BO༄༅༅། ། རྒྱ་གར་སྐད་དུ། ཌཱ་ཀི་ནཱི་སརྦ་ཙིཏྟ་ཨ་དྭ་ཡ་ཨ་ཙིཏྟ་ཛྙཱ་ན་བཛྲ་བཱ་རཱ་ཧི་ཨ་བྷི་བྷ་བ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ ཞེས་བྱ་བ། མགོན་པོ་དཔའ་བོ་འཇིགས་བྱེད་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཕྱི་དང་ནང་དང་གསང་བའི་དུར་ཁྲོད་ཆེན་པོའི་གནས་མཆོག་ཏུ་གྱུར་པ་ན། བཅོམ་ལྡན་འདས་ཞེ་སྡང་འཇོམས་པའི་ཧེ་རུ་ཀ་དང་། གཏི་མུག་ འཇོམས་པའི་ཧེ་རུ་ཀ་དང་། ང་རྒྱལ་འཇོམས་པའི་ཧེ་རུ་ཀ་དང་། ། འདོད་ཆགས་འཇོམས་པའི་ཧེ་རུ་ཀ་དང་། ཕྲག་དོག་འཇོམས་པའི་ཧེ་རུ་ཀ་དང་། ཡུམ་སངས་རྒྱས་སྤྱན་དང་། ཡུམ་མཱ་མ་ཀཱི་དང་། ཡུམ་གོས་དཀར་མོ་དང་། ཡུམ་དམ་ཚིག་སྒྲོལ་མ་དང་། ཡུམ་ཀུན་ཏུ་ བཟང་མོ་དང་། དེ་རྣམས་ཀྱི་བྷ་ག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་བཞུགས་སོ། ། དེའི་ཚེ་དེའི་དུས་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུར་ཁྲོད་ཀྱི་བདག་མོ་དང་། ཁྲོས་མ་ནག་མོ་དང་། བདེ་ཆེན་དཀར་མོ་དང་། སེར་མོ་དོན་གྲུབ་མ་དང་།
BOདམར་མོ་སྒྲ་སྒྲོག་ མ་དང་། སྣ་ཚོགས་མཐར་ཕྱིན་མ་དང་། ལས་ཀྱི་གཙོ་མོ་ལ་སོགས་པའི་ཡེ་ཤེས་དང་། ལས་ལས་གྲུབ་པའི་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་བཛྲ་ཌཱ་ཀི་ནཱི་དང་། རཏྣ་ཌཱ་ཀི་ནཱི་དང་། པདྨ་ཌཱ་ཀི་ནཱི་དང་། ། ཀརྨ་ཌཱ་ཀི་ནཱི་དང་། ས་མ་ཡ་ཌཱ་ཀི་ནཱི་དང་། བི་ཤྭ་ ཌཱ་ཀི་ནཱི་དང་། སརྦ་ཌཱ་ཀི་ནཱི་དང་། ལོ་ཀ་ཌཱ་ཀི་ནཱི་ལ་སོགས་ཏེ་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་དང་། དཔའ་བོ་དང་དཔའ་མོའི་ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་འཇིག་རྟེན་པའི་མེས་པོ་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་ རྒྱལ་པོ་ཆེན་པོ་བཞི་པོ་རང་གི་འཁོར་དང་བཅས་པ་དང་། ཕྱོགས་སྐྱོང་བ་བཅུ་དང་། ལྷ་མ་སྲིན་སྡེ་བརྒྱད་དང་། འཁོར་དཔག་ཏུ་མེད་པ་དང་ཐབས་ཅིག་པའི་ཚུལ་གྱིས་གནས་སོ། ། ཡང་དེའི་ཚེ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུར་ཁྲོད་ཀྱི་བདག་མོ་ཞེས་བྱ་བ་རང་གི་སྟན་ལས་ལངས་ནས་ མགོན་པོ་དཔའ་བོ་འཇིགས་བྱེད་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་མགོན་པོ་བདག་ལ་གསོན། ། ཁྱེད་ཀྱི་འཁོར་དུ་འདུས་པ་ཡི། ། སྐལ་དང་ལྡན་པ་འདི་རྣམས་ལ། ། ལམ་ལོག་མུ་སྟེགས་མ་ལགས་པའི། །
BOདམན་པ་ཉན་ཐོས་མ་ལགས་པའི། ། མ་སྨིན་མཚན་ཉིད་མ་ལགས་པའི། ། བསམ་གྱིས་མི་ཁྱབ་ཆོས་ཅིག་ཞུ། ། ཕྱོགས་རིས་མེད་པ་ལྟ་བའི་མཆོག ། བསམ་གྱིས་མི་ཁྱབ་བཤད་དུ་གསོལ། ། དགག་སྒྲུབ་མེད་པ་སྤྱོད་པའི་མཆོག ། བསམ་གྱིས་མི་ཁྱབ་བཤད་དུ་གསོལ། ། བར་ཆོད་སེལ་བ་བརྡ་ཡི་མཆོག ། བསམ་ གྱིས་མི་ཁྱབ་བཤད་དུ་གསོལ། ། སྨིན་པར་བྱེད་པ་དབང་གི་མཆོག ། བསམ་གྱིས་མི་ཁྱབ་བཤད་དུ་གསོལ། ། སངས་རྒྱས་ཐོབ་བྱེད་འབྲས་བུའི་མཆོག ། ཡེ་ཤེས་ལྔ་ཡི་གཟུགས་བརྙན་ཏེ། ། བསམ་གྱིས་མི་ཁྱབ་བཤད་དུ་གསོལ། ། རྣམ་རྟོག་སེལ་བྱེད་རྣམ་རྒྱལ་ལྔ། ། བསམ་ གྱིས་མི་ཁྱབ་བཤད་དུ་གསོལ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་ཞེས་བྱ་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་མགོན་པོ་དེས་སྤྱན་ཕྱོགས་མཚམས་ཀུན་ལ་གཟིགས་ནས་ཞལ་ རྡོ་རྗེའི་མགུར་འཛུམ་པ་མཛད་ནས་བཀའ་སྩལ་པ་ནི། ཨེ་མ་ཧོ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། ། དུས་འདིར་ཚོགས་པའི་འཁོར་རྣམས་ལ། ། མངོན་པར་འབྱུང་བའི་རྒྱུད་བཤད་ཀྱིས། ། ཁ་སྦུབ་ཞབས་རྡོལ་དྲི་མ་ཅན། ། སྣོད་སྐྱོན་གསུམ་པོ་སྤང་བྱས་ལ། །
BOརྩེ་གཅིག་སེམས་ ཀྱིས་མཉན་པར་གྱིས། ། ཕྱོགས་རིས་མེད་པའི་ལྟ་བ་དེ། ། གཉུག་མའི་སེམས་ཀྱིས་བལྟ་བར་གྱིས། ། དམིགས་གཏད་མེད་པའི་སྒོམ་པ་ནི། ། གཉུག་མའི་ཡིད་ཀྱིས་བསྒོམ་པར་བྱ། ། དགག་སྒྲུབ་མེད་པ་སྤྱོད་པའི་མཆོག ། གཉུག་མའི་ཡིད་ཀྱིས་སྤྱད་པར་བྱ། ། བར་ཆོད་སེལ་ བ་བརྡ་ཡི་ཆོས། ། གཉུག་མའི་ཡིད་ཀྱིས་བསལ་བར་བྱ། ། སྨིན་པར་བྱེད་པ་དབང་གི་མཆོག ། གཉུག་མའི་སེམས་ཀྱིས་བསྐུར་བར་བྱ། ། ཚེ་གཅིག་འབྲས་བུ་སངས་རྒྱས་དེ། ། གཉུག་མའི་སེམས་ཀྱིས་བསྒྲུབ་པར་བྱ། ། ཡེ་ཤེས་ལྔ་ཡི་གཟུགས་བརྙན་དེ། ། མ་བཅོས་སེམས་ ཀྱིས་བསྒྲུབ་པར་བྱ། ། རྣམ་རྟོག་སེལ་བྱེད་རྣམ་རྒྱལ་ལྔ། ། མ་བཅོས་སེམས་ཀྱིས་གཅད་པར་བྱ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལས་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་སྟོན་པས་ཞལ་གྱིས་བཞེས་པའི་ལེའུ་སྟེ་ གཉིས་པའོ། ། ། ། དེ་ནས་སྟོན་པས་བཀའ་སྩལ་པ། ། ཚེ་གཅིག་སངས་རྒྱས་ཐོབ་འདོད་པས། ། དང་པོ་གདེང་ཆེན་ལྟ་བ་གཅེས། ། དེས་ན་ལྟ་བ་དང་པོར་བསྟན། ། ཕྱོགས་རིས་མེད་པ་ལྟ་བའི་མཆོག ། ནམ་མཁའ་ལྟ་བུ་ཤེས་པར་གྱིས། ། ཐམས་ཅད་འདེགས་པ་ལྟ་ བའི་མཆོག །
BOས་གཞི་ལྟ་བུར་ཤེས་པར་གྱིས། ། ཐམས་ཅད་སྡུད་པ་ལྟ་བའི་མཆོག ། འབྱུང་བ་ཆུ་ལྟར་ཤེས་པར་གྱིས། ། ཉོན་མོངས་སྲེག་པ་ལྟ་བའི་མཆོག ། འབྱུང་བ་མེ་ལྟར་ཤེས་པར་གྱིས། ། ངོས་གཟུང་མེད་པ་ལྟ་བའི་མཆོག ། འབྱུང་བ་རླུང་ལྟར་ཤེས་པར་གྱིས། ། དེ་ནས་ཡང་སྟོན་པས་གསུངས་པ། འཕོ་འགྱུར་མེད་པ་ལྟ་བའི་མཆོག ། རི་བོ་ལྟ་བུར་ཤེས་པར་གྱིས། ། གཡོ་འགུལ་མེད་པ་ལྟ་བའི་མཆོག ། རྒྱ་མཚོ་ལྟ་བུར་ཤེས་པར་བྱ། ། གསལ་ལ་མ་འདྲེས་ལྟ་བའི་མཆོག ། འཇའ་ཚོན་ལྟ་བུར་ཤེས་པར་གྱིས། ། གཉིས་སུ་མེད་པ་ ལྟ་བའི་མཆོག ། ག་བུར་ལྟ་བུར་ཤེས་པར་བྱ། ། དེ་ནས་ཡང་གསང་བས་ཚིག་འདི་གསུངས་ཏེ། ཟིལ་གྱིས་གནོན་པ་ལྟ་བའི་མཆོག ། སེང་གེ་ལྟ་བུར་ཤེས་པར་བྱ། ། ཉམ་ང་མེད་པ་ལྟ་བའི་མཆོག ། གླང་ཆེན་ལྟ་བུར་ཤེས་པར་བྱ། ། སྟོབས་དང་ལྡན་པ་ལྟ་བའི་མཆོག ། རྟ་མཆོག་ལྟ་བུར་ཤེས་པར་བྱ། ། ཀུན་ཏུ་རྒྱུག་པ་ལྟ་བའི་མཆོག ། སྟག་མོ་ལྟ་བུར་ཤེས་པར་བྱ། ། འཇིགས་པ་མེད་པ་ལྟ་བའི་མཆོག ། དོམ་བུ་ལྟ་བུར་ཤེས་པར་བྱ། ། དེ་ནས་ཡང་གསང་བའི་ཚིག་འདི་གསུངས་ཏེ། སྐྱོན་གྱིས་མ་གོས་ལྟ་བའི་མཆོག ། བྱང་ཆུབ་སེམས་དེ་ དཀར་པོར་སྣང་། །
BOདུས་གསུམ་མི་འགྱུར་ལྟ་བའི་མཆོག ། བྱང་ཆུབ་སེམས་དེ་ནག་པོར་སྣང་། ། ཡོན་ཏན་རྒྱས་པ་ལྟ་བའི་མཆོག ། བྱང་ཆུབ་སེམས་དེ་སེར་པོར་སྣང་། ། ཀུན་ལ་ཁྱབ་པ་ལྟ་བའི་མཆོག ། བྱང་ཆུབ་སེམས་དེ་དམར་པོར་སྣང་། ། ཕྲིན་ལས་རྫོགས་པ་ལྟ་བའི་ མཆོག། ། བྱང་ཆུབ་སེམས་དེ་ལྗང་ཁུར་ཤར། ། དེ་ནས་ཡང་གསང་བའི་ཚིག་གསུངས་ཏེ། ། དུས་གསུམ་སྣང་བ་ལྟ་བའི་མཆོག ། རྣམ་པར་སྣང་མཛད་ལྟ་བུར་ཤར། ། ཆོས་ཉིད་དོན་ལ་རྟག་སེམས་པས། ། རྡོ་རྗེ་སེམས་དཔའ་ལྟ་བུར་ཤར། ། ཐམས་ཅད་ མཉམ་པ་ཉིད་རྟོགས་པས། ། རིན་ཆེན་འབྱུང་ལྡན་ལྟ་བུར་ཤར། ། ཆོས་ཅན་སོ་སོར་མ་འདྲེས་པས། ། སྣང་བ་མཐའ་ཡས་ལྟ་བུར་ཤར། ། སྣ་ཚོགས་སྣང་ལ་མ་འདྲེས་པས། ། དོན་ཡོད་གྲུབ་པ་ལྟ་བུར་ཤར། ། ཞེས་པ་གསུངས་སོ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་དུར་ཁྲོད་བདག་མོ་དེས། ། སྟོན་པ་ལ་ནི་འདི་སྐད་ཞུས། ། རྟོགས་པ་ལྟ་བའི་རྗེས་ཐོགས་ལ། ། བསྒོམ་པའི་{གོ་རིམས་,གོ་རིམ་}ཇི་ལྟ་ བུ། ། ཞེས་ཞུས་པས། དེ་ནས་སྟོན་པས་བཀའ་སྩལ་པ། །
BOསངས་རྒྱས་ཐོབ་པར་འདོད་པ་ཡིས། ། རྟོགས་པའི་དོན་གོ་བསྒོམས་ལས་བྱུང་། ། གཞན་དུ་འབྲས་བུ་འབྱུང་མི་འགྱུར། ། སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། ། ཡེ་ནས་སྤྲོས་དང་བྲལ་བ་ལ། ། རྟག་པར་འཛིན་ པ་བསྒོམ་པའི་སྐྱོན། ། ཕྱི་དང་ནང་གི་ཆོས་ཉིད་ལ། ། ཆད་པར་འཛིན་པ་བསྒོམ་པའི་སྐྱོན། ། འོ་ན་ཇི་ལྟར་བསྒོམ་ཞེ་ན། ། ལམ་མེད་ལམ་གོལ་དམན་པའི་ལམ། ། འདི་རྣམས་སྤངས་ཏེ་བསྒོམ་པར་བྱ། ། དང་པོ་བྱང་ཆུབ་སེམས་བསྐྱེད་དེ། ། སྨོན་འཇུག་གཉིས་པོ་སྔོན་དུ་ གཅེས། ། གཟུང་བ་ཡུལ་མེད་སྒོམ་པའི་མཆོག ། ཆོས་ཀྱི་བདག་མེད་རྟོགས་པར་བྱ། ། འཛིན་པའི་སེམས་མེ་སྒོམ་པའི་མཆོག ། གང་ཟག་བདག་མེད་རྟོགས་པར་བྱ། ། ཆོས་རྣམས་གང་ཡིན་མི་འགེགས་པས། ། ཐབས་ཀྱི་ལམ་དུ་ཤེས་པར་བྱ། ། ངོ་བོ་ཅི་ཡང་མ་གྲུབ་ པས། ། ཤེས་རབ་ལམ་དུ་ཤེས་པར་བྱ། ། ཆོས་རྣམས་རྒྱུ་མེད་སྒོམ་པའི་མཆོག ། སྟོང་པ་ཉིད་ཀྱི་རྣམ་ཐར་ཡིན། ། འབྲས་བུ་སྟོང་པ་སྒོམ་པའི་མཆོག ། མཚན་མེད་པ་ཡི་རྣམ་ཐར་ཡིན། ། རྒྱུ་འབྲས་དབྱེར་མེད་སྒོམ་པའི་མཆོག ། སྨོན་པ་མེད་པའི་རྣམ་ཐར་ཡིན། ། ཀུན་ལ་ བྱམས་པ་སྒོམ་པའི་མཆོག ། བྱམས་པ་ཚད་མེད་རང་བཞིན་ཡིན། །
BOཀུན་ལ་བརྩེ་བ་སྒོམ་པའི་མཆོག ། སྙིང་རྗེ་ཚད་མེད་ངོ་བོ་ཉིད། ། ཀུན་ལ་ཕན་པ་སྒོམ་པའི་མཆོག ། དགའ་བ་ཚད་མེད་ངོ་བོ་ཉིད། ། ཀུན་ལ་ཁྱབ་པ་སྒོམ་པའི་མཆོག ། བཏང་སྙོམས་ཚད་མེད་ངོ་བོ་ ཉིད། ། བསོད་ནམས་ཚོགས་སོག་སྒོམ་པའི་མཆོག ། བཞི་གསུམ་བཅུ་གཉིས་བདག་ཉིད་ཅན། ། ལམ་ལ་བསྒོམས་པ་སྒོམ་པའི་མཆོག ། ངེས་འབྱེད་བཞི་ཡི་བདག་ཉིད་ཅན། ། ཡེ་ཤེས་མཐོང་བ་སྒོམ་པའི་མཆོག ། བྱང་ཆུབ་ཡན་ལག་རྣམ་བདུན་ཡིན། ། གོམས་པར་ བྱེད་པ་སྒོམ་པའི་ལམ། ། འཕགས་ལམ་བརྒྱད་ཀྱི་བདག་ཉིད་ཅན། ། གོམས་པ་མཐར་ཕྱིན་སྒོམ་པའི་མཆོག ། བཅུ་པ་ལ་ནི་ཡོངས་སུ་གྲོལ། ། སངས་རྒྱས་པ་ཡི་རྣམ་ཐར་ཡིན། ། ཆགས་སེམས་བྲལ་བ་སྒོམ་པའི་མཆོག ། སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། ། རང་སེམས་དག་ པ་སྒོམ་པའི་མཆོག ། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན། ། ཇི་མི་སྙམ་པ་སྒོམ་པའི་མཆོག ། བཟོད་པའི་ཕ་རོལ་ཕྱིན་པ་ཡིན། ། གོ་ཆ་སྦྱོར་བ་སྒོམ་པའི་མཆོག ། བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན། ། གཡེང་བ་མེད་པ་སྒོམ་པའི་མཆོག ། བསམ་གཏན་ཕ་རོལ་ཕྱིན་ པ་ཡིན། ། འཁོར་འདས་ཤེས་པ་སྒོམ་པའི་མཆོག ། ཤེས་རབ་ཕ་རོལ་ཕྱིན་པ་ཡིན། ། ཉོན་མོངས་མི་སྤོང་སྒོམ་པའི་མཆོག །
BOཐབས་ཀྱི་ཕ་རོལ་ཕྱིན་པ་ཡིན། ། མི་མཐུན་ཟིལ་གནོན་སྒོམ་པའི་མཆོག ། སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡིན། ། ཅི་བསམས་འགྲུབ་པ་སྒོམ་པའི་ མཆོག། ། སྨོན་ལམ་ཕ་རོལ་ཕྱིན་པ་ཡིན། ། ཇི་སྙེད་མཁྱེན་བྱ་སྒོམ་པའི་མཆོག ། ཡེ་ཤེས་ཕ་རོལ་ཕྱིན་པ་ཡིན། ། ཆོས་དབྱིངས་ཡེ་ཤེས་སྒོམ་པའི་མཆོག ། སྤྲོས་པ་མེད་པའི་རང་བཞིན་ཡིན། ། མེ་ལོང་ཡེ་ཤེས་སྒོམ་པའི་མཆོག ། ཐམས་ཅད་གཟུགས་བརྙན་ལྟར་ ཤེས་ཡིན། ། མཉམ་ཉིད་ཡེ་ཤེས་སྒོམ་པའི་མཆོག ། ཀུན་ལ་སྙོམས་པའི་བདག་ཉིད་ཡིན། ། ཀུན་རྟོག་ཡེ་ཤེས་སྒོམ་པའི་མཆོག ། མ་འདྲེས་གསལ་བའི་ངོ་བོ་ཉིད། ། བྱ་གྲུབ་ཡེ་ཤེས་སྒོམ་པའི་མཆོག ། ཕྲིན་ལས་ཐམས་ཅད་དུས་གཅིག་རྫོགས། ། མཁའ་འགྲོ་མ་ ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཅེས་བྱ་བ་ལས་སྒོམ་པའི་ལེའུ་སྟེ་བཞི་བའོ། ། ། ། དེ་ནས་དུར་ཁྲོད་བདག་མོ་དེས། ། ཧེ་རུ་ཀ་ལ་འདི་སྐད་གསོལ། ། གོམས་པར་བྱ་བའི་རྗེས་ཐོགས་ ལ། ། སྤྱོད་པའི་{གོ་རིམས་,གོ་རིམ་}ཇི་ལྟར་བགྱི། ། དེ་ནས་སྟོན་པས་གསང་བའི་ཚིག་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཅུང་ཟད་དྲོད་ནི་ཐོབ་པ་དང་། །
BOདེ་ཚེ་སྤྱོད་པ་སྤྱད་པར་བྱ། ། དང་པོ་གསང་བའི་སྤྱོད་པ་བྱ། ། བྱང་ཆུབ་སེམས་ནི་དྲོད་ཐོབ་ནས། ། རིག་པ་བརྟུལ་ཞུགས་སྤྱོད་པར་བྱ། ། ལྷན་ཅིག་སྐྱེས་པའི་དྲོད་ཐོབ་ནས། ། མ་དད་ཟློག་པའི་སྤྱོད་པ་བྱ། ། ཆུ་ཚོད་ལྟ་བུའི་དྲོད་ཐོབ་ནས། ། ཚོགས་ཀྱི་སྤྱོད་པ་ཅི་བདེར་སྤྱད། ། སྨྱོན་པ་ལྟ་བུའི་སེམས་ཐོབ་ནས། ། ཕྱོགས་མེད་རྣམ་རྒྱལ་སྤྱོད་པ་བྱ། ། དེ་ཡི་དབྱེ་བ་གཞན་ན་གསལ། ། གནས་དང་གྲོགས་དང་དུས་དང་ ཟས། ། ལེའུ་གཞན་ནས་ཤེས་པར་བྱ། ། ཀུན་གྱིས་བཀུར་བ་སྤྱོད་པའི་མཆོག ། རྒྱལ་པོ་ལྟ་བུའི་སྤྱོད་པ་བྱ། ། ངོ་ཚ་ཤེས་པ་སྤྱོད་པའི་མཆོག ། རྗེ་རིགས་ལྟ་བུའི་སྤྱོད་པ་བྱ། ། ཆགས་སྡང་འཁྲུ་བ་སྤྱོད་པའི་མཆོག ། བྲམ་ཟེ་ལྟ་བུའི་སྤྱོད་པ་བྱ། ། སྲིད་དང་བྲལ་བ་སྤྱོད་པའི་ མཆོག། ། དམངས་རིགས་ལྟ་བུའི་སྤྱོད་པ་བྱ། ། དམས་པ་འཛིན་པ་སྤྱོད་པའི་མཆོག ། གདོལ་པ་ལྟ་བུའི་སྤྱོད་པ་བྱ། ། དེ་ནས་གཞན་ཡང་བཤད་བྱ་སྟེ། ། མཐོ་ས་འཛིན་པ་སྤྱོད་པའི་མཆོག ། སེང་གེ་ལྟ་བུའི་སྤྱོད་པ་བྱ། ། ཉམ་ང་མེད་པ་སྤྱོད་པའི་མཆོག ། གླང་ཆེན་ལྟ་བུའི་སྤྱོད་ པ་བྱ། ། ཤུགས་དང་ལྡན་པ་སྤྱོད་པའི་མཆོག ། རྟ་མཆོག་ལྟ་བུའི་སྤྱོད་པ་བྱ། །
BOརྣམ་རྟོག་གསོད་པ་སྤྱོད་པའི་མཆོག ། སྤྱང་ཀི་ལྟ་བུའི་སྤྱོད་པ་བྱ། ། དྲག་ཤུལ་ལྟ་བྱེད་སྤྱོད་པའི་མཆོག ། དྲེད་མོ་ལྟ་བུའི་སྤྱོད་པ་བྱ། ། དེ་ནས་གཞན་ཡང་བཤད་བྱ་སྟེ། ། གཟའ་གཏད་མེད་པ་སྤྱོད་ པའི་མཆོག ། {རི་དགས་,རི་དྭགས་}ལྟ་བུའི་སྤྱོད་པ་བྱ། ། ངོ་ཚ་བྲལ་བ་སྤྱོད་པའི་མཆོག ། རོ་ལངས་ལྟ་བུའི་སྤྱོད་པ་བྱ། ། རོ་དང་འགྲོགས་པ་སྤྱོད་པའི་མཆོག ། རིགས་ངན་ལྟ་བུའི་སྤྱོད་པ་བྱ། ། དུར་ཁྲོད་གནས་པ་སྤྱོད་པའི་མཆོག ། ཅེ་སྤྱང་ལྟ་བུའི་སྤྱོད་པ་བྱ། ། བག་ཡོད་རྔམ་པ་སྤྱོད་པའི་ མཆོག། ། ཝ་མོ་ལྟ་བུའི་སྤྱོད་པ་བྱ། ། དེ་ལས་གཞན་ཡང་བཤད་པར་བྱ། ། ཟུང་དུ་འབྲེལ་བ་སྤྱོད་པའི་མཆོག ། ངུར་པ་ལྟ་བུའི་སྤྱོད་པ་བྱ། ། གཞན་གྱིས་མི་མཐོང་སྤྱོད་པའི་མཆོག ། ཁྭ་ཏ་ལྟ་བུའི་སྤྱོད་པ་བྱ། ། དུག་ལྔ་སྤྱོད་པ་སྤྱོད་པའི་མཆོག ། རྨ་བྱ་ལྟ་བུའི་སྤྱོད་པ་བྱ། ། དུས་ཚོད་འཛིན་པ་སྤྱོད་པའི་མཆོག ། ཁུ་བྱུག་ལྟ་བུའི་སྤྱོད་པ་བྱ། ། ཉེས་པས་མ་གོས་སྤྱོད་པའི་མཆོག ། བྱ་རྒོད་ལྟ་བུའི་སྤྱོད་པ་བྱ། ། དེ་ནས་གཞན་ཡང་བཤད་བྱ་སྟེ། ། རིམ་གྱིས་འཛེག་པ་སྤྱོད་པའི་མཆོག ། སྤྲེའུ་ལྟ་བུའི་སྤྱོད་པ་བྱ། །
BOའཇིགས་པ་མེད་པ་སྤྱོད་པའི་མཆོག ། དོམ་བུ་ལྟ་བུའི་སྤྱོད་པ་བྱ། ། མཚན་མོ་རྒྱུ་བ་སྤྱོད་པའི་མཆོག ། ཞག་མིག་ཅན་གྱི་སྤྱོད་པ་བྱ། ། གང་ལ་མི་གནས་སྤྱོད་པའི་མཆོག ། བུང་བ་ལྟ་བུའི་སྤྱོད་པ་བྱ། ། སྣང་བ་ལྟ་བ་སྤྱོད་པའི་མཆོག ། འཕར་བ་ལྟ་བུའི་སྤྱོད་པ་བྱ། ། དེ་ལས་གཞན་ཡང་བཤད་བྱ་སྟེ། ། དགོས་འདོད་ འབྱུང་བ་སྤྱོད་པའི་མཆོག ། ནོར་བུ་ལྟ་བུའི་སྤྱོད་པ་བྱ། ། སྨན་དུག་གཉིས་མེད་སྤྱོད་པའི་མཆོག ། ག་བུར་ལྟ་བུར་ཤེས་པར་བྱ། ། ཅིས་ཀྱང་མི་ཚུགས་སྤྱོད་པའི་མཆོག ། རྡོ་རྗེ་ལྟ་བུར་ཤེས་པར་བྱ། ། མི་མཐུན་གཅོད་པ་སྤྱོད་པའི་མཆོག ། རལ་གྲི་ལྟ་བུར་ཤེས་པར་བྱ། ། དེ་ ནས་གཞན་ཡང་བཤད་བྱ་སྟེ། ། ཐབས་དང་ཤེས་རབ་སྤྱོད་པའི་མཆོག ། མདའ་གཞུ་ལྟ་བུར་ཤེས་པར་བྱ། ། སྟོང་པའི་ཁ་འབྱེད་སྤྱོད་པའི་མཆོག ། ཤཀ་ཏི་ལྟ་བུར་ཤེས་པར་བྱ། ། འབིགས་པར་བྱེད་པ་སྤྱོད་པའི་མཆོག ། མདུང་ཐུང་ལྟ་བུར་ཤེས་པར་བྱ། ། ང་བདག་ གསོད་པ་སྤྱོད་པའི་མཆོག ། སྟ་རེ་ལྟ་བུར་ཤེས་པར་བྱ། ། གདུལ་བྱ་འདྲེན་པ་སྤྱོད་པའི་མཆོག ། ལྕགས་ཀྱུ་ལྟ་བུར་ཤེས་པར་བྱ། ། དགོན་པའི་གནས་དང་དུར་ཁྲོད་དང་། །
BOགྲོང་ཁྱེར་དག་ཏུ་རྣལ་འབྱོར་རྒྱུ་བའི་ཚེ། ། དེ་འདྲའི་སྐྱེས་བུའི་ཕྱག་རྒྱ་ཆེར་རྟོགས་བྱེད། ། དེ་ཉིད་སེམས་ ཀྱི་ཁྱད་པར་མཐོང་གྱུར་ན། ། བརྟུལ་ཞུགས་མེད་ཀྱང་སངས་རྒྱས་ས་ལ་འགྲོ། ། སེམས་ཉིད་གཉིས་ཀྱི་གནད་དང་མ་བྲལ་ན། ། བརྟུལ་ཞུགས་སྤྱད་ཀྱང་སྡུག་བསྔལ་སྣ་ཚོགས་སྐྱེ། ། བསམ་གྱིས་མི་ཁྱབ་བརྟུལ་ཞུགས་རབ་ལྡན་ན། ། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་ ལྟར། ། ཐོགས་པ་མེད་པ་ཕྱག་རྒྱ་ཆེན་པོ་དེ། ། སྐྱེ་བ་འདི་ལ་སངས་རྒྱས་ས་ལ་རེག ། ཅེས་གསུངས་སོ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་སྤྱོད་པའི་རབ་ ཏུ་དབྱེ་བའི་ལེའུ་སྟེ་ལྔ་པའོ། ། ། ། དེ་ནས་དུར་ཁྲོད་བདག་མོ་དེས། ། སྟོན་པ་ལ་ནི་འདི་སྐད་གསོལ། ། ཡང་དག་བརྡ་ནི་བརྡ་ཆེན་པོ། ། ཀུན་གྱིས་མི་རྟོག་སྦས་པའི་དོན། ། བར་ཆད་སེལ་བ་བརྡ་ཡི་ཆོས། ། བསམ་གྱིས་མི་ཁྱབ་བཤད་དུ་གསོལ། ། དེ་ནས་སྟོན་པས་ བཀའ་སྩལ་པ། ། སྣང་བ་ཐམས་ཅད་ལས་ཀྱི་བརྡ། ། ཚིག་ནི་ཇི་སྙེད་ངག་གི་བརྡ། ། དེ་ལ་བསམ་གྱིས་མི་ཁྱབ་གནས། ། དོན་གྱི་བརྡ་རུ་ཤེས་པར་བྱ། །
BOདེ་ནས་དུར་ཁྲོད་བདག་མོས་ཡང་ཞུས་པ། ། གང་ཟག་འཇུག་པའི་རིམ་པ་དང་། ། དཔའ་བོ་བརྟག་པའི་རིམ་པ་དང་། ། ཕྱག་རྒྱ་མོ་ཡི་བརྟག་པ་དང་། ། མཆོག་དང་ཐུན་མོང་དངོས་གྲུབ་དང་། ། ཚོགས་ཀྱི་འཁོར་ལོའི་དུས་དག་དང་། ། རྣལ་འབྱོར་ཕག་མོ་རྫོགས་བྱེད་དང་། ། བརྡ་ཡི་བྱེ་བྲག་ཇི་སྙེད་པ། ། འགྲོ་མགོན་ཁྱེད་ཀྱིས་བཤད་དུ་གསོལ། ། མགོན་པོ་དཔའ་བོས་བཀའ་སྩལ་པ། ། ཐམས་ ཅད་ཀུན་གྱི་བརྡ་ཆེན་པོ། ། སྦས་པའི་བརྡ་ནི་བཤད་བྱ་བ། ། གཡས་པ་ཐབས་ཀྱི་རང་བཞིན་དང་། ། གཡོན་པ་ཤེས་རབ་རང་བཞིན་དང་། ། ལུས་ཀྱི་བརྡ་རྣམས་རྫོགས་པར་བྱ། ། མི་རྟོག་སྒོམ་པ་སྟོན་པ་ལ། ། ལག་པ་གཡོན་པ་བསྟན་པ་ནི། ། ས་རོ་ཞེས་ནི་བརྗོད་པར་བྱ། ། རྐང་པ་གྲོང་ཁྱེར་ས་བགྲོད་པས། ། སྤྱོད་པ་ཉམས་མྱོང་གིས་འགྲོ་བ། ། གོ་བའི་ཕྱིར་ནས་རྐང་བསྟན་ཏེ། ། ཨ་གྷུ་ལ་ཞེས་བརྗོད་པར་བྱ། ། སྲིན་ལག་མཁའ་འགྲོ་མ་ཡི་རྩ། ། དེ་ཡི་ཕྱིར་ན་དེ་བསྟན་ཏེ། ། ཤེས་རབ་ཆེན་པོར་གོ་བྱའི་ཕྱིར། ། བྷ་ཏ་རི་ཞེས་བརྗོད་པར་བྱ། ། ལྕེ་ ཡིས་ཟས་ཀྱི་རོ་མྱོང་ལྟར། ། སྟོང་པས་བདེ་བ་མྱོང་བསྟན་ཕྱིར། ། ལྕེ་བསྟན་ཙརྱ་གྷ་ཞེས་བརྗོད། ། སྐལ་བར་ལྡན་པའི་བདག་ཉིད་ནི། །
BOཡུལ་ལ་རིག་པར་བྱ་བའི་ཕྱིར། ། ལྟོ་བ་ཟས་ཀྱི་སྣོད་བསྟན་པ། ། ཨན་དྷ་ལི་ཞེས་བརྗོད་པར་བྱ། ། ལྟོ་བ་ཟས་ཀྱི་སྣོད་ཡིན་ཕྱིར། ། དེ་ བཞིན་སྣོད་ནི་བསྟན་པར་བྱ། ། བླ་མའི་བརྒྱུད་པ་གོ་ཆའི་ཕྱིར། ། པཾ་ཀ་ཏ་ཞེས་བརྗོད་པར་བྱ། ། སོར་མོ་ལྔའི་ནི་རྒྱུད་གཅིག་ལྟར། ། ལྔ་ཡི་རྩ་བ་ཨེ་བཾ་དུ། ། བསྡུས་ཕྱིར་སོར་མོ་ལྔ་བསྟན་ལ། ། ཚན་དྷོ་ཧ་ཞེས་བརྗོད་པར་བྱ། ། སོ་ཡི་སྟོབས་ཀྱིས་ཟས་འདུལ་ ལྟར། ། ཨེ་བཾ་ཇི་བཞིན་རྟོགས་པར་བྱེད། ། གང་གིས་སོ་ནི་བསྟན་བྱས་པས། ། ཙ་ལ་ནི་ཞེས་བརྗོད་པར་བྱ། ། བྱིན་པས་ལུས་ཀྱི་སྟོབས་སྐྱེད་ལྟར། ། གོམས་པས་འབྲས་བུ་སྐྱེད་པའི་ཕྱིར། ། གོ་ཕྱིན་པ་ནི་བསྟན་བྱས་ལ། ། མེ་ག་བ་ཞེས་བརྗོད་པར་བྱ། ། ས་གཞི་ འགྲོ་བ་ཀུན་འདེགས་ལྟར། ། འབྲས་བུ་དམ་ཚིག་གིས་བསྟེན་ལྟར། ། ས་གཞི་གྲུ་བཞིར་བསྟན་བྱས་ལ། ། མཎ་ཌལ་ཞེས་སུ་བརྗོད་པར་བྱ། ། སོར་མོ་ལྔ་ནི་རྒྱུ་མཐུན་ཕྱིར། ། ཕུང་ལྔ་རིགས་ལྔར་རྒྱས་བཏབ་པས། ། གཡས་པའི་སོར་མོ་ལྔ་བསྟན་པ། ། སྦ་རན་ཞེས་ བརྗོད་པར་བྱ། ། མི་བསྐྱོད་པ་དང་རྡོ་རྗེ་འཆང་། ། རྒྱས་གདབ་གཉིས་ནི་གོ་བྱའི་ཕྱིར། ། དབུགས་ནི་ལ་ནི་དབྱུང་བར་བྱ། །
BOདཔལ་ཀུན་ཤམ་ཞེས་བརྗོད་པར་བྱ། ། སོ་འཆལ་བ་ཡི་ཞེ་སྡང་གིས། ། འབྲས་བུའི་རྟགས་ནི་ཡིན་པའི་ཕྱིར། ། གཉིས་སྣང་གཅོད་ཕྱིར་སོ་ འཆའ་བས། ། མ་ཏ་ཁྲ་ཞེས་བརྗོད་པར་བྱ། ། ཤ་ནི་སྲོག་ཆགས་ཐམས་ཅད་ལས། ། འབྱུང་ཞིང་ཆོས་རྣམས་ཐམས་ཅད་ནི། ། སེམས་ཡིན་ཕྱིར་ནས་ཤ་བསྟན་པས། ། ར་ཙ་ན་ཞེས་བརྗོད་པར་བྱ། ། ཁྲོ་གཉེར་ཁྲོས་པའི་རྟགས་ཡིན་པས། ། བྱ་བ་ཐམས་ཅད་སྡུག་བསྔལ་ གྱི། ། རྟགས་ཡིན་ཕྱིར་ན་ཁྲོ་གཉེར་བསྟན། ། ནི་རི་ཧ་ཞེས་བརྗོད་པར་བྱ། ། བསྡུམས་པས་དབྱེ་བ་མེད་པ་ལྟར། ། འཁོར་འདས་དབྱེར་མི་ཕྱེད་པ་ལྟར། ། བྷ་ག་ནི་ཞེས་བརྗོད་པར་བྱ། ། དཔེ་ཡིས་མཚོན་པའི་དོན་དུ་ནི། ། དྲི་མ་ཀུན་ལས་གྲོལ་བའི་ཕྱིར། ། བསྡམས་པ་བཀྲོལ་ ནས་གྲེ་ནན་བརྗོད། ། བྱིན་གྱིས་བརླབས་པའི་གཏོར་མ་ཡིན། ། ཐམས་ཅད་ཚིམ་པར་བྱེད་པ་ལྟར། ། སྣ་ཚོགས་སྣང་བའི་ཆོས་ཀུན་ལ། ། བདེ་བ་ཆེན་པོའི་རོས་ཚིམ་ཕྱིར། ། གཏོར་མ་བཏང་ལ་ཧིཀ་ཀ་བརྗོད། ། ལྟོ་བ་ཟས་ཀྱི་སྣོད་ཡིན་ལྟར། ། སེམས་ཅན་སངས་རྒྱས་སྣོད་ཡིན་ པས། ། དོན་དུ་ལྟོ་བ་བསྟན་ནས་ནི། ། ནི་གར་མ་ཞེས་བརྗོད་པར་བྱ། ། དེ་རྣམས་ཕན་ཡོན་དཔག་མེད་པས། ། སྙིང་པོ་རྒྱུད་དུ་གསལ་བར་བསྟན། །
BOབརྡ་དང་ལྡན་པའི་རྣལ་འབྱོར་བས། ། བདུད་རྩི་རྣམ་པ་ལྔ་པོ་ལ། ། ལོངས་སྤྱོད་པ་ནི་ཐབས་ཀྱི་ མཆོག། ། བྱིན་གྱིས་བརླབས་དང་ས་བོན་དང་། ། རང་བཞིན་བདུད་རྩི་ལ་འབད་པས། ། དཔག་མེད་རིམ་གྱིས་ཕན་ཡོན་འབྱུང་། ། དེ་ནས་གཞན་ཡང་བཤད་བྱ་སྟེ། ། ལྔ་བསྡུས་རྩེ་མོ་མནན་པ་ནི། ། བུམ་པའི་དབང་སྟེ་ལུས་ཀྱི་བརྡ། ། མཐེབ་སྲིན་ཨེ་ཡི་དྲང་རོ་ གཅིག། ། གསང་བའི་དབང་སྟེ་ལུས་ཀྱི་བརྡ། ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི། ། གསུམ་པ་ཤེས་རབ་ཡེ་ཤེས་ཡིན། ། སྐྱེས་དང་མ་སྐྱེས་གཉིས་མེད་པས། ། བཞི་པ་ཡིན་ཏེ་ལུས་ཀྱི་བརྡ། ། དེ་ཡི་ངག་གི་བརྡ་སྨྲས་པ། ། ཀ་ལ་ཤ་ཡ་བུམ་པའི་དབང་། ། ཡ་ར་ལ་ཝ་གསང་ པའི་བརྡའོ། ། ཨེ་བཾ་མ་ཡཱ་གསུམ་པའི་བརྡའོ། ། ཨེ་ཧཱུྃ་ཨོྃ་ཨཱཿབཞི་པའོ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་བརྡའི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་དུར་ཁྲོད་བདག་མོ་ དེས། སྟོན་པ་མཚན་ཉིད་བཞི་དང་ལྡན་པ་དེ་ལ་ཕྱིའི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། ནང་གི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། གསང་བའི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་།
BOདེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ནས་འདི་སྐད་ཞུས་སོ། ། བླ་མེད་སྟོན་པ་ཧེ་རུ་ ཀ། ། འཁོར་བའི་སེམས་ཅན་འདྲེན་མཛད་པ། ། ཐུགས་རྗེ་ཆེ་དང་ལྡན་པ་ཁྱོད། ། ནད་པ་ལྟ་བུའི་སེམས་ཅན་ལ། ། ཆོས་ཀྱི་སྨན་མཆོག་བསྟན་དུ་གསོལ། ། ལོང་བ་ལྟ་བུའི་སེམས་ཅན་ལ། ། ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། ། རྒྱལ་པོ་ལྟ་བུའི་སྟོན་པ་ཁྱོད། ། ཀུན་ལ་བྱམས་པ་མཛད་ དུ་གསོལ། ། བློན་པོ་ལྟ་བུའི་སྟོན་པ་ཁྱོད། ། ཀུན་ལ་ཕན་པ་མཛད་དུ་གསོལ། ། ཞེས་ཞུས་སོ། ། དེ་ནས་སྟོན་པ་འཇིགས་བྱེད་ཧེ་རུ་ཀ་དེ་ཐུགས་རབ་ཏུ་དགྱེས་ཏེ། སྐུའི་སྒོ་ནས་མཛེས་གར་རྣམ་པ་གསུམ་མཛད། གསུང་གི་སྒོ་ནས་རྡོ་རྗེའི་ཚིག་རྣམ་པ་གསུམ་མཛད། ཐུགས་ཀྱི་སྒོ་ ནས་ཁྱད་པར་གྱི་ཡེ་ཤེས་རྣམ་པ་གསུམ་བསྐྱེད་ནས། ། འཁོར་རྣམས་ལ་སྤྱན་གཟིགས་ནས་ཚངས་པའི་གསུང་གིས་རྡོ་རྗེའི་ཚིག་འདི་བཀའ་སྩལ་ཏོ། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། ། འཁོར་བའི་སེམས་ཅན་ཐམས་ཅད་ལ། ། མ་རིག་པ་ཡི་མུན་པས་བསྒྲིབས། ། འཁོར་ བའི་རྒྱ་མཚོ་ཆེན་པོར་ལྟུང་། ། ཉོན་མོངས་འདམ་དུ་བྱིང་བ་ཡིས། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་། །
BOབཞི་སྟོང་གི་ནི་གྲངས་སྙེད་ཀུན། ། ཉོན་མོངས་པ་ཡི་གཉེན་པོར་བསྟན། ། དབང་པོ་རབ་འབྲིང་དང་སྦྱར་ནས། ། ཐུན་མོང་ཐེག་པ་ རིམ་གྱིས་བསྟན། ། མདོ་སྡེ་འདུལ་བ་མངོན་པ་གསུམ། ། བསྟན་པ་ཀུན་གྱི་རྩ་བ་ཡིན། ། བདེར་གཤེགས་ཐུགས་རྗེ་བསམ་མི་ཁྱབ། ། སེམས་ཅན་རྣམས་ལ་དེ་ལྟར་བསྟན། ། དེ་ནས་དུར་ཁྲོད་བདག་མོ་དེས་ཡང་འདི་སྐད་ཅེས་གསོལ་ཏོ། ། བླ་མེད་སྟོན་པ་ཧེ་རུ་ཀ། ། ཐུན་མོང་ཐེག་པ་དེ་ལྟར་བསྟན། ། ཁྱད་པར་གསང་སྔགས་ཇི་ལྟར་ལགས། ། རྒྱུད་སྡེ་རྣམས་ཀྱི་དབྱེ་བ་ཞུ། ། སྨིན་པའི་ལམ་ནི་ཇི་ལྟར་ལགས། ། གྲོལ་བའི་ལམ་ནི་གང་ལ་བགྱི། ། དཔའ་བོ་ཆེན་པོས་བཤད་དུ་གསོལ། ། ཞེས་ཞུས་སོ། ། དེ་ནས་སྟོན་པ་ཧེ་རུ་ཀས། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། ། སྐལ་བར་ལྡན་པའི་གང་ཟག་ལ། ། གསང་སྔགས་རྒྱུད་སྡེ་ངས་བཤད་ཀྱིས། ། སྣོད་སྐྱོན་གསུམ་པོ་སྤངས་ལ་ཉོན། ། བྱ་བ་གཙོ་བོར་བྱེད་པ་ལ། ། ཀྲི་ཡའི་རྒྱུད་སྡེ་རྣམ་ལྔ་བསྟན། ། སྤྱོད་པ་གཙོ་བོར་བྱེད་པ་ལ། ། གཉིས་པའི་རྒྱུད་སྡེ་རྣམ་ ལྔ་བསྟན། ། སེམས་ཉིད་གཙོ་བོར་བྱེད་པ་ལ། ། རྣལ་འབྱོར་རྒྱུད་སྡེ་རྣམ་ལྔ་བསྟན། ། བདེ་སྟོང་གཙོ་བོར་བྱེད་པ་ལ། །
BOབླ་ན་མེད་པའི་རྒྱུད་ལྔ་བསྟན། ། ཡིད་ལ་བྱེད་པ་མེད་རྣམས་ལ། ། གོང་ན་མེད་པའི་རྒྱུད་ལྔ་བསྟན། ། དེའི་ཕྱིར་རྒྱུད་སྡེ་རྣམ་པ་ལྔ། ། གསང་སྔགས་རྒྱུད་ ཅེས་བྱ་བར་གྲགས། ། རེ་རེ་ལ་ཡང་ལྔ་ལྔ་སྟེ། ། རྒྱུད་ཆེན་ཉི་ཤུ་རྩ་ལྔ་ནི། ། མ་བྱུང་འབྱུང་བར་མི་འགྱུར་རོ། ། ཞེས་གསུངས་སོ། ། དེ་ནས་ཡང་དུར་ཁྲོད་བདག་མོ་དེས་ཡང་ཞུས་པ། ། རྒྱུད་ཀྱི་དབྱེ་བ་དེ་ལྟར་ན། ། སྨིན་ཞེས་བགྱི་བ་ཇི་ལྟར་ལགས། ། ལམ་ཞེས་བགྱི་བ་གང་ལ་ བགྱི། ། དེ་ཡི་དབྱེ་བ་བཤད་དུ་གསོལ། ། ཞེས་ཞུས་སོ། ། དེ་ནས་སྟོན་པས་བཀའ་སྩལ་པ། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། ། འཁོར་བའི་སེམས་ཅན་ཐམས་ཅད་ལ། ། དེ་ཉིད་ཡོད་དེ་སྨིན་ལམ་མེད། ། དེས་ན་འབྲས་བུ་ཐོབ་མི་འགྱུར། ། ལམ་ལོག་མུ་སྟེགས་བྱེད་རྣམས་ལ། ། དེ་ཉིད་ཡོད་དེ་སྨིན་ལམ་མེད། ། དེས་ན་འབྲས་བུ་ཐོབ་མི་འགྱུར། ། དམན་པ་ཉན་ཐོས་རང་རྒྱལ་ལ། ། དེ་ཉིད་ཡོད་དེ་སྨིན་ལམ་མེད། ། དེ་ཕྱིར་བསྐལ་པ་གྲངས་མེད་དུ། ། དཀའ་ཐུབ་སྤྱོད་པ་ཉོན་རེ་མོངས། ། མ་སྨིན་མདོ་ སྡེར་ཞུགས་རྣམས་ལ། ། དེ་ཉིད་ཡོད་དེ་སྨིན་ལམ་མེད། ། དེས་ན་ཚེ་གཅིག་སངས་རྒྱས་དཀའ། ། ཞེས་སོ། །
BOདེ་ནས་དུར་ཁྲོད་བདག་མོ་དེས་ཡང་ཞུས་པ། སྨིན་ཞེས་བྱ་བ་གང་ལ་བགྱི། ། ལམ་ཞེས་བྱ་བ་ཇི་ལྟར་ལགས། ། དཔའ་བོ་ཆེན་པོས་བཤད་དུ་ གསོལ། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། ། སྨིན་ཞེས་བྱ་བ་ནི་སང་དྷའི་སྒྲ་ལས་ཤེས་པར་བྱའོ། ། ལམ་ཞེས་བྱ་བའི་སྒྲ་ནི་ཨ་ཐ་མི་ཐའི་སྒྲ་ལས་ཤེས་པར་བྱ། འཇིག་རྟེན་པའི་ལམ་དང་སྦྱར་རོ། ། ལུས་དང་ངག་དང་སེམས་དང་གསུམ། ། མ་སྨིན་སྨིན་པར་ བྱེད་པའི་ཐབས། ། དབང་བསྐུར་ཆོ་ག་ཇི་སྙེད་བསྟན། ། དང་པོ་བསྙེན་པ་བྱ་བ་གཅེས། ། གྲངས་དང་དུས་དང་མཚན་མ་ཡི། ། བསྙེན་པ་རྣམ་གསུམ་རྫོགས་བྱས་ནས། ། ས་ཆོག་སྟ་གོན་ཚུལ་བཞིན་བྱ། ། དང་པོ་ས་གཞི་ཡོངས་སུ་གཟུང་། ། གཉིས་པ་སྟ་གོན་ གནས་པ་སྟེ། ། ནུབ་གསུམ་པ་ལ་འཇུག་པར་བྱ། ། རྒྱུད་རྣམས་གཞན་དུ་ཤེས་པར་བྱ། ། དེ་ནས་དཀྱིལ་འཁོར་ཤར་གྱི་སྒོར། ། བ་ཡི་རྣམ་ལྔའི་མཎྜལ་བྲི། ། སྐལ་ལྡན་སློབ་མ་དེར་བཞག་ལ། ། བུམ་པའི་དབང་རྣམས་རྫོགས་པར་བསྐུར། ། དཀྱིལ་འཁོར་དེ་ ཡི་ལྷོའི་སྒོ་རུ། ། བདུད་རྩི་ལྔ་ཡི་མཎྜལ་བྱ། ། སྐལ་ལྡན་སློབ་མ་དེར་བཞག་ལ། ། གསང་བའི་དབང་རྣམས་རྫོགས་པར་བསྐུར། ། དཀྱིལ་འཁོར་དེ་ཡི་ནུབ་སྒོ་རུ། །
BOདལ་གྱི་ཆོས་འབྱུང་ཨེ་དབྱིབས་བྲི། ། སྐལ་ལྡན་སློབ་མ་དེར་བཞག་ལ། ། ཤེས་རབ་ཡེ་ཤེས་ དབང་བསྐུར་ཏེ། ། གསུམ་པའི་དབང་རྣམས་རྫོགས་པར་བསྐུར། ། དཀྱིལ་འཁོར་དེ་ཡི་བྱང་སྒོ་རུ། ། ཕྲིན་ལས་རྣམ་བཞིའི་མཎྜལ་བྲི། ། སྐལ་ལྡན་སློབ་མ་དེར་བཞག་ལ། ། བཞི་པའི་དབང་རྣམས་རྫོགས་པར་བསྐུར། ། དཀྱིལ་འཁོར་དེ་ཡི་ཕོ་བྲང་དུ། ། སེང་ཆེན་ བསྣོལ་བའི་ཁྲི་སྟེངས་སུ། ། སྐལ་ལྡན་སློབ་མ་དེར་བཞག་ལ། ། རྡོ་རྗེ་སློབ་དཔོན་བྱེད་པའི་དབང་། ། ཆོ་ག་ཐམས་ཅད་རྫོགས་པར་བསྐུར། ། སྐུ་གསུང་ཐུགས་ཀྱི་དབང་གསུམ་པོ། ། ཐོག་མ་ཉིད་དུ་བསྐུར་བར་བྱ། ། དེ་ནས་དུར་ཁྲོད་བརྒྱད་རྣམས་ཀྱིས། ། དབང་ནི་ རྣམ་པ་བརྒྱད་པོ་བསྐུར། ། དེ་ནས་ཟས་རྣམས་བདུད་རྩིའི་དབང་། ། ཇི་ལྟ་བར་ནི་བསྐུར་བར་བྱ། ། དེ་ནས་ཕྱག་མཚན་རྣམས་ཀྱི་དབང་། ། {གོ་རིམས་,གོ་རིམ་}བཞིན་དུ་བསྐུར་བར་བྱ། ། དེ་ནས་ཉན་པའི་དབང་རྣམས་བསྐུར། ། དེ་ནས་བཤད་པའི་དབང་རྣམས་བསྐུར། ། དེ་ནས་ སྐལ་ལྡན་གང་ཟག་ལ། ། མངའ་གསོལ་སུམ་ཅུ་རྩ་ལྔ་བྱ། ། དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱིས། ། དབང་རྣམས་མ་ལུས་རྫོགས་པར་བསྐུར། ། དེ་ནས་དབང་རྫོགས་གང་ཟག་དེ། །
BOབདེར་གཤེགས་རྣམས་ཀྱི་སྲས་ཡིན་ཏེ། ། མཁྱེན་རབ་བདེ་གཤེགས་རྣམས་དང་ མཉམ། ། མཐུ་སྟོབས་ཁྲོ་རྒྱལ་རྣམས་དང་མཉམ། ། ཚེ་ཚད་ཉི་ཟླ་གཉིས་དང་མཉམ། ། དང་པོ་ལས་ཅན་སྦྱོར་བ་ཡིས། ། ས་བརྒྱད་པ་ལ་རབ་ཏུ་གནས། ། དབང་བསྐུར་གནང་བ་མ་ཐོབ་ན། ། རིག་པ་ཤེས་རབ་རྩལ་རྫོགས་ཀྱང་། ། སློབ་དཔོན་བྱ་བ་ཡོང་མི་ནུས། ། དབང་ བསྐུར་གནང་བ་མ་མཐོང་ན། ། གཞན་གྱི་ཡོན་ཏན་ཀུན་འཆང་ཡང་། ། འཁོར་ལོ་སྲོག་ཤིང་མེད་པ་འདྲ། ། དབང་མ་ཐོབ་པར་ལས་རྩོམ་དང་། ། སྒྱིད་མ་མ་རྟས་ཁལ་འགེལ་བ། ། འདི་དག་ཕུང་པོའི་རྒྱུ་ཡིན་ནོ། ། སློབ་དཔོན་མཉེས་པར་མ་བྱས་ཤིང་། ། དབང་རྣམས་ ཐོབ་པར་མ་བྱས་ན། ། ཉན་པ་ལ་སོགས་རྩོམ་པ་ནི། ། འབྲས་བུ་མེད་ཅིང་བརླག་པར་འགྱུར། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་དབང་བསྐུར་བའི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་དུར་ཁྲོད་ཕག་མོ་དེས། ། ཧེ་རུ་ཀ་ལ་འདི་སྐད་ཞུས། ། སངས་རྒྱས་ཐོབ་བྱེད་འབྲས་བུའི་ཆོས། ། བསམ་གྱིས་མི་ཁྱབ་བཤད་དུ་གསོལ། ། དབང་པོ་རབ་འབྲིང་ཐ་མ་གསུམ། ། གང་དང་གང་གིས་གྲོལ་བ་ལགས། །
BOདུག་ལྔ་སྤྱོད་པའི་གང་ ཟག་ལྔ། ། གང་དང་གང་གིས་འཇོམས་པར་བྱེད། ། དེ་ནས་སྟོན་པས་བཀའ་སྩལ་ཏེ། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། ། དབང་པོ་རབ་ཀྱི་གང་ཟག་ལ། ། རང་བཞིན་རྣམ་དག་ཕག་མོ་བསྟན། ། དབང་པོ་འབྲིང་གི་གང་ཟག་ལ། ། བརྗོད་པ་སྒྲ་ཡི་ཕག་མོ་ བསྟན། ། དབང་པོ་ཐ་མའི་གང་ཟག་ལ། ། མཚོན་པ་བརྡ་ཡི་ཕག་མོ་བསྟན། ། ཞེས་བཀའ་སྩལ་ཏོ། ། དེ་ནས་དུར་ཁྲོད་བདག་མོ་དེས། ། སྟོན་པ་ལ་ནི་ཚིག་འདི་གསོལ། ། རང་བཞིན་རྣམ་པར་དག་པ་ཡི། ། རྡོ་རྗེ་ཕག་མོ་ཇི་ལྟ་བུ། ། སྒྲ་ཡི་ཕག་མོ་ཇི་ལྟ་ བུ། ། དབྱིབས་ཀྱི་ཕག་མོ་ཇི་ལྟ་བུ། ། ཞེས་པ་ལ་སོགས་པ་ཞུས་སོ། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། ། རང་བཞིན་ཉིད་ནས་དག་པ་དེ། ། ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད། ། སྐད་ཅིག་དྲུག་གིས་རྫོགས་སངས་རྒྱས། ། གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། ། བརྗོད་པ་སྒྲ་ཡི་ཕག་མོ་དེ། ། ལོངས་སྤྱོད་སྒྲ་ཡི་ངོ་བོ་ཉིད། ། ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད། ། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། མཚོན་པ་བརྡ་ཡི་ཕག་མོ་དེ། ། སྤྲུལ་པ་སྐུ་ཡི་ངོ་བོ་ཉིད། ། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །
BOའགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། ཅེས་བཀའ་སྩལ་ཏོ། ། དེ་ནས་དུར་ཁྲོད་བདག་མོ་དེས། ། དཔའ་བོ་ཆེ་ལ་ཡང་ཞུས་པ། ། གང་ཟག་རིགས་ལ་ལྔ་ཡོད་དེ། ། གཏི་མུག་ཅན་གྱི་གང་ཟག་དང་། ། ཞེ་སྡང་ཅན་གྱི་གང་ཟག་དང་། ། འདོད་པ་གཙོར་བྱེད་གང་ཟག་དང་། ། ང་རྒྱལ་ ཅན་གྱི་གང་ཟག་དང་། ། ཕྲག་དོག་ཅན་གྱི་གང་ཟག་ལྔ། ། དེ་རྣམས་གང་དང་གང་གིས་གྲོལ། ། ཞེས་ཞུས་སོ། ། དེ་ནས་སྟོན་པས་བཀའ་སྩལ་ཏེ། ། གཏི་མུག་ཅན་གྱི་གང་ཟག་ལ། ། སྐུ་ཡི་ཕག་མོ་དཀར་མོ་བསྟན། ། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས། ། འདོད་པ་ གཙོར་བྱེད་སྐྱེས་བུ་ལ། ། གསུང་གི་ཕག་མོ་དམར་མོ་བསྟན། ། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས། ། ཞེ་སྡང་ཅན་གྱི་གང་ཟག་ལ། ། ཐུགས་ཀྱི་ཕག་མོ་ནག་མོ་བསྟན། ། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས། ། ང་རྒྱལ་ཅན་གྱི་གང་ཟག་ལ། ། ཡོན་ཏན་ཅན་གྱི་ ཕག་མོ་བསྟན། ། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས། ། ཕྲག་དོག་ཅན་གྱི་གང་ཟག་ལ། ། ཕྲིན་ལས་ཕག་མོ་ལྗང་ཁུ་བསྟན། ། ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས། ། དེ་ནས་དུར་ཁྲོད་བདག་མོ་དེས། ། ཧེ་རུ་ཀ་ལ་ཚིག་འདི་གསོལ། ། དུག་ལྔ་ཤས་ཆེ་གང་ཟག་ ལ། ། འབྲས་བུ་སྐུ་ལྔ་ཇི་ལྟར་ཐོབ། །
BOཡེ་ཤེས་ལྔ་ནི་ཇི་ལྟར་སྣང་། ། རིགས་ལྔ་ཞེས་ནི་གང་ལ་བགྱི། ། ཁྲོ་མོ་ལྔ་ནི་ཇི་ལྟར་བསྒོམ། ། འཁོར་ལོ་ལྔ་ནི་ཇི་ལྟར་གནས། ། སྙིང་པོ་ལྔ་ནི་ཇི་ལྟར་བཟླས། ། དམ་ཚིག་ལྔ་ནི་ཇི་ལྟར་བསྲུང་། ། ཉམས་མྱོང་ལྔ་ནི་ཇི་ལྟར་འབྱུང་། ། ཉོན་མོངས་ལྔ་ནི་ཇི་ལྟར་འབྱུང་། ། ཡེ་ཤེས་ལྔ་ནི་ཇི་ལྟར་འཕེལ། ། གྲངས་ཀྱི་ཚད་ནི་ཇི་ལྟར་བཟླས། ། མཚན་མའི་རྟགས་ནི་ཇི་ལྟར་འབྱུང་། ། དུས་ཀྱི་ཚད་ནི་ཇི་ལྟར་ལགས། ། ལས་ཚོགས་རྣམས་ནི་ཇི་ལྟར་འགྲུབ། ། ཅེས་ཞུས་སོ། ། དེ་ནས་དཔའ་བོ་ཧེ་རུ་ཀས། ། ཐུགས་ རབ་ཏུ་དགྱེས་ཏེ་བརྡའི་ཚིག་འདི་བཀའ་སྩལ་ཏོ། ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། ། དུག་ལྔ་སྤྱོད་པའི་གང་ཟག་ལྔ། ། འབྲས་བུ་རྣམ་པ་ལྔ་ཐོབ་སྟེ། ། ཀུན་ལ་ཁྱབ་པ་ཆོས་སྒྲ་དང་། ། ཐེག་ཆེན་སྤྱོད་པ་ལོངས་སྐུ་དང་། ། གང་ལ་གང་འདུལ་སྤྲུལ་སྐུ་དང་། ། ཅིས་ཀྱང་མི་ཤིགས་རྡོ་ རྗེའི་སྐུ། ། ངོ་བོ་ཉིད་ཀྱི་སྐུ་མཆོག་དང་། ། སྐྱེ་བ་གཅིག་གིས་ཐོབ་པར་འགྱུར། ། རྟོགས་པའི་དོན་ལ་གོམས་པར་བྱེད། ། ཚེ་འདི་ཉིད་ལ་སངས་རྒྱས་འཐོབ། ། རྫོགས་སངས་རྒྱས་ཀྱིས་རྒྱུད་དུ་བཤད། ། ཐོབ་བྱའི་ཡེ་ཤེས་རྣམ་ལྔ་ཡང་། །
BOསྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་དང་། ། མེ་ལོང་ཡེ་ཤེས་གཟུགས་བརྙན་ལྟར། ། བདག་གཞན་གཉིས་མེད་མཉམ་པ་ཉིད། ། གསལ་ལ་མ་འདྲེས་སོ་སོར་རྟོག ། ཕྲིན་ལས་མཐར་ཕྱིན་བྱ་བ་གྲུབ། ། ཡེ་ཤེས་ལྔ་ནི་དེ་ལྟར་སྐྱེ། ། གཞན་ནས་མ་ཡིན་རང་ཉིད་ལའོ། ། དུག་ལྔ་སྤྱོད་པའི་གང་ཟག་ལྔ། ། རིགས་ནི་རྣམ་པ་ལྔ་ ཐོབ་སྟེ། ། སྤྲོས་མེད་དེ་བཞིན་གཤེགས་པའི་རིགས། ། དགོས་འདོད་འབྱུང་བ་རིན་ཆེན་རིགས། ། སྐྱོན་གྱིས་མ་གོས་པདྨའི་རིགས། ། སེམས་ཅན་དོན་གྲུབ་ལས་ཀྱི་རིགས། ། གཞན་ནས་མ་ཡིན་རང་ཉིད་ལ། ། དུག་ལྔ་སྤྱོད་པའི་གང་ཟག་ དེ། ། ཡེ་ཤེས་ཁྲོ་མོ་ལྔ་བསྒོམས་ནས། ། བདེ་བ་སྐྱེ་བ་སྐུ་ཡིན་པས། ། བདེ་ཆེན་དཀར་མོ་བསྒོམ་པར་བྱ། ། ནུས་པ་འབྱུང་བ་གསུང་ཡིན་པས། ། དམར་མོ་སྒྲ་སྒྲོགས་བསྒོམ་པར་བྱ། ། རྟོགས་ཚད་འཆར་བ་ཐུགས་ཡིན་པས། ། ཁྲོས་མ་ནག་མོ་བསྒོམ་པར་བྱ། ། བརྟན་པར་བྱེད་པ་ཡོན་ཏན་ཏེ། ། སེར་མོ་དོན་གྲུབ་བསྒོམ་པར་བྱ། ། བར་ཆད་སེལ་བ་ཕྲིན་ལས་ཏེ། ། སྣ་ཚོགས་མཐར་ཕྱིན་བསྒོམ་པར་བྱ། ། རིམ་གྱིས་མ་ཡིན་ཅིག་ཅར་ཡིན། ། རྒྱ་དང་འབུར་གྱི་ཚུལ་དུ་བྱ། ། ཡིག་འབྲུ་རྣམས་ཀྱི་གནས་ལུགས་ནི། ། སྤྱི་གཙུག་ བདེ་ཆེན་འཁོར་ལོ་ན།
BO། བདེ་བྱེད་སྐུ་ཡི་ཡི་གེ་བཞི། ། རང་བཞིན་རྩ་ཡི་གཟུགས་ཅན་ནོ། ། མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། ། གསུང་མཆོག་ཡི་གེ་རྣམ་བཞི་ནི། ། རང་བཞིན་རྩ་ཡི་ཚུལ་དུ་གནས། ། སྙིང་ག་ཆོས་ཀྱི་འཁོར་ལོ་ན། ། ཐུགས་མཆོག་ཡི་གེ་རྣམ་བཞི་ནི། ། རྩ་ཡི་ དབྱིབས་དང་མཐུན་པར་གནས། ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན། ། རྟེན་བྱེད་ཡོན་ཏན་ཡི་གེ་བཞི། ། དེ་ཡི་རང་བཞིན་རྩ་ཡི་དབྱིབས། ། ཕྲིན་ལས་ཡི་གེ་རྣམ་བཞི་ནི། ། ཞི་རྒྱས་དབང་དྲག་ཡི་གེ་བཞི། ། ལས་དང་རྗེས་མཐུན་གཟུགས་སུ་གནས། ། སྙིང་པོ་ལྔ་ཡི་བཟླས་ཐབས་ནི། ། ཕྱི་ དང་ནང་དང་གསང་བ་དང་། ། ཕྲིན་ལས་བཞི་ཡི་ཚུལ་དུ་བཟླས། ། དམ་ཚིག་ལྔ་ཡི་བསྲུང་ཚུལ་ནི། ། བདེ་ཆེན་དཀར་མོའི་དམ་ཚིག་ཏུ། ། སེམས་ཅན་ཀུན་ལ་བྱམས་པ་བསྒོམས། ། ཁྲོས་མ་ནག་མོའི་དམ་ཚིག་ཏུ། ། དྲག་ཅིང་རྩུབ་པའི་སྤྱོད་པ་བྱ། ། སེར་མོ་དོན་གྲུབ་དམ་ཚིག་ཏུ། ། དངོས་ པོ་ཀུན་ལ་ཆགས་མེད་བྱ། ། དམར་མོ་སྒྲ་སྒྲོགས་དམ་ཚིག་ཏུ། ། སྨྲ་ཞིང་བུད་མེད་བསྟེན་པར་བྱ། ། སྣ་ཚོགས་མཐར་ཕྱིན་དམ་ཚིག་ཏུ། ། རྒྱུད་ཅིང་མཆོད་པའི་སྤྱོད་པ་བྱ། ། མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ། ། བདུད་རྩི་ལྔ་དང་ཤ་ལྔ་ལ། །
BOརྟག་ཏུ་ལོངས་སྤྱོད་བྱ་བ་ནི། ། བཟའ་བའི་དམ་ཚིག་ རྣམ་ལྔ་སྟེ། ། གསང་སྔགས་སྤྱོད་པས་བསྟེན་པར་བྱ། ། དེ་ནས་ཉམས་དང་བྱིན་བརླབས་ནི། ། {གོ་རིམས་,གོ་རིམ་}སྐྱེ་ཚུལ་འདི་ལྟ་སྟེ། ། དམིགས་པ་མེད་པའི་སྙིང་རྗེ་སྐྱེ། ། སངས་རྒྱས་མཁའ་འགྲོའི་ཉམས་མྱོང་ཡིན། ། ཆོས་རྣམས་གཟུགས་བརྙན་ལྟར་མཐོང་བ། ། རྡོ་རྗེ་མཁའ་ འགྲོའི་ཉམས་མྱོང་ཡིན། ། ཐམས་ཅད་མཉམ་པ་ཉིད་སྐྱེ་བ། ། རིན་ཆེན་མཁའ་འགྲོའི་ཉམས་མྱོང་ཡིན། ། ཆོས་རྣམས་མ་འདྲེས་སོ་སོར་གསལ། ། པདྨ་མཁའ་འགྲོའི་ཉམས་མྱོང་ཡིན། ། དངོས་པོ་གང་ལའང་ཐོགས་མེད་པ། ། ལས་ཀྱི་མཁའ་འགྲོའི་ཉམས་མྱོང་ཡིན། ། ཉོན་མོངས་ལྔ་ཡི་འགྱུར་ལུགས་ནི། ། གཏི་མུག་ཆོས་ཀྱི་དབྱིངས་སུ་འགྱུར། ། ཞེ་སྡང་མེ་ལོང་ཡེ་ཤེས་འགྱུར། ། ང་རྒྱལ་མཉམ་པ་ཉིད་ཀྱིར་འགྱུར། ། འདོད་ཆགས་སོ་སོར་རྟོག་པར་འགྱུར། ། ཕྲག་དོག་བྱ་བ་ནན་ཏན་འགྱུར། ། དེ་ནས་འགྱུར་བ་ལམ་དུ་བྱེད། ། དེ་ནས་གཞན་ཡང་ བཤད་བྱ་སྟེ། ། སྐུ་ཡི་ཡི་གེ་རྣམ་བཞི་ཡིས། ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཕེལ། ། གསུང་གི་ཡི་གེ་རྣམ་བཞི་ཡིས། ། སོ་སོར་རྟོག་པའི་ཡེ་ཤེས་འཕེལ། ། ཐུགས་ཀྱི་ཡི་གེ་རྣམ་བཞི་ཡིས། །
BOམེ་ལོང་ལྟ་བུའི་ཡེ་ཤེས་འཕེལ། ། ཡོན་ཏན་ཡི་གེ་རྣམ་བཞི་ཡིས། ། མཉམ་ པ་ཉིད་ཀྱི་ཡེ་ཤེས་འཕེལ། ། ཕྲིན་ལས་ཡི་གེ་རྣམ་བཞི་ཡིས། ། བྱ་བ་གྲུབ་པའི་ཡེ་ཤེས་འཕེལ། ། ཨཱ་ལི་དང་ནི་ཀཱ་ལི་ཡིས། ། སྒྲ་དོན་དག་གིས་རྟོགས་པར་འགྱུར། ། ཞེས་སོ། ། དེ་ནས་གསང་བ་བཤད་བྱ་སྟེ། ། གྲངས་ཀྱི་ཚད་ནི་འདི་ལྟ་སྟེ། ། འབུམ་ཕྲག་གཅིག་གིས་ བགེགས་རྣམས་སྐྲོད། ། འབུམ་ཕྲག་གཉིས་ཀྱིས་གྲོང་ཁྱེར་སྐྲོད། ། འབུམ་ཕྲག་གསུམ་གྱིས་རྒྱལ་པོ་འཇོམས། ། འབུམ་ཕྲག་བཞི་པས་བུད་མེད་འགུགས། ། འབུམ་ཕྲག་ལྔ་ཡིས་ཕྱོགས་རྣམས་བསྲེག ། འབུམ་ཕྲག་དྲུག་གིས་འབྱུང་བ་བཟློག ། འབུམ་ཕྲག་བདུན་གྱིས་གནས་ ཁང་གཡོ། ། འབུམ་ཕྲག་བརྒྱད་ཀྱིས་མངོན་ཤེས་འཆར། ། འབུམ་ཕྲག་དགུ་ཡིས་ཟས་ནོར་འདུ། ། འབུམ་ཕྲག་བཅུ་ཡིས་གང་འདོད་འགྲུབ། ། དེ་ནས་གསང་བ་བཤད་བྱ་སྟེ། ། མཚན་ལྟས་རབ་འབྲིང་ཐ་མ་གསུམ། ། སྐལ་དང་ལྡན་པའི་གང་ཟག་ལ། ། ཡེ་ཤེས་ཁྲོ་མོ་རྣམ་པ་ལྔ། ། མངོན་སུམ་དག་ཏུ་མཐོང་བར་འགྱུར། ། དབང་པོ་རབ་ཀྱི་སྣང་བ་སྟེ། ། ལས་འཕྲོ་ཅན་གྱི་སྣང་བ་ཡིན། ། སྐལ་བ་འབྲིང་གི་གང་ཟག་ལ། ། ཡེ་ཤེས་ཁྲོ་མོ་རྣམ་པ་ལྔ། ། རང་གི་ལས་དང་གང་མཐུན་པར། །
BOརྨི་ལམ་དག་ཏུ་མཆོག་ཏུ་གསལ། ། སྐལ་བ་འབྲིང་ གི་མཚན་ལྟས་ཡིན། ། སྐལ་བ་དམན་པའི་གང་ཟག་ལ། ། ཚུལ་བཞིན་བྲིས་པའི་ཐང་སྐུ་སྟེ། ། འོད་དང་སྒྲ་དང་འཛུམ་པ་དང་། ། མཁའ་འགྲོའི་ལུང་བསྟན་འབྱུང་བ་དང་། ། སྐྱེ་བ་འདི་ལ་ངེས་པར་འགྲུབ། ། སྦྱོར་བ་དམན་པའི་གང་ཟག་ལ། ། བར་མ་དོ་ནས་ལམ་སྣ་འདྲེན། ། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། ། དུས་ཀྱི་ཚད་ནི་རྣམ་གསུམ་སྟེ། ། རབ་ལ་སྐད་ཅིག་རྣམ་དྲུག་ཡིན། ། འབྲིང་ལ་ཟླ་བ་དྲུག་གིས་གྲོལ། ། ཐ་མ་ལོ་དྲུག་སྦྱར་བའོ། ། ཕྱི་དང་ནང་དང་གསང་བ་གསུམ། ། རྣམ་པ་གསུམ་དུ་ཤེས་པར་བྱ། ། ལས་ཚོགས་རང་བཞིན་དབྱེ་བ་ནི། ། རྒྱས་དང་བསྡུས་པ་ཤིན་ཏུ་རྒྱས། ། རྣམ་པ་གསུམ་དུ་ཤེས་པར་བྱ། ། བསྡུས་པ་ཚར་གཅད་རྗེས་གཟུང་གཉིས། ། རྒྱས་པ་ཕྲིན་ལས་རྣམ་པ་བཞི། ། ཤིན་ཏུ་རྒྱས་པ་ཐུན་མོང་བརྒྱད། ། དེ་ལས་འཕྲོས་པ་ཉི་ཤུ་ལྔ། ། བདེ་ཆེན་དཀར་མོའི་ཏིང་འཛིན་གྱིས། ། ཞི་བའི་ལས་ཚོགས་ རྣམ་ལྔ་འགྲུབ། ། སེར་མོ་དོན་གྲུབ་ཏིང་འཛིན་གྱིས། ། རྒྱས་པའི་ལས་ཚོགས་རྣམ་ལྔ་འགྲུབ། ། དམར་མོ་སྒྲ་སྒྲོགས་ཏིང་འཛིན་གྱིས། ། དབང་གི་ལས་ཚོགས་རྣམ་ལྔ་འགྲུབ། ། ཁྲོས་མ་ནག་མོའི་ཏིང་འཛིན་གྱིས། །
BOདྲག་པོའི་ལས་ཚོགས་རྣམ་ལྔ་འགྲུབ། ། སྣ་ཚོགས་མཐར་ཕྱིན་ཏིང་ འཛིན་གྱིས། ། ཕྲིན་ལས་བཞི་ཡི་ལས་རྣམས་འགྲུབ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་འབྲས་བུའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ནས་དུར་ཁྲོད་བདག་མོ་དེས། ། སྟོན་པ་མཚན་ཉིད་བཞི་ལྡན་ལ། ། ཕྱི་ནང་གསང་བའི་མཆོད་པ་འདི་ཕུལ་ནས་འདི་སྐད་ཞུས་ཏེ། ། སྐལ་བར་ལྡན་པའི་གང་ཟག་གིས། ། བདག་དང་གཞན་ལ་ཕན་གདགས་ཕྱིར། ། སྐུ་དང་མཆོད་རྟེན་ཇི་ལྟར་བགྱི། ། དེ་ཡི་{གོ་རིམས་,གོ་རིམ་}བཤད་དུ་གསོལ། ། ཞེས་ཞུས་པའོ། ། དེ་ནས་སྟོན་པས་བཀའ་སྩལ་ཏེ། ། ཉོན་ཅིག་དུར་ཁྲོད་བདག་ མོ་ཁྱོད། ། རིགས་ཅན་ལྔ་ཡི་གང་ཟག་དེས། ། བདག་དོན་གཞན་དོན་བྱེད་འདོད་པས། ། སྐུ་ལྔ་གདུང་ལྔ་མཆོད་རྟེན་ལྔ། ། རྒྱུ་ལྔ་སྔགས་ལྔ་ལས་རིམ་ལྔ། ། ལྔ་ཚན་ལྔ་རུ་ཤེས་པར་བྱ། ། དེ་ཡི་བྱ་བའི་རིམ་པ་ནི། ། དེ་ཉིད་གསུམ་དང་ལྡན་པར་བྱ། ། དང་པོ་བདག་གི་དེ་ཉིད་དང་། ། གཉིས་ པ་རྒྱུ་ཡི་དེ་ཉིད་དང་། ། གསུམ་པ་འབྲས་བུའི་དེ་ཉིད་དོ། ། དང་པོ་བདག་གི་དེ་ཉིད་ནི། ། དེ་བཞིན་རིགས་ཀྱི་གང་ཟག་དེ། །
BOདད་དང་བརྩོན་འགྲུས་རབ་ལྡན་པས། ། སྐུ་དང་མཆོད་རྟེན་འདེབས་དུས་སུ། ། འདུ་ཤེས་གསུམ་དང་ལྡན་པར་བྱ། ། གཉིས་པ་རྒྱུ་ཡི་དེ་ཉིད་ནི། ། རྣམ་པ་ལྔ་ རུ་ཤེས་པར་བྱ། ། ས་གཞི་དཀར་ཞིང་སྣུམ་པ་ལ། ། རིན་ཆེན་སྣ་ལྔ་ལ་སོགས་པའི། ། ལྔ་ཚན་ལྔ་ནི་ལེགས་སྦྱར་ཏེ། ། ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། ། སྐུ་དང་མཆོད་རྟེན་ཅི་རིགས་གདབ། ། འོག་མིན་གནས་ནས་སྤྱན་དྲངས་ལ། ། རབ་ཏུ་གནས་པ་གཞུང་བཞིན་བྱ། ། དེ་ ནས་མངའ་གསོལ་ན་བཟའ་གསོལ། ། དེ་ལ་མཆོད་དང་བསྟོད་པ་བྱ། ། བཞུགས་སུ་གསོལ་བའི་རིམ་པ་ནི། ། དམ་ཆོས་གཞན་དང་མཐུན་པར་བྱ། ། ཞི་བའི་ལས་རྣམས་འགྲུབ་པར་འགྱུར། ། དང་པོ་བདག་གི་དེ་ཉིད་ནི། ། རིན་ཆེན་རིགས་ཀྱི་གང་ཟག་དེས། ། དད་དང་བརྩོན་ འགྲུས་རབ་ལྡན་པས། ། སྐུའམ་མཆོད་རྟེན་འདེབས་དུས་སུ། ། འདུ་ཤེས་གསུམ་དང་ལྡན་པར་བྱ། ། གཉིས་པ་རྒྱུ་ཡི་དེ་ཉིད་ནི། ། རྣམ་པ་ལྔ་རུ་ཤེས་པར་བྱ། ། ས་གཞི་སེར་ལ་འཚེར་བ་ལ། ། གོང་དུ་བསྟན་པ་ཇི་ལྟ་བར། ། སྐུ་དང་མཆོད་རྟེན་ཅི་རིགས་གདབ། ། འོག་མིན་གནས་ནས་ སྤྱན་དྲངས་ནས། ། རབ་ཏུ་གནས་པ་གཞུང་བཞིན་བྱ། ། དེ་ལ་མངའ་གསོལ་ན་བཟའ་གསོལ། ། མཆོད་དང་བསྟོད་པ་བཞུགས་པ་རྣམས།
BO། དམ་ཆོས་གཞན་དང་མཐུན་པར་བྱ། ། རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར། ། དང་པོ་བདག་གི་དེ་ཉིད་ནི། ། པདྨ་རིགས་ཀྱི་གང་ཟག་དེ། ། དད་དང་བརྩོན་འགྲུས་རབ་ལྡན་པས། ། སྐུ་དང་མཆོད་རྟེན་བྱེད་དུས་སུ། ། འདུ་ཤེས་གསུམ་དང་ལྡན་པར་བྱ། ། གཉིས་པ་རྒྱུ་ཡི་དེ་ཉིད་ནི། ། རྣམ་པ་ལྔ་རུ་ཤེས་པར་བྱ། ། ས་གཞི་དམར་ལ་གདང་བ་ལ། ། ལྔ་ཚན་ལྔ་དང་ལེགས་སྦྱར་ཏེ། ། ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། ། སྐུ་དང་ མཆོད་རྟེན་ཅི་རིགས་གདབ། ། འོག་མིན་གནས་ནས་སྤྱན་དྲངས་ལ། ། རབ་ཏུ་གནས་པ་གཞུང་བཞིན་བྱ། ། དེ་ལ་མངའ་གསོལ་ན་བཟའ་གསོལ། ། མཆོད་དང་བསྟོད་དང་བཞུགས་པ་ཀུན། ། དམ་ཆོས་གཞན་དང་མཐུན་པར་བྱ། ། དབང་གི་ལས་རྣམས་འགྲུབ་ པར་འགྱུར། ། དང་པོ་བདག་གི་དེ་ཉིད་ནི། ། རྡོ་རྗེ་རིགས་ཀྱི་གང་ཟག་དེ། ། དད་དང་བརྩོན་འགྲུས་རབ་ལྡན་པས། ། སྐུ་དང་མཆོད་རྟེན་འདེབས་དུས་སུ། ། འདུ་ཤེས་གསུམ་དང་ལྡན་པར་བྱ། ། གཉིས་པ་རྒྱུ་ཡི་དེ་ཉིད་ནི། ། རྣམ་པ་ལྔ་རུ་ཤེས་པར་བྱ། ། ས་གཞི་གནག་ཅིང་རྩུབ་པ་ལ། ། ཁྲག་ དང་དུག་དང་ཚེར་མ་དང་། ། ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དང་། ། ལྔ་ཚན་ལྔ་དང་བཅས་པ་ལ། ། ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །
BOསྐུ་དང་མཆོད་རྟེན་ཅི་རིགས་གདབ། ། འོག་མིན་གནས་ནས་སྤྱན་དྲངས་ལ། ། རབ་ཏུ་གནས་པ་གཞུང་བཞིན་བྱ། ། དེ་ལ་མངའ་གསོལ་ན་ བཟའ་གསོལ། ། མཆོད་དང་བསྟོད་པ་བཞུགས་པ་ཀུན། ། དམ་ཆོས་གཞན་དང་མཐུན་པར་བྱ། ། དྲག་པོའི་ལས་རྣམས་འགྲུབ་པར་བྱེད། ། དང་པོ་བདག་གི་དེ་ཉིད་ནི། ། ལས་ཀྱི་རིགས་ཀྱི་གང་ཟག་དེ། ། དད་དང་བརྩོན་འགྲུས་རབ་ལྡན་པས། ། སྐུ་དང་མཆོད་རྟེན་འདེབས་དུས་ སུ། ། འདུ་ཤེས་གསུམ་དང་ལྡན་པར་བྱ། ། གཉིས་པ་རྒྱུ་ཡི་དེ་ཉིད་ནི། ། རྣམ་པ་ལྔ་རུ་ཤེས་པར་བྱ། ། ས་གཞི་ལྗང་ཞིང་ཁ་དོག་སེར། ། གོང་དུ་ལྔ་ཚན་ལྔ་དང་སྦྱར། ། དེ་ལ་སྐུ་དང་མཆོད་རྟེན་རྣམས། ། ཇི་ལྟར་ནུས་པ་བཞིན་དུ་གདབ། ། འོག་མིན་གནས་ནས་སྤྱན་དྲངས་ལ། ། རབ་ ཏུ་གནས་པ་གཞུང་བཞིན་བྱ། ། དེ་ལ་མངའ་གསོལ་ན་བཟའ་གསོལ། ། མཆོད་དང་བསྟོད་པ་བཞུགས་པ་རྣམས། ། དམ་ཆོས་གཞན་དང་མཐུན་པར་བྱ། ། དྲག་པོའི་ལས་རྣམས་འགྲུབ་པར་འགྱུར། ། བསྟོད་པ་ལྔ་ནི་སོ་སོར་བསྟོད། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་ སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་སྐུ་དང་མཆོད་རྟེན་གདབ་པའི་ལེའུ་སྟེ་དགུ་པའོ། ། ། །
BOདེ་ནས་དུར་ཁྲོད་བདག་མོ་དེས་སྟོན་པ་མཚན་ཉིད་བཞི་ལྡན་ལ་ཕྱི་ནང་གསང་བའི་མཆོད་པ་གསུམ་ཕུལ་ནས་འདི་སྐད་ཞུས་སོ། ། ཀྱེ་ཀྱེ་མགོན་པོ་ བདག་ལ་གསོན། ། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་། ། རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་གིས། ། དུས་གསུམ་ཀུན་ཏུ་སྡུག་བསྔལ་བསྐྱེད། ། དེ་ཡི་གཉེན་པོ་བཤད་དུ་གསོལ། ། ཁམས་གསུམ་འཁོར་བའི་སེམས་ ཅན་རྣམས། ། རྒྱུ་ནི་མ་རིག་པ་ཡིས་བསྐྱེད། ། རྐྱེན་ནི་རྣམ་པར་རྟོག་པ་སྟེ། ། དེ་རྣམས་རྣམ་རྟོག་ཇི་ལྟར་བསལ། ། ཕྱོགས་ངན་ལ་སོགས་འགྲོ་བའི་ཚེ། ། དེ་ཡི་རྟོག་པ་གཅད་པར་ཞུ། ། ལེགས་ཉེས་ཀུན་གྱི་སྟངས་གཅོད་པའི། ། མནའ་དང་གལ་གྱིས་འཇིགས་པ་ ལ། ། དེ་ཡི་རྟོག་པ་གཅད་པར་ཞུ། ། ཉོན་མོངས་ནད་ཀྱིས་ཉེན་པ་ལ། ། དེ་ལས་ཐར་པའི་ཐབས་ཅིག་ཞུ། ། བདག་གཞན་གཉིས་པོ་རྩོད་དུས་སུ། ། དེ་ལས་རྒྱལ་བའི་ཐབས་ཅིག་ཞུ། ། ལུས་སེམས་གཉིས་པོ་འབྲལ་དུས་དེར། ། དེ་ལས་ཐར་པའི་ཐབས་ཅིག་ ཞུ། ། དེ་ནས་སྟོན་པས་ཚིག་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྒྱུ་འབྲས་ཀུན་ཏུ་སྡུག་བསྔལ་བ། ། མ་ལུས་དབྱེར་མེད་ཤེས་གྱུར་ན། ། སྡུག་བསྔལ་མ་ལུས་བདེ་བར་འགྱུར། །
BOགཞན་ཡང་ཐུན་མོང་འདི་ལྟ་སྟེ། ། ཕྱོགས་ངན་ལ་སོགས་འགྲོ་བའི་ཚེ། ། ཕྱོགས་ལས་ རྣམ་པར་རྒྱལ་བར་བྱ། ། ཉེས་ལེགས་ཀུན་གྱི་སྟངས་གཅོད་པ། ། མནའ་འམ་གལ་གྱིས་འཇིགས་པ་ལ། ། མནའ་ལས་རྣམ་པར་རྒྱལ་བར་བྱ། ། ནད་དང་གདོན་གྱིས་ཉེན་པ་ལ། ། བགེགས་ལས་རྣམ་པར་རྒྱལ་བར་བྱ། ། བདག་གཞན་གཉིས་པོ་རྩོད་པ་ལ། ། ངག་ ལས་རྣམ་པར་རྒྱལ་བར་བྱ། ། ལུས་སེམས་གཉིས་པོ་འབྲལ་དུས་དེར། ། རླུང་ལས་རྣམ་པར་རྒྱལ་བར་བྱ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྣམ་པར་རྒྱལ་བ་རྣམ་པ་ ལྔའི་ལེའུ་སྟེ་བཅུ་པའོ། ། ། ། དེ་ནས་མགོན་པོ་ཧེ་རུ་ཀས་འཁོར་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་སྔགས་ཀྱི་སྡུད་པ་མོ་རབ་ཏུ་དགའ་སྟེ། འཁོར་རྣམས་འདུས་པའི་ཚོགས་ཀྱིས་ཀྱང་དེ་ལྟར་དགའ་མགུ་ཡི་རངས་ཏེ། ཕྱི་ནང་གསང་བའི་མཆོད་ པ་ཕུལ་ནས། མགོན་པོ་ཐུགས་རྗེ་དང་ལྡན་པས། ། བདག་དང་འདུས་པའི་འཁོར་རྣམས་དང་། ། འཁོར་བའི་སེམས་ཅན་ཐམས་ཅད་ལ། ། ཐུགས་རྗེས་གནང་བ་བཀའ་དྲིན་ལགས། ། ཞེས་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་ འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ། །
BOམཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་རྫོགས་ སོ། ། ། །