BO༄༅། ། རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་ཨཥྚ་གྷོ་རེ་ཏཱ་སྦཱི་སཱུ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་སྟེང་ལྷའི་གནས་ན་བཞུགས་ཏེ། དེ་ ཉིད་དུ་འཁོར་རྣམས་ཀྱི་ནང་ནས་ལྷ་མོ་སྒྲོལ་མས་འདི་སྐད་ཅེས་སྨྲས་སོ། ། མཐོ་རིས་རིན་ཆེན་ལྟ་བུ་འདི་ཐོབ་ནས། ། ལས་དང་ལས་ཀྱི་འབྲས་བུ་ཤེས་པར་བྱོས། ། བཟང་པོ་སྟེན་ཅིང་ངན་པ་སྤང་བར་གྱིས། ། གང་དག་སྡིག་པའི་ལས་རྣམས་སྤྱོད་བྱེད་པ། ། འཇིག་ རྟེན་ཕ་རོལ་ཐུར་དུ་འབབ་འགྱུར་ཏེ། ། དུད་འགྲོ་གླེན་ལྐུགས་གཅིག་ལ་གཅིག་ཟ་དང་། ། གྱེན་ཐུར་འབབ་འཛེག་གཡང་ས་ངལ་བའི་ལམ། ། འཇིགས་ཤིང་དངངས་སྐྲག་ཤིན་ཏུ་སྐྱི་གཡའ་བ། ། ཟོན་དང་བཅས་པའི་སྡུག་བསྔལ་བསམ་མི་ཁྱབ། ། {ཡི་དགས་,ཡི་དྭགས་}ལྟོགས་ཤིང་སྐོམ་དང་ལུས་མི་འཚམ། ། བཟའ་བཏུང་སྣང་ཡང་གཞན་གྱིས་བསྲུངས་པ་དང་། ། ཁ་ཅིག་ཟོས་ཀྱང་མེ་དང་མཚོན་དུ་འགྱུར། ། ལྟོགས་ཤིང་སྐོམ་པའི་སྡུག་བསྔལ་བསམ་མི་ཁྱབ། །
BOདམྱལ་བར་སྐྱེས་པའི་སེམས་ཅན་དེ་དག་ནི། ། རང་ དབང་མེད་པར་གཤིན་རྗེ་གདུག་པས་ཁྲིད། ། བསྲེགས་ཤིང་བཙོས་ཏི་མཚོན་གྱིས་རབ་ཏུ་འཐུབ། ། བསྲན་གླགས་མེད་པའི་སྡུག་བསྔལ་ཚ་དང་གྲང་། ། དེས་ན་ཚེ་འདིར་སྡིག་པའི་ལས་བྱེད་པ། ། རང་གིས་རང་ལ་མངན་ནི་ཆེར་བྱས་ཡིན། ། བསྐལ་པ་མང་པོར་སྡུག་ བསྔལ་དྲག་པོས་གདུངས། ། ཐར་པའི་དུས་མེད་བསྲན་པའི་གླགས་ཀྱང་མེད། ། དྲན་པ་གསལ་བས་ལས་ཀྱི་འབྲས་བུར་ཤེས། ། སྡུག་བསྔལ་མ་བཟོད་སྨྲེ་སྔགས་རང་ལ་རྨོ། ། སྐད་ངན་དྲག་པོའི་ཀུ་སྒྲས་གཞན་ཡང་སྐྲག ། དེ་ལ་སོགས་ཏེ་སྡུག་བསྔལ་བསམ་མི་ ཁྱབ། ། གང་དག་ཉེས་དམིགས་རབ་ཏུ་ཤེས་གྱིས་ལ། ། ངན་སོང་གསུམ་གྱི་རྒྱུ་རྣམས་རབ་ཏུ་སྤངས། ། སྡིག་པའི་རྣམ་པ་ཕྲ་རགས་གང་ལ་ཡང་། ། ལུས་ངག་ཡིད་ཀྱི་སྒོ་ནས་སྤྱད་ཏ་རེ། ། རང་ཡང་བདེ་ལ་འགྲོ་རྣམས་ཡོངས་ལ་ཕན། ། ཆགས་སྡང་རྨོངས་སྤངས་སྙིང་ རྗེའི་རྩ་བ་བརྟན། ། སྒོ་གསུམ་དང་བས་འབད་དེ་དགེ་བ་སྤྱད། ། ཤིན་ཏུ་ཟབ་པའི་སྙིང་པོ་འདི་ལ་འབད། ། མེ་ཏོག་སད་ཀྱིས་ཁྱེར་བའི་འབྲས་བུ་ལ། ། སོ་ནམ་བྱས་ཀྱང་མྱུ་གུ་མི་སྐྱེ་ལྟར། ། སྡོམ་ཉམས་ཐེ་ཚོམ་ཟོས་པའི་གང་ཟག་གིས། །
BOཤིན་ཏུ་ཟབ་པའི་རིག་སྔགས་ བསྒྲུབ་གྱུར་ཀྱང་། ། བྱིན་བརླབས་འབྱུང་ངོ་སྙམ་ཡང་འབྱུང་མི་སྲིད། ། རྩོལ་བ་དེ་དག་ངལ་བ་དོན་མེད་འགྱུར། ། རིག་སྔགས་དེ་ཡང་སྐྱེ་བོའི་ཚིག་དང་མཚུངས། ། ཏིང་འཛིན་རྣམས་ཀྱང་བྱིས་པའི་བསམ་པ་འདྲ། ། སྐྱོན་མེད་སྐྱེས་བུས་རིག་སྔགས་དེ་བསྒྲུབས་ན། ། ཇི་ལྟར་ འདོད་པ་བཞིན་དུ་མྱུར་དུ་འགྲུབ། ། དཔེར་ན་ནྱ་གྲོ་དྷ་ཡི་ས་བོན་ནི། ། ཤིན་ཏུ་ཕྲ་ཡང་ཆུ་ལུད་ལེགས་བྲན་ན། ། དགུང་ཟླ་བདུན་ན་དཔག་ཚད་ཙམ་དུ་སྐྱེ། ། བེམས་པོ་ཕྱི་ཡི་འགྱུར་ཡང་དེ་འདྲ་ན། ། རིག་པས་རིག་པ་བསྒྲུབ་པ་ལྟ་ཅི་སྨོས། ། འོད་གསལ་ནང་གི་འགྱུར་ལ་དཔག་ཏུ་ མེད། ། ཚོང་དཔོན་ལམ་ལ་མཁས་པ་དག་ལ་བརྟེན། ། གྲུ་ཚགས་ལེགས་པས་རྒྱ་མཚོར་ཞུགས་གྱུར་ན། ། རིན་ཆེན་འདོད་པ་བཞིན་དུ་རྙེད་གྱུར་ནས། ། རང་གི་གནས་སུ་ལེགས་པར་ཕྱིན་པ་ཡིན། ། བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་རྟེན། ། བྱང་ ཆུབ་སེམས་ལྡན་དགེ་བ་སྦྱང་གྱུར་ན། ། ཡང་དག་རྫོགས་ཀྱི་ལམ་ལ་ཞུགས་འགྱུར་ཏེ། ། ངེས་པར་མཁྱེན་ཉིད་ས་ལ་འགྲོ་བར་འགྱུར། ། མདའ་ཉིད་སྐྱེས་བུའི་འཐེབ་ནས་ཤོར་གྱུར་ན། ། མི་འཕང་སྙམ་ཡང་ཤིན་ཏུ་འཕངས་པར་འགྱུར། །
BOཆོས་ཉིད་དོན་ཀུན་ ཆུབ་པའི་གང་ཟག་ནི། ། མི་ཕྱིན་སྙམ་ཡང་ཕ་རོལ་ཕྱིན་པར་འགྱུར། ། བྱ་ཆའི་རྣམ་པ་རང་བཞིན་རྫོགས་གྱུར་ནས། ། སངས་རྒྱས་འབྲས་བུ་འཐོབ་པར་ཐེ་ཙོམ་མེད། ། ཆོས་ཉིད་རྣམ་པར་དག་པ་དེ་རྟོགས་ན། ། བདག་མེད་སྲོག་མེད་སྲོག་ཀྱང་གཅད་དུ་མེད། ། ལས་མེད་ དེ་ཡི་རྣམ་པར་སྨིན་པ་མེད། ། མཐའ་རྣམས་རབ་སྤངས་སྐྱེས་བུ་རྣམ་པར་གྲོལ། ། དེ་དོན་རྟོགས་ཕྱིར་བདག་གིས་བཤད་པ་ཡི། ། སྙིང་པོ་འདི་ལ་གུས་པས་བཟླས་གྱུར་ན། ། བསྐལ་པ་གྲངས་མེད་གསུམ་གྱི་སྡིག་ཀྱང་འཛད། ། ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ ཀུན། ། རབ་ཏུ་སྦྱོང་ཞིང་སྒྲིབ་པ་རྣམས་ཀྱང་འདག ། དོན་དང་ལྡན་པའི་སྙིང་པོ་འདི་ལྟ་སྟེ། ། ཨོཾ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་མོ། ལྷ་མོ་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། ། ཨོཾ་ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱ་ན། པྲ་དུཥྚཱ་ན་མ་མ་ཀྲྀ་ཏེ། ཛམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། བན་དྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། མ་མ་ཨཱརྱཱ་བ་ལོ་བྷ་ཡཱ་ན་རཱ། བོ་དྷི་སཏྭཱ། མ་ཧཱ་སཏྭཱ་ནི།
BOཨདྷི་ཥྛཱི་ཏེ་མ་མ་སརྦ་ཀརྨ་ཨཱ་བ་ར་ཎ་སྭ་བྷཱ་བ། ཤུད་དྷེ་ བི་ཤུ་ད་དྷེ། ཤོ་དྷ་ཡ་བི་ཤོ་དྷ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་སངས་རྒྱས་ཉིད་ཀྱིས་སུ། ། ལྷ་མོ་ཉིད་ལ་རབ་ཏུ་བསྟོད། ། ཐུགས་རྗེ་ཤིན་ཏུ་ཆེ་བས་འགྲོ་བའི་དོན་མཛད་མ། ། མཚན་དང་དཔེ་བྱད་རྫོགས་ཤིང་རིན་ཆེན་རྒྱན་གྱིས་སྤྲས། ། ཤིན་ཏུ་མཛེས་ཚུལ་འཛུམ་ ཞིང་བཞད་པའི་བཞིན། ། སྤྱན་གྱི་སྐྱེ་མཆེད་ཟར་མའི་པདྨ་འདྲ། ། སྙན་གྱི་སྐྱེ་མཆེད་ཨུག་ཅོས་བྱེ་བ་འདྲ། ། ཤངས་ཀྱི་སྐྱེ་མཆེད་ཨུཏྤལ་བུམ་བུ་འདྲ། ། ཞལ་གྱི་མཆེད་ཧ་ལོ་རྒྱས་པ་འདྲ། ། སྣ་ཚོགས་སྐུ་མངའ་ན་ཆུང་མཚན་ལྡན་སྐུ། ། ཆོས་ཀྱི་སྒྲ་སྒྲོགས་ཀ་ལ་པིང་ ཀའི་གསུང་། ། སེམས་ཅན་ཀུན་ལ་བྱམས་མགོན་ཐུགས་རྗེའི་ཐུགས། ། འཁོར་བའི་སྐྱོན་གྱིས་མ་གོས་པདྨ་གཡོན། ། སེམས་ཅན་དོན་རྣམས་མཛད་ཕྱིར་སྐྱབས་སྦྱིན་གཡས། ། ཐབས་དང་ཤེས་རབ་ཉི་ཟླའི་གདན་ལ་བཞུགས། ། རྗེ་བཙུན་སྒྲོལ་མ་ལ་ནི་སྐྱབས་ སུ་མཆི། ། འཁོར་བའི་གཡང་ས་ཆེ་ལས་བདག་སྐྱོབས་ཤིག ། འགྲོ་དྲུག་རང་ཁའི་གནས་སུ་འཁོར་ར་རེ། ། ཐུགས་རྗེ་ཆེན་མོའི་ཞགས་པས་བདག་ཟུང་ཤིག ། ངན་སོང་གསུམ་གྱི་གནས་སུ་ཤོར་ར་རེ། །
BOའཁྱམས་མེད་པ་ཡི་ལམ་དུ་བདག་ཆུག་ཤིག ། ལོག་པར་ ལྟ་བའི་རིགས་སུ་སྐྱེས་ས་རེ། ། བླ་མ་བྱང་སེམས་མངའ་དང་བདག་སྤྲོད་ཅིག ། བཤེས་གཉེན་ངན་པ་དག་དང་ཕྲད་ཏ་རེའོ། ། སེང་གེ་གླང་ཆེན་མེ་དང་སྦྲུལ། ། མི་རྒོད་ཆུ་དང་རིམས་རྣམས་དང་། ། ཤ་ཟས་འཇིགས་པ་བརྒྱད་པོ་ལས། ། སྐྱོབ་མཛད་ཁྱེད་ལ་ཕྱག་ འཚལ་ལོ། ། འཇིག་རྟེན་འདི་དང་གཞན་དག་ཏུ། ། འཇིགས་པ་བརྒྱད་ལས་བསྐྱབ་ཏུ་གསོལ། ། ཕ་རོལ་འབྲས་བུ་མ་ཐོབ་བར་དག་ཏུ། ། སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། ། བསམ་གཏན་ཤེས་རབ་ཐབས་དང་སྨོན་ལམ་དང་། ། སྟོབས་དང་དེ་ བཞིན་ཡེ་ཤེས་ཕ་རོལ་ཕྱིན། ། བཅུ་པོ་དེ་དང་མི་འབྲལ་འགྲོགས་པར་ཤོག ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཆོས་འདི་བྲི་བ་དང་། བཀླག་པ་དང་། ཁ་ཏོན་དང་། ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་བསྟན་པར་ བྱའོ་ཞེས་བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཡི་རངས་ཏེ་མངོན་པར་བསྟོད་དོ། ། རྗེ་བཙུན་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོ་རྫོགས་སོ། །