིང་པོ་སྙིང་པོ་དང་། ། རྡོ་རྗེ་ཆོས་དང་ཆོས་མཆོག་གོ ། རྡོ་རྗེ་སེམས་ནི་རྗེས་མཆོད་པའི། ། ཧཱུྃ་གི་གླུ་ཡི་རྣམ་པས་བྱ། ། བཀྲ་ཤིས་སྒྲ་ནི་སྙན་པ་ཡིས། ། མཉམ་པར་གཞག་པས་བླང་པར་བྱ། ། ཏྲི་བྷུ་བ་ན་ཛཱ་ལི་ཏ་མཱུ་རྟི་ཨ་ནུ་ར་ཡ་ན་ཝ་ཏི། རསྨི་ས་ཧ་སྲ་ཏཱིཀྵ་ཎཱ་དྷ་ས་སུ་པ་ར་སྲ་ཝ་ཏི། བ་ཧཱུ་བི་ད་རུ་བ་པེ་ཤ་ཨ་ནུ་ར་ཡ་ན་ཏ་ཏ་ ཏ་ཝ་ཏི། ན་ཏ་ཨི་བཛྲ་ས་བར་བེ་ས་ར་ལིཾ་ལ་ཝ་ཏི་སྭཱ་ཧཱ། གདན་བཞིའི་རྒྱུད་ནི་རྒྱ་ཆེན་ལས། ། སྟོང་ཕྲག་བཅུ་གཉིས་མདོར་བསྡུས་པ། ། དེ་ཡི་དངོས་པོ་མདོར་བསྡུས་ལས། ། སྙིང་པོ་མདོར་ནི་བསྡུས་པའོ། ། སྡེབ་སྦྱོར་སྒྲ་དང་རྟོག་སོགས་མེད། ། དོན་དང་ དོན་ནི་ཡང་དག་བསྡུས། ། རྣལ་འབྱོར་སྦྱོར་བའི་དོན་ནི་སྦས་བ་ཉིད། ། བརྡ་ཡི་སྐད་ཀྱིས་བཤད་པའོ། ། གདན་བཞི་པ་ལས་ཡང་དག་པར་བཏུས་བསྔགས་ཀྱི་ཆའི་རྒྱུད་བཤད་པ་སྦྱོར་བའི་དཀྱིལ་འཁོར་ཞེས་བྱ་བ་རྫོགས་སོ། ། ། །
BO
བཤད་པའི་རྒྱུ་མནྡཱ་ཨང་པ་ཞེས་བྱ་བ་ལེའུ་བདུན་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷར་དང་། ཞུ་ཆེན་གྱི་ལོ་ཙྪ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source