BO
༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་སུ་བརྞྞ་སཱུ་ཏྲ་མ་ཧཱ་ཡཱ་ན་ནཱ་མ་སཱུ་ཏྲ། བོད་སྐད་དུ། འཕགས་པ་གསེར་གྱི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཅི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་ཀྱི་སེམས་ནི་གསེར་དང་རང་བཞིན་འདྲ་བར་གནས་པར་བལྟ་བར་བགྱིའོ། ། གསེར་རང་བཞིན་གྱིས་རྣམ་པར་དག་པ་ལྟར་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་རྣམ་པར་དག་པར་གནས་སོ། ། མགར་ བས་གསེར་ལ་བཟོའི་བྱེ་བྲག་ཐ་དད་པར་བྱས་ཀྱང་གསེར་རང་བཞིན་མི་འགྱུར་བ་ལྟར། བྱང་ཆུབ་ཀྱི་སེམས་ལ་ཡོན་ཏན་ཁྱད་པར་སྣ་ཚོགས་པར་སྣང་ཡང་དོན་དམ་པར་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་པས་རང་བཞིན་མི་འགྱུར་བའི་ཕྱིར་རོ། ། དེ་ནས་བཅོམ་ལྡན་ འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ།