The Sutra of Gunaratnasankusumitas Questions

འཕགས་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

The Sutra of Gunaratnasankusumitas Questions

འཕགས་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

BO
འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་ཅུ་རྩ་བཞི་པ་སྟེ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ལུང་བསྟན་པ། བམ་པོ་ ཕྱེད། རྒྱ་གར་སྐད་དུ། ཨཱརྱ་གུ་ཎ་རཏྣ་སང་ཀུ་སུ་མི་ཏ་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་རབ་ཏུ་མང་པོ་རྣམས་ དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲོང་ཁྱེར་ཡངས་པའི་ལིད་ཙ་བྱི་གཞོན་ནུ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏེ་འདུག་གོ ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་སྟན་ལས་ལངས་ཏེ།
BO
བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན་བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་ སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་ཞུས་ཤིག་དང་། ཞུ་བ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །
BO
བཅོམ་ལྡན་འདས་ད་ལྟར་ན་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་རྣམས་ཀྱི་མཚན་བཟུང་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་དག་བཞུགས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ ཏོ། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལེགས་སོ་ལེགས་སོ། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཁྱོད་ད་ལྟར་དང་། མ་འོངས་པའི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། བྱང་ཆུབ་སེམས་ དཔའ་རྣམས་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་བར་སེམས་པ་ནི་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཁྱོད་ཡང་ལེགས་སོ། ། དེའི་ཕྱིར་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཁྱོད་ ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །
BO
བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཤར་ཕྱོགས་ན་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ ཏན་རིན་ཆེན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ཡོད་དོ། ། བསྐལ་པ་དེ་ནི་རྒྱས་པ་ཐམས་ཅད་ཀུན་ནས་བསྡུས་པ་ཞེས་བྱའོ། ། དེ་ན་སེམས་ཅན་རྣམས་ཀྱི་ཚེ་ནི་དཔག་ཏུ་མེད་དོ། ། བཅོམ་ ལྡན་འདས་དེའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་དཔག་ཏུ་མེད་དོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་དེའི་མཚན་འཛིན་པའི་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་ནི་བསྐལ་པ་སྟོང་ཕྲག་དྲུག་ཅུའི་འཁོར་བ་སྙིལ་བར་བྱེད་དོ། །
BO
ཚེ་རྗེས་ནས་ཀྱང་སྒྲིབ་པ་མེད་པར་སྟོན་པ་ཞེས་བྱ་བའི་གཟུངས་ཐོབ་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུ་རྣམས་ཀྱི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱིས་སྤོབས་པ་ཉེ་བར་སྒྲུབ་པར་མཛད་དོ། ། ཆོས་སྟོན་པ་ན་བག་ཚ་བ་ཡང་མེད་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། མི་གང་སངས་རྒྱས་མཚན་འདི་རྗོད་བྱེད་པ། ། དེ་ལ་ཡོན་ཏན་འདི་རྣམས་མྱུར་དུ་འབྱུང་། ། དེ་ལ་དེ་བས་ལྷག་ པ་གཞན་ཡང་འབྱུང་། ། དེ་ལ་བླ་མེད་བྱང་ཆུབ་དཀའ་མ་ཡིན། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལྷོ་ཕྱོགས་ན་ཡོན་ཏན་རིན་ཆེན་བཀོད་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་ དཔལ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ཡོད་དོ། ། བསྐལ་པ་དེ་ནི་ཡོན་ཏན་རྒྱས་པ་ཞེས་བྱའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ རིན་ཆེན་དཔལ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ།
BO
རིགས་ཀྱི་བུ་མོ་དད་པ་ཅན་ནི་ཚེ་རྗེས་མ་ཐག་ཏུ་ཉི་མའི་དཀྱིལ་འཁོར་གྱི་མཐའ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་གི་ཡོན་ ཏན་དཔག་ཏུ་མེད་པ་བཀོད་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། ། ཚེ་རྗེས་མ་ཐག་ཏུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཐོབ་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྨོན་ལམ་འདེབས་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེར་སྐྱེ་བར་ འགྱུར་རོ། ། སྐྱེ་བ་གཅིག་གིས་ཐོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། ། སྤོབས་པ་རྒྱུན་མི་འཆད་པ་ཡང་འཐོབ་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། མི་ གང་སངས་རྒྱས་མཚན་འདི་རྗོད་བྱེད་པ། ། དེ་ལ་ཏིང་འཛིན་བསམ་ཡས་དེ་སྐྱེ་ཞིང་། ། སུམ་ཅུ་རྩ་གཉིས་མཚན་ལྡན་ལུས་འཐོབ་ལ། ། དེ་ནི་བྱང་ཆུབ་སྐྱེ་བ་གཅིག་ཐོགས་འགྱུར། །
BO
ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ནུབ་ཕྱོགས་ན་མྱ་ངན་དང་ མུན་པ་ཐམས་ཅད་དང་བྲལ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ཡོད་དོ། ། བསྐལ་ པ་དེ་ནི་ཤཱཀྱ་མངོན་པར་མཛེས་པ་ཞེས་བྱའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ ཅན་ནི་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། ། དུག་གིས་མ་ཡིན། ཆུས་མ་ཡིན་ཏེ། མེས་ཀྱང་འཆི་བའི་དུས་བྱེད་པར་མི་འགྱུར་རོ། ། རྫུས་ཏེ་སྐྱེ་བར་ཡང་འགྱུར་རོ། ། ཚེ་རྗེས་མ་ཐག་ཏུ་ཡང་ཤུགས་བརྒྱ་པ་ཞེས་བྱ་བའི་གཟུངས་འཐོབ་པར་ འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། མི་གང་སངས་རྒྱས་མཚན་འདི་རྗོད་བྱེད་པ། ། འདི་ལ་མི་དེའི་ལུས་མེས་མི་འཆི་ཞིང་། ། མཚོན་གྱིས་མིན་ལ་ཆུས་མིན་དུག་གིས་མིན། ། དེ་ནི་རྫུས་ཏེ་སྐྱེ་བ་ཁོ་ནར་འགྱུར། །
BO
ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ བྱང་ཕྱོགས་ན་མུན་པ་དང་རྡུལ་དང་བྲལ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་དཔག་མེད་བཀོད་པ་ཡང་དག་པར་སྤྱོད་པའི་བློ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ ཡོད་དོ། ། བསྐལ་པ་དེ་ནི་གྲགས་པ་ཆེན་པོ་འཛིན་པ་ཞེས་བྱའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་དཔག་མེད་བཀོད་པ་ཡང་དག་པར་སྤྱོད་པའི་བློ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ། རིགས་ ཀྱི་བུ་མོ་དད་པ་ཅན་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་མཉེས་པར་བྱེད་པར་འགྱུར་རོ། ། ཐམས་ཅད་དུ་རྗེས་སུ་སོང་བ་ཞེས་བྱ་བའི་གཟུངས་ཀྱང་ཐོབ་པར་འགྱུར་རོ། ། ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཀྱང་ཐོབ་པར་འགྱུར་བ་ནས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་ཡང་འགྱུར་རོ། ། ངན་སོང་གསུམ་པོ་རྣམས་སུ་སྐྱེ་བར་མི་འགྱུར་རོ། །
BO
བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ངན་སོང་ དུ་སྐྱེས་པའི་སེམས་ཅན་རྣམས་ཡོངས་སུ་ཐར་བར་བྱེད་དོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། མི་གང་སངས་རྒྱས་མཚན་འདི་རྗོད་བྱེད་པ། ། དེ་ཡི་ཡོན་ཏན་བགྲང་བར་མི་ནུས་ཤིང་། ། དེ་ནི་བྱང་ཆུབ་འཐོབ་པར་ཐེ་ཚོམ་མེད། ། དེ་ལ་ཐེ་ཚོམ་མེད་པར་གཟུངས་སྐྱེའོ། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཤར་ལྷོའི་མཚམས་ཀྱི་ཕྱོགས་ན་ཤིན་ཏུ་མཛེས་པ་བཀོད་པའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་འབྲུག་སྟོང་བསྒྲགས་པའི་སྒྲ་སྐད་ཀྱི་རྒྱལ་པོ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ཡོད་དོ། ། བསྐལ་པ་དེ་ནི་ཡོན་ཏན་འབྱུང་བ་ཞེས་བྱའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ འབྲུག་སྟོང་བསྒྲགས་པའི་སྒྲ་སྐད་ཀྱི་རྒྱལ་པོ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ།
BO
རིགས་ཀྱི་བུ་མོ་དད་པ་ཅན་དེ་ནི་ཚེ་རྗེས་མ་ཐག་ཏུ་མི་འཇིགས་པ་བཞི་འཐོབ་པར་འགྱུར་རོ། ། རྫུ་འཕྲུལ་གྱི་རྐང་པ་བཞི་འཐོབ་པར་འགྱུར་རོ། ། བྱམས་པ་ཆེན་པོ་དང་། སྙིང་ རྗེ་ཆེན་པོ་འཐོབ་པར་འགྱུར་རོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཐོབ་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བ་དེ་ལྟ་བུ་འཐོབ་པར་འགྱུར་རོ། ། བུད་མེད་ཀྱི་ཚེ་རྗེས་ནས་སྐྱེས་པའི་ ལུས་འཐོབ་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་རྒྱལ་བའི་མཚན་འདི་འཛིན་བྱེད་པའི། ། བྱང་ཆུབ་སེམས་དཔས་ཡོན་ཏན་འདི་དང་གཞན། ། བསམ་གྱིས་མི་ཁྱབ་རྟག་ཏུ་འཐོབ་པར་འགྱུར། ། བྱང་ཆུབ་སེམས་དཔས་སངས་རྒྱས་མང་པོ་ མཐོང་། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལྷོ་ནུབ་མཚམས་ཀྱི་ཕྱོགས་ན་བཀོད་པ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་མཆོག་འོད་དཔལ་ཞེས་བྱ་བ་ཞིག་ད་ལྟར་ བཞུགས་ཏེ། འཚོ་ཞིང་གཞེས་པ་ཡོད་དོ། ། བསྐལ་པ་དེ་ནི་ཆོས་ཐམས་ཅད་ཡང་དག་པར་སྐྱེད་པ་ཞེས་བྱའོ། །
BO
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་མཆོག་འོད་དཔལ་དེའི་མཚན་འཛིན་པའི་རིགས་ ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་དེ་མཚན་ཐོས་པ་དེས་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་མཉེས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་མཆོག་ཏུ་འགྲོ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། ། རྒྱུ་གང་གིས་ན་སེམས་ཅན་ ཐམས་ཅད་མཆོག་ཏུ་འགྲོ་བར་བྱེད་ཅེས་བྱ་ཞེ་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཏིང་ངེ་འཛིན་འདི་ལ་གནས་ནས། ཆོས་སྟོན་པར་འགྱུར་ཞིང་། དེ་ཆོས་སྟོན་པ་ན་ཏིང་ངེ་འཛིན་དེའི་ཆོས་ཉིད་ཐོབ་པས། སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བདེ་བ་དང་ལྡན་པར་འགྱུར་ཏེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་འོང་གི་སངས་རྒྱས་ཀྱི་ཞིང་ན། སེམས་ཅན་རྣམས་ གཅིག་ཏུ་བདེ་བ་དང་ལྡན་ཞིང་། སེམས་ཅན་ངན་སོང་དུ་སྐྱེས་པ་ཐམས་ཅད་ཡོངས་སུ་ཐར་བར་འགྱུར་ཏེ། དེ་དག་དེ་ནས་ཡོངས་སུ་གྲོལ་ནས་ལྷ་དང་མིའི་ལུས་ཐོབ་པར་འགྱུར་ཞིང་།
BO
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་བཞིན་ ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གསེར་མཆོག་འོད་དཔལ་གྱི་ནི་མཚན་འཛིན་པ། ། དེ་ལ་གཟི་བརྗིད་དཔལ་མདོག་སྟོབས་དབང་པོ། ། ཚེ་རབས་ཀུན་ཏུ་རྙེད་པར་དཀའ་མ་ཡིན། ། དེ་ལ་བློ་ཐོགས་མེད་པ་མཐའ་ཡས་འགྱུར། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ནུབ་བྱང་མཚམས་ན་སྡིག་པ་དང་བྲལ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོ་རྣམ་མང་དཔལ་སྣང་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ ཏེ་འཚོ་ཞིང་གཞེས་པ་ཡོད་དོ། ། བསྐལ་པ་དེ་ནི་ཁྱིམ་རྒྱས་པ་ཞེས་བྱའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོ་རྣམ་མང་དཔལ་སྣང་དེའི་མཚན་འཛིན་པའི་རིགས་ཀྱི་ བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་དེ་ནི་ཚེ་རྗེས་མ་ཐག་ཏུ་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བའི་གཟུངས་འཐོབ་པར་འགྱུར་རོ། ། ཚེགས་ཆུང་ངུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་ སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འཛིན་པར་འགྱུར་རོ།
BO
། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུའི་ཆོས་སྟོན་པ་ཡང་ཐོས་པར་འགྱུར། འཛིན་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་རྒྱལ་བའི་མཚན་མཆོག་འདི་འཛིན་པ། ། ཚེ་ དཔག་མེད་ཀྱི་སངས་རྒྱས་ཞིང་དུ་དེ། ། དེ་ནི་ཚེ་དཔག་མེད་ལྡན་ཆོས་ཤེས་འགྱུར། ། སྐྱེ་གཅིག་ཐོགས་པས་བྱང་ཆུབ་རྫོགས་འཚང་རྒྱ། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་བྱང་ཤར་མཚམས་ཀྱི་ཕྱོགས་ན་མྱ་ངན་ཐམས་ཅད་ལས་རྒལ་བའི་འཇིག་ རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་པར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་ཡོད་དོ། ། བསྐལ་པ་དེ་ནི་ སྤོབས་པ་བཀོད་པ་ཞེས་བྱའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་པར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དེའི་མཚན་འཛིན་པའི་རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་དད་པ་ཅན་དེ་ནི་ཚེ་རྗེས་མ་ཐག་ཏུ་རྣམ་པ་དྲུག་ཅུ་དང་ལྡན་པའི་སྒྲ་དབྱངས་ཀྱི་སྤོབས་པ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་རོ། །
BO
སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་ལ་དགེ་བའི་རྩ་བ་བསྐྱེད་པ་འཛིན་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་ སྟེ། སྒྲ་དབྱངས་ཡན་ལག་དྲུག་ཅུ་ཕུན་ཚོགས་ལྡན། ། དེ་ནི་ཀུན་ཏུ་ཤེས་པ་འང་ཕ་རོལ་ཕྱིན། ། རྒྱལ་བ་བྱེ་བ་བརྒྱད་ཅུ་མཆོད་བྱེད་པའི། ། བསོད་ནམས་གང་ཡིན་བསམ་ཡས་དེས་འཐོབ་འགྱུར། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ སྟེང་གི་ཕྱོགས་ན་ཡོན་ཏན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་པོ་དང་། ནམ་མཁའ་ངེས་པར་སྒྲོགས་པ་བཀོད་པའི་འོད་ཅེས་བྱ་ བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ཡོད་དོ། ། བསྐལ་པ་དེ་ནི་ཚད་མེད་ལེན་ཅེས་བྱའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་པོ་དང་། ནམ་མཁའ་ངེས་ པར་སྒྲོགས་པ་བཀོད་པའི་འོད་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་སྦྱོང་བར་འགྱུར་རོ། ། ཏིང་ངེ་འཛིན་གྱི་ཕུང་པོ་དཔག་ཏུ་མེད་པ་དང་། ཤེས་རབ་ཀྱི་ཕུང་ པོ་དཔག་ཏུ་མེད་པ་དང་།
BO
རྣམ་པར་གྲོལ་བའི་ཕུང་པོ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་སྦྱོང་བར་འགྱུར་རོ། ། ས་ནས་ས་ཡང་འཐོབ་པར་འགྱུར་རོ། ། ཚིག་གཟུང་བར་འོས་པ་ཉིད་ཀྱང་ འཐོབ་པར་འགྱུར་རོ། ། སྤོབས་པ་བུལ་བ་མེད་པ་ཕུན་སུམ་ཚོགས་པ་ཡང་འཐོབ་པར་འགྱུར་རོ། ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ཡི་གེ་དང་སྒྲའི་བརྡ་ཡང་འཐོབ་ པར་འགྱུར་རོ། ། རིགས་མཐོན་པོ་དང་རིགས་ཆེན་པོ་ཡང་འཐོབ་པར་འགྱུར་རོ། ། མངོན་པར་ཤེས་པ་ལྔ་ཡང་འཐོབ་པར་འགྱུར་རོ། ། ཚེ་རབས་དྲན་པར་ཡང་འགྱུར་རོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཀྱང་འཐོབ་པར་འགྱུར་རོ། ། དེ་ ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་རྒྱལ་བའི་མཚན་མཆོག་འཛིན་བྱེད་པ། ། དེ་ནི་ཡན་ལག་བརྒྱད་དབྱངས་ཕུན་སུམ་འཐོབ། ། དེ་ནི་སངས་རྒྱས་བྲལ་བར་ཡང་མི་སྐྱེ། ། མི་དེ་མི་ཐོགས་བྱང་ཆུབ་འཚང་རྒྱར་འགྱུར། ། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་ པ་འོག་གི་ཕྱོགས་ན།
BO
ཐ་དད་པ་མེད་པ་ཉིད་ལ་དགའ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་ལ་རྣམ་པར་འཕྲུལ་པའི་གཟི་བརྗིད་ཀྱི་འོད་ཅེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ ཞིང་གཞེས་པ་ཡོད་དོ། ། བསྐལ་པ་དེ་ནི་ཡེ་ཤེས་ཀུན་ནས་བསྡུས་པ་ཞེས་བྱའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་ལ་རྣམ་པར་འཕྲུལ་པའི་གཟི་བརྗིད་ཀྱི་འོད་དེའི་མཚན་ འཛིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་དེའི་ཚེ་རྗེས་མ་ཐག་ཏུ་སངས་རྒྱས་ཡོངས་སུ་འགྲུབ་པ་ཞེས་བྱ་བའི་གཟུངས་འཐོབ་པར་འགྱུར་རོ། ། སྐྱེ་བ་གཅིག་གིས་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། ། སངས་རྒྱས་བྱེ་བ་ཕྲག་དགུ་བཅུའི་ཆོས་བསྟན་པ་ཡང་ཐོས་པར་འགྱུར་རོ། ། ཐོས་ནས་ཀྱང་ཐམས་ཅད་ཀུན་ཏུ་འཛིན་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་མཚན་འཛིན་སངས་རྒྱས་བྱེ་བ་ཕྲག ། དགུ་བཅུ་རྣམས་ཀྱི་ཆོས་བསྟན་ཐོས་འགྱུར་ཞིང་། ། སྐྱེ་བ་གཅིག་ཐོགས་བླ་ན་མེད་པ་ཡི། །
BO
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱར་འགྱུར། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་ཐམས་ཅད་དང་ལྡན་པའི་སྤོབས་པའི་སྐད་ཀྱིས་གཟུངས་འཐོབ་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་ ཐོབ་བོ། ། ལྷ་དང་མིའི་སྐྱེ་དགུ་སུམ་ཁྲིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་ པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ། ། འཕགས་པ་དཀོན་མཆོག་ བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་རྩ་བཞི་པ་རྫོགས་སོ། ། ། །
BO
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙ་བར་མ་དང་། ཞུ་ ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source