BO༄༅༅། ། རྒྱ་གར་སྐད་དུ། ཤྲཱི་བྷ་ག་བཱ་ན་ཨེ་ཀ་ཛ་ཊ་མ་ཧཱ་ཀལྤ་(ཏནྟ་,ཏནྟྲ་)རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་བརྟག་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་ གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་གནས་རྡོ་རྗེའི་རི་བོའི་ཟོམ་ན་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཇིགས་བྱེད་རྒྱལ་པོ་དང་། ཀླུའི་དབང་པོ་དང་། ཉི་མ་དང་ཟླ་བའི་གདོང་ཅན་དང་། ཡེ་ཤེས་བཀོད་པའི་ཕྱག་རྒྱ་ལ་སོགས་ པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་དེ་ཁོ་ན་ཉིད་ཤིན་ཏུ་སྦས་པའི་མཛོད་ལ་མངའ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཡང་དག་པར་ངེས་པ། རིགས་དང་ཚོགས་དང་དམ་ཚིག་དང་བརྟུལ་ཞུགས་ཆེན་པོ་ཕྱག་རྒྱ་རྒྱ་མཚོ་ལྟ་བུའི་ཚུལ་ ལ་གནས་པ། གསང་བ་བས་ཀྱང་ཆེས་གསང་བའི་བདེ་བ་ཆེན་པོ་ལ་རྣམ་པར་རོལ་པ། ཐབས་དང་ཤེས་རབ་བླ་ན་མེད་པའི་ཁ་སྦྱོར་ལས་ངེས་པར་འབྱུང་བའི་ཡེ་ཤེས་ཅན། འགྲོ་བ་ཐམས་ཅད་ཀྱི་ཀུན་ནས་ལྡང་བ་དང་བག་ལ་ཉལ་འཇོམས་པ་ལ་མཁས་པ་དཔག་ཏུ་མེད་པ་དང་ཐབས་ ཅིག་ཏུ་བཞུགས་སོ། །
BOདེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། རྡོ་རྗེ་དབང་ཕྱུག་རྡོ་རྗེ་ཆེ། ། རྡོ་རྗེའི་རྒྱལ་པོ་ཀུན་བདག་པོ། ། སངས་རྒྱས་ ཐམས་ཅད་བསྐྱེད་མཛད་ཡབ། ། བདེ་ཆེན་འཁོར་ལོ་བདག་ལ་གསུངས། ། སྲིད་གསུམ་ཐིབས་པོ་སེལ་མཛད་ཅིང་། ། མྱ་ངན་འདས་ལ་མི་གནས་པ། ། ལུས་ཅན་ཀུན་སྐྱོབ་བརྩེ་ཆེན་པོ། ། འདྲེན་པ་ཁྱོད་ལམ་བསྟན་དུ་གསོལ། ། བློ་གྲོས་སྙིང་རྗེ་བརྟན་ལྡན་པས། ། ཐབས་ནི་གང་ ཞིག་མངོན་བསྒོམས་ན། ། སྐུ་ལྔ་ཕྱག་རྒྱ་འགྲུབ་འགྱུར་བ། ། གཙོ་བོ་དེ་ནི་འདིར་བཤད་གསོལ། ། རྡོ་རྗེ་དཀྱིལ་འཁོར་ཆེར་འབྱུང་བ། ། འབུམ་ཕྲག་རྒྱུད་ཆེན་ལས་གསུངས་པ། ། རལ་པ་གཅིག་ཕྲེང་དཀྱིལ་འཁོར་གཙོ། ། སྦས་པ་གང་ལགས་བརྩེ་བས་གསུངས། ། ཞེས་ གསོལ་པ་དང་། བཅོམ་ལྡན་འདས་རྡོ་རྗེ་དཀྱིལ་འཁོར་མ་ལུས་པའི་བདག་པོ་རབ་ཏུ་དགྱེས་པས་འཛུམ་པ་མཛད་དེ། ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་ལྔ་ཕྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ་སླར་འདུས་པས་འཁོར་གྱི་དཀྱིལ་འཁོར་ཡོངས་སུ་སྦྱངས་ཏེ།
BOབཅོམ་ལྡན་འདས་ཉིད་ལ་བསྐོར་བ་ལན་གསུམ་བྱས་ནས་སྤྱི་གཙུག་ཏུ་ནུབ་པར་གྱུར་ཏོ། ། དེ་ནས་ཡང་དབུའི་གཙུག་ཏོར་གྱི་ནོར་བུ་ལས་ཟླ་བ་དང་། ཀུནྡ་ལྟ་བུའི་འོད་ཟེར་དཀར་པོ་བྱུང་སྟེ། དབུའི་སྟེང་དུ་དཀྱིལ་འཁོར་ཆེན་པོ་མངོན་པར་འབྱུང་བའི་རྣམ་པར་བཀོད་པ་མངོན་སུམ་དུ་ གསལ་བར་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྙིང་རྗེ་ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་སྨན་པ་དང་བདེ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་མངོན་ པར་འབྱུང་བའི་མཛོད་རྡོ་རྗེ་སྒེག་པ་ཆེན་པོ་རལ་པ་གཅིག་པའི་གསང་བ་མཆོག་ཞུས་པ་ལེགས་སོ་ལེགས་སོ། ། རྡོ་རྗེ་འཆང་འདི་ནི་ཁྱོད་ཀྱི་དུས་ཡིན་ཞིང་འདི་ནི་ཁྱོད་ཀྱི་སྣང་བར་བྱེད་པ་ཡིན་ནོ། ། ང་ཡང་སྔོན་རྡོ་རྗེ་རི་བོའི་ཟོམ་འདི་ཉིད་དུ་བྱང་ཆུབ་སེམས་དཔའ་སྐར་མ་ལ་དགའ་བ་ཞེས་བྱ་བར་ གྱུར་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཡེ་ཤེས་རལ་པ་གཅིག་པའི་གསང་བ་ལྷན་ཅིག་ཏུ་རྣམ་པར་རོལ་པས་སེམས་ཅན་དཔག་ཏུ་མེད་པ་སྨིན་པར་བྱས་པ་རྗེས་སུ་དྲན་ནོ། །
BOདེ་བས་ན་ཁྱོད་ཀྱིས་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པས་གསང་སྔགས་ཀྱི་ངེས་པར་ འབྱུང་བའི་རྟོག་པ་འདི་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཨོྃ་ཨཱཿཨོཾ་ཨོཾ་ཨཱཿཧྲཱིཾ་ཏྲཱིཾ་ཧཱུྃ། ཨོྃ་ཨཱཿསརྦ་ཏ་ ཐཱ་ག་ཏོ་གརྦྷེ་བཛྲ་ཏ་ཏྭ་སརྦྦ་ཉྫཱ་ན་ཛྭཱ་ལ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿསརྦ་ཏ་ཐཱ་ག་ཏོ་མཱྀ་ཏྲྀ་བཛྲ་ཏ་ཏྭོ་པཱ་ཡ་ས་ར་བེཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་ཛྙཱ་ན་ཧཱུྃ་ཕཊ། ཨོྃ་ཨཱཿབཛྲ་ཙཀྲ་ཨ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་རཏྣ་ཨི་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་པདྨ་ཨུ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ ཨཱཿབཛྲ་བི་ཤྭ་ཨེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་མོ་ཧཱ་ཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་ཝརྞྞ་ཨཱི་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་རཱ་ག་ཨཱུ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་དྭེ་ཥ་ཨཻ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་སྠཱི་ར་ཨཽ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་ཡོ་ག་ཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་ཛྭཱ་ལ་ ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་བ་ལ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་ཨཱཿབཛྲ་རཱུ་པ་ཎི་ཀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་ཤཔྡ་ཙ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་གནྡྷ་ཊ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿར་ས་ཏ་བཛྲ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་སྥརྵ་པ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་དྷརྨ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་ཀྵི་ཏྲ་ཤ་ཧཱུྃ་ ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་ཨཱ་ལོ་ཀཱཀྵཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་ཨོཾ་ཀུ་ཤ་རྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་པཱ་ཤ་རཱྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་བནྡྷ་ལྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱཿབཛྲ་གྷཎྜ་ལཱྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སྭ་བྷཱ་བ་ཤུདྡྷཱཿསརྦཱ་དྷརྨཱཿསྭབྷཱ་བ་ཤུདྡྷོ྅ཧྃ། ཨོྃ་བཛྲ་ཤུདྡྷཱཿསརྦྦ་དྷརྨཱཿབཛྲ་ཤུདྡྷོ྅ཧྃ། ཨོྃ་ཡོག་ ཤུདྡྷཱཿསརྦྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧྃ། རྡོ་རྗེ་མི་བསྐྱོད་རལ་པ་གཅིག ། མི་བསྐྱོད་པ་ནི་བྱང་སེམས་བཅས། ། རྡོ་རྗེ་སྒྲོན་མ་རྡོ་རྗེ་དང་། ། རྡོ་རྗེ་ཞགས་པ་རྣམ་པར་བསྒོམ། ། གཏི་མུག་བག་ཆགས་འདོད་ཆགས་དང་། ། ཞེ་སྡང་རྡོ་རྗེ་འཁོར་ལོར་གནས། ། རི་རབ་ཉི་ཟླ་བ་དན་ལས། ། འབྱུང་བཞིའི་རྡོ་རྗེ་དེ་བཞིན་ནོ། ། ཁྱམས་བཞིར་མེ་ལོང་པི་ཝྃ་དང་། ། དྲི་མཆོག་ཞལ་ཟས་ལས་བྱུང་བ། ། གཟུགས་སྒྲ་དྲི་རོ་རྡོ་རྗེ་མ། །
BOམཁས་པས་རྟག་ཏུ་མཉམ་པར་གཞག ། ཕྱོགས་བྲལ་ན་བཟའ་ཆོས་འབྱུང་དང་། ། མཎྜལ་མར་མེ་ལས་སྐྱེས་པ། ། རེག་ཆོས་ཞིང་ དང་སྣང་བ་ཡིས། ། རྡོ་རྗེ་ལྷ་མོ་རྣམ་པར་བལྟ། ། སྒོ་བཞིར་ལྕགས་ཀྱུ་ཞགས་པ་དང་། ། ལྕགས་སྒྲོག་དྲིལ་བུ་ཡོངས་གྱུར་པས། ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་བསྒོམ། ། རང་མཚན་ཀ་པཱ་ལས་རབ་མཛེས། ། གཏུམ་དྲག་ཚང་ཚིང་འཁྲིགས་པ་དང་། ། འུར་འུར་འབར་བས་ ཁྱབ་པ་དང་། ། ཀེང་རུས་འཇིགས་རུང་ཤར་སོགས་ཀྱིས། ། ཕྱོགས་སུ་གཡོན་བསྐོར་གྱིས་ལེགས་གནས། ། ཧ་ཧར་དགོད་པ་དབང་ལྡན་དུ། ། བྱིན་ཟར་དཔལ་གྱི་ནགས་ཚལ་ལོ། ། མུན་པ་མི་བཟད་བདེན་བྲལ་དུ། ། རླུང་དུ་ཀི་ལི་ཀི་ལིར་སྒྲོགས། ། མི་མཉམ་མེད་པ་ཟུར་བཞི་ ཡིན། ། དྲན་དང་དབང་པོ་སྒོ་བཞི་སྟེ། ། བསམ་གཏན་བཞི་ནི་རྟ་བབས་བཞི། ། རྣམ་ཐར་བརྒྱད་ཕྱིར་ཀ་བ་བརྒྱད། ། བྱང་ཆུབ་ཡན་ལག་བདུན་དག་ཕྱིར། ། དྲ་བ་དང་ནི་དྲ་བ་ཕྱེད། ། ཕྱོགས་བཞིར་ཚད་མེད་བཞི་ཡིན་ཏེ། ། པདྨ་འཁོར་ལོ་ཤེས་རབ་ཐབས། ། རྣམ་པར་ ཤེས་བརྒྱད་ཡོངས་དག་པ། ། དེ་ནི་དུར་ཁྲོད་ཆེན་པོ་བརྒྱད། ། ཟླ་བ་མེ་ལོང་ཉི་མཉམ་ཉིད། ། ས་བོན་མཚན་མ་ཀུན་ཏུ་རྟོག ། ཡོངས་གྱུར་བྱ་བ་གྲུབ་པ་སྟེ། །
BOཉེར་རྫོགས་ཆོས་དབྱིངས་ཡེ་ཤེས་ཡིན། ། ལྔ་ཕུང་དང་ནི་དྲི་མ་བཞིན། ། ཆེན་པོ་བཞི་དང་སྤྱོད་ཡུལ་བརྒྱད། ། རྣམ་བཞི་ཚོར་བ་རྣམ་དག་ལྷ། ། ཡེ་ཤེས་བདག་ཉིད་འཁོར་ལོའོ། ། དགོད་དང་ཕྲད་འཁྱུད་འཁྲིག་པ་དག ། པཱུ་ཛཱ་ཨོ་ཨ་གོ་ར་དེ་མ། ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། ། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ། ཧ་ཧི་ཧུ་ཧེ་ཧོ་ཧྃ། ། ཨ་ཨི་ཨུ་ཨེ་ཨོ་ཨྃ། ། རྣམ་པ་སྣ་ཚོགས་རྣམ་པར་སྨིན། ། རྣམ་པར་འཇོམས་དང་རྣམ་མཚན་བྲལ། ། དགའ་དང་མཆོག་དགའ་དགའ་བྲལ་དང་། ། ལྷན་ཅིག་སྐྱེས་དགའི་མཚན་ཉིད་དོ། ། དགོད་དང་ཕྲད་འཁྱུད་འཁྲིག་པ་དག ། བདེ་ཆེན་དག་ཕྱིར་བུམ་པ་དང་། ། གསང་བ་ཤེས་རབ་བདེ་བ་ཆེ། ། དབང་བཞི་རྒྱལ་པོ་ཐོབ་པར་ འགྱུར། ། ཛཿཧཱུྃ་བྃ་ཧོཿ། དམིགས་པས་དུབ་དང་གཞན་གོམས་འདོད། ། རྣམ་པར་མི་རྟོག་དེ་ཉིད་བསྒོམ། ། རྨི་ལམ་ནམ་མཁའི་སྦྱོར་བ་ནི། ། ཉིན་མཚན་རྟག་ཏུ་རྣམ་པར་གཞག ། སྤྱི་བོ་སྙིང་ག་ལྟེ་བར་ནི། ། ཟླ་བ་པདྨ་ཉི་སྟེང་དུ། ། ཧྃ་དང་ཧཱུྃ་དང་ཨ་ཞེས་པ། ། ཡི་གེ་བདེ་ གསལ་མི་རྟོག་རྒྱུད། ། སྙིང་པོ་འཕོ་དང་ཐིམ་དང་གནས། ། འགྱུར་དང་འགུལ་དང་འཕར་བ་དང་། ། མདའ་བསྣུན་བསྡུ་དང་འགྲོ་འོང་སྦྱར། །
BOལུས་མེད་སེམས་ནི་ཅི་བདེར་འགྲོ། ། བསྟིམས་ནས་འཕྲོ་ཞིང་འབར་བར་བྱེད། ། དབང་དུ་བྱེད་དང་ཁ་སྦྱར་བསྒོམ། ། འདུན་པས་ བསྒྲུབ་དང་ས་བོན་བསྒྱུར། ། འཕེན་དྲན་བར་དོར་དོན་སྒྲུབ་འགྱུར། ། ཚེ་འདི་ཡི་ནི་དེ་བཞིན་དུ། ། ཉིང་མཚམས་སྦྱོར་དང་སྲིད་མཚམས་ཡང་། ། རྣལ་འབྱོར་རྒྱལ་པོ་ཐབས་ལྡན་པས། ། བདེ་ཆེན་ས་གསུམ་བདེ་བླག་འགྲོ། ། སྲིད་ཞི་དག་དང་ངེས་པ་དང་། ། རྟེན་འབྲེལ་ འབྱུང་དང་ཟློག་དང་གསད། ། ཞི་རྒྱས་དབང་དང་ཞི་ལ་སོགས། ། འདི་ལ་ཐེ་ཚོམ་མི་བྱའོ། ། གཉིས་སྦྱོར་རྒྱུན་མི་འཆད་བ་དེ་དང་། ། ཀུན་ནས་འོད་གསལ་ལྷན་ཅིག་སྐྱེས། ། བུང་བས་མེ་ཏོག་རྩི་ལྟར་ནི། ། རྣམ་པ་ཀུན་ཏུ་དོན་བསྒྲུབ་པའོ། ། ཨོཾ་ཨ་ཀཱ་རོ་མུ་ཁྃ་ སརྦྦ་དྷརྨྨ་ནཱྃ་ཨཱདྱ་ནུཏྤནྟ་ཏྭཱ་ཏ་སརྦ་ནི་སྭ་བྷཱ་བ་ཧཱུྃ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་དེ་དག་ཐམས་ཅད་རབ་ཏུ་ཡི་རངས་ཏེ། ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ཅིང་མཆོད་པ་བསམ་གྱིས་ མི་ཁྱབ་པ་ཐམས་ཅད་ཀྱིས་མཆོད་པ་ལ་བརྩོན་པར་གྱུར་ཏེ། འཇིག་རྟེན་མགོན་པོ་བཅོམ་ལྡན་ལེགས། །
BOའགྲོ་བ་ཉོན་མོངས་བསྐྱབ་སླད་དུ། ། སྟོང་པའི་ཏིང་འཛིན་སྤངས་ནས་ནི། ། ཁྱོད་ཀྱིས་བྱམས་ཆེན་སྐུར་བསྟན་མཛད། ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་ལེགས། ། སེམས་ཅན་ སྡུག་བསྔལ་བསྒྲལ་སླད་དུ། ། ཞི་བའི་མཐའ་ལ་མི་གནས་པར། ། བརྩེ་ཆེན་རྣམ་པར་འཕྲུལ་པར་མཛད། ། བདེ་ཆེན་རྒྱལ་པོ་བཅོམ་ལྡན་ལེགས། ། ལུས་ཅན་བདེ་དོན་བསྒྲུབ་སླད་དུ། ། ཟག་མེད་དབྱིངས་ཐུགས་མ་གཞོལ་བར། ། དགྱེས་ཆེན་ཀུན་དུ་སྣང་མཛད་ལེགས། ། གཙོ་ བོ་རྡོ་རྗེ་རྒྱལ་པོ་ལེགས། ། སྐྱེ་བོ་དུབ་བ་ངལ་བསོའི་ཕྱིར། ། མཐའ་གཅིག་རྒྱུན་ཆད་མི་བཞུགས་པར། ། མ་ལུས་འཚལ་བ་སྒྲུབ་པ་རྨད། ། དེ་ནས་འཁོར་གྱི་ཚོགས་ཕལ་མོ་ཆེ་དེ་དག་དང་། རྡོ་རྗེའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ ཀྱིས་འདི་སྐད་ཅེས་བཀའ་སྩལ་པའི་ངེས་པར་གྱུར་པ་ཐབས་དང་ཤེས་རབ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པའི་ཏིང་ངེ་འཛིན་ལ་གནས་བཞིན་དུ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་དོན་དུ། ཆོ་འཕྲུལ་ཆེན་པོ་དུ་མ་བསྟན་ཏོ། ། བཅོམ་ལྡན་ འདས་ཀྱིས་ཡང་བཀའ་སྩལ་པ།
BOགང་ལ་ལ་ཞིག་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པའི་གསང་བ་ཆེན་པོ་རྒྱུད་ཀྱི་རྒྱལ་པོ་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་ལ་སོགས་པ་དེ་དག་ནི་ང་དང་རྒྱལ་བ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། ། རྡོ་རྗེ་འབར་བ་ཁྲག་འཐུང་གི་རྒྱལ་ པོའི་དཀྱིལ་འཁོར་གྱི་ལྷ་བྱེ་བ་ཁྲག་ཁྲིག་མང་པོ་ཡང་དེ་ཡི་ཕྱི་བཞིན་དུ་འབྲང་བར་འགྱུར་རོ། ། དྲན་པ་ཙམ་གྱིས་ཚེ་རབས་ཐམས་ཅད་དུ་ཡི་དམ་བྱེད་པར་འགྱུར་རོ། ། མིའམ་མི་མ་ཡིན་པ་ལ་སོགས་པའི་གནོད་པ་ཐམས་ཅད་དང་། འཚེ་བ་དང་། ཡ་ང་བ་དང་། བཀྲ་མི་ཤིས་པ་ཐམས་ ཅད་འབྱུང་བར་མི་འགྱུར་རོ། ། གང་གི་ཁྱིམ་ན་གནས་པ་དེ་ཡང་མཆོད་རྟེན་དུ་བྱ་བར་འགྱུར་རོ། ། རིག་པ་དང་དངོས་གྲུབ་ཐམས་ཅད་ཀྱི་གཏེར་ཚད་མེད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་ དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། བཅོམ་ལྡན་འདས་རལ་པ་གཅིག་པ་བརྟག་པ་རྡོ་རྗེའི་རྒྱུད་ཆེན་པོ་བླ་ན་མེད་པ་རྫོགས་སོ། ། ། །
BOརྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ ཨཱ་ནནྡའི་བཀའ་དྲིན་ལ་བརྟེན་ནས། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བཛྲ་ཤྲྀ་ཁ་ལ་རུ་དྲ་དང་། བོད་ཀྱི་ལོཙྪ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར་བའོ། །