The Essence of the Teachings of All Buddhas on the Perfection of Wisdom

། །འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ། བམ་པོ་དང་པོ། སངས་རྒྱས་

The Essence of the Teachings of All Buddhas on the Perfection of Wisdom

། །འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ། བམ་པོ་དང་པོ། སངས་རྒྱས་

BO
༄༅། ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་ གཅིག་ན། བཅོམ་ལྡན་འདས་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ལང་ཀའི་རིའི་རྩེ་མོ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་བཀོད་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཐ་དད་པ་ ནས་འདུས་པ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཚད་མེད་པའི་ཏིང་ངེ་འཛིན་དང་། དབང་པོ་དང་། སྟོབས་དང་། མངོན་པར་ཤེས་པས་རྣམ་པར་རྩེན་པ་ཤ་སྟག་ལ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ནི་གཙོ་བོར་གྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་གིས་སྤྱི་བོ་ནས་དབང་བསྐུར་བས་དབང་བསྐུར་བ། རང་གི་སེམས་སྣང་བའི་སྤྱོད་ཡུལ་གྱི་དོན་ལ་རབ་ཏུ་མཁས་པ། སེམས་ཅན་སྣ་ཚོགས་ཀྱི་སེམས་དང་། གཟུགས་ སྣ་ཚོགས་དང་། འདུལ་བའི་སྒོ་ཚད་མེད་པ་རྣམས་ཇི་ལྟ་བ་བཞིན་དུ་ཀུན་དུ་སྟོན་པ། ཆོས་ལྔ་དང་།
BO
རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་རྟོགས་པར་ཁོང་དུ་ཆུད་པའོ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ། བྱང་ ཆུབ་སེམས་དཔའ་བློ་གྲོས་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱུ་བ་དག་དང་ལྷན་ཅིག་ཏུ། སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ཏེ་ཕྱག་འཚལ་ ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། འཇིག་རྟེན་སྐྱེ་འཇིག་ཡོངས་བྲལ་ཏེ། ། ནམ་མཁའི་མེ་ཏོག་རབ་ཏུ་འདྲ། ། ཡེ་ཤེས་ཡོད་མེད་མི་དམིགས་ཀྱང་། ། ཐུགས་རྗེ་ཆེན་པོ་རབ་ཏུ་སྐྱེ། ། ཆོས་རྣམས་ཐམས་ཅད་སྒྱུ་མ་ བཞིན། ། སེམས་དང་རྣམ་ཤེས་ཡོངས་སུ་སྤངས། ། ཡེ་ཤེས་ཡོད་མེད་མི་དམིགས་ཀྱང་། ། ཐུགས་རྗེ་ཆེན་པོ་རབ་ཏུ་སྐྱེ། ། རྟག་དང་ཆད་པ་ཡོངས་སྤངས་པ། ། འཇིག་རྟེན་ཁོར་ཟུག་རྨི་ལམ་འདྲ། ། ཡེ་ཤེས་ཡོད་མེད་མི་དམིགས་ཀྱང་། ། ཐུགས་རྗེ་ཆེན་པོ་རབ་ཏུ་སྐྱེ། ། གང་ཟག་ཆོས་ལ་བདག་མེད་དང་། ། ཉོན་མོངས་ཤེས་བྱ་རབ་མཁྱེན་ཅིང་། ། རྟག་ཏུ་དག་ཅིང་མཚན་མེད་ཀྱང་། ། ཐུགས་རྗེ་ཆེན་པོ་རབ་ཏུ་སྐྱེ། ། ཀུན་ལས་མྱ་ངན་མི་འདའ་སྟེ། །
BO
མྱ་ངན་འདས་སངས་རྒྱས་མི་དམིགས། ། སངས་རྒྱས་མྱ་ངན་འདའ་མི་དམིགས། ། བློ་དང་ རིག་པར་བགྱི་དང་བྲལ། ། ཡོད་པ་དང་ནི་མེད་པའི་ཕྱོགས། ། གཉིས་པོ་དེ་དག་ཤིན་ཏུ་སྤངས། ། ཐུབ་པ་ཞི་བའི་རྣལ་འབྱོར་པ། ། སྐྱེ་བ་དག་ནི་རབ་སྤངས་པས། ། དེ་ནི་ལེན་མི་མངའ་ཞེས་བགྱི། ། འདི་དང་གཞན་དུ་རྣམ་པར་དག ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་ པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས་རང་གི་རིགས་དང་མིང་བརྗོད་དེ་གསོལ་པ། བདག་མིང་བློ་གྲོས་ཆེན་པོ་སྟེ། ། ཐོས་ཆེན་ཁོང་དུ་ཆུད་པར་རྟོགས། ། དེང་འདིར་བརྒྱ་རྩ་བརྒྱད་ཀྱི་དོན། ། བླ་མའི་མཆོག་ལ་ཞུ་བར་བགྱི། ། འཇིག་ རྟེན་མཁྱེན་པའི་སྐྱེས་མཆོག་གིས། ། ཚིགས་བཅད་དེ་ནི་གསན་པ་དང་། ། འཁོར་རྣམས་ལ་ནི་རྣམ་གཟིགས་ནས། ། རྒྱལ་སྲས་རྣམས་ལ་བཀའ་སྩལ་པ། ། ཁྱོད་ལ་སོགས་པ་རྒྱལ་སྲས་རྣམས། ། ཅི་དང་ཅི་འདོད་དྲིས་ཤིག་དང་། ། སོ་སོ་རང་གི་སྤྱོད་ཡུལ་ནི། ། ངས་ནི་ཁྱེད་ལ་བཤད་པར་བྱ། །
BO
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། ཇི་ལྟར་དྲན་པ་རྣམ་དག་འགྱུར། ། ཇི་ལྟར་ དྲན་པ་འཕེལ་བར་འགྱུར། ། ལྟ་རྨོངས་ནོར་པ་ཇི་ལྟ་བུ། ། ནོར་པ་ཇི་ལྟར་འཕེལ་བར་འགྱུར། ། ཞིང་དུ་སྤྲུལ་རྣམས་ཅི་སླད་དུ། ། མཚན་ཉིད་དང་ནི་མུ་སྟེགས་ཀྱང་། ། མཚན་མེད་རིམ་པ་ཇི་ལྟ་བུ། ། ཅི་སླད་མཚན་མ་མེད་པས་བགྱི། ། ཅི་སླད་རྒྱལ་བའི་སྲས་ཞེས་ བགྱི། ། རྣམ་གྲོལ་གང་དུ་མཆི་བར་འགྱུར། ། གང་ལ་འཆིང་ཞིང་གང་དག་དགྲོལ། ། བསམ་གཏན་སྤྱོད་ཡུལ་ཇི་ལྟ་བུ། ། ཇི་སླད་ཐེག་པ་གསུམ་པོ་མཆིས། ། བདག་ལ་བསྟན་ཅིང་བཤད་དུ་གསོལ། ། རྐྱེན་རྣམས་གང་ལས་སྐྱེ་བ་ལགས། ། བྱེད་ དང་བྱས་པ་ཇི་ལྟ་བུ། ། གཉི་ག་ཐ་དད་ཅི་སླད་བཤད། ། ཇི་ལྟ་བུར་ན་འཕེལ་བ་ལགས། ། གཟུགས་མེད་སྙོམས་པར་འཇུག་པ་དང་། ། འགོག་པའི་སྙོམས་འཇུག་ཇི་ལྟ་བུ། ། འདུ་ཤེས་འགོག་པ་ཇི་ལྟ་བུ། ། ཏིང་ངེ་འཛིན་ལས་ཇི་ལྟར་སད། ། ཅི་ཡི་སླད་དུ་བྱས་པ་ འབྱུང་། ། འགྲོ་བ་དང་ནི་ལུས་འཛིན་ཅི། ། ཇི་ལྟར་རྣམ་རྟོག་སྣང་བར་འགྱུར། །
BO
ས་རྣམས་ཇི་ལྟར་སྐྱེ་བར་འགྱུར། ། སྲིད་གསུམ་འཇིག་པ་དེ་སུ་ཞིག ། གནས་ནི་གང་ལགས་ལུས་ནི་ཅི། ། སྐྱེ་གནས་གང་དུ་བགྲོད་པར་འགྱུར། ། རྒྱལ་བའི་སྲས་སུ་ཇི་ལྟར་འགྱུར། ། མངོན་པར་ཤེས་དང་དབང་རྣམས་དང་། ། ཏིང་འཛིན་རྣམས་ནི་ཇི་ལྟར་འཐོབ། ། ཏིང་འཛིན་སེམས་ནི་ཇི་ལྟ་བུ། ། རྒྱལ་བས་བདག་ལ་བཤད་དུ་གསོལ། ། ཅི་སླད་ཀུན་གཞི་ཞེས་བགྱི་ལགས། ། ཡིད་དང་རྣམ་ཤེས་ཇི་ལྟ་བུ། ། སྐྱེ་དང་འཇིག་པ་ཇི་ལྟ་བུ། ། ཇི་ལྟར་ མཐོང་ནས་སླར་ཡང་ལྡོག ། ཇི་ལྟ་བུར་ན་རིགས་སུ་འགྱུར། ། རིགས་མ་མཆིས་དང་སེམས་ཙམ་དང་། ། སྒྲོ་འདོགས་མཚན་ཉིད་ཇི་ལྟ་བུ། ། བདག་མེད་དོན་དུ་ཇི་ལྟར་འགྱུར། ། སེམས་ཅན་མ་མཆིས་ཇི་ལྟ་བུ། ། ཀུན་རྫོབ་བཤད་པ་ཇི་ལྟ་བུ། ། ཇི་ལྟར་རྟག་དང་ཆད་ པ་ཡི། ། ལྟ་བ་རབ་ཏུ་འབྱུང་མི་འགྱུར། ། ཇི་ལྟར་སངས་རྒྱས་མུ་སྟེགས་དག ། མཚན་ཉིད་རྣམས་ཀྱིས་འགལ་མི་འགྱུར། ། ཇི་ལྟར་མ་འོངས་དུས་དག་ན། ། སྡེ་པ་ཐ་དད་འབྱུང་བར་འགྱུར། ། ཇི་ལྟར་སྟོང་ཉིད་རྒྱུ་ཅི་ཡིས། ། ཇི་ལྟར་སྐད་ཅིག་འཇིག་པར་འགྱུར། ། མངལ་གྱི་སྙིང་པོར་ཇི་ལྟར་སྐྱེ། ། ཇི་ལྟར་འཇིག་རྟེན་གྱིས་མི་གཡོས། ། ཇི་ལྟར་སྒྱུ་མ་རྨི་ལམ་འདྲ། །
BO
དེ་བཞིན་དྲི་ཟའི་གྲོང་ཁྱེར་དང་། ། འཇིག་རྟེན་སྨིག་རྒྱུ་ལྟ་བུ་དང་། ། ཆུ་ཟླ་དང་ནི་འོད་དག་དང་། ། བྱང་ཆུབ་ཡན་ལག་ཅི་སླད་གསུངས། ། དེ་བཞིན་བྱང་ཆུབ་ཕྱོགས་ རྣམས་ཀྱང་། ། ཡུལ་རྣམས་ཅི་སླད་འཁྲུག་པར་འགྱུར། ། ཅི་སླད་སྲིད་པར་ལྟ་བར་བགྱིད། ། ཇི་ལྟར་སྐྱེ་འགག་མ་མཆིས་ཤིང་། ། འཇིག་རྟེན་ནམ་མཁའ་མེ་ཏོག་འདྲ། ། འཇིག་རྟེན་ཇི་ལྟར་ཐུགས་སུ་ཆུད། ། ཅི་སླད་ཡི་གེ་བྲལ་བར་གསུང་། ། རྣམ་རྟོག་སྤངས་པ་དེ་སུ་ ལགས། ། ཇི་ལྟར་ནམ་མཁའ་འདྲ་བ་ལགས། ། དེ་ཁོ་ན་ལ་དུ་ཞིག་མཆིས། ། ཕ་རོལ་ཕྱིན་སེམས་རྣམ་པ་དུ། ། རྒྱུ་གང་གིས་ནི་ས་རྣམས་སྒྲོལ། ། ལེན་མ་མཆིས་པར་སུ་ཞིག་མཆི། ། བདག་མེད་རྣམ་གཉིས་གང་ཞིག་ལགས། ། ཤེས་བྱ་ཇི་ལྟར་རྣམ་པར་འདག ། ཡེ་ ཤེས་དག་ནི་རྣམ་པ་དུ། ། ཚུལ་ཁྲིམས་སེམས་ཅན་ཉིད་ནི་དུ། ། ནོར་བུ་མུ་ཏིག་ལ་སོགས་པའི། ། རིགས་རྣམས་སུ་ཡིས་རབ་ཏུ་བསྐྱེད། ། སེམས་ཅན་རྣམ་པ་སྣ་ཚོགས་དང་། ། བརྗོད་པ་དག་ནི་སུ་ཡིས་བསྐྱེད། ། རིག་པའི་གནས་དང་བཟོ་ཡི་རྣམས། ། སུ་ཡིས་ ཇི་ལྟར་རབ་ཏུ་བསྟན། ། ཚིགས་སུ་བཅད་པ་རྣམ་པ་དུ། ། ཚིགས་བཅད་རིང་ཐུང་ཇི་ལྟ་བུ། ། རིགས་པ་རྣམ་པ་དུ་ཞིག་མཆིས། །
BO
ཅི་ཡི་སླད་དུ་སྨྲ་ཞེས་བགྱི། ། སྐོམ་དང་ཟས་རྣམས་ཇི་ལྟར་འབྱུང་། ། ཇི་ལྟར་སྲེད་པའི་འདོད་པ་འབྱུང་། ། ཅི་སླད་རྒྱལ་པོ་ཞེས་བགྱི་ལགས། ། འཁོར་ལོས་སྒྱུར་དང་རྒྱལ་ཕྲན་ཅི། ། ཡུལ་ནི་ཇི་ལྟར་བསྲུང་བར་བགྱི། ། ལྷ་ཡི་རིས་ལ་རྣམ་པ་དུ། ། ཅི་ཡི་སླད་དུ་ས་ཞེས་བགྱི། ། གཟའ་སྐར་ཉི་ཟླ་ཇི་ལྟ་བུ། ། ཐར་པ་དང་ནི་རྣལ་འབྱོར་པ། ། དེ་དག་རྣམ་པ་དུ་ཞིག་མཆིས། ། སློབ་མ་རྣམ་པ་དུ་ཞིག་མཆིས། ། སློབ་ དཔོན་དུ་ཡང་ཇི་ལྟར་འགྱུར། ། སངས་རྒྱས་རྣམ་པ་དུ་ཞིག་ལགས། ། སྐྱེས་པའི་རབས་ལ་རྣམ་པ་དུ། ། བདུད་དང་སློབ་པའི་བྱེ་བྲག་རྣམས། ། དེ་དག་ལ་ནི་རྣམ་པ་དུ། ། རང་བཞིན་དང་ནི་སེམས་རྣམས་ཀྱང་། ། དེ་དག་ལ་ནི་དུ་ཞིག་མཆིས། ། བཏགས་པ་ཙམ་ ཡང་ཇི་ལྟ་བུ། ། རྒྱལ་བས་བདག་ལ་བཤད་དུ་གསོལ། ། ནམ་མཁའ་སྤྲིན་རླུང་ཇི་ལྟ་བུ། ། དྲན་དང་ཡིད་གཞུངས་གསལ་བ་ཅི། ། ནགས་ཚལ་ཤིང་ནི་ཇི་ལྟ་བུ། ། འཁྲི་ཤིང་དག་ནི་ཅི་ལས་གྱུར། ། གླང་པོ་རྟ་དང་{རི་དགས་,རི་དྭགས་}རྣམས། ། ཇི་ལྟར་གཟུང་དུ་རུང་བར་འགྱུར། ། ངན་པའི་མི་རྣམས་ཇི་ལྟ་བུ། ། རྒྱུ་གང་གིས་ནི་ངན་པར་འགྱུར། ། ཚིག་དྲུག་གིས་ནི་ཇི་ལྟར་བསྡུས། །
BO
འདོད་ཆེན་པར་ཡང་ཇི་ལྟར་འགྱུར། ། སྐྱེས་པ་བུད་མེད་མ་ནིང་རྣམས། ། དེ་དག་ཐམས་ཅད་ཅི་སླད་འབྱུང་། ། རྣལ་འབྱོར་ལས་ནི་ཇི་ལྟར་ལྡོག ། རྣལ་འབྱོར་ཇི་ལྟར་སྐྱེ་བར་འགྱུར། ། རྣལ་འབྱོར་པས་ནི་ཆོས་གང་གིས། ། ཅི་འདྲའི་གང་ཟག་རྣམ་པར་འཇོག ། སེམས་ཅན་འགྲོ་བར་སྐྱེ་བ་རྣམས། ། མཚན་ཉིད་མཚན་མའི་རྣམ་པ་ཅི། ། ཕྱུག་པོར་གྱུར་པ་ཇི་ལྟ་བུ། ། རྒྱུ་གང་གིས་ནི་ཕྱུག་པོར་འགྱུར། ། ཤཱཀྱའི་རིགས་ ནི་ཇི་ལྟ་བུ། ། ཅི་ཡི་རྒྱུ་ཡིས་ཤཱཀྱ་བྱུང་། ། བུ་རམ་ཤིང་པ་ཇི་ལྟར་བྱུང་། ། བླ་མེད་གཙོ་བོས་བཤད་དུ་གསོལ། ། ཡུན་རིང་དཀའ་ཐུབ་དྲང་སྲོང་གང་། ། དེས་ནི་ཇི་ལྟར་རྗེས་སུ་སྟོན། ། དེ་བཞིན་གཤེགས་པ་ཞིང་རྣམས་སུ། ། མཚན་དང་དེ་བཞིན་གཟུགས་སྣ་ཚོགས། ། རྒྱལ་ བའི་སྲས་ཀྱིས་བསྐོར་བ་ཡང་། ། ཅི་ཡི་སླད་དུ་ཀུན་ན་གདའ། ། ཅི་སླད་ཤ་རྣམས་གསོལ་མི་མཛད། ། ཅི་སླད་ཤ་ནི་རབ་ཏུ་བཀག ། ཤ་ཟའི་རིགས་སུ་སྐྱེས་པ་རྣམས། ། རྒྱུ་གང་གིས་ནི་ཤ་འཚལ་ལགས། ། ཉི་ཟླའི་དབྱིབས་ཤིང་ཇི་ལྟ་བུ། ། རི་རབ་པདྨ་འདྲ་བ་དང་། ། སེང་གེ་ མཚན་མཆོག་ཞིང་དག་དང་། ། འཇིག་རྟེན་གཟུར་གནས་སྤྱིའུ་ཚུགས་དང་། ། དབང་པོའི་དྲ་བ་འདྲ་བ་དང་། །
BO
ཁ་ཅིག་རིན་ཆེན་ཀུན་གྱི་ཞིང་། ། དགུ་པོ་རྒྱུད་{མངས་,མང་}རྔ་འདྲ་དང་། ། མེ་ཏོག་སྣ་ཚོགས་དབྱིབས་འདྲ་དང་། ། ཁ་ཅིག་ཉི་ཟླའི་འོད་དང་བྲལ། ། འདྲི་ལ་སོགས་པ་ཚད་མ་ མཆིས། ། སྤྲུལ་པའི་སངས་རྒྱས་ཇི་ལྟ་བུ། ། རྣམ་སྨིན་ལས་བྱུང་སངས་རྒྱས་དང་། ། དེ་བཞིན་ཉིད་ཀྱི་སངས་རྒྱས་ཅི། ། ཡེ་ཤེས་སངས་རྒྱས་ཇི་ལྟ་བུ། ། ཅི་སླད་འདོད་པའི་ཁམས་རྣམས་སུ། ། མངོན་པར་རྫོགས་པར་འཚང་མི་རྒྱ། ། ཅི་ཡི་སླད་དུ་འོག་མིན་པ། ། ཆགས་བྲལ་ ཁྲོད་དུ་བྱང་ཆུབ་བརྙེས། ། བདེ་གཤེགས་མྱ་ངན་འདས་ནས་ནི། ། ཡང་དག་བསྟན་པ་སུ་ཞིག་འཛིན། ། ལྷ་ཡི་སྟོན་པ་ཇི་སྲིད་བཞུགས། ། ཡང་དག་ཆོས་ནི་ཇི་སྲིད་གནས། ། གྲུབ་མཐའ་དང་ནི་ལྟ་བ་ཡང་། ། དེ་དག་ལ་ནི་རྣམ་པ་དུ། ། འདུལ་བ་དང་ནི་དགེ་སློང་རིས། ། ཅི་སླད་རྒྱུ་དང་རྐྱེན་ ནི་གང་། ། རྒྱལ་བའི་སྲས་ནི་དེ་དག་དང་། ། རང་རྒྱལ་དང་ནི་ཉན་ཐོས་དག ། རྒྱུ་གང་གིས་ན་འགྱུར་བརྒྱར་འགྱུར། ། རྒྱུ་གང་གིས་ནི་སྣང་མེད་བརྒྱ། ། འཇིག་རྟེན་མངོན་ཤེས་ཇི་ལྟ་བུ། ། འཇིག་རྟེན་འདས་ཀྱིའང་ཇི་ལྟ་བུ། ། སེམས་ནི་ས་རྣམས་བདུན་པོར་ཡང་། ། ཅི་ལྟར་ཅི་སླད་བདག་ལ་ གསུངས། ། དགེ་འདུན་ལ་ནི་རྣམ་པ་དུ། །
BO
ཇི་ལྟར་དགེ་འདུན་དབེན་དུ་འགྱུར། ། སེམས་ཅན་གསོ་བའི་བསྟན་བཅོས་རྣམས། ། དེ་དག་རྒྱུ་རྐྱེན་གང་གིས་ལགས། ། ཅི་སླད་ཐུབ་པ་ཆེན་པོ་ཡིས། ། འོད་སྲུང་འཁོར་བ་འཇིག་དང་ནི། ། གསེར་ཐུབ་ཀྱང་ནི་ང་ཡིན་ཞེས། ། དེ་ སྐད་དུ་ནི་བཀའ་ཡང་སྩལ། ། ཅི་སླད་རྟག་དང་ཆད་པ་དང་། ། དེ་བཞིན་བདག་དང་བདག་མེད་གསུངས། ། ཅི་སླད་དུ་ནི་ཐམས་ཅད་དུ། ། ཡང་དག་དོན་ནི་གསུང་མི་མཛད། ། སེམས་ཅན་དག་གི་སླད་དུ་ཡང་། ། སེམས་ཙམ་དུ་ནི་དབྱེ་བ་མཛད། ། ཅི་སླད་སྐྱེས་བུ་ན་ཆུང་ཚལ། ། ཨ་རུ་ར་དང་སྐྱུ་རུ་ར། ། ཀེ་ལ་ས་དང་ཁོར་ཡུག་རི། ། རྡོ་རྗེ་ལ་སོགས་རི་བོ་རྣམས། ། རིན་ཆེན་སྣ་ཚོགས་རབ་བརྒྱན་ཅིང་། ། དྲང་སྲོང་དྲི་ཟས་ཀུན་གང་བ། ། ཇི་ལྟར་ཅི་སླད་བདག་ལ་གསུངས། ། བླ་མེད་འཇིག་རྟེན་མཁྱེན་པ་ཡིས། ། ཐེག་ཆེན་སྒྲོལ་བའི་སྒོ་རྣམས་དང་། ། སངས་རྒྱས་ཀུན་གྱི་སྙིང་པོ་མཆོག ། དེ་ཡི་ཚིགས་བཅད་གསན་པ་དང་། ། ལེགས་སོ་དྲིས་པ་རབ་ཏུ་ལེགས། ། བློ་གྲོས་ཆེན་པོ་ལེགས་པར་ཉོན། ། ངས་ནི་དེང་འདིར་རིམ་བཞིན་དུ། ། ཁྱོད་ཀྱིས་གང་དྲིས་བཤད་པར་བྱ། ། སྐྱེ་དང་སྐྱེ་བ་མེད་པ་དང་། ། མྱ་ངན་འདས་ སྟོང་སྐད་ཅིག་མ། །
BO
རང་བཞིན་མེད་ལ་འཇུག་པར་འགྱུར། ། སངས་རྒྱས་ཕ་རོལ་ཕྱིན་རྣམས་དང་། ། རྒྱལ་སྲས་དང་ནི་ཉན་ཐོས་དང་། ། རང་རྒྱལ་མུ་སྟེགས་ཅན་རྣམས་དང་། ། གཟུགས་མེད་པ་ཡི་སྤྱོད་རྣམས་དང་། ། དེ་བཞིན་དངོས་པོ་སྣ་ཚོགས་རྣམས། ། རི་རབ་མཚོ་ བྲན་རི་རྣམས་དང་། ། གླིང་དང་ཞིང་དང་ས་རྣམས་དང་། ། གཟའ་སྐར་ཉི་མ་ཟླ་བ་དང་། ། མུ་སྟེགས་ལྷ་དང་ལྷ་མ་ཡིན། ། རྣམ་ཐར་དབང་དང་མངོན་ཤེས་དང་། ། སྟོབས་དང་བསམ་གཏན་ཏིང་ངེ་འཛིན། ། འགོག་དང་རྫུ་འཕྲུལ་རྐང་པ་དང་། ། བྱང་ཆུབ་ཡན་ལག་ལམ་གྱི་ཕྱོགས། ། བསམ་གཏན་རྣམས་དང་ཚད་མེད་དང་། ། ཕུང་པོ་ལུས་རྣམས་འགྲོ་འོང་དང་། ། སྙོམས་པར་འཇུག་དང་འགོག་པ་དང་། ། ཏིང་འཛིན་ལྡང་སེམས་བཤད་པ་དང་། ། སེམས་དང་ཡིད་དང་རྣམ་ཤེས་དང་། ། བདག་མེད་པ་དང་ཆོས་ལྔ་དང་། ། རང་བཞིན་རྟོག་དང་ བརྟག་པ་དང་། ། སྣང་དང་ལྟ་བ་གཉིས་པོ་དང་། ། ཐེག་པ་དང་ནི་རིགས་རྣམས་དང་། ། གསེར་དངུལ་ནོར་བུ་ལ་སོགས་དང་། ། འདོད་ཆེན་པ་དང་འབྱུང་ཆེན་དང་། ། དཀྲུགས་མ་དག་དང་སངས་རྒྱས་གཅིག ། ཤེས་དང་ཤེས་བྱ་འཇུག་ཐོབ་དང་། ། སེམས་ཅན་སྲིད་དང་མི་སྲིད་དང་། ། གླང་ པོ་རྟ་དང་{རི་དགས་,རི་དྭགས་}རྣམས། །
BO
ཅི་ཡི་ཕྱིར་ན་གཟུང་དུ་རུང་། ། དཔེ་དང་རྒྱུ་དང་གྲུབ་མཐའ་དང་། ། བྱེད་པ་དང་ནི་བྱས་པ་རྣམས། ། ནགས་ཚལ་ནོར་པ་མངོན་ཤེས་དང་། ། སེམས་ཅན་དེ་ནི་སྣང་བ་མེད། ། ས་རྣམས་རིམ་གྱིས་འཕོ་བ་མེད། ། འགྱུར་བ་བརྒྱ་པོ་སྣང་མེད་བརྒྱ། ། གསོ་བའི་ བསྟན་བཅོས་བཟོ་རྣམས་དང་། ། སྒྱུ་རྩལ་དང་ནི་རིག་པའི་གནས། ། རི་བོ་རི་རབ་ས་དག་དང་། ། རྒྱ་མཚོ་ཉི་མ་ཟླ་བའི་ཚད། ། སེམས་ཅན་རབ་འབྲིང་ཐ་མ་ཡི། ། ལུས་ལ་རྡུལ་ནི་དུ་ཞིག་ཡོད། ། ཞིང་དང་ཞིང་ལ་རྡུལ་དུ་ཞིག ། གཞུ་དང་གཞུ་ལ་ཇི་སྙེད་ཡོད། ། ཁྲུ་དང་གོམ་པ་རྒྱང་ གྲགས་དང་། ། དཔག་ཚད་ཕྱེད་དང་དཔག་ཚད་ལ། ། རི་བོང་ཉི་ཟེར་སྲོ་མ་དང་། ། ལུག་གི་དང་ནི་ནས་ཀྱང་དུ། ། བྲེ་གང་ལ་ནི་ནས་འབྲུ་དུ། ། བྲེ་ཕྱེད་ལ་ཡང་ནས་འབྲུ་དུ། ། བྲེ་བོ་གང་དང་བཅུ་དག་ལ། ། གྲངས་འབུམ་དང་ནི་བྱེ་བ་དང་། ། དེ་བཞིན་དུ་ནི་ཤུ་རྡོག་ལ། ། དེ་དག་ གྲངས་ནི་དུ་ཞིག་ཡོད། ། རྡུལ་ཕྲན་དག་ནི་དུ་ཞིག་ཡོད། ། རྡུལ་ཕྲན་དག་ནི་དུ་ཞིག་ལ། ། ཡུངས་ཀར་འབྲུ་ནི་གཅིག་ཏུ་འགྱུར། ། ཡུངས་ཀར་འབྲུ་ནི་དུ་ཞིག་གིས། ། འོལ་མ་སེ་ནི་གཅིག་ཏུ་འགྱུར། ། འོལ་མ་སེ་ནི་དུ་ཞིག་ལ། །
BO
མ་ཤ་འབྲུ་ནི་གཅིག་ཏུ་འགྱུར། ། མ་ཤ་དུ་ལ་ནམ་ ནི་གཅིག ། ནམ་དུ་ལ་ནི་སྲང་དུ་འགྱུར། ། སྲང་གཅིག་ལ་ཡང་ཞོ་དུ་ཡོད། ། རྩིས་ཀྱི་རྩིས་མགོ་འདི་ལྟ་བུར། ། རི་རབ་སྲང་ནི་དུ་ཡོད་ཅེས། ། འདི་ལ་སོགས་པའི་དྲི་བའི་རིགས། ། ཅི་ཡི་ཕྱིར་ན་དངོས་གཞན་འདྲི། ། ཉན་ཐོས་དང་ནི་རང་རྒྱལ་དང་། ། སངས་རྒྱས་རྣམས་དང་རྒྱལ་སྲས་ ཀྱི། ། སྐུ་ལ་རྡུལ་ཕྲན་དུ་ཡོད་ཅེས། ། དེ་སྐད་ཅིའི་ཕྱིར་འདྲི་མི་བྱེད། ། མེ་ལྕེ་ལ་ནི་རྡུལ་ཕྲན་དུ། ། རླུང་ལ་ཡང་ནི་རྡུལ་ཕྲན་དུ། ། དབང་པོ་གཅིག་ཅིང་རྡུལ་ཕྲན་དུ། ། སྨིན་མ་སྤུ་ཡི་བུ་ག་དུ། ། ནོར་སྲུང་དབང་ཕྱུག་རྒྱལ་པོ་དང་། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་། ། རྒྱལ་སྲིད་དག་ ནི་ཇི་ལྟར་བསྲུང་། ། དེ་དག་ཇི་ལྟར་ཐར་པ་འགྱུར། ། ཚིགས་བཅད་རྐྱང་པ་ཇི་ལྟར་སྨྲ། ། ཁྱོད་ཀྱིས་ཇི་ལྟར་ཞུས་པ་བཞིན། ། སེམས་ཅན་འཁྲིག་པ་སྣ་ཚོགས་དང་། ། ཟས་སྐོམ་རྣམ་པ་མང་པོ་དང་། ། ཇི་ལྟར་སྐྱེས་བུ་ན་ཆུང་ཚལ། ། རྡོ་རྗེ་ལྟ་བུར་སྲ་བའི་རི། ། ཇི་ལྟར་སྒྱུ་མ་རྨི་ ལམ་འདྲ། ། {རི་དགས་,རི་དྭགས་}སྐོམ་གྱིས་གདུངས་པ་ལྟར། ། ཇི་ལྟར་རི་བོ་དྲང་སྲོང་ལྷ། ། དྲི་ཟས་རབ་ཏུ་བརྒྱན་པ་དང་། །
BO
གྲོལ་བ་གང་དུ་འགྲོ་བར་འགྱུར། ། བཅིངས་པ་སུ་ཞིག་གང་གིས་འགྲོལ། ། བསམ་གཏན་པ་ཡི་ཡུལ་ནི་གང་། ། སྤྲུལ་པ་དང་ནི་མུ་སྟེགས་ཀྱང་། ། ཅི་ཕྱིར་མེད་པའི་ རྒྱུ་ལས་བྱེད། ། ཅིའི་ཕྱིར་ཡོད་པའི་རྒྱུ་ལས་བྱེད། ། ཡོད་མེད་རྒྱུ་ལས་བྱེད་པ་དང་། ། དེ་བཞིན་ཡོད་མེད་མིན་པའི་རྒྱུ། ། སྣང་བ་ལས་ནི་ཇི་ལྟར་ལྡོག ། རྟོག་གེ་ཇི་ལྟར་ཡོངས་སུ་འདག ། རྟོག་གེ་ཇི་ལྟར་འཇུག་པར་འགྱུར། ། བྱེད་པ་ཅི་ཡིས་འཇུག་པར་འགྱུར། ། ཇི་ལྟར་ འདུ་ཤེས་གཅད་པར་བྱ། ། ཇི་ལྟར་ཏིང་ངེ་འཛིན་ལས་ལྡང་། ། སྲིད་གསུམ་བཅོམ་པ་དེ་སུ་ཞིག ། གནས་གང་དེ་ཡི་ལུས་ཀྱང་ཅི། ། ཅི་ཕྱིར་སེམས་ཅན་མེད་བཞིན་དུ། ། བདག་ཡོད་པར་ནི་རྗོད་པར་བྱེད། ། ཀུན་རྫོབ་བསྟན་པ་ཇི་ལྟ་བུ། ། རྒྱ་ཆེར་རབ་ཏུ་དབྱེར་གསོལ་ཞེས། ། མཚན་ཉིད་འདྲི་བ་ཅི་ཡི་ཕྱིར། ། བདག་མེད་འདྲི་བ་ཇི་ལྟ་བུ། ། ཇི་ལྟར་མངལ་གྱི་སྙིང་པོར་སྐྱེ། ། ལུས་ནི་ཐ་དད་སྣ་ཚོགས་དང་། ། རྟག་ཆད་ལྟ་བ་ཇི་ལྟ་བུ། ། ཇི་ལྟར་སེམས་ནི་མཉམ་པར་འཇོག ། བརྗོད་དང་དེ་བཞིན་ཡེ་ཤེས་དང་། ། ཚུལ་ཁྲིམས་རིགས་དང་རྒྱལ་བའི་སྲས། ། རིགས་པ་དང་ནི་སྨྲ་བའང་ཅི། ། སློབ་དཔོན་སློབ་མ་ཇི་ལྟ་བུ། །
BO
སེམས་ཅན་རྣམ་པ་སྣ་ཚོགས་དང་། ། འདི་ལ་སོགས་པ་ཇི་ལྟ་བུ། ། ཟས་དང་སྐོམ་ནི་ཇི་ལྟ་བུ། ། ཡིད་གཞུངས་བདུད་དང་བཏགས་པ་ཙམ། ། ཤིང་དང་འཁྲི་ཤིང་ཅི་ཕྱིར་ཞེས། ། རྒྱལ་བའི་སྲས་ཀྱིས་དྲི་བའི་རིགས། ། ཞིང་རྣམས་སྣ་ཚོགས་ཅི་ཡི་ཕྱིར། ། དྲང་སྲོང་ཡུན་རིང་དཀའ་ཐུབ་དང་། ། རིགས་ཞེས་བྱ་བ་ཇི་ལྟ་བུ། ། བླ་མ་གང་ལས་བསླབ་པ་བླང་། ། ཅི་ཡི་ཕྱིར་ན་མི་དག་ངན། ། ཅི་ཡི་ཕྱིར་ན་རྣལ་འབྱོར་པ། ། འདོད་པའི་ཁམས་སུ་འཚང་མི་རྒྱ། ། འོག་མིན་དུ་ནི་གྲུབ་ པའི་མཐའ། ། ཅི་ཕྱིར་མངོན་ཤེས་འཇིག་རྟེན་པ། ། ཅི་ཕྱིར་དགེ་སློང་ཞེས་ནི་བརྗོད། ། སྤྲུལ་པའི་སངས་རྒྱས་ཇི་ལྟ་བུ། ། རྣམ་སྨིན་སངས་རྒྱས་ཇི་ལྟ་བུ། ། དེ་བཞིན་ཉིད་ཀྱི་སངས་རྒྱས་གང་། ། མཉམ་ཉིད་ཡེ་ཤེས་སངས་རྒྱས་དང་། ། དགེ་འདུན་རྣམས་ཀྱང་ཇི་ལྟ་བུ། ། རྒྱལ་སྲས་དེ་བཞིན་ དྲི་བའི་རིགས། ། དགུ་པོ་རྒྱུད་{མངས་,མང་}མེ་ཏོག་རྔ། ། ཞིང་དང་སྣང་བ་སྤངས་པ་དང་། ། སེམས་ཙམ་ས་ནི་བདུན་པོ་དག ། དྲིས་པ་རྣམས་ནི་ཡང་དག་ཉིད། ། འདི་དང་གཞན་ཡང་རབ་མང་བའི། ། དྲི་བ་དག་ནི་རྒྱལ་སྲས་དྲིས། ། རེ་རེ་མཚན་ཉིད་རབ་ལྡན་ཞིང་། ། ལྟ་བའི་ཉེས་པ་རྣམ་སྤངས་པ། །
BO
གྲུབ་ མཐའི་བརྗོད་དང་བྲལ་བ་སྟེ། ། ངས་ནི་ད་འདིར་བསྟན་པར་བྱ། ། {གོ་རིམས་,གོ་རིམ་}རྣམ་པར་གཞག་པའི་ཚིག ། རྒྱལ་བའི་སྲས་ཀྱིས་ལེགས་པར་ཉོན། ། ཚིག་བརྒྱ་རྩ་བརྒྱད་འདི་དག་ནི། ། སངས་རྒྱས་རྣམས་ཀྱིས་གསུངས་བཞིན་བཤད། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་ གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཚིག་བརྒྱ་པོ་དག་གང་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བའི་ཚིག་དང་། མི་སྐྱེ་བའི་ཚིག་དང་། རྟག་པའི་ཚིག་དང་། མི་རྟག་པའི་ཚིག་དང་། མཚན་ཉིད་ཀྱི་ཚིག་དང་། མཚན་ཉིད་མེད་པའི་ཚིག་དང་། གནས་པ་གཞན་དུ་འགྱུར་བའི་ཚིག་དང་། གནས་པ་གཞན་དུ་འགྱུར་བ་མ་ཡིན་པའི་ཚིག་དང་། སྐད་ཅིག་པའི་ཚིག་དང་། སྐད་ཅིག་མ་ཡིན་པའི་ཚིག་དང་། རང་བཞིན་གྱི་ཚིག་དང་། རང་བཞིན་དང་བྲལ་བའི་ཚིག་དང་། སྟོང་པ་ཉིད་ཀྱི་ཚིག་དང་། སྟོང་པ་ཉིད་མ་ཡིན་པའི་ཚིག་དང་། ཆད་པའི་ཚིག་དང་། ཆད་པ་མ་ཡིན་པའི་ཚིག་དང་། སེམས་ཀྱི་ཚིག་དང་། སེམས་མ་ཡིན་པའི་ཚིག་དང་། མཐའི་ཚིག་དང་། མཐའ་མ་ཡིན་པའི་ཚིག་དང་། དབུ་མའི་ཚིག་དང་། དབུ་མ་མ་ཡིན་པའི་ཚིག་དང་། ཐེར་ཟུག་གི་ཚིག་དང་།
BO
ཐེར་ ཟུག་མ་ཡིན་པའི་ཚིག་དང་། རྐྱེན་གྱི་ཚིག་དང་། རྐྱེན་མ་ཡིན་པའི་ཚིག་དང་། རྒྱུའི་ཚིག་དང་། རྒྱུ་མ་ཡིན་པའི་ཚིག་དང་། ཉོན་མོངས་པའི་ཚིག་དང་། ཉོན་མོངས་པ་མ་ཡིན་པའི་ཚིག་དང་། སྲེད་པའི་ཚིག་དང་། སྲེད་པ་མ་ཡིན་པའི་ཚིག་དང་། ཐབས་ཀྱི་ཚིག་དང་། ཐབས་ མ་ཡིན་པའི་ཚིག་དང་། མཁས་པའི་ཚིག་དང་། མཁས་པ་མ་ཡིན་པའི་ཚིག་དང་། དག་པའི་ཚིག་དང་། དག་པ་མ་ཡིན་པའི་ཚིག་དང་། རིགས་པའི་ཚིག་དང་། རིགས་པ་མ་ཡིན་པའི་ཚིག་དང་། དཔེའི་ཚིག་དང་། དཔེ་མ་ཡིན་པའི་ཚིག་དང་། སློབ་མའི་ཚིག་དང་། སློབ་མ་མ་ཡིན་པའི་ཚིག་དང་། བླ་མའི་ཚིག་དང་། བླ་མ་མ་ཡིན་པའི་ཚིག་དང་། རིགས་ཀྱི་ཚིག་དང་། རིགས་མ་ཡིན་པའི་ཚིག་དང་། ཐེག་པ་གསུམ་གྱི་ཚིག་དང་། ཐེག་པ་གསུམ་མ་ཡིན་པའི་ཚིག་དང་། སྲིད་པའི་ཚིག་དང་། སྲིད་པ་མ་ཡིན་པའི་ཚིག་དང་། སྨོན་པའི་ ཚིག་དང་། སྨོན་པ་མ་ཡིན་པའི་ཚིག་དང་། འཁོར་ལོ་གསུམ་གྱི་ཚིག་དང་། འཁོར་ལོ་གསུམ་མ་ཡིན་པའི་ཚིག་དང་། མཚན་མའི་ཚིག་དང་། མཚན་མ་མ་ཡིན་པའི་ཚིག་དང་། ཡོད་པའི་ཕྱོགས་ཀྱི་ཚིག་དང་། ཡོད་པའི་ཕྱོགས་མ་ཡིན་པའི་ཚིག་དང་། གཉི་གའི་ཚིག་ དང་། གཉི་ག་མ་ཡིན་པའི་ཚིག་དང་།
BO
སོ་སོ་རང་གི་འཕགས་པའི་ཡེ་ཤེས་ལ་དམིགས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཚིག་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་མ་ཡིན་པའི་ཚིག་དང་། ཞིང་གི་ཚིག་དང་། ཞིང་མ་ཡིན་པའི་ཚིག་དང་། རྡུལ་གྱི་ཚིག་ དང་། རྡུལ་མ་ཡིན་པའི་ཚིག་དང་། ཆུའི་ཚིག་དང་། ཆུ་མ་ཡིན་པའི་ཚིག་དང་། གཞུའི་ཚིག་དང་། གཞུ་མ་ཡིན་པའི་ཚིག་དང་། ཡང་དག་པའི་ཚིག་དང་། ཡང་དག་པ་མ་ཡིན་པའི་ཚིག་དང་། གྲངས་ཀྱི་ཚིག་དང་། གྲངས་མ་ཡིན་པའི་ཚིག་དང་། རྩིས་ཀྱི་ཚིག་དང་། རྩིས་མ་ཡིན་པའི་ཚིག་དང་། མངོན་པར་གསལ་བའི་ཚིག་དང་། མངོན་པར་གསལ་བ་མ་ཡིན་པའི་ཚིག་དང་། ནམ་མཁའི་ཚིག་དང་། ནམ་མཁའ་མ་ཡིན་པའི་ཚིག་དང་། སྤྲིན་གྱི་ཚིག་དང་། སྤྲིན་མ་ཡིན་པའི་ཚིག་དང་། བཟོ་དང་སྒྱུ་རྩལ་དང་རིག་པའི་གནས་ཀྱི་ཚིག་ དང་། བཟོ་དང་སྒྱུ་རྩལ་དང་རིག་པའི་གནས་མ་ཡིན་པའི་ཚིག་དང་། རླུང་གི་ཚིག་དང་། རླུང་མ་ཡིན་པའི་ཚིག་དང་། སའི་ཚིག་དང་། ས་མ་ཡིན་པའི་ཚིག་དང་། སེམས་ཀྱི་ཚིག་དང་། སེམས་མ་ཡིན་པའི་ཚིག་དང་། གདགས་པའི་ཚིག་དང་། གདགས་པ་མ་ཡིན་པའི་ཚིག་དང་། རང་བཞིན་གྱི་ཚིག་དང་། རང་བཞིན་མ་ཡིན་པའི་ཚིག་དང་། ཕུང་པོའི་ཚིག་དང་།
BO
ཕུང་པོ་མ་ཡིན་པའི་ཚིག་དང་། སེམས་ཅན་གྱི་ཚིག་དང་། སེམས་ཅན་མ་ཡིན་པའི་ཚིག་དང་། བློའི་ཚིག་དང་། བློ་མ་ཡིན་པའི་ཚིག་དང་། མྱ་ངན་ལས་ འདས་པའི་ཚིག་དང་། མྱ་ངན་ལས་འདས་པ་མ་ཡིན་པའི་ཚིག་དང་། ཤེས་བྱའི་ཚིག་དང་། ཤེས་བྱ་མ་ཡིན་པའི་ཚིག་དང་། མུ་སྟེགས་ཅན་གྱི་ཚིག་དང་། མུ་སྟེགས་ཅན་མ་ཡིན་པའི་ཚིག་དང་། ཁྲག་ཁྲུག་གི་ཚིག་དང་། ཁྲག་ཁྲུག་མ་ཡིན་པའི་ཚིག་དང་། སྒྱུ་མའི་ཚིག་ དང་། སྒྱུ་མ་མ་ཡིན་པའི་ཚིག་དང་། རྨི་ལམ་གྱི་ཚིག་དང་། རྨི་ལམ་མ་ཡིན་པའི་ཚིག་དང་། སྨིག་རྒྱུའི་ཚིག་དང་། སྨིག་རྒྱུ་མ་ཡིན་པའི་ཚིག་དང་། གཟུགས་བརྙན་གྱི་ཚིག་དང་། གཟུགས་བརྙན་མ་ཡིན་པའི་ཚིག་དང་། འཁོར་ལོའི་ཚིག་དང་། འཁོར་ལོ་མ་ཡིན་པའི་ཚིག་ དང་། དྲི་ཟའི་ཚིག་དང་། དྲི་ཟ་མ་ཡིན་པའི་ཚིག་དང་། ལྷའི་ཚིག་དང་། ལྷ་མ་ཡིན་པའི་ཚིག་དང་། ཟས་སྐོམ་གྱི་ཚིག་དང་། ཟས་སྐོམ་མ་ཡིན་པའི་ཚིག་དང་། འཁྲིག་པའི་ཚིག་དང་། འཁྲིག་པ་མ་ཡིན་པའི་ཚིག་དང་། ལྟ་བའི་ཚིག་དང་། ལྟ་བ་མ་ཡིན་པའི་ཚིག་ དང་། ཕ་རོལ་དུ་ཕྱིན་པའི་ཚིག་དང་། ཕ་རོལ་དུ་ཕྱིན་པ་མ་ཡིན་པའི་ཚིག་དང་། ཚུལ་ཁྲིམས་ཀྱི་ཚིག་དང་། ཚུལ་ཁྲིམས་མ་ཡིན་པའི་ཚིག་དང་།
BO
ཉི་ཟླ་སྐར་མའི་ཚིག་དང་། ཉི་ཟླ་སྐར་མ་མ་ཡིན་པའི་ཚིག་དང་། བདེན་པའི་ཚིག་དང་། བདེན་པ་མ་ཡིན་པའི་ཚིག་དང་། འབྲས་བུའི་ ཚིག་དང་། འབྲས་བུ་མ་ཡིན་པའི་ཚིག་དང་། འགོག་པ་ལས་ལྡང་བའི་ཚིག་དང་། འགོག་པ་ལས་ལྡང་བ་མ་ཡིན་པའི་ཚིག་དང་། གསོ་བའི་ཚིག་དང་། གསོ་བ་མ་ཡིན་པའི་ཚིག་དང་། མཚན་ཉིད་ཀྱི་ཚིག་དང་། མཚན་ཉིད་མ་ཡིན་པའི་ཚིག་དང་། ཡན་ལག་གི་ཚིག་དང་། ཡན་ལག་མ་ཡིན་པའི་ཚིག་དང་། རིག་པའི་གནས་ལ་མཁས་པའི་ཚིག་དང་། རིག་པའི་གནས་ལ་མཁས་པ་མ་ཡིན་པའི་ཚིག་དང་། བསམ་གཏན་གྱི་ཚིག་དང་། བསམ་གཏན་མ་ཡིན་པའི་ཚིག་དང་། ནོར་པའི་ཚིག་དང་། ནོར་པ་མ་ཡིན་པའི་ཚིག་དང་། སྣང་བའི་ཚིག་དང་། སྣང་བ་མ་ཡིན་པའི་ཚིག་དང་། བསྲུང་བའི་ཚིག་དང་། བསྲུང་བ་མ་ཡིན་པའི་ཚིག་དང་། རུས་ཀྱི་ཚིག་དང་། རུས་མ་ཡིན་པའི་ཚིག་དང་། དྲང་སྲོང་གི་ཚིག་དང་། དྲང་སྲོང་མ་ཡིན་པའི་ཚིག་དང་། རྒྱལ་པོའི་ཚིག་དང་། རྒྱལ་པོ་མ་ཡིན་པའི་ཚིག་དང་། ཡོངས་སུ་གཟུང་བའི་ཚིག་ དང་། ཡོངས་སུ་གཟུང་བ་མ་ཡིན་པའི་ཚིག་དང་། རིན་པོ་ཆེའི་ཚིག་དང་། རིན་པོ་ཆེ་མ་ཡིན་པའི་ཚིག་དང་། ལུང་བསྟན་པའི་ཚིག་དང་། ལུང་བསྟན་པ་མ་ཡིན་པའི་ཚིག་དང་།
BO
འདོད་ཆེན་པའི་ཚིག་དང་། འདོད་ཆེན་པ་མ་ཡིན་པའི་ཚིག་དང་། ཕོ་མོ་དང་མ་ནིང་གི་ཚིག་དང་། ཕོ་མོ་དང་མ་ནིང་མ་ཡིན་པའི་ཚིག་དང་། བྲོ་བའི་ཚིག་དང་། བྲོ་བ་མ་ཡིན་པའི་ཚིག་དང་། དངོས་པོའི་ཚིག་དང་། དངོས་པོ་མ་ཡིན་པའི་ཚིག་དང་། ལུས་ཀྱི་ཚིག་དང་། ལུས་མ་ཡིན་པའི་ཚིག་དང་། རྟོག་གེའི་ཚིག་དང་། རྟོག་གེ་མ་ཡིན་པའི་ཚིག་དང་། གཡོ་བའི་ ཚིག་དང་། གཡོ་བ་མ་ཡིན་པའི་ཚིག་དང་། དབང་པོའི་ཚིག་དང་། དབང་པོ་མ་ཡིན་པའི་ཚིག་དང་། འདུས་བྱས་ཀྱི་ཚིག་དང་། འདུས་བྱས་མ་ཡིན་པའི་ཚིག་དང་། འདུས་མ་བྱས་ཀྱི་ཚིག་དང་། འདུས་མ་བྱས་མ་ཡིན་པའི་ཚིག་དང་། རྒྱུ་དང་འབྲས་བུའི་ཚིག་དང་། རྒྱུ་དང་ འབྲས་བུ་མ་ཡིན་པའི་ཚིག་དང་། འོག་མིན་གྱི་ཚིག་དང་། འོག་མིན་མ་ཡིན་པའི་ཚིག་དང་། དུས་ཚིགས་ཀྱི་ཚིག་དང་། དུས་ཚིགས་མ་ཡིན་པའི་ཚིག་དང་། ཤིང་དང་ཤིང་གེལ་པ་དང་འཁྲི་ཤིང་གི་ཚིག་དང་། ཤིང་དང་ཤིང་གེལ་པ་དང་འཁྲི་ཤིང་མ་ཡིན་པའི་ཚིག་དང་། སྣ་ཚོགས་ཀྱི་ཚིག་དང་། སྣ་ཚོགས་མ་ཡིན་པའི་ཚིག་དང་། བསྟན་པས་གཟུང་བའི་ཚིག་དང་། བསྟན་པས་གཟུང་བ་མ་ཡིན་པའི་ཚིག་དང་། འདུལ་བའི་ཚིག་དང་། འདུལ་བ་མ་ཡིན་པའི་ཚིག་དང་། དགེ་སློང་གི་ཚིག་དང་།
BO
དགེ་སློང་མ་ཡིན་པའི་ཚིག་དང་། གནས་ ཀྱི་ཚིག་དང་། གནས་མ་ཡིན་པའི་ཚིག་དང་། ཡི་གེའི་ཚིག་དང་། ཡི་གེ་མ་ཡིན་པའི་ཚིག་སྟེ། བློ་གྲོས་ཆེན་པོ་ཚིག་བརྒྱ་རྩ་བརྒྱད་པོ་འདི་དག་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བརྗོད་པ་ཡིན་ཏེ། ཁྱོད་དང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབ་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འགག་པ་རྣམ་ པ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འགག་པ་ལ་རྣམ་པ་གཉིས་གཉིས་ཡོད་དེ། རྟོག་གེ་པ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་ནོ། ། རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་ ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། རྒྱུན་སྐྱེ་བ་དང་། མཚན་ཉིད་སྐྱེ་བའོ། ། གནས་པ་ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། རྒྱུན་གནས་པ་དང་། མཚན་ཉིད་གནས་པའོ། ། འགག་པ་ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། རྒྱུན་འགག་པ་དང་། མཚན་ཉིད་ འགག་པའོ། །
BO
དེ་ལ་རྣམ་པར་ཤེས་པ་རྣམས་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འཇུག་པའི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། ཡང་དག་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་མདོར་བསྡུ་ན་ནི་རྣམ་པར་ཤེས་པ་གསུམ་ཡོད་དོ། ། རྒྱས་པར་ བཤད་ན་ནི་མཚན་ཉིད་རྣམ་པ་བརྒྱད་ཡོད་དེ། རྣམ་པ་གསུམ་པོ་དག་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་རྣམ་པར་ཤེས་པ་དང་། སྣང་བའི་རྣམ་པར་ཤེས་པ་དང་། དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པའོ། ། བློ་གྲོས་ཆེན་པོ་དཔེར་ན་མེ་ ལོང་རབ་ཏུ་གསལ་བས་གཟུགས་བརྙན་རྣམས་འཛིན་པར་བྱེད་པ་དེ་བཞིན་དུ་སྣང་བའི་རྣམ་པར་ཤེས་པ་སྣང་བ་ཡང་དེ་བཞིན་ནོ། ། བློ་གྲོས་ཆེན་པོ་སྣང་བའི་རྣམ་པར་ཤེས་པ་དང་། དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དེ་གཉིས་ནི་འཇིག་པ་དང་། མི་འཇིག་པའི་མཚན་ཉིད་དེ་གཅིག་གི་རྒྱུ་གཅིག་གོ། ། བློ་གྲོས་ཆེན་པོ་བསམ་གྱིས་མི་ཁྱབ་པའི་བག་ཆགས་ཡོངས་སུ་བསྒོས་པ་དང་། བསམ་གྱིས་མི་ཁྱབ་པའི་ཡོངས་སུ་འགྱུར་བ་ནི་སྣང་བའི་རྣམ་པར་ཤེས་པའི་རྒྱུའོ། ། བློ་གྲོས་ཆེན་པོ་ཡུལ་སྣ་ཚོགས་ལེན་པ་དང་།
BO
ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པས་ཡོངས་སུ་བསྒོས་པ་ནི་དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་རྒྱུའོ། ། བློ་གྲོས་ཆེན་པོ་ཡང་དག་པའི་རྣམ་པར་ཤེས་པ་དེ་ལ་སྒྲིབ་པར་བྱེད་པ་ཡང་དག་པ་མ་ཡིན་པ་སྣ་ཚོགས་དང་། སྤྲོས་པ་རྣམས་འགགས་པས་ དབང་པོའི་རྣམ་པར་ཤེས་པ་ཐམས་ཅད་འགག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་མཚན་ཉིད་འགག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་དེ་ལ་རྒྱུན་འགག་པ་ནི་མཚམས་སྦྱོར་བའི་རྒྱུ་འགག་པ་ན་རྒྱུན་འགག་པར་འགྱུར་ཏེ། གང་ལས་འབྱུང་བ་འགགས་པ་ དང་། གང་ལ་དམིགས་པར་བྱ་བ་འགགས་ན་དེས་རྒྱུན་འགག་པར་འགྱུར་རོ། ། བློ་གྲོས་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། དེའི་གནས་ཡིན་པའི་ཕྱིར་རོ། ། དེ་ལ་གནས་ཞེས་བྱ་བ་ནི་ཐོག་མ་མེད་པའི་རྣམ་པར་རྟོག་པ་སྲིད་པ་གསུམ་གྱི་སྡུག་བསྔལ་འགགས་པ། མི་ ཤེས་པ་དང་། སྲེད་པ་དང་། ལས་དང་། རྐྱེན་རྣམ་པར་ལོག་པ། རང་གི་སེམས་སྣང་བ་སྒྱུ་མའི་ཡུལ་དང་། རྗེས་སུ་ལྟ་བ་རྣམས་བཤད་པར་བྱའོ། ། བློ་གྲོས་ཆེན་པོ་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ་ནི་ས་བོན་མེད་པའམ། ས་བོན་ཡོད་པའི་རྒྱུ་ལས་འབྲས་བུ་སྣང་བ་དང་། དངོས་པོའི་དུས་དང་། གནས་པ་དང་།
BO
རྐྱེན་རྣམས་ལས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་དང་། གནས་པའམ། ཡང་ན་སྐྱེས་ནས་ཀྱང་འཇིག་པར་འགྱུར་བར་འདོད་དེ། བློ་གྲོས་ཆེན་པོ་དེ་དག་ནི་རྒྱུན་ནམ། བྱ་བའམ། སྐྱེ་བའམ། སྲིད་ པའམ། མྱ་ངན་ལས་འདས་པའམ། ལམ་མམ། ལས་སམ། འབྲས་བུའམ། བདེན་པ་རྣམ་པར་འཇིག་པའམ། ཆད་པར་སྨྲ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། གང་འདི་མངོན་སུམ་དུ་མི་དམིགས་ཤིང་ཐོག་མ་མི་མཐོང་སྟེ། དེའི་ཆ་མ་ཡིན་པའི་ཕྱིར་རོ། ། བློ་ གྲོས་ཆེན་པོ་དཔེར་ན་རྫ་མ་ཆག་ནས་གྱོ་མོར་གྱུར་པ་ནི་རྫ་མའི་བྱ་བ་མི་བྱེད་དོ། ། ས་བོན་ཚིག་པ་ཡང་མྱུ་གུའི་བྱ་བ་མི་བྱེད་དེ། དེ་བཞིན་དུ་བློ་གྲོས་ཆེན་པོ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དངོས་པོ་དག་འགགས་པ་དང་། འགག་པ་དང་། འགག་པར་འགྱུར་བ་ནི་རང་གི་སེམས་ཀྱི་རྣམ་པར་རྟོག་པས་མཐོང་སྟེ། རྒྱུ་མེད་པའི་ཕྱིར་དེ་དག་ནི་རིམ་གྱིས་སྐྱེ་བ་མེད་དོ། ། བློ་གྲོས་ཆེན་པོ་གལ་ཏེ་ས་བོན་མེད་པའམ། ས་བོན་ཡོད་པ་ལས་རྣམ་པར་ཤེས་པ་རྣམས་རྐྱེན་གསུམ་དང་ཕྲད་པ་ལས་སྐྱེ་བ་ཞིག་ཡིན་ན་ནི་རུས་སྦལ་ལས་ སྤུ་སྐྱེ་བ་དང་། བྱེ་མ་ལས་ཀྱང་འབྲུ་མར་འབྱུང་བར་འགྱུར་བའི་རིགས་ཏེ།
BO
འོ་ན་ནི་ཁྱོད་ཀྱི་དམ་བཅས་པ་ལས་ཉམས་ཤིང་ངེས་པའི་དོན་དང་ཡང་འགལ་བར་འགྱུར་རོ། ། ས་བོན་ཡོད་པ་དང་། ས་བོན་མེད་པར་བཤད་པ་ལ་ཉེས་པ་དེ་ལྟ་བུ་ཡོད་པས་བྱ་བ་དང་ལས་བྱས་ པ་རྣམས་དོན་མེད་པར་འགྱུར་རོ། ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་དེ་དག་རྐྱེན་གསུམ་ཕྲད་པ་ལས་སྐྱེ་ཞེས་བྱ་བ་ཡང་བྱ་བ་དང་། སྣང་བ་འདུས་པ་ལས་སྐྱེ་བ་མ་ཡིན་གྱི། གུད་ན་ཐ་དད་པའི་རྒྱུ་ཡོད་དོ་ཞེས་སྨྲའོ། ། བློ་གྲོས་ཆེན་པོ་རྒྱུ་དེ་ནི་གཙོ་བོ་དང་། མཆོག་དང་། སྐྱེས་ བུ་དང་། དབང་ཕྱུག་དང་། དུས་དང་། རྡུལ་ཕྲ་མོ་རྣམས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་རང་བཞིན་རྣམ་པ་བདུན་ཡོད་དེ། འདི་ལྟ་སྟེ། འདུ་བ་དངོས་པོའི་རང་བཞིན་དང་། མཚན་ཉིད་ཀྱི་རང་བཞིན་དང་། འབྱུང་བ་ཆེན་པོའི་དངོས་པོའི་རང་བཞིན་དང་། རྒྱུའི་རང་བཞིན་དང་། རྐྱེན་གྱི་རང་བཞིན་དང་། མངོན་པར་གྲུབ་པའི་རང་བཞིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་དོན་དམ་པ་རྣམ་པ་བདུན་ཡོད་དེ། འདི་ལྟ་སྟེ། སེམས་ཀྱི་སྤྱོད་ཡུལ་དང་། ཤེས་རབ་ཀྱི་སྤྱོད་ཡུལ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ལྟ་བའི་སྤྱོད་ཡུལ་དང་། ལྟ་བ་གཉིས་ལས་ འདས་པའི་སྤྱོད་ཡུལ་དང་།
BO
སྲས་ཀྱི་ས་ལས་འདས་པའི་སྤྱོད་ཡུལ་དང་། དེ་བཞིན་གཤེགས་པ་ཉིད་བྱོན་པའི་སྤྱོད་ཡུལ་ཏེ། བློ་གྲོས་ཆེན་པོ་འདི་དག་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀྱི་དངོས་པོའི་རང་བཞིན་དོན་དམ་པའི་སྙིང་པོའོ། ། དངོས་པོའི་རང་བཞིན་དོན་དམ་པའི་སྙིང་པོ་དེ་དང་ལྡན་པས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པ་མཆོག་གི་ཆོས་འཕགས་པའི་ཤེས་རབ་ཀྱི་སྤྱན་ཡོངས་སུ་ རྫོགས་ནས་རང་དང་སྤྱིའི་མཚན་ཉིད་རྣམ་པར་དགོད་པ་ལ་འཇུག་ཅིང་ཇི་ལྟ་བ་བཞིན་དུ་རྣམ་པར་དགོད་པས་མུ་སྟེགས་ཅན་གྱི་སྨྲ་བ་དང་། ལྟ་བ་ངན་པ་དང་ཐུན་མོང་དུ་མི་འགྱུར་བ་ཡིན་ནོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་མུ་སྟེགས་ཅན་གྱི་སྨྲ་བ་དང་། ལྟ་བ་ངན་པ་དང་། ཐུན་མོང་ མ་ཡིན་ཞེ་ན། འདི་ལྟ་སྟེ། རང་གི་ཡུལ་ལ་རྣམ་པར་རྟོག་པའི་ལྟ་བར་ཁོང་དུ་མ་ཆུད་པ་དང་། རང་གི་རྣམ་པར་ཤེས་པའི་སེམས་སྣང་བ་ཙམ་དུ་མ་རྟོགས་པས། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་དོན་དམ་པ་ལ་ལྟ་ བ་གཉིས་སུ་སྨྲ་བར་གྱུར་ཏོ།
BO
། གཞན་ཡང་བློ་གྲོས་ཆེན་པོ་དུས་ཀྱི་རྣམ་པར་རྟོག་པས་ཡོངས་སུ་བསྒོས་པའོ། ། དམིགས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རང་གི་སེམས་སྣང་བ་ལ་རྣམ་པར་ཤེས་པའི་ཡུལ་དུ་རྣམ་པར་རྟོག་པའོ། ། བློ་གྲོས་ཆེན་པོ་དཔེར་ན་འཇིམ་པའི་གོང་བུ་དང་། རྡུལ་ཕྲ་རབ་ནི་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་ནོ། ། གསེར་དང་རྒྱན་ཡང་དེ་བཞིན་ཏེ། ། བློ་གྲོས་ཆེན་པོ་གལ་ཏེ་འཇིམ་པའི་གོང་བུ་དང་། རྡུལ་ཕྲ་རབ་གཉིས་ཐ་དད་པ་ཞིག་ཡིན་ན་ནི་དེ་དག་ལས་བརྩམས་པ་མ་ཡིན་པར་འགྱུར་ན། དེ་ནི་ཡང་དག་པར་ དེ་དག་ལས་བརྩམས་པས་ན་དེའི་ཕྱིར་ཐ་དད་པ་མ་ཡིན་ནོ། ། ཅི་སྟེ་ཐ་མི་དད་ན་ནི་འཇིམ་པའི་གོང་བུ་དང་། རྡུལ་ཕྲ་རབ་བྱེ་བྲག་མེད་པར་འགྱུར་རོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་གཞི་རྣམ་པར་ཤེས་པ་ཡང་དག་པའི་མཚན་ཉིད་ དང་། གལ་ཏེ་ཐ་དད་པ་ཞིག་ཡིན་ན་ཀུན་གཞི་རྣམ་པར་ཤེས་པ་རྒྱུ་མ་ཡིན་པར་འགྱུར་རོ། ། དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇུག་པའི་རྣམ་པར་ཤེས་པ་འགགས་ན། ཀུན་གཞི་རྣམ་པར་ཤེས་པ་ཡང་འགག་པར་འགྱུར་བ་ཞིག་ན། འདི་ལྟར་རང་གི་ཡང་དག་པའི་མཚན་ཉིད་ ནི་ངེས་པར་འགག་པར་མི་འགྱུར་ཏེ།
BO
དེའི་བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ཀྱི་རང་གི་ཡང་དག་པའི་མཚན་ཉིད་འགག་པ་མ་ཡིན་གྱི། ལས་ཀྱི་མཚན་ཉིད་འགག་གོ། ། གལ་ཏེ་རང་གི་ཡང་དག་པའི་མཚན་ཉིད་ཀྱང་འགག་པ་ཡིན་ན་ནི། ཀུན་ གཞི་རྣམ་པར་ཤེས་པ་ཡང་འགག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ་འགག་པར་འགྱུར་བ་ཡིན་ན་ནི། མུ་སྟེགས་ཅན་ཆད་པར་སྨྲ་བ་དང་། ཐ་མི་དད་པར་འགྱུར་རོ། ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་དེ་དག་ནི་འདི་སྐད་དུ་སྨྲ་སྟེ། འདི་ལྟ་སྟེ། འདི་ལྟར་ ཡུལ་རྣམས་ལ་འཛིན་པ་འགགས་པར་གྱུར་ན། རྣམ་པར་ཤེས་པའི་རྒྱུན་འགག་པར་འགྱུར་རོ་ཞེས་ཟེར་ཏེ། གལ་ཏེ་རྣམ་པར་ཤེས་པའི་རྒྱུན་འགགས་པ་ཡིན་ན་ནི། ཐོག་མ་མེད་པའི་དུས་ཀྱི་རྒྱུན་ཀྱང་ཆད་པར་འགྱུར་བའི་རིགས་སོ། ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྣམས་ རྒྱུན་སྐྱེ་བའི་རྒྱུ་ནི་མིག་གི་རྣམ་པར་ཤེས་པ་གཟུགས་དང་། ཐབས་ནི་རྒྱུ་དང་འབྲས་བུའི་རང་གི་མཚན་ཉིད་དུ་ཡོད་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ནི་ས་བོན་ཡོད་པ་དང་། ས་བོན་མེད་པའི་མཚན་ཉིད་དོ་ཞེས་ཟེར་ཏེ།
BO
དེ་ནི་སྔོན་གཅིག་ནས་གཅིག་ཏུ་རིགས་པའི་ དངོས་པོ་བརྒྱུད་དེ་འོངས་པ་རྟོག་གེ་པའི་རྗེས་སུ་འཇུག་ཅིང་རང་གི་ལྟ་བའི་ཉེས་པའི་བག་ཆགས་ཀྱིས་བསྒོས་པས་དེ་སྐད་དུ་སྟོན་ཏེ། བློ་གྲོས་ཆེན་པོ་དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལྟ་བ་ངན་པས་ཟིན་པ་ལོག་པའི་གྱ་གྱུས་རབ་ཏུ་རྨོངས་པ་དང་མྱོས་པའི་མི་ཤེས་པ་རྣམས་{བརྫུན་,རྫུན་}དུ་འདི་ ནི་ཐམས་ཅད་མཁྱེན་པས་བསྟན་ཏོ་ཞེས་ཟེར་རོ། ། བློ་གྲོས་ཆེན་པོ་གལ་ཏེ་ཡང་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་ཆོས་ཐམས་ཅད་རང་བཞིན་དང་བྲལ་བ་སྤྲིན་དང་མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་དང་མཚུངས་པ་དང་། མ་སྐྱེས་པ་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུའི་ ཟླ་བ་དང་། རྨི་ལམ་ལྟ་བུ་དང་། ནང་དང་ཕྱི་རོལ་དུ་སེམས་སྣང་བ་རྣམ་པར་རྟོག་པ་དང་། ཐོག་མ་མེད་པའི་དུས་ཀྱི་རྣམ་པར་སྤྲོས་པ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ལས་ལོགས་ཤིག་ན་མེད་པ་དང་། རྒྱུ་དང་རྐྱེན་འགགས་ཤིང་ཟད་པར་གྱུར་ན། རྣམ་པར་རྟོག་པ་དང་བྲལ་བར་ མཐོང་བ་དང་། རྗོད་པ་དང་། བརྗོད་པར་བྱ་བ་དང་། བརྟག་པ་དང་། བརྟག་པར་བྱ་བ་དང་བྲལ་བ། ལོངས་སྤྱོད་དང་། ལུས་སུ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་གཞག་པ་དང་།
BO
རྣམ་པར་ཤེས་པའི་ཡུལ་གཟུང་བ་དང་། འཛིན་པ་དང་། མི་འཐུན་པ་དང་། སྣང་བ་མེད་པའི་ སྤྱོད་ཡུལ་སྐྱེ་བ་དང་། གནས་པ་དང་། འཇིག་པ་སྤོང་བ་དང་། རང་གི་སེམས་ལས་བྱུང་བ་ཙམ་དུ་རྗེས་སུ་འཇུག་ཅིང་རྣམ་པར་འབྱེད་ན། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་དག་ནི་རིང་པོར་མི་ཐོགས་པར་འཁོར་བ་དང་། མྱ་ངན་ལས་འདས་པ་མཉམ་པ་ཉིད་དང་། སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པ་དང་། རྩོལ་བ་མེད་པའི་སྦྱོར་བ་འཐོབ་པར་འགྱུར་རོ། ། བློ་གྲོས་ཆེན་པོ་སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་སྒྱུ་མ་དང་མཚུངས་པ་དང་། རྒྱུ་དང་རྐྱེན་ལ་མི་བརྩོན་པ་དང་། ཕྱི་ནང་གི་ཡུལ་ལས་རྣམ་པར་དབེན་པ་དང་། སེམས་ ལས་ཕྱི་རོལ་དུ་མི་མཐོང་བས་རིམ་གྱིས་མཚན་མ་མེད་པའི་གནས་སུ་འཇུག་པ་དང་། རིམ་གྱིས་ས་ནས་སར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་འཇུག་པ་དང་། ཁམས་གསུམ་སྒྱུ་མ་ལྟ་བུར་ཤིན་ཏུ་མོས་ཤིང་སོ་སོར་རབ་ཏུ་རྟོག་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་འཐོབ་པར་འགྱུར་རོ། ། རང་གི་སེམས་སྣང་བ་ལས་འདས་ཤིང་སྣང་བ་མེད་པ་ལ་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་རྗེས་སུ་ཐོབ་པར་བྱེད་པ་དང་།
BO
དེ་དག་གི་སྦྱོར་བ་སྐྱེད་པ་རབ་ཏུ་སྤངས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་པར་འགྱུར་རོ། ། དེ་བཞིན་ཉིད་ཀྱི་རྗེས་སུ་འཇུག་པའི་སྤྲུལ་པ་མངོན་པར་ཤེས་པ་དང་། དབང་དང་། སྙིང་རྗེ་དང་། ཐབས་ཀྱིས་རབ་ཏུ་བརྒྱན་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཅིག་ཅར་འཇུག་པ། མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་བ། སེམས་དང་ཡིད་དང་། རྣམ་པར་ཤེས་ པ་དང་བྲལ་བས་བྱང་ཆུབ་སེམས་དཔའ་དེ་གནས་གྱུར་པའི་རིམ་གྱིས་དེ་བཞིན་གཤེགས་པའི་སྐུ་འཐོབ་པར་འགྱུར་རོ། ། བློ་གྲོས་ཆེན་པོ་དེ་བས་ན་དེ་བཞིན་གཤེགས་པའི་རྗེས་སུ་འཇུག་པའི་སྐུའང་འཐོབ་པར་འདོད་པ་རྣམས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། སེམས་དང་། རྒྱུ་དང་། རྐྱེན་དང་། བྱ་བ་དང་། སྦྱོར་བ་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་། རྣམ་པར་རྟོག་པའི་སྤྲོས་པ་རྣམས་ཡོངས་སུ་སྤང་བར་བྱའོ། ། སེམས་ཙམ་གྱིས་དྲང་པོར་རྩོལ་བས་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་ཉེས་པ་ ལ་སོ་སོར་རྟོག་ཅིང་། རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་དང་། སྲིད་པ་གསུམ་པོ་དག་སྣང་བ་མེད་པ་དང་།
BO
སངས་རྒྱས་ཀྱིས་སྐྱེ་བ་མེད་པར་མཇལ་བས་རང་གིས་རིག་པ་འཕགས་པའི་བགྲོད་པར་ཕྱིན་པ་དང་། རང་གི་སེམས་ལ་དབང་སྒྱུར་ཞིང་རྩོལ་བ་མེད་པའི་སྤྱོད་པ་རྟོགས་པར་ ཁོང་དུ་ཆུད་པ། གཟུགས་སྣ་ཚོགས་ཀྱི་རྗེས་སུ་འཇུག་པའི་ནོར་བུ་དང་མཚུངས་པ་དང་། སེམས་ཅན་གྱི་སེམས་ཤིན་ཏུ་ཕྲ་བའི་རྗེས་སུ་འཇུག་ཅིང་སྤྲུལ་པའི་ལུས་ཀྱིས་སེམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་དགྲོལ་བར་བྱེད་པས་ས་རྣམས་རིམ་གྱིས་མཚམས་སྦྱོར་བ་རྣམ་པར་ གཞག་པར་འགྱུར་རོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་རང་གི་གྲུབ་པའི་མཐའ་ལ་མཁས་པ་རབ་ཏུ་བསྒྲུབ་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་དང་ཡིད་དང་། རྣམ་པར་ཤེས་པ་ དང་། ཆོས་ལྔ་དང་། རང་བཞིན་གྱི་མཚན་ཉིད་བཤད་དུ་གསོལ། འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བགྲོད་པར་བགྱི་བ། རང་གི་སེམས་ཀྱིས་མཐོང་བ་ལ་སོགས་པས་དམིགས་པར་བགྱི་བའི་སྤྱོད་ཡུལ་དང་འཕྲོད་པ་མ་ལགས་པ། བརྗོད་པའམ། རིགས་པ་དང་། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཐམས་ཅད་རབ་ཏུ་སྟོན་པ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའོ། །
BO
བཅོམ་ལྡན་འདས་ལང་ཀའི་གྲོང་རྡལ་དང་། མ་ལ་ཡའི་རི་དང་། རྒྱ་མཚོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་དེ་ བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པ། རྒྱ་མཚོའི་དབའ་རླབས་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང་། ཆོས་ཀྱི་སྐུ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ ཆེན་པོ་རྐྱེན་རྣམ་པ་བཞིའི་ཕྱིར་མིག་གི་རྣམ་པར་ཤེས་པ་འཇུག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་འཛིན་པར་ཁོང་དུ་མ་ཆུད་པ་དང་། ཐོག་མ་མེད་པའི་དུས་ནས་སྤྲོས་པའི་གནས་ངན་ལེན་གྱི་གཟུགས་ཀྱི་བག་ཆགས་ལ་མངོན་པར་ཞེན་པ་ དང་། རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་དང་། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་མཐོང་བར་འདུན་པའོ། ། བློ་གྲོས་ཆེན་པོ་འདི་ནི་རྒྱུ་རྐྱེན་བཞི་པོ་ཆུ་ཀླུང་གི་གནས་དང་། ཀུན་གཞི་རྣམ་པར་ཤེས་པ་ལས་འཇུག་པའི་རྣམ་པར་ཤེས་པའི་རླབས་འབྱུང་བ་ ཞེས་བྱའོ། ། བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་།
BO
སྤུའི་ཁུང་བུ་ལྷན་ཅིག་སྐྱེ་བ་དང་། རིམ་གྱིས་ཡུལ་གྱི་རྗེས་སུ་སྐྱེ་བ་ཡང་དེ་བཞིན་ཏེ། ཇི་ལྟར་མེ་ལོང་རབ་ཏུ་གསལ་བའི་ནང་དུ་གཟུགས་བརྙན་སྣང་བ་ བཞིན་ནོ། ། བློ་གྲོས་ཆེན་པོ་དཔེར་ན། རླུང་རབ་ཏུ་དྲག་པོས་རྒྱ་མཚོ་ཆེན་པོའི་ཆུ་རབ་ཏུ་སྐྱོད་པར་བྱེད་པ་དེ་བཞིན་དུ། ཕྱི་རོལ་གྱི་ཡུལ་གྱི་རླུང་གིས་ཀྱང་སེམས་ཀྱི་རྒྱ་མཚོ་བསྒུལ་བས་རྣམ་པར་ཤེས་པའི་རླབས་རྣམས་རྒྱུན་མི་འཆད་དེ། རྒྱུ་དང་བྱ་བའི་མཚན་ཉིད་ཐ་དད་པ་དང་། ཐ་དད་མ་ཡིན་པ་གཅིག་ཏུ་འདྲེས་པ། ལས་དང་སྐྱེ་བའི་མཚན་ཉིད་ལ་ཤིན་ཏུ་མངོན་པར་ཞེན་པ་དང་། གཟུགས་ལ་སོགས་པའི་རང་གི་ངོ་བོ་ཉིད་མི་རྟོགས་པས་དེའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་འཇུག་གོ། ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་དང་ལྷན་ ཅིག་པའི་རྒྱུ་ལ་བྱེ་བྲག་གིས་རྣམ་པའི་མཚན་ཉིད་ཁོང་དུ་ཆུད་པར་བྱེད་པས་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ནི་དེའི་ལུས་ཀྱི་རྗེས་སུ་འཇུག་པ་ཡིན་པར་རིག་པར་བྱའོ། ། དེ་དག་འདི་སྙམ་དུ་བདག་ཅག་ནི་ཕན་ཚུན་གཅིག་གི་རྒྱུ་གཅིག་བྱེད་དོ་སྙམ་དུ་མི་སེམས་ཏེ།
BO
འོན་ཀྱང་ རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པས་མངོན་པར་ཞེན་པ་འཇུག་ཅིང་དེ་དག་སོ་སོ་ནས་འཇིག་པའི་མཚན་ཉིད་དང་ལྷན་ཅིག་ཏུ་འཇུག་གོ། ། ཡུལ་གྱི་རྣམ་པའི་བྱེ་བྲག་འབྱེད་པ་ནི་འདི་ལྟ་སྟེ། དེ་དག་འཇུག་པའོ། ། བློ་གྲོས་ཆེན་པོ་ཇི་ལྟར་རྣལ་འབྱོར་པ་དག་ བསམ་གཏན་དང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་བག་ཆགས་ཤིན་དུ་ཕྲ་རབ་འཇུག་པ་རྣམས་མི་ཤེས་པ་དེ་དག་འདི་སྙམ་དུ། བདག་ཅག་རྣམ་པར་ཤེས་པ་བཀག་ནས་སྙོམས་པར་ཞུགས་སོ་སྙམ་དུ་སེམས་ཀྱང་ཡང་དག་པར་རྣམ་པར་ཤེས་པ་ བཀག་ནས་སྙོམས་པར་ཞུགས་པ་མ་ཡིན་ཏེ། འདི་ལྟར་བག་ཆགས་ཀྱི་ས་བོན་ཤིན་ཏུ་ཕྲ་བ་མ་འགགས་པའི་ཕྱིར་མ་འགགས་པའོ། ། ཡུལ་ལ་འཇུག་ཅིང་འཛིན་པ་དང་མི་ལྡན་པའི་ཕྱིར་ནི་འགགས་པའོ། ། བློ་གྲོས་ཆེན་པོ་དེ་ལྟར་ཤིན་ཏུ་ཕྲ་བའི་ཀུན་གཞི་རྣམ་པར་ཤེས་པ་དེ་མཐར་ ཐུག་པར་རྟོགས་པ་ནི་དེ་བཞིན་གཤེགས་པ་དང་། ས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་གཞན་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ཀྱིས་ཀྱང་ རྟོགས་པར་མི་ནུས་སོ། ། གཞན་དུ་ན་སའི་མཚན་ཉིད་དང་།
BO
ཤེས་རབ་དང་། ཡེ་ཤེས་དང་། ཐབས་ལ་མཁས་པ་རྣམ་པར་འབྱེད་པ་དག་ཚིག་གི་དོན་རབ་ཏུ་དབྱེ་བ་ལ་རྣམ་པར་གདོན་མི་ཟ་བ་རྒྱལ་བ་མཐའ་ཡས་པ་རྣམས་ལས་དགེ་བའི་རྩ་བ་ཡོངས་སུ་བསགས་པ་དང་། རང་གི་སེམས་ སྣང་བ་ལ་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ་རི་དང་ནགས་ཚལ་སྟུག་པོ་དང་། ཤིང་ཁྲོད་ན་གནས་ཤིང་རྣལ་འབྱོར་ཐ་མ་དང་། འབྲིང་དང་། རབ་ཏུ་བསྒོམས་པ་རྣམས་ཀྱིས་རང་གི་སེམས་ཀྱི་རྣམ་པར་རྟོག་པའི་རྒྱུད་མཐོང་བ་དང་། ཞིང་ཚད་མེད་པའི་སངས་རྒྱས་རྣམས་ཀྱིས་དབང་ བསྐུར་བ་དང་། དབང་དང་སྟོབས་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། དགེ་བའི་བཤེས་གཉེན་སངས་རྒྱས་ཀྱི་སྲས་ཀྱི་འཁོར་རྣམས་ཀྱང་འཐོབ་པར་འགྱུར་ཏེ། དེས་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། རང་གི་སེམས་སྣང་བའི་རང་ བཞིན་གྱི་སྤྱོད་ཡུལ་སྤྲོས་པའི་མཚན་ཉིད་རིག་ཅིང་འཁོར་བ་སྲིད་པའི་རྒྱ་མཚོ་དང་། ལས་དང་། སྲེད་པ་དང་། མི་ཤེས་པ་ལ་སོགས་པའི་རྒྱུ་ལས་རྒྱལ་བར་ནུས་སོ། ། དེ་ལྟ་བས་ན། བློ་གྲོས་ཆེན་པོ་རྣལ་འབྱོར་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་རྒྱལ་བ་རྣམས་ལ་ བསྟེན་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར།
BO
ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དཔེར་ན་རྒྱ་མཚོའི་དབའ་རླབས་རྣམས། ། དེ་དག་རླུང་དྲག་དབང་གིས་བྱུང་། ། རླབས་ཆེན་རྒྱ་མཚོ་རབ་བསྐྱོད་པས། ། རྒྱུན་ནི་རྣམ་པར་ཆད་ པ་མེད། ། ཀུན་གཞི་རྒྱ་མཚོ་རྟག་གནས་པ། ། ཡུལ་གྱི་རླུང་གིས་རབ་བསྐྱོད་ནས། ། སྣ་ཚོགས་རྣམ་ཤེས་དབའ་རླབས་རྣམས། ། གར་ཅིང་རབ་ཏུ་འཇུག་པར་འགྱུར། ། སྔོན་པོ་དམར་པོ་སྣ་ཚོགས་གཟུགས། ། དུང་དང་འོ་མ་ཁ་ར་དང་། ། བསྐ་བ་མེ་ཏོག་འབྲས་བུ་དང་། ། ཉི་ཟླ་དང་ ནི་འོད་ཟེར་དང་། ། གཅིག་པ་མ་ཡིན་ཐ་དད་མིན། ། རྒྱ་མཚོ་རླབས་རྣམས་རབ་ཏུ་བསྐྱེད། ། དེ་བཞིན་རྣམ་ཤེས་བདུན་པོ་ཡང་། ། སེམས་དང་ལྷན་ཅིག་རབ་ཏུ་སྐྱེ། ། ཇི་ལྟར་རྒྱ་མཚོ་ཡོངས་གྱུར་ནས། ། དབའ་རླབས་སྣ་ཚོགས་འཇུག་པ་ལྟར། ། རྣམ་ཤེས་བདུན་པོ་དེ་བཞིན་ཏེ། ། སེམས་དང་ལྷན་ ཅིག་རབ་ཏུ་སྐྱེ། ། ཀུན་གཞི་རྣམ་ཤེས་གནས་ལས་ནི། ། རྣམ་ཤེས་སྣ་ཚོགས་རབ་འཇུག་སྟེ། ། འདི་ལྟར་ཡིད་དང་རྣམ་ཤེས་དེས། ། མཚན་ཉིད་དོན་ལ་རབ་ཏུ་སེམས། ། མི་འཇིགས་མཚན་ཉིད་བརྒྱད་ཡོད་དེ། ། མཚན་མ་མེད་པའང་མཚན་མ་མེད། ། རྒྱ་མཚོ་དང་ནི་དབའ་ རླབས་རྣམས། ། ཇི་ལྟར་བྱེ་བྲག་མེད་པ་བཞིན། །
BO
རྣམ་ཤེས་སེམས་དང་དེ་བཞིན་དུ། ། ཐ་དད་པ་ཡང་མི་དམིགས་སོ། ། སེམས་ནི་ལས་སོགས་བྱེད་ཅེས་བྱ། ། ཡིད་ཀྱི་རྒྱ་ཆེར་སོགས་པ་སྟེ། ། རྣམ་ཤེས་དག་ནི་རྣམ་པར་རིག ། སྣང་བའི་ཡུལ་ལྟོས་སྔར་བཤད་དོ། ། དེ་ནས་བྱང་ ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། སྔོན་པོ་དམར་པོའི་གཟུགས་རྣམས་ནི། ། སེམས་ཅན་རྣམ་ཤེས་སྐྱེད་པར་བགྱིད། ། རླབས་དང་མཚུངས་པའི་སྣ་ཚོགས་ཆོས། ། ཅི་སླད་བདག་ལ་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ ཚིགས་སུ་བཅད་དེ་བཀའ་སྩལ་པ། ། སྔོན་པོ་དམར་པོ་སྣ་ཚོགས་གཟུགས། ། དབའ་རླབས་དག་ནི་ཡོད་མ་ཡིན། ། ལས་སོགས་སེམས་སུ་བཤད་པ་ཡང་། ། སྐྱེ་བོ་རྟོགས་པར་བྱ་ཕྱིར་རོ། ། ལས་དེ་ཡང་ནི་ཡོད་མ་ཡིན། ། རང་གི་སེམས་ནི་གཟུང་དང་བྲལ། ། གཟུང་བ་ མེད་པས་འཛིན་པའང་མེད། ། དབའ་རླབས་དེ་དང་རབ་ཏུ་མཚུངས། ། ལོངས་སྤྱོད་ལུས་དག་རྣམ་གཞག་པ། ། སེམས་ཅན་སྣང་བའི་རྣམ་ཤེས་ཡིན། ། དེ་ལས་ལས་རྣམས་སྣང་བར་བྱེད། ། དཔེར་ན་རྒྱ་མཚོའི་རླབས་དང་མཚུངས། ། དེ་ནས་བྱང་ཆུབ་ སེམས་དཔའ་བློ་གྲོས་ཆེན་པོས་ཡང་ཚིགས་སུ་བཅད་དེ་གསོལ་པ། རྒྱ་མཚོའི་དབའ་རླབས་དངོས་པོ་ནི། །
BO
གར་བགྱིད་གཡོ་བས་རིག་འགྱུར་ལ། ། ཀུན་གཞི་ལས་ཀྱང་དེ་ལྟར་ན། ། ཅི་ཡི་སླད་དུ་བློས་མི་རིག ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱིས་པ་བློ་དང་མི་ལྡན་པས། ། ཀུན་གཞི་རྒྱ་མཚོ་འདྲ་བ་དང་། ། ལས་ཀྱི་མཚན་ཉིད་རླབས་ལྟ་བུའི། ། དཔེ་ལ་བརྟེན་ནས་རྟོགས་པར་འགྱུར། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་ཚིགས་སུ་བཅད་དེ་གསོལ་པ། སྐྱེ་བོ་བཟང་ངན་བར་མ་ལ། ། གདུགས་ནི་མཉམ་པར་ ཤར་བ་བཞིན། ། བདེ་གཤེགས་འཇིག་རྟེན་སྣང་མཛད་པའང་། ། བྱིས་པ་རྣམས་ལ་ཡང་དག་ཆོས། ། རབ་ཏུ་རྣམ་འབྱེད་གསུང་རིགས་ན། ། ཅི་སླད་ཡང་དག་གསུང་མི་མཛད། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཅི་སྟེ་ཡང་དག་བཤད་དུ་ནི། ། དེ་ཡི་སེམས་ལ་ཡང་དག་མེད། ། ཇི་ལྟར་རྒྱ་མཚོའི་དབའ་རླབས་དང་། ། མེ་ལོང་གཟུགས་བརྙན་རྨི་ལམ་དག ། དེ་དག་ཐམས་ཅད་ཅིག་ཅར་སྣང་། ། སེམས་ཀྱི་སྤྱོད་ཡུལ་དེ་བཞིན་ནོ། ། ཡུལ་རྣམས་དང་ནི་མི་ལྡན་ཕྱིར། ། རིམ་གྱིས་ལས་དག་འཇུག་ཅིང་སྐྱེ། ། རྣམ་པར་ཤེས་པས་ རྣམ་པར་རིག ། ཡིད་ནི་དེ་བཞིན་སེམས་པར་བྱེད། ། ལྔ་པོ་དག་ནི་སྣང་བར་འགྱུར། །
BO
དེ་ལ་{གོ་རིམས་,གོ་རིམ་}ངེས་པ་མེད། ། ཇི་ལྟར་རི་མོའི་མཁན་པོ་དང་། ། རི་མོ་མཁན་གྱི་སློབ་མ་དག ། རི་མོའི་དོན་དུ་ཚོན་འགྱེད་ལྟར། ། ང་ཡི་བཤད་པའང་དེ་བཞིན་ནོ། ། ཚོན་ལ་རི་མོ་ཡོད་མ་ཡིན། ། སྨྱིག་གུ་དང་ནི་གཞི་ལ་མེད། ། སེམས་ཅན་དགའ་བ་བསྐྱེད་པའི་ཕྱིར། ། ཚོན་གྱིས་རི་མོ་མངོན་པར་བསྒྲུབས། ། བཤད་པ་དག་ནི་གཞན་ཕྱིར་སྤྱོད། ། ཡང་དག་ཉིད་ནི་ཡི་གེ་སྤངས། ། རྣམ་འབྱེད་ལས་ནི་དང་པོ་པ། ། རྣལ་འབྱོར་པ་ལ་ཡང་དག་བསྟན། ། སོ་སོ་རང་རིག་ཡང་དག་ ནི། ། རྟོག་དང་བརྟག་པར་རབ་ཏུ་སྤངས། ། རྒྱལ་བའི་སྲས་ལ་འདི་བསྟན་གྱི། ། བྱིས་པ་ལ་ནི་གཞན་རབ་འབྱེད། ། ཇི་ལྟར་སྒྱུ་མ་སྣ་ཚོགས་དག ། སྣང་ཡང་ཡང་དག་མ་ཡིན་ཏེ། ། དེ་བཞིན་བཤད་པ་སྣ་ཚོགས་ཀྱང་། ། བྱ་བའི་རྗེས་སུ་གཞག་པ་ཡིན། ། བཤད་པ་འཐུན་པར་ མ་གྱུར་པ། ། དེ་ལ་བཤད་པ་མ་ཡིན་འགྱུར། ། ཇི་ལྟར་ནད་པ་སོ་སོ་ལ། ། སྨན་མཁས་དཔྱད་རྣམས་བསྟན་པ་ལྟར། ། དེ་བཞིན་གཤེགས་པས་སེམས་ཅན་ལ། ། མོས་པ་ཇི་བཞིན་རབ་ཏུ་སྟོན། ། བརྩེ་བས་རབ་ཏུ་གསུངས་པ་ཡི། ། སོ་སོ་རང་གི་སྤྱོད་ཡུལ་ནི། ། རྟོག་གེ་པ་ཡི་ ཡུལ་མ་ཡིན། ། ཉན་ཐོས་རྣམས་ཀྱང་སྐལ་ཡོད་མིན། །
BO
གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་རང་གི་སེམས་སྣང་བའི་གཟུང་བ་དང་། འཛིན་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡོངས་སུ་ཤེས་པར་འདོད་པས་འདུ་བ་དང་། འདུ་འཛི་ དང་། གཉིད་ཡོངས་སུ་སྤང་བར་བྱའོ། ། སྲོད་དང་། ཐོ་རངས་དང་། ནམ་གྱི་གུང་ཐུན་ལ་བདག་ཉིད་རྟག་ཏུ་དྲན་པ་དང་ལྡན་ཞིང་མི་ཉལ་བར་སྦྱོར་བ་ལ་རབ་ཏུ་བརྩོན་པར་བྱའོ། ། ལྟ་བ་ངན་པ་རྣམས་ཀྱི་བསྟན་བཅོས་དང་། གཏམ་དང་། ཉན་ཐོས་དང་། རང་སངས་རྒྱས་ ཀྱི་ཐེག་པའི་མཚན་མ་ཡོངས་སུ་སྤང་བར་བྱའོ། ། རང་གི་སེམས་སྣང་བའི་རྣམ་པར་རྟོགས་པའི་མཚན་ཉིད་ཁོང་དུ་ཆུད་པར་རྟོགས་པར་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡེ་ཤེས་དང་། ཤེས་རབ་ཀྱི་མཚན་ཉིད་དགོད་པ་ལ་གནས་ ནས། གོང་དུ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་ལ་རབ་ཏུ་བརྩོན་པས་བསྒྲུབ་པར་བྱའོ། ། གོང་དུ་བརྩོན་ཞིང་བསྒྲུབ་པར་བྱ་བའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་པོ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྣང་བ་མེད་པའི་མཚན་ཉིད་དང་། སངས་རྒྱས་ཐམས་ཅད་ ཀྱི་རང་གི་སྨོན་ལམ་གྱི་གནས་ཀྱི་མཚན་ཉིད་དང་།
BO
འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་མཐར་ཐུག་པའི་མཚན་ཉིད་དེ། རྣལ་འབྱོར་པས་དེ་དག་ཁོང་དུ་ཆུད་པས་བོང་བུ་ཐེང་པོ་ལྟ་བུའི་སེམས་དང་། ཤེས་རབ་དང་། ཡེ་ཤེས་ཀྱི་མཚན་ཉིད་སྤངས་ཏེ། རྒྱལ་བའི་སྲས་ ཀྱིས་ས་བརྒྱད་པ་ཐོབ་ནས། དེའི་གོང་དུ་མཚན་ཉིད་གསུམ་ལ་རབ་ཏུ་བརྩོན་པར་བྱེད་དོ། ། དེ་ལ་བློ་གྲོས་ཆེན་པོ་སྣང་བ་མེད་པའི་མཚན་ཉིད་ནི་འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་མཚན་ཉིད་དེ་དག་ཡོངས་སུ་འདྲིས་པ་ ལས་སྐྱེའོ། ། བློ་གྲོས་ཆེན་པོ་རང་གི་སྨོན་ལམ་གྱི་གནས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། སྔོན་གྱི་སངས་རྒྱས་རྣམས་ཀྱི་རང་གི་སྨོན་ལམ་གྱི་གནས་ལ་མངོན་པར་བརྩོན་པ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོ་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་མཐར་ཐུག་པའི་མཚན་ཉིད་ནི་ ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་མེད་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ལུས་རབ་ཏུ་ཐོབ་པས། སངས་རྒྱས་རྣམས་ཀྱི་སའི་གནས་ལ་བརྩོན་ཞིང་འཇུག་པའི་སྤྱོད་པ་ལས་སྐྱེ་སྟེ། བློ་གྲོས་ཆེན་པོ་འདི་ནི་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་ཞེས་ བྱའོ། །
BO
གལ་ཏེ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་འདི་གསུམ་དང་ལྡན་ན་རང་གིས་རིག་པ་འཕགས་པའི་ཡེ་ཤེས་མཐར་ཐུག་པའི་སྤྱོད་ཡུལ་ཁོང་དུ་ཆུད་པར་འགྱུར་རོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་པོ་དག་ལ་རབ་ཏུ་བརྩོན་ པར་བྱའོ། ། ། ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས། བམ་པོ་གཉིས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་གི་སེམས་ཀྱི་བསམ་པ་རབ་ཏུ་ཤེས་པས་ འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་དང་། རང་བཞིན་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་མཐུས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་དང་། རང་བཞིན་རབ་ཏུ་འབྱེད་ པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བདག་ལ་བཤད་དུ་གསོལ། ཚིག་བརྒྱ་རྩ་བརྒྱད་ཤིན་ཏུ་རྣམ་པར་འབྱེད་པའི་གནས་གང་འདི་ལ་བརྟེན་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རབ་ཏུ་ཕྱེ་སྟེ།
BO
བསྟན་པས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་རང་དང་སྤྱིའི་མཚན་ཉིད་དུ་གཏོགས་པའི་རྣམ་པར་རྟོག་པའི་རང་བཞིན་ལ་རབ་ཏུ་འཇུག་སྟེ། རབ་ཏུ་ཕྱེ་བའི་ཚུལ་གྱིས་རྣམ་པར་རྟོག་པའི་རང་བཞིན་སྟོན་པའི་ཕྱིར་སོ་སོར་རབ་ཏུ་རྟོག་པ་ལ་མཁས་ཤིང་གང་ཟག་དང་ཆོས་ལ་བདག་མེད་པར་རྟོག་ པ་དང་། རྣམ་པར་རྟོག་པ་རབ་ཏུ་སེལ་ཅིང་ས་རྣམས་ལ་ཤིན་ཏུ་གསལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་གྱི་བདེ་བ་ལས་ཤིན་ཏུ་འདའ་བ་དང་། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་ པའི་སྤྱོད་ཡུལ་ལ་སོ་སོར་རབ་ཏུ་རྟོག་པ་དང་། གདོན་མི་ཟ་བའི་ཆོས་ལྔ་དང་། རང་བཞིན་ཡོངས་སུ་སྤོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་བདག་ཉིད་རབ་ཏུ་བརྒྱན་པ་དང་། སྒྱུ་མའི་སྤྱོད་ཡུལ་བསྐྱེད་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། དགའ་ལྡན་གྱི་ཕོ་བྲང་དང་། འོག་མིན་གྱི་བར་དུ་འཇུག་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་རྟག་ཏུ་གནས་པ་ཡང་འཐོབ་པར་འགྱུར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་འདི་ལ་མུ་སྟེགས་ཅན་ཁ་ཅིག་མེད་པར་རྣམ་པར་རྟོག་པ་ལ་མངོན་ པར་ཞེན་པ་དག་རྣམ་པར་རྟོག་པའི་བློ་རྒྱུ་ཟད་པས་རི་བོང་ལ་རྭ་མེད་དོ་སྙམ་དུ་རྣམ་པར་རྟོག་སྟེ། ཇི་ལྟར་རི་བོང་ལ་རྭ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་ཟེར་རོ། ། བློ་གྲོས་ཆེན་པོ་གཞན་ཡང་མུ་སྟེགས་ཅན་ཁ་ཅིག་འབྱུང་བ་དང་། ཡོན་ཏན་དང་། རྡུལ་ དང་། རྫས་དང་། དབྱིབས་དང་། གནས་བརྟགས་པའི་ཆོས་སོ་སོ་ཐ་དད་པར་མཐོང་ནས་རི་བོང་ལ་རྭ་མེད་པར་མངོན་པར་ཞེན་ཅིང་ཀུན་དུ་རྟོག་པས་བ་ལང་གི་རྭ་ནི་ཡོད་དོ་ཞེས་རྣམ་པར་རྟོག་གོ། ། བློ་གྲོས་ཆེན་པོ་དེ་དག་ལྟ་བ་གཉིས་སུ་ལྷུང་ཞིང་སེམས་ཙམ་དུ་མ་ཤེས་པས། རང་ གི་སེམས་ཀྱི་སྤྱོད་ཡུལ་དང་རྣམ་པར་རྟོག་པ་འཕེལ་བ་ནས་ལུས་དང་ལོངས་སྤྱོད་རྣམ་པར་གཞག་པའི་རྣམ་པར་རྟོག་པ་སྣང་ངོ་། ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ཀྱི་དངོས་པོ་ཡང་དེ་བཞིན་ཏེ། ཡོད་པ་དང་། མེད་པ་དང་བྲལ་བ་ཡིན་པས་རྣམ་པར་བརྟག་པར་མི་བྱའོ། ། བློ་གྲོས་ ཆེན་པོ་གལ་ཏེ་ཡང་ཡོད་པ་དང་མེད་པ་དང་བྲལ་བས་རི་བོང་གི་རྭ་ལྟར་མེད་དོ་སྙམ་དུ་རྟོག་ན་ལོག་པར་རྟོག་པ་ཞེས་བྱ་སྟེ།
BO
དེ་དག་ཕན་ཚུན་དུ་ལྟོས་པའི་རྒྱུའི་ཕྱིར་རི་བོང་གི་རྭ་མེད་དོ་སྙམ་དུ་བརྟག་པར་མི་བྱའོ། ། རྡུལ་ཕྲ་རབ་ཀྱི་བར་དུ་བརྟགས་ན་ཡང་དངོས་པོ་མི་ དམིགས་པས། བློ་གྲོས་ཆེན་པོ་འཕགས་པའི་སྤྱོད་ཡུལ་དང་བྲལ་བ་བ་ལང་གི་རྭ་ཡོད་པར་བརྟག་པར་མི་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་རྣམ་པར་མི་རྟོག་པ་ཐོབ་ པ་དེས། མི་སྐྱེ་བའི་མཚན་ཉིད་མཐོང་ནས། རྗེས་སུ་དཔག་པས་ཤིན་དུ་བསམས་ནས། རྣམ་པར་རྟོག་པ་མི་སྐྱེ་བ་སོ་སོར་རབ་ཏུ་རྟོག་པ་ལ་མ་མཆིས་པ་ཞེས་བགྱི་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་མི་སྐྱེ་བར་སོ་སོར་རབ་ ཏུ་རྟོག་པ་ལ་མེད་པ་ཞེས་བྱ་བ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་ནི་རྒྱུ་དེས་སྐྱེ་བའི་ཕྱིར་དེ་ལ་བརྟེན་ནས་རྣམ་པར་རྟོག་པ་སྐྱེའོ། ། འདི་ལྟར་རྭ་ལ་བརྟེན་ནས་རྣམ་པར་རྟོག་པ་སྐྱེ་བས་དེའི་ཕྱིར་བརྟེན་པའི་རྒྱུ་ཞེས་བྱ་བའི་ཕྱིར་དང་། ཐ་དད་པ་དང་།
BO
ཐ་དད་པ་མ་ཡིན་ པ་རྣམ་པར་སྤངས་པའི་ཕྱིར་རྣམ་པར་རྟོག་པ་མི་སྐྱེ་བར་སོ་སོར་རབ་ཏུ་རྟོག་པ་ལ་རྭ་མེད་ཅེས་བྱ་བ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་གལ་ཏེ་རྣམ་པར་རྟོག་པ་དང་། ཐ་དད་ན་ནི་རྭའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་རོ། ། ཅི་སྟེ་ཐ་དད་པ་ཡིན་ན་ནི་དེའི་རྒྱུ་ལས་བྱུང་བའི་ཕྱིར་རྡུལ་ཕྲ་ རབ་ཀྱི་བར་དུ་བརྟགས་ན་མི་དམིགས་ཏེ། རྭ་དང་ཐ་དད་པ་མ་ཡིན་པའི་ཕྱིར་དེ་ཡང་དངོས་པོར་མ་ཡིན་ནོ། ། དེ་གཉི་ག་ཡང་དངོས་པོ་མེད་ན་ཆོས་གང་གིས་ཅིའི་ཕྱིར་མེད་ཅེས་བརྗོད། བློ་གྲོས་ཆེན་པོ་གལ་ཏེ་མེད་པའི་ཕྱིར་རི་བོང་གི་རྭ་མེད་ན་ཡོད་པ་ལ་ལྟོས་པའི་ཕྱིར་རི་བོང་གི་རྭ་མེད་ ཅེས་བརྟག་པར་མི་བྱའོ། ། བློ་གྲོས་ཆེན་པོ་ཡང་དག་པའི་རྒྱུ་མ་ཡིན་པའི་ཕྱིར་ཡོད་པ་དང་། མེད་པར་སྨྲ་བ་གཉི་ག་འགྲུབ་པར་མི་འགྱུར་རོ། ། བློ་གྲོས་ཆེན་པོ་གཞན་ཡང་མུ་སྟེགས་ཀྱི་ལྟ་བ་ཅན་གཟུགས་ཀྱི་དངོས་པོ་དང་། དབྱིབས་དང་། གནས་སུ་བརྟགས་པའི་ཆོས་ལ་ མངོན་པར་ཞེན་པ་ནམ་མཁའི་ཆ་རིས་ལེགས་པར་ཁོང་དུ་མ་ཆུད་པ་རྣམས་འདི་སྐད་དུ། ནམ་མཁའ་ནི་གཟུགས་དང་བྲལ་བའོ་ཞེས་ཆ་རིས་སུ་ལྟ་བའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་དེ།
BO
བློ་གྲོས་ཆེན་པོ་ནམ་མཁའ་ནི་གཟུགས་པ་ཡིན་ཏེ། གཟུགས་ཀྱི་འབྱུང་བའི་རྗེས་སུ་ ཞུགས་པའོ། ། བློ་གྲོས་ཆེན་པོ་གཟུགས་ནི་ནམ་མཁའི་འཛིན་པ་དང་། འཛིན་པར་བྱ་བའི་གནས་ཀྱིས་རྣམ་པར་གཞག་པའི་དངོས་པོར་གཟུགས་དང་། ནམ་མཁའི་དངོས་པོ་རབ་ཏུ་འབྱེད་པར་ཤེས་པར་བྱའོ། ། བློ་གྲོས་ཆེན་པོ་འབྱུང་བ་ཆེན་པོ་རྣམས་སྐྱེ་བ་ན་རང་གི་མཚན་ ཉིད་སོ་སོ་ཐ་དད་དེ། ནམ་མཁའ་ལ་ཡང་མི་གནས་སོ། ། དེ་དག་ལ་ཡང་ནམ་མཁའ་མེད་པ་ཡང་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་བ་ལང་གི་རྭ་ཡོད་པ་ལ་ལྟོས་པའི་ཕྱིར་རི་བོང་གི་རྭ་མེད་པ་ཡིན་ཏེ། བློ་གྲོས་ཆེན་པོ་བ་ལང་གི་རྭ་ཡང་རྡུལ་ཕྲ་མོར་རྣམ་པར་འཕྱེ་ སྟེ། རྡུལ་ཕྲ་མོ་ཡང་རབ་ཏུ་བཤིག་ན་སྐད་ཅིག་ཙམ་དུ་ཡང་མི་གནས་ན་དེ་ཅི་ལས་ལྟོས་ཏེ་མེད་ཅེས་བརྗོད། གལ་ཏེ་གཞན་ལས་ལྟོས་པའི་རྫས་ཤིག་གོ་ཞེ་ན། དེ་ཡང་དེ་ལྟ་བུའི་ཆོས་ཅན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་རི་བོང་གི་རྭ་དང་བ་ལང་གི་རྭ་དང་། ནམ་མཁའ་དང་། དབྱིབས་དང་། གཟུགས་ཐ་དད་པར་ལྟ་བའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་ནས།
BO
ཁྱོད་ལ་སོགས་པ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ཡིད་ལ་སེམས་ཤིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཇུག་པ་དང་། རྒྱལ་བའི་སྲས་རྣམས་ལ་རང་གི་སེམས་སྣང་བ་ལ་རབ་ཏུ་རྟོག་པའི་སྦྱོར་བ་བསྟན་པར་བྱའོ། ། དེ་ནས་བཅོམ་ལྡན་ འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གཟུགས་སོགས་སེམས་ནི་མེད་པ་དང་། ། གཟུགས་སོགས་སེམས་ནི་རབ་འཕེལ་དང་། ། ལུས་དང་ལོངས་སྤྱོད་རྣམ་གཞག་པ། ། ཀུན་གཞི་སེམས་ཅན་སྣང་ཡིན་ཏེ། ། སེམས་དང་ཡིད་ དང་རྣམ་པར་ཤེས། ། རང་བཞིན་དང་ནི་ཆོས་ལྔ་དང་། ། བདག་མེད་ཡོངས་སུ་དག་གཉིས་ནི། ། རྣམ་པར་འདྲེན་པས་རབ་ཏུ་གསུངས། ། རིང་ཐུང་ཡོད་མེད་ལ་སོགས་པ། ། ཕན་ཚུན་ལྟོས་ནས་རབ་ཏུ་སྐྱེ། ། མེད་པའི་ཕྱིར་ནི་ཡོད་པ་གྲུབ། ། ཡོད་པའི་ཕྱིར་ནི་མེད་པ་གྲུབ། ། དངོས་པོ་རྡུལ་དུ་རྣམ་ཕྱེ་སྟེ། ། གཟུགས་ཀྱི་རྣམ་རྟོག་མི་སྐྱེད་དོ། ། སེམས་ཙམ་རྣམ་པར་གཞག་པའི་གནས། ། ལྟ་བ་ངན་པས་མོས་མི་འགྱུར། ། འཇིག་རྟེན་མགོན་པོས་གསུངས་པ་ཡི། ། རང་གི་སྤྱོད་ཡུལ་གང་ཡིན་པ། ། རྟོག་པ་ཅན་གྱི་ཡུལ་ མ་ཡིན། །
BO
དེ་བཞིན་ཉན་ཐོས་ཀྱི་ཡང་མིན། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རང་གི་སེམས་སྣང་བའི་རྒྱུད་ཇི་ལྟར་རྣམ་པར་དག་པར་ བགྱི། ཅིག་ཅར་རམ་འོན་ཏེ་རིམ་གྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རིམ་གྱིས་རྣམ་པར་འདག་གི ། ཅིག་ཅར་ནི་མ་ཡིན་ཏེ། དཔེར་ན་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་མ་ཡིན་ནོ། ། དེ་བཞིན་དུ་དེ་བཞིན་ གཤེགས་པས་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཡོངས་སུ་སྦྱོང་བ་ཡང་རིམ་གྱིས་རྣམ་པར་འདག་གི་ཅིག་ཅར་མ་ཡིན་ནོ། ། དཔེར་ན་རྫ་མཁན་སྣོད་རྣམས་བྱེད་པ་ནི་རིམ་གྱིས་བྱེད་དེ། ཅིག་ཅར་མ་ཡིན་ནོ། ། དེ་བཞིན་དུ་དེ་བཞིན་གཤེགས་པས་སེམས་ཅན་ རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཡོངས་སུ་སྦྱོང་བ་ཡང་རིམ་གྱིས་རྣམ་པར་འདག་གི་ཅིག་ཅར་མ་ཡིན་ནོ། ། དཔེར་ན་ས་ཆེན་པོ་ལས་རྫས་རྣམས་རིམ་གྱིས་སྐྱེའི་ཅིག་ཅར་སྐྱེ་བ་མ་ཡིན་ནོ། །
BO
དེ་བཞིན་དུ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ ཡོངས་སུ་སྦྱོང་བ་ཡང་རིམ་གྱིས་རྣམ་པར་འདག་གི་ཅིག་ཅར་མ་ཡིན་ནོ། ། དཔེར་ན་མི་ལ་ལ་རོལ་མོ་དང་། ཡི་གེ་དང་། རི་མོ་དང་། བཟོ་སྣ་ཚོགས་སློབ་པ་རིམ་གྱིས་མངོན་པར་འགྲུབ་པར་འགྱུར་གྱིས་ཅིག་ཅར་མ་ཡིན་ནོ། ། དེ་བཞིན་དུ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ ཀྱི་རང་གི་སེམས་སྣང་བའི་རྒྱུད་ཡོངས་སུ་སྦྱོང་བ་ཡང་རིམ་གྱིས་རྣམ་པར་འདག་གི་ཅིག་ཅར་མ་ཡིན་ནོ། ། དཔེར་ན་མེ་ལོང་རབ་ཏུ་ཕྱིས་པ་ནི་མཚན་མ་མེད་པར་གཟུགས་བརྙན་ཐམས་ཅད་ཅིག་ཅར་སྣང་བར་བྱེད་དོ། ། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་ སྣང་བའི་རྒྱུད་ཡོངས་སུ་སྣང་བ་ཡང་དེ་བཞིན་ཏེ། མཚན་མ་མེད་ཅིང་སྣང་བ་མེད་པ་རྣམ་པར་དག་པའི་སྤྱོད་ཡུལ་ཅིག་ཅར་སྟོན་ཏོ། ། དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནི་འོད་ཟེར་གྱིས་གཟུགས་སུ་སྣང་བ་ཐམས་ཅད་ཅིག་ཅར་མངོན་པར་བྱེད་དོ། ། དེ་བཞིན་གཤེགས་པ་ཡང་ རང་གི་སེམས་སྣང་བ་དང་། གནས་ངན་ལེན་གྱི་བག་ཆགས་དང་བྲལ་བའི་སེམས་ཅན་རྣམས་ལ་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཅིག་ཅར་སྟོན་ཏོ། །
BO
དཔེར་ན་ཀུན་གཞི་རྣམ་པར་ཤེས་པ་ནི་རང་གི་སེམས་སྣང་བའི་ལུས་དང་། གནས་དང་། ལོངས་སྤྱོད་རྣམ་པར་གཞག་པའི་ལུས་ཅིག་ཅར་རྣམ་པར་རིག་ཅིང་ཤེས་སོ། ། རྟེན་གྱི་སངས་རྒྱས་དེ་དག་ཀྱང་དེ་བཞིན་ཏེ། ཅིག་ཅར་སེམས་ཅན་ཡོངས་སུ་སྨིན་པར་མཛད་ཅིང་གནས་པར་བྱ་བའི་སྤྱོད་ཡུལ་ལ་རྣལ་འབྱོར་པ་དེ་དག་འོག་མིན་དུ་གནས་པར་ མཛད་དོ། ། དཔེར་ན་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་རྟེན་གྱི་སངས་རྒྱས་སྟོན་ཅིང་འོད་ཟེར་གྱིས་རྣམ་པར་མཛེས་སོ། ། རང་གིས་རིག་པ་འཕགས་པའི་ཚུལ་ཡང་དེ་བཞིན་ཏེ། དེས་ཆོས་ཀྱི་མཚན་ཉིད་ལ་དངོས་པོ་ཡོད་པ་དང་། དངོས་པོ་མེད་པའི་ལྟ་བ་ངན་པའི་རྣམ་པར་རྟོག་པ་རབ་ཏུ་ སེམས་པས་རྣམ་པར་མཛེས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་ཆོས་ཉིད་ལ་རྟེན་པའི་སངས་རྒྱས་ནི། ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་དུ་གཏོགས་ཤིང་རང་གི་སེམས་སྣང་བའི་བག་ཆགས་ཀྱི་རྒྱུ་དང་འབྲེལ་བ་ཀུན་ཏུ་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་ བར་སྟོན་ཏོ། ། ཡང་དག་པ་མ་ཡིན་པ་སྒྱུ་མ་སྣ་ཚོགས་ལ་སྣ་ཚོགས་སུ་མངོན་པར་ཞེན་པ་དག་མི་དམིགས་སོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་གཞན་གྱི་དབང་གི་རང་བཞིན་ལ་མངོན་པར་ཞེན་པ་ལས་ཀུན་དུ་བརྟགས་པའི་རང་བཞིན་གྱི་མཚན་ཉིད་སྐྱེའོ། ། བློ་གྲོས་ཆེན་པོ་དཔེར་ན་སྒྱུ་མ་ མཁན་གྱིས་རྩྭ་དང་ཤིང་དང་གྱོ་མོ་ལ་བརྟེན་ཏེ། སྒྱུ་མ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་དབྱིབས་དང་། གཟུགས་ཐ་དད་པ་བྱས་པ་ལ་རྣམ་པར་རྟོག་པ་སྣ་ཚོགས་སྐྱེད་པར་བྱེད་དེ། རྣམ་པར་རྟོག་པ་དེ་དག་ནི་ཡང་དག་པ་མ་ཡིན་ནོ། ། དེ་ བཞིན་དུ་བློ་གྲོས་ཆེན་པོ་གཞན་གྱི་དབང་གི་རང་བཞིན་ལ་བརྟེན་ནས་ཀུན་དུ་བརྟགས་པའི་རང་བཞིན་འབྱུང་ངོ་། ། རྣམ་པར་རྟོག་པའི་སེམས་སྣ་ཚོགས་དང་། རྣམ་པ་མང་པོའི་མཚན་ཉིད་དང་། དངོས་པོར་རྣམ་པར་རྟོག་པས་མངོན་པར་ཞེན་པའི་བག་ཆགས་ལ་ཡོངས་སུ་རྟོག་ པས་བློ་གྲོས་ཆེན་པོ་འདི་ནི་ཀུན་དུ་བརྟགས་པའི་རང་བཞིན་རྣམ་པར་རྟོག་པ་ལས་སྐྱེ་བ་ཞེས་བྱ་སྟེ། བློ་གྲོས་ཆེན་པོ་འདི་ནི་རྟེན་གྱི་སངས་རྒྱས་ཀྱིས་བཤད་པའོ། ། བློ་གྲོས་ཆེན་པོ་ཆོས་ཉིད་ཀྱི་སངས་རྒྱས་ནི་སེམས་ཀྱི་རང་བཞིན་གྱི་མཚན་ཉིད་དང་བྲལ་བ་རང་གིས་རིག་པ་འཕགས་པས་ དམིགས་པར་བྱ་བའི་སྤྱོད་ཡུལ་རྣམ་པར་གཞོག་གོ། །
BO
བློ་གྲོས་ཆེན་པོ་སྤྲུལ་པས་སྤྲུལ་པའི་སངས་རྒྱས་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། སེམས་དང་། ཡེ་ཤེས་དང་། ཤེས་རབ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་བྲལ་བ་དང་། རྣམ་པར་ཐར་པ་དང་། རྣམ་པར་ཤེས་པའི་མཚན་ཉིད་དང་། རྣམ་པར་འབྱེད་ཅིང་སོ་སོར་རབ་ཏུ་རྟོག་པ་རྣམ་པར་གཞག་པ་དང་། མུ་སྟེགས་ཅན་གྱི་ལྟ་བ་དང་། གཟུགས་མེད་པའི་ལྟ་བ་ལས་ཤིན་ཏུ་འདས་པའི་མཚན་ཉིད་སྟོན་ཏོ། ། བློ་གྲོས་ ཆེན་པོ་གཞན་ཡང་ཆོས་ཉིད་ཀྱི་སངས་རྒྱས་ནི་དམིགས་པ་མེད་ཅིང་དམིགས་པ་དང་བྲལ་བ། བྱ་བ་དང་། དབང་པོ་དང་། ཚད་མའི་མཚན་ཉིད་ཐམས་ཅད་ལས་རྣམ་པར་ལྡོག་པ། བྱིས་པ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་དག་གིས་ མཚན་ཉིད་ལ་མངོན་པར་ཞེན་པ་དང་། མངོན་པར་ཆགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། འཕགས་པ་རང་གིས་རིག་པའི་སྤྱོད་ཡུལ་གྱི་མཚན་ཉིད་ཀྱིས་རྣམ་པར་གཞག་པ་སྟོན་ཏོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་འཕགས་པ་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་ རབ་ཏུ་བརྩོན་པར་བྱ་ཞིང་རང་གི་སེམས་སྣང་བའི་ལྟ་བ་ཡོངས་སུ་སྤང་བར་བྱའོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པའི་ཚུལ་རབ་ཏུ་དབྱེ་བའི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འཕགས་པ་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་ཐོབ་པ་དང་། དངོས་པོར་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། ། དེ་ལ་འཕགས་པའི་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་ཐོབ་པའི་ཉན་ཐོས་གང་ཞེ་ན། འདི་ལྟ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་ལུས་ ཀྱི་ཡང་དག་པའི་བདེན་པ་དང་། འདོད་པ་སྤངས་ཤིང་རབ་ཏུ་དབེན་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གཏན་དུ་ཞི་བ་དང་། རང་དང་སྤྱིའི་མཚན་ཉིད་ལ་འཇུག་ཅིང་ཕྱི་རོལ་གྱིས་མི་འཇིགས་པའི་མཚན་ཉིད་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ ཤེས་ནས། སེམས་རབ་ཏུ་ཞི་བ་འཐོབ་བོ། ། སེམས་རབ་ཏུ་ཞི་བར་གྱུར་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། ལམ་དང་། འབྲས་བུ་དང་། སྙོམས་པར་འཇུག་པ་དང་། རྣམ་པར་གྲོལ་བ་དང་། བག་ཆགས་དང་། བསམ་གྱིས་མི་ཁྱབ་ པའི་རྣམ་པར་འགྱུར་བའི་ཤི་འཕོ་དང་མ་བྲལ་བ།
BO
འཕགས་པ་སོ་སོ་རང་གིས་རིག་པའི་བདེ་བ་ལ་གནས་པ་ཐོབ་པའི་ཉན་ཐོས་དེ་ནི་འཕགས་པ་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་ཐོབ་པའི་ཉན་ཐོས་ཞེས་བྱའོ། ། བློ་གྲོས་ཆེན་པོ་འཕགས་པ་སོ་སོ་རང་གིས་རིག་ པའི་ཁྱད་པར་གྱི་བདེ་བ་ལ་གནས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འགོག་པའི་སྒོའི་བདེ་བ་དང་། མཉམ་པར་གཞག་པའི་བདེ་བ་ལ་གནས་པར་མི་བྱེད་དེ། སེམས་ཅན་ལ་སྙིང་བརྩེ་བར་བལྟ་བ་དང་། སྔོན་གྱི་སྨོན་ལམ་གྱིས་མངོན་དུ་མི་ བྱེད་དོ། ། བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་འཕགས་པ་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་བདེ་བ་ཐོབ་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་དག་གིས་ཐོབ་པའི་འཕགས་པ་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་བདེ་ བ་ལ་བསླབ་པར་མི་བྱའོ། ། བློ་གྲོས་ཆེན་པོ་དངོས་པོར་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཉན་ཐོས་གང་ཞེ་ན། འདི་ལྟ་སྟེ། འབྱུང་བ་ཆེན་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། གཡོ་བ་རྣམས་བྱེད་པ་མེད་པར་སྐྱེ་བ་དང་།
BO
རང་དང་སྤྱིའི་མཚན་ཉིད་ཀྱི་སྔོན་གྱི་རྒྱལ་བ་རྣམས་ཀྱིས་ལེགས་པར་གསུངས་པ་མཐོང་ནས་དེ་དག་ལ་རང་བཞིན་གྱི་རྣམ་པར་རྟོག་པ་འབྱུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་དེ་དག་ཁོང་དུ་ཆུད་པར་བྱས་ནས་ཡོངས་སུ་སྤང་བར་བྱའོ། ། ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་རྗེས་སུ་ཞུགས་པས་གང་ཟག་ལ་བདག་མེད་པའི་མཚན་ཉིད་དུ་ལྟ་བ་བཟློག་ནས་ས་རྣམས་རིམ་གྱིས་མཚམས་སྦྱོར་བ་རྣམ་པར་གཞག་པ་ལ་གནས། བློ་གྲོས་ཆེན་པོ་འདི་ ནི་ཉན་ཐོས་རྣམས་ཀྱི་དངོས་པོར་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་ཅེས་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་རྟག་པ་དང་། བསམ་གྱིས་མི་ཁྱབ་པ། སོ་སོ་རང་གིས་རིག་པ་འཕགས་པའི་སྤྱོད་ཡུལ་དང་། དོན་དམ་པའི་སྤྱོད་ཡུལ་བཀའ་སྩལ་པ་དེ་བཅོམ་ལྡན་འདས་མུ་སྟེགས་ཅན་གྱིས་སྨྲ་བའི་རྟག་པ་དང་། བསམ་གྱིས་མི་ཁྱབ་པའི་རྒྱུ་དང་རྐྱེན་ཞིག་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྣམས་ཀྱི་རྒྱུ་དང་རྐྱེན་གྱིས་རྟག་པ་དང་།
BO
བསམ་གྱིས་མི་ཁྱབ་པ་འཐོབ་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། མུ་སྟེགས་ཅན་རྣམས་ཀྱིས་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ནི་རྒྱུའི་རང་གི་མཚན་ཉིད་ལས་གྲུབ་པ་མ་ཡིན་ ཏེ། གལ་ཏེ་རྟག་པ་དང་བསམ་གྱིས་མི་ཁྱབ་པའི་རྒྱུ་རང་གི་མཚན་ཉིད་ལས་གྲུབ་པ་མ་ཡིན་ན། རྒྱུ་གང་གིས་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་མངོན་པར་བྱེད། གཞན་ཡང་བློ་གྲོས་ཆེན་པོ་ཅི་སྟེ་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་རྒྱུའི་རང་གི་མཚན་ཉིད་ལས་གྲུབ་ པ་ཞིག་ཡིན་ན་ནི་དེས་རྟག་པ་ཉིད་དུ་འགྱུར་བ་ཞིག་ན། འདི་ལྟར་བྱེད་པའི་རྒྱུའི་མཚན་ཉིད་ཀྱི་ཕྱིར་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་མི་འགྲུབ་བོ། ། ། ། བློ་གྲོས་ཆེན་པོ་ངའི་དོན་དམ་པ་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ནི་དོན་དམ་པའི་རྒྱུའི་མཚན་ཉིད་ལས་གྲུབ་པ་ཡིན་ ཏེ། དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་རང་གིས་རིག་པའི་མཚན་ཉིད་ཐོབ་པའི་ཕྱིར་མཚན་ཉིད་དང་ལྡན་པའོ། ། དོན་དམ་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་ཕྱིར་རྒྱུ་དང་ལྡན་པའོ། ། དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བའི་ཕྱིར། དཔེར་ན་མ་བྱས་པ་ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། འགོག་པ་དང་འདྲ་བའི་ཕྱིར་རྟག་པ་སྟེ།
BO
དེའི་ཕྱིར་བློ་གྲོས་ཆེན་པོ་འདི་ནི་མུ་སྟེགས་ཅན་གྱི་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་སྨྲ་བ་དང་། མཚུངས་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་འདི་ནི་དེ་བཞིན་ གཤེགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱའོ། ། དེ་བས་ན་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་བརྩོན་པར་བྱའོ། ། གཞན་ཡང་བློ་གྲོས་ ཆེན་པོ་མུ་སྟེགས་ཅན་གྱི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ནི་མི་རྟག་པ་ཉིད་དེ། ཐ་དད་པའི་མཚན་ཉིད་ཀྱི་རྒྱུའི་ཕྱིར་དང་། བདག་གིས་བྱས་པའི་རྒྱུའི་མཚན་ཉིད་ཀྱི་སྟོབས་ཀྱི་ཕྱིར་རྟག་པ་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྣམས་ཀྱི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ནི་བྱས་པའི་དངོས་པོ་དངོས་པོ་མེད་པས་མི་རྟག་པ་ཉིད་དུ་མཐོང་ནས་རྟག་པ་ཡིན་ནོ་སྙམ་དུ་རྟོག་གོ། །
BO
བློ་གྲོས་ཆེན་པོ་ང་ཡང་དེ་བཞིན་དུ་རྒྱུ་དང་རྐྱེན་གྱིས་བྱས་པའི་དངོས་པོ་དངོས་པོ་མེད་པས་མི་རྟག་པ་ཉིད་དུ་མཐོང་ནས་སོ་སོ་རང་གིས་རིག་པའི་ འཕགས་པའི་ཡེ་ཤེས་ཀྱིས་དེ་ལ་རྟག་པའི་རྒྱུ་མེད་པར་སྟོན་ཏོ། ། བློ་གྲོས་ཆེན་པོ་གལ་ཏེ་ཡང་མུ་སྟེགས་ཅན་རྣམས་ཀྱི་རྒྱུའི་མཚན་ཉིད་དུ་གྲུབ་པ་ཞིག་ཡིན་ན་ནི་རྟག་པ་དང་། བསམ་གྱིས་མི་ཁྱབ་པའི་རྒྱུའི་རང་གི་མཚན་ཉིད་ཀྱི་དངོས་པོ་དངོས་པོ་མེད་པས་རི་བོང་གི་ རྭ་དང་མཚུངས་ཤིང་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་དེ་ནི་ཚིག་གི་རྣམ་པར་རྟོག་པ་ཙམ་དུ་འགྱུར་ཏེ། མུ་སྟེགས་ཅན་རྣམས་ལ་ཉེས་པ་དེ་ལྟ་བུ་དག་ཡོད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཚིག་རྣམ་པར་རྟོག་པ་ཡང་རི་བོང་གི་རྭ་དང་འདྲ་བས་ རང་གི་རྒྱུའི་མཚན་ཉིད་ཀྱི་དངོས་པོ་ཡོད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ངའི་རྟག་པ་དང་། བསམ་གྱིས་མི་ཁྱབ་པའི་རྒྱུ་ནི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་མཚན་ཉིད་ཀྱི་ཕྱིར་བྱས་པའི་དངོས་པོ་དང་།
BO
དངོས་པོ་མེད་པ་རྣམ་པར་སྤངས་པས་ རྟག་པ་ཡིན་གྱིས་ཕྱི་རོལ་གྱི་དངོས་པོ་རྣམས་དངོས་པོ་མེད་ཅིང་མི་རྟག་པར་གྱུར་ནས་རྗེས་སུ་དཔག་པས་རྟག་པ་ཉིད་དུ་བརྟགས་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་གལ་ཏེ་ཡང་ཕྱི་རོལ་གྱི་དངོས་པོ་རྣམས་དངོས་པོ་མེད་ཅིང་མི་རྟག་པ་ལས་རྗེས་སུ་དཔག་པས་རྟག་པ་དང་བསམ་གྱིས་མི་ཁྱབ་ པ་ཉིད་དུ་རྟོག་པར་བྱེད་ན། བསམ་གྱིས་མི་ཁྱབ་པའི་རང་གི་རྒྱུའི་མཚན་ཉིད་མི་ཤེས་སོ། ། བློ་གྲོས་ཆེན་པོ་དེ་དག་ནི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་སྤྱོད་ཡུལ་ལས་ཤིན་ཏུ་ཐག་རིང་པོར་གྱུར་པ་སྟེ། དེ་དག་ལ་བཤད་པར་མི་བྱའོ། ། གཞན་ཡང་ བློ་གྲོས་ཆེན་པོ་འཁོར་བའི་རྣམ་པར་རྟོག་པའི་སྡུག་བསྔལ་གྱིས་འཇིགས་པས་མྱ་ངན་ལས་འདས་པ་ཡོངས་སུ་ཚོལ་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཁྱད་པར་མི་ཤེས་པས་དངོས་པོ་ཐམས་ཅད་ལས་རྣམ་པར་རྟོག་པ་དངོས་པོ་མེད་པ་དང་། མ་འོངས་པའི་དབང་པོ་ རྣམས་ཀྱི་ཡུལ་ཆད་པ་ལ་མྱ་ངན་ལས་འདས་པར་འདུ་ཤེས་ཏེ། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀུན་གཞི་གྱུར་པ་སྔོན་དུ་བཏང་བ་མ་ཡིན་ནོ། ། དེའི་ཕྱིར་བླུན་པོ་དེ་དག་ཐེག་པ་གསུམ་དུ་སྨྲ་བ་ཡིན་ཏེ།
BO
སེམས་ཙམ་དུ་སྣང་བ་རྣམས་སྣང་བ་མེད་པར་ནི་མི་སྨྲའོ། ། དེ་ལྟ་ བས་ན་བློ་གྲོས་ཆེན་པོ་དེ་དག་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའི་རང་གི་སེམས་སྣང་བའི་སྤྱོད་ཡུལ་མངོན་པར་མི་ཤེས་ཤིང་། སེམས་ཉིད་ཀྱིས་ཕྱི་རོལ་གྱི་སྤྱོད་ཡུལ་དུ་སྣང་བ་ལ་མངོན་པར་ཞེན་པར། འཁོར་བའི་ འཁོར་ལོ་རྟག་ཏུ་འཁོར་རོ། ། གཞན་ཡང་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་མི་སྐྱེ་བར་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཤད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བའི་དངོས་པོ་རྣམས་དངོས་པོ་མེད་པ་ དང་། ཡོད་པ་དང་། ཡོད་པ་མ་ཡིན་པའི་སྐྱེ་བ་དང་བྲལ་བའི་ཕྱིར། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་རི་བོང་དང་། རྟ་ལ་སོགས་པའི་རྭ་དང་མཚུངས་པའོ། ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པའི་རང་ བཞིན་ལ་རྣམ་པར་བརྟགས་པའི་ཕྱིར་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ཏེ།
BO
སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་མཚན་ཉིད་མི་སྐྱེ་བས་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམ་པར་རྟོག་པ་གཉིས་ཀྱི་སྤྱོད་ཡུལ་ གྱི་རང་བཞིན་ལུས་དང་ལོངས་སྤྱོད་རྣམ་པར་གཞག་པའི་རང་བཞིན་གྱི་ཚུལ་གྱིས་མཚན་ཉིད་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ་གཟུང་བ་དང་། འཛིན་པའི་མཚན་ཉིད་དུ་འཇུག་པ་ལ་བྱིས་པ་སོ་སོའི་སྐྱེ་བོ། སྐྱེ་བ་དང་། གནས་པ་དང་། འཇིག་པའི་ ལྟ་བ་གཉིས་སུ་ལྷུང་བའི་བསམ་པ་ཅན་རྣམས་དངོས་པོ་ཐམས་ཅད་སྐྱེ་བ་ནི་ཡོད་པ་དང་། མེད་པ་ལས་སྐྱེ་བར་རྣམ་པར་རྟོག་གི ། འཕགས་པ་རྣམས་ནི་མ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ལ་རབ་ཏུ་བརྩོན་པར་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་མངོན་པར་ རྟོགས་པར་འགྱུར་བའི་རིགས་ནི་ལྔ་ཡོད་དེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་ རྟོགས་པར་འགྱུར་བའི་རིགས་དང་། གང་དུ་ཡང་མ་ངེས་པའི་རིགས་དང་། རིགས་སོ་སོ་ཐ་དད་པའོ། །
BO
དེ་ལ་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གང་གིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རང་དང་སྤྱིའི་ མཚན་ཉིད་དང་། ཡོངས་སུ་སྤང་བ་དང་། ཤེས་པར་འགྱུར་བ་བསྟན་པ་ཐོས་པ་ན། ལུས་ཀྱི་སྤུ་ལྡང་ཞིང་རབ་ཏུ་དགའ་བ་དང་། ཡོངས་སུ་འདྲིས་པར་བྱ་བའི་མཚན་ཉིད་ཀྱི་ཤེས་པ་ལ་མོས་ཤིང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པར་བྱ་བའི་ མཚན་ཉིད་ལ་ཡོངས་སུ་འདྲིས་པར་མི་བྱེད་པ་འདི་ནི། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་སོ། ། ཉན་ཐོས་ཀྱི་མངོན་པར་རྟོགས་པས་ས་བརྒྱད་པ་མཐོང་བར་འགྱུར་ཏེ། ཀུན་ནས་ལྡང་བའི་ཉོན་མོངས་པ་རབ་ཏུ་སྤངས་ཤིང་། བག་ཆགས་ཀྱི་ཉོན་མོངས་ པ་རབ་ཏུ་སྤངས་པ། བསམ་གྱིས་མི་ཁྱབ་པའི་རྣམ་པར་འགྱུར་བའི་ཤི་འཕོ་ལས་མ་འདས་ཤིང་། དངོས་པོའི་འཆི་འཕོ་ལས་ཤིན་ཏུ་འདས་པས། བདག་གི་སྐྱེ་བ་ནི་ཟད་དོ། ། ཚངས་པར་སྤྱོད་པ་ལ་གནས་སོ། ། ཡང་སྲིད་པ་ཕྱི་མ་མི་ལེན་ཏོ་ཞེས་ཡང་དག་པར་སེང་གེའི་སྒྲ་ སྒྲོགས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། གང་ཟག་ལ་བདག་མེད་པར་སྒོམ་པ་དང་།
BO
མྱ་ངན་ལས་འདས་པ་ཐོབ་པའི་བར་གྱི་བློར་འགྱུར་རོ། ། བློ་གྲོས་ཆེན་པོ་སོ་སོ་ཐ་དད་པའི་མངོན་པར་རྟོགས་པ་ནི་འདི་ལྟ་སྟེ། བདག་དང་། གང་ཟག་དང་། སེམས་ ཅན་དང་། འཚོ་བ་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་ཞེས་སེམས་ཅན་དེ་དག་དེ་ལྟ་བུའི་བློས་མྱ་ངན་ལས་འདས་པ་ཚོལ་ལོ། ། གཞན་ཡང་མུ་སྟེགས་ཅན་ཐ་དད་པ་ཁ་ཅིག་ནི་དངོས་པོ་ཐམས་ཅད་བྱེད་པ་པོ་ལ་རག་ལས་པར་མཐོང་ནས་འདི་སྐད་དུ་འདི་ནི་མྱ་ངན་ལས་ འདས་པའོ་ཞེས་དེ་ལྟ་བུའི་བློར་འགྱུར་ཏེ། ཆོས་བདག་མེད་པར་མཐོང་བའི་སྐལ་བ་མེད་པས་དེ་དག་ལ་ཐར་པ་མེད་དོ། ། བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བ་དང་། མུ་སྟེགས་ཀྱི་རིགས་དེ་དག་ནི་ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་ བའི་བློ་ཅན་དག་ཡིན་ཏེ། ལྟ་བ་ངན་པ་དེ་དག་རྣམ་པར་བཟློག་པའི་ཕྱིར་རབ་ཏུ་བརྩོན་པར་བྱའོ། ། བློ་གྲོས་ཆེན་པོ་དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ནི་གང་གིས་རྐྱེན་ཐ་དད་པའི་མངོན་པར་རྟོགས་པ་ཐོས་ན། ལུས་ཀྱི་སྤུ་ལྡང་ཞིང་མཆི་མ་ འབྱུང་བ་དང་། འདུ་འཛིའི་རྐྱེན་ལ་མངོན་པར་ཞེན་པ་མེད་པ་དང་། རང་གི་ལུས་སྣ་ཚོགས་དང་།
BO
འདུ་བ་དང་འབྲལ་བའི་རྫུ་འཕྲུལ་སྣ་ཚོགས་ཀྱིས། སྣ་ཚོགས་སྤྲུལ་ཅིང་སྟོན་པ་རབ་ཏུ་བཤད་པ་ཐོས་པ་ན། དེའི་རྗེས་སུ་སེམས་འཇུག་པར་འགྱུར་བ་ཡིན་ཏེ། དེ་རང་སངས་རྒྱས་ཀྱི་ ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དུ་ཤེས་པར་གྱུར་ནས། རང་སངས་རྒྱས་ཀྱི་ཐེག་པ་དང་རྗེས་སུ་འཐུན་པའི་གཏམ་བརྗོད་པར་བྱའོ། ། བློ་གྲོས་ཆེན་པོ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་གྱི་མཚན་ཉིད་དོ། ། བློ་གྲོས་ ཆེན་པོ་དེ་ལ་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དེ་ནི་རྣམ་པ་བཞི་ཡོད་དེ། འདི་ལྟ་སྟེ། རང་བཞིན་གྱི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། སོ་སོ་ རང་གིས་རིག་པ་འཕགས་པའི་ཡེ་ཤེས་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། སངས་རྒྱས་ཀྱི་ཞིང་ཕྱི་རོལ་ཁྱད་པར་ཅན་མངོན་པར་རྟོགས་པར་འགྱུར་བའི་རིགས་སོ། ། བློ་གྲོས་ཆེན་པོ་ནམ་དངོས་པོ་འདི་བཞི་ལས་གང་ཡང་རུང་བ་ཞིག་བསྟན་པ་དང་། རང་གི་སེམས་སྣང་ བའི་ལུས་དང་། ལོངས་སྤྱོད་རྣམ་པར་གཞག་པ་དང་།
BO
བསམ་གྱིས་མི་ཁྱབ་པའི་ཡུལ་བཤད་པ་ཐོས་པ་ན། མི་སྐྲག་མི་འཇིགས་པ་དེ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དུ་ཤེས་པར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་ པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་གྱི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་མ་ངེས་པའི་རིགས་ཅན་ནི་འདི་ལྟ་སྟེ། གསུམ་པོ་དེ་དག་ལས་གང་བཤད་པ་ན། གང་བཤད་པ་དེ་ལ་འཇུག་ཅིང་དེའི་རྗེས་སུ་སྒྲུབ་པའོ། ། བློ་གྲོས་ཆེན་པོ་འདི་དག་ནི་དང་པོ་ ས་ཡོངས་སུ་སྦྱང་བ་ཡིན་ཏེ། འདི་ལྟ་སྟེ། རིགས་རྣམ་པར་དགོད་པའོ། ། སྣང་བ་མེད་པའི་ས་འཇུག་པར་བྱ་བའི་ཕྱིར། རྣམ་པར་དགོད་པ་བྱས་སོ། ། སོ་སོ་རང་གིས་རིག་པ་ལ་གནས་པ་དེ་དག་ཀུན་གཞི་ལ་རང་གི་ཉོན་མོངས་པའི་བག་ཆགས་ཡོངས་སུ་དག་ནས། ཆོས་ བདག་མེད་པར་མཐོང་ཞིང་། ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ཐོབ་པའི་ཉན་ཐོས་རྣམས་ཀྱང་། དེ་བཞིན་གཤེགས་པའི་སྐུ་མཆོག་ཏུ་གྱུར་པ་ཉིད་ཐོབ་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར། ཚིགས་སུ་བཅད་ པ་འདི་དག་གསུངས་སོ། ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ། ལན་ཅིག་ཕྱིར་འོང་ཕྱིར་མི་འོང་། །
BO
དེ་བཞིན་དུ་ནི་དགྲ་བཅོམ་པ། ། དེ་དག་སེམས་ནི་བསླད་པའོ། ། ཐེག་པ་གསུམ་དང་ཐེག་པ་གཅིག ། ཐེག་པ་མ་ཡིན་ངས་བཤད་དེ། ། བྱིས་པ་བློ་གཞོན་རྣམས་དང་ནི། ། འཕགས་པ་ རབ་དབེན་མོས་ལ་བཤད། ། དོན་དམ་ཆོས་ཀྱི་སྒོ་མོ་ནི། ། བསྟན་པ་གཉིས་པོ་རྣམ་སྤངས་ཤིང་། ། སྣང་བ་མེད་ལ་རབ་གནས་ནས། ། ཐེག་པ་གསུམ་དུ་ཇི་ལྟར་དགོད། ། བསམ་གཏན་རྣམས་དང་ཚད་མེད་དང་། ། གཟུགས་མེད་པ་ཡི་ཏིང་འཛིན་དང་། ། ཚོར་དང་འདུ་ཤེས་རབ་དབེན་ པས། ། སེམས་ཙམ་ཡང་ནི་ཡོད་མ་ཡིན། ། བློ་གྲོས་ཆེན་པོ་འདོད་ཆེན་པ་འདི་དག་ནི་འདོད་ཆེན་པ་མ་ཡིན་ཏེ། འཇིག་རྟེན་ན་སུ་ཞིག་ཐར་པ་ལ་འཇུག་པར་འགྱུར། ། བློ་གྲོས་ཆེན་པོ་འདོད་ཆེན་པ་ནི་རྣམ་པ་གཉིས་ཡོད་དེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པ་དང་། ཐོག་མ་མེད་པའི་དུས་ཀྱི་སེམས་ཅན་གྱི་ཕྱིར་སྨོན་ལམ་བཏབ་པའོ། ། དེ་ལ་དགེ་བའི་རྩ་བ་ཐམས་ཅད་སྤངས་པ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་ཤིང་ཚིག་ངན་པ་འདི་སྐད་དུ། འདི་ནི་མདོ་སྡེ་དང་། འདུལ་བ་དང་། ཐར་པ་དང་འཐུན་ པར་སྨྲ་བ་མ་ཡིན་ནོ་ཞེས་ཟེར་བ་སྟེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་ཕྱིར་མྱ་ངན་ལས་མི་འདའོ། །
BO
གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་རང་གི་སྨོན་ལམ་དང་། ཐབས་སྔོན་དུ་བཏང་བའི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡང་མ་ཡིན་ཏེ། སེམས་ཅན་ ཐམས་ཅད་མྱ་ངན་ལས་བཟླ་བར་བྱེད་དོ། ། བློ་གྲོས་ཆེན་པོ་དེའི་མྱ་ངན་ལས་འདའ་བ་འདི་ནི། མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་མཚན་ཉིད་དེ། འདི་ཡང་འདོད་ཆེན་པ་རྣམས་ཀྱི་ཚུལ་རབ་ཏུ་ཐོབ་པར་འགྱུར་རོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ ལྡན་འདས་འདི་ལ་གཏན་དུ་མྱ་ངན་ལས་མི་འདའ་བ་ཡང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་འདོད་ཆེན་པ་ནི། ཆོས་ཐམས་ཅད་གཟོད་མ་ནས་མྱ་ངན་ལས་འདས་པར་ཤེས་ནས་གཏན་དུ་མྱ་ངན་ལས་མི་འདའ་སྟེ། དགེ་ བའི་རྩ་བ་ཐམས་ཅད་སྤངས་པའི་འདོད་ཆེན་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་འདོད་ཆེན་པ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བརྒྱ་ལ་གལ་ཏེ་ན་དགེ་བའི་རྩ་བ་སྐྱེ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་ པ་རྣམས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །
BO
དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའི་འདོད་ཆེན་པ་རྣམས་ཡོངས་སུ་མྱ་ངན་ལས་མི་འདའོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་བཞིན་གྱི་མཚན་ཉིད་གསུམ་ལ་མཁས་ པར་བྱའོ། ། རང་བཞིན་གསུམ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཀུན་བརྟགས་པའི་རང་བཞིན་དང་། གཞན་གྱི་དབང་གི་རང་བཞིན་དང་། ཡོངས་སུ་གྲུབ་པའི་རང་བཞིན་ནོ། ། བློ་གྲོས་ཆེན་པོ་དེ་ལ་ཀུན་བརྟགས་པའི་རང་བཞིན་ནི་མཚན་མ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོས་བཅོམ་ ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཀུན་བརྟགས་པའི་རང་བཞིན་མཚན་མ་ལས་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གཞན་གྱི་དབང་གི་རང་བཞིན་གྱི་དངོས་པོའི་མཚན་ཉིད་ནི་འདུ་བྱེད་ཀྱི་དངོས་པོའི་མཚན་མའི་མཚན་ཉིད་ ལྟ་བུར་སྣང་སྟེ། མངོན་པར་ཞེན་པའི་ཀུན་བརྟགས་པའི་རང་བཞིན་ནི་རྣམ་པ་གཉིས་ཡོད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྣམ་པར་འཇོག་སྟེ། འདི་ལྟ་སྟེ། མིང་གི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་དང་། དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། །
BO
དེ་ལ་མིང་གི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་འདི་ལྟ་སྟེ། ནང་དང་ཕྱིའི་ཆོས་ལ་མངོན་པར་ཞེན་པའོ། ། དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་འདི་ལྟ་སྟེ། ནང་དང་ཕྱི་རོལ་གྱི་ཆོས་དེ་ དག་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པའོ། ། བློ་གྲོས་ཆེན་པོ་འདི་ནི་ཀུན་བརྟགས་པའི་རང་བཞིན་རྣམ་པ་གཉིས་ཀྱི་མཚན་ཉིད་ཅེས་བྱའོ། ། གང་ལ་གནས་ཤིང་གང་ལ་དམིགས་པ་ལས་འབྱུང་བ་དེ་ནི་གཞན་གྱི་དབང་ཞེས་བྱའོ། ། དེ་ལ་ཡོངས་ སུ་གྲུབ་པའི་རང་བཞིན་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། མིང་དང་རྒྱུ་མཚན་གྱི་དངོས་པོའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་དང་བྲལ་བ། འཕགས་པའི་ཡེ་ཤེས་ཀྱིས་ཐོབ་པར་བྱ་བ། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱིས་བགྲོད་པར་བྱ་བའི་སྤྱོད་ཡུལ་ཏེ། འདི་ནི་ཡོངས་སུ་གྲུབ་པའི་ རང་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོའི་ཐུགས་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་པ། མིང་དང་རྒྱུ་མཚན་ཀུན་རྟོག་པ། ། རང་བཞིན་གཉིས་ཀྱི་མཚན་ཉིད་དེ། ། ཡང་དག་ཤེས་དང་དེ་བཞིན་ཉིད། ། ཡོངས་ སུ་གྲུབ་པའི་མཚན་ཉིད་དོ། །
BO
བློ་གྲོས་ཆེན་པོ་འདི་ནི་ཆོས་ལྔ་དང་། རང་བཞིན་གྱི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱིས་བགྲོད་པར་བྱ་བའི་སྤྱོད་ཡུལ་ཡིན་ཏེ། དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱིས་བསླབ་པར་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་མེད་པ་གཉིས་ཀྱི་མཚན་ཉིད་རབ་ཏུ་དབྱེ་བ་ལ་མཁས་པར་བྱའོ། ། དེ་ལ་བདག་མེད་པ་གཉིས་ཀྱི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ། ། གང་ཟག་ལ་བདག་མེད་པ་གང་ཞེ་ན། འདི་ལྟ་སྟེ། བདག་དང་བདག་གི་དང་བྲལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདུས་པ་མི་ཤེས་པ་དང་། ལས་དང་སྲེད་པ་ལས་སྐྱེས་པ། མིང་དང་གཟུགས་ལ་སོགས་པར་འཛིན་པ་ལ་མངོན་པར་ཞེན་པ་ ལས་རྣམ་པར་ཤེས་པ་སྐྱེ་བ། འདི་ལྟར་དབང་པོ་ཐམས་ཅད་དང་། རང་གི་སེམས་སྣང་བའི་སྣོད་དང་། ལུས་དང་གཞི་ནི་རང་གི་རྣམ་པར་རྟོག་པས་བརྟགས་པས་རབ་ཏུ་ཕྱེ་བ། འབབ་ཆུ་དང་། ས་བོན་དང་། མར་མེ་དང་། རླུང་དང་། སྤྲིན་དང་མཚུངས་པར་སྐད་ཅིག་མ་གཅིག་ནས་ གཅིག་ཏུ་འཇིག་པར་འགྱུར་བ།
BO
སྤྲེའུ་ལྟར་རབ་ཏུ་གཡོ་བ། སྦྲང་མ་ལྟར་མི་གཙང་བའི་གནས་ལ་རབ་ཏུ་མོས་པ། རབ་ཏུ་འབར་བའི་མེ་ལྟར་ཆོག་མི་ཤེས་པ། ཐོག་མ་མེད་པའི་དུས་ནས་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་རྒྱུར་གྱུར་པ། ཟོ་ཆུན་གྱི་འཁོར་ལོ་ལྟར་འཁོར་ བར་འགྲོ་བའི་སྲིད་པའི་འཁོར་ལོར་གྱུར་པ། ལུས་རྣམ་པ་སྣ་ཚོགས་ཀྱི་གཟུགས་འཆང་བ། སྒྱུ་མ་དང་། རིག་སྔགས་དང་། འཁྲུལ་འཁོར་ལྟ་བུར་འཇུག་ཅིང་འབྱུང་སྟེ། གང་མཚན་ཉིད་འདི་ལ་མཁས་པའི་ཤེས་པ་དེ་ནི་གང་ཟག་ལ་བདག་མེད་པར་ཤེས་པ་ཞེས་བྱའོ། ། དེ་ ལ་ཆོས་བདག་མེད་པར་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ཀྱི་རང་བཞིན་ཚོགས་པ་སྟེ། ཇི་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་བདག་དང་། བདག་གི་དང་བྲལ་ཞིང་། ཕུང་པོ་དང་། ཁམས་ དང་། སྐྱེ་མཆེད་འདུས་པ། རྒྱུད་དང་། ལས་དང་། སྲིད་པའི་སྲད་བུས་སྦྲེལ་བ། ཕན་ཚུན་ཀུན་དུ་གྱུར་པ་ལས་སྐྱེ་ཞིང་གཡོ་བ་མེད་པ། དེ་བཞིན་དུ་ཆོས་རྣམས་ཀྱང་དེ་བཞིན་ཏེ། རང་དང་སྤྱིའི་མཚན་ཉིད་དང་བྲལ་བ། ཡང་དག་པ་མ་ཡིན་པ། ཀུན་དུ་རྟོག་པའི་མཚན་ཉིད་དེ།
BO
ཀུན་དུ་རྟོག་པའི་སྟོབས་ཀྱང་བྱིས་པ་རྣམས་ཀྱིས་སྐྱེད་པར་བྱེད་ཀྱི། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་དང་བྲལ་བའི་ཕྱིར་རོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་དབྱེ་བ་ལ་མཁས་པར་བྱའོ། ། བློ་གྲོས་ཆེན་པོ་ཆོས་བདག་མེད་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རིང་པོ་མི་ཐོགས་པར་བྱང་ཆུབ་སེམས་དཔའི་ས་དང་པོ་འཐོབ་སྟེ། སྣང་བ་མེད་པར་སྒོམ་པའི་སའི་མཚན་ཉིད་ རབ་ཏུ་དབྱེ་བ་ཁོང་དུ་ཆུད་པས་རབ་ཏུ་དགའ་ཞིང་། རིམ་གྱིས་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པས་ས་དགུའི་མཚན་ཉིད་ཀྱི་རིག་པ་ལས་འདས་ཏེ། ཆོས་ཀྱི་སྤྲིན་རབ་ཏུ་འཐོབ་བོ། ། དེར་རིན་པོ་ཆེ་ཆེན་པོའི་པད་མའི་རྒྱལ་པོ་དང་། རིན་པོ་ཆེ་ཆེན་པོའི་གཞལ་མེད་ཁང་རིན་པོ་ཆེ་ཚད་ མེད་པས་རབ་ཏུ་བརྒྱན་པས་རྣམ་པར་བཀོད་པ། སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་ཡོངས་སུ་བསྒོམས་པ་ལས་བྱུང་བ་དེ་ལ་འཇུག་སྟེ། འཁོར་རྒྱལ་བའི་སྲས་སྐལ་བ་འཐུན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་།
BO
སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་བྱོན་ པའི་སངས་རྒྱས་ཀྱི་ཕྱག་གིས་སྤྱི་བོ་ནས་དབང་བསྐུར་བས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་བཞིན་དུ་མངོན་པར་དབང་བསྐུར་རོ། ། སངས་རྒྱས་ཀྱི་སྲས་ཀྱི་ས་ལས་འདས་ནས་འཕགས་པ་སོ་སོ་རང་གིས་རིག་པའི་ཆོས་ཀྱི་ཚུལ་ཁོང་དུ་ཆུད་པའི་ཕྱིར། དེ་བཞིན་གཤེགས་པའི་མངའ་ བརྙེས་པའི་ཆོས་ཀྱི་སྐུ་འཐོབ་པར་འགྱུར་ཏེ། ཆོས་བདག་མེད་པར་མཐོང་བའི་ཕྱིར་རོ། ། འདི་ནི་ཆོས་བདག་མེད་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཚན་ཉིད་བཤད་དུ་གསོལ། བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་ཀྱི་ལྟ་བ་ ངན་པ་ཡོངས་སུ་སྤངས་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་ཞིང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་རྟག་པར་སྒྲོ་འདོགས་པ་དང་།
BO
ཆད་པར་སྐུར་པ་འདེབས་པའི་ལྟ་བ་རྣམ་པར་སྤངས་ནས་ཡང་དག་པའི་ཆོས་ཀྱི་སྐུར་པ་ འདེབས་པར་མི་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་གསོལ་བ་བཏབ་པ་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྒྲོ་འདོགས་པ་དང་སྐུར་པ་དང་། ། ཡོད་མིན་དེ་ནི་སེམས་ཙམ་མོ། ། ལུས་དང་ལོངས་སྤྱོད་རྣམ་ གཞག་དང་། ། སེམས་ཀྱང་རབ་ཏུ་མི་ཤེས་པའི། ། བྱིས་པ་བློ་དང་མི་ལྡན་པ། ། སྒྲོ་འདོགས་སྐུར་པ་འདེབས་པར་བྱེད། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཡོད་པ་མ་ཡིན་པ་ལ་སྒྲོ་ འདོགས་པ་ནི་རྣམ་པ་བཞི་ཡོད་དེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ཡོད་པ་མ་ཡིན་པ་མཚན་ཉིད་དུ་སྒྲོ་འདོགས་པ་དང་། ཡོད་པ་མ་ཡིན་པ་མཐོང་བར་སྒྲོ་འདོགས་པ་དང་། ཡོད་པ་མ་ཡིན་པ་རྒྱུར་སྒྲོ་འདོགས་པ་དང་། ཡོད་པ་མ་ཡིན་པ་དངོས་པོར་སྒྲོ་འདོགས་པ་སྟེ། འདི་ ནི་སྒྲོ་འདོགས་པ་རྣམ་པ་བཞི་ཞེས་བྱའོ། ། སྐུར་པ་འདེབས་པ་ནི། འདི་ལྟ་སྟེ། སྒྲོ་འདོགས་པ་དེ་དག་ཉིད་མི་དམིགས་པར་རབ་ཏུ་འབྱེད་པའི་ཆ་མ་ཡིན་པས།
BO
སྐུར་པ་འདེབས་པ་སྐྱེད་པར་བྱེད་པ་སྟེ། འདི་ནི་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་དོ། ། གཞན་ཡང་བློ་གྲོས་ཆེན་པོ་ཡོད་པ་མ་ཡིན་པ་ལ་མཚན་ཉིད་དུ་སྒྲོ་འདོགས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་མངོན་པར་ཞེན་པ་སྐྱེད་ཅིང་། འདི་ནི་དེ་བཞིན་དུ་ཡིན་གྱི་གཞན་དུ་མ་ ཡིན་ནོ་ཞེས་ཟེར་བ་སྟེ། འདི་ནི་ཡོད་པ་མ་ཡིན་པ་ལ་མཚན་ཉིད་དུ་སྒྲོ་འདོགས་པའི་མཚན་ཉིད་དོ། ། ཡོད་པ་མ་ཡིན་པ་ལ་མཚན་ཉིད་དུ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་འདི་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་སྣ་ཚོགས་ལ་མངོན་པར་ཞེན་པ་ལས་ འབྱུང་ངོ་། ། བློ་གྲོས་ཆེན་པོ་ཡོད་པ་མ་ཡིན་པ་མཐོང་བར། སྒྲོ་འདོགས་པའི་མཚན་ཉིད་ནི་གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་། གང་ཟག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུར་ལྟ་ཞིང་སྒྲོ་འདོགས་པ་ཡིན་ཏེ། འདི་ནི་ཡོད་ པ་མ་ཡིན་པ་མཐོང་བར་སྒྲོ་འདོགས་པའི་མཚན་ཉིད་ཅེས་བྱའོ། །
BO
བློ་གྲོས་ཆེན་པོ་ཡོད་པ་མ་ཡིན་པ་རྒྱུར་སྒྲོ་འདོགས་པའི་མཚན་ཉིད་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་དང་པོ་རྒྱུ་མེད་པ་ལས་སྐྱེ་ལ། ཕྱིས་ཡང་དག་པ་མ་ཡིན་པ་སྒྱུ་མ་ལྟ་བུ་སྔོན་མ་བྱུང་ཞིང་མེད་པ་ལས་མིག་དང་། གཟུགས་ དང་། སྣང་བ་དང་། ཁམས་དང་། དྲན་པ་སྔོན་དུ་འཇུག་པ་ལས་འབྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་རོ་ཞེས་ཟེར་བ་སྟེ། འདི་ནི་ཡོད་པ་མ་ཡིན་པ་རྒྱུར་སྒྲོ་འདོགས་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་ཡོད་པ་མ་ཡིན་པ་དངོས་པོར་སྒྲོ་འདོགས་པའི་མཚན་ཉིད་ནི་འདི་ལྟ་སྟེ། ནམ་ མཁའ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་བྱས་པ་མ་ཡིན་པའི་དངོས་པོར་མངོན་པར་ཞེན་ཅིང་སྒྲོ་འདོགས་པའོ། ། འདི་དག་ནི་དངོས་པོ་དང་དངོས་པོ་མ་ཡིན་པ་དང་བྲལ་བ། ཆོས་ཐམས་ཅད་ནི་རི་བོང་དང་། རྟ་ལ་སོགས་པའི་རྭ་དང་། སྐྲ་ཤད་ འཛིངས་པ་ལྟ་བུར་སྣང་བ། ཡོད་པ་དང་མེད་པ་དང་བྲལ་བ་ལ་བྱིས་པའི་རྣམ་པར་རྟོག་པས་རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་བློ་ཅན་རྣམས་སྒྲོ་འདོགས་ཤིང་སྐུར་པ་འདེབས་པར་བྱེད་ཀྱི། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། འདི་ནི་ཡོད་པ་མ་ཡིན་པ་དངོས་པོར་སྒྲོ་ འདོགས་པའི་མཚན་ཉིད་དོ། །
BO
དེ་བས་ན་སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བ་ངན་པ་ཡོངས་སུ་སྤང་བ་ལ་རབ་ཏུ་བརྩོན་པར་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་ དང་། རང་བཞིན་དང་། བདག་མེད་པ་གཉིས་ཀྱི་མཚན་ཉིད་ཀྱི་ཚུལ་ལ་མཁས་ཤིང་རྟོགས་པར་ཁོང་དུ་ཆུད་པས་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་གཟུགས་སྣ་ཚོགས་སྟོན་པ་ནི་ཇི་ལྟར་ཀུན་བརྟགས་པའི་རང་བཞིན་གནས་གཞན་གྱི་དབང་ལ་རྟེན་པ་བཞིན་ཏེ། དཔེར་ན་གཟུགས་སྣ་ ཚོགས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་སངས་རྒྱས་ཀྱི་ཞིང་དུ་ཀུན་དུ་དེ་བཞིན་གཤེགས་པའི་འཁོར་འདུས་པ་ཐམས་ཅད་འགྲོ་ཞིང་དེ་དག་ཐམས་ཅད་དུ་ཡང་ཆོས་སྟོན་པ་དག་ཉན་པར་བྱེད་དེ། འདི་ལྟ་སྟེ། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། འོད་དང་། གཟུགས་ བརྙན་དང་། ཆུའི་ཟླ་བ་ལྟ་བུ་དང་། ཆོས་ཐམས་ཅད་སྐྱེ་བ་དང་། འགག་པ་དང་། རྟག་པ་དང་། ཆད་པ་དང་། བྲལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་བྲལ་བའི་ཆོས་སོ། །
BO
ཏིང་ངེ་འཛིན་བརྒྱ་སྟོང་རབ་ཏུ་འཐོབ་པ་ནས་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དག་ཀྱང་ རབ་ཏུ་འཐོབ་སྟེ། ཏིང་ངེ་འཛིན་ཐོབ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ཞིང་སངས་རྒྱས་རྣམས་ལ་མཆོད་པ་བྱེད་དོ། ། ལྷའི་གནས་ཐམས་ཅད་དུ་སྐྱེ་ཞིང་དཀོན་མཆོག་གསུམ་གྱི་བསྔགས་པ་རྗོད་པ་དང་། སངས་རྒྱས་ཀྱི་སྐུ་རབ་ཏུ་སྟོན་ཅིང་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་། རང་གི་སེམས་རབ་ཏུ་སྣང་བ་ཙམ་གྱིས་སེམས་ཅན་ཡོངས་སུ་ཟློ་ཞིང་རྣམ་པར་གྲོལ་བར་བྱེད་ལ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རྣམ་པར་ཕྱེ་སྟེ་བསྟན་ནས་ཡོད་པ་དང་མེད་པའི་ལྟ་བ་ཡོངས་སུ་སྤོང་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འཇིག་རྟེན་དག་ནི་སེམས་ཙམ་དུ། ། རྒྱལ་བའི་སྲས་ཀྱིས་རབ་བརྟགས་ན། ། རྣམ་པ་སྣ་ཚོགས་གཟུགས་སྤྲིན་ལ། ། མངོན་པར་འདུ་བྱེད་པ་དང་བྲལ། ། སྟོབས་དང་མངོན་པར་ཤེས་དང་དབང་། ། དེ་དག་ ཐམས་ཅད་འགྲུབ་པར་འགྱུར། །
BO
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་བདག་ལ་སོགས་པའི་སླད་དུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང་། སྐྱེ་བ་མ་མཆིས་པ་དང་། གཉིས་སུ་མ་མཆིས་པ་ དང་། རང་བཞིན་དང་བྲལ་བའི་མཚན་ཉིད་བཤད་དུ་གསོལ། དེས་བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་སྟོང་པ་ཉིད་དང་། སྐྱེ་བ་མ་མཆིས་པ་དང་། གཉིས་སུ་མ་མཆིས་པ་དང་། རང་བཞིན་དང་བྲལ་བའི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་ཅིང་། མཆིས་པ་དང་མ་ མཆིས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་རྒྱ་ཆེར་རབ་ཏུ་དབྱེ་ཞིང་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། ལེགས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ།
BO
བློ་གྲོས་ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་ཀུན་བརྟགས་པའི་རང་བཞིན་གྱི་གནས་ཏེ། བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པ་རྣམས་ལ་སྟོང་པ་ཉིད་དང་། སྐྱེ་བ་མེད་པ་དང་། གཉིས་སུ་མེད་པ་དང་། རང་བཞིན་དང་བྲལ་བའི་མཚན་ཉིད་ བཤད་དོ། ། བློ་གྲོས་ཆེན་པོ་དེ་ལ་མདོར་བཤད་ན་སྟོང་པ་ཉིད་ནི་རྣམ་པ་བདུན་ཏེ། འདི་ལྟ་སྟེ། མཚན་ཉིད་སྟོང་པ་ཉིད་དང་། དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། འདུ་བྱེད་སྟོང་པ་ཉིད་དང་། འདུ་བྱེད་མེད་པ་སྟོང་པ་ཉིད་དང་། ཆོས་ཐམས་ཅད་བརྗོད་པ་དང་བྲལ་ བའི་སྟོང་པ་ཉིད་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་དང་། གཅིག་གིས་གཅིག་སྟོང་པའི་སྟོང་པ་ཉིད་དོ། ། དེ་ལ་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། འདི་ལྟར་དངོས་པོ་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་པ་སྟེ། ཕན་ཚུན་འདུས་པ་ལས་སོ་སོར་རབ་ཏུ་རྟོག་པའི་ ཕྱིར་དངོས་པོ་མེད་པར་རབ་ཏུ་དབྱེ་བས་རང་དང་སྤྱིའི་མཚན་ཉིད་མི་སྐྱེ་བ་དང་། བདག་དང་གཞན་དང་གཉི་གའི་དངོས་པོ་མེད་པའི་ཕྱིར་མཚན་ཉིད་མི་གནས་ཏེ། དེའི་ཕྱིར་དངོས་པོ་ཐམས་ཅད་མཚན་ཉིད་སྟོང་པ་ཞེས་བཤད་དེ།
BO
འདི་ནི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། ། དངོས་པོའི་རང་བཞིན་ སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་ཀྱི་དངོས་པོའི་རང་བཞིན་མི་སྐྱེ་བས་ཆོས་ཐམས་ཅད་ཀྱི་དངོས་པོའི་རང་བཞིན་སྟོང་པ་ཉིད་ཅེས་བྱ་སྟེ། དེའི་ཕྱིར་དངོས་པོའི་རང་བཞིན་སྟོང་པ་ཉིད་ཅེས་བཤད་དོ། ། འདུ་བྱེད་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་རྣམས་བདག་དང་བདག་གི་ དང་བྲལ་ཞིང་རྒྱུ་དང་འགྲུབ་པར་བྱེད་པ་དང་། བྱ་བ་དང་། ལས་དང་། སྦྱོར་བ་ལས་སྐྱེ་བ་སྟེ། འདི་ནི་འདུ་བྱེད་སྟོང་པ་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་འདི་ལྟར་འདུ་བྱེད་སྟོང་པ་ཉིད་དེས་ན་ཕན་ཚུན་གྱི་རྐྱེན་གྱིས་འབྱུང་གི་རང་བཞིན་གྱི་དངོས་པོ་མེད་པས་འདུ་བྱེད་མེད་པ་སྟོང་པ་ཉིད་ཅེས་བྱའོ། ། ཆོས་ཐམས་ཅད་བརྗོད་པ་དང་བྲལ་བའི་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཀུན་བརྟགས་པའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་ཆོས་ཐམས་ཅད་བརྗོད་པ་དང་བྲལ་བ་སྟེ། འདི་ནི་ཆོས་ཐམས་ཅད་བརྗོད་པ་དང་བྲལ་བའི་སྟོང་པ་ཉིད་ཅེས་བྱའོ། ། ཆོས་ཐམས་ཅད་ཀྱི་དོན་དམ་པ་འཕགས་པའི་ ཡེ་ཤེས་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ།
BO
སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཐོབ་པ་ནི་ལྟ་བ་དང་ཉེས་པ་ཐམས་ཅད་ཀྱི་བག་ཆགས་ཀྱིས་སྟོང་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། ། གཅིག་གིས་གཅིག་སྟོང་ པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ལ་གང་མེད་པས་སྟོང་པ་ནི་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་དཔེར་ན། མྲྀ་ག་ལའི་མའི་ཁང་པ་ན་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་ལ་སོགས་པ་མེད་ཀྱང་དགེ་སློང་གི་དགེ་འདུན་མེད་པ་ནི་མ་ཡིན་ནོ། ། དེ་ནི་ དེ་དག་གིས་སྟོང་ངོ་ཞེས་བྱ་བ་ཡང་ཁང་པ་ཁང་པའི་དངོས་པོས་སྟོང་པ་མ་ཡིན། དགེ་སློང་དགེ་སློང་གི་དངོས་པོས་སྟོང་པ་མ་ཡིན་ལ། གནས་གཞན་ན་གླང་པོ་ཆེ་དང་རྟ་ལ་སོགས་པ་མེད་པ་ཡང་མ་ཡིན་ནོ། ། དེ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དེ། གང་ལ་གང་མེད་པ་དེ་ནི་ གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། ། འདི་ནི་སྟོང་པ་ཉིད་རྣམ་པ་བདུན་ཏེ། གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་ཀྱི་ནང་ན་དམན་པ་ཡིན་ཏེ། ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ། ། བློ་གྲོས་ཆེན་པོ་རང་ཡང་མི་སྐྱེ་ལ་མི་སྐྱེ་བ་ཡང་མ་ཡིན་ཏེ།
BO
ཏིང་ངེ་འཛིན་ལ་ གནས་པ་མ་གཏོགས་པ་ནི་སྐྱེ་བ་མེད་པ་ཞེས་བྱའོ། ། རང་བཞིན་དང་བྲལ་བ་ཞེས་བྱ་བ་ཡང་སྐྱེ་བ་མེད་པ་དེ་ཉིད་རང་བཞིན་དང་བྲལ་བ་ཞེས་བྱའོ། ། སྐད་ཅིག་མའི་རྒྱུད་ཀྱི་རྒྱུན་མེད་པ་དང་། ཐ་དད་པའི་དངོས་པོར་སྣང་བར་དངོས་པོ་ཐམས་ཅད་རང་བཞིན་དང་བྲལ་བ་སྟེ། དེའི་ཕྱིར་ དངོས་པོ་ཐམས་ཅད་རང་བཞིན་དང་བྲལ་བ་ཞེས་བྱའོ། ། གཉིས་སུ་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་གྲིབ་མ་དང་། ཚ་བ་དང་། རིང་པོ་དང་། ཐུང་ངུ་དང་། ནག་པོ་དང་། དཀར་པོ་ལྟ་བུ་དག་སྟེ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་གཉིས་སུ་མེད་པས་མྱ་ངན་ལས་ འདས་པ་ལས་གཞན་མ་ཡིན་ལ། འཁོར་བ་ལས་ཀྱང་མྱ་ངན་ལས་འདས་པ་གཞན་མ་ཡིན་ན་ཐ་དད་པའི་མཚན་ཉིད་ཀྱི་རྒྱུས་དངོས་པོ་ཡོད་པའི་ཕྱིར་གཉིས་སུ་མེད་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་དང་། འཁོར་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། ། དེ་བས་ན་ སྟོང་པ་ཉིད་དང་། སྐྱེ་བ་མེད་པ་དང་། གཉིས་སུ་མེད་པ་དང་། རང་བཞིན་དང་བྲལ་བའི་མཚན་ཉིད་ལ་རབ་ཏུ་བརྩོན་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །
BO
ངས་ནི་རྟག་ཏུ་སྟོང་ཉིད་ཆོས། ། རྟག་ཆད་ཡོངས་ སྤངས་འཁོར་བ་ནི། ། སྒྱུ་མ་རྨི་ལམ་འདྲར་བཤད་ཀྱང་། ། ལས་ནི་འཇིག་པར་མི་འགྱུར་རོ། ། ནམ་མཁའ་མྱ་ངན་འདས་པ་དང་། ། འགོག་པ་གཉིས་ཀྱང་དེ་བཞིན་ཏེ། ། བྱིས་པ་དག་གིས་རྣམ་པར་བརྟགས། ། འཕགས་པ་རྣམས་ནི་ཡོད་མེད་སྤངས། ། དེ་ནས་ བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་། སྐྱེ་བ་མེད་པ་དང་། གཉིས་སུ་མེད་པ་དང་། རང་བཞིན་དང་བྲལ་བའི་མཚན་ཉིད་ནི་སངས་རྒྱས་རྣམས་ཀྱི་མདོ་སྡེ་ཐམས་ཅད་ཀྱི་ནང་དུ་འཇུག་སྟེ། མདོ་སྡེ་གང་དུ་ཡང་དོན་འདི་དག་སྟོན་ཏོ། ། མདོ་སྡེ་རྣམས་ནི་སེམས་ཅན་གྱི་བསམ་པ་བཞིན་དུ་རྣམ་པར་ཕྱེ་སྟེ། དོན་རབ་ཏུ་བསྟན་པའི་ཕྱིར་དེ་ཁོ་ན་ཉིད་ནི་བརྗོད་པ་ལ་ཡོད་པ་མ་ཡིན་ནོ། ། དཔེར་ན་{རི་དགས་,རི་དྭགས་}སྐོམ་པའི་རྣམ་པར་རྟོག་པས་སྨིག་རྒྱུ་{རི་དགས་,རི་དྭགས་}སླུ་བར་བྱེད་པ་དེའི་མཚན་ཉིད་ ལ་ཆུའི་དངོས་པོར་མངོན་པར་ཞེན་པར་བྱེད་ཀྱང་དེ་ལ་ཆུ་མེད་དོ། །
BO
དེ་བཞིན་དུ་མདོ་སྡེ་ཐམས་ཅད་ལས་ཆོས་རྣམས་བསྟན་པ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མགུ་བ་རབ་ཏུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་དེ་ཁོ་ན་དང་། འཕགས་པའི་ཡེ་ཤེས་ནི་གཏམ་ལ་ཡོད་པ་མ་ཡིན་ནོ། ། དེ་བས་ན་ དོན་གྱི་རྗེས་སུ་འབྲང་བར་བྱའི། བརྗོད་པ་ལ་མངོན་པར་ཆགས་པར་མི་བྱའོ། ། ། ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ། བམ་པོ་གསུམ་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྡེ་ལས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རང་བཞིན་གྱིས་རྣམ་པར་དག་པ། མཚན་སུམ་ཅུ་རྩ་གཉིས་ཀྱི་རྗེས་སུ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་མཆིས་པར་བརྗོད་དེ། དཔེར་ན་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་ དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་རྟག་ཅིང་རྣམ་པར་འགྱུར་བ་མེད་པ་ཡང་དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་ཤིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་།
BO
ཡང་དག་པ་མ་ཡིན་ པ་ཡོངས་སུ་རྟོག་པའི་རྡུལ་གྱིས་གོས་པར་སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་གསུངས་ཤིང་། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པར་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་པར་བཀའ་སྩལ། བཅོམ་ལྡན་འདས་མུ་སྟེགས་ཅན་རྣམས་ ཀྱང་རྟག་པ་དང་། བྱེད་པ་མཆིས་པར་སྨྲ་ཞིང་ཡོན་ཏན་དང་བྲལ་བ་དང་། ཀུན་དུ་ཁྱབ་པ་དང་མི་འཇིགས་པའོ་ཞེས་བཅོམ་ལྡན་འདས་དེ་དག་བདག་ཏུ་སྨྲ་བར་བགྱིད་དོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངས་བཤད་པའི་དེ་བཞིན་གཤེགས་པའི་སྙིང་པོ་ནི་ མུ་སྟེགས་ཅན་དག་སྨྲ་བའི་བདག་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་ཆེད་འགའ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཉིད་དང་། ཆོས་ཀྱི་སྐུ་དང་། མྱ་ངན་ལས་འདས་པ་དང་། རང་བཞིན་ དང་བྲལ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་རབ་ཏུ་དབེན་ཞིང་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་དེ།
BO
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ནི་བྱིས་པ་གང་དག་བདག་མེད་པའི་ཚིག་གིས་འཇིགས་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རྣམ་པར་རྟོག་པ་དང་བྲལ་བ་སྣང་བ་མེད་པའི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་རབ་ཏུ་བསྟན་ཏོ། ། བློ་གྲོས་ཆེན་པོ་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པར་མི་བྱའོ། ། དཔེར་ན་རྫ་མཁན་ནི་འཇིམ་པའི་ཕུང་པོ་གཅིག་ལས་མིའི་བཟོ་དང་། ཆུ་དང་། ཐལ་ཞར་དང་། འཁོར་ལོ་དང་། སྲད་བུའི་སྦྱོར་བ་རྣམས་ཀྱིས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། ། དེ་ བཞིན་གཤེགས་པ་རྣམས་ཀྱང་དེ་བཞིན་དུ་ཆོས་བདག་མེད་པ། རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་དང་བྲལ་བ། ཤེས་རབ་དང་། ཐབས་ལ་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའམ། ཡང་ན་བདག་མེད་པར་སྟོན་པས་རྒྱུ་དང་ རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མི་འདྲ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱའོ། །
BO
བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པའི་མུ་སྟེགས་ཅན་རྣམས་དྲང་བའི་ཕྱིར་དེ་བཞིན་ གཤེགས་པའི་སྙིང་པོ་བསྟན་པས། ཡང་དག་པ་མ་ཡིན་པའི་བདག་ཏུ་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་བ། རྣམ་པར་ཐར་པའི་སྒོ་གསུམ་གྱི་སྤྱོད་ཡུལ་ལ་འཇུག་པའི་བསམ་པ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་དེའི་ཕྱིར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་དེ་སྐད་དུ་སྟོན་པར་མཛད་དེ། དེ་ལྟ་མ་ཡིན་ན་ནི་མུ་སྟེགས་ཅན་དག་དང་མཚུངས་པར་འགྱུར་རོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་ཡོངས་སུ་སྤང་བའི་ཕྱིར་དེ་བཞིན་ གཤེགས་པའི་སྙིང་པོ་བདག་མེད་པ་ལ་གནས་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། ། གང་ཟག་རྒྱུན་དང་ཕུང་པོ་དང་། ། རྐྱེན་རྣམས་དང་ནི་རྡུལ་དག་དང་། ། གཙོ་བོ་དབང་ཕྱུག་བྱེད་པ་དག ། སེམས་ཙམ་ལ་ནི་རྣམ་ པར་བརྟགས། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་མ་འོངས་པའི་སྐྱེ་བོའི་ཚོགས་ལ་རྣམ་པར་བལྟས་ནས།
BO
ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་ འབྱོར་གྱི་ཐབས་ཆེན་པོ་མངོན་པར་རྟོགས་པ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་རྣལ་འབྱོར་གྱི་ཐབས་ཆེན་པོ་འཐོབ་པར་འགྱུར་རོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བའི་རྣམ་པར་འབྱེད་པ་ལ་མཁས་པ་དང་། ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རབ་ཏུ་རྟོག་པ་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་རྣམ་པར་སྤོང་བ་དང་། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་བདེ་བ་གྱ་ནོམ་པ་ཐོབ་སྟེ། འདི་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། རྣལ་འབྱོར་གྱི་ཐབས་ཆེན་པོ་ཐོབ་པ་ཞེས་བྱའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སྣང་བ་རྣམ་པར་འབྱེད་པ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། དེས་འདི་ལྟར་ཁམས་ གསུམ་པ་འདི་ནི་སེམས་ཙམ་གྱི་ཆ་སྟེ། བདག་དང་བདག་གི་དང་བྲལ་བ། གཡོ་བ་མེད་པ། འགྲོ་བ་དང་འོང་བ་དང་བྲལ་བ།
BO
ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པ། ཁམས་གསུམ་གྱི་གཟུགས་རྣམ་པ་སྣ་ཚོགས་ལ་ཉེ་བར་སྤྱོད་པས་རབ་ཏུ་བཅིངས་ པ། ལུས་དང་ལོངས་སྤྱོད་རྣམ་པར་གཞག་པའི་རྣམ་པར་རྟོག་པའི་རྗེས་སུ་འཇུག་པར་སྣང་ངོ་ཞེས་རབ་ཏུ་རྟོག་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་རྣམ་པར་འབྱེད་པ་ལ་མཁས་པ་ཞེས་བྱའོ། ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་ རོལ་གྱི་དངོས་པོ་དངོས་པོ་མེད་པར་རབ་ཏུ་རྟོག་པ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྨིག་རྒྱུ་དང་། རྨི་ལམ་ལ་སོགས་པ་ལྟ་བུ་སྟེ། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བའོ་ཞེས་དངོས་པོ་ཐམས་ཅད་ ཀྱི་རང་བཞིན་ལ་རབ་ཏུ་རྟོག་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཕྱི་རོལ་གྱི་དངོས་པོ་ལ་དངོས་པོ་མེད་པར་རབ་ཏུ་རྟོག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རབ་ཏུ་རྟོག་པ་ལ་མཁས་པ་ཞེས་བྱའོ། ། ཇི་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་། གནས་པ་དང་།
BO
འཇིག་པའི་ལྟ་བ་རྣམ་པར་སྤོང་བ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྒྱུ་མ་དང་། རྨི་ལམ་ལ་སོགས་པ་དང་མཚུངས་པས་བདག་དང་གཞན་དང་གཉིས་ཀ་ལས་དངོས་པོ་རྣམས་མི་སྐྱེ་སྟེ། རང་ གི་སེམས་སྣང་བ་ཙམ་གྱི་རྗེས་སུ་འཇུག་པའི་ཕྱིར་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་མཐོང་བ་དང་། རྣམ་པར་ཤེས་པ་རྣམས་འཇུག་པ་མེད་པ་དང་། རྐྱེན་རྣམས་སྤུངས་པ་མེད་པར་མཐོང་བ་དང་། རྣམ་པར་རྟོག་པའི་རྐྱེན་ལས་ཁམས་གསུམ་བྱུང་བར་མཐོང་བས་ཕྱི་ནང་གི་ཆོས་ཐམས་ཅད་ མི་དམིགས་པ་དང་། རང་བཞིན་དང་བྲལ་བར་མཐོང་བས་སྐྱེ་བར་ལྟ་བ་རྣམ་པར་ལོག་པ་དང་། སྒྱུ་མ་ལ་སོགས་པའི་ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས། སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་ཡོངས་སུ་སྤོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་རྣམ་པར་སྤོང་བ་ལ་མཁས་པ་ཞེས་བྱའོ། ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་བདེ་བ་གྱ་ནོམ་པ་ཐོབ་པ་ཡིན་ཞེ་ན། འདི་ལྟ་སྟེ།
BO
མི་ སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་ཏེ། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ་དང་། ཆོས་ལྔ་དང་། རང་བཞིན་དང་། བདག་མེད་པ་གཉིས་ཀྱི་མཚན་ཉིད་ཡིད་ལས་བྱུང་བའི་ལུས་ཀྱང་རབ་ཏུ་ཐོབ་པའོ། ། བཅོམ་ལྡན་ འདས་ཅིའི་སླད་དུ་ཡིད་ལས་བྱུང་བའི་ལུས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཡིད་ལས་བྱུང་བའི་ལུས་ཞེས་བྱ་བ་ནི་ཡིད་ལྟར་མགྱོགས་ཤིང་ཐོགས་པ་མེད་པའི་ཕྱིར་ཡིད་ཀྱི་ལུས་ཞེས་བྱ་སྟེ། དཔེར་ན་ཡིད་ནི་རི་དང་། རྩིག་པ་ལ་སོགས་པ་ལ་ ཐོགས་པ་མེད་པར་ཕྱོགས་ཐ་དད་པ་དཔག་ཚད་བརྒྱ་སྟོང་དུ་མ་དེ་དག་ཏུ་སྔོན་མཐོང་བ་རྗེས་སུ་དྲན་པའི་རྒྱུས་མི་བརྗེད་པའི་རང་གི་སེམས་ཀྱི་རྒྱུན་མ་ཆད་པའི་ལུས་ཐོགས་པ་མེད་པས་འཇུག་གོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་ཡིད་ལས་བྱུང་བའི་ལུས་ཀྱང་དུས་གཅིག་ཏུ་ལྷན་ཅིག་པ་ཐོབ་པ་སྟེ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་ལས་བྱུང་བའི་ལུས་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་དང་། དབང་དང་མངོན་པར་ཤེས་པ་དང་། མཚན་བཟང་པོས་བརྒྱན་པ།
BO
འཕགས་པའི་རིགས་ཀྱི་ལུས་དུས་གཅིག་ཏུ་ལྷན་ཅིག་སྐྱེས་པ། ཡིད་བཞིན་དུ་འཇུག་ཅིང་ཐོགས་པ་མེད་ པ། སྔོན་གྱི་སྨོན་ལམ་གྱི་ཡུལ་རྗེས་སུ་དྲན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་བདེ་བ་གྱ་ནོམ་པ་འཐོབ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས་བྱང་ཆུབ་སེམས་དཔའི་ ས་བརྒྱད་པ་ལ་གནས་ཏེ། སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ་དང་། ཆོས་ལྔ་དང་རང་བཞིན་དང་། བདག་མེད་པ་གཉིས་ཀྱི་མཚན་ཉིད་ཀྱི་ལུས་དང་། ཡིད་ལས་བྱུང་བའི་ལུས་དང་། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་བདེ་བ་གྱ་ནོམ་པ་ཐོབ་ པ་ཡིན་ནོ། ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཞི་དང་ལྡན་པའི་རྣལ་འབྱོར་གྱི་ཐབས་ཆེན་པོ་ཡིན་ཏེ་དེ་ཁྱོད་ཀྱིས་བསླབ་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་ འདས་ཆོས་རྣམས་ཀྱི་རྒྱུ་དང་རྐྱེན་གྱི་མཚན་ཉིད་བཤད་དུ་གསོལ། འདི་ལྟར་རྒྱུ་དང་རྐྱེན་གྱི་མཚན་ཉིད་རྟོགས་པས་བདག་དང་།
BO
བྱང་ཆུབ་སེམས་དཔའ་རྣམས་དངོས་པོ་ཐམས་ཅད་ལ་མཆིས་པ་དང་མ་མཆིས་པར་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་ཞིང་རིམ་དང་ཅིག་ཅར་སྐྱེ་བར་རྣམ་པར་རྟོག་ པའི་ལྟ་བ་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ཀྱི་རྐྱེན་གྱི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ཕྱིའི་དང་། ནང་གིའོ། ། དེ་ལ་ཕྱི་རོལ་གྱི་རྐྱེན་ནི་འདི་ལྟ་སྟེ། འཇིམ་པའི་གོང་བུ་དང་། ཐལ་ཞར་དང་། འཁོར་ལོ་དང་། སྲད་བུ་དང་། ཆུ་དང་། མིའི་བཟོ་དང་། སྦྱོར་བའི་རྐྱེན་རྣམས་ལས་རྫ་མ་འབྱུང་བའོ། ། ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་འབྱུང་བ་དེ་བཞིན་དུ། སྐུད་པ་ལས་སྣམ་བུ་དང་། རྩྭ་ལས་སྟན་དང་། ས་བོན་ལས་མྱུ་གུ་དང་། ཞོ་ལས་མར་འབྱུང་བ་ལ་སོགས་པ་ སྦྱོར་བའི་རྐྱེན་ལས་སྐྱེ་བ་རྣམས་ཀྱང་དེ་བཞིན་ཏེ། འདི་ནི་ཕྱི་རོལ་གྱི་རྐྱེན་སྔ་ཕྱི་འགྱུར་ཞིང་སྐྱེ་བ་ཞེས་བྱའོ། ། དེ་ལ་ནང་གི་རྐྱེན་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་། སྲེད་པ་དང་། ལས་ལ་སོགས་པའི་ཆོས་ནི་རྐྱེན་ཅེས་བྱ་བའི་མིང་ཐོབ་པས་འདི་དག་ལས་སྐྱེས་པའི་ཕུང་པོ་དང་། ཁམས་དང་།
BO
སྐྱེ་མཆེད་ཅེས་བྱ་བའི་ཆོས་དེ་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་བོ། ། དེ་དག་ནི་ཁྱད་པར་མེད་པ་ལས་བྱིས་པ་རྣམས་ཀྱིས་བརྟགས་པ་སྟེ། འདི་ནི་ནང་གི་རྐྱེན་གྱི་ཆོས་ཞེས་བྱའོ། ། བློ་གྲོས་ཆེན་པོ་དེ་ལ་རྒྱུ་ནི་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། འབྱུང་ བར་འགྱུར་བའི་རྒྱུ་དང་། འབྲེལ་བའི་རྒྱུ་དང་། མཚན་ཉིད་ཀྱི་རྒྱུ་དང་། བྱེད་པའི་རྒྱུ་དང་། སྣང་བར་བྱེད་པའི་རྒྱུ་དང་། ལྟོས་པའི་རྒྱུའོ། ། དེ་ལ་འབྱུང་བར་འགྱུར་བའི་རྒྱུ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེད་པར་རྒྱུའི་བྱ་བ་བྱེད་པའོ། ། འབྲེལ་པའི་རྒྱུ་ནི་ཕྱི་ནང་གི་ཆོས་ཕུང་པོ་དང་། ས་ བོན་ལ་སོགས་པ་སྐྱེད་པར་དམིགས་པའི་བྱ་བ་བྱེད་པའོ། ། མཚན་ཉིད་ཀྱི་རྒྱུ་ནི་དེ་མ་ཐག་པའི་མཚན་ཉིད་བྱེད་པས་རྒྱུན་མི་འཆད་པར་སྐྱེད་པའོ། ། བྱེད་པའི་རྒྱུ་ནི་དབང་གི་བྱ་བ་བྱེད་པ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ། ། སྣང་བར་བྱེད་པའི་རྒྱུ་ནི་རྣམ་པར་རྟོག་པའི་དངོས་པོ་སྐྱེས་པས་ མཚན་ཉིད་སྣང་བའི་བྱ་བ་བྱེད་པ་སྟེ། མར་མེས་གཟུགས་ལ་སོགས་པ་སྣང་བར་བྱེད་པ་བཞིན་ནོ། །
BO
ལྟོས་པའི་རྒྱུ་ནི་འགགས་པའི་དུས་ན་བྱ་བའི་རྒྱུན་ཆད་དེ་རྣམ་པར་མི་རྟོག་པའི་དངོས་པོར་སྐྱེ་བའོ། ། བློ་གྲོས་ཆེན་པོ་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་གི་རྣམ་པར་རྟོག་པའི་མཚན་ཉིད་ པས་རིམ་གྱིས་ཀྱང་མི་སྐྱེ་ལ་ཅིག་ཅར་ཡང་མི་སྐྱེའོ། ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཅིག་ཅར་སྐྱེ་ན་ནི་བྱེད་པ་དང་། བྱ་བ་བྱེ་བྲག་མེད་པས་རྒྱུའི་མཚན་ཉིད་དུ་མི་འགྱུར་བའི་ཕྱིར་རོ། ། ཅི་སྟེ་རིམ་གྱིས་སྐྱེ་ན་ནི་བདག་གི་མཚན་ཉིད་མ་ཐོབ་པའི་ཕྱིར་རིམ་གྱིས་སྐྱེ་བས་མི་སྐྱེ་སྟེ། ཇི་ལྟར་བུ་མ་སྐྱེས་པར་ ཕ་ཞེས་བྱ་བའི་མིང་མེད་པ་བཞིན་ནོ། ། བློ་གྲོས་ཆེན་པོ་རིམ་གྱིས་སྐྱེ་བས་འབྲལ་བའི་སྦྱོར་བ་ཡང་མི་རུང་སྟེ། དེ་ནི་རྣམ་པར་རྟོག་པའོ། ། རྒྱུ་དང་། དམིགས་པ་དང་། མཚུངས་པ་མེད་པ་དེ་མ་ཐག་པ་དང་། བདག་པོའི་རྐྱེན་ལ་སོགས་པས་བསྐྱེད་པར་བྱ་བ་སྐྱེད་པའི་ཕྱིར། བློ་གྲོས་ཆེན་པོ་ རིམ་གྱིས་སྐྱེ་བས་མི་སྐྱེ་སྟེ། ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཕྱིར་རོ། ། རིམ་གྱིས་སམ་ཅིག་ཅར་མི་སྐྱེ་སྟེ། རང་གི་སེམས་སྣང་བའི་ལུས་དང་ལོངས་སྤྱོད་ཡིན་པའི་ཕྱིར་རོ། །
BO
རང་དང་སྤྱིའི་མཚན་ཉིད་དང་། ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པས་ བློ་གྲོས་ཆེན་པོ་རིམ་གྱིས་སམ་ཅིག་ཅར་མི་སྐྱེ་སྟེ། གཞན་དུ་རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པ་ཙམ་དུ་ཁོང་དུ་མ་ཆུད་པའི་ཕྱིར་མཚན་མ་སྐྱེའོ། ། དེ་ལྟ་བས་ན་རྒྱུ་དང་རྐྱེན་དང་། བྱ་བའི་དངོས་པོ་དང་། སྦྱོར་བའི་མཚན་ཉིད་རིམ་གྱིས་དང་། ཅིག་ཅར་གྱི་ལྟ་བ་ཡོངས་སུ་སྤང་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ཆོས་རྣམས་ཐམས་ཅད་མི་སྐྱེ་སྟེ། ། རྒྱུ་རྐྱེན་འགག་པའང་ཡོད་མ་ཡིན། ། སྐྱེ་དང་འགག་པ་དེ་དག་ལ། ། རྒྱུ་དང་རྐྱེན་དུ་རྟོག་པ་སྐྱེད། ། འགགས་པ་ལས་ནི་ཡང་སྐྱེ་དང་། ། འབྲེལ་པའི་ རྒྱུ་རྐྱེན་བཀག་མིན་ཏེ། ། བྱིས་པ་ཤིན་ཏུ་རྨོངས་པ་ཡིས། ། རྐྱེན་དུ་རྟོག་པ་རབ་སྤང་ཕྱིར། ། ཡོད་དང་མེད་པ་རྟེན་འབྲེལ་ཆོས། ། དེ་དག་སྐྱེ་བ་ཡོད་མ་ཡིན། ། བག་ཆགས་རྨོངས་པས་རབ་ཏུ་འཇུག ། དེ་ལས་སྲིད་གསུམ་སྣང་བ་ཡིན། ། ཡང་དག་རྐྱེན་ལས་སྐྱེ་བ་མེད། ། འགག་པའང་ཡོད་ པར་མི་འགྱུར་ཏེ། ། འདུས་བྱས་ཐམས་ཅད་རབ་བརྟགས་ན། ། ནམ་མཁའི་མེ་ཏོག་ཇི་བཞིན་ནོ། །
BO
གཟུང་བ་དང་ནི་འཛིན་པ་ཡི། ། ནོར་པར་མཐོང་བ་རབ་ཏུ་སྤོངས། ། སྐྱེད་དང་སྐྱེ་བ་མ་ཡིན་ཏེ། ། རྒྱུ་རྐྱེན་དག་ཀྱང་ཡོད་མ་ཡིན། ། ཐམས་ཅད་སྣང་བ་མེད་པས་ན། ། དེ་དག་ཀུན་ནི་བརྗོད་པ་ ཡིན། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་བཤད་དུ་གསོལ། བཅོམ་ལྡན་འདས་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཚིག་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་རྟོགས་པ་དེས། བརྗོད་པ་དང་། བརྗོད་པ་རྣམ་པ་གཉིས་ཀྱི་དོན་རྟོགས་པར་ཁོང་དུ་ཆུད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ནས། བརྗོད་པ་རྣམ་པ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཡོངས་སུ་དག་པར་བགྱིད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ།
BO
ལེགས་སོ། ། བཅོམ་ལྡན་འདས་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ནི་རྣམ་པ་བཞི་ཡོད་དེ། འདི་ལྟ་སྟེ། མཚན་ཉིད་ཀྱི་ཚིག་ དང་། རྨི་ལམ་གྱི་ཚིག་དང་། གནས་ངན་ལེན་གྱི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་ཚིག་དང་། ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ཚིག་གོ། ། དེ་ལ་མཚན་ཉིད་ཀྱི་ཚིག་ནི་རང་གི་རྣམ་པར་རྟོག་པའི་གཟུགས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་ལས་འབྱུང་ངོ་། ། རྨི་ལམ་གྱི་ཚིག་ནི་སྔོན་མྱོང་བའི་ཡུལ་རྗེས་སུ་དྲན་པ་དང་། སད་ནས་ཡུལ་དངོས་པོ་མེད་པ་ལས་འབྱུང་ངོ་། ། གནས་ངན་ལེན་གྱི་རྣམ་པར་རྟོག་པ་ལས་མངོན་པར་ཞེན་པའི་ཚིག་ནི་སྔོན་དགྲས་བྱས་པའི་ལས་རྗེས་སུ་དྲན་པ་ལས་འབྱུང་ངོ་། ། ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ཚིག་ནི་ཐོག་མ་ མེད་པའི་དུས་ཀྱི་རྣམ་པར་སྤྲོས་པ་ལ་མངོན་པར་ཞེན་པའི་གནས་ངན་ལེན་གྱི་རང་གི་ས་བོན་གྱི་བག་ཆགས་ལས་འབྱུང་སྟེ། འདི་ནི་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞི་ཞེས་བྱའོ། །
BO
དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་དོན་དེ་ཉིད་ཀྱི་ཕྱིར་བཅོམ་ ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ད་དུང་ཡང་རྣམ་པར་རྟོག་པའི་མངོན་པའི་སྤྱོད་ཡུལ་བཤད་དུ་གསོལ། བཅོམ་ལྡན་འདས་གང་ནས་ཅི་སླད། ཇི་ལྟར་རྒྱུ་གང་གིས་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པའི་ཚིག་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་མགོ་དང་། བྲང་དང་། མགུལ་པ་དང་། སྣ་དང་། མཆུ་དང་། ལྕེ་དང་། རྐན་དང་། སོ་རྣམས་འདུས་པ་ལས་སྒྲ་སྐད་འབྱུང་ངོ་། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཚིག་དང་། རྣམ་པར་རྟོག་པ་ཐ་དད་པའམ། འོན་ཏེ་གཅིག་པ་ཞིག་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་དང་། རྣམ་པར་རྟོག་པ་ནི་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེའི་རྒྱུ་ལས་བྱུང་བའི་མཚན་ཉིད་ཀྱི་ཕྱིར་རོ། ། བློ་གྲོས་ཆེན་པོ་གལ་ཏེ་ཚིག་དང་། རྣམ་པར་རྟོག་ པ་ཐ་དད་པ་ཞིག་ཡིན་ན་ནི་རྣམ་པར་རྟོག་པ་རྒྱུ་ཡིན་པར་མི་འགྱུར་རོ། །
BO
ཅི་སྟེ་ཐ་མི་དད་པ་ཞིག་ཡིན་ན་ནི་ཚིག་གི་དོན་གསལ་བར་བྱེད་པར་ཡང་མི་འགྱུར་བ་ཞིག་ན། གསལ་བར་ཡང་བྱེད་དེ། དེ་བས་ན་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་ནོ། ། བློ་གྲོས་ཆེན་པོས་ཡང་བཅོམ་ ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཚིག་ཉིད་དོན་དམ་པ་ལགས་སམ། འོན་ཏེ་ཚིག་གིས་བརྗོད་པར་བགྱི་བ་དེ་དོན་དམ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་ཀྱང་དོན་དམ་པ་མ་ཡིན་ལ། ཚིག་གིས་གང་བརྗོད་པར་བྱ་བ་དེ་ཡང་དོན་དམ་པ་ མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པ་ནི་འཕགས་པའི་བདེན་པ་ཡིན་ཏེ། ཚིག་གིས་དོན་དམ་པ་ལ་འཇུག་ཀྱང་ཚིག་འདི་ཉིད་ནི་དོན་དམ་པ་མ་ཡིན་ནོ། ། དོན་དམ་པ་ནི་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི། ཚིག་གི་རྣམ་པར་རྟོག་པའི་བློའི་ སྤྱོད་ཡུལ་ནི་མ་ཡིན་པས། དེའི་ཕྱིར་ཚིག་གི་རྣམ་པར་རྟོག་པས་དོན་དམ་པ་གསལ་བར་མི་བྱེད་དོ། ། དེ་ལ་ཚིག་ནི་སྐྱེ་བ་དང་འཇིག་པ་དག་གིས་རབ་ཏུ་གཡོ་བ། ཕན་ཚུན་གྱི་རྒྱུ་དང་རྐྱེན་ལས་བྱུང་བའོ། ། གལ་ཏེ་ཕན་ཚུན་གྱི་རྒྱུ་དང་རྐྱེན་ལས་བྱུང་བ་ཡིན་ན། དེས་ནི་དོན་དམ་པ་གསལ་བར་མི་བྱེད་ དོ། །
BO
བློ་གྲོས་ཆེན་པོ་བདག་དང་གཞན་དང་། གཉི་གའི་དངོས་པོ་མེད་པའི་ཕྱིར། ཚིག་གི་མཚན་ཉིད་ཀྱིས་དོན་དམ་པ་གསལ་བར་མི་བྱེད་དོ། ། གཞན་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བ་ཙམ་གྱི་རྗེས་སུ་འཇུག་པའི་ཕྱིར་མཚན་མ་རྣམ་པ་སྣ་ཚོགས་དང་། ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པས། ཚིག་གི་རྣམ་པར་རྟོག་པས་ནི་དོན་དམ་པ་གསལ་བར་མི་བྱེད་དོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག་པ་རྣམས་ཀྱི་མཚན་ཉིད་ཡོངས་སུ་སྤང་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དངོས་པོ་ཀུན་གྱི་རང་བཞིན་ མེད། ། ཚིག་ཀྱང་ཡོད་པ་མ་ཡིན་ཏེ། ། ཟབ་མོ་སྟོང་ཉིད་སྟོང་པའི་དོན། ། བྱིས་པ་རྣམས་ཀྱིས་རྟོགས་མི་ནུས། ། དངོས་པོ་ཐམས་ཅད་རང་བཞིན་དང་། ། ཚིག་གི་ཆོས་ནི་མིག་ཡོར་འདྲ། ། རང་རིག་ཡེ་ཤེས་ཡང་དག་མཐའ། ། བུ་རྣམས་ལ་ནི་ངས་བཤད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་མཆིས་པ་དང་། མ་མཆིས་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ལགས་པ་དང་།
BO
མཆིས་པ་ཡང་མ་ལགས། མ་མཆིས་པ་ཡང་མ་ལགས་ པ་དང་། རྟག་པ་དང་། མི་རྟག་པ་སྤངས་པ། མུ་སྟེགས་ཅན་ཐམས་ཅད་ཀྱིས་བགྲོད་པར་བགྱི་བ་མ་ལགས་པ། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱིས་བགྲོད་པར་བགྱི་བ། ཀུན་བརྟགས་པའི་རང་དང་སྤྱིའི་མཚན་ཉིད་དང་བྲལ་བ། དོན་དམ་པ་དེ་ཁོ་ནའི་དོན་ ལ་འཇུག་པ། ས་རྣམས་ཀྱི་མཚམས་སྦྱོར་ཞིང་། རིམ་གྱིས་གོང་ནས་གོང་དུ་ཁྱད་པར་ཅན་དུ་འགྱུར་བ་རྣམ་པར་དག་པའི་མཚན་ཉིད་དང་། དེ་བཞིན་གཤེགས་པའི་ས་ལ་རྗེས་སུ་འཇུག་པའི་མཚན་ཉིད་ལ་རྩོལ་བ་མ་མཆིས་པར་སྔོན་གྱི་སྨོན་ལམ་གྱིས་གཟུགས་སྣ་ཚོགས་ཀྱི་ཡིད་བཞིན་གྱི་ ནོར་བུ་ལྟར་སྤྱོད་ཡུལ་མཐའ་ཡས་པའི་མཚན་ཉིད་ཀྱི་རྣམ་པ། རང་གི་སེམས་སྣང་བའི་ཚུལ་བྱེ་བྲག་གི་མཚན་ཉིད་ཀྱི་ཆོས་ཐམས་ཅད་དང་། ཅི་ནས་ཀྱང་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་འདི་ལྟ་བུ་ལ་སོགས་པ་ཀུན་བརྟགས་པའི་རང་བཞིན་དང་། རང་ དང་སྤྱིའི་མཚན་ཉིད་ཀྱི་ལྟ་བ་རྣམས་སྤངས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་བགྱི་བ་བཤད་དུ་གསོལ།
BO
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ། ཁྱོད་ང་ལ་དོན་འདི་འདྲི་བ་ནི་སྐྱེ་བོ་མང་པོ་ལ་བདེ་བ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། ལྷ་དང་མིའི་འཇིག་རྟེན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ཞུགས་པ་སྟེ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ ཁྱོད་ལ་རབ་ཏུ་དབྱེ་ཞིང་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་ པ་དང་། ནང་དང་ཕྱི་རོལ་གྱི་དངོས་པོར་འཛིན་པས། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་མི་རྟག་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུ་ལ་བརྟེན་ནས། མངོན་པར་ཞེན་པས་རྣམ་པར་རྟོག་གོ། ། དཔེར་ན་{རི་དགས་,རི་དྭགས་}སྐོམ་པས་རབ་ཏུ་གདུངས་པ་རྣམས་དཔྱིད་ཀྱི་སྨིག་རྒྱུ་ལ་ཆུ་ཉིད་དུ་རྣམ་པར་རྟོག་པའི་ནོར་པས་རབ་ཏུ་རྒྱུག་སྟེ།
BO
ཆུ་མ་ཡིན་པར་ཡོངས་སུ་མི་ཤེས་སོ། ། དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོག་མ་མེད་པའི་དུས་ཀྱིས་སྤྲོས་པའི་རྣམ་པར་རྟོག་པས་ ཡོངས་སུ་བསྒོས་པའི་དུག་གསུམ་གྱི་མེས་སེམས་རབ་ཏུ་གདུངས་པ། གཟུགས་ཀྱི་ཡུལ་ལ་ཤིན་ཏུ་མོས་པ། སྐྱེ་བ་དང་། གནས་པ་དང་། འཇིག་པར་ལྟ་བ། ཕྱི་ནང་གི་དངོས་པོར་ཡོངས་སུ་འཛིན་པ་དག་ཀྱང་། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་མི་རྟག་པ་ཉིད་དུ་འདུ་ཤེས་ཤིང་། རྣམ་པར་རྟོག་པའི་ལྟ་བ་འཛིན་པར་རབ་ཏུ་ལྟུང་བར་འགྱུར་རོ། ། དཔེར་ན་དྲི་ཟའི་གྲོང་ཁྱེར་ལ་བྱིས་པ་སོ་སོའི་སྐྱེ་བོ་བློ་དང་མི་ལྡན་པ་རྣམས་གྲོང་ཁྱེར་གྱི་འདུ་ཤེས་ འབྱུང་སྟེ། ཐོག་མ་མེད་པའི་དུས་ནས། བག་ཆགས་ལ་མངོན་པར་ཞེན་པའི་འདུ་ཤེས་ཀྱིས་སྣང་ཡང་། དེ་ནི་གྲོང་ཁྱེར་ཡང་མ་ཡིན། གྲོང་ཁྱེར་མ་ཡིན་པ་ཡང་མ་ཡིན་ནོ། ། དེ་བཞིན་དུ་མུ་སྟེགས་ཅན་ཐོག་མ་མེད་པའི་དུས་ནས་སྤྲོས་པའི་བག་ཆགས་ལ་མངོན་པར་ཞེན་པ་རྣམས་གཅིག་པ་ དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན།
BO
མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པའི་ལྟ་བ་ལ་གནས་པས། རང་གི་སེམས་སྣང་བ་ཙམ་དུ་མི་ཆུད་དོ། ། དཔེར་ན་མི་ལ་ལ་ཞིག་རྨི་ལམ་ན། སྐྱེས་ པ་དང་། བུད་མེད་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། རྐང་ཐང་དང་། གྲོང་དང་། གྲོང་ཁྱེར་དང་། སྐྱེད་མོས་ཚལ་དང་། ནགས་ཚལ་དང་། རི་དང་། འབབ་ཆུ་དང་། རྫིང་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པར་བདག་ཉིད་ཞུགས་པ་སྙམ་པ་ལས་སད་ནས། དེ་ ཉིད་རྗེས་སུ་དྲན་ན། བློ་གྲོས་ཆེན་པོ་ཇི་སྙམ་དུ་སེམས། སྐྱེས་བུ་དེས་སྔར་རྨིས་པ་རྣམས་རྗེས་སུ་དྲན་པར་བྱེད་ཅིང་། ཡོངས་སུ་གཏོང་བར་མི་བྱེད་ན། ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། ། བཅོམ་ ལྡན་འདས་ཀྱིས་བློ་གྲོས་ཆེན་པོ་ལ་བཀའ་སྩལ་པ། དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པས་རབ་ཏུ་ཟིན་པ། མུ་སྟེགས་ཀྱི་བློ་ཅན་དག་རང་གི་སེམས་སྣང་བའི་དངོས་པོ་རྨི་ལམ་ལྟ་བུར་མ་ཤེས་པས། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་ པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་།
BO
མི་རྟག་པར་ལྟ་བ་ལ་རབ་ཏུ་བརྟེན་ཏོ། ། དཔེར་ན་རི་མོ་བྲིས་པ་ལ་མཐོ་དམན་མེད་ཀྱང་། བྱིས་པ་དེ་དག་མཐོ་དམན་དུ་རྣམ་པར་རྟོག་གོ། ། དེ་བཞིན་དུ་མ་འོངས་པའི་དུས་ན་མུ་སྟེགས་ཅན་གྱི་ལྟ་བ་ངན་པའི་བག་ཆགས་ ཤིན་ཏུ་རྒྱས་པས། དེ་དག་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པར་ལྟ་བ་ལ་བརྟེན་ནས། བདག་དང་གཞན་ཡང་བརླག་པར་བྱེད་ལ། ཡོད་པ་དང་། མེད་ པ་སྤངས་པ། སྐྱེ་བ་མེད་པར་སྨྲ་བ་གཞན་དག་ལ་ཡང་མེད་པ་ཞེས་ཟེར་བ་དག་འབྱུང་སྟེ། འདི་དག་ནི་རྒྱུ་དང་འབྲས་བུར་ལྟ་བ་ལ་སྐུར་པ་འདེབས་ཤིང་། དགེ་བའི་རྩ་བ་འདོན་པར་བྱེད་ལ། རྣམ་པར་དག་པའི་རྒྱུ་འཇིག་པར་བྱེད་པ་ཡིན་པས། མཆོག་ཚོལ་བ་རྣམས་ཀྱིས་རིང་དུ་སྤང་བར་བྱའོ། ། དེ་སྐད་དུ་ སྨྲ་བ་དེ་དག་ནི་བདག་དང་གཞན་དང་། གཉི་གའི་ལྟ་བར་ལྟུང་བ། ཡོད་པ་དང་། མེད་པར་རྣམ་པར་བརྟགས་ནས། སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བ་ངན་པར་ལྟུང་བ་ཡིན་པས། སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། ། དཔེར་ན་མིག་ལ་རབ་རིབ་ཡོད་པ་དེ་དག་གིས་སྐྲ་ཤད་འཛིངས་པ་ མཐོང་ནས།
BO
སྐྱེ་བོ་མང་པོའི་ཚོགས་རྣམས་ལ་འདི་སྐད་དུ། ཀྱེ་གྲོགས་པོ་དག་འདི་ལྟོས་ཤིག་ཅེས་ཟེར་ཡང་། སྐྲ་ཤད་འཛིངས་པ་དེ་ནི་མཐར་དངོས་པོ་ཡོད་པ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། མཐོང་བ་དང་། མི་མཐོང་བའི་ཕྱིར་རོ། ། དེ་བཞིན་དུ་མུ་སྟེགས་ཅན་ལྟ་བ་ངན་པའི་བསམ་པ་ ཅན་དག་ཀྱང་། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པའི་ལྟ་བ་ལ་རབ་ཏུ་རྟེན་ཅིང་། དམ་པའི་ཆོས་ལ་སྐུར་པ་འདེབས་པས། བདག་ཀྱང་ལྟུང་བར་བྱེད་ལ་གཞན་ དག་ཀྱང་ལྷུང་བར་བྱེད་དོ། ། དཔེར་ན་མགལ་མེའི་འཁོར་ལོ་ནི། འཁོར་ལོ་མ་ཡིན་ཡང་། བྱིས་པ་རྣམས་ཀྱིས་འཁོར་ལོ་ཉིད་དུ་ཡོངས་སུ་རྟོག་སྟེ། མཁས་པ་རྣམས་ནི་མ་ཡིན་ནོ། ། དེ་བཞིན་དུ་མུ་སྟེགས་ཅན་ལྟ་བ་ངན་པའི་བསམ་པ་ཅན་དག་ཀྱང་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་མི་རྟག་པར་ཡོངས་སུ་རྟོག་པ་ལ་བརྟེན་ནས། དངོས་པོ་ཐམས་ཅད་སྐྱེད་དོ། ། དཔེར་ན་ཆུ་བུར་ནོར་བུ་འདྲ་བ་ལ།
BO
བྱིས་པ་བློ་དང་མི་ལྡན་པ་རྣམས་ཀྱིས། ནོར་བུ་ཉིད་དུ་འདུ་ཤེས་ཤིང་། མངོན་པར་ཞེན་ནས་རབ་ཏུ་རྒྱུག་ཅིང་ལེན་ཀྱང་། ཆུ་བུར་དེ་དག་ནི་ནོར་བུ་ཡང་མ་ཡིན། ནོར་བུ་མ་ཡིན་པ་ཡང་མ་ཡིན་ཏེ། ལེན་པ་དང་། མི་ལེན་པའི་ཕྱིར་རོ། ། དེ་བཞིན་དུ་མུ་སྟེགས་ཅན་ལྟ་བ་ངན་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པ་རྣམས་ཀྱང་། ཡོད་པ་མ་ཡིན་པ་ལ་སྐྱེ་ བ་ཡོད་པར་སྨྲ་བ་དང་། རྐྱེན་གྱིས་ཡོད་པ་ཡང་འཇིག་པར་སྨྲ་བར་འགྱུར་རོ། ། གཞན་ཡང་བློ་གྲོས་ཆེན་པོ་ཚད་མ་རྣམ་པ་གསུམ་དང་། སྨྲ་བའི་ཡན་ལག་ལྔ་ཡོད་དོ། ། དེ་དག་སོ་སོར་རྣམ་པར་གཞག་པ་བྱས་ནས། འཕགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བ། རང་བཞིན་གཉིས་ཀྱི་དངོས་པོ་དང་ བྲལ་བ་རྟོགས་པར་འགྱུར་ཞེས། དངོས་པོ་ཡོད་པ་ཉིད་དུ་རྣམ་པར་རྟོག་ཅིང་མངོན་པར་ཞེན་པར་བྱེད་དེ། བློ་གྲོས་ཆེན་པོ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ལུས་དང་། སེམས་གནས་ཤིན་ཏུ་གྱུར་པ། རང་གི་སེམས་སྣང་བའི་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་རབ་ ཏུ་སྤངས་པ། དེ་བཞིན་གཤེགས་པའི་ས། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པས་དེ་ལ་དངོས་པོ་དང་།
BO
དངོས་པོ་མེད་པའི་འདུ་ཤེས་སུ་མི་བྱའོ། ། གལ་ཏེ་ཡང་རྣལ་འབྱོར་པས་དེ་ལྟ་བུའི་སྤྱོད་ཡུལ་རྣམས་ལ་དངོས་པོ་དང་དངོས་པོ་མེད་པ་འཛིན་པའི་མཚན་མ་སྐྱེད་པར་ བྱེད་ན། དེ་ནི་གསོ་བར་འཛིན་པ་དང་། བདག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་རོ། ། བློ་གྲོས་ཆེན་པོ་གང་འདི་ལྟར་དངོས་པོ་དེ་དག་གི་རང་བཞིན་དང་། རང་དང་སྤྱིའི་མཚན་ཉིད་བསྟན་པ་དེ་དག་ཐམས་ཅད་ནི་སྤྲུལ་པའི་སངས་རྒྱས་ཀྱིས་བསྟན་པ་ཡིན་གྱི། ཆོས་ཉིད་ཀྱི་སངས་རྒྱས་ཀྱིས་ བསྟན་པ་ནི་མ་ཡིན་ནོ། ། གཞན་ཡང་བསྟན་པ་རྣམས་ནི་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བའི་བསམ་པ་ཅན་གྱི་དབང་གིས་བྱུང་བ་ཡིན་གྱི། ལོགས་ཤིག་རྣམ་པར་འཇོག་པའི་ཚུལ་རང་བཞིན་གྱི་ཆོས། འཕགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ཐོབ་པ་རབ་ཏུ་དབྱེ་ཞིང་སྟོན་ པར་མི་བྱེད་དོ། ། དཔེར་ན་ཆུའི་ནང་དུ་ཤིང་གི་གྲིབ་མ་སྣང་ཡང་དེ་ནི་གྲིབ་མ་ཡང་མ་ཡིན། གྲིབ་མ་མ་ཡིན་པ་ཡང་མ་ཡིན། ཤིང་གི་དབྱིབས་ཀྱང་མ་ཡིན། ཤིང་གི་དབྱིབས་མ་ཡིན་པ་ཡང་མ་ཡིན་ནོ། །
BO
དེ་བཞིན་དུ་མུ་སྟེགས་ཅན་གྱི་ལྟ་བའི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་ རྣམས་ཀྱང་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པར་འདུ་ཤེས་པ་ལ་བརྟེན་པས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མི་ཆུད་དོ། ། དཔེར་ན་མེ་ལོང་རབ་ཏུ་ཕྱིས་པའི་ནང་དུ་རྐྱེན་ཇི་ ལྟ་བ་བཞིན་དུ་རྣམ་པར་རྟོག་པ་མེད་པར་གཟུགས་བརྙན་ཐམས་ཅད་སྣང་སྟེ། དེ་དག་ནི་གཟུགས་ཀྱང་མ་ཡིན། གཟུགས་མ་ཡིན་པ་ཡང་མ་ཡིན། ཡང་གཟུགས་དང་གཟུགས་མ་ཡིན་པར་མཐོང་བར་རྣམ་པར་རྟོག་པའི་བྱིས་པ་རྣམས་གཟུགས་ཀྱི་འདུ་ཤེས་སུ་བྱེད་དོ། ། དེ་བཞིན་དུ་མུ་སྟེགས་ཅན་ལྟ་བ་ངན་པ་པ་རང་ གི་སེམས་སྣང་བའི་གཟུགས་ལ་རྣམ་པར་རྟོག་པས་མངོན་པར་ཞེན་པ་རྣམས་ཀྱང་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། རྟག་པ་དང་། མི་རྟག་པར་ལྟ་བ་ལ་རབ་ཏུ་རྟེན་ཏོ། ། དཔེར་ན་རླུང་དང་འབབ་ཆུ་ཕྲད་པ་ལས་ སྒྲ་འབྱུང་ཡང་དེ་ནི་དངོས་པོ་ཡང་མ་ཡིན།
BO
དངོས་པོ་མ་ཡིན་པ་ཡང་མ་ཡིན་ནོ། ། དེ་བཞིན་དུ་མུ་སྟེགས་ཅན་གྱི་ལྟ་བ་ངན་པའི་རྟོག་གེ་པ་རྣམས་ཀྱང་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་ དང་། མི་རྟག་པར་ལྟ་བ་ལ་རབ་ཏུ་རྟེན་ཏོ། ། དཔེར་ན་རྩྭ་དང་། ཤིང་མེད་པའི་ས་ཕྱོགས་ཆེན་པོར་ཉི་མ་ཤིན་ཏུ་ཚ་བའི་འོད་ཀྱིས་སྨིག་རྒྱུའི་དབའ་རླབས་རབ་ཏུ་གཡོ་ཡང་དེ་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཆགས་པ་དང་། ཆགས་པ་མེད་པའི་ཕྱིར་རོ། ། དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་ བོ་ཐོག་མ་མེད་པའི་དུས་ཀྱིས་རྣམ་པར་སྤྲོས་པའི་བག་ཆགས་ཀྱིས་བསྒོས་པ། རྣམ་པར་རྟོག་པས་སྐྱེ་བ་དང་། གནས་པ་དང་། འཇིག་པ་ལ་མངོན་པར་ཞེན་པ་རྣམས་ཀྱང་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ པ་དང་། རྟག་པ་དང་། མི་རྟག་པ་ལ་རབ་ཏུ་བརྟེན་པས་སོ་སོ་རང་གིས་རིག་པར་བྱ་བའི་དངོས་པོའི་སྒོ་ལ་དམིགས་པ་ཡང་སྨིག་རྒྱུའི་དབའ་རླབས་དེ་དག་ཇི་ལྟ་བ་བཞིན་ནོ། ། དཔེར་ན་ལ་ལ་ཞིག་གིས་སྔགས་དང་།
BO
འཁྲུལ་འཁོར་གྱིས་སེམས་ཅན་དུ་བགྲང་བ་མ་ཡིན་པ་སྟོན་པ་འདྲེ་དང་སྦྱོར་བར་ལྡན་ན་གཡོ་བའི་ལས་བྱེད་དེ། བྱིས་པ་རྣམས་ཀྱིས་རྣམ་པར་རྟོག་པས་འགྲོ་བ་དང་། འོང་བ་ཉིད་དུ་མངོན་པར་ཞེན་ཏོ། ། དེ་བཞིན་དུ་མུ་སྟེགས་བྱེད་ལྟ་བ་ངན་པའི་བསམ་པ་ཅན་དག་ཀྱང་། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པའི་ལྟ་བ་ལ་རྟེན་ཅིང་སྤྲོས་པ་ལ་མངོན་པར་ཞེན་པས་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་སོ། ། བློ་གྲོས་ཆེན་པོ་དེ་བས་ན་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་འདོད་པ་དག་གིས་སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པའི་ལྟ་བ་ངན་པའི་རྣམ་པར་རྟོག་པ་རྣམས་ཡོངས་སུ་སྤང་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་ གསུངས་སོ། ། སྒྱུ་མ་རྨི་ལམ་ཆུ་གྲིབ་ཤིང་། ། སྐྲ་ཤད་འཛིངས་དང་སྨིག་རྒྱུ་ལྟར། །
BO
སྲིད་གསུམ་དག་ནི་རབ་རྟོགས་ན། ། མཐར་ནི་རྣམ་པར་གྲོལ་བར་འགྱུར། ། {རི་དགས་,རི་དྭགས་}སྐོམ་པའི་འདུ་ཤེས་ཀྱི། ། གཡོ་བས་སེམས་ནི་བསླུས་པས་ན། ། སྨིག་རྒྱུ་ལ་ནི་ཆུར་རྟོག་ཀྱང་། ། ཆུ་ཡི་དངོས་པོ་ཡང་དག་མེད། ། དེ་བཞིན་ རྣམ་ཤེས་ས་བོན་པ། ། གཡོ་ཞིང་གྱུར་པས་ཡུལ་དུ་སྣང་། ། བྱིས་པ་རྣམ་རྟོག་གང་སྐྱེས་པ། ། རབ་རིབ་ཅན་གྱི་རབ་རིབ་བཞིན། ། ཐོག་མ་མེད་པའི་འཁོར་བ་ལ། ། དངོས་པོར་འཛིན་ཅིང་མངོན་ཞེན་པ། ། མི་འཐུན་ཁྱེའུས་ཁྱེའུ་དབྱུང་བཞིན། ། འདོད་རྒྱུ་འཛིན་པ་རབ་ཏུ་སྤོངས། ། སྒྱུ་མ་རོ་ལངས་འཁྲུལ་འཁོར་དང་། ། སྤྲིན་དང་རྨི་ལམ་གློག་ལྟ་བུར། ། རབ་ཏུ་རྟོག་ན་རྣམ་གྲོལ་ཞིང་། ། རྒྱུན་གསུམ་དག་ནི་གཏན་དུ་སྤོངས། ། འདི་ལ་བྱེད་པ་གང་ཡང་མེད། ། སྨིག་རྒྱུ་ནམ་མཁའ་ཇི་བཞིན་ཏེ། ། དེ་ལྟར་ཆོས་རྣམས་རབ་ཤེས་ན། ། ཤེས་པར་བྱ་བ་ཅི་ཡང་མེད། ། བསྟན་པ་དག་ནི་མིང་ཙམ་སྟེ། ། དེ་ལ་མཚན་ ཉིད་ཡོད་མ་ཡིན། ། གང་ལ་རྣམ་རྟོག་སྐྱེད་པ་ཡི། ། ཕུང་པོའི་འདུ་བྱེད་སྐྲ་ཤད་འདྲ། ། རི་མོ་སྐྲ་ཤད་འཛིངས་པ་དང་། ། སྒྱུ་མ་རྨི་ལམ་དྲི་ཟའི་གྲོང་། ། མགལ་མེའི་འཁོར་ལོའི་སྨིག་རྒྱུ་དག །
BO
མེད་ཀྱང་སེམས་ཅན་རྣམས་ལ་སྣང་། ། རྟག་དང་མི་རྟག་གཅིག་ཐ་དད། ། གཉི་ག་གཉིས་མིན་དེ་བཞིན་ཏེ། ། ཐོག་མ་མེད་ཀྱི་ཉེས་ འབྲེལ་བས། ། བྱིས་པ་མོས་པས་རབ་ཏུ་རྟོག ། མེ་ལོང་ཆུ་དང་མིག་རྣམས་དང་། ། ཡིད་བཞིན་ནོར་བུ་རིན་པོ་ཆེ། ། དེ་ན་གཟུགས་བརྙན་སྣང་མོད་ཀྱི། ། དེ་ནི་ཡང་དག་ཡོད་པ་མིན། ། དངོས་པོར་སྣང་བ་ཐམས་ཅད་ནི། ། རི་མོ་དང་ནི་སྨིག་རྒྱུ་བཞིན། ། རྣམ་པ་སྣ་ཚོགས་གཟུགས་སྣང་ཡང་། ། རྨི་ལམ་འདྲ་སྟེ་ཡོད་མ་ཡིན། ། གཞན་ ཡང་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པའི་ཆོས་ནི་མུ་བཞི་དང་བྲལ་བ་ཡིན་ཏེ། འདི་ལྟ་སྟེ། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པ་སྤངས་པ། ཡོད་པ་དང་། མེད་པའི་སྒྲོ་འདོགས་པ་དང་། སྐུར་པ་ལས་རྣམ་པར་གྲོལ་བའོ། ། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་ཡང་དག་པའི་བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ལམ་དང་། འགོག་པ་དང་། རྣམ་པར་ཐར་པ་རབ་ཏུ་འབྱེད་ཅིང་སྡུད་པར་བྱེད་པས་དེ་དག་སྔོན་དུ་བཏང་བ་ཡིན་གྱི། ངོ་བོ་ཉིད་དང་། དབང་ ཕྱུག་དང་།
BO
རྒྱུ་མེད་པ་དང་། རྡུལ་ཕྲ་མོ་དང་། དུས་དང་། རང་བཞིན་དང་འབྲེལ་བར་ཆོས་སྟོན་པ་ནི་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་དེད་དཔོན་ལྟར་ཚིག་བརྒྱ་རྩ་བརྒྱད་དང་། སྣང་བ་མེད་པ་དང་། ཐེག་པ་དང་། ས་རྣམས་ཤིན་ཏུ་རྣམ་པར་ འབྱེད་པའི་མཚན་ཉིད་ལ་མཐར་གྱིས་རབ་ཏུ་འཇུག་གོ། ། གཞན་ཡང་བློ་གྲོས་ཆེན་པོ་བསམ་གཏན་རྣམ་པ་བཞི་ཡོད་དེ་རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་དང་། དོན་རབ་ཏུ་འབྱེད་པའི་བསམ་གཏན་དང་། དེ་བཞིན་ཉིད་དམིགས་པའི་བསམ་གཏན་དང་། དེ་བཞིན་གཤེགས་པའི་ བསམ་གཏན་ནོ། ། དེ་ལ་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྣལ་འབྱོར་པ་རྣམས་གང་ཟག་ལ་བདག་མེད་པ་དང་། དངོས་པོའི་རང་དང་སྤྱིའི་མཚན་ཉིད་ཀེང་རུས་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་སྡུག་ པའི་མཚན་ཉིད་ལ་མངོན་པར་ཞེན་པ་སྔོན་དུ་བཏང་སྟེ། འདི་ནི་མཚན་ཉིད་འདི་ལྟ་བུ་ཡིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་བརྟགས་ནས་སྔ་མ་ལས་གོང་ནས་གོང་དུ་ཁྱད་པར་ཅན་དུ་འགྱུར་ཏེ།
BO
འདུ་ཤེས་མི་འགོག་པ་གང་ཡིན་པ་དེ་ནི་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་ཞེས་བྱའོ། ། དོན་རབ་ཏུ་འབྱེད་པའི་ བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། གང་ཟག་ལ་བདག་མེད་པ་དང་། རང་དང་སྤྱིའི་མཚན་ཉིད་དང་། མུ་སྟེགས་ཅན་གྱི་བདག་དང་། གཞན་དང་། གཉི་ག་དངོས་པོ་མེད་པར་གྱུར་པ་ལ་ཆོས་བདག་མེད་པར་བརྟགས་ནས། ས་དེ་དག་གི་མཚན་ཉིད་ཀྱི་དོན་གོང་ནས་གོང་དུ་ཁྱད་པར་ཅན་དུ་འགྱུར་བ་ནི་ དོན་རབ་ཏུ་འབྱེད་པའི་བསམ་གཏན་ཞེས་བྱའོ། ། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རྟོག་པས་བདག་མེད་པ་གཉིས་སུ་རྣམ་པར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་གནས་ལ་རྣམ་པར་རྟོག་པ་མི་སྐྱེད་པ་ནི་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཞེས་ བྱའོ། ། དེ་བཞིན་གཤེགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སའི་རྣམ་པ་ལ་འཇུག་པ་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་གྱི་བདེ་བ་ལ་གནས་ནས། སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པའི་བྱ་བ་བྱེད་པ་ནི་དེ་བཞིན་ གཤེགས་པའི་བསམ་གཏན་ཞེས་བྱའོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བྱིས་པ་ཉེ་སྤྱོད་བསམ་གཏན་དང་། ། དོན་གྱི་མཚན་ཉིད་འབྱེད་བསམ་གཏན། ། དེ་བཞིན་ཉིད་དམིགས་བསམ་གཏན་དང་། ། དེ་བཞིན་གཤེགས་ པའི་དགེ་བསམ་གཏན། ། རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། ། ཉི་མ་ཟླ་བའི་དབྱིབས་འདྲ་དང་། ། པད་མ་དང་ནི་གཡང་ས་དང་། ། ནམ་མཁའ་དང་ནི་མེ་ཟད་ལྟར། ། རྣལ་འབྱོར་པས་ནི་གང་རྟོག་པ། ། མཚན་མ་སྣ་ཚོགས་དེ་དག་ནི། ། མུ་སྟེགས་ལམ་འབྱེད་བསམ་གཏན་ཏེ། ། ཉན་ཐོས་དང་ནི་རང་རྒྱལ་ གྱི། ། སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། ། འདི་དག་ཐམས་ཅད་རབ་སྤངས་ན། ། དེ་ནི་སྣང་བ་མེད་པ་ཡིན། ། ཞིང་རྣམས་ཀུན་གྱི་སངས་རྒྱས་ཀྱི། ། བསམ་གྱིས་མི་ཁྱབ་ཕྱག་གིས་ནི། ། དེ་ཡི་མགོ་ལ་ཉུག་མཛད་དེ། ། དེ་བཞིན་ཉིད་ཀྱི་རྗེས་ཞུགས་བརྟགས། ། དེ་ ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་ཆོས་ཇི་ལྟ་བུ་ཞིག་ལ་མྱ་ངན་ལས་འདས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་ པོ་རང་བཞིན་ཐམས་ཅད་ཀྱི་བག་ཆགས་ཀྱི་ཀུན་གཞི་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ལྟ་བའི་བག་ཆགས་རབ་ཏུ་གྱུར་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་དང་། ངའི་མྱ་ངན་ལས་འདས་པ་རང་བཞིན་སྟོང་པ་ཉིད་ཀྱི་དངོས་པོའི་སྤྱོད་ཡུལ་ལོ། ། གཞན་ ཡང་བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་ནི་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། རྟག་པ་དང་། ཆད་པར་རྣམ་པར་རྟོག་པ་དང་། དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་སྤངས་པའོ། ། ཇི་ལྟར་རྟག་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། རང་དང་སྤྱིའི་མཚན་ཉིད་དུ་རྣམ་ པར་རྟོག་པ་སྤངས་པའི་ཕྱིར། རྟག་པ་མ་ཡིན་ནོ། ། ཇི་ལྟར་ཆད་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འཕགས་པ་ཐམས་ཅད་ཀྱིས་སོ་སོ་རང་གིས་རིག་པ་ཐོབ་པའི་ཕྱིར་ཆད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་ནི་མི་འཇིག་མི་འཆི་ སྟེ། གལ་ཏེ་མྱ་ངན་ལས་འདས་པ་འཆི་བ་ཞིག་ཡིན་ན་ནི་ཡང་སྐྱེ་བའི་རྒྱུན་ལེན་པར་འགྱུར་རོ། ། ཅི་སྟེ་འཇིག་པ་ཞིག་ཡིན་ན་ནི་འདུས་བྱས་ཀྱི་མཚན་ཉིད་དུ་ལྟུང་བར་འགྱུར་ཏེ།
BO
དེའི་ཕྱིར་མྱ་ངན་ལས་འདས་པ་ནི་འཇིག་པ་དང་། འཆི་བ་དང་། བྲལ་བས་ན་རྣལ་འབྱོར་པ་རྣམས་སྐབས་སུ་ འགྲོ་བ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་ནི་སྤངས་པ་མ་ཡིན་པ་དང་། ཐོབ་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། རྟག་པ་མ་ཡིན་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་སྣ་ཚོགས་མ་ཡིན་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། ། གཞན་ཡང་བློ་ གྲོས་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་དང་། ཡུལ་གྱི་འདུ་འཛི་མེད་པ་དང་། ཕྱིན་ཅི་ལོག་པར་མཐོང་བས་རྣམ་པར་རྟོག་པ་མི་སྐྱེ་བ་སྟེ། དེ་དག་གིས་དེ་ལ་མྱ་ངན་ལས་འདས་པའི་བློར་འགྱུར་རོ། ། གཞན་ཡང་བློ་ གྲོས་ཆེན་པོ་རང་བཞིན་གྱི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བརྗོད་པའི་རང་བཞིན་གྱི་མཚན་ཉིད་ལ་མངོན་པར་ཞེན་པ་དང་། དངོས་པོའི་རང་བཞིན་གྱི་མཚན་ཉིད་ལ་མངོན་པར་ཞེན་པའོ། ། དེ་ལ་བརྗོད་པའི་རང་བཞིན་གྱི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་ཐོག་མ་ མེད་པའི་དུས་ཀྱི་ཚིག་ཏུ་སྤྲོས་པའི་བག་ཆགས་ལ་མངོན་པར་ཞེན་པ་ལས་བྱུང་ངོ་། །
BO
དངོས་པོའི་རང་བཞིན་གྱི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པ་ལས་འབྱུང་ངོ་། ། གཞན་ཡང་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ནི་བྱིན་གྱི་རླབས་རྣམ་པ་གཉིས་ རྣམ་པར་གཞག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་རྣམས་ཀྱི་ཞབས་ལ་མགོ་བོས་གཏུག་ཅིང་དྲི་བ་ཡོངས་སུ་འདྲིའོ། ། བྱིན་གྱི་རླབས་རྣམ་པ་གཉིས་རྣམ་པར་གཞག་པ་གང་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། སྐུ་དང་། ཞལ་དང་། གསུང་ ཐམས་ཅད་རབ་ཏུ་སྟོན་པའི་བྱིན་གྱི་རླབས་དང་། ཕྱག་གིས་དབང་བསྐུར་བའི་བྱིན་གྱི་རླབས་སོ། ། དེ་ལ་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སངས་རྒྱས་ཀྱི་བྱིན་གྱི་རླབས་ལ་རབ་ཏུ་གནས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་ པོ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་ཀྱི་མཐུས་ཀུན་དུ་སྐུ་དང་། ཞལ་དང་། གསུང་ཐམས་ཅད་རབ་ཏུ་སྟོན་ཏེ།
BO
བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། ཡོན་ཏན་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཇི་ལྟ་བ་བཞིན་ནོ། ། བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་ བྱིན་གྱིས་བརླབས་པ་རབ་ཏུ་ཐོབ་པ་ཞེས་བྱ་སྟེ། བསྐལ་པ་བརྒྱ་སྟོང་དུ་དགེ་བའི་རྩ་བ་བསགས་པ་ལས་མངོན་པར་གྲུབ་པའོ། ། རིམ་གྱིས་ས་རྣམས་ཀྱི་གཉེན་པོ་དང་མི་འཐུན་པའི་ཕྱོགས་ཀྱི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་པས་ས་ཆོས་ཀྱི་སྤྲིན་ལ་འཇུག་སྟེ། པད་ མ་ཆེན་པོའི་གཞལ་མེད་ཁང་ཁྱད་པར་ཅན་ན་གནས་ཤིང་པད་མ་ཆེན་པོ་རིན་པོ་ཆེའི་སེང་གེའི་སྟན་ལ་འདུག་ནས། སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གྱིས་ཡོངས་སུ་བསྐོར་བ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བས་ལུས་རབ་ཏུ་བརྒྱན་པས་གསེར་བཙོ་མ་དང་། མེ་ ཏོག་ཙམ་པ་ཀ་དང་། ཉི་མ་དང་། ཟླ་བའི་འོད་ཟེར་ཇི་ལྟ་བ་བཞིན་ནོ། །
BO
ཕྱོགས་བཅུ་ནས་གཤེགས་པའི་རྒྱལ་བ་རྣམས་པད་མ་ཆེན་པོའི་གཞལ་མེད་ཁང་ན་སྟན་ལ་འདུག་པ་དེ་ལ་སྤྱི་བོ་ནས་དབང་བསྐུར་བར་མཛད་དེ། ཇི་ལྟར་དབང་ཕྱུག་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ལྷའི་ དབང་པོའི་བུ་བཞིན་དུ་སྤྱི་བོར་དབང་བསྐུར་བ་མཛད་པས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་གིས་དབང་བསྐུར་བའི་བྱིན་གྱི་རླབས་ཞེས་བྱའོ། ། བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱིན་གྱི་རླབས་རྣམ་པ་གཉིས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གལ་ཏེ་བྱིན་གྱི་རླབས་རྣམ་པ་གཉིས་ལ་གནས་ན་སངས་རྒྱས་ཐམས་ཅད་མཐོང་བར་ནུས་ཀྱི། དེ་ལྟ་མ་ཡིན་ན་ནི་མཐོང་བར་མི་ནུས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ཙམ་དུ་ཏིང་ངེ་འཛིན་དང་། རྫུ་འཕྲུལ་དང་། ཆོས་སྟོན་པའི་སྤྱོད་ པ་རབ་ཏུ་དབྱེ་བ་ལ་སོགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་རྣམ་པ་གཉིས་ལ་གནས་པས་སོ། །
BO
བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གལ་ཏེ་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་ཡོངས་སུ་བྲལ་བས་ཀྱང་སྤོབས་པས་ཆོས་སྟོན་པར་ནུས་ ན་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་ཆོས་སྟོན་ནུས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱིན་གྱི་རླབས་ལ་མི་གནས་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་རི་དང་། རྡོ་དང་། ཤིང་ལྗོན་པ་དང་། ཤིང་དང་། རོལ་མོའི་ཆོས་ཆ་བྱད་རྣམ་པ་སྣ་ཚོགས་དང་། གྲོང་ཁྱེར་ དང་། གྲོང་རྡལ་དང་། ཁང་པ་དང་། གཞལ་མེད་ཁང་དག་ཀྱང་དེ་བཞིན་གཤེགས་པ་གྲོང་ཁྱེར་དུ་བྱོན་པའི་བྱིན་གྱི་རླབས་ཀྱིས་དེ་དག་ཐམས་ཅད་ལས་རོལ་མོའི་སྒྲ་རང་བྱུང་ན་སེམས་ཡོད་པ་དག་ལྟ་ཅི་སྨོས། འོན་པ་དང་། ལོང་བ་དང་། ལྐུགས་པ་དག་ཀྱང་སྡུག་བསྔལ་རྣམ་པ་ སྣ་ཚོགས་ལས་རྣམ་པར་འགྲོལ་ཏེ། དེ་བཞིན་གཤེགས་པ་ནི་འདི་ལྟ་བུ་ལ་སོགས་པའི་བྱིན་གྱི་རླབས་ཚད་མེད་པས་སེམས་ཅན་རྣམས་ལ་ཕན་འདོགས་སོ། ། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་གསོལ་པ།
BO
བཅོམ་ལྡན་འདས་ཅིའི་རྒྱུ་དང་རྐྱེན་གྱིས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་དུས་དང་། ཁྱད་པར་གྱི་དབང་བསྐུར་བའི་དུས་ལ་གནས་པ་དག་ལ་བྱིན་གྱིས་རློབ་པར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བློ་གྲོས་ཆེན་པོ་བདུད་ཀྱི་ལས་དང་ཉོན་མོངས་པ་སྤང་བའི་ཕྱིར་དང་། ཉན་ཐོས་ཀྱི་ས་དང་བསམ་གཏན་དུ་མི་ལྟུང་ཞིང་དེ་བཞིན་གཤེགས་པ་སོ་སོ་རང་གིས་རིག་པའི་ས་ཐོབ་པར་བྱ་བའི་ཕྱིར་དང་། ཐོབ་པར་བྱ་བའི་ཆོས་རྣམ་པར་འཕེལ་ཞིང་ཁྱད་པར་ཅན་དུ་བྱ་བའི་ཕྱིར་ཏེ། དེས་ ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱིན་གྱི་རླབས་རྣམ་པར་གཞག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བྱིན་གྱིས་རློབ་པར་མཛད་དོ། ། གལ་ཏེ་བྱིན་གྱི་རླབས་ཀྱིས་བྱིན་གྱིས་མ་བརླབས་ན་མུ་སྟེགས་ཅན་གྱི་ལྟ་བ་ངན་ པའི་རྣམ་པར་རྟོག་པ་དང་། ཉན་ཐོས་དང་། བདུད་ཀྱི་བསམ་པར་ལྟུང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ།
BO
དེ་ལྟར་དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ རྗེས་སུ་བཟུང་བ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བྱིན་རླབས་ལྡན་པ་མི་ཡི་གཙོ། ། སྨོན་ལམ་ཆེན་པོ་རྣམ་དག་པ། ། ཏིང་ངེ་འཛིན་དང་དབང་བསྐུར་དག ། དང་པོར་དང་ནི་ས་བཅུར་འབྱུང་། ། ། ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས། བམ་པོ་བཞི་པ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་བཀའ་སྩལ་ པས། རྒྱུ་དང་རྐྱེན་རྣམ་པར་བརྗོད་པ་ཉིད་མཛད་ཀྱི། རང་གི་ཚུལ་གྱི་གཏམ་ནི་མ་གསུངས་སོ། ། བཅོམ་ལྡན་འདས་མུ་སྟེགས་ཅན་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་དེ། འདི་ལྟ་སྟེ། གཙོ་བོ་དང་། དབང་ཕྱུག་དང་། དུས་དང་། རྡུལ་ཕྲ་མོ་ལས་དངོས་པོ་རྣམས་སྐྱེ་བར་ བརྗོད་དོ། ། བཅོམ་ལྡན་འདས་ཀྱིས་རྒྱུ་དང་རྐྱེན་ལས་དངོས་པོ་རྣམས་སྐྱེ་བར་གསུངས་ཤིང་བརྗོད་པ་ལ་ཡང་བར་དུ་ཆོད་པ་དང་བཅས་པའི་གྲུབ་པའི་མཐའ་དང་།
BO
བར་དུ་ཆོད་པ་མ་མཆིས་པའི་གྲུབ་པའི་མཐའ་མཆིས་སོ། ། བཅོམ་ལྡན་འདས་མུ་སྟེགས་ཅན་དག་ཀྱང་མཆིས་པ་དང་མ་མཆིས་པ་ ལས་སྐྱེ་བར་བརྗོད། བཅོམ་ལྡན་འདས་ཀྱིས་ཀྱང་མ་མཆིས་པ་ལས་འབྱུང་ལ་བྱུང་ནས་ཀྱང་འཇིག་པར་གསུངས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་རྒ་ཤིའི་བར་དུ་གསུངས་པ་འདི་ཡང་བཅོམ་ལྡན་འདས་ཀྱིས་རྒྱུ་མ་མཆིས་པར་སྨྲ་བ་རྣམ་པར་བརྗོད་ པ་གསུངས་ཀྱི་རྒྱུར་སྨྲ་བ་གསུངས་པ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་འདི་ཡོད་པས་འདི་བྱུང་ངོ་ཞེས་རྣམ་པར་གཞག་པ་གསུམ་པ་འདི་ནི་རིམ་གྱིས་འབྱུང་བར་གཞག་པ་མ་ལགས་པར་མུ་སྟེགས་ཅན་གྱིས་རྣམ་པར་བརྗོད་པ་ཉིད་བཟུང་གི ། དེ་བཞིན་གཤེགས་པའི་ནི་དེ་དེ་ལྟ་ མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མུ་སྟེགས་ཅན་རྣམས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ལགས་པའི་རྒྱུས་འབྲས་བུ་མངོན་པར་སྒྲུབ་བོ། ། བཅོམ་ལྡན་འདས་ཀྱིས་ནི་རྒྱུ་ཡང་དངོས་པོ་ལ་ལྟོས། དངོས་པོ་ཡང་རྒྱུ་ལ་ལྟོས་པས་རྒྱུ་དང་རྐྱེན་ཡང་འཆོལ་པར་ འགྱུར་ཞིང་དེ་བཞིན་དུ་ཕན་ཚུན་དུ་ཐུག་པ་མ་མཆིས་པར་ཡང་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་ང་ནི་རྒྱུ་མེད་པར་སྨྲ་བ་དང་། རྒྱུ་དང་རྐྱེན་ཆོལ་པོར་སྨྲ་བ་མ་ཡིན་ཏེ། འདི་ཡོད་པར་འདི་འབྱུང་ངོ་ཞེས་བརྗོད་པ་ནི་གཟུང་བ་དང་འཛིན་པ་ངོ་བོ་ཉིད་མེད་ པ་དང་། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་གང་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་དང་། ཕྱི་རོལ་གྱི་ཡུལ་གྱི་དངོས་པོ་དངོས་པོ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་ཁོང་དུ་མ་ཆུད་པ་དེ་དག་ལ་ནི་འདི་ལྟ་བུའི་ཉེས་པར་འགྱུར་ གྱི་ངའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས་བརྗོད་པ་དངོས་པོ་མ་མཆིས་པ་ལགས་ན་དངོས་པོ་ཐམས་ཅད་ཀྱང་མཆིས་པ་མ་ལགས་སམ། བཅོམ་ལྡན་འདས་དངོས་པོ་དག་མ་མཆིས་སུ་ལགས་ན་ནི་བརྗོད་པ་ ཡང་འབྱུང་བར་མི་འགྱུར་ན། བཅོམ་ལྡན་འདས་དེའི་སླད་དུ་བརྗོད་པ་དངོས་པོ་མཆིས་པས་དངོས་པོ་ཐམས་ཅད་ཀྱང་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དངོས་པོ་མེད་པ་དག་ཀྱང་བརྗོད་པ་ཡོད་དེ། འདི་ལྟ་སྟེ། རི་བོང་གི་རྭ་དང་།
BO
རུས་ སྦལ་གྱི་སྤུ་ལ་སོགས་པ་འཇིག་རྟེན་ན་བརྗོད་པར་སྣང་མོད་ཀྱི་བློ་གྲོས་ཆེན་པོ་དེ་དག་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་མ་ཡིན་ཏེ་བརྗོད་པ་ཙམ་དུ་ཟད་དོ། ། ཇི་ལྟར་ཁྱོད་ཀྱིས་སྨྲས་པ་ལྟར་བརྗོད་པ་རང་བཞིན་ཡོད་པས་དངོས་པོ་ཐམས་ཅད་ཀྱང་ཡོད་ན་ནི་དེ་ལྟ་ན་ཁྱོད་ཀྱི་སྨྲ་བ་དེ་ནི་ ཉམས་པར་འགྱུར་རོ། ། བློ་གྲོས་ཆེན་པོ་བརྗོད་པ་ནི་སངས་རྒྱས་རྣམས་ཀྱི་ཞིང་ཐམས་ཅད་ནི་ཡོད་པ་མ་ཡིན་ཏེ་བརྗོད་པ་ནི་བྱས་པའོ། ། བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་ལ་ལ་ན་མིག་མི་འཛུམས་པས། ལ་ལ་ན་མཚན་མ་བསྟན་པས། ལ་ལ་ན་སྨིན་མ་བསྐྱོད་པས། ལ་ལ་ན་ མིག་རིག་རིག་བྱས་པས། ལ་ལ་ན་དགོད་པས། ལ་ལ་ན་གླལ་བས། ལ་ལ་ན་སེ་གོལ་གྱི་སྒྲས། ལ་ལ་ན་ཞིང་དྲན་པས། ལ་ལ་ན་བསྐྱོད་པས་ཆོས་སྟོན་ཏེ། བློ་གྲོས་ཆེན་པོ་དཔེར་ན། འཇིག་རྟེན་གྱི་ཁམས་མིག་མི་འཛུམས་པ་དང་། སྤོས་བརྩེགས་དང་། དེ་བཞིན་ གཤེགས་པ་ཀུན་དུ་བཟང་པོའི་ཞིང་ཁམས་ན་སྤྱན་མི་འཛུམས་པར་གཟིགས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ཁྱད་པར་གྱི་ཏིང་འཛིན་གཞན་དག་ཀྱང་རབ་ཏུ་འཐོབ་པར་མཛད་དོ། །
BO
བློ་གྲོས་ཆེན་པོ་དེའི་ཕྱིར་བརྗོད་པ་ཡོད་པས་དངོས་པོ་ཐམས་ཅད་ ཡོད་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ནི་འཇིག་རྟེན་འདི་ན་ཡང་སྣང་སྟེ། སྲིན་བུ་དང་། སྦྲང་མ་ལ་སོགས་པའི་སེམས་ཅན་དག་ཀྱང་བརྗོད་པ་མེད་པར་རང་གི་བྱ་བ་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་ གསུངས་སོ། ། ནམ་མཁའ་རི་བོང་རྭ་དག་དང་། ། མོ་ཤམ་གྱི་ནི་བུ་དག་ཀྱང་། ། མེད་ཀྱང་ཚིག་ཏུ་བརྗོད་པ་ལྟར། ། དངོས་ལ་རྟོག་པའང་དེ་བཞིན་ནོ། ། རྒྱུ་རྐྱེན་འདུས་པའི་ཆོས་དག་ལ། ། སྐྱེ་བར་བྱིས་པ་རྣམ་རྟོག་སྟེ། ། ཚུལ་འདི་རབ་ཏུ་མི་ཤེས་པས། ། སྲིད་གསུམ་གནས་ན་རབ་ ཏུ་འཁྱམ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་གང་ལ་རྟག་པའི་སྒྲར་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ནོར་བའི་ཕྱིར་ཏེ། ནོར་པ་ འདི་ནི་འཕགས་པ་རྣམས་ལ་ཡང་སྣང་མོད་ཀྱི་ཕྱིན་ཅི་ལོག་ཏུ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་འདི་ལྟར་འཇིག་རྟེན་ན་མི་མཁས་པ་དག་གིས་སྨིག་རྒྱུ་དང་། མགལ་མེའི་འཁོར་ལོ་དང་།
BO
སྐྲ་ཤད་འཛིངས་པ་དང་། དྲི་ཟའི་གྲོང་ཁྱེར་དང་། སྒྱུ་མ་དང་། རྨི་ལམ་དང་། གཟུགས་བརྙན་དག་ ལ་ཕྱིན་ཅི་ལོག་ཏུ་འཛིན་གྱི། མཁས་པ་རྣམས་ཀྱིས་ནི་མ་ཡིན་ཏེ་མི་སྣང་བ་ཡང་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ནོར་པ་དེ་དག་ནི་རྣམ་པ་དུ་མར་སྣང་ཡང་ནོར་པས་མི་རྟག་པར་བྱེད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་ནོར་པ་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་ཤེ་ན། འདི་ལྟ་སྟེ། བྱིས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་སྣ་ཚོགས་པའི་ཕྱིར་རོ། ། ཇི་ལྟར་གང་གཱའི་ཀླུང་དེ་{ཡི་དགས་,ཡི་དྭགས་}རྣམས་ཀྱིས་མཐོང་བ་དང་མི་མཐོང་བའི་ཕྱིར་ནོར་པ་ནི་དངོས་པོ་ཡོད་པ་མ་ཡིན་ནོ། ། གཞན་དག་ལ་ སྣང་བས་ན་དེའི་ཕྱིར་དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་ལྟར་ན་ནོར་པ་ནི་འཕགས་པ་རྣམས་ཕྱིན་ཅི་ལོག་དང་ཕྱིན་ཅི་ལོག་མ་ཡིན་པ་རྣམ་པར་སྤངས་པས་དེའི་ཕྱིར་ནོར་པ་ནི་རྟག་པ་སྟེ། འདི་ལྟ་སྟེ། མཚན་མའི་མཚན་ཉིད་མི་འཇིག་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་ནོར་པ་ནི་མཚན་མ་སྣ་ ཚོགས་མ་ཡིན་ཏེ།
BO
རྣམ་པར་རྟོག་པའི་མཚན་མ་འཇིག་པས་དེའི་ཕྱིར་ནོར་པ་ནི་རྟག་པའོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་ནོར་པ་དེ་ཁོ་ན་ཡིན་ཞེ་ན། གལ་ཏེ་ཡང་རྒྱུ་དང་རྐྱེན་གྱི་ནོར་པ་འདི་ལ་འཕགས་པ་རྣམས་ཕྱིན་ཅི་ལོག་གི་བློ་དང་ཕྱིན་ཅི་ལོག་མ་ཡིན་པའི་བློ་ཡང་མི་སྐྱེད་ནའོ། ། བློ་གྲོས་ཆེན་ པོ་འཕགས་པ་རྣམས་མ་གཏོགས་པར་ནོར་པ་འདི་ལ་{ཆུང་ཟད་,ཅུང་ཟད་}ཙམ་དུ་འདུ་ཤེས་ཡོད་པ་ནི་འཕགས་པའི་ཡེ་ཤེས་ཀྱི་དངོས་པོའི་མཚན་ཉིད་མ་ཡིན་ནོ། ། བློ་གྲོས་ཆེན་པོ་{ཆུང་ཟད་,ཅུང་ཟད་}ཙམ་ཞེས་བྱ་བ་དེ་ནི་བྱིས་པ་རྣམས་ཀྱི་རྣམ་པར་བརྟགས་པས་བརྗོད་པ་ཡིན་ཏེ། འཕགས་པས་བརྗོད་པ་ནི་མ་ཡིན་ནོ། ། ནོར་པ་དེ་ཡང་ཕྱིན་ཅི་ལོག་དང་ཕྱིན་ཅི་ལོག་མ་ཡིན་པར་རྣམ་པར་བརྟགས་པས་རིགས་རྣམ་པ་གཉིས་སྐྱེད་དེ། འདི་ལྟ་སྟེ། འཕགས་པའི་རིགས་དང་། བྱིས་པ་སོ་སོའི་སྐྱེ་བོའི་རིགས་སོ། ། འཕགས་པའི་རིགས་ཀྱང་རྣམ་པ་གསུམ་དུ་དབྱེ་བས་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་ སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པའོ། ། ཇི་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྣམ་པར་བརྟགས་པས་ཉན་ཐོས་ཀྱི་ཐེག་པའི་རིགས་སྐྱེད་ཅེ་ན། འདི་ལྟ་སྟེ།
BO
རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པས་ཉན་ཐོས་ཀྱི་རིགས་སུ་འགྱུར་ཏེ། དེ་ལྟར་ན་རྣམ་པར་དག་པས་ ཉན་ཐོས་ཀྱི་ཐེག་པའི་རིགས་སྐྱེད་པར་བྱེད་པ་ཡིན་ནོ། ། བློ་གྲོས་ཆེན་པོ་ནོར་པ་དེ་ཉིད་རྣམ་པར་བརྟགས་པས་རང་སངས་རྒྱས་ཀྱི་ཐེག་པའི་རིགས་སྐྱེད་པར་བྱེད་དེ། འདི་ལྟ་སྟེ། ནོར་པ་དེ་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་དུ་སྒོམ་པ་ན་མངོན་པར་ཞེན་པ་མེད་པས་རང་སངས་རྒྱས་ཀྱི་ཐེག་པའི་རིགས་སྐྱེད་ པར་བྱེད་པ་ཡིན་ནོ། ། ཇི་ལྟར་ན་མཁས་པ་རྣམས་ཀྱིས་ནོར་པ་དེ་ཉིད་ལ་རྣམ་པར་བརྟགས་པས་སངས་རྒྱས་ཀྱི་ཐེག་པའི་རིགས་སྐྱེད་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་ཕྱི་རོལ་གྱི་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་ན་སངས་རྒྱས་ཀྱི་ཐེག་ པའི་རིགས་སྐྱེད་པར་བྱེད་པ་ཡིན་ཏེ། འདི་ནི་ནོར་པ་དེ་ཉིད་ལས་སངས་རྒྱས་ཀྱི་ཐེག་པའི་རིགས་སྐྱེད་པར་བྱེད་པ་ཞེས་བྱའོ། ། གཞན་ཡང་དངོས་པོ་སྣ་ཚོགས་ཀྱི་རང་བཞིན་དུ་ནོར་པ་ལ་བྱིས་པ་རྣམས་ཀྱིས་རྣམ་པར་བརྟགས་པས་ན་བྱིས་པ་སོ་སོའི་སྐྱེ་བོའི་རིགས་སྐྱེད་པར་བྱེད་དེ། དེ་ནི་དངོས་པོ་ ཡང་མ་ཡིན།
BO
དངོས་པོ་མེད་པ་ཡང་མ་ཡིན་པ་ནི་རིགས་ཀྱི་དོན་ཅེས་བྱའོ། ། བློ་གྲོས་ཆེན་པོ་ནོར་པ་དེ་ཉིད་ལ་རྣམ་པར་མི་རྟོག་པས་འཕགས་པ་རྣམས་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་པའི་ཕྱིར་བག་ཆགས་ཀྱི་རང་བཞིན་གྱི་ཆོས་ལས་གཞན་དུ་ གྱུར་པའི་དངོས་པོ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ནི་སེམས་ལས་གྲོལ་བའོ་ཞེས་ཚིག་འདི་ངས་སྨྲས་ཏེ། མཚན་མ་རྣམ་པར་སྤངས་པ་བསྟན་པའི་ཕྱིར་མཚན་མ་ཐམས་ཅད་དང་བྲལ་བའོ་ཞེས་སྨྲས་པ་ཡིན་ནོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ ལྡན་འདས་ནོར་པ་མཆིས་པའམ་མ་མཆིས་པ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཇི་ལྟར་སྒྱུ་མ་བཞིན་དུ་མངོན་པར་ཞེན་པའི་མཚན་ཉིད་མེད་དེ། གལ་ཏེ་ནོར་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཡོད་ན་ནི་མངོན་པར་ཞེན་པའི་དངོས་པོ་ཟློགས་པར་མི་ འགྱུར་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་མུ་སྟེགས་ཅན་གྱི་རྒྱུ་ལས་སྐྱེ་བ་བཞིན་དུ་འགྱུར་རོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ།
BO
བཅོམ་ལྡན་འདས་གལ་ཏེ་ནོར་པ་དེ་སྒྱུ་མ་དང་མཚུངས་པ་ཞིག་ལགས་ན་ནི་དེ་ལྟར་ན་ཉོན་མོངས་པ་གཞན་གྱི་རྒྱུ་བགྱིད་པར་འགྱུར་ རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྒྱུ་མ་ནི་ནོར་པའི་རྒྱུ་མ་ཡིན་ཏེ། གནས་ངན་ལེན་གྱི་ཉེས་པ་མི་སྐྱེད་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་སྒྱུ་མ་ནི་གནས་ངན་ལེན་གྱི་ཉེས་པ་མི་སྐྱེད་དེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་སྒྱུ་མ་ནི་གཞན་གྱི་རིག་ སྔགས་ཀྱི་མཐུ་ལས་འབྱུང་གི་རང་གི་རྣམ་པར་རྟོག་པའི་གནས་ངན་ལེན་གྱི་བག་ཆགས་ལས་སྐྱེས་པ་མ་ཡིན་པས་དེའི་ཕྱིར་ཉེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ནོར་པའི་སེམས་ཀྱི་མངོན་པར་ཞེན་པ་ཡིན་གྱི་འཕགས་པ་རྣམས་ནི་མ་ཡིན་ནོ། ། དེ་ནས་ བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། ། འཕགས་པས་ནོར་པ་མི་མཐོང་སྟེ། ། དབུས་ནའང་ཡང་དག་ཡོད་མ་ཡིན། ། གལ་ཏེ་དབུས་དེ་ཡང་དག་ན། ། ནོར་པའང་ཡང་དག་ཉིད་དུ་འགྱུར། ། ནོར་པ་ཐམས་ཅད་སྤངས་ནས་ཀྱང་། ། གལ་ཏེ་མཚན་མ་ཡང་སྐྱེད་ན། ། དེ་ཉིད་ཀྱང་ནི་ནོར་པ་སྟེ། །
BO
རབ་རིབ་ཡོངས་སུ་མ་དག་བཞིན། ། གཞན་ཡང་བློ་གྲོས་ཆེན་པོ་སྒྱུ་མ་མ་ཡིན་པ་ཆོས་དང་མཚུངས་པ་ཡོད་པ་མ་ཡིན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་ངོ་། ། བཅོམ་ལྡན་འདས་ལ་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ནི་སྒྱུ་མ་སྣ་ཚོགས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལགས་སམ། འོན་ཏེ་ཐ་དད་པའི་མཚན་ཉིད་ལ་མངོན་པར་ཞེན་པས་ལགས། གལ་ཏེ་སྒྱུ་མ་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པས་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུ་ལགས་ ན་ནི། བཅོམ་ལྡན་འདས་དངོས་པོ་རྣམས་སྒྱུ་མ་ལྟ་བུ་ལགས་པར་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུགས་སྣ་ཚོགས་ཀྱི་མཚན་ཉིད་ནི་རྒྱུ་མ་མཆིས་པ་མ་ལགས་ལ། བཅོམ་ལྡན་འདས་རྒྱུ་གང་ཡང་གཟུགས་སྣ་ཚོགས་ཀྱི་མཚན་ཉིད་སྒྱུ་མ་ལྟ་བུར་སྣང་བར་བགྱིད་པ་མ་མཆིས་ སོ། བཅོམ་ལྡན་འདས་དེའི་སླད་དུ་སྒྱུ་མ་སྣ་ཚོགས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་དང་ཆོས་འཐུན་པ་མ་མཆིས་པས་དངོས་པོ་རྣམས་སྒྱུ་མ་ལྟ་བུ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྒྱུ་མ་སྣ་ཚོགས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་དང་།
BO
ཆོས་ འཐུན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་མ་ཡིན་མོད་ཀྱི། འོན་ཀྱང་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་ཏེ། མྱུར་དུ་འཇིག་པ་གློག་དང་འདྲ་བས་ན་སྒྱུ་མ་ལྟ་བུ་ཞེས་བྱའོ། ། བློ་གྲོས་ཆེན་པོ་དཔེར་ན་གློག་འགྱུ་བ་སྐད་ཅིག་ཏུ་འབྱུང་ལ། བྱུང་ནས་འཇིག་པ་ནི་བྱིས་པ་སོ་སོའི་སྐྱེ་ བོ་རྣམས་ལ་མི་སྣང་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་གི་རྣམ་པར་རྟོག་པའི་རང་དང་སྤྱིའི་མཚན་ཉིད་ལ་དངོས་པོ་མེད་པར་རབ་ཏུ་རྣམ་པར་འབྱེད་པ་མེད་པ་དང་། གཟུགས་ཀྱི་མཚན་ཉིད་ལ་མངོན་པར་མ་ཆགས་པ་མེད་པ་ལས་སྣང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་ བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། ། སྒྱུ་མར་མེད་མིན་ཆོས་འཐུན་པས། ། དངོས་པོ་རྣམས་ནི་སྒྱུ་མར་བརྗོད། ། ཡང་དག་མ་ཡིན་གློག་འདྲ་བས། ། དེ་ཕྱིར་སྒྱུ་མ་ལྟ་བུར་བཤད། ། བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་གསོལ་པ། འདི་ལྟར་བཅོམ་ལྡན་འདས་ ཀྱིས་དངོས་པོ་ཐམས་ཅད་ནི་མ་སྐྱེས་པ་དང་། སྒྱུ་མ་ལྟ་བུ་ཞེས་གསུངས་པས། བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་བཀའ་སྩལ་པའི་ཚིག་སྔ་མ་དང་།
BO
སླད་མ་འགལ་བ་ནོངས་པར་མི་འགྱུར་རམ་ཅི་ན་དངོས་པོ་རྣམས་སྐྱེ་བ་མ་མཆིས་པ་དང་། སྒྱུ་མ་ལྟ་བུ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངས་དངོས་པོ་རྣམས་སྐྱེ་བ་མེད་པ་དང་། སྒྱུ་མ་ལྟ་བུར་བརྗོད་ཀྱང་ཚིག་སྔ་ཕྱི་འགལ་བའི་ཉེས་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྐྱེ་བ་རྣམས་སྐྱེ་བ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་དུ་རྟོགས་པ་དང་། ཕྱི་རོལ་ གྱི་དངོས་པོ་དང་དངོས་པོ་མེད་པ་ཡོད་པ་དང་མེད་པ་ལས་མི་སྐྱེ་བར་མཐོང་བས་ན། བློ་གྲོས་ཆེན་པོ་ངའི་ཚིག་སྔ་ཕྱི་འགལ་བའི་ཉེས་པར་མི་འགྱུར་ཏེ། འོན་ཀྱང་མུ་སྟེགས་ཅན་གྱི་རྒྱུ་ལས་སྐྱེ་བ་གཞིག་པའི་ཕྱིར་ངས་དངོས་པོ་ཐམས་ཅད་མ་སྐྱེས་པ་ཞེས་བཤད་དོ། ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་ གླེན་པའི་ཚོགས་མང་པོ་རྣམས་ནི་དངོས་པོ་རྣམས་ཡོད་པ་དང་། མེད་པ་ལས་སྐྱེ་བར་འདོད་དེ། རང་གི་རྣམ་པར་རྟོག་པ་སྣ་ཚོགས་ལ་མངོན་པར་ཞེན་པའི་རྐྱེན་གྱིས་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ང་ནི་ཡོད་ན་ཡང་མ་ཡིན། མེད་ན་ཡང་མི་སྐྱེ་སྟེ། དེའི་ཕྱིར་ང་ནི་སྐྱེ་བ་མེད་པའི་ཚིག་ཉིད་དུ་བརྗོད་ དེ།
BO
བློ་གྲོས་ཆེན་པོ་དངོས་པོར་བསྟན་པ་ནི་འཁོར་བར་ཡོངས་སུ་འཛིན་པའི་ཕྱིར་དང་། མེད་དོ་ཞེས་ཆད་པར་ལྟ་བ་རྣམ་པར་བཟློག་པའི་ཕྱིར་དང་། ངའི་སློབ་མ་རྣམས་ལས་སྣ་ཚོགས་ཀྱིས་སྐྱེ་བའི་གནས་ཡོངས་སུ་འཛིན་པར་བསྟན་པའི་ཕྱིར་དངོས་པོའི་སྒྲས་འཁོར་བ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་ བཤད་དོ། ། བློ་གྲོས་ཆེན་པོ་སྒྱུ་མ་ལྟ་བུའི་རང་བཞིན་དང་མཚན་ཉིད་བསྟན་པ་ནི་དངོས་པོའི་རང་བཞིན་དང་མཚན་ཉིད་ཡོངས་སུ་སྤང་བའི་ཕྱིར་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པའི་མཚན་ཉིད་དུ་ལྷུང་བའི་བསམ་པ་ཅན་རང་གི་སེམས་སྣང་བ་ཙམ་དུ་མ་གཏོགས་པས། རྒྱུ་དང་རྐྱེན་དང་བྱེད་པའི་ རང་གི་མཚན་ཉིད་དུ་མངོན་པར་ཞེན་པ་རྣམས་རྣམ་པར་གཞག་པའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་གྱི་རང་བཞིན་དང་མཚན་ཉིད་དུ་བསྟན་ཏོ། ། ཅི་ནས་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པའི་བསམ་པ་ཅན། བདག་དང་གཞན་དང་། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ། ཡང་དག་པ་ཇི་ ལྟ་བ་བཞིན་གྱི་གནས་སུ་མཐོང་བ་དག་ལོག་པར་སྨྲ་བར་མི་བྱ་བའི་ཕྱིར་ཏེ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ཀྱི་ཡང་དག་པར་གནས་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་འདི་ལྟ་སྟེ།
BO
རང་གི་སེམས་སྣང་བ་ཙམ་ལས་འདས་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་བསྟན་པའི་ཕྱིར་ཚིགས་སུ་ བཅད་པ་འདི་གསུངས་སོ། ། སྐྱེ་མེད་བྱེད་པ་དངོས་མ་ཡིན། ། དངོས་པོས་འཁོར་བ་ཀུན་སྡུད་དེ། ། སྒྱུ་མ་ལ་སོགས་འདྲ་མཐོང་ན། ། མཚན་ཉིད་ལ་ནི་རྣམ་མི་རྟོག ། གཞན་ཡང་བློ་གྲོས་ཆེན་པོ་མིང་དང་། ཚིག་དང་། ཡི་གེའི་ཚོགས་ཀྱི་མཚན་ཉིད་དུ་རབ་ཏུ་བཤད་པར་བྱ་སྟེ། མིང་དང་། ཚིག་ དང་། ཡི་གེའི་ཚོགས་རབ་ཏུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་དོན་དང་། ཚིག་དང་། ཡི་གེའི་ཚོགས་ཀྱི་རྗེས་སུ་ཞུགས་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ ཅན་ཐམས་ཅད་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱེད་དོ། ། བློ་གྲོས་ཆེན་པོ་དེ་ལ་མིང་གི་ཚོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། དངོས་པོ་གང་ལ་བརྟེན་ནས་མིང་དུ་གདགས་པ་ནི་མིང་གི་ཚོགས་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཚིག་གི་ཚོགས་ནི་འདི་ལྟ་སྟེ། ཚིག་གང་དོན་གྱི་ཚོགས་དང་ལྡན་པ་དང་། རང་གི་ངོ་བོ་ ཉིད་གདོན་མི་ཟ་བ་དང་། མཐར་ཐུག་པ་དེ་ནི་ཚིག་གི་ཚོགས་ཞེས་བྱའོ། །
BO
བློ་གྲོས་ཆེན་པོ་ཡི་གེའི་ཚོགས་ནི་འདི་ལྟ་སྟེ། གང་གིས་མིང་དང་ཚིག་གསལ་བར་བྱེད་པ་དེ་ནི་ཡི་གེའི་ཚོགས་ཞེས་བྱའོ། ། ཡང་ཡི་གེའི་ཚོགས་ནི་འདི་ལྟ་སྟེ། རིང་པོ་དང་། ཐུང་ངུ་དང་། མཐོ་བ་དང་། དམའ་བའོ། ། ཡང་ ཚིག་གི་ཚོགས་ནི་འགྲོ་བའི་རྗེས་ལྟ་བུ་སྟེ། འདི་ལྟར་གླང་པོ་ཆེ་དང་། རྟ་དང་། མི་དང་། {རི་དགས་,རི་དྭགས་}ལ་སོགས་པ་གང་ས་ལ་འགྲོ་བའི་རྗེས་རྣམས་ནི་ཚིག་གི་ཚོགས་ཞེས་བྱ་བའི་མིང་འཐོབ་བོ། ། བློ་གྲོས་ཆེན་པོ་མིང་དང་ཡི་གེ་ནི་འདི་ལྟ་སྟེ། མིང་གིས་ཕུང་པོ་གཟུགས་མེད་པ་བཞི་བརྗོད་པའི་ཕྱིར་རོ། ། རང་ གི་མཚན་ཉིད་སྣང་བར་བྱེད་པས་ནི་ཡི་གེ་སྟེ། དེ་ནི་མིང་དང་། ཡི་གེའི་ཚོགས་ཞེས་བྱའོ། ། འདི་ནི་མིང་དང་། ཚིག་དང་། ཡི་གེའི་ཚོགས་རྣམས་བརྗོད་པའི་མཚན་ཉིད་དེ། དེ་ལ་ཁྱོད་ཀྱིས་ནན་ཏན་དུ་བསླབ་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་ པ་འདི་གསུངས་སོ། ། མིང་དང་ཚིག་གི་ཚོགས་རྣམས་དང་། ། ཡི་གེའི་ཚོགས་ལ་བྱེ་བྲག་ཏུ། ། མི་ཤེས་བྱིས་པ་ཆགས་པ་ནི། ། ཇི་ལྟར་གླང་ཆེན་རྫབ་བྱིང་བཞིན། །
BO
གཞན་ཡང་བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་མཁས་པ་དག་གིས་གཅིག་པ་དང་། ཐ་དད་པ་དང་། གཉི་ ག་དང་། གཉི་ག་མ་ཡིན་པར་ལྟ་བའི་མཚན་ཉིད་ལས་རྣམ་པར་གྲོལ་བ། ངས་རྟོགས་པའི་དོན་རྣམས་མི་མཁས་པ་དེ་དག་ལ་དྲིས་པ་ན་དེ་དག་འདི་སྐད་དུ་འདི་ནི་ཚུལ་བཞིན་འདྲི་བ་མ་ཡིན་ནོ་ཞེས་ཟེར་ཞིང་འདི་ལྟ་སྟེ། གཟུགས་ལ་སོགས་པ་དང་། མི་རྟག་པ་གཅིག་གམ་ཐ་དད་ཅེས་བྱ་བ་དང་། དེ་བཞིན་ དུ་མྱ་ངན་ལས་འདས་པ་ལས་འདུ་བྱེད་དང་། མཚན་ཉིད་ལས་མཚན་ཉིད་ཀྱི་གཞི་དང་། ཡོན་ཏན་ལས་ཡོན་ཏན་ཅན་དང་། འབྱུང་བ་ལས་འབྱུང་བ་ལས་གྱུར་པ་དང་། མཐོང་བ་ལས་མཐོང་བར་བྱ་བ་དང་། རྡུལ་ལས་རྡུལ་ཕྲ་མོ་དང་། སྒྲུབ་པ་ལས་རྣལ་འབྱོར་པ་དང་། དེ་བཞིན་དུ་གཅིག་ལ་ གཅིག་ཕན་ཚུན་དཔག་པའི་མཚན་ཉིད་ཀྱི་ཚུལ་གྱིས་དེ་དག་ལ་སོགས་པ་དྲིས་པ་རྣམས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། ། ཞེས་ཟེར་རོ། དེ་ལ་གཞག་པའི་ལུང་བསྟན་པ་ནི་སྐྱེས་བུ་གཏི་མུག་ཅན་དེ་དག་གིས་ཤེས་པར་འགྱུར་བ་མ་ཡིན་ཏེ།
BO
འདི་ལྟར་ཉན་པའི་བློ་དང་མི་ལྡན་པའི་ཕྱིར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་དག་སྐྲག་པའི་གནས་སྤང་བའི་ཕྱིར་ལུང་མི་བསྟན་པ་རྣམས་ལུང་མི་སྟོན་ཏོ། ། གཞན་ཡང་མུ་སྟེགས་ཅན་གྱི་ལྟ་བར་སྨྲ་བ་གཞིག་པའི་ཕྱིར་མ་བཤད་དོ། ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་ནི་འདི་སྐད་དུ་སྨྲ་སྟེ། འདི་ལྟར་སྲོག་དེ་ཉིད་ནི་ལུས་ཡིན་ནོ་ ཞེས་བྱ་བ་ལ་སོགས་པ་ལུང་དུ་མི་སྟོན་པ་སྨྲ་བ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྒྱུ་ལ་རྣམ་པར་རྨོངས་པ་རྣམས་ནི་ལུང་མི་སྟོན་པ་སྨྲའི། དེའི་གསུང་རབ་ལ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ངའི་གསུང་རབ་ནི་གཟུང་བ་དང་། འཛིན་པ་རྣམ་པར་སྤངས་ཤིང་རྣམ་པར་རྟོག་པ་མི་སྐྱེ་བའོ། ། ཇི་ལྟར་དེ་དག་བཟློག་ ཅེ་ན། བློ་གྲོས་ཆེན་པོ་གང་གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་ཅིང་རང་གི་སེམས་སྣང་བ་ཙམ་དུ་མི་ཤེས་པ་དེ་དག་ལ་ནི་རྣམ་པར་བཟློག་པ་ཡོད་དོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ལུང་བསྟན་པ་རྣམ་པ་བཞིས་སེམས་ཅན་རྣམས་ ལ་ཆོས་སྟོན་ཏོ། །
BO
བློ་གྲོས་ཆེན་པོ་གཞག་པའི་ལུང་བསྟན་པ་དེ་ནི་ངས་སྐབས་སྐབས་སུ་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ལ་བཤད་པ་ཡིན་གྱི། དབང་པོ་ཡོངས་སུ་སྨིན་པ་ལ་ནི་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་བྱ་བའི་རྒྱུ་རྐྱེན་དང་བྲལ་བའི་ཕྱིར་མི་སྐྱེ་ལ། བྱེད་པ་མེད་པའི་ཕྱིར་ ཡང་ཆོས་ཐམས་ཅད་མི་སྐྱེའོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་ཞེ་ན། འདི་ལྟར་རང་གི་བློས་རྣམ་པར་དཔྱད་པའི་ཚེ་རང་དང་སྤྱིའི་མཚན་ཉིད་ཀྱི་དངོས་པོ་མི་དམིགས་པས་ན། དེའི་ཕྱིར་ཆོས་ཐམས་ཅད་མི་སྐྱེ་བར་བཤད་དོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་ཆོས་ཐམས་ཅད་ འོང་བ་དང་། འགྲོ་བ་མེད་པ་ཡིན་ཞེ་ན། འདི་ལྟར་རང་དང་སྤྱིའི་མཚན་ཉིད་བླང་བར་འདོད་ན་ཡང་འོང་བའི་གནས་མེད་ལ། དོར་བར་འདོད་ན་ཡང་འགྲོ་བའི་གནས་མེད་པས། དེའི་ཕྱིར་ཆོས་ཐམས་ཅད་འོང་བ་དང་། འགྲོ་བ་དང་བྲལ་བ་ཡིན་ནོ། ། བློ་གྲོས་ཆེན་པོ་ཅིའི་ཕྱིར་ཆོས་ཐམས་ཅད་མི་འགག་ པ་ཡིན་ཞེ་ན། འདི་ལྟར་དངོས་པོའི་རང་བཞིན་གྱི་མཚན་ཉིད་མེད་པའི་ཕྱིར་དང་། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཆོས་ཐམས་ཅད་མི་འགག་པ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་ཇི་ལྟར་ན་ཆོས་ཐམས་ཅད་མི་རྟག་པ་ཡིན་ཞེ་ན། འདི་ལྟ་སྟེ། མཚན་ཉིད་སྐྱེ་བ་མི་རྟག་པ་ཡོད་པས། དེའི་ཕྱིར་ཆོས་ ཐམས་ཅད་མི་རྟག་པ་ཞེས་བཤད་དོ། ། བློ་གྲོས་ཆེན་པོ་ཇི་ལྟར་ཆོས་ཐམས་ཅད་རྟག་པ་ཡིན་ཞེ་ན། འདི་ལྟ་སྟེ། མཚན་ཉིད་སྐྱེ་བ་མི་སྐྱེ་བའི་དངོས་པོ་མི་རྟག་པས་རྟག་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རྟག་པ་ཞེས་བཤད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ལུང་བསྟན་པ་ནི་རྣམ་བཞི་སྟེ། ། མགོ་གཅིག་དང་ནི་དྲི་བ་དང་། ། རྣམ་པར་དབྱེ་དང་གཞག་པ་རྣམས། ། མུ་སྟེགས་སྨྲ་བ་བཟློག་པའོ། ། ཡོད་དང་མེད་ལས་སྐྱེ་བར་ནི། ། གྲངས་ཅན་དང་ནི་ཁྱད་པར་ཤེས། ། ལུང་དུ་མི་སྟོན་ཐམས་ཅད་ ཀྱང་། ། དེ་དག་ཉིད་ཀྱིས་རབ་ཏུ་བསྟན། ། བློ་ཡིས་རྣམ་པར་གཞིགས་ན་ཡང་། ། རང་བཞིན་དག་ནི་མི་དམིགས་ཏེ། ། བརྗོད་པ་དག་དང་བྲལ་བའི་ཕྱིར། ། རང་བཞིན་བྲལ་བ་རབ་ཏུ་བསྟན། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །
BO
བཅོམ་ལྡན་འདས་རྒྱུན་དུ་ཞུགས་པ་རྣམས་ཀྱི་རྒྱུན་དུ་ཞུགས་པའི་འགྲོ་བ་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་བཤད་དུ་གསོལ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་རྒྱུན་དུ་ཞུགས་པ་རྣམས་ཀྱི་འགྲོ་བ་རབ་ཏུ་ དབྱེ་བའི་ཚུལ་གྱི་མཚན་ཉིད་ལ་མཁས་ན། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་འགྱུར་བའི་ཐབས་ཀྱི་མཚན་ཉིད་རྣམ་པར་དབྱེ་བ་རིག་ནས་སེམས་ཅན་རྣམས་ལ་དེ་ལྟ་དེ་ལྟ་བུར་ཆོས་བསྟན་པ་དང་། འདི་ལྟ་སྟེ། ཅི་ནས་བདག་མ་མཆིས་པ་ གཉིས་ཀྱི་མཚན་ཉིད་དང་། སྒྲིབ་པ་གཉིས་ཡོངས་སུ་སྦྱངས་ཏེ། ས་རྣམས་ཀྱི་སའི་མཚན་ཉིད་ལས་འདའ་བ་རྟོགས་པར་ཁོང་དུ་ཆུད་དེ། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་མཐར་ཐུག་པའི་སྤྱོད་ཡུལ་རབ་ཏུ་རྙེད་ནས། ཇི་ལྟར་གཟུགས་སྣ་ཚོགས་ཀྱི་ནོར་བུ་དང་འདྲ་ བར་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་ཕན་འདོགས་ཤིང་། ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་དང་། བསམ་པ་འཚལ་བའི་ལུས་དང་། ལོངས་སྤྱོད་ཀྱིས་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་པར་ཉོན་ལ་ཡིད་ ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །
BO
བཅོམ་ལྡན་འདས་ལ་བློ་གྲོས་ཆེན་པོས་གསོལ་པ། ལེགས་སོ་བཅོམ་ལྡན་འདས་དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་རྒྱུན་དུ་ཞུགས་པ་དག་ གིས་རྒྱུན་དུ་ཞུགས་པའི་འབྲས་བུ་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་ཡོད་དེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཐ་མ་དང་། བར་མ་དང་། མཆོག་གོ། ། དེ་ལ་ཐ་མ་ནི་དེ་ལྟར་ཐོག་མ་ན་ཚེའི་སྲིད་པ་བདུན་ནོ། ། བར་མ་ནི་སྲིད་པ་གསུམ་དང་ལྔས་ཡོངས་སུ་མྱ་ངན་ལས་འདའ་ བར་འགྱུར་བའོ། ། མཆོག་ནི་ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའོ། ། གསུམ་པོ་དེ་དག་ལ་ཀུན་དུ་སྦྱོར་བ་གསུམ་ཡོད་དེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དག་ཡིན་ནོ། དེ་ལ་ཀུན་དུ་སྦྱོར་བ་གསུམ་གང་ཞེ་ན། འདི་ལྟ་སྟེ། འཇིག་ཚོགས་ ལ་ལྟ་བ་དང་། ཐེ་ཙོམ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། ཀུན་དུ་སྦྱོར་བ་དེ་གསུམ་གྱི་བྱེ་བྲག་གིས་གོང་ནས་གོང་དུ་ཁྱད་པར་ཅན་དུ་གྱུར་ནས་དགྲ་བཅོམ་པའི་འབྲས་བུ་འཐོབ་པར་འགྱུར་རོ། ། བློ་གྲོས་ཆེན་པོ་འཇིག་ཚོགས་ལ་ལྟ་བ་ཡང་རྣམ་པ་ གཉིས་ཡོད་དེ། འདི་ལྟ་སྟེ། ལྷན་ཅིག་སྐྱེས་པ་དང་།
BO
ཀུན་དུ་བརྟགས་པ་ལྟར་གཞན་གྱི་དབང་ལ་ཀུན་བརྟགས་པའི་རང་བཞིན་གྱི་རྣམ་པར་རྟོག་པ་བཞིན་ནོ། ། དཔེར་ན་གཞན་གྱི་དབང་གི་རང་བཞིན་ལ་བརྟེན་ནས་ཀུན་ཏུ་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པ་སྣ་ ཚོགས་འབྱུང་སྟེ། དེ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། དེ་གཉི་ག་ཡང་མ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཕྱིར་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྣམ་པར་རྟོག་པས། སྣ་ཚོགས་ཀྱི་རང་བཞིན་གྱི་མཚན་ཉིད་ལ་མངོན་པར་ ཞེན་པ་ནི། དཔེར་ན་སྨིག་རྒྱུ་ལ་{རི་དགས་,རི་དྭགས་}སྐོམ་པ་རྣམས་ཀྱི་ཆུའི་འདུ་ཤེས་འབྱུང་བ་ལྟ་བུ་སྟེ། དེ་ནི་རྒྱུན་དུ་ཞུགས་པའི་ཀུན་དུ་བརྟགས་པའི་འཇིག་ཚོགས་ལ་ལྟ་བའོ། ། དེ་ཡང་གང་ཟག་ལ་བདག་མེད་པས་དངོས་པོ་མེད་པར་གཟུང་བའི་ཕྱིར་ཡུན་རིང་པོ་ནས་མི་ཤེས་པ་དང་། མངོན་པར་ཤེས་པ་རྣམས་སྤོང་བར་འགྱུར་རོ། བློ་གྲོས་ཆེན་པོ་ལྷན་ཅིག་སྐྱེས་པ་ནི་རྒྱུན་དུ་ཞུགས་པས་བདག་དང་། གཞན་གྱི་ལུས་མཉམ་པ་ཉིད་དུ་མཐོང་བ་དང་། ཕུང་པོ་བཞི་ལ་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་དང་། གཟུགས་སྐྱེ་བ་འབྱུང་བ་དང་། འབྱུང་བ་ལས་ གྱུར་པའི་ཕྱིར་དང་།
BO
ཕན་ཚུན་རྒྱུ་བའི་མཚན་ཉིད་ཀྱི་ཕྱིར་དང་། འབྱུང་བ་དང་། གཟུགས་རྣམས་བསགས་པ་མ་ཡིན་པའི་ཕྱིར་དང་། རྒྱུན་དུ་ཞུགས་པས་ཡོད་པ་དང་མེད་པའི་ཕྱོགས་བརྟགས་ན་མི་སྣང་བས་འཇིག་ཚོགས་ལ་ལྟ་བ་སྤངས་པར་འགྱུར་རོ། དེ་ལྟར་འཇིག་ ཚོགས་ལ་ལྟ་བ་སྤངས་པས་འདོད་ཆགས་མི་འབྱུང་སྟེ། འདི་ནི་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་ཐེ་ཙོམ་གྱི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐོབ་པ་ལེགས་པར་མཐོང་བའི་མཚན་ཉིད་ཀྱི་ཕྱིར་དང་། སྔ་མའི་འཇིག་ཚོགས་ལ་ལྟ་བ་རྣམ་པ་གཉིས་ཀྱི་རྣམ་ པར་རྟོག་པ་སྤངས་པའི་ཕྱིར་ཆོས་རྣམས་ལ་ཐེ་ཙོམ་མི་སྐྱེ་བས་གཞན་ལ་སྟོན་པའམ། དག་པའམ། མ་དག་པའི་ལྟ་བ་སྐྱེད་པར་མི་བྱེད་དེ། འདི་ནི་རྒྱུན་དུ་ཞུགས་པ་ཐེ་ཙོམ་སྤངས་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་ཅིའི་ཕྱིར་རྒྱུན་དུ་ཞུགས་པའི་ཚུལ་ ཁྲིམས་མི་སྙེམས་ཤེ་ན། འདི་ལྟ་སྟེ། སྐྱེ་བའི་གནས་ཀྱི་སྡུག་བསྔལ་གྱི་མཚན་ཉིད་རབ་ཏུ་མཐོང་བས་ན་དེའི་ཕྱིར་མི་སྙེམས་སོ། ། བློ་གྲོས་ཆེན་པོ་སྙེམས་པ་ནི་འདི་ལྟ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་དག་མི་འགྱུར་བར་དཀའ་ཐུབ་ལེན་ཅིང་སྦྱོར་བ་དག་གིས་ལོངས་སྤྱོད་དང་།
BO
བདེ་བ་འདོད་པའི་ཕྱིར་སྐྱེ་བ་གཉེར་བར་བྱེད་དོ། ། དེ་དེ་ལྟར་མི་སྙེམས་པ་ཡང་གཞན་དུ་ན་འདི་ལྟར་ཡོངས་སུ་སྔོ་བར་བྱེད་དེ། སོ་སོ་རང་གིས་རིག་པའི་ཁྱད་པར་རྣམ་པར་རྟོག་པ་དང་བྲལ་བ་ཟག་པ་མེད་པའི་ཆོས་ཀྱི་མཚན་ཉིད་ལ་རབ་ཏུ་སྦྱོར་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་ ཡང་དག་པར་ལེན་ཅིང་སྲུང་བར་བྱེད་དེ། འདི་ནི་རྒྱུན་དུ་ཞུགས་པའི་ཚུལ་ཁྲིམས་དང་། བརྟུལ་ཞུགས་སྤངས་པའི་མཚན་ཉིད་ཡིན་ནོ། ། རྒྱུན་དུ་ཞུགས་པས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་ལ་ནི་འདོད་ཆགས་དང་། གཏི་མུག་མི་འབྱུང་སྟེ། གལ་ཏེ་རྒྱུན་དུ་ཞུགས་པ་ འདི་སྙམ་དུ་ཀུན་དུ་སྦྱོར་བ་འདི་རྣམས་ནི་བདག་ལ་མངོན་པར་མ་གྲུབ་བོ་སྙམ་དུ་སེམས་པ་ནི་ཉེས་པ་རྣམས་གཉིས་ཡོད་པར་འགྱུར་ཏེ། འཇིག་ཚོགས་ལ་ལྟ་བར་སོང་བ་དང་། ཀུན་དུ་སྦྱོར་བ་རྣམས་མ་སྤངས་པའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་ འདས་ཀྱིས་ནི་འདོད་ཆགས་ཀྱི་རྣམ་པ་མང་དུ་གསུངས་ན། དེས་འདོད་ཆགས་གང་ཞིག་སྤངས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་བུད་མེད་ལ་སྲེད་ཅིང་འདོད་པ་དང་། མངོན་པར་ཆགས་ཤིང་ཞེན་པའི་ཐབས་རྣམ་པ་སྣ་ཚོགས་ལས་བྱུང་བ།
BO
ལུས་ དང་ངག་གི་ལས་ཁ་ན་མ་ཐོ་བ་དང་བཅས་པ་དེས་ད་ལྟར་གྱི་བདེ་བ་ལ་སྲེད་ཅིང་མ་འོངས་པ་ན་སྡུག་བསྔལ་སྐྱེ་བར་འགྱུར་བ་དེ་དག་དེ་ལ་མི་འབྱུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ཐོབ་པས་དེའི་ཕྱིར་དེ་སྤངས་པ་ཡིན་ཏེ། མྱ་ངན་ལས་འདས་པ་རྟོགས་པར་བྱ་བའི་འདོད་ ཆགས་སྤངས་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ལན་ཅིག་ཕྱིར་འོང་བའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་མཚན་ཉིད་ཅིག་སྣང་ཞིང་རྣམ་པར་རྟོག་པ་སྐྱེ་བའི་མཚན་ཉིད་དུ་མཐོང་བའི་མཚན་ཉིད་མི་སྐྱེ་བ་དང་། བསམ་གཏན་གྱི་མཚན་ཉིད་རབ་ཏུ་མཐོང་བའི་ཕྱིར་འཇིག་ རྟེན་འདིར་འོངས་ནས་ཅིག་ཅར་སྡུག་བསྔལ་མཐར་བྱས་ཏེ་མྱ་ངན་ལས་འདས་པ་འཐོབ་པར་བྱེད་པས་དེའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་ཕྱིར་མི་འོང་བ་ཡིན་ཞེ་ན། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ཀྱི་མཚན་ ཉིད་ཀྱི་དངོས་པོ་རྣམས་དངོས་པོ་མེད་པ་དང་། ལྟ་བའི་ཉེས་པ་སྐྱེས་པའི་ཉོན་མོངས་པའི་རྣམ་པར་རྟོག་པ་མི་སྐྱེ་བའི་ཕྱིར་དང་། ཀུན་དུ་སྦྱོར་བ་སྤངས་པའི་ཕྱིར་ཕྱིར་མི་འོང་བ་ཞེས་བྱའོ། །
BO
བློ་གྲོས་ཆེན་པོ་དགྲ་བཅོམ་པ་ནི་འདི་ལྟ་སྟེ། བསམ་གཏན་དང་། ཏིང་ངེ་འཛིན་དང་། རྣམ་ པར་ཐར་པ་དང་། སྟོབས་དང་། རིག་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་རྣམ་པར་རྟོག་པའི་དངོས་པོ་མེད་པས་དེའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ་རྣམ་པ་གསུམ་དུ་ བཀའ་སྩལ་ན། འདིར་དགྲ་བཅོམ་པ་གང་དག་ལ་བགྱི་བར་བཀའ་སྩལ། ཅི་བཅོམ་ལྡན་འདས་ཞི་བ་ཕྱོགས་གཅིག་པ་ཐེག་པ་གཅིག་གིས་ལམ་རབ་ཏུ་ཐོབ་པའམ། འོན་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ཀྱིས་དེ་ལྟར་སྟོན་པའི་དགྲ་བཅོམ་པའམ། དེ་སྟེ་ སངས་རྒྱས་ཀྱི་འཕྲུལ་པས་སྤྲུལ་པ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཞི་བ་ཕྱོགས་གཅིག་པ་ཐེག་པ་གཅིག་གི་ལམ་དུ་ཐོབ་པའི་ཉན་ཐོས་ཡིན་གྱི། གཞན་དག་ནི་མ་ཡིན་ནོ། གཞན་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། སངས་རྒྱས་ཀྱི་ འཕྲུལ་པས་སྤྲུལ་པ་རྣམས་ཏེ། ཐབས་ལ་མཁས་པ་དང་། སྔོན་གྱི་སྨོན་ལམ་གྱི་དབང་གིས་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་བ་སྟོན་ཏེ། སངས་རྒྱས་འཁོར་གྱི་དཀྱིལ་འཁོར་མཛེས་པར་བྱ་བའི་ཕྱིར་རོ།
BO
བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་འཇུག་པའི་གནས་སུ་རྣམ་པ་སྣ་ཚོགས་ཀྱི་ཆོས་ བསྟན་པ་ནི་འདི་ལྟ་སྟེ། འབྲས་བུ་འཐོབ་པར་བྱ་བ་དང་། བསམ་གཏན་འཐོབ་པར་བྱ་བའོ། ། དེ་ལ་བསམ་གཏན་ནི་བསམ་གཏན་ལ་ཞུགས་པ་ན། རབ་ཏུ་དབེན་པའི་ཕྱིར་དང་། རང་གི་སེམས་སྣང་བར་སྟོན་པས་འབྲས་བུ་འཐོབ་པའི་མཚན་ཉིད་ནི་འབྲས་ བུ་ཐོབ་པ་ཞེས་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་ཁམས་ལས་ཤིན་ཏུ་བཟླ་བར་འདོད་ན། རང་གི་སེམས་སྣང་བའི་མཚན་ཉིད་ལས་ལྡོག་པར་བྱའོ། ། བློ་གྲོས་ཆེན་པོ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་ འཇུག་པ་ནི་རང་གི་སེམས་སྣང་བ་ལས་འདས་ཞེས་བྱར་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། སེམས་སྣང་བ་ཡོད་པའི་ཕྱིར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བསམ་གཏན་རྣམས་དང་ཚད་མེད་བཞི། ། གཟུགས་ མེད་པ་ཡི་ཏིང་འཛིན་དང་། ། ཚོར་བ་འདུ་ཤེས་འགོག་པ་རྣམས། ། སེམས་ཙམ་ལ་ནི་དེ་ཡོད་མིན། ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ། ལན་ཅིག་ཕྱིར་འོང་ཕྱིར་མི་འོང་། ། དགྲ་བཅོམ་པ་ཡི་འབྲས་བུ་རྣམས། །
BO
དེ་དག་ཐམས་ཅད་སེམས་འཁྲུལ་པ། ། བསམ་གཏན་དང་ ནི་བསམ་གཏན་རྐྱེན། ། སྤོང་ཞེས་བདེན་པ་ཡང་དག་མཐོང་། ། དེ་དག་རྟོག་པ་ཙམ་ཡིན་པར། ། གང་གིས་རྟོགས་པ་དེ་འགྲོལ་ལོ། ། གཞན་ཡང་བློ་གྲོས་ཆེན་པོ་བློ་རྣམ་པ་གཉིས་ཡོད་དེ། འདི་ལྟ་སྟེ། རབ་ཏུ་རྣམ་པར་འབྱེད་པའི་བློ་དང་། རྣམ་པར་རྟོག་པའི་མཚན་ཉིད་ འཛིན་པ་ལ་མངོན་པར་ཞེན་པས་རྣམ་པར་གཞག་པའི་བློའོ། ། དེ་ལ་བློ་གྲོས་ཆེན་པོ་རབ་ཏུ་རྣམ་པར་འབྱེད་པའི་བློ་ནི་འདི་ལྟ་སྟེ། བློ་གང་གིས་དངོས་པོའི་རང་བཞིན་གྱི་མཚན་ཉིད་རབ་ཏུ་གཞིག་ན་མཐའ་བཞི་དང་བྲལ་བས་མི་དམིགས་པ་འདི་ནི་རབ་ཏུ་རྣམ་པར་འབྱེད་པའི་བློ་ ཞེས་བྱའོ། ། དེ་ལ་བློ་གྲོས་ཆེན་པོ་མཐའ་བཞི་ནི་འདི་ལྟ་སྟེ། ། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། ཡོད་པ་དང་མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པ་ནི་མཐའ་བཞི་ཞེས་ བཤད་དེ། བློ་གྲོས་ཆེན་པོ་མཐའ་བཞི་པོ་དེ་དག་དང་བྲལ་བ་ནི་ཆོས་ཐམས་ཅད་ཅེས་བྱའོ། ། བློ་གྲོས་ཆེན་པོ་མཐའ་བཞི་པོ་འདིས་ཆོས་ཐམས་ཅད་ཡོངས་སུ་བརྟགས་པ་ལ་རབ་ཏུ་བསླབ་པར་བྱའོ། །
BO
དེ་ལ་བློ་གྲོས་ཆེན་པོ་རྣམ་པར་རྟོག་པའི་མཚན་ཉིད་འཛིན་པ་ལ་མངོན་པར་ ཞེན་པས་རྣམ་པར་གཞག་པའི་བློ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རྟོག་པའི་མཚན་ཉིད་འཛིན་པ་ལ་མངོན་པར་ཞེན་པ་གང་གིས་སྲ་བ་དང་། གཤེར་བ་དང་། ཚ་བ་དང་། གཡོ་བ་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པའི་མཚན་ཉིད་འབྱུང་བ་ཆེན་པོ་རྣམས་སུ་དམ་འཆའ་ བ་དང་། རྒྱུ་མཚན་དང་། དཔེ་ལ་མངོན་པར་ཞེན་པས་ཡང་དག་པ་མ་ཡིན་པ་རྣམ་པར་གཞག་པས་རྣམ་པར་བཞག་པ་སྟེ། དེ་ནི་རྣམ་པར་རྟོག་པའི་མཚན་ཉིད་འཛིན་པ་ལ་མངོན་པར་ཞེན་པས་རྣམ་པར་གཞག་པའི་བློ་ཞེས་བྱ་སྟེ། དེ་ནི་བློ་རྣམ་པ་གཉིས་ཀྱི་མཚན་ཉིད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བློ་འདི་གཉིས་ཀྱི་མཚན་ཉིད་དང་ལྡན་ན་གང་ཟག་དང་ཆོས་བདག་མེད་པའི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་ཅིང་སྣང་བ་མེད་པའི་བློ་ལ་མཁས་པ་དང་། སྤྱོད་པའི་ས་ལ་སོ་སོར་རབ་ཏུ་རྟོག་པས་ས་དང་པོ་རབ་ཏུ་འཐོབ་སྟེ། ཏིང་ངེ་འཛིན་ བརྒྱ་ལ་སྙོམས་པར་འཇུག ། བྱེ་བྲག་མེད་པའི་ཏིང་ངེ་འཛིན་ཀྱང་རབ་ཏུ་འཐོབ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བརྒྱ་ཡང་མཐོང་། བསྐལ་པ་བརྒྱར་སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་དངོས་པོ་ལ་འཇུག །
BO
འོད་ཀྱིས་ཞིང་བརྒྱ་ཡང་སྣང་བར་བྱེད་དོ། ། གོང་ ནས་གོང་དུ་སའི་མཚན་ཉིད་ཤེས་ཏེ། སྨོན་ལམ་ཆེན་པོ་ཁྱད་པར་ཅན་གྱིས་རྣམ་པར་འཕྲུལ་པ་ལ་དབང་ཞིང་ཆོས་ཀྱི་སྤྲིན་གྱི་དབང་བསྐུར་བས་དབང་བསྐུར་ཏེ། དེ་བཞིན་གཤེགས་པའི་སོ་སོ་རང་གིས་ཐུགས་སུ་ཆུད་པའི་ས་ཐོབ་ནས་མཐར་ཐུག་པའི་གནས་བཅུ་དང་རབ་ཏུ་ ལྡན་པའི་ཆོས་སུ་འགྱུར་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྲུལ་པའི་འོད་ཟེར་སྣ་ཚོགས་ཀྱིས་རྣམ་པར་མཛེས་ཤིང་སོ་སོ་རང་གིས་རིག་པའི་བདེ་བས་མཉམ་པར་གཞག་པ་ཡང་ཐོབ་བོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འབྱུང་ བ་ཆེན་པོ་དང་། འབྱུང་བ་ལས་གྱུར་པ་ལ་མཁས་པར་བྱའོ། ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འབྱུང་བ་ཆེན་པོ་དང་། འབྱུང་བ་ལས་གྱུར་པ་ལ་མཁས་པ་ཡིན་ཞེ་ན། བློ་གྲོས་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཡང་དག་པར་ རབ་ཏུ་རྟོག་སྟེ། དེ་དོན་དམ་པའི་བདེན་པར་ནི་འབྱུང་བ་ཆེན་པོ་དག་སྐྱེ་བ་མེད་དོ། ། འབྱུང་བ་ཆེན་པོ་དག་ལ་སྐྱེ་བ་མེད་པར་དེ་ལྟར་རབ་ཏུ་རྟོག་པར་བྱེད་དེ། དེ་ལྟར་རབ་ཏུ་བརྟགས་ནས་མིང་དང་རྒྱུ་མཚན་རྣམས་ནི་རྣམ་པར་རྟོག་པ་ཙམ་དང་།
BO
རང་གི་སེམས་སྣང་བ་ཙམ་དང་། ཕྱི་ རོལ་གྱི་དངོས་པོ་རྣམས་དངོས་པོ་མེད་པར་རྟོགས་པ་ནི་རང་གི་སེམས་སྣང་བ་རྣམ་པར་རྟོག་པ་ཙམ་ཞེས་བྱའོ། ། འདི་ལྟ་སྟེ། ཁམས་གསུམ་པའི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དེ་དག་ལ་རབ་ཏུ་བརྟགས་ན། ངོ་བོ་ཉིད་ཀྱིས་མཐའ་བཞི་དང་བྲལ་བས་ཚུལ་རྣམ་པར་དག་པ་ བདག་དང་བདག་གི་དང་བྲལ་བ། ཡང་དག་པའི་མཚན་ཉིད་རང་གི་མཚན་ཉིད་ཀྱི་དབྱིབས་སུ་གནས་པ། མ་སྐྱེས་པའི་མཚན་ཉིད་དུ་འགྲུབ་པར་མཐོང་ངོ་། ། བློ་གྲོས་ཆེན་པོ་ཇི་ལྟར་ན་འབྱུང་བ་ཆེན་པོ་བཞི་པོ་དེ་དག་གིས་རྒྱུར་བྱས་པའི་གཟུགས་རྣམས་སྐྱེད་ཅེ་ན། འདི་ལྟ་སྟེ། གཤེར་ བར་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོས་ནི་ཕྱི་ནང་གི་ཆུའི་ཁམས་སྐྱེད་དོ། ། བྱ་བ་ནུས་པའི་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོས་ནི་ཕྱི་ནང་གི་མེའི་ཁམས་སྐྱེད་དོ། ། གཡོ་བར་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོས་ནི་ཕྱི་ནང་གི་རླུང་གི་ཁམས་སྐྱེད་དོ། ། གཟུགས་གཅད་དུ་རུང་བར་ རྣམ་པར་རྟོག་པའི་འབྱུང་བ་ཆེན་པོས་ནི་ཕྱི་ནང་གི་སའི་ཁམས་སྐྱེད་དོ། ། གཟུགས་དང་ནམ་མཁའ་གཉི་ག་ཡང་ལོག་པའི་བདེན་པ་ལ་མངོན་པར་ཞེན་པས་ཕུང་པོ་ལྔ་འདུས་པ་དང་། འབྱུང་བ་ཆེན་པོ་དང་།
BO
འབྱུང་བ་ལས་གྱུར་པ་སྐྱེའོ། ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་ནི་གནས་ རྣམ་པ་སྣ་ཚོགས་དང་། ཡུལ་ལ་མངོན་པར་ཆགས་པའི་རྒྱུས་འགྲོ་བ་གཞན་དུ་མཚམས་སྦྱོར་བར་འགྱུར་རོ། ། བློ་གྲོས་ཆེན་པོ་ས་ལ་སོགས་པ་ཆེན་པོ་བཞི་དང་། འབྱུང་བ་ལས་གྱུར་པ་རྣམས་ལ་ནི་འབྱུང་བ་ཆེན་པོ་བཞིའི་རྟེན་ཡོད་ཀྱི། འབྱུང་བ་ཆེན་པོ་བཞི་པོ་དག་གི་རྐྱེན་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དངོས་པོ་དང་། དབྱིབས་དང་། མཚན་ཉིད་དང་། གནས་དང་། བྱ་བ་དང་། སྦྱོར་བ་རྣམས་དངོས་པོ་མེད་པས་འབྱུང་བ་ཆེན་པོ་རྣམས་མི་སྐྱེའོ། ། བློ་གྲོས་ཆེན་པོ་དངོས་པོ་དང་། དབྱིབས་དང་། མཚན་ཉིད་དང་། གནས་དང་། བྱ་བ་དང་། སྦྱོར་བ་རྣམས་འདུས་པ་ལས་སྐྱེ་བས། དབྱིབས་མེད་པ་མ་ཡིན་ནོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་འབྱུང་བ་ཆེན་པོ་དང་། འབྱུང་བ་ལས་གྱུར་པའི་མཚན་ཉིད་ནི་མུ་སྟེགས་ཅན་རྣམས་ཀྱིས་རྣམ་པར་བརྟགས་པ་ཡིན་གྱི་ངས་ནི་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་ཕུང་པོ་རྣམས་ ཀྱི་རང་གི་ངོ་བོའི་མཚན་ཉིད་རབ་ཏུ་བསྟན་པར་བྱའོ། ། ཕུང་པོ་རྣམས་ཀྱི་རང་གི་ངོ་བོའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་རྣམས་སོ། །
BO
ཕུང་པོ་ལྔ་གང་ཞེ་ན་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ སོ། ། དེ་ལ་ཕུང་པོ་བཞི་རྣམས་ནི་གཟུགས་མེད་དེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སོ། ། བློ་གྲོས་ཆེན་པོ་གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ལས་གྱུར་པ་ཕན་ཚུན་དུ་མི་འཐུན་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་གཟུགས་ མེད་པ་ལ་བཞིར་བགྲང་དུ་མེད་དེ། ནམ་མཁའ་བཞིན་ནོ། དཔེར་ན་ནམ་མཁའ་ནི་གྲངས་ཀྱི་མཚན་ཉིད་ལས་འདས་ཏེ། བགྲང་བ་དང་བྲལ་མོད་ཀྱི། རྣམ་པར་རྟོག་པས་ནམ་མཁའ་ཞེས་བརྗོད་དོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་ཕུང་པོ་རྣམས་ཀྱང་གྲངས་ཀྱི་མཚན་ཉིད་ལས་འདས་ཏེ་བགྲང་ བ་དང་བྲལ་བས་དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་སྤངས་པ། མཐའ་བཞི་དང་བྲལ་བའོ། ། གྲངས་དང་། བགྲང་བའི་མཚན་ཉིད་ནི་བྱིས་པས་རབ་ཏུ་བརྗོད་པ་ཡིན་གྱི། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་འཕགས་པ་རྣམས་ཀྱིས་ནི་སྒྱུ་མ་ལྟ་བུར་ གཟུགས་རྣམ་པ་སྣ་ཚོགས་གཅིག་པ་དང་། ཐ་དད་པ་རྣམ་པར་སྤངས་པར་ཉེ་བར་འདོགས་སོ། ། ཡང་རྨི་ལམ་དང་།
BO
གཟུགས་བརྙན་གྱི་སྐྱེས་བུ་ལྟར་གཅིག་པ་དང་། ཐ་དད་པ་རྣམ་པར་སྤངས་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་འཕགས་པའི་ཡེ་ཤེས་ཀྱི་ཚུལ་ནི་ཕུང་པོ་དང་འདྲ་བར་ རྟོག་པས་སྣང་ངོ་། ། དེ་ནི་ཕུང་པོ་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་དེ། ཁྱོད་ཀྱིས་བཟློག་པར་བྱའོ། རྣམ་པར་བཟློག་ནས་རབ་ཏུ་དབེན་པའི་ཆོས་བསྟན་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མུ་སྟེགས་ཅན་གྱི་ལྟ་བ་རྣམས་བཟློག་པར་བྱའོ། ། བློ་གྲོས་ཆེན་པོ་རབ་ཏུ་དབེན་པའི་ཆོས་ བསྟན་པའི་ཚེ་ཆོས་བདག་མེད་པ་མཐོང་བ་རྣམ་པར་དག་པར་འགྱུར། མི་གཡོ་བའི་ས་ལ་ཡང་རབ་ཏུ་འཇུག་པར་འགྱུར་རོ། ། དེ་མི་གཡོ་བའི་སར་རབ་ཏུ་ཞུགས་ནས། ཏིང་ངེ་འཛིན་ཚད་མེད་པ་ལ་དབང་བྱེད་པར་འགྱུར་རོ། ། ཡིད་ཀྱི་ལུས་ཐོབ་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་འཐོབ་བོ། ། སྟོབས་དང་། མངོན་པར་ཤེས་པ་དང་། དབང་རྣམས་རྟོགས་པར་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་སྡུད་ཅིང་ཕན་འདོགས་པར་འགྱུར་རོ། ། དཔེར་ན་ས་ཆེན་པོ་ནི་སེམས་ཅན་རྣམས་འདེག་ཅིང་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་ཐམས་ཅད་ལ་ཕན་ འདོགས་པ་ཡིན་ནོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྣམས་ལ་མྱ་ངན་ལས་འདས་པ་རྣམ་པ་བཞི་ཡོད་དེ་བཞི་གང་ཞེ་ན། འདི་ལྟ་སྟེ། དངོས་པོའི་རང་བཞིན་དངོས་པོ་མེད་པའི་མྱ་ངན་ལས་འདས་པ་དང་མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་དངོས་པོ་མེད་པའི་མྱ་ངན་ལས་འདས་པ་དང་། རང་གི་མཚན་ ཉིད་ཀྱི་རང་བཞིན་དངོས་པོ་མེད་པར་རྟོགས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་རྒྱུད་ཀྱི་རྒྱུན་ཆད་པའི་མྱ་ངན་ལས་འདས་པའོ། ། དེ་དག་ནི་མུ་སྟེགས་ཅན་རྣམས་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ། ངའི་གསུང་རབ་ལ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ངའི་གསུང་ རབ་ལ་ནི་རྣམ་པར་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་ལ་ཟློག་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་བརྒྱད་དུ་རྣམ་པར་མ་གཞག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་གཞག་གོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་རྣམ་པར་བཞག་ན་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལོག་པས་བསལ། རྣམ་པར་ཤེས་པ་བདུན་རྣམས་ནི་མ་ལགས། བཅོམ་ལྡན་འདས་ཀྱིས་བློ་གྲོས་ཆེན་པོ་ལ་བཀའ་སྩལ་པ། དེ་དག་གི་རྒྱུ་དང་།
BO
དེ་དག་གིས་དམིགས་པ་རྐྱེན་ཡིན་པའི་ཕྱིར་ རྣམ་པར་ཤེས་པ་བདུན་རྣམས་འབྱུང་བར་མི་འགྱུར་རོ། ། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡུལ་རྣམས་བྱེ་བྲག་འབྱེད་ཅིང་མངོན་པར་ཞེན་པས་བག་ཆགས་རྣམས་བསྐྱེད་ནས་ཀུན་གཞི་རྣམ་པར་ཤེས་པ་རྒྱས་པར་བྱེད་དེ། ཡིད་དང་ལྷན་ཅིག་ཏུ་བདག་དང་བདག་གིས་འཛིན་པ་ལ་མངོན་པར་ཞེན་ཅིང་། ངར་སེམས་པའི་རྐྱེན་གྱིས་སྐྱེ་བས་ལུས་ཀྱི་མཚན་ཉིད་རྣམ་པར་མི་འཇིག་གོ། ། ཀུན་གཞི་རྣམ་པར་ཤེས་པའི་རྒྱུར་གྱུར་ཅིང་དེ་ལ་དམིགས་པ་རང་གི་སེམས་སྣང་བའི་ཡུལ་ལ་མངོན་པར་ཞེན་པས་སེམས་འདུས་པ་གཅིག་གི་རྒྱུར་གཅིག་འབྱུང་སྟེ། དཔེར་ན་རྒྱ་མཚོའི་རླབས་ལྟ་བུར་རང་གི་སྣང་བའི་སྤྱོད་ ཡུལ་གྱི་རླུང་གིས་བསྐྱོད་པས་འཇུག་ཅིང་ལྡོག་པ་ཡང་དེ་བཞིན་ཏེ། དེ་ལྟ་བས་ན་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པས་རྣམ་པར་ཤེས་པ་བདུན་རྣམས་ཀྱང་ལྡོག་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བྱ་བ་དང་ནི་ མཚན་ཉིད་དང་། ། དངོས་པོར་མྱ་ངན་ང་མི་འདའ། ། རྣམ་རྟོག་ཤེས་བྱ་རྣམ་ཤེས་ཏེ། ། བཟློག་པས་མྱ་ངན་ང་འདས་སོ། ། དེ་རྒྱུ་དེ་ལ་དམིགས་པ་སྟེ། །
BO
ཡིད་ཀྱིས་འགྲོ་སོགས་ལུས་མངོན་འགྲུབ། ། རྒྱུ་འབྱིན་དེ་ནི་སེམས་ཡིན་ཏེ། ། རྣམ་ཤེས་གནས་ནི་རབ་ཏུ་བྱེད། ། ཇི་ལྟར་ཆུ་ཆེན་ཟད་ནས་ནི། ། རླབས་རྣམས་རྒྱུན་དུ་མི་འབྱུང་ལྟར། ། དེ་བཞིན་ཡིད་ནི་འགག་པ་ན། ། རྣམ་ཤེས་སྣ་ཚོགས་སྐྱེ་མི་འགྱུར། ། གཞན་ཡང་བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བ་དང་། རྟོགས་པའི་ཚུལ་གྱི་མཚན་ཉིད་བཤད་པར་བྱ་སྟེ། ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བ་དང་། རྟོགས་ པའི་ཚུལ་གྱིས་མཚན་ཉིད་ལ་མཁས་པ་གང་གིས་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀུན་དུ་རྟོག་པ་སྤངས་ཤིང་འཕགས་པ་སོ་སོ་རང་གིས་རིག་པ་ལ་གནས་པ་དང་། མུ་སྟེགས་ཅན་གྱི་ཚུལ་རྟོགས་པ་དང་། ཤིན་ཏུ་མཐོང་བའི་བློས་གཟུང་བ་དང་། འཛིན་པའི་རྣམ་ པར་རྟོག་པ་སྤངས་ནས་གཞན་གྱི་དབང་གི་མཚན་ཉིད་སྣ་ཚོགས་ལ་ཀུན་བརྟགས་པའི་རང་བཞིན་གྱི་འདུ་བྱེད་དུ་རྟོག་པར་མི་འགྱུར་རོ། ། དེ་ལ་བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། བརྗོད་པའི་རྣམ་པར་རྟོག་པ་དང་། སྨྲ་བར་ བྱ་བའི་རྣམ་པར་རྟོག་པ་དང་། མཚན་ཉིད་ཀྱི་རྣམ་པར་རྟོག་པ་དང་།
BO
ནོར་གྱི་རྣམ་པར་རྟོག་པ་དང་། རང་བཞིན་གྱི་རྣམ་པར་རྟོག་པ་དང་། རྒྱུའི་རྣམ་པར་རྟོག་པ་དང་། ལྟ་བའི་རྣམ་པར་རྟོག་པ་དང་། རིགས་པའི་རྣམ་པར་རྟོག་པ་དང་། སྐྱེ་བར་རྣམ་པར་རྟོག་པ་དང་། མི་སྐྱེ་བར་རྣམ་པར་རྟོག་པ་དང་། འབྲེལ་བར་རྣམ་པར་རྟོག་པ་དང་། བཅིངས་པ་དང་མ་བཅིངས་པར་རྣམ་པར་རྟོག་པ་ཡིན་ཏེ། འདི་ནི་ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་དོ། ། དེ་ལ་བློ་གྲོས་ཆེན་པོ་བརྗོད་པའི་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། དབྱངས་དང་། གླུ་ སྙན་པ་སྣ་ཚོགས་ལ་མངོན་པར་ཞེན་པ་ཡིན་ཏེ། འདི་ནི་བརྗོད་པའི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་སྨྲ་བར་བྱ་བའི་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། གང་ཅི་ཡང་རུང་བ་སྨྲ་བར་བྱ་བའི་དངོས་པོའི་རང་བཞིན་འཕགས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་དེ་ལ་གནས་ནས་བརྗོད་པའི་རྣམ་པ་ འབྱུང་བ་དེ་ནི་སྨྲ་བར་བྱ་བའི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་མཚན་ཉིད་ཀྱི་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། སྨྲ་བར་བྱ་བའི་དངོས་པོ་དེ་དག་ཉིད་སྨིག་རྒྱུ་ལྟ་བུ་ལ་མཚན་ཉིད་སྣ་ཚོགས་སུ་མངོན་པར་ཞེན་པས་མངོན་པར་ཞེན་ཏེ། འདི་ལྟ་སྟེ།
BO
སྲ་བ་དང་། གཤེར་བ་དང་། ཚ་བ་དང་། གཡོ་བའི་མཚན་ཉིད་དུ་དངོས་པོ་ཐམས་ཅད་ལ་རྣམ་པར་རྟོག་པ་དེ་ནི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ནོར་གྱི་རྣམ་པར་རྟོག་པ་གང་ཞེ་ན། གསེར་དང་། དངུལ་དང་། ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལ་མངོན་པར་ཆགས་པ་དེ་ནི་ནོར་གྱི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་རང་ བཞིན་གྱི་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། དངོས་པོའི་ངོ་བོ་ཉིད་དུ་འཛིན་ཅིང་འདི་ནི་འདི་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་ལོག་པར་ལྟ་བའི་རྣམ་པར་རྟོག་པ་དང་། ཐ་མི་དད་པ་དེ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་རྒྱུའི་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་རྐྱེན་གང་གིས་ ཡོད་པ་དང་། མེད་པའི་རྣམ་པར་རྟོག་པའི་རྒྱུའི་མཚན་ཉིད་སྐྱེད་པ་དེ་ནི་རྒྱུའི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ལྟ་བའི་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཡོད་པ་དང་། མེད་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་།
BO
གཉི་ག་མ་ཡིན་པར་ལོག་པར་ལྟ་བའི་མུ་སྟེགས་ཅན་གྱི་རྣམ་ པར་རྟོག་པ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དེ་ནི་ལྟ་བའི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་རིགས་པའི་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། བདག་དང་བདག་གི་མཚན་ཉིད་རིགས་པས་བརྩད་དེ་སྨྲ་བ་ནི་རིགས་པའི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་སྐྱེ་བར་རྣམ་པར་རྟོག་པ་གང་ཞེ་ན། འདི་ ལྟ་སྟེ། རྐྱེན་རྣམས་ཀྱིས་ཡོད་པ་དང་། མེད་པའི་དངོས་པོ་སྐྱེ་བར་མངོན་པར་ཞེན་པ་དེ་ནི་སྐྱེ་བར་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་མི་སྐྱེ་བར་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྔ་ནས་སྐྱེ་བ་མེད་དེ། ས་བོན་མེད་པ་ལས་རྒྱུ་དང་རྐྱེན་གྱིས་རྒྱུ་མེད་པའི་ལུས་བསྐྱེད་པའོ། ། ཞེས་ འཛིན་པ་དེ་ནི་མི་སྐྱེ་བར་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་འབྲེལ་བའི་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། གསེར་དང་། སྐུད་པ་ཇི་ལྟ་བ་བཞིན་དུ་དེ་དང་ལྷན་ཅིག་པའི་མཚན་ཉིད་དུ་འབྲེལ་བ་དེ་ནི་འབྲེལ་བའི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་བཅིངས་པ་དང་། མ་བཅིངས་པའི་རྣམ་ པར་རྟོག་པ་གང་ཞེ་ན།
BO
འདི་ལྟ་སྟེ། འཆིང་བའི་རྒྱུ་དང་། བཅིང་བར་བྱ་བ་ལ་མངོན་པར་ཞེན་པ་སྟེ། ཇི་ལྟར་སྐྱེས་བུ་ཐམས་ཅད་དང་ལྡན་པས་ལག་པ་ལ་མདུད་པ་འདོར་བ་དང་འགྲོལ་བ་ལྟ་བུ་ནི་བཅིངས་པ་དང་། མ་བཅིངས་པའི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་རབ་ཏུ་ དབྱེ་བའི་ཚུལ་གྱི་མཚན་ཉིད་དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཡོད་པ་དང་མེད་པར་མངོན་པར་ཞེན་ཏོ། ། བློ་གྲོས་ཆེན་པོ་གཞན་གྱི་དབང་ལ་མངོན་པར་ཞེན་པས་མངོན་པར་ཞེན་པར་གྱུར་པ་དག་ཡོངས་སུ་བརྟགས་པའི་རང་བཞིན་སྣ་ཚོགས་ལ་མངོན་པར་ཞེན་པས་སྒྱུ་མ་བཞིན་དུ་ལུས་སྣ་ཚོགས་སྟོན་པ་ལ་བྱིས་པ་ རྣམས་ཀྱི་རྣམ་པར་རྟོག་པས་སྒྱུ་མ་ལས་གཞན་དུ་རྣམ་པ་སྣ་ཚོགས་སུ་མཐོང་སྟེ། བློ་གྲོས་ཆེན་པོ་སྒྱུ་མ་དང་སྣ་ཚོགས་ནི་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་ནོ། ། གལ་ཏེ་ཐ་དད་ན་ནི་སྒྱུ་མ་ནི་སྣ་ཚོགས་ཀྱི་རྒྱུ་མ་ཡིན་པར་འགྱུར་རོ། ། ཅི་སྟེ་ཐ་མི་དད་ན་ནི་སྒྱུ་མ་དང་སྣ་ཚོགས་བྱེ་བྲག་མེད་པར་འགྱུར་ཏེ། དེའི་བྱེ་བྲག་མཐོང་བས་ན་དེའི་ཕྱིར་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ནོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཁྱོད་དང་།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་སྒྱུ་མ་ལྟ་བུའི་གཞན་གྱི་དབང་དང་། ཀུན་བརྟགས་པའི་རང་བཞིན་ལ་ཐ་དད་པ་དང་། ཐ་དད་ པ་མ་ཡིན་པ་དང་། ཡོད་པ་དང་མེད་པར་མངོན་པར་ཞེན་པར་མི་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སེམས་ནི་ཡུལ་གྱིས་ཀུན་དུ་བཅིངས། ། རྟོག་པ་རིག་ལས་ཡེ་ཤེས་འཇུག ། སྣང་བ་མེད་དང་ཁྱད་ པར་ལས། ། ཤེས་རབ་མཉམ་པར་རབ་ཏུ་བསྐྱེད། ། བརྟགས་པའི་རང་བཞིན་གྱིས་ཡོད་དེ། ། གཞན་དབང་ལ་ནི་དེ་མེད་དོ། ། ཀུན་བརྟགས་དག་ནི་ནོར་པས་བསྡུས། ། གཞན་དབང་དེ་ནི་ཀུན་བརྟགས་མིན། ། ཡན་ལག་ཐ་དད་འབྱུང་བ་ཡང་། ། སྒྱུ་མ་ཇི་བཞིན་མི་འགྲུབ་སྟེ། ། དེ་ཡི་མཚན་མ་སྣ་ཚོགས་ ཡོད། ། ཀུན་བརྟགས་དེ་ནི་འགྲུབ་མི་འགྱུར། ། དེ་ཡི་མཚན་མ་གནས་ངན་ལེན། ། སེམས་ཀྱི་འཆིང་ལས་སྐྱེས་པ་སྟེ། ། རྣམ་རྟོག་ཤེས་པ་མེད་པ་རྣམས། ། གཞན་གྱི་དབང་ལས་རྣམ་པར་རྟོག ། བརྟགས་པའི་དངོས་པོ་འདི་དག་ནི། ། དེ་ཉིད་གཞན་གྱི་དབང་ཡིན་ཏེ། ། བརྟགས་པ་དག་ནི་སྣ་ཚོགས་ ཡོད། ། གཞན་གྱི་དབང་ལ་རྟོག་པར་བྱེད། ། ཀུན་རྫོབ་དང་ནི་དོན་དམ་སྟེ། །
BO
གསུམ་པ་རྒྱུ་ལས་སྐྱེ་བ་མེད། ། བརྟགས་པ་དག་ནི་ཀུན་རྫོབ་བཤད། ། དེ་འཆད་འཕགས་པའི་སྤྱོད་ཡུལ་ལོ། ། རྣལ་འབྱོར་ཅན་གྱི་དངོས་པོ་ལྟར། ། གཅིག་ལ་སྣ་ཚོགས་སྟོན་བྱེད་ཀྱང་། ། དེ་ལ་སྣ་ཚོགས་ཡོད་མ་ཡིན། ། ཀུན་བརྟགས་མཚན་ཉིད་དེ་བཞིན་ནོ། ། ཇི་ལྟར་རབ་རིབ་ཅན་དག་གི། ། རྣམ་རྟོག་སྣ་ཚོགས་གཟུགས་སུ་སྣང་། ། རབ་རིབ་གཟུགས་དང་གཟུགས་མིན་མེད། ། གཞན་དབང་མ་རྟོགས་དེ་བཞིན་ནོ། ། ཇི་ལྟར་གསེར་ནི་རབ་སྦྱངས་པ། ། དྲི་མ་དག་ནི་སྤངས་གྱུར་དང་། ། ནམ་མཁའ་དག་ནི་སྤྲིན་མེད་ལྟར། ། ཀུན་བརྟགས་པ་ཡང་དེ་བཞིན་ནོ། ། ཀུན་བརྟགས་པ་ཡི་དངོས་པོ་དང་། ། དེ་བཞིན་གཞན་དབང་ཡོད་མིན་ལ། ། སྒྲོ་འདོགས་སྐུར་པ་འདེབས་བྱེད་དེ། ། རྣམ་བརྟགས་དབང་གིས་འཇིག་པ་ཡིན། ། གལ་ཏེ་བརྟགས་པ་དངོས་མེད་ལ། ། གཞན་གྱི་དབང་ནི་ཡོད་གྱུར་ན། ། དངོས་མེད་དངོས་པོ་ཡོད་པས་ ན། ། དངོས་ཡོད་དངོས་པོ་མེད་ལས་འབྱུང་། ། ཀུན་བརྟགས་པ་ལ་བརྟེན་པའི་རྒྱུས། ། གཞན་དབང་དེ་ནི་ཉེ་བར་དམིགས། ། རྒྱུ་མཚན་མིང་དང་འབྲེལ་པ་ལས། ། ཀུན་བརྟགས་རྣམས་ནི་སྐྱེ་བར་འགྱུར། ། ཤིན་ཏུ་མ་གྲུབ་རྟོགས་པའི་ཚེ། ། ཀུན་བརྟགས་ལས་ནི་འདའ་བར་འགྱུར། །
BO
དེ་ནས་ ཡོངས་སུ་དག་རིག་པ། ། དེ་ནི་དོན་དམ་ཞེས་བྱའོ། ། ཀུན་བརྟགས་རྣམ་པ་བཅུ་གཉིས་ཏེ། ། གཞན་གྱི་དབང་ནི་རྣམ་པ་དྲུག ། སོ་སོ་རང་རིག་ཡེ་ཤེས་ཀྱིས། ། ཤེས་བྱ་དེ་ལ་བྱེ་བྲག་མེད། ། ཆོས་ལྔ་ཡང་དག་ཉིད་ཡིན་ཏེ། ། རང་བཞིན་ལ་ནི་རྣམ་གསུམ་ཡོད། ། རྣལ་འབྱོར་ཅན་གྱིས་དེ་བསྒོམས་ ན། ། དེ་བཞིན་ཉིད་ལས་མི་འདའོ། ། མཚན་མ་དག་དང་གཞན་གྱི་དབང་། ། མིང་དེས་ཀུན་དུ་བརྟགས་པ་སྐྱེད། ། ཀུན་བརྟགས་མཚན་མ་དེ་དག་ནི། ། གཞན་དབང་དེ་ལས་བྱུང་བའོ། ། བློ་ཡིས་སོ་སོར་རབ་བརྟགས་ན། ། གཞན་དབང་མེད་ཅིང་བརྟགས་པའང་མེད། ། ཡོངས་གྲུབ་ལ་ནི་དངོས་ མེད་ན། ། བློ་ཡིས་ཅི་ཞིག་རྣམ་པར་བརྟགས། ། ཀུན་བརྟགས་རང་བཞིན་དེ་དག་ལ། ། རང་བཞིན་གཉིས་ནི་རྣམ་པར་གཞག ། བརྟགས་པ་དག་ནི་སྣ་ཚོགས་སྣང་། ། རྣམ་དག་འཕགས་པའི་སྤྱོད་ཡུལ་ལོ། ། ཀུན་བརྟགས་རི་མོའི་རྣམ་པ་བཞིན། ། གཞན་གྱི་དབང་ལས་བརྟགས་པ་སྟེ། ། རྣམ་ པ་གཞན་དུ་བརྟགས་ན་ནི། ། མུ་སྟེགས་སྨྲ་ལ་གནས་པར་འགྱུར། ། རྟོགས་པས་བརྟགས་ཞེས་བརྗོད་པ་སྟེ། ། འདུས་ལས་སྐྱེ་བར་མཐོང་བའི་རྒྱུས། ། རྣམ་རྟོག་གཉིས་ལས་གྲོལ་བ་ནི། ། དེ་ཉིད་ཡོངས་སུ་གྲུབ་པ་ཡིན། །
BO
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་དང་། ཐེག་པ་གཅིག་གི་མཚན་ཉིད་བཤད་དུ་གསོལ། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མཚན་ཉིད་དང་། ཐེག་པ་གཅིག་རྟོགས་པའི་མཚན་ཉིད་ དེས་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མཚན་ཉིད་དང་། ཐེག་པ་གཅིག་ལ་མཁས་ཤིང་གཞན་གྱི་དྲིང་ལ་མི་འཇོག་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་འགྱུར་རོ། ། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་དེ་ལ་འཕགས་པ་སྔ་མ་རྣམས་ཀྱིས་ཁོང་དུ་ཆུད་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ། ཀུན་བརྟགས་པ་དངོས་པོ་མེད་པར་བསྟན་པ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་གཅིག་པུ་དབེན་པར་སོང་ནས།
BO
རང་གི་བློས་རྣམ་པ་དཔྱོད་པ། གཞན་གྱི་དྲིང་ལ་མི་འཇོག་ཅིང་ལྟ་བ་དང་། རྣམ་པར་རྟོག་པ་སྤངས་ཏེ། གོང་ནས་གོང་དུ་ཁྱད་པར་ཅན་དུ་གྱུར་ནས། དེ་བཞིན་གཤེགས་པའི་ས་ལ་རབ་ཏུ་འཇུག་པ་ནི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅེས་བྱའོ། ། དེ་ལ་བློ་གྲོས་ ཆེན་པོ་ཐེག་པ་གཅིག་གི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་གཅིག་གི་ལམ་རིག་པ་ནི་ངས་ཐེག་པ་གཅིག་ཅེས་བཤད་དོ། ། ཐེག་པ་གཅིག་གི་ལམ་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ། གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་གནས་ ལ་རྣམ་པར་རྟོག་པ་མི་སྐྱེ་བ་ནི་ཐེག་པ་གཅིག་ཁོང་དུ་ཆུད་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཐེག་པ་གཅིག་ཁོང་དུ་ཆུད་པ་འདི་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་གཞན་མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཚངས་པ་ལ་སོགས་པས་ཐོབ་པ་མ་ཡིན་ནོ། ། དེའི་ཕྱིར་ཐེག་པ་གཅིག་ཅེས་བྱའོ། ། བཅོམ་ལྡན་འདས་ལ་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཐེག་པ་གསུམ་དུ་བཀའ་སྩལ་ལ་ཐེག་པ་གཅིག་ཏུ་མ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་བདག་ཉིད་ཡོངས་སུ་མྱ་ ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཐེག་པ་གཅིག་ཏུ་མ་བཤད་དེ། འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་འདུལ་བ་དང་། རབ་ཏུ་དབེན་པའི་སྦྱོར་བས་རྣམ་པར་གྲོལ་ བ་འཐོབ་ཀྱི། བདག་ཉིད་ཀྱི་མཐུས་ནི་མ་ཡིན་པའི་ཕྱིར་ཐེག་པ་གཅིག་ཏུ་མ་བཤད་དོ། ། གཞན་ཡང་བློ་གྲོས་ཆེན་པོ་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཐེག་པ་གཅིག་ཏུ་མ་བཤད་དོ། ། ཆོས་ བདག་མེད་པར་མ་རྟོགས་ཤིང་དངོས་པོ་དང་བཅས་པའི་འཆི་འཕོ་མ་སྤངས་པའི་ཕྱིར་ཐེག་པ་གསུམ་དུ་བསྟན་ཏེ། བློ་གྲོས་ཆེན་པོ་དེ་དག་ན་མ་ཉེས་པའི་བག་ཆགས་ཐམས་ཅད་སྤངས་ཤིང་ཆོས་བདག་མེད་པར་རྟོགས་པ་དེ་ན་དེ་དག་ཉོན་མོངས་པའི་ཉེས་པ་ཐམས་ཅད་སྐྱེད་པའི་བག་ཆགས་སྤངས་ ཏེ། ཏིང་ངེ་འཛིན་གྱི་བདེ་བ་ལ་རོ་མྱོང་བའི་དངོས་པོ་མེད་པར་གྱུར་ནས་ཟག་པ་མེད་པའི་དབྱིངས་ལས་སད་དེ། སད་ནས་ཡང་འཇིག་རྟེན་ལས་འདས་པར་ཞུགས་ཏེ། གོང་ནས་གོང་དུ་ཟག་པ་མེད་པའི་དབྱིངས་སུ་ཚོགས་རྣམས་ཡོངས་སུ་བསྐངས་ནས།
BO
དེ་བཞིན་གཤེགས་པའི་ཆོས་ ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་བྱེད་པ་རབ་ཏུ་འཐོབ་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ལྷ་རྣམས་དང་ནི་ཚངས་པའི་ཐེག ། ཉན་ཐོས་རང་རྒྱལ་ཐེག་པ་དང་། ། དེ་བཞིན་གཤེགས་པ་རྣམས་ ཀྱི་ཐེག ། ང་ཡིས་ཐེག་པ་དེ་དག་ནི། ། ཇི་སྲིད་སེམས་རྣམས་འཇུག་པའི་བར། ། དེ་དག་མཐར་ཕྱིན་མིན་པར་བཤད། ། གལ་ཏེ་སེམས་དེ་ཟད་གྱུར་ན། ། ཐེག་པ་མེད་ཅིང་གདེག་པ་མེད། ། ཐེག་པ་རྣམ་པར་གཞག་མེད་པས། ། ཐེག་པ་གཅིག་ཏུ་ངས་བསྟན་ཏོ། ། སེམས་ ཅན་རྣམས་ནི་དྲང་བའི་ཕྱིར། ། ཐེག་པ་ཐ་དད་ངས་བཤད་དེ། ། རྣམ་པར་གྲོལ་བ་རྣམ་གསུམ་ཡོད། ། ཆོས་ལ་བདག་མེད་དེ་ཉིད་དང་། ། ཉོན་མོངས་ཤེས་རབ་ལ་སོགས་པས། ། རྣམ་པར་གྲོལ་ན་སྟོང་པར་འགྱུར། ། རྒྱ་མཚོ་ལ་ནི་ཤིང་འཕྱོ་བ། ། རྟག་ཏུ་རླབས་ཀྱིས་ གཡེང་བ་ལྟར། ། ཉན་ཐོས་རྨོངས་པའང་དེ་བཞིན་ཏེ། ། མཚན་ཉིད་རླུང་གིས་རྣམ་པར་གཡེངས། ། ཀུན་ནས་ལྡང་ལས་དེ་ལོག་ཀྱང་། ། ཉོན་མོངས་བག་ཆགས་གཞན་གྱིས་རྨོངས། ། ཏིང་ངེ་འཛིན་གྱི་བདེ་བས་མྱོས། ། ཟག་པ་མེད་པའི་དབྱིངས་ལ་གནས། །
BO
མཐར་ཕྱིན་ཚུལ་ནི་དེ་ལ་མེད། ། ཕྱིར་ཡང་དེ་ལས་མི་ལྡོག་སྟེ། ། ཏིང་འཛིན་རྣམས་ཀྱི་ལུས་ཐོབ་ནས། ། བསྐལ་པའི་བར་དུ་དེ་མི་སད། ། ཆང་གིས་མྱོས་པའི་སྐྱེས་བུ་དག ། མྱོས་བྱེད་ཟད་ནས་སངས་འགྱུར་ལྟར། ། དེ་དག་ཆོས་རྟོགས་དེ་བཞིན་ཏེ། ། བླ་མེད་སངས་རྒྱས་སྐུ་འཐོབ་འགྱུར། ། ། ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས། བམ་པོ་ལྔ་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཡིད་ལས་བྱུང་བའི་ལུས་ རབ་ཏུ་དབྱེ་བ་རྟོགས་པའི་མཚན་ཉིད་བསྟན་གྱིས་དེ་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། ལེགས་སོ་བཅོམ་ལྡན་འདས་དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཡིད་ལས་བྱུང་བའི་ལུས་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་ཞུགས་པའི་ཡིད་ལས་བྱུང་བའི་ལུས་དང་། ཆོས་ཀྱི་ངོ་བོ་ཉིད་ རྟོགས་པའི་ཡིད་ལས་བྱུང་བའི་ལུས་དང་།
BO
རིས་སུ་ལྷན་ཅིག་སྐྱེས་པ་མངོན་པར་འདུ་བྱ་བ་མེད་པས་ཡིད་ལས་བྱུང་བའི་ལུས་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ས་དང་པོ་ནས་གོང་ནས་གོང་དུ་སའི་མཚན་ཉིད་ཡོངས་སུ་ཤེས་པས་ལུས་རྣམ་པ་གསུམ་པོ་འཐོབ་པར་འགྱུར་རོ། ། དེ་ལ་བློ་གྲོས་ཆེན་པོ་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་ཞུགས་པའི་ཡིད་ལས་བྱུང་བའི་ལུས་གང་ཞེ་ན། འདི་ལྟ་སྟེ། ས་གསུམ་པ་དང་། བཞི་པ་དང་། ལྔ་པ་ལ་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་ཞུགས་པའི་ཕྱིར་རང་གི་སེམས་རྣམ་པ་མང་པོ་དབེན་པར་སྤྱོད་པས་ སེམས་ཀྱི་རྒྱ་མཚོ་ལ་གནས་ཏེ། རྣམ་པར་ཤེས་པའི་རླབས་ཀྱི་མཚན་ཉིད་མི་འབྱུང་བས་རང་གི་སེམས་སྣང་བའི་ཡུལ་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་ཡོངས་སུ་ཤེས་པ་ནི་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་ཞུགས་པའི་ཡིད་ལས་བྱུང་བའི་ལུས་ཞེས་བྱའོ། ། བློ་ གྲོས་ཆེན་པོ་ཆོས་ཀྱི་ངོ་བོ་ཉིད་རྟོགས་པའི་ཡིད་ལས་བྱུང་བའི་ལུས་གང་ཞེ་ན། འདི་ལྟ་སྟེ། ས་བརྒྱད་པ་ལ་སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ལ་སྣང་བ་མེད་པར་རྣམ་པར་ཁོང་དུ་ཆུད་པས་ལུས་དང་སེམས་གནས་ཤིན་ཏུ་གྱུར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་འཐོབ་ པ་དང་། གཞན་ཡང་ཏིང་ངེ་འཛིན་གྱི་སྒོ་དང་།
BO
མཚན་མ་དང་། སྟོབས་དང་། དབང་དང་། མངོན་པར་ཤེས་པ་དཔག་ཏུ་མེད་པ་འཐོབ་སྟེ། མེ་ཏོག་ལྟར་རྒྱས་ཤིང་ཡིད་བཞིན་དུ་མགྱོགས་པ་དང་། སྒྱུ་མ་དང་། རྨི་ལམ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུ་འབྱུང་བ་ ལས་གྱུར་པ་མ་ཡིན་ཡང་འབྱུང་བ་ལས་གྱུར་པ་དང་འདྲ་བ། གཟུགས་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱིས་ཡན་ལག་ཕུན་སུམ་ཚོགས་པར་བརྒྱན་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཁོར་གྱི་དཀྱིལ་འཁོར་གྱི་རྗེས་སུ་འཇུག་པ། ཆོས་ཀྱི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པའི་ ཕྱིར་དེ་ནི་ཆོས་ཀྱི་ངོ་བོ་ཉིད་རྟོགས་པ་ལས་བྱུང་བའི་ལུས་ཞེས་བྱའོ། ། བློ་གྲོས་ཆེན་པོ་དེ་ལ་རིས་སུ་ལྷན་ཅིག་སྐྱེས་པ་མངོན་པར་འདུ་བྱ་བ་མེད་པའི་ཡིད་ལས་བྱུང་བའི་ལུས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་ཤིང་རང་གིས་ཐོབ་པའི་བདེ་བའི་ མཚན་ཉིད་ལ་དམིགས་པ་དེ་ནི་རིས་སུ་ལྷན་ཅིག་སྐྱེས་པ་མངོན་པར་འདུ་བྱ་བ་མེད་པའི་ཡིད་ལས་བྱུང་བའི་ལུས་ཞེས་བྱ་སྟེ། བློ་གྲོས་ཆེན་པོ་ལུས་གསུམ་པོ་དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་རྟོགས་པ་འདི་ལ་རབ་ཏུ་བརྩོན་པར་བྱའོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ང་ཡིས་ཐེག་པ་ཐེག་ཆེན་མིན། ། བཤད་པ་མེད་ཅིང་ཡི་གེ་མེད། ། བདེན་པ་མ་ཡིན་རྣམ་གྲོལ་མིན། ། སྤྱོད་ཡུལ་མེད་པའང་མ་ཡིན་ཏེ། ། འོན་ཀྱང་ཐེག་ཆེན་ཐེག་པ་ནི། ། ཏིང་ངེ་ འཛིན་ལ་དབང་བྱེད་ཅིང་། ། ཡིད་ལས་བྱུང་ལུས་སྣ་ཚོགས་ལ། ། དབང་གི་མེ་ཏོག་དག་གིས་བརྒྱན། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཚམས་མེད་པ་ལྔའི་ལས་སྤྱོད་ཀྱང་མནར་མེད་པའི་དམྱལ་བར་ལྷུང་བར་མི་འགྱུར་བའི་ཕྱིར་དང་། སྤྲོ་བ་རབ་ཏུ་བསྐྱེད་པའི་ཕྱིར་བྱིན་གྱི་རླབས་ཀྱིས་སྤྲུལ་པ་དག་མངོན་པར་རྟོགས་པར་རབ་ཏུ་སྟོན་ཏོ། ། མཚམས་མེད་པའི་དངོས་པོ་ བྱས་པ་རྣམས་མངོན་པར་རྟོགས་པ་མི་འཐོབ་པར་གཅིག་ཏུ་ངེས་པ་ཡང་མེད་དེ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པ་དང་། ལུས་དང་ལོངས་སྤྱོད་དུ་རྣམ་པར་རྟོག་པ་དང་། བདག་དང་བདག་གིར་འཛིན་པ་དང་བྲལ་བ་དང་།
BO
གལ་ཏེ་བརྒྱ་ ལམ་ན་དགེ་བའི་བཤེས་གཉེན་དང་ཕྲད་ནས་འགྲོ་བ་གཞན་དུ་མཚམས་སྦྱོར་བའི་རྣམ་པར་རྟོག་པ་ལས་གྲོལ་བར་འགྱུར་བ་ནི་མ་གཏོགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འདོད་པའི་སྲིད་ པ་མ་ཞེས་བྱ། ། མ་རིག་པ་ནི་ཕ་ཡིན་ནོ། ། ཡུལ་རིག་རྣམ་ཤེས་སངས་རྒྱས་ཏེ། ། བག་ལ་ཉལ་ནི་དགྲ་བཅོམ་པ། ། ཕུང་པོ་འདུས་པ་དགེ་འདུན་ཡིན། ། མཚམས་མེད་རིམ་གྱིས་བཅད་པས་ན། ། དེ་ན་མཚམས་མེད་ལྔ་ཡིན་ཏེ། ། མནར་མེད་དམྱལ་བར་ལྟུང་མི་ འགྱུར། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱི་སངས་རྒྱས་པ་ཉིད་བདག་ལ་བཀའ་སྩལ་དུ་གསོལ། ། བཅོམ་ལྡན་འདས་ཇི་ལྟར་ན་སངས་རྒྱས་རྣམས་ཀྱི་སངས་རྒྱས་ པ་ཉིད་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་དང་། སྒྲིབ་པ་གཉིས་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་པ་དང་། ཤི་འཕོ་རྣམ་པ་གཉིས་དང་བྲལ་བ་དང་། ཉོན་མོངས་པ་རྣམ་པ་གཉི་ག་ སྤངས་པ་དེ་ནི་སངས་རྒྱས་རྣམས་ཀྱི་སངས་རྒྱས་པ་ཉིད་ཅེས་བྱའོ། །
BO
བློ་གྲོས་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཆོས་དེ་དག་ཉིད་ཁོང་དུ་ཆུད་ན་དེ་ཡང་སངས་རྒྱས་པ་ཉིད་ཅེས་བྱ་སྟེ། དེས་ན་དེའི་ཕྱིར་ངས་ཐེག་པ་གཅིག་ཏུ་བཤད་དོ། ། དེ་ནས་བཅོམ་ལྡན་ འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། ། བདག་མེད་རྣམ་གཉིས་མཁས་པ་དང་། ། སྒྲིབ་གཉིས་ཉོན་མོངས་རབ་སྤངས་དང་། ། ཤི་འཕོ་གཉིས་དང་གཏན་བྲལ་བ། ། དེ་ནི་སངས་རྒྱས་ཉིད་ཅེས་བྱ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་བློ་ གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ནང་དུ་འདི་སྐད་ཅེས་ང་ནི་གང་འདས་པའི་སངས་རྒྱས་ཐམས་ཅད་ཉིད་དོ། ། སྐྱེས་པའི་རབས་སྣ་ཚོགས་སུ་ཡང་ང་ཉིད་དེའི་ཚེ་འཁོར་ལོས་སྒྱུར་བའི་ རྒྱལ་པོ་སྤྱི་བོ་སྐྱེས་དང་། གླང་པོ་ཆེ་སོ་དྲུག་པ་དང་། ནེ་ཙོ་དང་། དབང་པོ་དང་། དྲང་སྲོང་མིག་{བཟངས་,བཟང་}ལ་སོགས་པའོ་ཞེས་སྐྱེས་པའི་རབས་བརྒྱ་སྟོང་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་མཚུངས་པ་རྣམ་པ་བཞིའི་ཕྱིར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཁོར་གྱི་ནང་དུ་འདི་སྐད་ཅེས་ང་ཉིད་དེའི་ཚེ་དེའི་དུས་ན་སངས་རྒྱས་འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་དུ་གྱུར་ཏོ་ཞེས་གསུང་ངོ་། ། མཚུངས་པ་རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ཡི་གེ་མཚུངས་པ་དང་། གསུང་མཚུངས་པ་དང་། ཆོས་མཚུངས་པ་དང་། སྐུ་མཚུངས་པ་ནི་མཚུངས་པ་རྣམ་པ་བཞི་ཞེས་བྱ་སྟེ། འདི་ལྟར་མཚུངས་པ་རྣམ་པ་འདི་བཞིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་སྐད་དུ་ གསུངས་ཏེ། དེ་ལ་ཡི་གེ་མཚུངས་པ་གང་ཞེ་ན། ཡི་གེ་གང་གིས་ངའི་མིང་སངས་རྒྱས་ཞེས་བརྗོད་པའི་ཡི་གེ་དེས་སངས་རྒྱས་ཐམས་ཅད་ཀྱང་བརྗོད་པས། ཡི་གེ་དེ་དག་གི་རང་བཞིན་བྱེ་བྲག་མེད་པས་ན་དེ་ནི་ཡི་གེ་མཚུངས་པ་ཞེས་བྱའོ། ། དེ་ལ་གསུང་མཚུངས་ པ་གང་ཞེ་ན་འདི་ལྟ་སྟེ། ངའི་གསུང་རྣམ་པ་དྲུག་ཅུ་རྩ་བཞི་ཚངས་པའི་སྒྲ་སྐད་ཀྱི་དབྱངས་ཀྱི་མཚན་ཉིད་དུ་འབྱུང་ངོ་། །
BO
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་གསུང་ཡང་དེ་བཞིན་དུ་རྣམ་པ་དྲུག་ཅུ་རྩ་བཞི་ཚངས་པའི་ སྒྲ་སྐད་ཀྱི་དབྱངས་ཀྱི་མཚན་ཉིད་དུ་འབྱུང་སྟེ། ཀ་ལ་པིང་ཀ་དང་། ཚངས་པའི་སྒྲ་སྐད་ཀྱི་དབྱངས་ཀྱི་རང་བཞིན་དུ་བྱེ་བྲག་མེད་ཅིང་ལྷག་ཆད་མེད་དོ། ། དེ་ལ་སྐུ་མཚུངས་པ་གང་ཞེ་ན། འདི་ལྟ་སྟེ། ང་དང་སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་སྐུ་དང་། གཟུགས་དང་། མཚན་ དང་། དཔེ་བྱད་བཟང་པོའི་སྐུར་མཚུངས་ཤིང་བྱེ་བྲག་མེད་དེ། འགྲོ་བའི་བྱེ་བྲག་སེམས་ཅན་དེ་དང་དེ་དག་གདུལ་བའི་ཕྱིར་གཟུགས་ཐ་དད་པ་སྣ་ཚོགས་སྟོན་པ་ནི་མ་གཏོགས་ཏེ། དེ་ནི་སྐུ་མཚུངས་པ་ཞེས་བྱའོ། ། དེ་ལ་ཆོས་མཚུངས་པ་གང་ཞེ་ན། འདི་ལྟ་སྟེ། ང་དང་སངས་རྒྱས་དེ་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐུགས་སུ་ཆུད་དེ། སངས་རྒྱས་ཀྱི་ཆོས་རྣམས་དང་། སྒྲིབ་པ་མེད་པའི་ཡེ་ཤེས་མདོར་བསྡུས་ཏེ་བསྟན་པ་དེ་ནི་མཚུངས་པ་རྣམ་པ་བཞི་ཞེས་བྱ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཁོར་གྱི་ནང་དུ་དེ་སྐད་ཅེས་གསུང་ངོ་། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། ། འོད་སྲུང་དང་ནི་འཁོར་བ་འཇིག ། གསེར་ཐུབ་ཀྱང་ནི་ ང་ཡིན་ཞེས། ། མཚུངས་པ་བཞི་ནི་མཉམ་གྱུར་པས། ། རྒྱལ་བའི་སྲས་ལ་ངས་བཤད་དོ། ། བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་གསོལ་པ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ང་ནི་གང་གི་ནུབ་མོ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་གང་གི་ནུབ་མོ་ཡོངས་ སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་ཡི་གེ་གཅིག་ཀྱང་མ་བཤད། མི་འཆད་འཆད་པར་མི་འགྱུར་ཏེ། བཤད་པ་མེད་པ་ནི་སངས་རྒྱས་ཀྱིས་བཤད་པའོ་ཞེས་གསུངས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཅིའི་རྒྱུས་བཤད་པ་མེད་པ་ནི་སངས་རྒྱས་ཀྱིས་བཤད་པའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངས་ཆོས་རྣམ་པ་གཉིས་ལ་དགོངས་ནས་དེ་སྐད་ཅེས་སྨྲས་སོ། ། ཆོས་གཉིས་གང་ཞེ་ན། འདི་ལྟ་སྟེ། རང་གིས་མངོན་པར་རྟོགས་པའི་ཆོས་དང་། ངོ་བོ་ཉིད་ཀྱིས་གནས་པའི་ཆོས་ཏེ། འདི་ནི་ཆོས་གཉིས་ཞེས་བྱའོ། ། ཆོས་གཉིས་པོ་དེ་ལས་དགོངས་ནས་དེའི་ཕྱིར་ངས་དེ་སྐད་ཅེས་བཤད་དོ། །
BO
དེ་ལ་རང་གིས་མངོན་པར་རྟོགས་པའི་ཆོས་གང་ཞེ་ན། དེ་བཞིན་གཤེགས་ པ་དེ་དག་གི་གང་ཐུགས་སུ་ཆུད་པ་དེ་བཞིན་དུ་ངས་ཀྱང་རང་གིས་མངོན་པར་རྟོགས་པའི་ཆོས་མཐར་ཕྱིན་པའི་སྤྱོད་ཡུལ་ཚིག་གི་རྣམ་པར་རྟོག་པ་དང་བྲལ་བ། ཡི་གེའི་ཚུལ་རྣམ་པ་གཉིས་ལས་རྣམ་པར་གྲོལ་བ། ལྷག་ཆད་མེད་པར་ཐུགས་སུ་ཆུད་པའོ། ། དེ་ལ་ ངོ་བོ་ཉིད་ཀྱིས་གནས་པའི་ཆོས་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་འཕགས་པའི་ལམ་རྙིང་པ་གསེར་དང་། དངུལ་ལ་སོགས་པའི་ངོ་བོ་ཉིད་བཞིན་དུ་ཆོས་ཀྱི་དབྱིངས་རྟག་པར་གནས་པ་ཡང་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་ བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་རྟག་པར་གནས་པ་ནི་ཇི་ལྟར་གྲོང་ཁྱེར་དེ་དག་དུ་འགྲོ་བའི་ལམ་བཞིན་དུ་འདུག་པའོ། ། བློ་གྲོས་ཆེན་པོ་དཔེར་ན། སྐྱེས་བུ་ལ་ལ་ཞིག་འབྲོག་དགོན་པ་ན་འཁྱམ་པ་ལས་གྲོང་ཁྱེར་རྙིང་པར་འགྲོ་བའི་ལམ་མཉམ་ཞིང་མ་གོལ་བ་ཞིག་ མཐོང་ནས། གྲོང་ཁྱེར་དེར་ཞུགས་ཏེ་ཡིད་བཞིན་གྱི་བདེ་བ་རྗེས་སུ་མྱོང་ན་བློ་གྲོས་ཆེན་པོ་དེ་ཇི་སྙམ་དུ་སེམས། ལམ་དེ་དང་། གྲོང་ཁྱེར་ན་ཡོད་པའི་བདེ་བ་སྣ་ཚོགས་དེ་དག་དེས་བྱས་པ་ཡིན་ནམ། གསོལ་པ། དེ་མ་ལགས་སོ། །
BO
བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བློ་གྲོས་ཆེན་པོ་ང་དང་འདས་པའི་དེ་བཞིན་གཤེགས་པ་དག་གིས་ཐུགས་སུ་ཆུད་པའི་ཆོས་ཀྱི་དབྱིངས་མི་འགྱུར་བར་གནས་པ་ཡང་དེ་བཞིན་ཏེ། དེས་ན་དེའི་ཕྱིར་ངས་འདི་སྐད་དུ་གང་གི་ནུབ་མོ་ངས་མངོན་པར་རྫོགས་པར་སངས་རྒྱས་པ་ནས་གང་གི་ནུབ་ མོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་ཡི་གེ་གཅིག་ཀྱང་མ་བཤད། མི་འཆད་འཆད་པར་མི་འགྱུར་རོ། ། ཞེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གང་གི་ནུབ་མོ་ མངོན་སངས་རྒྱས། ། གང་གི་ནུབ་མོ་མྱ་ངན་འདས། ། དེ་དག་གཉིས་ཀྱི་བར་དུ་ཡང་། ། ང་ཡིས་ཅུང་ཟད་བཤད་པ་མེད། ། རང་གིས་མངོན་རྟོགས་ཆོས་གནས་པས། ། དེ་ཕྱིར་ངས་ནི་འདི་སྐད་བཤད། ། ང་དང་སངས་རྒྱས་དེ་དག་ལ། ། བྱེ་བྲག་གྱུར་པ་ཅི་ཡང་མེད། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཆིས་པ་དང་། མ་མཆིས་པའི་མཚན་ཉིད་བཤད་དུ་གསོལ། །
BO
དེས་ན་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གཞན་རྣམས་མཆིས་པ་དང་མ་མཆིས་པ་སྤངས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འཇིག་རྟེན་འདི་དག་ནི་གཉིས་ལ་གནས་སོ། ། འདི་ལྟ་སྟེ། ཡོད་པ་ ལ་གནས་པ་དང་། དངོས་པོ་རྣམས་དངོས་པོ་མེད་པ་ལ་མོས་པའི་ལྟ་བར་ལྟུང་བ་སྟེ། འབྱུང་བ་མ་ཡིན་པ་ལ་འབྱུང་བར་འདུ་ཤེས་པའོ། ། དེ་ལ་བློ་གྲོས་ཆེན་པོ་ཇི་ལྟར་ན་འཇིག་རྟེན་པ་དག་ཡོད་པ་ལ་གནས་པ་ཡིན་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་ནི་རྒྱུ་དང་རྐྱེན་རྣམས་ཡོད་ ན་སྐྱེའི་མེད་པ་ལས་མ་ཡིན་པས། ཡོད་པ་ལས་སྐྱེ་སྟེ། མེད་པ་ལས་སྐྱེ་བ་ནི་མ་ཡིན་ནོ་ཞེས་བློ་གྲོས་ཆེན་པོ་དེས་དེ་སྐད་དུ་སྨྲ་ན། འཇིག་རྟེན་རྒྱུ་མེད་པར་སྨྲ་བ་ཡིན་ནོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་འཇིག་རྟེན་མེད་པ་ལས་གནས་པ་ཡིན་ཞེ་ན།
BO
འདི་ལྟ་སྟེ། འདོད་ཆགས་ དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོར་ཁས་བླང་བ་བྱས་ལ། དེའི་འོག་ཏུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོ་མེད་པར་རྣམ་པར་རྟོག་ཅིང་མངོན་པར་ཞེན་པའོ། ། བློ་གྲོས་ཆེན་པོ་དངོས་པོ་ཡོད་པར་ཁས་མི་ལེན་པ་ནི་དངོས་པོའི་མཚན་ཉིད་རབ་ ཏུ་དབེན་པའི་ཕྱིར་འདི་ལྟར་དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོ་ལ་ཡོད་ཅེས་བྱ་བ་དང་། མེད་ཅེས་བྱ་བར་ཁས་ལེན་པར་མི་བྱེད་དོ། ། བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་རྣམ་པར་ འཇིག་པར་བྱེད་པ་ཡིན། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་གང་དེས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོ་ཁས་བླངས་ལ་སླད་ཀྱིས་ནི་ཁས་མི་ལེན་པ་དག་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ། གང་ཁྱོད་ཀྱིས་དེ་ལྟར་གོ་བ་ནི་ལེགས་སོ། ། བློ་གྲོས་ཆེན་པོ་དེ་ནི་འདོད་ཆགས་དང་། ཞེ་སྡང་དང་།
BO
གཏི་མུག་གི་དངོས་པོ་དངོས་པོ་མེད་པ་འབའ་ཞིག་རྣམ་པར་འཇིག་པར་བྱེད་པ་མ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ རྣམས་ཀྱང་རྣམ་པར་འཇིག་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ནང་དང་ཕྱི་རོལ་མི་དམིགས་པའི་ཕྱིར་དང་ཉོན་མོངས་པ་རྣམས་ཐ་དད་པ་དང་། ཐ་དད་པ་མ་ཡིན་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ནི་ ནང་དང་ཕྱི་རོལ་ན་ཡང་མི་དམིགས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོ་ལུས་མེད་པའི་ཕྱིར་དང་། ཁས་ལེན་པ་མེད་པའི་ཕྱིར་རོ། ། སངས་རྒྱས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་རྣམ་པར་འཇིག་པར་བྱེད་པ་མ་ཡིན་ཏེ། སངས་རྒྱས་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་ནི་རང་བཞིན་གྱིས་རྣམ་པར་གྲོལ་བའི་ཕྱིར་དང་། འཆིང་བ་དང་བཅིང་བའི་རྒྱུ་དངོས་པོ་མེད་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་བཅིང་བར་བྱ་བ་ཡོད་ན་བཅིང་བ་ཡང་ཡོད་དེ། བཅིང་བའི་རྒྱུ་ཡིན་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་དེ་སྐད་དུ་རྣམ་པར་འཇིག་པར་བྱེད་པ་སྨྲ་བ་འདི་ཡང་མེད་པའི་མཚན་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་ངས་དེ་ལ་དགོངས་ནས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ཡོད་པ་ནི་བླའི།
BO
མངོན་པའི་ང་རྒྱལ་ཅན་གྱི་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ་ཞེས་བཤད་དེ། བློ་གྲོས་ཆེན་པོ་མེད་པའི་མངོན་པའི་ང་རྒྱལ་ཅན་ནི་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། ། རང་དང་སྤྱིའི་མཚན་ཉིད་དུ་ལྟུང་བའི་བསམ་པ་ཅན་དག་རང་གི་སེམས་སྣང་བ་ཙམ་དུ་མི་ཤེས་པས་ཕྱི་རོལ་གྱི་དངོས་པོ་རྣམས་མི་རྟག་ཅིང་སྐད་ཅིག་མ་གཅིག་ནས་གཅིག་ཏུ་རྣམ་པར་ འཇིག་པར་མཐོང་ནས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་རྒྱུན་མི་འཆད་ཅིང་རྣམ་པར་འགྱུར་བ་དང་། ཡི་གེའི་མཚན་ཉིད་དང་བྲལ་བར་རྣམ་པར་རྟོག་ན་ཡང་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ཡོད་དང་མེད་པ་མཐའ་གཉིས་ཏེ། ། ཅི་ཙམ་སེམས་ཀྱི་སྤྱོད་ཡུལ་རྣམས། ། སྤྱོད་ཡུལ་དེ་དག་རབ་སྤངས་ན། ། སེམས་མཉམ་རབ་དབེན་ཞི་བར་འགྱུར། ། ཡུལ་གྱི་དངོས་ལ་འཛིན་མེད་པས། ། འགོག་ པ་མེད་པ་མ་ཡིན་ཏེ། ། ཡོད་པའི་དངོས་རྣམས་དེ་བཞིན་ཉིད། ། འཕགས་པའི་སྤྱོད་ཡུལ་ཇི་བཞིན་ནོ། ། རྒྱུ་མེད་པ་ལས་སྐྱེ་འགྱུར་ཞིང་། ། བྱུང་ནས་དེ་ནི་འགག་པར་འགྱུར། ། རྒྱུ་རྐྱེན་ཡོད་དང་མེད་ཅེས་པ། །
BO
ང་ཡི་བསྟན་ལ་དེ་མི་གནས། ། མུ་སྟེགས་ཅན་དང་སངས་རྒྱས་ དང་། ། ང་དང་གཞན་གྱིས་བྱས་མིན་ཏེ། ། རྒྱུ་རྐྱེན་འདུས་ལས་བྱུང་ཡིན་ན། ། ཇི་ལྟ་བུར་ན་མེད་པར་འགྱུར། ། རྒྱུ་རྐྱེན་ཡོད་པ་སུས་བསགས་ན། ། མེད་པ་ཞེས་ནི་རྗོད་པར་བྱེད། ། ལོག་ལྟ་སྨྲ་བ་ཆོས་སྐྱེ་བ། ། རྣམ་པར་རྟོག་པས་ཡོད་མེད་བརྟགས། ། གང་གིས་ ཅུང་ཟད་སྐྱེ་མེད་དང་། ། འགག་པ་མེད་པར་རབ་ཤེས་པ། ། འཇིག་རྟེན་དབེན་པར་མཐོང་བས་ན། ། ཡོད་མེད་གཉིས་ལས་རྣམ་པར་འགྲོལ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ལ་གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་བཤད་དུ་གསོལ། གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་རབ་ཏུ་དབྱེ་བ་ལ་མཁས་པར་གྱུར་ན་བདག་དང་བྱང་ཆུབ་སེམས་དཔའ་རྣམས་དེའི་མཚན་ཉིད་རྟོགས་ པར་འགྱུར་ཏེ། དེའི་མཚན་ཉིད་རྟོགས་ནས་ཀྱང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་རྟོག་པའི་མཚན་ཉིད་དང་། བདུད་དང་མུ་སྟེགས་ཅན་གྱི་རྗེས་སུ་འབྲང་བར་མི་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ།
BO
བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་དེ་བཞིན་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་ པོ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། གྲུབ་པའི་མཐའི་ཚུལ་དང་། བཤད་པའི་ཚུལ་ལོ། ། དེ་ལ་བློ་གྲོས་ཆེན་པོ་གྲུབ་པའི་མཐའི་ཚུལ་ནི་འདི་ལྟ་སྟེ། སོ་སོ་རང་ གིས་རིག་པའི་བྱེ་བྲག་གི་མཚན་ཉིད་ཐོབ་པ་ལ་དམིགས་པ། ཚིག་དང་ཡི་གེའི་རྣམ་པར་རྟོག་པ་དང་བྲལ་བ་ཟག་པ་མེད་པའི་དབྱིངས་སུ་འཇུག་པ། རང་གིས་རྟོགས་པའི་སའི་རང་གི་མཚན་ཉིད་ཡང་དག་པ་མ་ཡིན་པ། རྟོག་པ་ཅན་གྱི་འདུ་ཤེས་ཐམས་ཅད་སྤངས་པ། མུ་སྟེགས་ཅན་དང་། བདུད་ཐམས་ཅད་བཏུལ་ནས་སོ་སོ་རང་གིས་རིག་པའི་ཚུལ་ལ་དམིགས་པའི་འོད་ཀྱིས་རྣམ་པར་མཛེས་པ་ནི། གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་ཅེས་བྱའོ། ། དེ་ལ་བཤད་པའི་ཚུལ་གྱི་མཚན་ཉིད་གང་ཞེ་ན་འདི་ལྟ་སྟེ། གསུང་རབ་ཡན་ལག་རྣམ་ པ་དགུ་སྣ་ཚོགས་སུ་བཤད་པ་ཡིན་ཏེ། ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་དང་།
BO
ཡོད་པ་དང་། མེད་པ་ལ་སོགས་པའི་མཚན་ཉིད་སྤངས་པ་ཐབས་མཁས་པས་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ནས་རྣམ་པར་གྲོལ་བ་འཐོབ་པར་བྱེད་པ་དེ་ནི་བཤད་པའི་ ཚུལ་གྱི་མཚན་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་དེ་ལྟ་བས་ན་ཁྱོད་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་དེ་ལ་བརྩོན་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གྲུབ་པའི་མཐའ་དང་བཤད་ ཚུལ་ནི། ། སོ་སོ་རང་རིག་བསྟན་པ་སྟེ། ། གང་གིས་མཐོང་ཞིང་རབ་འབྱེད་ན། ། དེ་དག་རྟོག་པའི་དབང་མི་འགྲོ། ། ཇི་ལྟར་བྱིས་པ་རྟོག་པ་བཞིན། ། ཡང་དག་དངོས་པོ་ཡོད་མིན་ན། ། ཅི་ཕྱིར་རྟོག་པ་ཅན་རྣམས་ཀྱིས། ། དངོས་པོ་མེད་ལ་ཐར་པར་འདོད། ། འདུས་བྱས་སོ་སོར་ རྟོག་པའི་ཚེ། ། སྐྱེ་འཇིག་ལ་སོགས་འབྲེལ་མཐོང་བ། ། ལྟ་བ་གཉིས་པོ་རྒྱས་པར་བྱེད། ། ཕྱིན་ལོག་ཤེས་པ་མེད་པ་ཡིན། ། གཅིག་པ་དེ་ནི་ཡང་དག་བདེན། ། ཉེས་མེད་དེ་ནི་མྱ་ངན་འདས། ། འཇིག་རྟེན་རྣམ་རྟོག་རབ་བརྟགས་ན། ། སྒྱུ་མ་རྨི་ལམ་ ཆུ་ཤིང་བཞིན། ། འདོད་སྡང་གཏི་མུག་ཡོད་ཀྱང་ནི། ། ཡང་དག་གང་ཟག་ཡོད་པ་མིན། ། སྲེད་པ་ལས་ནི་ཕུང་པོ་འབྱུང་། །
BO
སྲིད་པ་སྒྱུ་མ་རྨི་ལམ་འདྲ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་ འདས་ཡང་དག་པ་མ་ལགས་པ་ཡོངས་སུ་རྟོག་པའི་མཚན་ཉིད་བདག་ལ་བཤད་དུ་གསོལ། ཡང་དག་པ་མ་ལགས་པའི་ཡོངས་སུ་རྟོག་པ་རྣམས་ཇི་ལྟར་འབྱུང་བར་འགྱུར། ཇི་ལྟ་བུ་ལ་ཡང་དག་པ་མ་ལགས་པའི་ཡོངས་སུ་རྟོག་པ་ཞེས་བགྱི། ཆོས་གང་ཞིག་ལ་ཡང་ དག་པ་མ་ལགས་པ་ཡོངས་སུ་རྟོག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ། དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་དོན་འདྲི་བར་སེམས་པ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་ བརྩེ་བ་དང་། ལྷ་དང་། མི་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། ལེགས་སོ་ལེགས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དོན་རྣམ་པ་ཐ་དད་པ་སྣ་ཚོགས་དང་།
BO
ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་སྣ་ཚོགས་ལས་མངོན་པར་ཞེན་པའི་རྣམ་པར་རྟོག་པ་འབྱུང་ སྟེ། བློ་གྲོས་ཆེན་པོ་གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་པ་དང་། རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པ་དང་། ཡོད་པ་དང་མེད་པའི་ལྟ་བར་ལྟུང་བ། མུ་སྟེགས་ཅན་གྱི་ལྟ་བ་ཤིན་ཏུ་རྒྱས་པར་བྱེད་པ་དང་། རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཕྱི་རོལ་ གྱི་དོན་སྣ་ཚོགས་ལ་མངོན་པར་ཞེན་པ་དང་། སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དོན་རྣམ་པ་ཐ་དད་པ་སྣ་ ཚོགས་དང་། ཡང་དག་པ་མ་ལགས་པའི་རྣམ་པར་རྟོག་པ་སྣ་ཚོགས་ལས་མངོན་པར་ཞེན་པའི་རྣམ་པར་རྟོག་པ་འབྱུང་སྟེ། གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་པ་དང་། རང་གི་སེམས་སྣང་བ་ཙམ་དུ་རྟོགས་པ་དང་། མཆིས་པ་དང་མ་མཆིས་པའི་ལྟ་བར་ ལྷུང་བ། མུ་སྟེགས་ཅན་གྱི་ལྟ་བ་རྒྱས་པར་བགྱིད་པ་དང་། རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཕྱི་རོལ་གྱི་དོན་སྣ་ཚོགས་ལ་མངོན་པར་ཞེན་པ་དང་། སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་དག །
BO
བདག་དང་བདག་གིར་མངོན་པར་ཞེན་པ་ལས་འབྱུང་ བ་ཞིག་ལགས་ན། བཅོམ་ལྡན་འདས་དེ་ལྟ་ན་ནི་ཕྱི་རོལ་གྱི་དོན་སྣ་ཚོགས་ཀྱི་མཚན་ཉིད་དང་། མཆིས་པ་དང་མ་མཆིས་པར་ལྷུང་བའི་མཚན་ཉིད་དངོས་པོ་དང་། དངོས་པོ་མ་མཆིས་པ་དང་བྲལ་བ་དང་། ལྟ་བ་དང་བྲལ་བའི་མཚན་ཉིད་ལས་ཇི་ལྟར་བཟློག་པ་དེ་བཞིན་དུ་ བཅོམ་ལྡན་འདས་དོན་དམ་པའི་གནས་སུ་ཡང་ཚད་མ་དང་། དབང་པོ་དང་། ཡན་ལག་དང་། དཔེ་དང་། རྒྱུའི་མཚན་ཉིད་ལས་ཀྱང་བཟློག་པར་འགྱུར་རོ། ། བཅོམ་ལྡན་འདས་ཅིའི་སླད་དུ་གཅིག་ལ་ནི་ཡང་དག་པ་མ་ལགས་པའི་དོན་སྣ་ཚོགས་ཀྱི་དངོས་པོར་མངོན་པར་ཞེན་ པའི་རྣམ་པར་རྟོག་པ་འབྱུང་ལ། དོན་དམ་པའི་མཚན་ཉིད་ལ་ནི་མངོན་པར་ཞེན་པའི་རྣམ་པར་རྟོག་པ་མི་འབྱུང་། ཅི་བཅོམ་ལྡན་འདས་མི་མཚུངས་པ་རྒྱུར་གསུང་བར་མི་འགྱུར་རམ་ཞེ་ན་གཅིག་ལས་ནི་འབྱུང་། གཅིག་ལས་ནི་མི་འབྱུང་ཞེས་བཀའ་སྩལ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་གཅིག་ལས་འབྱུང་བའམ། གཅིག་ལས་མི་འབྱུང་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དང་།
BO
ཕྱི་རོལ་ན་སྣང་བའི་དངོས་པོ་དངོས་པོ་ མེད་པའི་ཕྱིར་དང་། རང་གི་སེམས་སྣང་བ་ཙམ་དུ་རྟོགས་པའི་ཕྱིར་རྣམ་པར་རྟོག་པ་མི་སྐྱེའོ། ། བློ་གྲོས་ཆེན་པོ་ངས་ནི་གཞན་བྱིས་པ་སོ་སོའི་སྐྱེ་བོ་རང་གི་སེམས་སྣ་ཚོགས་ཀྱི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་ཕྱིར་ལས་ཀྱི་དངོས་པོ་མངོན་དུ་གྱུར་པས་ རྣམ་པར་རྟོག་པ་སྣ་ཚོགས་ཀྱི་དངོས་པོའི་མཚན་ཉིད་ལ་མངོན་པར་ཞེན་པ་འབྱུང་བར་བཤད་དེ། ཇི་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་བདག་དང་བདག་གིར་མངོན་པར་ཞེན་པར་ལྟ་བ་རྣམ་པར་སྤངས་ཏེ། བྱེད་པ་དང་། བྱ་བའི་རྒྱུ་རྐྱེན་དང་། འབྲས་བུ་ལས་བཟློག་ ཅིང་རྣམ་པར་རྟོག་པ། རང་གི་སེམས་སྣང་བ་ཙམ་དུ་རྟོགས་པས་ལུས་དང་སེམས་ཤིན་ཏུ་གྱུར་ཏེ། ས་ཐམས་ཅད་ལ་མཐར་ཕྱིན་པར་མཁས་ཤིང་དེ་བཞིན་གཤེགས་པ་དག་གི་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ལ་འཇུག་པ་དང་། ཆོས་ལྔ་དང་། རང་བཞིན་དང་། དངོས་པོར་ལྟ་བའི་རྣམ་པར་རྟོག་པ་ལས་ལྡོག་པ་འཐོབ་པར་འགྱུར་སྙམ་ནས། རྒྱུ་དེ་དང་། རྐྱེན་དེའི་ཕྱིར་ངས་རྣམ་པར་རྟོག་པ་རྣམས་ནི་ཡང་དག་པ་མ་ཡིན་པའི་དོན་སྣ་ཚོགས་ལ་མངོན་པར་ཞེན་པ་ལས་འབྱུང་ངོ་ཞེས་བཤད་པ་ཡིན་ཏེ།
BO
ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་ ཡོངས་སུ་ཤེས་པས་ན་རྣམ་པར་གྲོལ་བ་འཐོབ་སྟེ། རྣམ་པར་རྟོག་པ་སྣ་ཚོགས་འབྱུང་བར་མི་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། རྒྱུ་རྣམས་དང་ནི་རྐྱེན་རྣམས་ཀྱིས། ། གང་རྣམས་འཇིག་ རྟེན་འབྱུང་ཞེས་པ། ། རྣམ་རྟོག་མཐའ་བཞིར་ཞེན་པ་སྟེ། ། དེ་དག་ང་ཡི་ཚུལ་མི་ཤེས། ། འཇིག་རྟེན་ཡོད་ལས་མི་སྐྱེ་སྟེ། ། དེ་བཞིན་མེད་ལས་སྐྱེ་བའང་མིན། ། ཡོད་མེད་ལས་ཀྱང་མི་སྐྱེ་ཞིང་། ། ཡོད་མིན་མེད་མིན་ལས་མིན་ན། ། རྒྱུ་དག་དང་ནི་རྐྱེན་རྣམས་སུ། ། བྱིས་ པ་རྣམས་ནི་ཅི་ཕྱིར་རྟོག ། ཡོད་པ་མ་ཡིན་མེད་པའང་མིན། ། དེ་བཞིན་ཡོད་མེད་གཉི་ག་མིན། ། དེ་ལྟར་འཇིག་རྟེན་རབ་མཐོང་ན། ། སེམས་གྱུར་བདག་མེད་པ་ཡང་འཐོབ། ། དངོས་པོ་ཐམས་ཅད་མི་སྐྱེ་སྟེ། ། རྐྱེན་རྣམས་ལས་ནི་བྱུང་བའི་ཕྱིར། ། ཐམས་ཅད་རྐྱེན་གྱིས་ བྱས་པ་ཡིན། ། བྱས་པ་རྣམས་ནི་བདག་ཡོད་མིན། ། དངོས་པོས་དངོས་པོ་མི་སྐྱེད་དེ། ། དངོས་པོ་གཉིས་ཡོད་སྐྱོན་ཕྱིར་དང་། ། དངོས་པོ་གཉིས་མེད་སྐྱོན་གྱི་ཕྱིར། ། དངོས་པོ་རྣམས་ནི་གཉིས་སུ་མེད། །
BO
འདུས་བྱས་ཆོས་རྣམས་རབ་བརྟགས་ཏེ། ། དམིགས་བྱེད་དམིགས་ བྱ་ཡོངས་སྤངས་ན། ། དེ་ནི་སེམས་མེད་སེམས་ཙམ་སྟེ། ། སེམས་ཙམ་དུ་ཡང་ངས་བཤད་དོ། ། ཙམ་ནི་ངོ་བོ་ཉིད་ཀྱི་གནས། ། རྐྱེན་དངོས་གཉི་ག་སྤངས་པ་སྟེ། ། དངོས་པོ་མཐར་ཐུག་དག་གི་མཆོག ། སེམས་ཙམ་ཞེས་ནི་ངས་བཤད་དོ། ། ཀུན་རྫོབ་བདག་ ཅེས་ཉེར་བརྟགས་པ། ། དེ་ནི་རྫས་སུ་ཡོད་མ་ཡིན། ། ཕུང་པོ་ཕུང་པོ་ཞེས་བཏགས་པ། ། དངོས་མེད་པ་ཡང་དེ་བཞིན་ནོ། ། མཉམ་པ་ཉིད་ནི་རྣམ་བཞི་སྟེ། ། མཚན་ཉིད་དང་རྒྱུ་དངོས་ལས་བྱུང་། ། གསུམ་པ་བདག་མེད་མཉམ་པ་སྟེ། ། བཞི་པ་རྣལ་འབྱོར་རྣལ་འབྱོར་ པ། ། རྣམ་རྟོག་བག་ཆགས་གཡོས་པས་ན། ། སེམས་ནི་རྣམ་པ་སྣ་ཚོགས་སྐྱེས། ། ཡུལ་རྣམས་ཕྱི་རོལ་སྣང་བར་གྱུར། ། དེ་ནི་འཇིག་རྟེན་སེམས་ཙམ་མོ། ། ཕྱི་རོལ་སྣང་བ་ཡོད་མིན་ཏེ། ། སེམས་ནི་སྣ་ཚོགས་རྣམས་སུ་སྣང་། ། ལུས་དང་ལོངས་སྤྱོད་རྣམས་གཞག་ པ། ། སེམས་ཙམ་དུ་ནི་ངས་བཤད་དོ། ། ལྟ་བ་ཐམས་ཅད་ཡོངས་སྤོངས་ཤིང་། ། རྟོག་དང་བརྟག་བྱ་བྲལ་བ་སྟེ། ། དམིགས་མེད་སྐྱེ་བ་མེད་པ་ནི། ། སེམས་ཙམ་དུ་ཡང་ངས་བཤད་དོ། ། དངོས་མེད་དངོས་མེད་མ་ཡིན་པ། ། དངོས་དང་དངོས་མེད་སྤངས་པས་ན། །
BO
སེམས་ དེ་རྣམ་པར་གྲོལ་ཞེས་པ། ། སེམས་ཙམ་དུ་ཡང་ངས་བཤད་དོ། ། དེ་བཞིན་ཉིད་དང་ཡང་དག་མཐའ། ། མྱ་ངན་འདས་དང་ཆོས་ཀྱི་དབྱིངས། ། སྣ་ཚོགས་ཡིད་ཀྱི་ལུས་རྣམས་ནི། ། སེམས་ཙམ་དུ་ཡང་ངས་བཤད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་ པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངག་དང་དོན་ལ་མཁས་པར་བྱའོ། ། ཞེས་གསུངས་ན། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ངག་དང་དོན་ལ་མཁས་པ་ལགས། དེ་ ལ་ངག་ནི་ཇི་ལྟ་བུ་དོན་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ་ལེགས་སོ། ། བཅོམ་ལྡན་འདས་ དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་བློ་གྲོས་ཆེན་པོ་ངག་གང་ཞེ་ན། འདི་ལྟ་སྟེ། ཚིག་དང་ཡི་གེའི་རྣམ་པར་རྟོག་པ་ཕྲད་པ་ཡིན་ཏེ། མགྲིན་པ་དང་། མིད་པ་དང་། མཆུ་དང་། ལྕེ་དང་། སོ་དང་། རྐན་དང་།
BO
འགྲམ་ པ་ལ་བརྟེན་ནས་ངག་ཏུ་བརྗོད་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་དེ་ལས་བྱུང་བ་དེ་ནི་ངག་ཅེས་བྱའོ། ། བློ་གྲོས་ཆེན་པོ་དོན་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་དང་། བརྗོད་པའི་མཚན་ཉིད་ཡོངས་སུ་སྤངས་པ་དེ་ནི་དོན་ཅེས་བྱའོ། ། བློ་གྲོས་ ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་འདི་ལྟ་བུའི་ཕྱིར་གཅིག་པུ་དབེན་པར་སོང་ནས་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་རང་གིས་རིག་པ་ལ་དམིགས་ཤིང་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་འགྲོ་བ། བག་ཆགས་ཀྱི་ལུས་རབ་ཏུ་ གྱུར་ནས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ས་དང་སའི་གནས་གཞན་གྱི་བྱེ་བྲག་གི་དོན་གྱི་མཚན་ཉིད་ལ་རབ་ཏུ་སྤྱོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་ལ་མཁས་པ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་ངག་གི་དོན་ལ་མཁས་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ངག་དང་དོན་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པར་ཡང་མ་ཡིན་པར་སོ་སོར་རབ་ཏུ་རྟོག་སྟེ། དོན་དང་ངག་ལ་སོ་སོར་རྟོག་པ་ཡང་དེ་བཞིན་ནོ། །
BO
གལ་ཏེ་ངག་དང་དོན་ཐ་དད་ན་ནི་དོན་གསལ་བར་བྱེད་པའི་རྒྱུ་དག་མ་ཡིན་པར་འགྱུར་བ་ཞིག་ན། ངག་ གི་དོན་གྱི་རྗེས་སུ་འཇུག་སྟེ། ཇི་ལྟར་མར་མེས་གཟུགས་ལ་སོགས་པ་གསལ་བར་བྱེད་པ་བཞིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཐེག་པ་གསུམ་དང་། ཐེག་པ་གཅིག་དང་། སེམས་དང་རང་བཞིན་ལ་སོགས་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ལ་བརྟེན་ནས་མངོན་པར་ཞེན་པ་ནི་སྒྲོ་འདོགས་པ་དང་། སྐུར་པའི་མཐར་ལྷུང་བ་ཡིན་ནོ། ། ལྟ་བ་རྣམ་པ་གཞན་དུ་གནས་ལ་རྣམ་པར་གཞག་པ་གཞན་དུ་རྣམ་པར་རྟོག་པ་ནི་སྒྱུ་མ་ལྟ་བུའི་རྣམ་པར་ རྟོག་པ་སྣ་ཚོགས་སུ་སྣང་སྟེ། ཇི་ལྟར་སྒྱུ་མ་སྣ་ཚོགས་སུ་སྣང་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྣམ་པ་གཞན་དུ་སོ་སོར་རྣམ་པར་རྟོག་གི་འཕགས་པ་རྣམས་ནི་མ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་འདི་དག་ གསུངས་སོ། ། སྒྲ་བཞིན་རྣམ་རྟོག་དེ་དག་གིས། ། ཆོས་རྣམས་གང་དག་རྣམ་གཞག་པ། ། དེ་ལྟར་དེ་དག་སྒྲོ་བཏགས་པས། ། ཤི་འཕོས་དམྱལ་བའི་གནས་སུ་ལྷུང་། ། ཕུང་པོ་རྣམས་ལ་བདག་མེད་དེ། །
BO
ཕུང་པོ་ཉིད་ཀྱང་བདག་མ་ཡིན། ། དེ་དག་བཏགས་པ་བཞིན་དུ་ མེད། ། མེད་པ་ཉིད་ཀྱང་མ་ཡིན་ནོ། ། དངོས་པོ་ཐམས་ཅད་ཡོད་གྱུར་ལ། ། ཇི་ལྟར་བྱིས་པས་བརྟགས་པ་ལྟར། ། དེ་སྟེ་མཐོང་བཞིན་དེ་ཡོད་ན། ། ཐམས་ཅད་བདེན་པ་མཐོང་བར་འགྱུར། ། ཆོས་རྣམས་དངོས་པོ་མེད་ན་ནི། ། རྣམ་དག་མ་དག་ཡོད་མ་ཡིན། ། ཇི་ལྟར་མཐོང་བ་ བཞིན་མིན་ཏེ། ། དེ་དག་མེད་པའང་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་བཤད་པར་བྱ་སྟེ། གལ་ཏེ་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་རབ་ཏུ་དབྱེ་བ་ལ་མཁས་པར་གྱུར་ན། ཁྱོད་དང་བྱང་ཆུབ་སེམས་དཔའ་ རྣམས་ཡེ་ཤེས་དང་། རྣམ་པར་ཤེས་པའི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ལ་བློ་གྲོས་ཆེན་པོ་ཡེ་ཤེས་དེ་ནི་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། འཇིག་ རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ། ། དེ་ལ་འཇིག་རྟེན་པའི་ཡེ་ཤེས་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཅན་དང་། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡོད་པ་དང་། མེད་པ་ལ་མངོན་པར་ཞེན་པའོ། །
BO
འཇིག་རྟེན་ལས་ འདས་པའི་ཡེ་ཤེས་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བའི་བསམས་པ་ལ་མངོན་པར་ཞེན་པའོ། ། འཇིག་རྟེན་ལས་འདས་པ་མཆོག་གི་ཡེ་ཤེས་གང་ཞེ་ན། འདི་ལྟ་སྟེ། སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་མེད་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་མཐོང་བ་དང་། ཡོད་པ་དང་། མེད་པའི་ཕྱོགས་དང་བྲལ་བ། དེ་བཞིན་གཤེགས་པའི་ས། གང་ཟག་དང་། ཆོས་བདག་ཏུ་ མེད་པ་སོ་སོ་རང་གིས་རིག་པ་ལས་བྱུང་བའོ། ། གཞན་ཡང་ཡེ་ཤེས་ནི་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། སྐྱེ་བ་དང་། འཇིག་པ་རྟོགས་པའི་ཡེ་ཤེས་དང་། རང་དང་སྤྱིའི་མཚན་ཉིད་རྟོགས་པའི་ཡེ་ཤེས་དང་། སྐྱེ་བ་མེད་པ་དང་འགག་པ་མེད་པ་རྟོགས་པའི་ཡེ་ ཤེས་སོ། ། བློ་གྲོས་ཆེན་པོ་དེ་ལ་སྐྱེ་ཞིང་འཇིག་པ་ནི་རྣམ་པར་ཤེས་པའོ། ། མི་སྐྱེ་མི་འཇིག་པ་ནི་ཡེ་ཤེས་སོ། ། མཚན་མ་དང་མཚན་མ་མེད་པར་ལྷུང་བ་དང་། ཡོད་པ་དང་མེད་པར་ལྷུང་བ་དང་། མཚན་ཉིད་སྣ་ཚོགས་ཀྱི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་ཤེས་པའོ། ། ཡོད་པ་དང་མེད་པའི་མཚན་ཉིད་ལས་ཤིན་དུ་འདས་པ་ནི་ཡེ་ཤེས་སོ། །
BO
གཞན་ཡང་སྐྱེ་བ་དང་ལྡན་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། ། སྐྱེ་བ་མེད་པ་དང་ལྡན་པའི་མཚན་ཉིད་ནི་ཡེ་ཤེས་སོ། ། གཞན་ཡང་ཐོགས་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་སོ། ། ཡུལ་སྣ་ ཚོགས་ལ་ཐོགས་པ་དང་བཅས་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། ། གཞན་ཡང་དངོས་པོ་གསུམ་འདུས་པ་ལས་སྐྱེ་བའི་ཐབས་ཀྱི་མཚན་ཉིད་ནི་རྣམ་པར་ཤེས་པའོ། ། དངོས་པོ་དང་ཐབས་མེད་པའི་རང་བཞིན་གྱི་མཚན་ཉིད་ནི་ཡེ་ཤེས་སོ། ། གཞན་ཡང་ཐོབ་ པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། ། ཐོབ་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་ཏེ། རང་ཉིད་འཕགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྟོགས་པས་ན་མི་འཇུག་མི་འབྱུང་བའི་ཕྱིར་ཆུའི་ཟླ་བ་བཞིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ལས་རྣམས་སོགས་པ་རྣམས་ཤེས་ཏེ། ། མི་སོགས་དེ་ནི་ཡེ་ཤེས་སོ། ། ཆོས་རྣམས་སོ་སོར་རབ་བརྟགས་ཏེ། ། སྣང་བ་མེད་པར་རྟོགས་པ་དང་། ། དབང་དང་སྟོབས་ཀྱང་ཐོབ་གྱུར་ན། ། དེ་ནི་ཤེས་ རབ་ཅེས་བྱའོ། ། ཡུལ་དང་འབྲེལ་བ་སེམས་ཡིན་ཏེ། ། རྣམ་རྟོགས་རིག་པ་ཡེ་ཤེས་ཡིན། ། སྣང་བ་མེད་དང་ཁྱད་པར་ལས། །
BO
ཤེས་རབ་དག་ནི་སྐྱེ་བར་འགྱུར། ། སེམས་དང་ཡིད་དང་རྣམ་ཤེས་དང་། ། རྟོག་པའི་འདུ་ཤེས་སྤངས་པ་དང་། ། རྣམ་རྟོག་མེད་ པའི་ཆོས་ཐོབ་པ། ། རྒྱལ་སྲས་ཡིན་ཏེ་ཉན་ཐོས་མིན། ། རབ་ཞི་ཁྱད་པར་བཟོད་པ་དང་། ། དེ་བཞིན་གཤེགས་པ་རྣམ་དག་གི། ། ཡེ་ཤེས་ལས་ནི་དོན་དགེ་སྐྱེ། ། ཀུན་དུ་སྤྱོད་པ་རྣམ་པར་སྤངས། ། དེ་ཡི་ཡེ་ཤེས་རྣམ་གསུམ་སྟེ། ། འཕགས་པས་ཡང་དག་རབ་ ཏུ་ཕྱེ། ། མཚན་ཉིད་དེ་ལ་རྟོག་པ་ནི། ། དངོས་པོ་རྣམས་དང་འབྲེལ་པའོ། ། ཐེག་པ་གཉིས་ནི་ལྡན་པ་མིན། ། ཡེ་ཤེས་སྣང་བ་རྣམ་པར་སྤངས། ། དངོས་པོ་ཡོད་པར་ཞེན་པ་ནི། ། ཉན་ཐོས་རྣམས་ལས་བྱུང་བ་ཡིན། ། སེམས་ཙམ་ལས་ནི་འདས་པ་ན། ། བདེ་གཤེགས་ ཡེ་ཤེས་དྲི་མ་མེད། ། གཞན་ཡང་བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྣམས་ལ་རྣམ་པར་འགྱུར་བར་སྨྲ་བ་རྣམ་པ་དགུ་ཡོད་པས་མུ་སྟེགས་ཅན་རྣམས་ཀྱི་འགྱུར་བར་ལྟ་བ་སྐྱེའོ། ། འདི་ལྟ་སྟེ། དབྱིབས་འགྱུར་བ་དང་། མཚན་ཉིད་འགྱུར་བ་དང་། རྒྱུ་འགྱུར་བ་དང་། རིགས་འགྱུར་བ་དང་། ལྟ་བ་འགྱུར་བ་དང་། ངོ་བོ་ཉིད་འགྱུར་བ་དང་། རྐྱེན་སྣང་བར་བྱེད་པ་འགྱུར་བ་དང་། བྱ་བ་སྣང་བར་བྱེད་པ་འགྱུར་བ་དང་། དངོས་པོ་འགྱུར་བའོ། །
BO
བློ་གྲོས་ཆེན་པོ་འདི་ནི་རྣམ་པར་འགྱུར་བའི་ལྟ་བ་རྣམ་པ་དགུ་ཞེས་བྱ་སྟེ། དེའི་རྒྱུས་མུ་སྟེགས་ ཅན་ཐམས་ཅད་ཡོད་པ་དང་མེད་པ་ལས་སྐྱེ་བའི་རྣམ་པར་འགྱུར་བ་སྨྲ་བར་འགྱུར་བ་ཡིན་ནོ། ། དེ་ལ་དབྱིབས་འགྱུར་བ་གང་ཞེ་ན། འདི་ལྟར་དབྱིབས་གཞན་དུ་འགྱུར་བར་མཐོང་བ་སྟེ། དཔེར་ན་གསེར་ལས་སྣོད་དང་། རྒྱན་སྣ་ཚོགས་སུ་བྱས་པས་དབྱིབས་ སྣ་ཚོགས་སུ་གྱུར་པར་སྣང་ཡང་གསེར་གྱི་ངོ་བོ་ཉིད་ལ་འགྱུར་བ་མེད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་འགྱུར་བ་ཡང་དེ་བཞིན་ནོ་ཞེས་རྟོག་པའོ། ། མུ་སྟེགས་ཅན་ཁ་ཅིག་ནི་འདི་ལྟར་རྟོག་སྟེ། དངོས་པོ་འགྱུར་གྱི་རྣམ་པར་རྟོག་པ་དེ་དག་ནི་དེ་བཞིན་དུ་ ཡང་མ་ཡིན། གཞན་དུ་ཡང་མ་ཡིན་པར་རྣམ་པར་རྟོག་པའི་ཕྱིར་དེ་ལྟར་དངོས་པོ་ཐམས་ཅད་འགྱུར་བ་དང་། འོ་མ་དང་། ཞོ་དང་། ཆང་དང་། འབྲས་བུ་སྨིན་པ་ལྟ་བུར་ཤེས་པར་བྱ་སྟེ། མུ་སྟེགས་ཅན་དག་གིས་རྣམ་པར་འགྱུར་བར་བརྟགས་པའི་རྣམ་པར་འགྱུར་ བ་དེ་དག་མེད་པས་ན་ཡོད་པའམ་མེད་པ་ནི་རང་གི་སེམས་སྣང་བ་ཙམ་དུ་ཟད་དེ། ཕྱི་རོལ་གྱི་དངོས་པོ་ནི་དངོས་པོ་མེད་པའོ། །
BO
བློ་གྲོས་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རང་གི་རྣམ་པར་རྟོག་པ་ལ་གོམས་པས་ན། བློ་གྲོས་ཆེན་པོ་ཆོས་གང་ཡང་སྐྱེ་བའམ། འཇིག་ པ་མེད་དེ། ཇི་ལྟར་སྒྱུ་མ་དང་། རྨི་ལམ་གྱི་གཟུགས་སྐྱེ་བར་མཐོང་བ་བཞིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དབྱིབས་གནས་དུས་ནི་འགྱུར་བ་ལས། ། འབྱུང་བ་ཆེན་པོའི་དབང་པོ་དང་། ། སྲིད་ པ་བར་མ་རིམ་སྐྱེ་བར། ། རྟོག་པ་ཡིན་ཏེ་མཁས་པ་མིན། ། རྒྱལ་བས་རྟེན་ཅིང་འབྲེལ་འབྱུང་ལ། ། དེ་དག་ལྟར་ནི་རྟོག་མ་ཡིན། ། འོན་ཀྱང་འཇིག་རྟེན་རྟེན་འབྲེལ་ནི། ། དྲི་ཟའི་གྲོང་ཁྱེར་ཇི་བཞིན་ནོ། ། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཚམས་སྦྱོར་བའི་དོན་དང་། རྣམ་པར་གྲོལ་བའི་དོན་བཤད་དུ་གསོལ། གལ་ཏེ་མཚམས་སྦྱོར་བ་དང་། མཚམས་སྦྱོར་བ་མ་ལགས་པའི་མཚན་ཉིད་རབ་ཏུ་འབྱེད་པ་ལ་མཁས་པར་གྱུར་ན།
BO
བདག་དང་བྱང་ཆུབ་སེམས་དཔའ་རྣམས་མཚམས་སྦྱོར་བ་ཐམས་ཅད་ཀྱི་ཐབས་ལ་མཁས་པས་སྒྲ་ཇི་བཞིན་གྱི་དོན་ལ་མངོན་པར་ཞེན་པའི་མཚམས་སྦྱོར་བར་མི་ལྟུང་བ་དང་། ཆོས་ཐམས་ཅད་ཀྱི་མཚམས་སྦྱོར་བ་དང་། མཚམས་སྦྱོར་བ་མ་ལགས་པའི་མཚན་ ཉིད་ལ་མཁས་པས་ཚིག་དང་ཡི་གེ་ལ་རྣམ་པར་རྟོག་པའི་བློ་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་བགྲོད་ཅིང་འཁོར་གྱི་དཀྱིལ་འཁོར་དཔག་ཏུ་མ་མཆིས་པར་མཆི་བ་དང་། སྟོབས་དང་། དབང་བ་དང་། མངོན་པར་ཤེས་པ་དང་། གཟུངས་ཀྱི་ཕྱག་རྒྱ་དང་། སྤྲུལ་པ་སྣ་ཚོགས་དང་། འོད་ཟེར་གྱིས་ཀུན་དུ་གསལ་བར་བགྱིད་ཅིང་རིག་པའི་བློས་མཐར་ཐུག་པའི་གནས་བཅུ་ལ་རབ་ཏུ་འཇུག་པ་དང་། སྦྱོར་བ་མངོན་པར་འདུ་བགྱིད་པ་མ་མཆིས་པས་ཉི་མ་དང་། ཟླ་བ་དང་། ནོར་བུ་དང་། འབྱུང་བ་ཆེན་པོ་བཞི་དང་མཚུངས་པ་དང་། ས་ཐམས་ཅད་ལ་རང་གི་སེམས་རྣམ་པར་རྟོག་པའི་མཚན་ཉིད་དུ་ལྟ་བ་སྤངས་ཤིང་ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ལ་སོགས་པ་ལྟ་བུར་མཐོང་བས་སངས་རྒྱས་ཀྱི་ས་དང་སྐུ་ལ་འཇུག་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཅི་རིགས་པར་ཆོས་སྟོན་པས་དྲངས་ཏེ། ཆོས་ཐམས་ཅད་སྒྱུ་མ་དང་།
BO
རྨི་ལམ་ལ་སོགས་པ་ལྟ་བུར་ཁོང་དུ་ཆུད་པར་བགྱི་བ་དང་། མཆིས་པ་དང་མ་མཆིས་པའི་ཕྱོགས་དང་། སྐྱེ་བ་དང་། འཇིག་པའི་རྣམ་པར་རྟོག་པ་སྤོང་བར་བརྗོད་པ་དང་། ཐ་དད་པའི་དོན་ལ་རབ་ཏུ་འགོད་པས་ལུས་ཁྱད་པར་ཅན་དུ་ཡང་འགྱུར་ རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ། དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བཞིན་དུ་འཚལ་ལོ་ཞེས་བཀའ་ མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་མཚམས་སྦྱོར་བ་ནི་ཚད་མེད་དེ། འདི་ལྟ་སྟེ། མཚན་ཉིད་ལ་མངོན་པར་ཞེན་པའི་མཚམས་སྦྱོར་བ་དང་། རྐྱེན་ལ་མངོན་པར་ཞེན་པའི་ མཚམས་སྦྱོར་བ་དང་། དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་མཚམས་སྦྱོར་བ་དང་། སྐྱེ་བ་དང་མི་སྐྱེ་བར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་མཚམས་སྦྱོར་བ་དང་། འགོག་པ་མ་ཡིན་པར་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ་དང་། ཐེག་པ་དང་། ཐེག་པ་མ་ཡིན་པར་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ་དང་།
BO
འདུས་བྱས་དང་འདུས་མ་བྱས་སུ་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ་དང་། ས་དང་སའི་རང་གི་མཚན་ཉིད་ལ་རྣམ་པར་རྟོག་པ་མངོན་པར་ཞེན་ པའི་མཚམས་སྦྱོར་བ་དང་། རང་གི་རྣམ་པར་རྟོག་པ་ལ་བར་ཆད་མེད་པ་ཡོད་པར་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ་དང་། ཡོད་པ་དང་མེད་པའི་ཕྱོགས་མུ་སྟེགས་ཅན་གྱི་གནས་ལ་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ་དང་། ཐེག་པ་ གསུམ་དང་། ཐེག་པ་གཅིག་ལ་བར་ཆད་མེད་པ་ཡོད་པར་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བའོ། ། བློ་གྲོས་ཆེན་པོ་དེ་དག་དང་གཞན་རྣམས་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་རྣམ་པར་རྟོག་པས་མཚམས་སྦྱོར་བ་ཡིན་ཏེ། དེ་ལྟར་མཚམས་སྦྱོར་ བའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྣམ་པར་རྟོག་པར་བྱེད་པས་ཇི་ལྟར་དར་གྱི་སྲིན་བུ་སྐོན་པ་བྱེད་པ་བཞིན་དུ་རྣམ་པར་རྟོག་པའི་དར་སྐུད་ཀྱིས་བདག་དང་གཞན་ལ་ཡོངས་སུ་དཀྲི་ཞིང་ཡོད་པ་དང་མེད་པར་མཚམས་སྦྱོར་བའི་མཚན་ཉིད་ལ་མངོན་པར་ཞེན་ཏོ། ། བློ་གྲོས་ཆེན་པོ་ འདི་ལ་མཚམས་སྦྱོར་བ་དང་། མཚམས་མི་སྦྱོར་བའི་མཚན་ཉིད་གང་ཡང་མེད་དེ།
BO
ཆོས་ཐམས་ཅད་རབ་ཏུ་དབེན་པར་མཐོང་བས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་རབ་ཏུ་དབེན་པར་མཐོང་ངོ་། ། གཞན་ཡང་ བློ་གྲོས་ཆེན་པོ་ཕྱི་རོལ་གྱི་དངོས་པོ་རྣམས་དངོས་པོ་མེད་པ་དང་། རང་གི་སེམས་སྣང་བའི་མཚན་ཉིད་དུ་ཁོང་དུ་ཆུད་ཅིང་སྣང་བ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་དུ་སོ་སོར་རྟོག་པའི་རྗེས་སུ་འབྲང་བ་དང་། ཡོད་པ་དང་མེད་པའི་དངོས་པོ་ཐམས་ཅད་ཀྱི་མཚན་མ་མེད་པ་དང་། རྣམ་པར་རྟོག་པའི་མཚམས་སྦྱོར་བ་རབ་ཏུ་དབེན་པར་མཐོང་བའི་ཕྱིར་ཆོས་ཐམས་ཅད་ལ་མཚམས་སྦྱོར་བ་ཡང་མེད། མཚམས་སྦྱོར་བ་མ་ཡིན་པའི་མཚན་ཉིད་ཀྱང་མེད་དོ། ། བློ་གྲོས་ཆེན་པོ་འདི་ལ་གང་ཡང་འཆིང་བའམ་གྲོལ་བ་མེད་དེ། གཞན་དུ་ན་ཡང་དག་པ་མ་ཡིན་ པར་ལྷུང་བའི་བློ་ཅན་དག་གིས་བཅིངས་པ་དང་གྲོལ་བ་ཡོད་པར་ཤེས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཡོད་པ་དང་། མེད་པ་དང་། སེམས་ཅན་མི་དམིགས་པའི་ཕྱིར་རོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཚམས་ སྦྱོར་བ་ནི་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡིན་ཏེ།
BO
མ་འོངས་པ་ལ་སྲེད་པ་ཡང་སྲིད་པ་ལ་དགའ་བའི་འདོད་ཆགས་དང་ལྡན་པ་དེས་མཚམས་སྦྱོར་བའི་ཕྱིར་སྲིད་པའི་འགྲོ་བ་རྣམས་སུ་མཚམས་སྦྱོར་བར་འགྱུར་རོ། ། དེའི་ མཚམས་སྦྱོར་བ་ནི་འགྲོ་བ་ལྔ་པོ་རྣམས་སུ་མཚམས་སྦྱོར་བ་ཡིན་ཏེ། བློ་གྲོས་ཆེན་པོ་མཚམས་སྦྱོར་བ་བཅད་པ་ལ་ནི་མཚམས་སྦྱོར་བ་དང་། མཚམས་སྦྱོར་བ་མ་ཡིན་པའི་མཚན་ཉིད་གང་ཡང་མེད་དོ། ། གཞན་ཡང་བློ་གྲོས་ཆེན་པོ་གསུམ་འདུས་པའི་རྐྱེན་དང་། བྱ་བའི་ སྦྱོར་བ་ལ་མངོན་པར་ཞེན་པ་རྣམ་པར་ཤེས་པ་རྣམས་ཀྱི་མཚམས་སྦྱོར་བ་བར་ཆད་མེད་པར་འབྱུང་ངོ་། ། སྦྱོར་བ་ལ་མངོན་པར་ཞེན་པས་སྲིད་པའི་མཚམས་སྦྱོར་བར་འགྱུར་ཏེ། གསུམ་འདུས་པའི་རྐྱེན་གྱིས་རྣམ་པར་ཤེས་པ་སྤངས་ཤིང་རྣམ་པར་ཐར་པ་གསུམ་མཐོང་ན། མཚམས་སྦྱོར་བ་ཐམས་ཅད་མི་འབྱུང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ཡང་དག་མ་ཡིན་རྣམ་རྟོག་ནི། ། མཚམས་སྦྱོར་མཚན་ཉིད་ཅེས་བྱ་སྟེ། ། དེ་དག་ཡང་དག་ཡོངས་ཤེས་ན། མཚམས་སྦྱོར་དྲ་བ་ཆོད་པར་འགྱུར། ། དངོས་པོ་རྣམས་ནི་མ་ཤེས་པས། ། སྒྲ་ཡི་རྗེས་སུ་འཛིན་པར་བྱེད། ། ཇི་ལྟར་དར་གྱི་སྲིན་བུ་བཞིན། །
BO
མཚམས་སྦྱོར་དྲ་བས་རང་ལ་འཆིང་། ། བྱིས་པ་རྣམ་རྟོག་རབ་བཅིངས་པས། ། མཚམས་སྦྱོར་སོ་སོར་ རྟོག་མི་བྱེད། ། ། ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས། བམ་པོ་དྲུག་པ། ཡང་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་རྣམ་པར་རྟོག་པ་གང་དང་གང་གིས་ དངོས་པོ་གང་དང་གང་བརྟགས་པ་དེ་དང་དེ་དག་ནི་ཀུན་བརྟགས་པ་ཉིད་དེ། དེ་དག་ལ་རང་བཞིན་མེད་པས་ཀུན་བརྟགས་པའི་རང་བཞིན་ཁོ་ནའོ་ཞེས་གང་གསུངས་པ། བཅོམ་ལྡན་འདས་གལ་ཏེ་ཀུན་བརྟགས་པའི་རང་བཞིན་ཙམ་ཁོ་ན་སྟེ། དངོས་པོའི་རང་ བཞིན་གྱི་མཚན་ཉིད་ལ་ལྟོས་པ་ཞིག་མ་ལགས་ན། བཅོམ་ལྡན་འདས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དངོས་པོ་མ་མཆིས་པར་བཀའ་སྩལ་པའི་སྐྱོན་དུ་མི་འགྱུར་བ་ལགས་སམ། ཆོས་ཐམས་ཅད་ནི་ཀུན་བརྟགས་པའི་རང་བཞིན་ཉིད་དེ་དངོས་པོ་མ་མཆིས་ པའི་སླད་དུའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ནོ། །
BO
བློ་གྲོས་ཆེན་པོ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དངོས་པོའི་རང་བཞིན་དུ་རྣམ་པར་བརྟགས་པ་ལྟར་ཡང་དག་པ་ཉིད་ནི་དེ་ལྟ་མ་ཡིན་པས་ ཀུན་བརྟགས་པའི་རང་བཞིན་དེ་ནི་དངོས་པོའི་རང་བཞིན་གྱི་མཚན་ཉིད་དུ་ཡོད་པ་མ་ཡིན་ཏེ། འོན་ཀྱང་བློ་གྲོས་ཆེན་པོ་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱིས་དངོས་པོ་ཡོད་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་འཕགས་པའི་ཡེ་ཤེས་དང་། འཕགས་པའི་མཐོང་བ་དང་། འཕགས་པའི་ ཤེས་རབ་ཀྱི་མིག་གིས་དངོས་པོའི་རང་བཞིན་དེ་བཞིན་དུ་རྟོགས་སོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་འཕགས་པ་རྣམས་ཀྱི་འཕགས་པའི་ཡེ་ཤེས་དང་། འཕགས་པའི་མཐོང་བ་དང་། འཕགས་པའི་ཤེས་རབ་ཀྱི་མིག་གིས་ལགས་ཀྱི་ ལྷའི་མིག་དང་། ཤའི་མིག་གིས་དངོས་པོའི་རང་བཞིན་དེ་བཞིན་དུ་རྟོགས་པར་མི་འགྱུར་ཏེ། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཇི་ལྟར་བརྟགས་པ་དེ་ལྟར་མ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྣམ་པར་རྟོག་པ་ལྡོག་པར་འགྱུར་ཏེ། འཕགས་པའི་ངོ་བོ་ཉིད་ཀྱི་དངོས་པོ་ཁོང་དུ་མ་ཆུད་པའི་སླད་དུའོ། ། བཅོམ་ལྡན་འདས་དེ་དག་ནི་ཕྱིན་ཅི་ལོག་ཀྱང་མ་ལགས།
BO
ཕྱིན་ཅི་མ་ལོག་པ་ཡང་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། འཕགས་པའི་དངོས་པོའི་ངོ་བོའི་རང་བཞིན་ཁོང་དུ་མ་ཆུད་ པ་དང་། མཆིས་པ་དང་། མ་མཆིས་པ་དང་བྲལ་བའི་མཚན་ཉིད་མ་མཐོང་བའི་སླད་དུའོ། ། བཅོམ་ལྡན་འདས་འཕགས་པ་རྣམས་ནི་འདི་ལྟ་བུའི་མཐོང་བས་དེ་ལྟ་བུའི་དངོས་པོ་ལྟར་རྣམ་པར་བརྟགས་པ་བཞིན་དུ་མཐོང་བར་མི་འགྱུར་ཏེ། རང་གི་མཚན་ཉིད་ཀྱི་སྤྱོད་ ཡུལ་ལ་སྤྱོད་ཡུལ་དུ་མི་བགྱིད་པའི་སླད་དུའོ། ། བཅོམ་ལྡན་འདས་དེ་དག་ལ་ཡང་དངོས་པོའི་རང་བཞིན་གྱི་མཚན་ཉིད་རྣམས་ཀུན་བརྟགས་པའི་རང་བཞིན་ཉིད་བཞིན་དུ་སྣང་སྟེ། རྒྱུ་མ་བསྟན་པས་རྒྱུ་མ་མཆིས་པའི་སླད་དུ་འདི་ལྟ་སྟེ། དངོས་པོའི་མཚན་ཉིད་ཀྱི་ལྟ་བར་ ལྷུང་བས་སྤྱོད་ཡུལ་ཐ་དད་པར་འགྱུར་ཏེ། དེ་དག་ཇི་ལྟ་བ་བཞིན་དུ་མ་ལགས་པས་འདི་ལྟར་ཐུག་པ་མ་མཆིས་པའི་ནོངས་པར་འགྱུར་ཏེ། བཅོམ་ལྡན་འདས་དངོས་པོའི་རང་བཞིན་གྱི་མཚན་ཉིད་ཁོང་དུ་མ་ཆུད་པའི་སླད་དུའོ། ། བཅོམ་ལྡན་འདས་རྣམ་པར་ རྟོག་པའི་རང་བཞིན་གྱི་རྒྱུས་དངོས་པོའི་རང་བཞིན་གྱི་མཚན་ཉིད་མ་ལགས་ན། ཇི་ལྟར་ཀུན་དུ་རྟོག་པ་དེ་དག་ཀུན་དུ་རྟོག་པར་མི་འགྱུར་ཞིང་།
BO
ཡང་དག་པ་ཇི་ལྟ་བ་བཞིན་དུ་ཀུན་བརྟགས་ལགས་པར་ཁོང་དུ་ཆུད་པར་འགྱུར། བཅོམ་ལྡན་འདས་སོ་སོར་རྣམ་པར་རྟོག་ པའི་མཚན་ཉིད་ཀྱང་གཞན། རང་བཞིན་གྱི་མཚན་ཉིད་ཀྱང་གཞན་ཏེ། བཅོམ་ལྡན་འདས་རྒྱུ་མི་མཚུངས་ན་རྣམ་པར་རྟོག་པ་དང་། རང་བཞིན་གྱི་མཚན་ཉིད་ལ་དེ་དག་ཅིའི་སླད་དུ་སོ་སོར་རྣམ་པར་རྟོག་པར་མི་བགྱིད། གཞན་ཡང་ཅིའི་སླད་དུ་བྱིས་པ་སོ་སོའི་ སྐྱེ་བོ་རྣམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རིག་སྟེ། འོན་ཀྱང་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པ་ཡོངས་སུ་སྤང་བའི་ཕྱིར་ཀུན་བརྟགས་པའི་མཚན་ཉིད་བཞིན་ནོ་ཞེས་བསྟན་ཀྱང་ཡང་དག་པ་ཡོད་པ་མ་ཡིན་ནོ་ཞེས་གསུངས། བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ ཅན་རྣམས་ཀྱིས་མཆིས་པ་དང་མ་མཆིས་པ་དང་མཆིས་པའི་ལྟ་བའི་དངོས་པོའི་རང་བཞིན་དང་། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་མངོན་པར་ཞེན་པ་དང་། མཆིས་པའི་ལྟ་བར་ལྷུང་བ་ལ་མངོན་པར་ཞེན་པ་བཟློག་ནས་སྟོང་པའི་ཆོས་ནི་དངོས་པོ་མེད་དོ་ཞེས་ གསུངས་ཤིང་འཕགས་པའི་རང་བཞིན་གྱི་དངོས་པོ་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ང་ནི་སྟོང་པའི་ཆོས་དངོས་པོ་མེད་པར་བཤད་པ་ཡང་མ་ཡིན།
BO
ཡོད་པའི་ལྟ་བར་ལྷུང་བས་འཕགས་པའི་ཡེ་ཤེས་ཀྱི་རང་ བཞིན་གྱི་དངོས་པོ་བསྟན་པ་ཡང་མ་ཡིན་ཏེ། འོན་ཀྱང་སེམས་ཅན་རྣམས་ཀྱི་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར་སེམས་ཅན་གང་དག་ཐོག་མ་མེད་པའི་དུས་ནས་དངོས་པོའི་རང་བཞིན་གྱི་མཚན་ཉིད་ལ་མངོན་པར་ཞེན་པ། འཕགས་པའི་ཡེ་ཤེས་ཀྱི་དངོས་པོའི་རང་ བཞིན་ལ་མཚན་ཉིད་དུ་ལྟ་ཞིང་མངོན་པར་ཞེན་པ་དག་ལ་སྟོང་པ་ཉིད་ཀྱི་ཆོས་བཤད་དོ། ། བློ་གྲོས་ཆེན་པོ་ངས་དངོས་པོའི་རང་བཞིན་བསྟན་པ་ནི་མེད་མོད་ཀྱི། ། བློ་གྲོས་ཆེན་པོ་འོན་ཀྱང་ང་ནི་རང་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ། སྟོང་པ་ཉིད་ཀྱི་ཆོས་ ལ་རབ་ཏུ་གནས་ཤིང་ནོར་པའི་མཚན་ཉིད་དུ་ལྟ་བ་ཡོངས་སུ་སྤངས་པས་རང་གི་སེམས་སྣང་བ་དང་། དངོས་པོ་དང་། དངོས་པོ་མེད་པར་ལྟ་བ་དང་བྲལ་བ་རྣམ་པར་ཐར་པ་གསུམ་གྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཕྱག་རྒྱས་ཤིན་ཏུ་བཏབ་ཅིང་དངོས་པོའི་ རང་བཞིན་རྣམས་ལ་སོ་སོ་རང་གིས་རིག་པའི་བློས་སོ་སོར་རབ་ཏུ་རྟོག་ཅིང་གནས་པས་ཡོད་པ་དང་། མེད་པའི་དངོས་པོར་ལྟ་བའི་མཚན་ཉིད་ཡོངས་སུ་སྤངས་པ་ཡིན་ནོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མ་ སྐྱེས་པའོ་ཞེས་དམ་བཅའ་བར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དམ་བཅའ་བའི་དངོས་པོ་ཐམས་ཅད་དངོས་པོ་མེད་པའི་ཕྱིར་དང་། དེའི་རྒྱུ་ལས་སྐྱེ་བའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅས་ཏེ་སྨྲས་ན། དམ་བཅས་པ་དེ་ ཉམས་པར་འགྱུར་རོ། ། གང་དམ་བཅས་པ་དེས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅས་པ་དེ་ཉམས་པར་འགྱུར་བ་ནི་འདི་ལྟར་དམ་བཅའ་བ་ཡང་ལྟོས་པ་ཡོད་པ་ལས་སྐྱེས་པའི་ཕྱིར་རོ། ། ཡང་མ་སྐྱེས་པ་ཞེས་དམ་བཅས་པ་དེ་ནི་ཆོས་ཐམས་ཅད་ཀྱི་ནང་དུ་ གཏོགས་པའི་ཕྱིར་རོ། ། མ་ཉམས་པའི་མཚན་ཉིད་ནི་མི་སྐྱེ་བའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་ཞེས་དམ་བཅས་ན་སྨྲ་བ་དེ་ཉམས་པར་འགྱུར་རོ། ། བློ་གྲོས་ཆེན་པོ་ཡོད་པ་དང་། མེད་པ་མ་སྐྱེས་པར་དམ་བཅས་པའི་དམ་བཅས་པ་དེ་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་གཏོགས་ པས་ཡོད་པ་དང་མེད་པའི་མཚན་ཉིད་མི་དམིགས་སོ། ། བློ་གྲོས་ཆེན་པོ་གལ་ཏེ་དམ་བཅས་པ་མ་སྐྱེས་པ་དེས་དངོས་པོ་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅའ་བར་བྱེད་ན། དེ་ལྟ་ན་ཡང་དམ་བཅས་པ་ལས་ཉམས་པར་འགྱུར་ཏེ།
BO
འདི་ལྟར་ཡོད་པ་དང་མེད་པའི་དངོས་ པོའི་མཚན་ཉིད་ནི་མི་སྐྱེ་བའི་ཕྱིར་དམ་བཅའ་བར་མི་བྱའོ། ། ཡན་ལག་ལྔ་དང་ལྡན་པའི་སྨྲ་བ་ནི་ཉེས་པ་མང་པོའི་ཕྱིར་དང་། ཕན་ཚུན་རྒྱུ་ཐ་དད་པའི་མཚན་ཉིད་ཀྱི་ཕྱིར་དང་། བྱས་པའི་ཕྱིར་ཡན་ལག་རྣམས་དམ་བཅའ་བར་མི་བྱའོ། ། འདི་ལྟ་སྟེ། ཆོས་ཐམས་ཅད་ མ་སྐྱེས་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་དང་། རང་བཞིན་མེད་པའོ་ཞེས་དམ་བཅའ་བར་མི་བྱ་མོད་ཀྱི། བློ་གྲོས་ཆེན་པོ་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ལྟ་བུ་བསྟན་པར་བྱ་སྟེ། སྣང་བ་དང་། མི་སྣང་བའི་མཚན་ཉིད་ཀྱི་ཕྱིར་ལྟ་བ་དང་། བློ་སླུ་བར་བྱེད་པའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ལྟ་བུའི་ངོ་བོ་ཉིད་དུ་བསྟན་པར་བྱའོ། ། གཞན་དུ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སྐྲག་པའི་གནས་སྤང་བར་བྱ་བའི་ཕྱིར་དང་། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་ རྣམས་ཡོད་པ་དང་། མེད་པའི་ལྟ་བར་ལྷུང་བ་དེ་དག་སྐྲག་པར་མི་འགྱུར་ཞིང་ཐེག་པ་ཆེན་པོ་ལས་རིང་དུ་མི་འགྱུར་བར་བྱ་བའི་ཕྱིར་རོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། རང་བཞིན་མེད་པས་བརྗོད་དུ་ མེད། ། དངོས་པོ་མེད་ཅིང་མཚམས་སྦྱོར་མེད། ། འདི་དག་རོ་བཞིན་བྱིས་པ་ཡི། ། ལོག་པའི་བློ་ཡིས་རྣམ་པར་བརྟགས། ། ཆོས་རྣམས་ཐམས་ཅད་མ་སྐྱེས་པ། ། དེ་ནི་མུ་སྟེགས་གཞུང་མ་ཡིན། ། མཐར་ནི་སྐྱེ་བ་གང་ཡང་མེད། ། དངོས་པོ་རྐྱེན་གྱིས་བསྒྲུབས་པའོ། ། ཆོས་རྣམས་ཐམས་ཅད་མ་སྐྱེས་པས། ། བློ་ལྡན་མཚན་མར་འཛིན་མི་བྱེད། ། དམ་བཅས་རྒྱུ་ལས་སྐྱེས་པའི་ཕྱིར། ། མཁས་པ་དག་གིས་ཡོངས་སུ་སྤོང་། ། ཇི་ལྟར་རབ་རིབ་མིག་ཅན་གྱིས། ། སྐྲ་ཤད་མཚན་ཉིད་ལོག་པར་མཐོང་། ། དེ་བཞིན་དངོས་ པོར་མངོན་ཞེན་པའང་། ། བྱིས་པས་ལོག་པར་རྣམ་པར་བརྟགས། ། ཇི་ཙམ་སྲིད་གསུམ་ཉེར་འདོགས་པ། ། དངོས་པོའི་རང་བཞིན་ཡོད་མ་ཡིན། ། དངོས་པོའི་རང་བཞིན་ཉེར་བཏགས་པས། ། རྟོག་པ་ཅན་རྣམས་རྟོག་པར་བྱེད། ། མཚན་དངོས་ཚིག་ནི་རྣམ་བཞག་པས། ། ཡིད་འཁྲུག་རབ་ཏུ་གཡོས་པར་འགྱུར། ། རྒྱལ་སྲས་རྣམ་རྟོག་དེ་དག་ལས། ། ཤིན་དུ་འདས་ཤིང་ཡོངས་སུ་སྤངས། ། ཆུ་མ་ཡིན་ལ་ཆུར་འཛིན་པ། ། དེ་ནི་སྐོམ་གྱི་སྲེད་ལས་སྐྱེས། །
BO
བྱིས་པ་དེ་བཞིན་ནོར་བར་འགྱུར། ། འཕགས་པས་མཐོང་བ་དེ་ལྟ་མིན། ། འཕགས་པའི་ མཐོང་བ་ཡོངས་དག་སྟེ། ། རྣམ་ཐར་ཏིང་ངེ་འཛིན་ལས་སྐྱེས། ། སྐྱེ་དང་འཇིག་པ་རབ་སྤངས་ཏེ། ། སྣང་བ་མེད་ལ་རབ་ཏུ་སྤྱོད། ། སྣང་བ་མེད་ལ་རྣལ་འབྱོར་པས། ། དངོས་དང་དངོས་མེད་པ་ཡང་མེད། ། དངོས་དང་དངོས་མེད་མཉམ་པ་ན། ། དེ་ལ་འཕགས་པའི་འབྲས་བུ་སྐྱེ། ། ཇི་ ལྟར་དངོས་པོ་དངོས་མེད་དང་། ། མཉམ་པ་ཉིད་དུ་ཇི་ལྟར་འགྱུར། ། སེམས་ཀྱིས་དེ་ནི་མ་ཤེས་པས། ། ཕྱི་དང་ནང་ནི་རབ་ཏུ་གཡོས། ། ནམ་ཞིག་དེ་ནི་འཇིག་བྱེད་ན། ། སེམས་ཀྱིས་མཉམ་པ་ཉིད་ཀྱང་མཐོང་། ། དེ་ནས་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ནམ་དམིགས་པར་བྱ་བའི་དངོས་པོ་ཤེས་པས་མི་དམིགས་པ་དེ་ན་བཏགས་པ་ཙམ་དུ་རྣམ་པར་གཞག་པ་ཡིན་ཏེ། རྣམ་པར་གཞག་པའི་གཟུང་བ་མེད་པས་འཛིན་པ་ཡང་མེད་པ་ཡིན་ནོ། ། འཛིན་པ་མེད་པའི་ཕྱིར་ ཤེས་པ་ཡང་མི་འཇུག་སྟེ། བཏགས་པའི་མིང་ཙམ་མོ་ཞེས་གསུངས་ན།
BO
བཅོམ་ལྡན་འདས་ཅི་དངོས་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཐ་དད་པ་དང་ཐ་དད་པ་མ་ལགས་པར་ཁོང་དུ་མ་ཆུད་པའི་སླད་དུ་ཤེས་པས་མི་དམིགས་ལགས་སམ། འོན་ཏེ་རང་དང་སྤྱིའི་མཚན་ ཉིད་སྣ་ཚོགས་ཀྱིས་དངོས་པོའི་ངོ་བོ་ཉིད་ཟིལ་དུ་རླག་པའི་སླད་དུ་ཤེས་པས་མི་དམིགས་ལགས་སམ། དེ་སྟེ་རི་བྲག་དང་། རྩིག་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་གིས་བར་དུ་ཆོད་པའི་སླད་དུ་ཤེས་པས་མི་དམིགས་ལགས་སམ། ཧ་ཅང་ཐག་རིང་བ་དང་། ཉེ་བ་ཉིད་དུ་ ཤེས་པས་མི་དམིགས་ལགས་སམ། འོན་ཏེ་རྒན་པོ་དང་། བྱིས་པ་དང་། ལོང་བ་རྣམས་དབང་པོ་དང་མི་ལྡན་པའི་སླད་དུ་ཤེས་པས་མི་དམིགས་ལགས། བཅོམ་ལྡན་འདས་གལ་ཏེ་རང་དང་སྤྱིའི་མཚན་ཉིད་ཐ་དད་པ་དང་། ཐ་དད་པ་མ་ལགས་པ་ཁོང་དུ་ཆུད་པའི་སླད་དུ་ཤེས་ པས་མི་དམིགས་པ་ཞིག་ལགས་ན་ནི་དེ་ཤེས་པས་ཞེས་མི་བརྗོད་ཀྱི། མི་ཤེས་པ་ཞེས་བགྱི་སྟེ། དོན་མཆིས་ཀྱང་མི་དམིགས་པའི་སླད་དུའོ། ། དེ་སྟེ་རང་དང་སྤྱིའི་མཚན་ཉིད་སྣ་ཚོགས་ཀྱིས་དངོས་པོའི་ངོ་བོ་ཉིད་ཟིལ་དུ་རླག་པའི་སླད་དུ་ཤེས་པས་མི་དམིགས་པ་ཞིག་ལགས་ན་ ནི་དེ་ཡང་མི་ཤེས་པ་སྟེ། ཤེས་པ་མ་ལགས་སོ། །
BO
བཅོམ་ལྡན་འདས་ཤེས་བྱ་མཆིས་པའི་སླད་དུ་ཤེས་པ་འབྱུང་གི ། དངོས་པོ་མ་མཆིས་པ་ལས་ནི་མ་ལགས་ཏེ་ཤེས་བྱ་དང་ལྡན་པའི་སླད་དུ་ཤེས་པ་ཞེས་བགྱིའོ། ། དེ་སྟེ་རི་བྲག་དང་། རྩིག་པ་དང་། ས་དང་། ཆུ་དང་། མེ་ དང་། ། རླུང་གིས་ཆོད་པ་རྣམས་དང་། རྒྱང་རིང་པོ་དང་། ཉེ་བ་དང་། རྒན་པོ་དང་། བྱིས་པ་དང་། ལོང་བར་གྱུར་པས་དབང་པོ་རྣམས་མ་ཚང་བར་གྱུར་པའི་སླད་དུ་ཤེས་པས་མི་དམིགས་པ་ལགས་ན་ནི། དེ་ཡང་ཤེས་པ་ཞེས་མི་བགྱི་བས་མི་ཤེས་པ་ལགས་ཏེ། དངོས་པོ་ མཆིས་ཀྱང་མི་དམིགས་པའི་སླད་དུའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་ནི་དེ་ལྟར་མི་ཤེས་པ་མ་ཡིན་ཏེ། ཤེས་པ་ཡིན་པས་མི་ཤེས་པ་མ་ཡིན་ནོ། ། ངས་དེ་ལ་ལྡེམ་པོར་དགོངས་ཏེ། ནམ་དམིགས་པའི་དངོས་པོ་ཤེས་པས་མི་དམིགས་པ་དེ་ན་ བཏགས་པ་ཙམ་དུ་རྣམ་པར་གཞག་པ་ཡིན་ནོ་ཞེས་མ་བཤད་དེ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པས་ཡོད་པ་དང་མེད་པ་ལས་ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པ་སྲིད་པར་ཤེས་པས་དངོས་པོ་མི་དམིགས་པའི་ཕྱིར་ཤེས་པ་ཤེས་བྱ་ལ་མི་འཇུག་གོ། ། རྣམ་ པར་ཐར་པ་གསུམ་གྱི་རྗེས་སུ་ཤེས་པ་ཡང་མི་དམིགས་ཏེ།
BO
རྟོག་པ་ཅན་ཐོག་མ་མེད་པའི་དུས་ནས་དངོས་པོ་དང་དངོས་པོ་མེད་པར་སྤྲོས་པའི་བག་ཆགས་ཀྱིས་བསྒོས་པའི་བློ་ཅན་རྣམས་ཀྱིས་དེ་ལྟར་ཤེས་པ་མ་ཡིན་ནོ། ། ཤེས་པ་དེས་དེ་དག་མ་ཤེས་ པའི་ཕྱིར་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་མཚན་ཉིད་ཀྱི་རང་བཞིན་ལ་དངོས་པོ་མེད་དོ་ཞེས་རྣམ་པར་རྟོག་པ་མི་སྤོང་གི ། རང་གི་སེམས་སྣང་བ་ཙམ་རྣམ་པར་འཇོག་པས་བདག་དང་བདག་གི་མཚན་ཉིད་དུ་འཛིན་པ་ལ་མངོན་པར་ཞེན་ཏེ། རང་གི་སེམས་སྣང་བ་ཙམ་དུ་མ་ཆུད་པས་ ཤེས་པ་དང་ཤེས་བྱ་ལ་སོ་སོར་རྣམ་པར་རྟོག་སྟེ། རྣམ་པར་རྟོག་པའི་ཕྱིར་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་སོ་སོར་རྣམ་པར་བརྟགས་ཀྱང་མི་དམིགས་པས་ཆད་པར་ལྟ་བ་རབ་ཏུ་རྟེན་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་ པ་འདི་དག་གསུངས་སོ། ། དམིགས་བྱ་དག་ནི་ཡོད་བཞིན་དུ། ། ཤེས་པ་སོ་སོར་མི་རྟོག་པ། ། དེ་ནི་ཤེས་མིན་མི་ཤེས་པར། ། རྟོག་གེ་པ་ཡིས་བཤད་པ་ཡིན། ། ཐ་དད་མིན་པའི་མཚན་ཉིད་དང་། ། ཆོད་པ་དང་ནི་ཉེ་རིང་དག ། ཅི་སྟེ་ཤེས་པས་མི་རྟོགས་ན། ། དེ་ནི་ལོག་ པའི་ཤེས་པ་ཡིན། ། རྒན་པོ་བྱིས་པ་ལྡོངས་གྱུར་དག ། ཤེས་བྱ་ཡང་དག་ཡོད་བཞིན་དུ།
BO
། ཤེས་པ་རྣམས་ནི་མི་སྐྱེ་བ། ། དེ་ཡང་ལོག་པའི་ཤེས་པ་ཡིན། ། གཞན་ཡང་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཐོག་མ་མེད་པའི་དུས་ཀྱི་ཡང་དག་པ་མ་ཡིན་པའི་ གནས་ངན་ལེན་གྱི་ལོག་པའི་རྣམ་པར་རྟོག་པས་ཡོངས་སུ་བསྒྱུར་ཞིང་། ཡོངས་སུ་བསྒྱུར་བའི་ཚེ་རང་གི་གྲུབ་པའི་མཐའི་ཚུལ་དང་། བཤད་པའི་ཚུལ་ལ་མི་མཁས་པས་རང་གི་སེམས་སྣང་བ་ལ་ཕྱི་རོལ་གྱི་དངོས་པོའི་མཚན་ཉིད་དུ་མངོན་པར་ཞེན་པའི་ཕྱིར་ཐབས་ ཀྱིས་བརྗོད་པ་ལ་མངོན་པར་ཞེན་ཅིང་། རང་གི་གྲུབ་པའི་མཐའི་མཐའ་བཞི་རྣམ་པར་དག་པའི་ཚུལ་གྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མི་མཁས་སོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་ ནོ། ། བཅོམ་ལྡན་འདས་ཅི་ནས་ཀྱང་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཚུལ་རྣམ་པ་གཉིས་ལ་མཁས་པས་མ་འོངས་པའི་དུས་ན་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བའི་ བཤད་པའི་ཚུལ་དང་། གྲུབ་པའི་ཚུལ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། །
BO
དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ གསོལ་པ། དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཚུལ་རྣམ་པ་གཉིས་ཡོད་དེ། འདི་ལྟ་སྟེ། བསྟན་པའི་ཚུལ་དང་། རང་གི་གྲུབ་ པའི་མཐའི་ཚུལ་ལོ། ། དེ་ལ་བསྟན་པའི་ཚུལ་ནི་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་སེམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཚོགས་སྣ་ཚོགས་ཀྱི་མདོ་སྡེ་བཤད་པ་སྟེ། དེ་ནི་བསྟན་པའི་ཚུལ་ཞེས་བྱའོ། ། དེ་ལ་རང་གི་གྲུབ་པའི་མཐའི་ཚུལ་ནི་འདི་ལྟ་སྟེ། རྣལ་འབྱོར་པ་རྣམས་རང་གི་ སེམས་སྣང་བའི་རྣམ་པར་རྟོག་པ་སྣ་ཚོགས་ཡོངས་སུ་སྤངས་ནས། འདི་ལྟ་སྟེ། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པའི་ཕྱོགས་སུ་མ་ལྷུང་བ། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ། སོ་སོ་རང་གིས་རིག་པ་འཕགས་པའི་སྤྱོད་ཡུལ། རྒྱུ་དང་། རིགས་པ་དང་། ལྟ་བའི་མཚན་ཉིད་དང་བྲལ་བ། མུ་སྟེགས་ཅན་དང་། ཉན་ཐོས་དང་།
BO
རང་སངས་རྒྱས་ཀྱི་ཐེག་པ་པ་མཐའ་གཉིས་སུ་ལྷུང་བ་ཐམས་ཅད་ཀྱིས་མི་ཤེས་པ་དེ་ནི་ངས་རང་གི་གྲུབ་པའི་མཐའི་ཚུལ་གྱི་ཆོས་སོ་ ཞེས་བཤད་དོ། ། བློ་གྲོས་ཆེན་པོ་དེ་ནི་རང་གི་གྲུབ་པའི་མཐའི་ཚུལ་དང་། བསྟན་པའི་ཚུལ་གྱི་མཚན་ཉིད་ཅེས་བྱ་སྟེ། དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་བསྒྲུབ་ཅིང་བསླབ་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། ། ང་ཡི་ཚུལ་ནི་རྣམ་གཉིས་ཏེ། ། གྲུབ་པའི་མཐའ་དང་བསྟན་པའོ། ། བྱིས་པ་རྣམས་ལ་བརྗོད་པ་བཤད། ། རྣལ་འབྱོར་པ་ལ་གྲུབ་མཐའོ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་དུས་གཅིག་གི་ཚེ་འདི་སྐད་དུ་འཇིག་རྟེན་རྒྱང་པན་པའི་སྨྲ་བ་དང་། སྤོབས་པ་ཅན་སྣ་ཚོགས་ལ་བསླབ་ཅིང་བསྙེན་པར་མི་བྱའོ། ། དེ་ལ་སློབ་ཅིང་བསྙེན་ན་ཟང་ཟིང་སྡུད་དེ་ཆོས་ སྡུད་པ་མ་ཡིན་ནོ། ། ཞེས་གསུངས་ན། བཅོམ་ལྡན་འདས་ཅིའི་སླད་དུ་དེ་སྐད་ཅེས་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་རྣམས་ནི་སྣ་ཚོགས་པའི་ཚིག་གི་ཚོགས་དང་། རྒྱུ་དང་རྐྱེན་དང་། དཔེ་རྣམས་སྡུད་ཅིང་འགོད་ པ་དག་གིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སླུ་ཞིང་རྣམ་པར་རྨོངས་པར་བྱེད་པས་ཡང་དག་པ་དེ་ཁོ་ནའི་རང་གི་ཚུལ་ལ་འཇུག་པར་མི་བྱེད་ལ་ཆོས་ཐམས་ཅད་ཁོང་དུ་མི་ཆུད་དེ། ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པས་མཐའ་གཉིས་སུ་ལྷུང་བ་དང་། བྱིས་པ་དག་ཤིན་ཏུ་རྨོངས་པར་བྱེད་ཅིང་ བདག་ཉིད་ཀྱིས་ཡང་རྣམ་པར་འཇིག་པས་འགྲོ་བ་རྣམས་སུ་མཚམས་སྦྱོར་གྱི། རྣམ་པར་གྲོལ་ན་མི་འཐོབ་སྟེ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་ཅིང་ཕྱི་རོལ་གྱི་དངོས་པོའི་རང་བཞིན་མ་སྤངས་པ་དང་། རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་སོ། ། དེ་ལྟ་བས་ ན་འཇིག་རྟེན་རྒྱང་པན་པ་སྤོབས་པ་སྣ་ཚོགས་ཅན་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། འཁྲུགས་པ་ལས་ཡོངས་སུ་མི་འགྲོལ་ཏེ། ཡོངས་སུ་སླུ་ཞིང་ཤིན་ཏུ་རྨོངས་པར་བྱེད་པ་ཡིན་ནོ། །
BO
བློ་གྲོས་ ཆེན་པོ་བརྒྱ་བྱིན་ལྷའི་དབང་པོ་བསྟན་བཅོས་མང་པོ་ལ་མཁས་པས་བདག་ཉིད་ཀྱིས་སྒྲའི་བསྟན་བཅོས་བྱས་པ་ལས་འཇིག་རྟེན་རྒྱང་པན་པ་དེའི་སློབ་མ་ཀླུའི་གཟུགས་དང་ཆ་བྱད་འཛིན་པ་ཞིག་བརྒྱ་བྱིན་ལྷའི་དབང་པོའི་གནས་སུ་སོང་ནས། འདི་སྐད་དུ་དམ་བཅས་སོ། ། བདག་ཁྱོད་དང་ ཆོས་སྨྲ་བར་བྱ་སྟེ། གལ་ཏེ་ཁྱོད་ཀྱིས་བདག་མ་ཐུབ་པར་གྱུར་ན་ནི་ཁྱོད་ཀྱི་རྩིབས་སྟོང་དང་ལྡན་པའི་འཁོར་ལོ་གཞིག་པར་བྱའོ། ། བདག་ཕམ་པར་གྱུར་ན་ནི་མགོ་རེ་རེ་ནས་བཅད་དེ་ཕམ་པའི་ཉེས་པ་ཁས་བླང་ངོ་ཞེས་དམ་བཅས་ནས་ཆོས་སྨྲས་པ་ལས་བརྒྱ་བྱིན་ལྷའི་དབང་པོ་ ཕམ་པར་བྱས་ཏེ། འཁོར་ལོ་རྩིབས་སྟོང་དང་ལྡན་པ་བཤིག་ནས་སླར་མིའི་འཇིག་རྟེན་འདིར་འོངས་སོ། ། དེ་ལྟར་བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་རྒྱུ་དང་དཔེ་སྣ་ཚོགས་བཀོད་པས་འདི་ལྟར་ཐ་ན་བྱོལ་སོང་དུ་གྱུར་པས་ཀྱང་ཚིག་གི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལྷ་དང་ལྷ་མ་ ཡིན་རྣམས་ཤིན་ཏུ་རྨོངས་པར་བྱེད་ཅིང་། སྐྱེ་བ་དང་། འཇིག་པའི་ལྟ་བ་ལ་རབ་ཏུ་འགོད་པར་བྱེད་ན། མི་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་རྣམས་ཡོངས་སུ་སྤང་བར་བྱ་སྟེ།
BO
སྡུག་བསྔལ་སྐྱེ་བའི་རྒྱུ་འཐོབ་པར་བྱེད་པས་བསླབ་ ཅིང་བསྙེན་པར་མི་བྱའོ། ། བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་རྣམས་ནི་ལུས་དང་བློས་ཡུལ་དམིགས་པ་ཙམ་དུ་སྟོན་ཏོ། ། བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་དེ་དག་སྟོང་ཕྲག་བརྒྱ་ཡོད་དེ། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་བསྟན་པ་བསྡུས་པ་རྣམས་འཇིག་པར་བྱེད་ཅིང་རྟོག་གེ་ ངན་པའི་རྒྱུ་དང་། ལྟ་བ་རྣམས་རྒྱས་པར་འགྱུར་བ་ན་སློབ་མ་ངན་པ་རྣམས་ཡོངས་སུ་འཛིན་པར་བྱེད་དོ། ། འདི་ལྟར་བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་བསྡུས་པ་འཇིག་པར་བྱེད་པ་རྣམས་ནི་ཚིག་གི་ཚོགས་དང་། རྒྱུ་དང་། དཔེ་སྣ་ཚོགས་བཀོད་པས་མུ་སྟེགས་ཀྱི་དངོས་པོ་ རྗོད་ཅིང་རང་གི་རྐྱེན་ལ་མངོན་པར་ཞེན་པས་རང་གི་ཚུལ་ཡོད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་དེ་དག་ལ་རང་གི་ཚུལ་གྱི་བསྟན་བཅོས་མེད་པས་གཞན་དག་ལ་འཇིག་རྟེན་རྒྱང་པན་པ་རྣམས་དངོས་པོའི་སྒོ་བརྒྱ་སྟོང་དུ་མ་ཚད་མེད་པ་རྣམས་རྒྱ་ཆེར་སྟོན་པར་བྱེད་དེ། རང་གི་ཚུལ་ཡོད་པ་མ་ཡིན་པ་དང་། བླུན་ཞིང་གཏི་མུག་པ་འཇིག་རྟེན་རྒྱང་པན་པ་ཡིན་པར་རང་གིས་མི་ཤེས་སོ། །
BO
དེ་ལ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གལ་ཏེ་མུ་སྟེགས་ཅན་འཇིག་རྟེན་རྒྱང་པན་པ་རྣམས་ཚིག་གི་ ཚོགས་དང་། རྒྱུ་དང་། དཔེ་སྣ་ཚོགས་སུ་འབྲེལ་པས་རང་གི་ཚུལ་མ་མཆིས་ཏེ། རང་གི་དངོས་པོ་ལ་མངོན་པར་ཞེན་པ་ལགས་ན་ནི། བཅོམ་ལྡན་འདས་ཀྱང་འཇིག་རྟེན་རྒྱང་པན་པ་ཉིད་སྟོན་ཏེ། འདི་ལྟར་ཕྱོགས་ཐ་དད་པ་སྣ་ཚོགས་ནས་འདུས་པའི་འཁོར་ལྷ་ དང་། མི་དང་ལྷ་མ་ཡིན་རྣམས་ལ་ཚིག་གི་ཚོགས་རྣམ་པ་སྣ་ཚོགས་ཚད་མ་མཆིས་པ་རྣམས་ཀྱིས་རྒྱ་ཆེར་གསུང་བས། དེ་ཡང་རང་གི་ཚུལ་མ་མཆིས་པ་མ་ལགས་སམ། མུ་སྟེགས་ཅན་གྱི་ཤེས་པ་དང་། ཐ་སྙད་བརྗོད་པའི་གྲངས་སུ་མཆི་བ་མ་ལགས་སམ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ང་ནི་འཇིག་རྟེན་རྒྱང་པན་མི་འཆད་དེ་འོང་བ་དང་འགྲོ་བ་མེད་པས་འོང་བ་མེད་པ་དང་། འགྲོ་བ་མེད་པ་འབའ་ཞིག་ཏུ་སྟོན་ཏེ། བློ་གྲོས་ཆེན་པོ་འོང་བ་ཞེས་བྱ་བ་ནི་འགྲོ་བ་རྣམས་འདུས་པ་ལས་སྐྱེ་བའོ། ། འགྲོ་བ་ཞེས་བྱ་བ་ནི་རྣམ་ པར་འཇིག་པ་སྟེ། འགྲོ་བ་མེད་པ་དང་། འོང་བ་མེད་པ་ནི་མི་སྐྱེ་མི་འཇིག་པ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་ངས་བཤད་པའི་ཆོས་རྣམས་ནི་འཇིག་རྟེན་རྒྱང་པན་པར་ལྷུང་བ་དང་། རྣམ་པར་རྟོག་པའི་གྲངས་སུ་གཏོགས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་ གྱི་དངོས་པོ་དང་། དངོས་པོ་མེད་པ་ལ་མངོན་པར་མ་ཞེན་ཅིང་རང་གི་སེམས་སྣང་བ་ཙམ་ལ་གནས་པས་མཐའ་གཉིས་ཀྱི་རྣམ་པར་རྟོག་པས་མི་གཡོས་ལ་མཚན་མའི་སྤྱོད་ཡུལ་དངོས་པོ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་རང་གི་སེམས་སྣང་བའི་རྣམ་ པར་རྟོག་པ་མི་སྐྱེ་སྟེ། རྣམ་པར་རྟོག་པ་མི་སྐྱེ་བ་ནི་སྟོང་པ་དང་། མཚན་མ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་ཐར་པ་གསུམ་ལ་ཞུགས་པས་རྣམ་པར་གྲོལ་བ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ངས་མངོན་པར་དྲན་པ་དུས་གཅིག་གི་ཚེ་ས་ཕྱོགས་ཤིག་ན་འདུག་ པ་ན་བྲམ་ཟེའི་འཇིག་རྟེན་རྒྱང་པན་པ་ཞིག་ང་ག་ལ་བ་དེར་འོངས་ནས་རབ་ཏུ་དབེན་པ་མི་འདྲི་བར་ང་ལ་འདི་སྐད་ཅེས་ཟེར་རོ། ། ཀྱེ་གཽ་ཏ་མ་ཐམས་ཅད་བྱས་པ་ཡིན་ནམ། ངས་དེའི་ཚེ་འདི་སྐད་དུ་ཀྱེ་བྲམ་ཟེ་ཐམས་ཅད་བྱས་པ་ཞེས་ཟེར་བ་འདི་ནི་འཇིག་རྟེན་རྒྱང་པན་པ་དང་པོའོ། ། དེས་ཡང་དྲིས་པ། ཐམས་ཅད་མ་བྱས་པ་ཡིན་ནམ།
BO
ངས་ཡང་འདི་སྐད་དུ་ཐམས་ཅད་བྱས་པ་མ་ཡིན་པ་འདི་ནི་འཇིག་རྟེན་རྒྱང་པན་པ་གཉིས་པ་ཡིན་ནོ་ཞེས་སྨྲས་སོ། ། དེས་ཡང་དྲིས་པ། ཐམས་ཅད་རྟག་པའམ། ཐམས་ཅད་མི་རྟག་པའམ། ཐམས་ཅད་སྐྱེ་བའམ། ཐམས་ཅད་མི་སྐྱེ་བའམ། ངས་དེའི་ཚེ་འདི་སྐད་དུ་དེ་དག་ནི་འཇིག་རྟེན་རྒྱང་པན་པ་དྲུག་པའོ་ཞེས་སྨྲས་སོ། ། བློ་གྲོས་ཆེན་པོ་དེས་ཡང་འདི་སྐད་དུ་ཐམས་ཅད་གཅིག་པའམ་ཐམས་ཅད་ཐ་དད་པའམ། ཐམས་ཅད་གཉི་གའམ། ཐམས་ཅད་གཉི་ག་མ་ཡིན་པའམ། ཐམས་ ཅད་རྒྱུ་སྣ་ཚོགས་ལས་སྐྱེ་བ་སྣང་བར་གྱུར་པའམ་ཞེས་དྲིས་པ་དང་། ངས་དེའི་ཚེ་འདི་སྐད་དུ་དེ་དག་ནི་འཇིག་རྟེན་རྒྱང་པན་པ་བཅུ་གཅིག་པའོ་ཞེས་སྨྲས་སོ། ། བློ་གྲོས་ཆེན་པོ་དེས་ཡང་འདི་སྐད་དུ་ཀྱེ་ཐམས་ཅད་ལུང་དུ་མ་བསྟན་པ་ཞིག་ཡིན་ནམ། ཐམས་ཅད་ལུང་དུ་བསྟན་ པ་ཞིག་ཡིན་ནམ། བདག་ཡོད་པ་ཞིག་གམ། བདག་མེད་པ་ཞིག་གམ། འཇིག་རྟེན་འདི་མེད་པ་ཞིག་གམ། འཇིག་རྟེན་ཕ་རོལ་ཡོད་པ་ཞིག་གམ། འཇིག་རྟེན་ཕ་རོལ་མེད་པ་ཞིག་གམ། རྣམ་པར་གྲོལ་བ་ཡོད་པ་ཞིག་གམ། རྣམ་པར་གྲོལ་བ་མེད་པ་ཞིག་གམ། ཐམས་ཅད་སྐད་ཅིག་པའམ། ཐམས་ཅད་སྐད་ཅིག་པ་མ་ཡིན་པའམ། ནམ་མཁའ་འམ། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའམ།
BO
མྱ་ངན་ལས་འདས་པའམ། ཀྱེ་གཽ་ཏ་མ་བྱས་པའམ། མ་བྱས་པའམ། བར་མ་དོའི་སྲིད་པ་ཡོད་པ་ཞིག་གམ། བར་མ་དོའི་སྲིད་པ་མེད་པ་ཞིག་གམ་དྲིས་པ་དང་། བློ་གྲོས་ཆེན་པོ་ངས་དེའི་ཚེ་འདི་སྐད་ཅེས། ཀྱེ་བྲམ་ཟེ་དེ་སྐད་དུ་སྨྲ་བ་དེ་དག་ཐམས་ཅད་ནི་འཇིག་རྟེན་རྒྱང་པན་པ་ཡིན་པས་ངས་བསྟན་པ་མ་ཡིན་གྱི། ཁྱོད་ཀྱི་འཇིག་རྟེན་རྒྱང་པན་པ་ཡིན་ནོ་ཞེས་སྨྲས་སོ། ། བྲམ་ཟེ་ང་ ནི་ཐོག་མ་མེད་པའི་དུས་ནས་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པའི་བག་ཆགས་སྣ་ཚོགས་ཀྱི་གནས་ངན་ལེན་རྣམས་སྲིད་པ་གསུམ་གྱི་རྒྱུ་ཡིན་པ་དང་། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པས་རྣམ་པར་རྟོག་པ་བྱུང་ནས་ཕྱི་རོལ་གྱི་དངོས་པོ་ལ་དམིགས་པར་བྱེད་པ་ འབའ་ཞིག་སྟོན་གྱི། ཇི་ལྟར་མུ་སྟེགས་ཅན་དག་བདག་དང་། དབང་པོ་རྣམས་དང་། དོན་གསུམ་འདུས་པ་ལས་ཤེས་པ་སྐྱེ་བ་ལྟ་བུར་ང་ནི་དེ་ལྟ་བུ་མ་ཡིན་ནོ། ། བྲམ་ཟེ་ང་ནི་རྒྱུར་སྨྲ་བ་ཡང་མ་ཡིན། རྒྱུ་མེད་པར་སྨྲ་བ་ཡང་མ་ཡིན་གྱི། རྣམ་པར་རྟོག་ པ་གཟུང་བ་དང་། འཛིན་པའི་དངོས་པོ་ཙམ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་ཉེ་བར་འདོགས་ཏེ།
BO
ཁྱོད་དང་གང་དག་བདག་ཏུ་འཛིན་པར་ལྷུང་བའི་རྒྱུན་ཆད་དག་གིས་ཤེས་པར་བྱ་བ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་དང་། ནམ་མཁའ་དང་། འགོག་ པ་དག་རྣམ་པ་གསུམ་དུ་ཡོད་པ་མ་ཡིན་གྱི། གྲངས་ཙམ་དུ་གསུམ་ཡོད་པར་ཟད་དོ། ། གཞན་ཡང་བློ་གྲོས་ཆེན་པོ་དེའི་ཚེ་བྲམ་ཟེ་འཇིག་རྟེན་རྒྱང་པན་པ་ང་ལ་འདི་སྐད་ཅེས་ཟེར་རོ། ། ཀྱེ་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྒྱུའི་ཕྱིར་སྲིད་པ་གསུམ་ཡོད་པར་གྱུར་ པའམ། འོན་ཀྱང་རྒྱུ་མེད་པ་ལས་ཡིན། ངས་དེའི་ཚེ་འདི་སྐད་ཅེས་འདི་གཉི་ག་ཡང་འཇིག་རྟེན་རྒྱང་པན་པའོ་ཞེས་སྨྲས་སོ། ། དེས་ཡང་འདི་སྐད་དུ་ཀྱེ་དངོས་པོ་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་དུ་གཏོགས་པ་ཞིག་ཡིན་ནམ། ཞེས་དྲིས་པ་དང་། ང་ཡང་འདི་སྐད་དུ་འདི་ ཡང་འཇིག་རྟེན་རྒྱང་པན་པ་ཉིད་ཡིན་ཏེ། བྲམ་ཟེ་ཇི་ཙམ་དུ་ཡིད་རྣམ་པར་གཡོས་པ་དང་། ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་ཅིང་རྣམ་པར་རྟོག་པ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་རྒྱང་པན་པའོ་ཞེས་སྨྲས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་དེའི་ཚེ་བྲམ་ཟེ་འཇིག་རྟེན་རྒྱང་ པན་པས་ང་ལ་ཡང་དྲིས་པ། ཀྱེ་འཇིག་རྟེན་རྒྱང་པན་པ་མ་ཡིན་པ་འགའ་ལྟ་ཡོད་དམ།
BO
བདག་ནི་མུ་སྟེགས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ། ཚིག་གི་ཚོགས་དང་། རྒྱུ་དང་། དཔེ་སྣ་ཚོགས་ཀྱི་བཀོད་པ་དག་སྟོན་པའོ། ། ངས་ཡང་འདི་སྐད་དུ། ཀྱེ་བྲམ་ཟེ་ ཡོད་དེ། ཁྱོད་ལ་ཡོད་པ་ནི་མ་ཡིན་ནོ། ། གྲུབ་པའི་མཐའ་མེད་པ་ཡང་མ་ཡིན། སྟོན་པ་ཡང་མ་ཡིན། སྣ་ཚོགས་ཀྱི་ཚིག་གི་ཚོགས་མི་སྟོན་པ་ཡང་མ་ཡིན། རྒྱུ་དང་དཔེ་མི་འགོད་པ་ཡང་མ་ཡིན་ནོ་ཞེས་སྨྲས་སོ། ། བྲམ་ཟེས་སྨྲས་པ། འཇིག་རྟེན་རྒྱང་ པན་མ་ཡིན་པ་དང་། གྲུབ་པའི་མཐའ་མེད་པ་ཡང་མ་ཡིན་པ་དང་། མི་སྟོན་པ་ཡང་མ་ཡིན་པ་དེ་ལྟ་བུ་ཡིན། ངས་དེའི་ཚེ་འདི་སྐད་དུ་བྲམ་ཟེ་འཇིག་རྟེན་རྒྱང་པན་མ་ཡིན་པ་ཡོད་དེ། མུ་སྟེགས་ཅན་ཁྱེད་རྣམས་ཀྱིས་ཤེས་པར་མི་ནུས་ཏེ། འདི་ལྟར་ཕ་རོལ་གྱི་དངོས་པོ་ལ་ ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པའི་སྤྲོས་པས་མངོན་པར་ཞེན་པའི་ཕྱིར་རོ། ། འདི་ལྟ་སྟེ་རྣམ་པར་རྟོག་པ་མི་སྐྱེ་ཞིང་ཡོད་པ་དང་མེད་པ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མི་སྐྱེ་བ་དང་། ཕྱི་རོལ་གྱི་ཡུལ་ལ་འཛིན་པ་མེད་ཅིང་རྣམ་པར་རྟོག་པ་རབ་ཏུ་ ཞི་བ་དེ་ནི་འཇིག་རྟེན་རྒྱང་པན་མ་ཡིན་པ་ཞེས་བྱ་སྟེ།
BO
འདི་ནི་ངའི་ཆོས་ཡིན་པས་ཁྱོད་ལ་ཡོད་པ་མ་ཡིན་ནོ། ། ཀྱེ་བྲམ་ཟེ་མདོར་བསྡུས་ཏེ་བསྟན་ན་རྣམ་པར་ཤེས་པ་དེ་འོང་བ་དང་། འགྲོ་བ་དང་། ཤི་འཕོ་བ་དང་། སྐྱེ་བ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བྱ་བ་དང་། ལྟ་བ་དང་། རེག་པ་དང་། མཚན་ཉིད་སྣ་ཚོགས་ལ་མངོན་པར་ཞེན་པ་དང་། འདུས་ཏེ་མཚམས་སྦྱོར་བ་དང་། སྲེད་པ་དང་། རྒྱུ་ལ་མངོན་པར་ཞེན་པ་སྟེ། ཀྱེ་བྲམ་ཟེ་འདི་ལྟ་བུ་ལ་སོགས་པ་དེ་དག་ཐམས་ཅད་ནི་ཁྱོད་ལ་སོགས་པའི་འཇིག་རྟེན་རྒྱང་པན་ཡིན་ཏེ་ང་ལ་ཡོད་ པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བྲམ་ཟེ་འཇིག་རྟེན་རྒྱང་པན་པས་དྲིས་པ་ལ་ངས་དེ་སྐད་དུ་ལན་བཏབ་པ་དང་། དེ་ཅང་མི་སྨྲ་བར་གྱུར་ཏེ། ལན་མེད་པས་སླར་སོང་ངོ་། ། དེ་རང་གི་ཚུལ་གྱི་གནས་ལ་སེམས་ཤིང་འདི་སྐད་དུ་དགེ་སྦྱོང་ཤཱཀྱའི་བུ་ནི་ཚུལ་ལས་ཤིན་ཏུ་ འདས་པས་ན་སྐྱེ་བ་མེད་པ་དང་། མཚན་མ་མེད་པ་དང་། རྒྱུ་མེད་པ་དང་། རང་གི་རྣམ་པར་རྟོག་པ་སྣང་བའི་མཚན་ཉིད་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མི་སྐྱེ་བར་སྨྲའོ་སྙམ་མོ། །
BO
བློ་གྲོས་ཆེན་པོ་འདི་ནི་ཁྱོད་ཀྱིས་སྔར་ང་ལ་ཅིའི་སླད་དུ་འཇིག་རྟེན་རྒྱང་པན་པ་སྤོབས་པ་སྣ་ཚོགས་ཅན་ ལ་སློབ་ཅིང་བསྟེན་ལ་ཟང་ཟིང་སྡུད་དེ། ཆོས་སྡུད་པ་མ་ཡིན་ནོ་ཞེས་བཀའ་སྩལ་ཅེས་དྲིས་པའིའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཟང་ཟིང་སྡུད་པ་དང་། ཆོས་ཞེས་བགྱི་བའི་ཚིག་གི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བློ་གྲོས་ཆེན་པོ་ཁྱོད་ཀྱིས་མ་འོངས་པའི་སེམས་ཅན་རྣམས་ཀྱི་ཕྱིར་ཚིག་གི་དོན་འདི་ལྟ་བུ་སེམས་ཤིང་འདྲི་བ་ལེགས་སོ་ལེགས་སོ། ། དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ ལྡན་འདས་ལ་གསོལ་པ། དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཟང་ཟིང་ཞེས་བྱ་བ་ནི་ལེན་པ་དང་། གཏོང་བ་དང་། རེག་པ་དང་། མྱང་བ་དང་། ཕྱི་རོལ་གྱི་ཡུལ་ལ་མངོན་པར་ཞེན་པ་དང་། མཐའ་གཉིས་ཀྱི་ལྟ་བར་ལྷུང་བ་དང་། ཡང་སྡུག་བསྔལ་གྱི་ཕུང་པོ་སྐྱེད་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། འཁྲུག་པ་རྣམས་ཏེ།
BO
དེ་ལྟ་བུའི་སྒྱུ་མ་རྣམས་ནི་སྲེད་པ་ལས་བྱུང་བས། དེའི་ཕྱིར་འཇིག་རྟེན་རྒྱང་ པན་སློབ་ཅིང་སྟེན་པ་རྣམས་དང་། འཇིག་རྟེན་རྒྱང་པན་པ་རྣམས་ནི་ང་དང་སངས་རྒྱས་གཞན་དག་གིས་ཀྱང་ཟང་ཟིང་ཞེས་བརྗོད་དེ། འདི་ནི་ཟང་ཟིང་སྡུད་ཅིང་ཆོས་སྡུད་པ་མ་ཡིན་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཆོས་སྡུད་པ་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་ཙམ་དུ་ ལེགས་པར་རྟོགས་ཤིང་ཁོང་དུ་ཆུད་པ་དང་། གང་ཟག་དང་ཆོས་བདག་མེད་པའི་མཚན་ཉིད་ཐོབ་པས་རྣམ་པར་རྟོག་པ་མི་སྐྱེ་བ་དང་། ས་རྣམས་ལ་གོང་ནས་གོང་དུ་ཤིན་ཏུ་མཁས་པས་སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་པ་དང་། སངས་རྒྱས་ཐམས་ཅད་ ཀྱི་ཡེ་ཤེས་དང་། དབང་བསྐུར་བ་ཕུན་སུམ་ཚོགས་པ་དང་། མཐར་ཐུག་པ་མེད་པའི་གནས་བཅུ་ཡོངས་སུ་གཟུང་བ་དང་། ཆོས་ཐམས་ཅད་ལ་རྩོལ་བ་མེད་པར་དབང་བྱེད་པ་ནི་ཆོས་ཞེས་བྱ་སྟེ། དེ་ནི་འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་། སྤྲོས་པ་ཐམས་ཅད་དང་། རྣམ་པར་རྟོག་པ་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། མཐའ་གཉིས་ཐམས་ཅད་དུ་མི་ལྟུང་ངོ་། ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་བྱིས་པ་རྣམས་ནི་ཕལ་ཆེར་རྟག་པ་དང་།
BO
ཆད་པའི་མཐའ་གཉིས་སུ་ལྟུང་གི་མཁས་པ་རྣམས་ནི་མ་ཡིན་ནོ། ། དེ་ལ་རྒྱུ་མེད་ པར་སྨྲ་བ་ཡོངས་སུ་བཟུང་བས་ནི་རྟག་པར་ལྟ་བ་འབྱུང་ངོ་། ། ཕྱི་རོལ་གྱི་རྒྱུ་འཇིག་ཅིང་རྒྱུ་དང་རྐྱེན་དངོས་པོ་མེད་པར་མཐོང་བ་ལས་ནི་ཆད་པར་ལྟ་བ་འབྱུང་སྟེ། བློ་གྲོས་ཆེན་པོ་དེ་ནི་སྐྱེ་བ་དང་། གནས་པ་དང་། འཇིག་པ་མི་མཐོང་བའི་ཕྱིར་ཆོས་ཞེས་བྱའོ། ། བློ་གྲོས་ཆེན་ པོ་དེ་ནི་ཟང་ཟིང་དང་ཆོས་ཞེས་བྱ་སྟེ། དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་བསླབ་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འཇིག་རྟེན་རྒྱང་པན་ཐམས་ ཅད་ནི། ། མུ་སྟེགས་ཅན་གྱིས་བཤད་དེ་{བརྫུན,རྫུན}། ། རྣམ་རྟོག་བྱེད་དང་བྱ་བར་མཐོང་། ། དེ་ལ་རང་གི་གྲུབ་མཐའ་མེད། ། ང་ཡི་གྲུབ་མཐའ་འདི་འབའ་ཞིག ། བྱེད་དང་བྱ་བ་ཡོངས་སུ་སྤངས། ། འཇིག་རྟེན་རྒྱང་པན་རྣམ་བྲལ་བ། ། སློབ་མ་རྣམས་ལ་རབ་ཏུ་བཤད། ། སེམས་ ཙམ་དེ་ནི་མི་དམིགས་པས། ། སེམས་གཉིས་སོ་སོར་རྟོག་མི་བྱེད། ། གཟུང་དང་འཛིན་པ་དངོས་མེད་དེ། ། རྟག་ཆད་གཉི་ག་ཡོངས་སུ་སྤངས། ། ཇི་སྲིད་སེམས་ནི་འཇུག་པའི་བར།
BO
། དེ་སྲིད་འཇིག་རྟེན་རྒྱང་པན་ཡིན། ། རྣམ་པར་རྟོག་པ་མི་འཇུག་ན། ། དེས་ནི་རང་གི་ སེམས་མཐོང་ངོ་། ། འོང་ཚེ་དངོས་པོ་སྐྱེ་ཞེས་བྱ། ། འགྲོ་ཚེ་དངོས་པོ་ཡོང་མི་སྣང་། ། འགྲོ་འོང་ལེགས་པར་གསལ་རྟོགས་ན། ། རྣམ་པར་རྟོག་པ་ཡང་མི་སྐྱེ། ། རྟག་པ་དང་ནི་མི་རྟག་དང་། ། བྱས་པ་དང་ནི་མ་བྱས་པ། ། འཇིག་རྟེན་འདི་དང་འཇིག་རྟེན་གཞན། ། ཐམས་ཅད་ འཇིག་རྟེན་རྒྱང་པན་ཚུལ། ། དེ་ནས་ཡང་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ། ཆོས་ཇི་ལྟ་བུ་ཞིག་ལ་མྱ་ངན་ལས་འདས་པ་ཞེས་བགྱི་ན། མུ་སྟེགས་ཅན་རྣམས་སོ་སོ་ནས་རྣམ་པར་ རྟོག་པ་སྐྱེད་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་ཇི་ལྟར་མུ་སྟེགས་ཅན་རྣམས་མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་དང་། དེ་དག་གི་རྣམ་པར་རྟོག་པ་ མྱ་ངན་ལས་འདས་པའི་རྗེས་སུ་འཐུན་པར་འགྱུར་བ་མ་ཡིན་པ་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་།
BO
བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་མུ་སྟེགས་ ཅན་ཁ་ཅིག་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འགགས་པ་དང་། ཡུལ་འདོད་ཆགས་དང་བྲལ་བ་དང་། ཆོས་རྣམས་མི་རྟག་པར་མཐོང་བ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཀྱི་ཕྱོགས་མི་སྐྱེ་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ཡུལ་མི་ དྲན་པ་དང་། ཉེ་བར་ལེན་པ་ཕུང་པོ་ཟད་པ་མར་མེ་བཞིན་འགགས་པ་དང་། ས་བོན་ལྟར་ཞིག་པས་རྣམ་པར་རྟོག་པ་མི་སྐྱེའོ་ཞེས་དེ་དག་གིས་འདི་དག་ལ་མྱ་ངན་ལས་འདས་པར་འདུ་ཤེས་ཏེ། བློ་གྲོས་ཆེན་པོ་འཇིག་པར་ལྟ་བ་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་མ་ཡིན་ནོ། ། ཁ་ཅིག་ནི་ ཕྱོགས་ནས་ཕྱོགས་སུ་སོང་ན་ཐར་པ་ཞེས་བརྗོད་དོ། ། ཁ་ཅིག་ནི་ཡུལ་གྱི་རྟོག་པ་འགགས་ཏེ། ཇི་ལྟར་རླུང་ཞི་བ་བཞིན་དུ་གྱུར་ན་ཐར་པ་ཞེས་བརྗོད་དོ། ། ཁ་ཅིག་ནི་བློ་དང་རིག་པར་བྱ་བ་མཐོང་བ་རྣམ་པར་ཞིག་པ་ལ་ཐར་པ་ཞེས་བརྗོད་དོ། ། ཁ་ཅིག་ནི་རྟག་པ་དང་། མི་རྟག་པར་མཐོང་བ་ལ་ ཐར་པའོ་ཞེས་འདུ་ཤེས་སོ། ། ཁ་ཅིག་ནི་མཚན་མར་འདུ་ཤེས་པ་མང་པོ་ནི་སྡུག་བསྔལ་བསྐྱེད་པའི་རྒྱུ་འཐོབ་པར་འགྱུར་རོ་སྙམ་དུ་བསམས་ནས།
BO
རང་གི་སེམས་སྣང་བ་ཙམ་ལ་མི་མཁས་པས་མཚན་མ་རྣམས་ཀྱིས་འཇིགས་ཤིང་སྐྲག་སྟེ། མཚན་མ་མེད་པར་མཐོང་བ་ལ་རབ་ཏུ་མོས་ ཤིང་འདོད་ནས་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། ཁ་ཅིག་ནི་ནང་དང་ཕྱིའི་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ནི་དངོས་པོར་ཡོད་དེ། མི་འཇིགས་པའོ་ཞེས་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། ཁ་ཅིག་ ནི་བདག་དང་། གང་ཟག་དང་། སེམས་ཅན་དང་། སྲོག་དང་། ཆོས་ཐམས་ཅད་མི་འཇིག་པ་ལ་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། མུ་སྟེགས་ཅན་ཁ་ཅིག་ནི་ལོག་པའི་མེས་ཤེས་རབ་སྲེག་པ་དང་། རང་བཞིན་དང་། སྐྱེས་བུ་མཐོང་ཞིང་། དེ་གཉིས་ཀྱི་ཡོད་པ་ལས་སྐྱེས་བུས་ འབྱིན་པ་རྣམས་ནི་རང་བཞིན་ཞེས་བྱ་སྟེ། ཇི་ལྟར་དང་པོའི་མུན་པ་བཞིན་དུ་ཡོན་ཏན་རྣམ་པར་འགྱུར་བ་དང་། ཡོན་ཏན་གྱི་བྱེད་པ་པོ་ལ་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། ཁ་ཅིག་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་ཟད་པས། ཁ་ཅིག་ནི་ཉོན་མོངས་པ་ཟད་ཅིང་ཤེས་པས། ཁ་ཅིག་ནི་འཁོར་བ་རྣམས་དབང་ཕྱུག་གིས་ཡང་དག་པར་བྱས་པར་མཐོང་བ་ལ་མྱ་ངན་ལས་འདས་པར་འདུ་ཤེས་སོ། །
BO
ཁ་ཅིག་འཁོར་བ་རྣམས་ནི་གཅིག་གིས་གཅིག་བསྐྱེད་པས་རྒྱུ་གཞན་ཅི་ཡང་མེད་དེ། འདི་ལྟར་རྒྱུ་ལ་མངོན་པར་ཞེན་ཅིང་དེ་གཏི་མུག་པས་ཁོང་དུ་མི་ཆུད་དེ། ཁོང་དུ་ མ་ཆུད་པའི་ཕྱིར་མྱ་ངན་ལས་འདས་པའོ་ཞེས་འདུ་ཤེས་སོ། ། མུ་སྟེགས་ཅན་ཁ་ཅིག་ནི་ཡང་དག་པའི་བདེན་པའི་ལམ་ཐོབ་པ་ལ་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། ཁ་ཅིག་ནི་ཡོན་ཏན་ཅན་དང་། ཡོན་ཏན་གྱིས་བསྐྱེད་པ་ལ་ཚོགས་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉི་ ག་དང་། གཉི་ག་མ་ཡིན་པར་མཐོང་བ་ལ་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། ཁ་ཅིག་ནི་རང་བཞིན་ལས་བྱུང་བས་རྨ་བྱའི་རྣམ་པར་བཀྲ་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་དང་། ཚེར་མ་རྣོ་བ་ལ་སོགས་པ་ལྟ་བུར་དངོས་པོ་རྣམས་ཀྱི་རང་བཞིན་མཐོང་ནས་མྱ་ངན་ལས་ འདས་པར་འདུ་ཤེས་སོ། ། བློ་གྲོས་ཆེན་པོ་ཁ་ཅིག་ནི་སྲིད་པ་ཉི་ཤུ་རྩ་ལྔ་དེ་ཁོ་ན་ཉིད་ཡིན་པར་ཁོང་དུ་ཆུད་པས། ཁ་ཅིག་ནི་རྒྱལ་པོའི་ཡུལ་སྐྱོང་བ་དང་། ཡོན་ཏན་དྲུག་གི་བསྟན་པ་འཛིན་པས་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། ཁ་ཅིག་ནི་བྱེད་པ་པོ་དུས་ཡིན་པར་མཐོང་ནས།
BO
འཇིག་ རྟེན་འབྱུང་བ་ནི་དུས་ལ་རག་ལས་སོ་ཞེས་དེ་ལྟར་ཁོང་དུ་ཆུད་པ་ལས་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། ཁ་ཅིག་ནི་དངོས་པོས་སོ། ། ཁ་ཅིག་ནི་དངོས་པོ་མེད་པས་སོ། ། ཁ་ཅིག་ནི་དངོས་པོ་དང་དངོས་པོ་མེད་པ་ཡོངས་སུ་ཤེས་པས་སོ། ། ཁ་ཅིག་ནི་དངོས་པོའི་རྟོག་པ་དང་། མྱ་ངན་ལས་ འདས་པ་བྱེ་བྲག་ཡོད་པར་མཐོང་བས་མྱ་ངན་ལས་འདས་པར་འདུ་ཤེས་ཏེ། དེ་ལྟར་དེ་ལྟ་བུའི་རྣམ་པར་རྟོག་པ་སྣ་ཚོགས་མུ་སྟེགས་ཅན་དག་གིས་བསྟན་པ་ཡོད་ཀྱང་རིག་པ་དང་མི་ལྡན་པས་མཁས་པ་རྣམས་ཀྱིས་སྤངས་པ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་དག་ཐམས་ཅད་མཐའ་གཉིས་སུ་ལྟུང་ བའི་བསམ་པས་མྱ་ངན་ལས་འདས་པར་འདུ་ཤེས་ཏེ། དེ་ལྟ་བུ་ལ་སོགས་པའི་རྣམ་པར་རྟོག་པས་མུ་སྟེགས་ཅན་དག་མྱ་ངན་ལས་འདས་པར་ཡོངས་སུ་རྟོག་ཀྱང་། འདི་ལ་གང་ཡང་སྐྱེ་བའམ། འགག་པ་མེད་དོ། ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་སོ་སོའི་མྱ་ངན་ལས་འདས་པ་དེ་ དག་ནི་དེ་དག་རང་གི་བསྟན་བཅོས་དང་ཤེས་པས་སོ་སོར་བརྟགས་པས་ན་རྣམ་པར་གཞག་པ་ཅི་ཡང་མེད་དེ། ཇི་ལྟར་དེ་དག་གི་རྣམ་པར་རྟོག་པའི་སེམས་དང་། ཡིད་བཞིན་དུ་འོང་བ་དང་། འགྲོ་བ་དང་།
BO
རབ་ཏུ་གཡོ་བས་ཐམས་ཅད་གང་ཡང་མྱ་ངན་ལས་འདས་པ་ཐོབ་པ་མེད་དོ། ། བློ་གྲོས་ཆེན་པོ་ ངས་ཇི་སྐད་དུ་བསྟན་པའི་མྱ་ངན་ལས་འདས་པ་ནི་འདི་ལྟ་སྟེ། རང་གི་སེམས་སྣང་བ་ཙམ་དུ་མཁས་ཤིང་ཁོང་དུ་ཆུད་པ་དང་། ཕྱི་རོལ་གྱི་དངོས་པོ་ལ་མངོན་པར་ཆགས་ཤིང་མཐའ་བཞི་ཡོངས་སུ་སྤངས་པ་དང་། ཡང་དག་པ་ཇི་ལྟར་གནས་པ་བཞིན་དུ་མཐོང་བས་རང་གི་སེམས་སྣང་བར་རྣམ་ པར་རྟོག་པའི་མཐའ་གཉིས་སུ་མ་ལྷུང་བ་དང་། གཟུང་བ་དང་། འཛིན་པ་མི་དམིགས་པས་ཚད་མ་ཐམས་ཅད་ཀྱིས་གྲུབ་པར་མི་མཐོང་བ་དང་། དེ་ཁོ་ན་ཉིད་ལ་རྨོངས་པ་ཡིན་པས་ཡོངས་སུ་བསྡུ་བར་མི་བྱའོ་ཞེས་དེ་ཡོངས་སུ་སྤངས་ནས། བདག་གི་འཕགས་པའི་སོ་སོ་རང་གིས་རིག་པའི་ ཆོས་ཐོབ་པ་དང་། བདག་མེད་པ་རྣམ་གཉིས་རྟོགས་པ་དང་། ཉོན་མོངས་པ་གཉིས་ཡོངས་སུ་སྤངས་པ་དང་། སྒྲིབ་པ་གཉིས་རྣམ་པར་དག་པ་དང་། འཆི་འཕོ་གཉིས་གཏན་ནས་སྤངས་པ་དང་། ས་རྣམས་གོང་ནས་གོང་དུ་སྦྱངས་པས་དེ་བཞིན་གཤེགས་པའི་ས་ལ་འཇུག་ཅིང་གཟུགས་ བརྙན་དང་། སྒྱུ་མ་ལ་སོགས་པའི་ཏིང་ངེ་འཛིན་ཟབ་མོ་ཐོབ་པ་དང་། སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་སྤངས་པ་ནི་མྱ་ངན་ལས་འདས་པ་ཞེས་བསྟན་ཏོ། །
BO
བློ་གྲོས་ཆེན་པོ་དེ་ལ་ཁྱོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་བསླབ་པར་ བྱ་ཞིང་། མུ་སྟེགས་ཅན་ཐམས་ཅད་ཀྱི་མྱ་ངན་ལས་འདས་པར་ལྟ་བ་རྣམས་མྱུར་དུ་ཡོངས་སུ་སྤང་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། མུ་སྟེགས་མྱ་ངན་འདས་ལྟ་ཞིང་། ། སོ་སོར་རྣམ་རྟོག་གང་བྱུང་བ། ། དེ་དག་སེམས་ཀྱི་རྟོག་ལས་སྐྱེས། ། ཐར་པའི་ཐབས་ནི་ཡོད་མ་ཡིན། ། འཆིང་དང་བཅིང་བྱ་ལ་རྨོངས་པ། ། ཐབས་མཁས་ཡོངས་སུ་སྤངས་པས་ན། ། མུ་སྟེགས་ཐར་པ་འདུ་ཤེས་པ། ། ཐར་པ་ནམ་ཡང་སྐྱེ་མི་འགྱུར། ། ཤེས་པ་མང་པོས་ཐ་དད་འཇུག ། མུ་སྟེགས་ཅན་གྱིས་མཐོང་བའི་ ཚུལ། ། དེ་དག་ཐར་པ་ཡོད་མ་ཡིན། ། བླུན་ཞིང་གཏི་མུག་རྣམ་རྟོག་ཕྱིར། ། མུ་སྟེགས་བླུན་པོས་ཐམས་ཅད་ཀུན། ། རྣམ་རྟོག་བྱེད་དང་བྱ་བར་མཐོང་། ། ཡོད་མེད་ཕྱོགས་སུ་སྨྲ་བ་རྣམས། ། དེ་དག་ལ་ནི་ཐར་པ་མེད། ། བྱིས་པ་རྣམ་པར་རྟོག་ལ་མོས། ། ཡང་དག་བློ་གྲོས་ཐོས་མི་འགྱུར། ། སྨྲ་ བ་སྡུག་བསྔལ་གསུམ་གྱི་གནས། ། ཡང་དག་སྡུག་བསྔལ་འཇིག་པའི་རྒྱུ། ། ཇི་ལྟར་མེ་ལོང་གཟུགས་བརྙན་དག །
BO
སྣང་བ་ཡོད་པ་མ་ཡིན་ལྟར། ། རྣམ་རྟོག་སེམས་ཀྱི་མེ་ལོང་ལ། ། བྱིས་པ་དག་གིས་གཉིས་ཡོད་མཐོང་། ། སེམས་དང་དམིགས་པ་མ་ཤེས་པ། ། རྣམ་པར་རྟོག་པ་གཉིས་ སྐྱེ་སྟེ། ། སེམས་དང་ཡུལ་ནི་ཡོངས་ཤེས་ན། ། རྣམ་པར་རྟོག་པ་སྐྱེ་མི་འགྱུར། ། སེམས་ནི་སྣ་ཚོགས་འགྱུར་བ་སྟེ། ། མཚན་ཉིད་མཚན་གཞི་ཡོངས་སྤངས་པས། ། བྱ་བ་སྣང་ཡང་སྣང་བ་མེད། ། ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། ། སྲིད་གསུམ་རྣམ་པར་རྟོག་ཙམ་པས། ། ཕྱི་རོལ་གྱི་ ནི་དོན་མེད་དེ། ། རྣམ་པར་རྟོག་པ་སྣ་ཚོགས་སྣང་། ། བྱིས་པ་དག་གིས་མི་རྟོགས་སོ། ། མདོ་དང་མདོ་ལས་རྣམ་རྟོག་བཤད། ། ནམ་ཡང་མིང་ལས་འདའ་མི་འགྱུར། ། བརྗོད་པ་དག་ནི་མ་གཏོགས་པར། ། བརྗོད་པར་བྱ་བ་ཅི་ཡང་མེད། ། ། ། འཕགས་པ་ལང་ཀར་གཤེགས་པ་ རིན་པོ་ཆེའི་མདོ་ལས། བམ་པོ་བདུན་པ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ཉིད་བཤད་དུ་གསོལ། དེ་ནས་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གཞན་རྣམས་དེ་བཞིན་གཤེགས་པའི་རང་བཞིན་ལ་མཁས་ཤིང་།
BO
བདག་དང་གཞན་རྣམས་ཁོང་དུ་ཆུད་པར་བགྱིད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཁྱོད་ཇི་ལྟར་འདོད་པ་བཞིན་དུ་དྲིས་ཤིག་དང་། ངས་ཇི་ལྟར་ཁྱོད་ཀྱིས་དྲིས་པ་དེ་བཞིན་ དུ་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བགྱིས་པའམ། མ་བགྱིས་པའམ། དངོས་པོའམ། རྒྱུའམ། མཚན་ཉིད་དམ། མཚན་ཉིད་ཀྱི་ གཞི་འམ། བརྗོད་པའམ། བརྗོད་པར་བགྱི་བའམ། བློའམ། རིག་པར་བགྱི་བའམ། དེ་ལྟ་བུ་ལ་སོགས་པའི་ཚིག་རྣམས་དང་། ཐ་དད་པའམ། ཐ་དད་པ་མ་ལགས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དེ་ལྟ་བུ་ལ་སོགས་པའི་ཚིག་གི་དངོས་པོ་ཡང་མ་ཡིན། རྒྱུ་ཡང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཉི་ག་ཡང་ཉེས་པར་འགྱུར་བའི་ཕྱིར་རོ། ། བློ་གྲོས་ཆེན་པོ་གལ་ཏེ་དེ་བཞིན་གཤེགས་པ་དངོས་པོ་ཡིན་མིན་བྱས་པའམ། མི་རྟག་པར་ འགྱུར་ཏེ། མི་རྟག་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་བས་ན།
BO
དེ་ནི་ང་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མི་བཞེད་དོ། ། ཅི་སྟེ་བྱས་པ་མ་ཡིན་ན་ནི་དམིགས་སུ་མེད་པའི་ཕྱིར་སྦྱོར་བ་རྣམས་དོན་མེད་པར་འགྱུར་ཏེ། རི་བོང་གི་རྭ་དང་། མོ་ ཤམ་གྱི་བུ་ལྟར་ཡོད་པ་མ་ཡིན་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་གང་དངོས་པོ་ཡང་མེད། རྒྱུ་ཡང་མེད་པ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། གང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དེ་ནི་མཐའ་བཞི་ལས་འདས་པའོ། ། མཐའ་བཞི་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་བརྗོད་ པའོ། ། གང་མཐའ་བཞི་ལས་འདས་པ་དེ་ནི་མཐའ་བཞིར་མ་ལྷུང་བའོ། ། མ་ལྷུང་བའི་ཕྱིར་མཁས་པ་རྣམས་ཀྱིས་ལེན་པར་བྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཚིག་གི་དོན་ཀྱང་དེ་བཞིན་དུ་རིག་པར་བྱའོ། ། བློ་གྲོས་ཆེན་པོ་བློ་དང་ལྡན་པ་རྣམས་ཀྱིས་ཇི་ལྟར་ངས་ཆོས་ཐམས་ཅད་ བདག་མེད་པའོ་ཞེས་བཤད་པ་དེའི་དོན་ཀྱང་ཁོང་དུ་ཆུད་པར་བྱའོ། ། བདག་མེད་པའི་དངོས་པོ་ནི་བདག་མེད་པ་ཉིད་དེ་ཆོས་ཐམས་ཅད་ནི་རང་གི་དངོས་པོར་ཡོད་ཀྱི་གཞན་གྱི་དངོས་པོར་ནི་མེད་དོ། ། ཇི་ལྟར་བ་ལང་དང་རྟ་བཞིན་ཏེ། བློ་གྲོས་ཆེན་པོ་དཔེར་ན་བ་ལང་དང་།
BO
རྟའི་དངོས་པོ་མ་ཡིན་པ་ལ་ བ་ལང་དང་རྟའི་དངོས་པོ་དེ་ཡང་དག་པར་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡང་དེ་རང་གི་མཚན་ཉིད་མེད་པ་ནི་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་རང་གི་མཚན་ཉིད་མེད་པ་ཡང་མ་ཡིན་ཏེ། རང་གི་མཚན་ཉིད་ཡོད་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བདག་མེད་པ་ ཁོང་དུ་ཆུད་པར་ནུས་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པའི་ཕྱིར་རོ། ། དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་དང་། སྐྱེ་བ་མེད་པ་དང་། རང་བཞིན་མེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་དང་། ཐ་དད་པ་ཡང་མ་ཡིན། གཅིག་པ་ཡང་ མ་ཡིན་ཏེ། གལ་ཏེ་ཕུང་པོ་རྣམས་དང་ཐ་དད་པ་མ་ཡིན་ན་ནི་མི་རྟག་པ་ཡིན་པར་འགྱུར་རོ། ། ཅི་སྟེ་ཐ་དད་ན་ནི་སྦྱོར་བ་རྣམས་དོན་མེད་པར་འགྱུར་རོ། ། གལ་ཏེ་གཉིས་སུ་གྱུར་ན་ནི་ཐ་དད་པར་འགྱུར་ཏེ། ཇི་ལྟར་བ་ལང་གི་རྭ་བཞིན་དུ་འདྲ་བའི་ཕྱིར་ཐ་དད་པ་ཡང་མ་ཡིན་ལ། རིང་ཐུང་བྱེ་བྲག་ ཡོད་པའི་ཕྱིར་ཐ་དད་པ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། ། བློ་གྲོས་ཆེན་པོ་ཇི་ལྟར་བ་ལང་གི་རྭ་གཡས་པ་ནི་རྭ་གཡོན་པ་ལས་ཐ་དད་ལ།
BO
རྭ་གཡོན་པ་ནི་རྭ་གཡས་པ་ལས་ཐ་དད་པས། དེའི་ཕྱིར་རྭ་གཉིས་ནི་གདོན་མི་ཟ་བར་ཐ་དད་པ་ཡིན་པར་རིག་པར་བྱ་སྟེ། དེ་བཞིན་དུ་རིང་པོ་དང་། ཐུང་ངུ་དང་། གཟུགས་སྣ་ཚོགས་རྣམས་ཀྱང་ཕན་ཚུན་ཐ་དད་དོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་ནོ། ། དེ་བཞིན་དུ་དེ་བཞིན་གཤེགས་པ་ ཡང་ཐར་པ་དང་ཐ་དད་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་པས། འདི་ལྟར་དེ་བཞིན་གཤེགས་པ་ནི་ཐར་པའི་མིང་གིས་བསྟན་ཏོ། ། གལ་ཏེ་དེ་བཞིན་གཤེགས་པ་དང་ཐར་པ་ཐ་དད་ན་ནི་གཟུགས་ཀྱི་མཚན་ཉིད་ལས་མངོན་པར་འགྲུབ་པར་འགྱུར་ཏེ། གཟུགས་ཀྱི་མཚན་ཉིད་ལས་ མངོན་པར་འགྲུབ་པའི་ཕྱིར་མི་རྟག་པར་འགྱུར་རོ། ། ཅི་སྟེ་ཐ་མི་དད་ན་ནི་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པའི་མཚན་ཉིད་བྱེ་བྲག་མེད་པར་འགྱུར་ཏེ། རྣལ་འབྱོར་པ་རྣམས་ཀྱིས་བྱེ་བྲག་ཀྱང་མཐོང་བས་ན་དེའི་ཕྱིར་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་ནོ། ། དེ་བཞིན་དུ་ཤེས་པ་ དང་། ཤེས་བྱ་ཡང་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཤེས་པ་དང་། ཤེས་བྱ་ཐ་དད་པ་ཡང་མ་ཡིན།
BO
ཐ་མི་དད་པ་ཡང་མ་ཡིན་པ་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། བྱེད་པ་ཡང་མ་ཡིན། བྱས་པ་ཡང་མ་ཡིན། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན། བློ་ཡང་མ་ཡིན། རིག་པར་བྱ་བ་ཡང་མ་ཡིན། མཚན་ཉིད་ཀྱང་མ་ཡིན། མཚན་ཉིད་ཀྱི་གཞི་ཡང་མ་ཡིན། ཕུང་པོ་རྣམས་ཀྱང་མ་ཡིན། ཕུང་པོ་རྣམས་ཐ་དད་པ་ཡང་མ་ཡིན། བཤད་པ་ཡང་མ་ཡིན། བཤད་པར་བྱ་བ་ ཡང་མ་ཡིན། གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན། གཉི་ག་ཡང་མ་ཡིན། གཉི་ག་མ་ཡིན་པ་ཡང་མ་ཡིན་པའི་ཕྱིར་ཚད་མ་ཐམས་ཅད་དང་བྲལ་བའོ། ། གང་ཚད་མ་ཐམས་ཅད་དང་བྲལ་བ་དེ་ནི་ཚིག་མེད་པའོ། ། གང་ཚིག་མེད་པ་དེ་ནི་མ་སྐྱེས་པའོ། ། གང་མ་སྐྱེས་པ་ དེ་ནི་མ་འགགས་པའོ། ། གང་མ་འགགས་པ་དེ་ནི་རབ་ཏུ་ཞི་བའོ། ། གང་རབ་ཏུ་ཞི་བ་དེ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། ། གང་རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ནི་དངོས་པོ་དང་རྒྱུ་མེད་པའོ། ། གང་དངོས་པོ་དང་རྒྱུ་མེད་པ་དེ་ནི་དམིགས་པ་མེད་པའོ། ། གང་དམིགས་པ་མེད་ པ་དེ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའོ། ། གང་སྤྲོས་པ་ཐམས་ཅད་ལས་འདས་པ་དེ་ནི་དེ་བཞིན་གཤེགས་པའོ། །
BO
དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། ། བློ་གྲོས་ཆེན་པོ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ཉིད་ཅེས་བྱ་སྟེ། བློ་གྲོས་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ནི་དབང་པོ་དང་། ཚད་མ་ཐམས་ཅད་དང་བྲལ་བའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དབང་པོ་ཚད་མ་རབ་བྲལ་ཞིང་། ། དངོས་པོ་མེད་ཅིང་རྒྱུ་ཡང་མེད། ། བློ་དང་རིག་བྱ་ཡོངས་སྤངས་ཤིང་། ། མཚན་ཉིད་མཚན་ཉིད་གཞི་ཡང་སྤངས། ། ཕུང་པོ་རྐྱེན་སོགས་སངས་རྒྱས་པ། ། གཅིག་དང་ཐ་དད་མཐོང་མི་ནུས། ། གལ་ཏེ་མཐོང་བ་ཡོད་མིན་ན། ། ཅི་ཡི་ཕྱིར་ན་རྣམ་པར་རྟོག ། བྱས་པ་མ་ཡིན་མ་བྱས་མིན། ། དངོས་པོ་མ་ཡིན་རྒྱུ་ཡང་མིན། ། ཕུང་ མིན་ཕུང་ལ་གནས་པ་མིན། ། གཞན་ཡང་འདྲེས་པ་ཡོད་མ་ཡིན། ། ཇི་ལྟར་དེ་ཡིས་བརྟགས་པ་ལྟར། ། དངོས་པོ་རྣམས་ནི་ཡོད་མ་ཡིན། ། མེད་པའང་མ་ཡིན་ཤེས་པར་བྱ། ། དེ་ནི་ཆོས་ཀྱི་ཆོས་ཉིད་དོ། ། ཡོད་པར་གྱུར་ཕྱིར་མེད་པ་ཡོད། ། མེད་པར་གྱུར་ཕྱིར་ཡོད་པ་ཡོད། ། མེད་པར་ཡང་ ནི་འཛིན་མི་བྱ། ། ཡོད་པར་ཡང་ནི་མི་བརྟག་གོ། །
BO
བདག་དང་བདག་མེད་བསླད་པས་ན། ། སྒྲ་ཙམ་ལ་ནི་འཇུག་པ་དག ། མཐའ་གཉིས་སུ་ནི་བྱིང་བ་སྟེ། ། བདག་དང་འཇིག་རྟེན་རླག་པར་བྱེད། ། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་། ། ང་ཡི་ཚུལ་ནི་རབ་རྟོག་ན། ། དེ་ནི་ཡང་དག་རྟོགས་པ་སྟེ། ། འདྲེན་པ་ཆེ་ལ་དེ་མི་སྨོད། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གསུངས་པ་ལས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་ཞེས་སྨོས་པ་ཡང་མཛད་ལ། གཞན་ཡང་བཅོམ་ལྡན་འདས་ཀྱིས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དེ་ནི་དེ་བཞིན་གཤེགས་པའི་ཚིག་{བླ་དགས་,བླ་དྭགས་}སོ་ཞེས་ཀྱང་གསུངས་ན། ཅི་བཅོམ་ལྡན་འདས་ཀྱིས་དངོས་པོ་མ་མཆིས་པའི་སླད་དུ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་ཞེས་གསུངས་སམ། འོན་ཏེ་ དེ་བཞིན་གཤེགས་པའི་རྣམ་གྲངས་གཞན་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངས་ཆོས་ཐམས་ཅད་མི་སྐྱེ་བ་དང་། མི་འགག་པ་ཞེས་བཤད་ཀྱང་ཡོད་པ་དང་མེད་པའི་ཕྱོགས་ནི་མི་སྣང་ངོ་། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ།
BO
བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ཞིག་ལགས་ན་ནི་ཆོས་ཞེས་སྨོས་པ་ཡང་དམིགས་པར་མི་འགྱུར་ཏེ། ཆོས་ཐམས་ཅད་མ་སྐྱེས་པའི་སླད་དུའོ། ། ཅི་སྟེ་མིང་ལ་ཆོས་མཆིས་པ་ཞིག་ལགས་ན་ནི་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་རབ་ཏུ་དབྱེ་ཞིང་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་ སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ང་ནི་དེ་བཞིན་གཤེགས་པ་དངོས་པོ་མེད་པར་བཤད་པ་ཡང་མ་ཡིན། སྐྱེ་བ་མེད་པ་དང་། འགག་པ་མེད་པས་ཆོས་ཐམས་ཅད་སྨོས་པ་ཡང་མ་ཡིན། རྐྱེན་ལ་ལྟོས་པ་ཡང་མ་ཡིན་པའི་ཕྱིར། སྐྱེ་བ་མེད་པ་དང་། འགག་པ་མེད་ཀྱང་དོན་ མེད་པ་ཡང་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ངས་ཡིད་ལས་བྱུང་བའི་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པའི་མིང་གི་ཚིག་{བླ་དགས་,བླ་དྭགས་}སུ་མ་སྐྱེས་པ་ཞེས་བཤད་པ་དེ་ནི་མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་།
BO
ས་བདུན་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ པས། བློ་གྲོས་ཆེན་པོ་མ་སྐྱེས་པ་དེ་ནི་དེ་བཞིན་གཤེགས་པའི་རྣམ་གྲངས་ཀྱི་ཚིག་ཡིན་ནོ། ། བློ་གྲོས་ཆེན་པོ་དཔེར་ན། དབང་པོ་དང་། བརྒྱ་བྱིན་དང་། གྲོང་ཁྱེར་འཇིག་དང་། དེ་ལ་སོགས་པ་དངོས་པོ་རེ་རེ་ལ་ཡང་མིང་གི་རྣམ་གྲངས་མང་པོ་ཡོད་དེ། མིང་མང་བའི་ཕྱིར་དངོས་པོ་མང་པོ་ཡོད་པ་ཡང་ མ་ཡིན་ལ། རང་བཞིན་མེད་པ་ཡང་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་ང་ཡང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་མིང་གྲངས་མེད་པ་བརྒྱ་སྟོང་ཕྲག་གསུམ་ཡོད་པར་བྱིས་པ་རྣམས་ཀྱི་རྣ་ལམ་དུ་གྲགས་ཏེ། སོ་སོ་ནས་ངའི་མིང་བརྗོད་ཀྱང་དེ་དག་གིས་ངའི་དེ་བཞིན་གཤེགས་པའི་མིང་གི་ རྣམ་གྲངས་མི་ཤེས་སོ། ། བློ་གྲོས་ཆེན་པོ་སེམས་ཅན་ཁ་ཅིག་ནི་ང་ལ་དེ་བཞིན་གཤེགས་པ་ཡིན་པར་ཤེས་སོ། ། ཁ་ཅིག་ནི་ཐམས་ཅད་མཁྱེན་པར་ཤེས་པ་ཡང་ཡོད་དོ། ། སངས་རྒྱས་སུ་ཤེས་པ་ཡང་ཡོད་དོ། ། འཇིག་རྟེན་སྐྱོབ་པར་ཤེས་པ་ཡང་ཡོད་དོ། ། བདག་ཉིད་རིག་པར་ཤེས་པ་ཡང་ ཡོད་དོ། ། འདྲེན་པར་ཤེས་པ་ཡང་ཡོད་དོ། ། རྣམ་པར་འདྲེན་པར་ཤེས་པ་ཡང་ཡོད་དོ། །
BO
ཡོངས་སུ་འདྲེན་པར་ཤེས་པ་ཡང་ཡོད་དོ། ། དྲང་སྲོང་དུ་ཤེས་པ་ཡང་ཡོད་དོ། ། ཚངས་པར་ཤེས་པ་ཡང་ཡོད་དོ། ། ཁྱབ་འཇུག་ཏུ་ཤེས་པ་ཡང་ཡོད་དོ། ། དབང་ཕྱུག་ཏུ་ཤེས་པ་ཡང་ཡོད་དོ། ། གཙོ་བོར་ ཤེས་པ་ཡང་ཡོད་དོ། ། སེར་སྐྱ་ཡིན་པར་ཤེས་པ་ཡང་ཡོད་དོ། ། ཡང་དག་པའི་མཐའ་ཡིན་པར་ཤེས་པ་ཡང་ཡོད་དོ། ། ཟླ་བར་ཤེས་པ་ཡང་ཡོད་དོ། ། ཉི་མར་ཤེས་པ་ཡང་ཡོད་དོ། ། བདག་པོར་ཤེས་པ་ཡང་ཡོད་དོ། ། སྐྱེ་བ་མེད་པར་ཤེས་པ་ཡང་ཡོད་དོ། ། འགག་པ་མེད་པར་ཤེས་པ་ཡང་ ཡོད་དོ། ། སྟོང་པ་ཉིད་དུ་ཤེས་པ་ཡང་ཡོད་དོ། ། དེ་བཞིན་ཉིད་དུ་ཤེས་པ་ཡང་ཡོད་དོ། ། བདེན་པ་ཉིད་དུ་ཤེས་པ་ཡང་ཡོད་དོ། ། དེ་ཁོ་ན་ཉིད་དུ་ཤེས་པ་ཡང་ཡོད་དོ། ། ཆོས་ཀྱི་ངོ་བོ་ཉིད་དུ་ཤེས་པ་ཡང་ཡོད་དོ། ། མྱ་ངན་ལས་འདས་པར་ཤེས་པ་ཡང་ཡོད་དོ། ། རྟག་པར་ཤེས་པ་ཡང་ཡོད་དོ། ། མཉམ་པ་ཉིད་དུ་ཤེས་པ་ཡང་ཡོད་དོ། ། གཉིས་སུ་མེད་པར་ཤེས་པ་ཡང་ཡོད་དོ། ། མཚན་མ་མེད་པར་ཤེས་པ་ཡང་ཡོད་དོ། ། རྣམ་པར་ཐར་པར་ཤེས་པ་ཡང་ཡོད་དོ། ། ལམ་ཡིན་པར་ཤེས་པ་ཡང་ཡོད་དོ། ། ཡིད་ལ་བྱུང་བར་རབ་ཏུ་ཤེས་པ་ཡང་ཡོད་དོ། །
BO
བློ་གྲོས་ཆེན་པོ་དེ་ལ་སོགས་ པ་མིང་གྲངས་མེད་པ་བརྒྱ་སྟོང་ཕྲག་གསུམ་ལྷག་ཆད་མེད་པར་འཇིག་རྟེན་གྱི་ཁམས་འདི་དང་། གཞན་ཀུན་གྱིས་ང་ལ་ཆུའི་ཟླ་བ་བཞིན་དུ་འབྱུང་བ་ཡང་མེད། འཇུག་པ་ཡང་མེད་པར་རབ་ཏུ་ཤེས་སོ། ། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ནི་ང་རབ་ཏུ་མི་ཤེས་ཏེ། མཐའ་གཉིས་སུ་ལྷུང་བའི་ ཕྱིར་རོ། ། འོན་ཀྱང་ང་ལ་བཀུར་སྟི་བྱེད་མཆོད་པར་བྱེད་དེ། ཚིག་གི་དོན་གྱི་ཚུལ་ལ་མི་མཁས་པས་མིང་རྣམ་པར་འབྱེད་མི་ནུས་ཤིང་རང་གི་ཚུལ་མི་ཤེས་པས། བརྗོད་པའི་ཚིག་སྣ་ཚོགས་ལ་མངོན་པར་ཞེན་ནས། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་དངོས་པོ་མེད་པར་འདུ་ཤེས་སོ། ། དེ་བཞིན་གཤེགས་པའི་མིང་གི་རྣམ་གྲངས་ཐ་དད་པ་དབང་པོ་དང་། བརྒྱ་བྱིན་དང་། གྲོང་ཁྱེར་འཇིག་པ་ལྟ་བུར་མ་ཤེས་ཤིང་། རང་གི་ཚུལ་མཐར་ཐུག་པ་ལ་རྨོངས་པས། ཆོས་ཐམས་ཅད་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏོ། ། བློ་གྲོས་ཆེན་པོ་སྐྱེས་བུ་བླུན་པོ་དེ་དག་འདི་སྐད་དུ་དོན་ནི་ཇི་ བཞིན་པ་ཉིད་དེ། སྒྲ་ལས་དོན་གཞན་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དོན་མ་ལུས་པ་མེད་པའི་ཕྱིར་སྒྲ་ལས་གཞན་ཅི་ཡང་མེད་དོ། ། སྒྲ་འབའ་ཞིག་གོ་ཞེས་ཟེར་རོ། །
BO
བློ་གྲོས་ཆེན་པོ་ལོག་པས་བསྲེགས་པའི་བློ་ཅན་དེ་དག་སྒྲའི་རང་བཞིན་ཡོངས་སུ་མི་ཤེས་པས་སྒྲ་ལ་སྐྱེ་བ་ དང་། འགག་པ་ཡོད་ཅིང་དོན་ལ་སྐྱེ་བ་དང་། འགག་པ་མེད་པར་མི་རིག་གོ། ། བློ་གྲོས་ཆེན་པོ་སྒྲ་ཐམས་ཅད་ནི་ཡི་གེར་ལྷུང་བའོ། ། དོན་ནི་མ་ལྷུང་བ་སྟེ། དངོས་པོ་དང་དངོས་པོ་མེད་པ་སྤངས་པའི་ཕྱིར་དང་། སྐྱེ་བ་ལེན་པ་མེད་ཅིང་ལུས་མེད་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་དེ་བཞིན་ གཤེགས་པ་ནི་ཡི་གེར་ལྷུང་བའི་ཆོས་མི་སྟོན་ཏེ། ཡི་གེ་རྣམས་ཀྱི་ཡོད་པ་དང་། མེད་པ་མི་དམིགས་པའི་ཕྱིར་གཞན་དུ་ན་ཡི་གེར་མ་ལྷུང་བས། ཆོས་སྟོན་ཏོ། ། བློ་གྲོས་ཆེན་པོ་གལ་ཏེ་ཁ་ཅིག་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་ཡི་གེར་ལྷུང་བའི་ཆོས་མི་སྟོན་ཏོ་ཞེས་ ཟེར་བ། དེ་ནི་{བརྫུན་,རྫུན་}དུ་སྨྲ་བ་སྟེ། ཆོས་ཉིད་ནི་ཡི་གེ་དང་བྲལ་བའི་ཕྱིར་རོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ང་ལ་སོགས་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་ཡི་གེ་གཅིག་ཀྱང་མ་བཤད་འཆད་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཡི་གེ་དང་བྲལ་བའི་ཕྱིར་ རོ། ། དོན་དང་མི་ལྡན་པར་འཆད་པ་ཡང་མ་ཡིན་ཏེ།
BO
བརྗོད་པ་ནི་སེམས་ཅན་གྱི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་གལ་ཏེ་ཆོས་ཐམས་ཅད་མ་བཤད་ན་ནི་བསྟན་པའི་ཆོས་རྣམས་འཇིག་པར་འགྱུར་རོ། ། བསྟན་པའི་ཆོས་ཞིག་ན་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱང་མེད་པར་འགྱུར་རོ། ། དེ་དག་མེད་ན་ནི་གང་ཞིག་སུ་ལ་ཅི་ཞིག་བཤད་དེ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཤད་པ་བརྗོད་པའི་སྒྲ་ལ་མངོན་པར་ཆགས་པར་མི་བྱ་ཞིང་། བསམ་པ་ཇི་ལྟ་བ་བཞིན་ དུ་མདོ་སྡེའི་ཆོས་རྣམས་རྒྱ་ཆེར་བཤད་པར་བྱའོ། ། འདི་ལྟར་སེམས་ཅན་རྣམས་ཀྱི་རེ་བ་དང་། ཉོན་མོངས་པ་ནི་གཅིག་པ་མ་ཡིན་པའི་ཕྱིར་ང་དང་སངས་རྒྱས་གཞན་རྣམས་ཀྱིས་མོས་པ་ཐ་དད་པ་སྣ་ཚོགས་ཀྱི་སེམས་ཅན་རྣམས་སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་ཕྱིར་ཆོས་ བསྟན་པར་བྱ་བ་ཡིན་གྱི། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་གནས་ཐོབ་པ་ལ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་སྣང་བ་མེད་པ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པ།
BO
རྣམ་པར་རྟོག་པ་གཉིས་སྤངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱིས་དོན་ལ་རྟོན་པར་བྱའི་ཡི་གེ་ལ་རྟོན་པར་མི་བྱའོ། ། བློ་གྲོས་ཆེན་པོ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཡི་གེ་ལ་རྟོན་པ་དེ་དག་ནི་བདག་ཀྱང་དོན་དམ་པ་ལས་ཉམས་པར་བྱེད་ལ། གཞན་ཡང་རྟོགས་པར་བྱེད་མི་ནུས་ཏེ། ལྟ་བ་ངན་པའི་རྒྱུད་དུ་ལྷུང་བར་འཁོར་རྣམས་ལ་ སྒྲོགས་པར་བྱེད་དེ། ཆོས་ཐམས་ཅད་དང་། ས་ཐམས་ཅད་དང་། མཚན་མ་ཐམས་ཅད་ལ་མི་མཁས་པས་ཚིག་གི་རྣམ་གྲངས་རྟོགས་པས་ཁོང་དུ་མི་ཆུད་དོ། ། གལ་ཏེ་ཆོས་ཐམས་ཅད་དང་། ས་ཐམས་ཅད་དང་། མཚན་མ་ཐམས་ཅད་ལ་མཁས་པ་དང་། ཚིག་གི་རྣམ་གྲངས་རྟོགས་པར་ ཁོང་དུ་ཆུད་ཅིང་དངོས་པོའི་དོན་དང་ལྡན་པར་གྱུར་ན། དེ་ཡང་དག་པ་མཚན་མ་མེད་པའི་བདེ་བས་བདག་ཉིད་ཚིམ་པར་བྱེད་ཅིང་སེམས་ཅན་རྣམས་ཀྱང་ཐེག་པ་ཆེན་པོ་མཉམ་པ་ཉིད་ལ་འགོད་པར་བྱེད་དོ། ། བློ་གྲོས་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་བཟུང་ན། སངས་རྒྱས་དང་། བྱང་ཆུབ་སེམས་ དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་།
BO
ཉན་ཐོས་རྣམས་ཡོངས་སུ་བཟུང་བས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཡོངས་སུ་ བཟུང་བས་ནི་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར་རོ། ། དམ་པའི་ཆོས་ཡོངས་སུ་བཟུང་བས་ནི་སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པ་ཡིན་ནོ། ། སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པ་ནི་གནས་ཁྱད་པར་ཅན་དུ་འཇུག་པའི་ཤེས་པ་འཐོབ་པར་འགྱུར་རོ། ། གནས་ཁྱད་པར་ཅན་དུ་འཇུག་ པའི་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྟག་པར་རྫུས་ཏེ་སྐྱེ་ཞིང་ཐེག་པ་ཆེན་པོ་རབ་ཏུ་འཇོག་པས་དབང་བཅུའི་སྟོབས་ཀྱིས་གཟུགས་སྣ་ཚོགས་ཡོངས་སུ་སྟོན་པར་འགྱུར་ཏེ། སེམས་ཅན་གྱི་ཆ་བྱད་དང་། མོས་པ་དང་། ཉོན་མོངས་པའི་མཚན་ཉིད་རྣམས་ རྟོགས་པར་ཁོང་དུ་ཆུད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལས་གཞན་མ་ཡིན་པ་སྟེ། འོང་བ་དང་། འགྲོ་བ་མེད་པའི་མཚན་ཉིད་དང་། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ནི་དེ་ཁོ་ན་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་ རིགས་ཀྱི་བུའམ།
BO
རིགས་ཀྱི་བུ་མོ་རྣམས་ཀྱིས་སྒྲ་ཇི་བཞིན་དུ་གཟུང་ཞིང་མངོན་པར་ཞེན་པར་མི་བྱ་སྟེ། དེ་ཁོ་ན་ཉིད་ནི་མིང་དང་། ཡི་གེ་དང་བྲལ་བའི་ཕྱིར་རོ། ། བློ་གྲོས་ཆེན་པོ་ཇི་ལྟར་བླུན་པོ་ཁ་ཅིག་ལ་སོར་མོའི་རྩེ་མོས་དངོས་པོ་བསྟན་ན་བླུན་པོ་དེ་སོར་མོའི་རྩེ་མོ་ལ་ལྟ་བས་ཡང་དག་པའི་དོན་མི་འཐོབ་ བོ། ། དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་སྒྲ་ཇི་བཞིན་གྱི་སོར་མོའི་རྩེ་མོ་འཛིན་ཅིང་མངོན་པར་ཞེན་ཏེ། འཆི་བ་ལ་ཐུག་གི་བར་དུ་ཡོངས་སུ་མི་གཏོང་བས་སྒྲ་ཇི་བཞིན་གྱི་སོར་མོའི་རྩེ་མོ་སྤངས་པ་དོན་དམ་པའི་དེ་ཁོ་ན་ཉིད་འཐོབ་པར་མི་ནུས་སོ། ། བློ་གྲོས་ཆེན་པོ་དཔེར་ན་བྱིས་པ་ ཆུང་ངུ་རྣམས་ནི་ཟས་གཡོས་སུ་བྱས་པ་རྣམས་བཟའ་བའི་རིགས་ཀྱི་གཡོས་སུ་མ་བྱས་པ་རྣམས་ནི་བཟའ་བའི་མི་རིགས་པ་ལས། གལ་ཏེ་གཡོས་སུ་མ་བྱས་པ་ཟོས་ན་སྨད་ནད་སློང་བར་འགྱུར་ཏེ། ཁ་ཟས་རིམ་གྱིས་གཡོས་སུ་བྱ་བ་མི་ཤེས་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་སྐྱེ་བ་མེད་པ་ དང་། འགག་པ་མེད་པ་ཡང་ཐབས་ཀྱིས་མངོན་པར་མ་བསྒྲུབས་ན་མཛེས་པར་མི་འགྱུར་རོ། །
BO
དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཐབས་ཀྱིས་མངོན་པར་བསྒྲུབ་པ་ལ་བརྩོན་པར་བྱ་ཞིང་སོར་མོའི་རྩེ་མོ་ལ་ལྟ་བ་ལྟར་སྒྲའི་རྗེས་སུ་འབྲང་བར་མི་བྱའོ། ། དེའི་ཕྱིར་བློ་གྲོས་ཆེན་པོ་དེ་ཁོ་ནའི་དོན་ལ་ཐབས་ ཀྱིས་མངོན་པར་བརྩོན་པར་བྱའོ། ། དེ་ལ་དེ་ཁོ་ནའི་དོན་ནི་རབ་ཏུ་དབེན་པ་སྟེ། མྱ་ངན་ལས་འདས་པའི་རྒྱུའོ། ། སྒྲ་ནི་རྣམ་པར་རྟོག་པ་དང་རྗེས་སུ་འཐུན་པའོ། ། རྣམ་པར་རྟོག་པ་ནི་འཁོར་བ་སྡུད་པའོ། ། བློ་གྲོས་ཆེན་པོ་དེ་ལ་དེ་ཁོ་ན་ཉིད་ཀྱི་དོན་ནི་མང་དུ་ཐོས་པ་ལས་ཐོབ་པར་འགྱུར་རོ། ། བློ་གྲོས་ ཆེན་པོ་མང་དུ་ཐོས་པ་ནི་འདི་ལྟ་སྟེ། དོན་ལ་མཁས་པ་ཡིན་གྱི་སྒྲ་ལ་མཁས་པ་ནི་མ་ཡིན་ནོ། ། དོན་ལ་མཁས་པ་ནི་མུ་སྟེགས་ཅན་གྱི་སྨྲ་བ་ཐམས་ཅད་ཀྱི་རྗེས་སུ་མི་འབྲང་བས་བདག་ཉིད་ཀྱང་རྗེས་སུ་འབྲང་བར་མི་བྱེད་ལ་གཞན་དག་ཀྱང་རྗེས་སུ་འབྲང་བར་བྱེད་དུ་མི་འཇུག་སྟེ། འདི་ནི་ཡོན་ཏན་ ཆེན་པོ་མང་དུ་ཐོས་པ་དང་ལྡན་པ་ཞེས་བྱའོ། ། དེ་བས་ན་དོན་འདོད་པ་རྣམས་ཀྱིས་མང་དུ་ཐོས་པ་ལ་བསྟེན་པར་བྱ་སྟེ། འདི་ལྟ་སྟེ། དོན་ལ་མཁས་པའོ། ། འདི་ལས་བཟློག་པ་སྒྲ་ལ་མངོན་པར་ཞེན་པ་དེ་དག་ནི་ཡོངས་སུ་སྤང་བར་བྱའོ། །
BO
དེ་ནས་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་སངས་རྒྱས་ ཀྱི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་ཞེས་རབ་ཏུ་ཕྱེ་བ་དེ་ནི་ངོ་མཚར་དུ་གྱུར་པ་ཅི་ཡང་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། མུ་སྟེགས་རྣམས་ཀྱིས་རྒྱུ་ཡང་མ་སྐྱེས་མ་འགགས་ པའོ། ། བཅོམ་ལྡན་འདས་ཀྱིས་ཀྱང་ནམ་མཁའ་དང་། སོ་སོར་བརྟགས་པ་མ་འགགས་པའི་འགོག་པ་དང་། མྱ་ངན་ལས་འདས་པའི་དབྱིངས་ནི་མ་སྐྱེས་པ་དང་། མ་འགགས་པའོ་ཞེས་གསུངས། བཅོམ་ལྡན་འདས་མུ་སྟེགས་ཅན་རྣམས་ཀྱང་རྒྱུ་ལས་འཇིག་རྟེན་རྣམས་སྐྱེའོ་ཞེས་ མཆིའོ། ། བཅོམ་ལྡན་འདས་ཀྱིས་ཀྱང་མ་རིག་པ་དང་། སྲེད་པ་དང་། ལས་དང་། རྣམ་པར་རྟོག་པ་རྣམས་ཀྱིས་རྐྱེན་བྱས་ནས་འཇིག་རྟེན་རྣམས་སྐྱེ་བར་བཀའ་སྩལ་ཏེ། རྒྱུ་དེ་དང་རྐྱེན་འདི་མིང་ལ་བྱེ་བྲག་མཆིས་པར་བས་སོ། ། ཕྱི་རོལ་གྱི་དངོས་པོའི་རྒྱུ་དང་རྐྱེན་རྣམས་ཀྱང་དེ་བཞིན་ཏེ། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཡང་མུ་སྟེགས་ཅན་གྱི་སྨྲ་བ་ཡང་བྱེ་བྲག་མ་མཆིས་པར་འགྱུར་རོ། ། མུ་སྟེགས་ཅན་ཡང་འདི་སྐད་དུ་རྡུལ་ཕྲ་མོ་དང་། གཙོ་བོ་དང་། དབང་ཕྱུག་དང་།
BO
སྐྱེ་དགུའི་བདག་པོ་ལ་སོགས་པ་རྫས་དགུ་དང་བཅས་པ་མ་སྐྱེས་མ་འགགས་པའོ་ཞེས་མཆི་ལ། བཅོམ་ལྡན་འདས་ཀྱིས་ཀྱང་དངོས་པོ་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པས་ཡོད་པ་དང་། མེད་པ་མི་དམིགས་སོ་ཞེས་བཀའ་སྩལ། མུ་སྟེགས་ཅན་རྣམས་ཀྱང་འབྱུང་བ་ཆེན་པོ་བཞི་མི་འཇིགས་པས་རང་གི་མཚན་ཉིད་མི་སྐྱེ་མི་འགག་གོ། ། འབྱུང་བ་ཆེན་པོ་བཞི་པོ་རྣམས་ནི་རྟག་པར་ འབྱུང་བ་ཆེན་པོ་ཉིད་དེ་འགྲོ་བ་ཀུན་ལ་ཁྱབ་པར་འཇུག་ཀྱང་རང་བཞིན་ནི་མི་འདོར་རོ་ཞེས་མཆིས་པས་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡང་དེ་བཞིན་ཏེ། དེའི་སླད་དུ་བདག་འདི་སྐད་དུ་ངོ་མཚར་ཆེ་བ་མ་ལགས་སོ་ཞེས་མཆིའོ། ། བཅོམ་ལྡན་འདས་ངོ་མཚར་ཆེ་ཞིང་མུ་སྟེགས་ཅན་ རྣམས་ལས་ཁྱད་པར་དུ་གྱུར་པའི་བྱེ་བྲག་བཤད་དུ་གསོལ། ཅི་སྟེ་བྱེ་བྲག་མ་མཆིས་ན་ནི་མུ་སྟེགས་ཅན་རྣམས་ཀྱང་སངས་རྒྱས་ལགས་པར་འགྱུར་ཏེ། འདི་ལྟར་སྐྱེ་བ་མ་མཆིས་པ་དང་། འགགས་པ་མ་མཆིས་པའི་སླད་དུའོ། ། བཅོམ་ལྡན་འདས་ཀྱིས་ནི་འཇིག་རྟེན་གྱི་ཁམས་གཅིག་ ཏུ་སངས་རྒྱས་མང་པོ་འབྱུང་བ་ནི་གནས་མེད་དོ་ཞེས་ཀྱང་གསུངས་ལ།
BO
འདི་ལྟར་ཇི་སྐད་བཀའ་སྩལ་པ་དང་སྦྱར་ན་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་མང་པོ་འབྱུང་བར་འགྱུར་ཏེ། བྱེ་བྲག་མ་མཆིས་པའི་སླད་དུའོ། ། བཅོམ་ལྡན་འདས་ཀྱིས་བློ་གྲོས་ཆེན་པོ་ལ་བཀའ་སྩལ་པ། ངས་ བཤད་པའི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ནི་མུ་སྟེགས་ཅན་རྣམས་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་མཚུངས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མུ་སྟེགས་ཅན་དེ་དག་ནི་དངོས་པོའི་རང་བཞིན་ཡོད་པས་མ་སྐྱེས་པ་དང་། མི་འགྱུར་བའི་མཚན་ཉིད་མི་འཐོབ་ཀྱི་ང་ ནི་དེ་ལྟར་ཡོད་པ་དང་། མེད་པའི་ཕྱོགས་སུ་ལྷུང་བ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ང་ནི་ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ། སྐྱེ་བ་དང་འཇིག་པ་དང་བྲལ་བ། དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། སྒྱུ་མ་དང་། རྨི་ལམ་གྱི་གཟུགས་སྣ་ཚོགས་ལྟ་བུར་སྣང་བའི་ཕྱིར་དངོས་ པོ་མེད་པ་ཡང་མ་ཡིན་ནོ། ། ཇི་ལྟར་ན་དངོས་པོ་མེད་པ་ཡིན་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་རང་བཞིན་གྱི་མཚན་ཉིད་མེད་ཅིང་གཟུང་བ་རྣམས་སྣང་བ་དང་མི་སྣང་བའི་ཕྱིར་དང་། འཛིན་པས་ཡོངས་སུ་མ་བཟུང་བའི་ཕྱིར་དེས་ན་དངོས་པོ་ཐམས་ཅད་ནི་དངོས་པོ་ཡང་མ་ཡིན།
BO
དངོས་པོ་མེད་པ་ཡང་ མ་ཡིན་ནོ། ། འདི་ལྟར་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མི་སྐྱེ་ཞིང་ཤིན་ཏུ་བདེ་བས་འཇིག་རྟེན་གྱི་བྱ་བ་རྣམས་རབ་ཏུ་ཞི་བ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་མི་མཁས་པ་རྣམས་བྱ་བ་ཡོད་པར་རྣམ་པར་རྟོག་གི་འཕགས་པ་རྣམས་ནི་མ་ཡིན་ནོ། ། ཡང་དག་པ་མ་ཡིན་པའི་ རྣམ་པར་རྟོག་པ་ནི་དྲི་ཟའི་གྲོང་ཁྱེར་དང་། སྒྱུ་མ་དང་། སྤྲུལ་པའི་སྐྱེས་བུ་ལྟ་བུའོ། ། བློ་གྲོས་ཆེན་པོ་དཔེར་ན་དྲི་ཟའི་གྲོང་ཁྱེར་གྱི་ནང་དུ་སྒྱུ་མ་དང་། སྤྲུལ་པའི་སྐྱེས་བུའི་འདྲེན་པ་མང་པོ་སྣ་ཚོགས་འབྱུང་ཞིང་འཇུག་པ་ལ། བྱིས་པ་མི་མཁས་པའི་རྣམ་པར་རྟོག་པས་བདེན་པར་འདི་དག་འབྱུང་ངོ་། ། འཇུག་གོ་ཞེས་སྨྲ་ཡང་ཡང་དག་པར་འབྱུང་ཞེས་བྱ་བའམ། འཇུག་པ་ཞེས་བྱ་བ་མེད་དེ། དེ་ནི་རྣམ་པར་རྟོག་པ་ཙམ་དུ་ཟད་པའི་ཕྱིར་རོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་མི་མཁས་པ་རྣམས་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ནོར་པ་སྐྱེད་པར་བྱེད་དེ། དེ་དག་ལ་ནི་འདུས་ བྱས་སམ། འདུས་མ་བྱས་གང་ཡང་མེད་དོ། ། སྒྱུ་མའི་སྐྱེས་བུ་ལྟར་སྐྱེ་ཡང་ཡང་དག་པར་དེ་ལ་སྐྱེ་བའམ་འགག་པ་ཅི་ཡང་མེད་དེ།
BO
དངོས་པོ་དང་དངོས་པོ་མེད་པ་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། ། ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། སྐྱེ་བ་དང་འགག་པ་སྤངས་པ་ཡིན་ན། བྱིས་ པ་སོ་སོའི་སྐྱེ་བོ་མི་མཁས་པ་རྣམས་ནི་ཡང་དག་པ་མ་ཡིན་པར་ལྷུང་བས་སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པ་འབྱུང་གི་འཕགས་པ་རྣམས་ནི་མ་ཡིན་ནོ། ། དེ་ལ་ཡང་དག་པ་མ་ཡིན་པ་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་བརྟགས་པ་དེ་བཞིན་དུ་ཡང་མ་ཡིན། གཞན་དུ་ཡང་མ་ཡིན་ནོ། ། གལ་ ཏེ་གཞན་དུ་བརྟགས་ན་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལ་མངོན་པར་ཞེན་པ་ཉིད་དུ་འབྱུང་བས་རབ་ཏུ་དབེན་པ་མི་མཐོང་ངོ་། ། རབ་ཏུ་དབེན་པ་མི་མཐོང་ན་རྣམ་པར་རྟོག་པ་དང་བྲལ་བར་མི་འགྱུར་རོ། ། དེའི་ཕྱིར་བློ་གྲོས་ཆེན་པོ་མཚན་མ་མེད་པས་ནི་མཆོག་མཐོང་གི་མཚན་མས་ནི་མ་ཡིན་ཏེ། མཚན་མར་མཐོང་བ་ནི་སྐྱེ་བ་ལེན་པའི་རྒྱུ་ཡིན་པའི་ཕྱིར་མཆོག་མ་ཡིན་ནོ། ། བློ་གྲོས་ཆེན་པོ་མཚན་མ་མེད་པ་ནི་རྣམ་པར་རྟོག་པ་མི་སྐྱེ་སྟེ། མི་འབྱུང་མི་འགག་པས་ངས་མྱ་ངན་ལས་འདས་པ་ཞེས་བཤད་དེ།
BO
བློ་གྲོས་ཆེན་པོ་དེ་ལ་མྱ་ངན་ལས་འདས་པ་ནི་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་མཐོང་ བས་སྔར་རྣམ་པར་རྟོག་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྤངས་པ། དེ་བཞིན་གཤེགས་པའི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཐོབ་པ་དེ་ནི་ངས་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་ སུ་བཅད་པ་འདི་དག་གསུངས་སོ། ། སྐྱེ་བར་སྨྲ་བ་དེ་བཟློག་ཕྱིར། ། མི་སྐྱེ་དོན་ནི་རྣམ་པར་གཞག ། ང་ཡིས་དེ་ལྟར་བཤད་པའི་ཆོས། ། བྱིས་པ་རྣམས་ཀྱིས་རིག་མི་ནུས། ། ཆོས་རྣམས་ཐམས་ཅད་མི་སྐྱེ་བས། ། དངོས་པོ་མེད་ཅིང་སྐྱེ་བ་མེད། ། རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་། ། དངོས་པོ་ཡོད་ཀྱང་རྒྱུ་ནི་ མེད། ། མ་སྐྱེས་རང་བཞིན་མེད་པ་དང་། ། ཅི་ཕྱིར་སྟོང་པའང་བཤད་པར་བྱ། ། འདུས་པ་དག་ནི་ཡོངས་སྤངས་ཤིང་། ། བློ་གྲོས་རིག་ན་དངོས་མི་སྣང་། ། དེ་ཕྱིར་སྟོང་ཉིད་མ་སྐྱེས་པ། ། རང་བཞིན་མེད་པར་ངས་བཤད་དོ། ། འདི་ལྟར་རེ་རེ་འདུས་པས་ན། ། དངོས་པོ་སྣང་ཡང་ཡོད་མ་ཡིན། ། རྣམ་པར་ གཞིག་ན་འདུས་པ་མེད། ། མུ་སྟེགས་ལྟ་བ་ལྟར་ཡང་མིན། ། རྨི་ལམ་སྒྱུ་མ་སྐྲ་ཤད་དང་། །
BO
སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་ལྟར། ། འཇིག་རྟེན་དངོས་པོ་སྣ་ཚོགས་ཀུན། ། རྒྱུ་མེད་མཚན་ཉིད་རབ་ཏུ་སྣང་། ། རྒྱུ་ཡོད་སྨྲ་བ་གདུལ་བའི་ཕྱིར། ། མ་སྐྱེས་དོན་ནི་རབ་ཏུ་བསྒྲགས། ། སྐྱེ་མེད་རབ་ཏུ་བསྒྲགས་པས་ ན། ། ཆོས་ཀྱི་ཚུལ་ནི་རྒྱུན་མི་འཆད། ། རྒྱུ་མེད་རབ་ཏུ་སྨྲ་བ་ནི། ། འཇིགས་པའི་མུ་སྟེགས་ཅན་རྣམས་ཏེ། ། ཇི་ལྟར་ཅི་ཡི་ཕྱིར་ན་ནི། ། དེ་ཡང་ཅི་ཕྱིར་སྐྱེ་བར་འགྱུར། ། གང་དག་ཏུ་ནི་འདུས་གྱུར་ན། ། རྒྱུ་མེད་པར་ནི་སྨྲ་བར་བྱེད། ། འདུས་བྱས་ཆོས་རྣམས་རབ་བརྟགས་ན། ། རྒྱུ་མེད་ རྒྱུ་ཡོད་མ་ཡིན་ཏེ། ། སྐྱེ་དང་འཇིག་པར་སྨྲ་བ་ཡི། ། ལྟ་བ་དག་ནི་དེ་ནས་ལྡོག ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཚིགས་སུ་བཅད་དེ་ཞུ་བ་ཞུས་པ། ཅི་ཡི་སླད་དུ་སྐྱེ་མ་མཆིས། ། འོན་ཏེ་དངོས་པོ་མ་མཆིས་སམ། ། དེ་སྟེ་རྐྱེན་ལ་བརྟགས་པའམ། ། ཆོས་མཆིས་མི་སྐྱེ་ཞེས་བགྱི་འམ། ། མིང་ནི་དོན་མ་མཆིས་མི་རིགས། ། རྣམ་པར་དབྱེ་ཞིང་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། དངོས་མེད་མི་སྐྱེ་མ་ཡིན་ཏེ། ། རྐྱེན་ལ་བཏགས་པའང་མ་ཡིན་ནོ། ། དངོས་པོ་ཡོད་པས་མིང་ཡོད་མིན། །
BO
མིང་ལ་དོན་མེད་པ་ཡང་མིན། ། མུ་སྟེགས་ ཅན་ནི་ཐམས་ཅད་དང་། ། ཉན་ཐོས་དང་ནི་རང་རྒྱལ་དང་། ། ས་བདུན་སྤྱོད་ཡུལ་མ་ཡིན་པ། ། དེ་ནི་མི་སྐྱེ་མཚན་ཉིད་དོ། ། རྒྱུ་དང་རྐྱེན་རྣམས་ཡོངས་སྤངས་ཤིང་། ། བྱ་བ་ཐམས་ཅད་ཡོངས་བྲལ་ཏེ། ། ཤིན་ཏུ་ཕྲ་བའི་སེམས་ཅན་གནས། ། མཚན་ཉིད་མཚན་གཞི་ཉིད་སྤངས་ནས། ། དེ་ལུས་རབ་ཏུ་ གྱུར་པ་ནི། ། སྐྱེ་བ་མེད་པར་ངས་བཤད་དོ། ། ཕྱི་རོལ་དངོས་པོ་དངོས་མེད་མིན། ། སེམས་ཅན་ཡོངས་སུ་གཟུང་བ་མེད། ། ལྟ་བ་ཐམས་ཅད་རབ་སྤངས་པ། ། སྐྱེ་བ་མེད་པར་ངས་བཤད་དོ། ། འདི་ལྟར་རང་བཞིན་མེད་པ་དང་། ། སྟོང་པ་ལ་སོགས་དབྱེ་བར་བྱ། ། སྟོང་ཕྱིར་སྟོང་ཞེས་བཤད་པ་མིན། ། སྐྱེ་ བ་མེད་ཕྱིར་སྟོང་ཞེས་བཤད། ། རྒྱུ་རྐྱེན་གྲངས་ནི་འདུས་པ་ལས། ། སྐྱེ་དང་འཇིག་པ་ཡོད་པར་གྱུར། ། རྒྱུ་རྐྱེན་གྲངས་ལས་ལོགས་ཤིག་ན། ། སྐྱེ་བ་དང་ནི་འཇིག་པ་མེད། ། རྒྱུ་རྐྱེན་གྲངས་ལས་ལོགས་ཤིག་ན། ། དངོས་པོ་ཐ་དད་ཡོད་མ་ཡིན། ། གཅིག་དང་ཐ་དད་ཅེས་བྱ་བ། ། མུ་སྟེགས་རྣམ་པར་ རྟོག་པ་ཡིན། ། ཡོད་མེད་དངོས་པོ་མི་སྐྱེ་སྟེ། ། ཡོད་པ་མ་ཡིན་མེད་པའང་མིན། ། གྲངས་འགྱུར་བ་ནི་མ་གཏོགས་པར། །
BO
གང་ཡང་དམིགས་པར་མི་འགྱུར་རོ། ། ཀུན་རྫོབ་ཙམ་དུ་གྲངས་ཡོད་པས། ། ཕན་ཚུན་དུ་ནི་འབྲེལ་པར་བྱེད། ། རྒྱུ་རྐྱེན་འབྲེལ་ལས་ལོགས་ཤིག་ན། ། སྐྱེ་བའི་དོན་ནི་མི་ རིགས་སོ། ། སྐྱེ་བ་མེད་པས་དངོས་མི་འགྱུར། ། མུ་སྟེགས་ཅན་གྱི་སྐྱོན་རྣམས་སྤངས། ། རྐྱེན་གྱི་འབྲེལ་པ་ཙམ་བཤད་དེ། ། བྱིས་པ་རྣམས་ཀྱིས་མི་རིག་གོ། ། རྐྱེན་གྱི་འབྲེལ་ལས་ལོགས་ཤིག་ན། ། དངོས་པོ་སྐྱེ་བ་ཡོད་ཅེས་པ། དེ་ནི་རྒྱུ་མེད་སྨྲ་བ་སྟེ། ། འབྲེལ་པའི་དོན་ནི་འཇིག་པར་བྱེད། ། མར་མེའི་གཟུགས་རྣམས་སྣང་བྱེད་ལྟར། ། འབྲེལ་པ་སྣང་བའང་དེ་བཞིན་ན། ། དེ་ནི་འབྲེལ་ལས་ལོགས་ཤིག་ན། ། དངོས་པོ་རྣམས་ནི་ཡོད་པའི་རིགས། ། དངོས་པོ་མེད་པ་སྐྱེ་མེད་པས། ། ནམ་མཁའི་རང་བཞིན་ལྟ་བུའོ། ། འབྲེལ་པ་དག་ལས་ལོག་གྱུར་ན། ། བློ་ཡིས་རྟོག་པར་བྱ་བ་མེད། ། གཞན་ ཡང་སྐྱེ་བ་མེད་ཡོད་དེ། ། འཕགས་པས་ཐོབ་པའི་ཆོས་ཉིད་དོ། ། གང་དེའི་སྐྱེ་བ་མི་འབྱུང་བ། ། དེ་ནི་མི་སྐྱེ་བཟོད་པ་ཡིན། ། ནམ་ཞིག་འཇིག་རྟེན་འདི་དག་ཀུན། ། འབྲེལ་པ་ཙམ་དུ་རབ་རྟོག་ན། ། ཐམས་ཅད་འབྲེལ་པ་ཡོངས་སྤངས་ནས། ། དེ་ནས་ཏིང་འཛིན་འཐོབ་པར་འགྱུར། །
BO
མི་ཤེས་སྲེད་པ་ ལས་ལ་སོགས། ། དེ་ནི་ནང་གི་འབྲེལ་པ་ཡིན། ། མི་ཤེས་འཇིམ་གོང་འཁོར་ལོ་དང་། ། ས་བོན་ལ་སོགས་ཕྱི་རོལ་ཡིན། ། གལ་ཏེ་དངོས་པོ་གཞན་ཡོད་དེ། ། རྒྱུ་དང་རྐྱེན་ལས་སྐྱེ་ཞེ་ན། ། དེ་ནི་འབྲེལ་པའི་དོན་མིན་པས། ། དེ་ཡང་འགྲུབ་པར་མི་འགྱུར་རོ། ། གལ་ཏེ་སྐྱེ་བ་རང་བཞིན་མེད། ། དེ་ནི་སུ་ ཡི་འབྲེལ་པར་འགྱུར། ། ཕན་ཚུན་དུ་ནི་བསྐྱེད་པའི་ཕྱིར། ། རྒྱུ་རྐྱེན་དོན་དུ་ཤེས་པར་བྱ། ། སྲ་གཤེར་དྲོད་དང་གཡོ་བའི་ཆོས། ། བྱིས་པས་རྣམ་པར་བརྟགས་པ་སྟེ། ། གྲངས་ལས་མ་གཏོགས་ཆོས་གཞན་མེད། ། དེའི་ཕྱིར་དངོས་པོ་མེད་པར་བཤད། ། སྨན་པས་ནད་རྣམས་གསོ་བ་དག ། བསྟན་བཅོས་ ཐ་དད་མེད་ཀྱང་ནི། ། ནད་ནི་ཐ་དད་བྱེ་བྲག་གིས། ། གཉེན་པོ་སྣ་ཚོགས་བཤད་པ་ལྟར། ང་ཡང་སེམས་ཅན་དེ་དག་གི། ། ཉོན་མོངས་ནད་རྣམས་གཞིག་པའི་ཕྱིར། ། དབང་པོ་དག་ནི་རབ་ཤེས་ནས། ། དེ་ལ་སྒྲོལ་བའི་སྒོ་བཤད་དོ། ། ཉོན་མོངས་དབང་པོ་ཐ་དད་པས། ། ཆོས་ནི་སྣ་ཚོགས་ཡོད་མ་ཡིན། ། ཐེག་གཅིག་འབའ་ཞིག་ཆོས་སྟོན་པ། ། དེ་ནི་ཐེག་པ་ཆེན་པོ་ཡིན། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BO
བཅོམ་ལྡན་འདས་མུ་སྟེགས་ཅན་ཐམས་ཅད་ཀྱང་མི་རྟག་པ་ཉིད་དོ་ཞེས་རྣམ་པར་རྟོག་པར་བགྱིད། བཅོམ་ལྡན་འདས་ཀྱིས་ཀྱང་ འདུ་བྱེད་ཐམས་ཅད་མི་རྟག་པས། ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ནོ་ཞེས་བཀའ་སྩལ་ན། འདིའི་དོན་ཇི་ལྟ་བུ་ལོག་པའམ། ཡང་དག་པ་ཞིག་ལགས། མི་རྟག་པ་ཉིད་ལ་ནི་རྣམ་པ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྣམས་ལ་ ནི་མི་རྟག་པ་རྣམ་པ་བདུན་ཡོད་ཀྱི། ངའི་བསྟན་པ་ལ་ནི་མ་ཡིན་ནོ། ། རྣམ་པ་བདུན་གང་ཞེ་ན། དེ་དག་ཁ་ཅིག་འདི་སྐད་དུ་མངོན་པར་འདུས་བྱས་ནས། ཡོངས་སུ་སྤངས་པ་ནི་མི་རྟག་པ་ཉིད་དོ་ཞེས་ཟེར་རོ། ། ཁ་ཅིག་ནི་དབྱིབས་རྣམ་པར་འཇིག་པ་ནི་མི་རྟག་པ་ཉིད་དོ་ཞེས་ཟེར་རོ། ། ཁ་ཅིག་ནི་ གཟུགས་ཉིད་མི་རྟག་པ་ཉིད་དོ་ཞེས་ཟེར་རོ། ། ཁ་ཅིག་ནི་གཟུགས་རྣམ་པར་འགྱུར་བའི་གནས་སྐབས་ནི་མི་རྟག་པ་ཉིད་ཅེས་བྱ་སྟེ། བར་ཆད་མེད་པར་རང་གི་ངང་གིས་འབྲེལ་ཞིང་འཇིག་པས། ཇི་ལྟར་འོ་མ་ལས་ཞོར་འགྱུར་བ་ལ་སོགས་པའི་བྱེ་བྲག་ཐ་དད་པ་མཐོང་བར་མི་ནུས་པ་དེ་བཞིན་དུ་ དངོས་པོ་ཐམས་ཅད་ལ་ཡང་རྣམ་པར་འཇིག་པའི་མི་རྟག་པ་ཉིད་དུ་འཇུག་གོ་ཞེས་ཟེར་རོ། །
BO
ཁ་ཅིག་ནི་དངོས་པོ་མི་རྟག་པ་ཉིད་དོ་ཞེས་ཟེར་རོ། ། ཁ་ཅིག་ནི་དངོས་པོའི་དངོས་པོ་མེད་པ་མི་རྟག་པ་ཉིད་དོ་ཞེས་ཟེར་རོ། ། ཁ་ཅིག་ནི་ཆོས་ཐམས་ཅད་མི་སྐྱེ་བས་མི་རྟག་པ་ཉིད་དེ། ཆོས་ཐམས་ཅད་ ཀྱི་ནང་དུ་འཇུག་པའོ་ཞེས་ཟེར་རོ། ། དེ་ལ་བློ་གྲོས་ཆེན་པོ་དངོས་པོ་མེད་པ་མི་རྟག་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ལས་གྱུར་པའི་རང་གི་མཚན་ཉིད་འཇིག་ཅིང་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ནི་མི་དམིགས་པ་དང་མི་སྐྱེ་བའོ། ། དེ་ལ་མི་སྐྱེ་བའི་མི་རྟག་པ་ ཞེས་བྱ་བ་དེ་ནི་རྟག་པ་དང་། མི་རྟག་པ་ཡིན་པས་ཆོས་ཐམས་ཅད་ཡོད་པ་དང་མེད་པ་མི་སྐྱེ་བ་དང་། རྡུལ་ཕྲ་མོའི་བར་དུ་རབ་ཏུ་བཤིག་སྟེ། མི་མཐོང་བ་འདི་ནི་མི་སྐྱེ་བའི་དོན་ཡིན་གྱི་སྐྱེ་བ་ནི་མ་ཡིན་པས་འདི་ནི་མི་སྐྱེ་བའི་མི་རྟག་པ་ཉིད་ཀྱི་མཚན་ཉིད་ཡིན་ཏེ། འདི་ཁོང་དུ་མ་ཆུད་པ་ནི་ མུ་སྟེགས་ཅན་རྣམས་ཀྱི་སྐྱེ་བ་མི་རྟག་པའི་དོན་དུ་ལྷུང་བར་འགྱུར་རོ། ། བློ་གྲོས་ཆེན་པོ་དངོས་པོ་མི་རྟག་པ་ནི་རང་གིས་བློས་རྣམ་པར་བརྟགས་པ་སྟེ། རྟག་པ་དང་། མི་རྟག་པའི་དངོས་པོ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ།
BO
མི་རྟག་པ་ནི་རང་གི་ངོ་བོ་ཉིད་ཀྱིས་མི་འཇིག་ གོ། ། བློ་གྲོས་ཆེན་པོ་འདི་ནི་དངོས་པོ་ཐམས་ཅད་ཀྱི་དངོས་པོ་མེད་པའི་ཕྱིར་མི་རྟག་པའི་བྱ་བའོ། ། མི་རྟག་པ་མ་གཏོགས་པར་གཞན་གང་ཡང་ཆོས་ཐམས་ཅད་ཀྱི་དངོས་པོ་དངོས་པོ་མེད་པར་བྱེད་པ་མི་དམིགས་ཏེ། ཇི་ལྟར་དབྱུག་པ་དང་། གྱོ་མོ་དང་། རྡོ་བས་དངོས་པོ་དག་བཅོམ་པར་བྱེད་ པ་བཞིན་ནོ། ། མངོན་སུམ་དུ་སོ་སོས་ཐ་མི་དད་པར་མཐོང་བས་མི་རྟག་པ་ཉིད་དངོས་པོའི་བྱ་བ་ཡིན་གྱི། བྱེད་པ་དང་བྱ་བ་བྱེ་བྲག་ཡོད་པ་ནི་མ་ཡིན་ཏེ། འདི་ནི་མི་རྟག་པ་ཉིད་དོ། ། འདི་ནི་བྱ་བའོ་ཞེས་བྱ་བའི་བྱེ་བྲག་མེད་པའི་ཕྱིར་རོ། ། བྱེད་པ་དང་བྱ་བ་ཐ་མི་དད་ན་ནི་དངོས་པོ་ཐམས་ཅད་རྟག་ ཅིང་རྒྱུའི་ངོ་བོ་ཉིད་མེད་པར་འགྱུར་རོ། ། བློ་གྲོས་ཆེན་པོ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ནི་རྒྱུ་ཡོད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་ནོ། ། རྒྱུ་མ་ཡིན་ན་མི་འདྲ་བའི་དངོས་པོ་སྐྱེད་པར་འགྱུར་རོ། ། ཅི་སྟེ་སྐྱེད་ན་ནི་དངོས་པོ་ཐམས་ཅད་མི་རྟག་པར་ཡང་འགྱུར་ ཞིང་། ། དངོས་པོ་མི་འདྲ་བ་ཡང་ཡིན་པས་བྱེད་པ་དང་བྱ་བ་ཡང་བྱེ་བྲག་མེད་པར་ཡང་འགྱུར་ལ།
BO
ཐམས་ཅད་ཀྱིས་བྱེ་བྲག་ཡོད་པར་ཡང་མཐོང་བར་འགྱུར་རོ། ། གལ་ཏེ་ངོ་བོ་ཉིད་མི་རྟག་པ་ཉིད་ཡིན་ན་ནི་བྱ་བའི་རྒྱུའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་ལྷུང་བར་གྱུར་ན་ནི་དངོས་པོ་ཐམས་ཅད་ཡོངས་ སུ་རྫོགས་པར་མི་འགྱུར་རོ། ། དངོས་པོ་ཐམས་ཅད་བྱེད་པའི་རྒྱུའི་མཚན་ཉིད་དུ་ལྷུང་ན་ནི་མི་རྟག་པ་བདག་ཉིད་མི་རྟག་པར་འགྱུར་རོ། ། མི་རྟག་པ་ཉིད་མི་རྟག་པའི་ཕྱིར་དངོས་པོ་ཐམས་ཅད་མི་རྟག་པར་མི་འགྱུར་ཏེ་རྟག་པ་ཉིད་དུ་འགྱུར་རོ། ། གལ་ཏེ་མི་རྟག་པ་དངོས་པོ་ཐམས་ཅད་ཀྱི་ནང་དུ་སོང་བ་ ཡིན་ན་ནི་དུས་གསུམ་དུ་ལྷུང་བར་འགྱུར་ཏེ། གང་འདས་པའི་གཟུགས་དེ་ནི་ཞིག་པ་དང་ལྡན་པའོ། ། གང་མ་འོངས་པ་ནི་མ་སྐྱེས་པ་སྟེ། གཟུགས་མ་སྐྱེས་པའི་ཕྱིར་རོ། ། ད་ལྟར་གྱི་གཟུགས་ནི་འཇིག་པའི་མཚན་ཉིད་དང་ལྡན་པའོ། ། དེ་ལ་གཟུགས་ནི་འབྱུང་བ་ཆེན་པོ་རྣམས་བསགས་པའི་བྱེ་བྲག་ གོ། ། འབྱུང་བ་ཆེན་པོ་དག་དང་། འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ཀྱི་རང་བཞིན་ནི་མི་འཇིག་སྟེ། ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་སྤངས་པའི་ཕྱིར་རོ་ཞེས་མུ་སྟེགས་ཅན་ཐམས་ཅད་འབྱུང་བ་ཆེན་པོ་རྣམས་མི་འཇིག་པར་རྟོག་གོ། །
BO
བློ་གྲོས་ཆེན་པོ་སྲིད་པ་གསུམ་པོ་ཐམས་ཅད་ འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་གནས་པ་རྣམས་ནི་སྐྱེ་བ་དང་འཇིག་པ་ཡོད་པར་ཤེས་ན། འབྱུང་བ་ཆེན་པོ་དང་འབྱུང་བ་ལས་གྱུར་པའི་གཟུགས་ལས་ལོགས་ཤིག་ན། མུ་སྟེགས་ཅན་རྣམས་ཀྱིས་གང་ལ་བསམས་ནས་མི་རྟག་པ་ཞེས་རྟོག་སྟེ། འབྱུང་བ་ ཆེན་པོ་བཞི་མི་སྐྱེ་བ་དང་། རང་བཞིན་གྱི་མཚན་ཉིད་མི་འཇིག་པའི་ཕྱིར་རོ། ། དེ་ལ་དང་པོ་རྩོམ་པ་ཡོངས་སུ་སྤངས་པའི་མི་རྟག་པ་ཉིད་ཅེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་ཡང་མ་ཡིན་པ་དང་། གཞན་ཡང་ཐ་དད་པའི་འབྱུང་བ་ཆེན་པོ་བཞི་དང་། སོ་སོ་ཐ་དད་པའི་མཚན་ཉིད་དང་། རང་གི་ མཚན་ཉིད་ཀྱི་ཕྱིར་རོ། ། བྱེ་བྲག་མི་དམིགས་པ་དང་། དེའི་བྱེ་བྲག་མེད་པ་དང་། དེ་ལ་སོགས་པས་ཡང་མི་རྩོམ་པ་དང་། སྦྱོར་བ་རྣམ་པ་གཉིས་པ་མི་རྩོམ་པ་ནི་མི་རྟག་པ་ཉིད་ཤེས་པར་བྱའོ། ། དེ་ལ་དབྱིབས་རྣམ་པར་འཇིག་པའི་མི་རྟག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་ དང་། རྒྱུར་བྱས་པའི་གཟུགས་རྣམས་ཀྱི་མི་འཇིག་པ་ནི་མཐར་ཕྱིན་པའི་བར་དུ་མི་འཇིག་གོ་ཞེས་ཟེར་ལ། བློ་གྲོས་ཆེན་པོ་མཐར་ཕྱིན་པ་ནི་རྡུལ་ཕྲ་མོའི་བར་དུ་རབ་ཏུ་ཕྱེ་སྟེ།
BO
འཇིག་པ་ལས་སོ་སོར་བརྟགས་ན་འབྱུང་བ་ཆེན་པོ་བཞི་དང་། རྒྱུར་བྱས་པའི་གཟུགས་རྣམས་ཐ་དད་པར་མཐོང་བའི་ དབྱིབས་དང་རིང་ཐུང་མི་དམིགས་ཏེ། འབྱུང་བ་ཆེན་པོ་བཞི་ནི་མ་ཡིན་པས་འབྱུང་བ་ཆེན་པོ་བཞི་མི་འཇིག་གི ། དབྱིབས་རྣམ་པར་འཇིག་པར་ལྟ་བས་གྲངས་ཅན་གྱི་སྨྲ་བར་ལྟུང་བ་ཡིན་ནོ། ། དེ་ལ་གཟུགས་ཉིད་མི་རྟག་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། གཟུགས་ཉིད་མི་རྟག་པ་ཉིད་ཡིན་པས་དབྱིབས་ དེ་དག་མི་རྟག་པ་ཉིད་དེ་འབྱུང་བ་ཆེན་པོ་རྣམས་ནི་མ་ཡིན་ནོ། ། གལ་ཏེ་འབྱུང་བ་བཞི་པོ་རྣམས་མི་རྟག་པ་ཉིད་ཡིན་ན་ནི་འཇིག་རྟེན་གྱི་གྲངས་སུ་བརྗོད་པ་མ་ཡིན་ནོ། འཇིག་རྟེན་གྱི་བརྗོད་པའི་དངོས་པོ་མེད་ན་ནི་འཇིག་རྟེན་རྒྱང་པན་པའི་ལྟ་བར་ལྟུང་བར་འགྱུར་ཏེ། དངོས་པོ་ཐམས་ཅད་བརྗོད་པའི་ ཚིག་ཙམ་དུ་མཐོང་ཞིང་རང་གི་མཚན་ཉིད་སྐྱེ་བར་མི་མཐོང་བའི་ཕྱིར་རོ། ། དེ་ལ་རྣམ་པར་འགྱུར་བའི་མི་རྟག་པ་ཞེས་བྱ་བ་ནི་འདི་ལྟར་གཟུགས་དངོས་པོ་གཞན་དུ་འགྱུར་བར་སྣང་བ་སྟེ། འབྱུང་བ་ཆེན་པོ་རྣམས་ནི་མ་ཡིན་ནོ། ། ཇི་ལྟར་གསེར་ལས་རྒྱུན་དུ་བྱས་པ་རྣམས་འགྱུར་བར་སྣང་ཡང་ གསེར་གྱི་རང་བཞིན་འཇིག་པ་མ་ཡིན་གྱི།
BO
རྒྱན་གྱི་དབྱིབས་ལ་འཇིག་པ་ཡོད་པ་དེ་བཞིན་དུ་དངོས་པོ་གཞན་རྣམ་པར་འགྱུར་བ་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་དེ་ལ་སོགས་པའི་རྣམ་པས་མུ་སྟེགས་ཅན་རྣམས་མི་རྟག་པའི་ལྟ་བར་རྣམ་པར་རྟོག་གོ། ། འདི་ལྟར་མེས་འབྱུང་བ་ཆེན་པོ་ རྣམས་སྲེགས་པའི་ཚེ་རང་གི་མཚན་ཉིད་ལ་ནི་མི་སྲེག་གོ། ། ཅི་སྟེ་སོ་སོ་ནས་རང་གི་མཚན་ཉིད་གཅིག་གིས་གཅིག་འཇིག་པར་བྱེད་ན་ནི་འབྱུང་བ་དག་རྒྱུར་བྱས་པའི་གཟུགས་རྣམས་འཆད་པར་འགྱུར་བའི་རིགས་སོ། ། བློ་གྲོས་ཆེན་པོ་ངའི་ཆོས་ནི་བྱུང་བ་ཉིད་ན་རྟག་པ་ཡང་མ་ཡིན། མི་རྟག་པ་ ཡང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་གྱི་དངོས་པོ་མ་ངེས་པའི་ཕྱིར་སྲིད་པ་གསུམ་སེམས་ཙམ་དུ་བསྟན་གྱི། མཚན་ཉིད་སྣ་ཚོགས་དང་། སྐྱེ་བ་དང་། འཇིག་པ་ཡོད་པར་ནི་མ་བསྟན་ཏོ། ། འབྱུང་བ་ཆེན་པོ་འདུས་པའི་བྱེ་བྲག་དང་། འབྱུང་བ་དང་འབྱུང་བ་ལས་གྱུར་ པའི་ཕྱིར་རྣམ་པ་གཉིས་ཀྱི་དངོས་པོ་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པར་འགྱུར་བ་དང་། རྣམ་པར་རྟོག་པ་གཉིས་ཡོངས་སུ་ཤེས་པ་དང་། ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་གཉིས་དང་བྲལ་བ་དང་།
BO
རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་ཅིང་རྣམ་པར་རྟོག་པའི་བསམས་ པའི་མངོན་པར་འདུ་བྱེད་པ་ལས་སྐྱེའི། མངོན་པར་འདུས་མ་བྱས་པ་ནི་མ་ཡིན་ནོ། ། ཞེས་སེམས་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བས་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པ་མཆོག་གི་ཆོས་ཐམས་ཅད་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཉིད་ཀྱང་མ་ཡིན་ནོ། ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པས་མཐའ་གཉིས་ཀྱི་ལྟ་བ་ངན་པའི་རྒྱུན་དུ་ལྷུང་བར་འགྱུར་ཏེ། མུ་སྟེགས་ཅན་ཐམས་ཅད་ཀྱིས་རང་གི་རྣམ་པར་རྟོག་པ་ཁོང་དུ་མི་ཆུད་དོ། ། སོ་སོའི་སྐྱེ་བོ་དེ་དག་ལ་གཞི་ཅི་ཡང་མེད་པས་འདི་ལྟར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པ་མཆོག་གི་ཆོས་ཚིག་གི་རྣམ་པར་རྟོག་པ་ལས་སྐྱེ་བར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་ཆུད་པ་མ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དང་པོ་ བརྩམས་ནས་རབ་སྤངས་ཤིང་། ། དབྱིབས་དང་རྣམ་པ་གཞན་འགྱུར་དང་། ། དངོས་པོ་གཟུགས་ནི་མི་རྟག་པ། ། མུ་སྟེགས་བླུན་པོས་རྟོག་པར་བྱེད། །
BO
དངོས་པོ་རྣམས་ལ་འཇིག་པ་མེད། ། འབྱུང་བ་འབྱུང་བའི་རང་བཞིན་གནས། ། མུ་སྟེགས་མི་རྟག་འདུ་ཤེས་པ། ། ལྟ་བ་སྣ་ ཚོགས་བྱིང་བ་འགྱུར། ། མུ་སྟེགས་ཅན་ནི་དེ་དག་ལ། ། སྐྱེ་དང་འཇིག་པ་གང་ཡང་མེད། ། འབྱུང་བ་འབྱུང་བའི་རང་བཞིན་རྟག ། ཇི་སྐད་མི་རྟག་ཉིད་དུ་རྟོག ། ཐམས་ཅད་སེམས་ཙམ་སྣང་བ་སྟེ། ། རྣམ་པ་གཉིས་སུ་སེམས་ཀྱང་འཇུག ། གཟུང་བ་དང་ནི་འཛིན་པའོ། ། བདག་དང་བདག་གི་ ཡོད་མ་ཡིན། ། ཚངས་པ་སྡོང་པོ་རྩ་བ་ཡིན། ། ཡལ་ག་ལོ་མ་ཀུན་དུ་ཁྱབ། ། འདི་སྐད་དུ་ནི་ངས་བཤད་དེ། ། དེ་དག་གི་ནི་སེམས་ཙམ་ཡིན། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འགོག་པའི་སྙོམས་པར་འཇུག་པའི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱོར་བའི་མཚན་ཉིད་བཤད་དུ་གསོལ། གལ་ཏེ་འགོག་པའི་སྙོམས་པར་འཇུག་པའི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱོར་བའི་མཚན་ཉིད་ལ་མཁས་པར་གྱུར་ན། བདག་དང་ བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་འགོག་པའི་སྙོམས་པར་འཇུག་པའི་བདེ་བའི་སྒོ་སྤང་བར་མི་འགྱུར་ཞིང་།
BO
ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྨོངས་པར་ལྟུང་བར་མི་འགྱུར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཤིན་ཏུ་ ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་བཤད་དུ་གསོལ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ས་དྲུག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་སྙོམས་པར་འཇུག་པ་སྐྱེད་པར་བྱེད་ལ། ས་བདུན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་སྙོམས་པར་འཇུག་སྟེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་མཚན་ཉིད་ཡོངས་སུ་སྤངས་པས་ སྙོམས་པར་འཇུག་གི ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་མ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་མངོན་པར་འདུ་བྱེད་པའི་བློ་ཅན་གཟུང་བ་དང་། འཛིན་པའི་མཚན་ཉིད་དུ་ལྷུང་བས་འགོག་པའི་སྙོམས་པར་འཇུག་གོ། ། དེ་བས་ན་ས་བདུན་པ་ནི་ཡིད་ལ་བྱེད་པས་སྙོམས་ པར་འཇུག་པ་མ་ཡིན་ཏེ།
BO
ཆོས་ཐམས་ཅད་བྱེ་བྲག་མེད་པའི་མཚན་ཉིད་ཐོབ་པས་རིམ་གྱིས་མཚན་ཉིད་ཀྱི་དངོས་པོ་སྣ་ཚོགས་ཐོབ་པ་ནི་མ་ཡིན་ནོ། ། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ཁོང་དུ་ཆུད་དེ། སྙོམས་པར་འཇུག་པས་དེའི་ཕྱིར་ས་བདུན་པ་ལ་དགེ་བའི་སེམས་ ཀྱིས་སྙོམས་པར་འཇུག་པ་མེད་དོ། ། བློ་གྲོས་ཆེན་པོ་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་དང་། འདུ་ཤེས་ལྡོག་པར་འགྱུར་རོ། ། ས་དང་པོ་ནས་ས་བདུན་པའི་བར་གྱི་བྱང་ཆུབ་ སེམས་དཔའ་དེ་དག་ཁམས་གསུམ་པ་འདི་ནི་སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཙམ་མོ་ཞེས་སོ་སོར་རབ་ཏུ་རྟོག་སྟེ། བདག་དང་བདག་གི་དང་བྲལ་བ། རང་གི་རྣམ་པར་རྟོག་པའི་སྤྱོད་པ་ཅན། ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་ཀྱི་མཚན་ཉིད་དུ་ལྟུང་བ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་ གི་མཚན་ཉིད་གཟུང་བ་དང་། འཛིན་པའི་དངོས་པོ་རྣམ་པ་གཉིས་སུ་གྱུར་པས་མི་ཤེས་པའི་རྗེས་སུ་སོང་བ། ཐོག་མ་མེད་པའི་དུས་ནས་རྣམ་པར་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པ་རྣམས་ཁོང་དུ་མི་ཆུད་དོ། །
BO
བློ་གྲོས་ཆེན་པོ་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་མྱ་ངན་ལས་འདས་པ་མཚུངས་ཀྱང་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་བློས་ཡོངས་སུ་བཟུང་བས། དེའི་ཕྱིར་ཏིང་ངེ་འཛིན་གྱི་སྒོའི་བདེ་བས་ཡོངས་སུ་མྱ་ངན་ལས་མི་འདའོ། ། གལ་ཏེ་ཡོངས་སུ་མ་བཟུང་དུ་ཟིན་ན་ནི་དེ་བཞིན་ གཤེགས་པའི་ས་ཡོངས་སུ་རྫོགས་པར་མི་འགྱུར་ཞིང་སེམས་ཅན་གྱི་བྱ་བ་ཐམས་ཅད་ཡོངས་སུ་སྤང་བར་འགྱུར་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་གདུང་ཡང་ཆད་པར་འགྱུར་བས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ ཡོན་ཏན་དཔག་ཏུ་མེད་པ་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཏིང་ངེ་འཛིན་གྱི་སྒོའི་བདེ་བས་ཕྲོགས་པར་གྱུར་པའི་ཕྱིར་མྱ་ངན་ལས་འདས་པར་འདུ་ཤེས་སོ། ། བློ་གྲོས་ཆེན་པོ་ངས་ས་བདུན་པའི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ ལ་མཁས་ཤིང་གོམས་པར་བྱ་བ་དང་། བདག་དང་བདག་གིར་འཛིན་པ་དང་། གང་ཟག་དང་། ཆོས་བདག་མེད་པ་བསྡུ་བ་དང་། སྐྱེ་བ་དང་། འཇིག་པ་དང་། རང་དང་སྤྱིའི་མཚན་ཉིད་ལ་མཁས་ཤིང་གོམས་པར་བྱ་བ་དང་།
BO
སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་གདོན་མི་ཟ་བའི་སྟོབས་ལ་ མཁས་པ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། སའི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱར་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་པར་དབྱེ་བར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་དང་སྤྱིའི་མཚན་ཉིད་མི་ཤེས་ཤིང་ས་བདུན་ལ་མི་མཁས་པ་དང་། མུ་སྟེགས་ཅན་གྱི་ལོག་པའི་ ལམ་དུ་ལྷུང་བར་མི་བྱ་བའི་ཕྱིར་སའི་{གོ་རིམས་ཀྱིས་,གོ་རིམ་གྱིས་}རྣམ་པར་གཞག་པ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ལ་ཡང་དག་པར་གང་ཡང་སྐྱེ་བའམ། འཇིག་པ་ཞེས་བྱ་བ་མེད་དོ། ། གཞན་དུ་ན་འདི་ལྟ་སྟེ། སའི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱར་བ་དང་། ཁམས་གསུམ་སྣ་ཚོགས་ཀྱི་སྤྱོད་པ་འདི་ནི་སེམས་ སྣང་བ་ཙམ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མི་ཆུད་དོ། ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མི་ཆུད་པས་འདི་ལྟ་སྟེ། ང་དང་སངས་རྒྱས་དེ་དག་གིས་སའི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱར་བ་དང་། ཁམས་གསུམ་གྱི་སྤྱོད་པ་སྣ་ཚོགས་བསྟན་ཏོ། ། གཞན་ཡང་བློ་གྲོས་ཆེན་པོ་ཉན་ཐོས་དང་།
BO
རང་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་ལ་འགོག་པའི་སྙོམས་པར་འཇུག་པའི་བདེ་བའི་མྱོས་པས་མྱོས་ཏེ། རང་གི་སེམས་སྣང་བ་ཙམ་ལ་མི་མཁས་པས་རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བ། བག་ཆགས་ཀྱིས་བསྒྲིབས་པ། གང་ཟག་དང་ཆོས་བདག་མེད་པར་ལྷུང་བ་ཆོས་སུ་འཛིན་ པར་ལྟ་བ། རྣམ་པར་རྟོག་པས་མྱ་ངན་ལས་འདས་པར་རབ་ཏུ་ཤེས་པར་གྱུར་ཏེ། རབ་ཏུ་དབེན་པ་ལ་མོས་པའི་བློ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའི་ནི་སྒོའི་བདེ་བ་མཐོང་ཡང་སྔོན་གྱི་སྨོན་ལམ་དང་། སྙིང་བརྩེ་བ་དང་། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་མཐར་ཐུག་པའི་གནས་བཅུ་རྣམ་ པར་དབྱེ་བ་ཤེས་པས་རྣམ་པར་རྟོག་པས་མྱ་ངན་ལས་འདས་པར་འདུ་ཤེས་པར་མི་འགྱུར་ཏེ། དེ་ལྟར་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་མི་སྐྱེ་བའི་ཕྱིར། གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་ཡོངས་སུ་སྤོང་ཞིང་། ཆོས་ཐམས་ཅད་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་རྣམ་ པར་རྟོག་པ་མི་སྐྱེ་སྟེ། སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཕྱི་རོལ་གྱི་དངོས་པོའི་རང་གི་ངོ་བོའི་མཚན་ཉིད་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པར་ཡང་མི་ལྟུང་ལ།
BO
སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་མི་སྐྱེད་པ་ཡང་མ་ཡིན་ཏེ། ཡེ་ཤེས་ཀྱི་རྗེས་སུ་སྐྱེ་བས་དེ་བཞིན་གཤེགས་པའི་ རང་གིས་རིག་པའི་ས་འཐོབ་པར་འགྱུར་ཏེ། ཇི་ལྟར་སྐྱེས་བུའི་རྨི་ལམ་ན་ཆུ་བོ་རྒལ་བར་རྩོམ་པ་ཕ་རོལ་ཏུ་མ་ཕྱིན་པར་སད་ལ། སད་ནས་འདི་སྙམ་དུ་ཅི་འདི་ཡང་དག་པའམ། འོན་ཏེ་ཡང་དག་པ་མ་ཡིན་པ་ཞེས་རྟོག་པར་བྱེད་པ་དེ་ནི་ཡང་དག་པ་ཡང་མ་ཡིན། ལོག་པ་ཡང་མ་ཡིན་གྱི། གཞན་དུ་ན་ཐོག་མ་མེད་པའི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་རྒྱུའི་འདུ་ཤེས་སྣ་ཚོགས་ཀྱི་བག་ཆགས་དང་། དབྱིབས་དང་། གནས་སྣ་ཚོགས་དང་། ཡོད་པ་དང་། མེད་པའི་མཚན་ཉིད་དུ་ལྷུང་བ་དང་། སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་རྨི་ ལམ་ལས་སྣང་ངོ་། ། བློ་གྲོས་ཆེན་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་རྣམ་པར་རྟོག་པའི་མཚན་ཉིད་སྐྱེ་བར་མཐོང་བ་དང་། ས་དང་པོ་ནས་བརྩལ་བས་ས་བདུན་དུ་འཕོ་བ་དང་། ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་ མཚུངས་པར་མཐོང་བའི་སྦྱོར་བས་གཟུང་བ་དང་། འཛིན་པའི་སེམས་རྣམ་པར་རྟོག་པའི་སྤྱོད་པ་ལས་བཟླས་ཏེ།
BO
སངས་རྒྱས་ཀྱི་ཆོས་ཀྱི་སྦྱོར་བ་བྱས་ནས་ད་དུང་མ་ཐོབ་པ་ནི་ཐོབ་པར་བྱེད་དོ། ། བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པའི་སྦྱོར་བ་རྣམ་པར་མི་འཇིག་པ་ ཡིན་ཏེ། སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་སྤངས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པར་འགྱུར་བའོ། ། བློ་གྲོས་ཆེན་པོ་དོན་དམ་པ་ལ་ནི་{གོ་རིམས་,གོ་རིམ་}དང་མཚམས་སྦྱར་བ་མེད་དེ། སྣང་བ་མེད་པ་རྣམ་པར་རྟོག་པ་ལས་དབེན་པའི་ཆོས་བསྟན་པའོ། ། དེ་ནས་བཅོམ་ ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སེམས་ཙམ་དང་ནི་སྣང་མེད་དང་། ། གནས་འདི་དང་ནི་སངས་རྒྱས་ས། ། འདས་དང་མ་འོངས་ད་ལྟར་གྱི། ། དུས་གསུམ་སངས་རྒྱས་རྣམས་ཀྱིས་བཤད། ། སེམས་ཙམ་ས་ནི་བདུན་པ་ ཡིན། ། སྣང་བ་མེད་ནི་ས་བརྒྱད་པ། ། ས་གཉིས་དག་ནི་གནས་ཞེས་བྱ། ། སངས་རྒྱས་ས་ནི་མཆོག་ཡིན་ནོ། ། རང་རིག་ཡེ་ཤེས་རྣམ་པར་དག ། དེ་ནི་ང་ཡི་ས་ཡིན་ནོ། ། དབང་ཕྱུག་དང་ནི་མཆོག་གི་གནས། ། རྣམ་པར་བརྟག་ཅིང་རབ་བཀོད་པ། ། གསལ་བྱེད་འབར་བའི་མེ་ལྟ་བུར། ། འོད་ཟེར་ ཀུན་དུ་ཁྱབ་པར་སྣང་། །
BO
འོད་ཟེར་འབར་བས་མིག་མི་ཉམས། ། སྲིད་གསུམ་ཀུན་དུ་འདུལ་བར་བྱེད། ། སྤྲུལ་པས་སྲིད་གསུམ་གནས་པར་སྟོན། ། ཁ་ཅིག་སྔ་ནས་སྤྲུལ་པ་སྟེ། ། དེར་ནི་ཐེག་པ་རྣམས་སྟོན་པ། ། ཐམས་ཅད་དེ་བཞིན་གཤེགས་ཀྱིས། ། ས་བཅུ་དེ་ནི་དང་པོ་ཡིན། ། དང་པོ་པ་ནི་ བརྒྱད་པ་ཡིན། ། དགུ་པ་ཡང་ནི་བདུན་པ་སྟེ། ། བདུན་པ་དེ་ཡང་བརྒྱད་པ་ཡིན། ། གཉིས་པ་དེ་ནི་གསུམ་པ་ཡིན། ། བཞི་པ་ཡང་ནི་ལྔ་པ་ཡིན། ། གསུམ་པ་ཡང་ནི་དྲུག་ཡིན་ཏེ། ། སྣང་བ་མེད་ལ་རིམ་ཅི་ཡོད། ། ། ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས། བམ་པོ་བརྒྱད་པ་སྟེ་ཐ་མ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྟག་པ་ཞིག་གམ། འོན་ཏེ་མི་རྟག་པ་ཞིག་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཏེ། འདི་ལྟར་གཉི་ག་ཡང་ཉེས་པ་ཡོད་པའི་ཕྱིར་རོ། ། གལ་ཏེ་རྟག་པར་གྱུར་ན་ནི་བྱེད་པའི་བདག་པོ་ཡོད་པའི་ཉེས་པར་འགྱུར་རོ། །
BO
མུ་སྟེགས་ཅན་དག་རྟག་པ་ནི་བྱེད་པ་པོས་བྱས་པ་མ་ཡིན་པའོ་ཞེས་ཟེར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་ཀྱང་རྟག་པ་མ་ཡིན་ཏེ། བྱས་པ་མ་ཡིན་པ་རྟག་པའི་ཉེས་པར་འགྱུར་བའི་ཕྱིར་རོ། ། ཅི་སྟེ་དེ་བཞིན་གཤེགས་པ་མི་རྟག་པ་ཡིན་ན་ནི་བྱས་པ་ཡོད་པའི་མི་རྟག་པའི་ཉེས་པར་འགྱུར་ཏེ། ཕུང་པོའི་མཚན་ཉིད་དང་། མཚན་ཉིད་ཀྱི་གཞིའི་དངོས་པོ་མེད་པས་ཕུང་པོ་ཞིག་པ་ལྟར་ཆད་པར་འགྱུར་བའི་རིགས་ན། དེ་བཞིན་གཤེགས་པ་ནི་ཆད་པར་མི་འགྱུར་རོ། ། བློ་གྲོས་ཆེན་པོ་བྱས་པ་ཐམས་ཅད་མི་རྟག་ན་ནི་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་དུ་ཐམས་ཅད་ཀྱང་མི་རྟག་པའི་ཉེས་པར་འགྱུར་ བས། ཐམས་ཅད་མཁྱེན་པའི་ཚོགས་དང་། སྦྱོར་བ་རྣམས་དོན་མེད་པར་འགྱུར་ཏེ། འདི་ལྟར་བྱས་པའི་ཕྱིར་རོ། ། བྱས་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཡིན་པར་འགྱུར་ཏེ། བྱེ་བྲག་གི་རྒྱུའི་དངོས་པོ་མེད་པའི་ཕྱིར་རོ། ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ ཡང་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་ནམ་མཁའ་ལྟར་རྟག་པ་མ་ཡིན་ཏེ།
BO
ནམ་མཁའ་ལྟར་རྟག་པ་ཡིན་ན་ནི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་ཚོགས་རྣམས་དོན་མེད་པའི་ཉེས་པར་འགྱུར་རོ། ། བློ་གྲོས་ཆེན་པོ་དཔེར་ན་ནམ་མཁའ་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞིང་། རྟག་པ་དང་། མི་རྟག་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། རྟག་པ་དང་མི་རྟག་པའི་ཉེས་པ་སྤངས་པའི་ཕྱིར། བརྗོད་པར་བྱ་བ་མ་ཡིན་ནོ། ། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པ་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་ གལ་ཏེ་དེ་བཞིན་གཤེགས་པ་སྐྱེ་བ་མེད་པའི་རྟག་པ་ཡིན་ན་ནི་རི་བོང་དང་རྟ་ལ་སོགས་པའི་རྭ་དང་མཚུངས་ཤིང་སྐྱེ་བ་མེད་པའི་རྟག་པར་འགྱུར་བའི་ཕྱིར། བསྒྲུབས་པ་རྣམས་དོན་མེད་པར་འགྱུར་ཏེ། སྐྱེ་བ་མེད་པའི་རྟག་པའི་ཉེས་པར་འགྱུར་བས་ན། དེ་བཞིན་གཤེགས་པ་ནི་རྟག་པ་མ་ཡིན་ནོ། ། གཞན་ཡང་ བློ་གྲོས་ཆེན་པོ་དངོས་པོ་གཞན་གྱིས་དེ་བཞིན་གཤེགས་པ་རྟག་པ་ཡིན་པར་ཤེས་པར་འགྱུར་བ་ཡང་ཡོད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བར་ཆད་མེད་པས་མངོན་པར་རྟོགས་པའི་ཡེ་ཤེས་རྟག་པའི་ཕྱིར་དེ་བཞིན་གཤེགས་པ་རྟག་པའོ། །
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་། ཆོས་ཉིད་ནི་ངེས་པར་གནས་པ་ཉིད་དེ། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བར་ཆད་མེད་པའི་གནས་པ་ནི་ནམ་མཁའ་ལ་མི་གནས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བ་ཡང་མ་ཡིན་ནོ། ། བློ་གྲོས་ ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་ཤེས་རབ་ཀྱིས་ཡོངས་སུ་བསྒོས་པ་ཡིན་གྱི། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་གིས་ཡོངས་ སུ་བསྒོས་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་སྲིད་པ་གསུམ་པོ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་ལས་བྱུང་བ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཆོས་གཉིས་ཡོད་པར་གྱུར་པའི་ཕྱིར་རྟག་པ་དང་མི་ རྟག་པ་ཡོད་པར་འགྱུར་གྱི་གཉིས་སུ་མེད་པ་ལ་ནི་མ་ཡིན་ནོ། ། གཉིས་སུ་མེད་པ་ནི་རབ་ཏུ་དབེན་པའོ། ། ཆོས་ཐམས་ཅད་ནི་གཉིས་སུ་མེད་པ་དང་།
BO
མ་སྐྱེས་པའི་མཚན་ཉིད་ཡིན་པའི་ཕྱིར། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྟག་པ་ཡང་ མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཇི་ཙམ་དུ་ཚིག་གི་རྣམ་པར་རྟོག་པ་འཇུག་པ་དེ་ཙམ་དུ་རྟག་པ་དང་མི་རྟག་པའི་ཉེས་པར་འགྱུར་གྱི། རྣམ་པར་རྟོག་པའི་བློ་ཟད་པར་གྱུར་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྟག་པ་དང་མི་རྟག་པར་ལྟ་བ་རབ་ཏུ་མ་ཞི་བ་ཡོངས་སུ་སྤོང་བར་འགྱུར་བས་བློ་ དང་ལྡན་པ་རྣམས་ཀྱིས་རྟག་པ་དང་མི་རྟག་པ་དང་། རྟག་པ་དང་། མི་རྟག་པ་ཡང་མ་ཡིན་པའི་ཡོངས་སུ་བསྒོས་པ་རྣམས་ཤིན་ཏུ་སྤང་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ཚོགས་རྣམས་དོན་མེད་གྱུར་ན་ནི། ། རྟག་དང་མི་ རྟག་ཉེས་པ་སྐྱེ། ། རྣམ་པར་རྟོག་པའི་བློ་མེད་ན། ། རྟག་དང་མི་རྟག་རབ་ཏུ་སྤོང་། ། དམ་ནི་རབ་ཏུ་འཆའ་བ་ལས། ། གུད་ན་འདྲེས་པའི་དོན་ཡོད་གྱུར། ། རང་སེམས་ཙམ་དུ་མཉམ་རྟོགས་ན། ། ཚིག་གི་བརྗོད་པ་དམིགས་སུ་མེད། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ ལ་གསོལ་པ།
BO
བཅོམ་ལྡན་འདས་ཀྱིས་ཡང་བདག་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་སྐྱེ་བ་དང་འཇིག་པ་བཤད་དུ་གསོལ། དེ་དག་ལ་ནི་བདག་མ་མཆིས་ན་སུ་ཞིག་སྐྱེ་ཞིང་སུ་ཞིག་ལྡོག་པར་འགྱུར་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སྐྱེ་བ་དང་འཇིག་པ་ལ་གནས་པས་སྡུག་ བསྔལ་ཟད་པར་འགྱུར་བ་ཁོང་དུ་མི་ཆུད་ཅིང་མྱ་ངན་ལས་འདས་པ་རབ་ཏུ་མི་རྟོགས་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། ། དེའི་ཕྱིར་ལེགས་པར་ཉོན་ཅིག་དང་ཁྱོད་ལ་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་དུ་འཚལ་ལོ་ཞེས་ བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དེ་བཞིན་གཤེགས་པའི་སྙིང་པོ་དགེ་བ་དང་། མི་དགེ་བའི་རྒྱུར་གྱུར་པ་ནི་འགྲོ་བའི་སྐྱེ་བ་ཐམས་ཅད་དུ་ཁྱབ་པར་བྱེད་པས་གར་མཁན་བཞིན་དུ་འགྲོ་བ་རྣམས་རྣམ་པར་འགྱུར་བ་སྟོན་པར་བྱེད་པ། བདག་དང་ བདག་གི་སྤངས་པ་དེ་ཁོང་དུ་མ་ཆུད་པའི་ཕྱིར་གསུམ་འདུས་པའི་རྐྱེན་གྱི་སྦྱོར་བ་ལས་སྐྱེ་བ་དང་། མུ་སྟེགས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་བྱེད་པ་པོར་མངོན་པར་ཞེན་ཏོ། །
BO
ཐོག་མ་མེད་པའི་དུས་ནས་རྣམ་པར་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པ་ནི་ཀུན་གཞི་རྣམ་པར་ ཤེས་པ་ཞེས་བྱ་སྟེ། མ་རིག་པ་གནས་པའི་ས་རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་བསྐྱེད་པ། རྒྱ་མཚོའི་རླབས་བཞིན་དུ་ལུས་རྟག་ཏུ་སྐྱེད་ཅིང་རྒྱུན་མི་འཆད་པ། རྟག་པ་དང་མི་རྟག་པའི་ཉེས་པ་དང་བྲལ་བ། བདག་ཏུ་སྨྲ་བ་ཡོངས་སུ་སྤངས་པ། རང་བཞིན་གྱིས་དྲི་མ་མེད་པ། མཐར་ཡོངས་སུ་དག་ པའོ། ། དེ་མ་ཡིན་པའི་རྣམ་པར་ཤེས་པ་རྣམས་སྐྱེ་བ་དང་། འཇིག་པ་ཡོད་པ་སྟེ། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་སྐད་ཅིག་བདུན་དང་བཅས་པ་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པའི་རྒྱུས་ཡུལ་རྣམས་ཀྱི་དབྱིབས་དང་གནས་སྣ་ཚོགས་ལེན་པ། མིང་དང་རྒྱུ་མཚན་ལ་མངོན་པར་ཞེན་ པ། རང་གི་སེམས་སྣང་བའི་གཟུགས་ཀྱི་མཚན་ཉིད་ཁོང་དུ་མ་ཆུད་པ། སྡུག་བསྔལ་དང་བདེ་བ་མ་རྟོགས་པས་རྣམ་པར་གྲོལ་བའི་གནས་སུ་ཕྱིན་པར་མི་འགྱུར་བ། མིང་དང་རྒྱུ་མཚན་གྱིས་ཀུན་ནས་དཀྲིས་པའི་འདོད་ཆགས་སྐྱེ་ལ་འདོད་ཆགས་སྐྱེས་ནས་རྒྱུ་དང་དམིགས་པར་བྱེད་དེ།
BO
ཚོར་བའི་དབང་ པོ་དེ་དག་འགགས་ན་རིམ་གྱིས་མི་སྐྱེའོ་ཞེས་གཞན་དུ་རང་གི་སེམས་ཀྱི་རྣམ་པར་རྟོག་པས་སྡུག་བསྔལ་དང་། བདེ་བ་མ་ཤེས་པས་ཚོར་བ་དང་། འདུ་ཤེས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་བསམ་གཏན་བཞི་པ་ཐོབ་པ། ཡང་དག་པའི་བདེན་པ་དང་། རྣམ་པར་གྲོལ་ བ་ལ་མཁས་པའི་རྣལ་འབྱོར་པ་རྣམས་རྣམ་པར་གྲོལ་བའི་འདུ་ཤེས་སུ་བྱེད་དེ། རབ་ཏུ་མ་སྤངས་ཤིང་ཡོངས་སུ་མ་གྱུར་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱའོ། ། རྣམ་པར་ཤེས་པ་བདུན་ནི་འཁོར་བར་འཇུག་ཅིང་འགག་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་དང་དམིགས་པ་ལས་རྣམ་པར་ཤེས་པ་རྣམས་རབ་ཏུ་སྐྱེ་བའི་ཕྱིར་རོ། ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། བདག་མེད་པ་མ་རྟོགས་པས་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྐྱེད་པ། དེ་བཞིན་གཤེགས་ པའི་སྙིང་པོ་མཐོང་བར་གྱུར་པ་ན། ཆོས་ལྔ་དང་། རང་བཞིན་དང་། གང་ཟག་དང་། ཆོས་བདག་མེད་པ་རྣམས་ལྡོག་པར་གྱུར་ཏེ།
BO
སའི་རིམ་པའི་མཚམས་སྦྱོར་བ་ཁྱད་པར་དུ་གྱུར་པས་གཞན་མུ་སྟེགས་ཅན་གྱི་ལྟ་བ་རྣམས་ཀྱིས་བསྐྱོད་པར་མི་ནུས་པ་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་རབ་ཏུ་ གནས་པ་ཞེས་བྱའོ། ། ཏིང་ངེ་འཛིན་གྱི་བདེ་བའི་སྒོའི་ལམ་བཅུ་རབ་ཏུ་འཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་བློས་ཡོངས་སུ་བཟུང་བས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་སོ་སོར་རབ་ཏུ་རྟོག་པ་དང་། རང་གི་སྨོན་ལམ་གྱིས་ཏིང་ངེ་འཛིན་གྱི་སྒོའི་བདེ་བ་མི་ལེན་ཅིང་ཡང་དག་པའི་མཐའ་ལ་མི་གནས་པར་ འཕགས་པའི་སོ་སོ་རང་གིས་རིག་པར་འགྲོ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་རྣལ་འབྱོར་གྱི་ལམ་འཕགས་པའི་རིགས་ཀྱི་ལམ་བཅུ་དང་། སྐུ་དང་། ཡེ་ཤེས་དང་། ཡིད་ལས་སྐྱེས་པ་དང་། ཏིང་ངེ་འཛིན་མངོན་པར་འདུ་བྱེད་པ་མེད་ པ་རབ་ཏུ་འཐོབ་པར་འགྱུར་རོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་འདོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ཡོངས་སུ་སྦྱང་བ་བྱའོ། །
BO
བློ་གྲོས་ཆེན་པོ་གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མེད་པ་ལ་དེ་བཞིན་ གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི་སྐྱེ་བ་དང་། འཇིག་པ་ཡང་མེད་པར་འགྱུར་ཏེ། བློ་གྲོས་ཆེན་པོ་འོན་ཀྱང་བྱིས་པ་དང་འཕགས་པ་རྣམས་ལ་སྐྱེ་བ་དང་འཇིག་པ་ཡོད་པས་རྣལ་འབྱོར་པ་རྣམས་འཕགས་པའི་སོ་སོ་རང་གིས་རིག་པ་ལ་འཇུག་ཅིང་མཐོང་བའི་ཆོས་ལ་བདེ་བར་གནས་པའི་སྦྱོར་བ་མི་གཏོང་ངོ་། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་འདི་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་མོད་ཀྱི། ཉན་ཐོས་དང་། རང་སངས་རྒྱས་རྟོག་པའི་ལྟ་བ་ཅན་ཐམས་ཅད་བློ་བུར་གྱི་ཉོན་མོངས་པས་བསྒྲིབས་པའི་ཕྱིར་ཡོངས་སུ་མ་དག་པ་མཐོང་གི ། དེ་བཞིན་གཤེགས་པ་རྣམས་ནི་མ་ཡིན་ ནོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་མངོན་སུམ་གྱི་སྤྱོད་ཡུལ་ཅན་ཡིན་པས། དཔེར་ན་ལག་མཐིལ་གྱི་སྐྱུ་རུ་རའི་འབྲས་བུ་བཞིན་དུ་གཟིགས་སོ། ། བློ་གྲོས་ཆེན་པོ་ངས་དོན་འདི་རྫུ་འཕྲུལ་གྱི་མཐུས་རྣམ་པར་གཞག་པས་བཙུན་མོ་ཕྲེང་ལྡན་མ་དང་།
BO
གཞན་ཡང་ཤེས་རབ་རྣོ་ཞིང་ཡོངས་སུ་རྫོགས་ པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་སྐྱེ་བར་བསྟན་ཅིང་བཤད་དེ། ཉན་ཐོས་རྣམས་གང་ཟག་ལ་བདག་མེད་པར་མཐོང་བ་ལ་མངོན་པར་ཞེན་པའི་ཕྱིར་བཙུན་མོ་ཕྲེང་ལྡན་མ་སངས་རྒྱས་ཀྱི་བྱིན་ གྱི་རླབས་ཀྱི་མཐུས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་བཤད་དེ། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་དེ་བཞིན་གཤེགས་པ་ཉག་གཅིག་དང་། གཞན་ཡང་ཤེས་རབ་ རྣོ་ཞིང་དོན་ལ་རྟོན་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཁྱོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་འདི་ལ་རབ་ཏུ་བརྩོན་ཞིང་བསླབ་པར་བྱ་སྟེ། ཐོས་པ་ དང་། ཤེས་པ་ཙམ་གྱིས་ཆོག་པའི་འདུ་ཤེས་སུ་མི་བྱའོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ཟབ་མོ་དེ་བཞིན་གཤེགས་པ་ཡི། ། སྙིང་པོ་རྣམ་ཤེས་བདུན་དག་དང་། ། ལྷན་ཅིག་འཛིན་གཉིས་རབ་ཏུ་འཇུག ། མཁས་པ་དག་ནི་ ཡོངས་སུ་སྤོང་། ། མེ་ལོང་གཟུགས་བཞིན་སེམས་སྣང་སྟེ། ། ཐོག་མ་མེད་ནས་བག་ཆགས་བསྒོས། ། ཡང་དག་ཇི་བཞིན་རབ་རྟོགས་ན། ། དངོས་པོ་རྣམས་ནི་དངོས་པོ་མེད། ། ཇི་ལྟར་བྱིས་པ་སོར་མོའི་རྩེར། ། འཛིན་ཅིང་ཟླ་བ་མི་ལྟ་བ། ། དེ་བཞིན་ཡི་གེར་ཞེན་པ་རྣམས། ། ང་ཡི་ཡང་དག་མཐོང་མི་འགྱུར། ། སེམས་ནི་གར་མཁན་བཞིན་དུ་གནས། ། ཡིད་ནི་རམ་བུ་ཐོག་པ་འདྲ། ། རྣམ་ཤེས་ལྔ་ནི་གྲོགས་ལྟ་བུ། ། རྣམ་རྟོག་གར་རྣམས་རབ་ཏུ་ལྟ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་ཆོས་ལྔ་དང་། རང་ བཞིན་དང་། རྣམ་པར་ཤེས་པ་དང་། བདག་མ་མཆིས་པ་གཉིས་ཡོངས་སུ་རྟོགས་པར་འགྱུར་བ་རྣམ་པར་དབྱེ་བའི་མཚན་ཉིད་བཤད་དུ་གསོལ། དེས་བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་ས་ཐམས་ཅད་ཀྱི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱོར་ཞིང་ཆོས་འདི་དག་རྣམ་པར་དབྱེ་བ་དང་།
BO
སངས་ རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་དེ་བཞིན་གཤེགས་པའི་རང་གིས་རིག་པའི་སའི་བར་དུ་འཇུག་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག ། བློ་གྲོས་ ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཆོས་ལྔ་དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་རྣམ་པར་དབྱེ་བ་དང་རབ་ཏུ་འཇུག་པའི་མཚན་ཉིད་ནི་འདི་ལྟ་སྟེ། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དེ། རྣལ་འབྱོར་པ་རྣམས་ཀྱིས་བསྒོམས་ན། དེ་བཞིན་གཤེགས་པའི་རང་གིས་རིག་པ་འཕགས་པའི་ཚུལ་ལ་རབ་ཏུ་འཇུག་ཅིང་རྟག་པ་དང་། ཆད་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པའི་ ལྟ་བ་སྤངས་ནས་མཐོང་བའི་ཆོས་ལ་བདེ་བར་སྙོམས་པར་འཇུག་པ་ལ་གནས་པ་མངོན་སུམ་དུ་འགྱུར་རོ། ། བློ་གྲོས་ཆེན་པོ་ཆོས་ལྔ་དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་དང་། རང་གི་སེམས་སྣང་བ་དང་།
BO
ཕྱི་རོལ་གྱི་དངོས་པོ་དེ་དག་ཁོང་དུ་མ་ཆུད་པའི་ཕྱིར་སོ་ སོའི་སྐྱེ་བོ་རྣམ་པར་རྟོག་པར་བྱེད་ཀྱི་འཕགས་པ་རྣམས་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྣམ་པར་རྟོག་པ་སྐྱེ་ལ་འཕགས་པ་རྣམས་ཀྱིས་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་ པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀུན་རྫོབ་ཀྱི་བརྡའི་མིང་དང་རྒྱུ་མཚན་ལ་མངོན་པར་ཞེན་པས་སེམས་ཀྱི་རྗེས་སུ་འབྲང་ངོ་། ། རྗེས་སུ་འབྲངས་ནས་མཚན་མའི་ཁ་དོག་སྣ་ཚོགས་འདོད་པས་བདག་དང་བདག་གིར་ལྟ་བར་ལྷུང་བའི་བསམ་པ་ཅན་རྣམས་གཟུགས་བཟང་པོ་ལ་མངོན་པར་ཞེན་པར་བྱེད་དེ། མངོན་ པར་ཞེན་ནས་མི་ཤེས་པས་བསྒྲིབས་པའི་ཕྱིར་མངོན་པར་ཆགས་པ་སྐྱེད་དོ། ། མངོན་པར་ཆགས་པར་གྱུར་ནས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་བྱུང་བའི་ལས་བསགས་སོ། ། མངོན་པར་བསགས་ནས་ནི་རྣམ་པར་རྟོག་པས་རང་ལ་འཆིང་བར་བྱེད་དེ། ཇི་ལྟར་དར་གྱི་སྲིན་བུ་སྐོན་པ་བྱེད་ པ་བཞིན་དུ་འཁོར་བའི་རྒྱ་མཚོར་འགྲོ་བ་རྣམས་ཀྱི་སྐོན་པར་ལྷུང་བ་ནི་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་ཏེ།
BO
འདི་ལྟར་གཏི་མུག་པའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུའི་ཟླ་བ་དང་མཚུངས་པར་རང་བཞིན་གྱིས་བདག་དང་བདག་གི་དང་བྲལ་བར་མ་ཤེས་ནས་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ ཐམས་ཅད་སྐྱེད་པར་བྱེད་དོ། ། མཚན་ཉིད་དང་། མཚན་ཉིད་ཀྱི་གཞི་དང་། སྐྱེ་བ་དང་། འཇིག་པ་དང་བྲལ་བ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ལས་སྐྱེས་པ། དབང་ཕྱུག་དང་། དུས་དང་། རྡུལ་ཕྲ་མོ་དང་། གཙོ་བོ་ལས་བྱུང་བ་མ་ཡིན་པར་མ་ཤེས་ནས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མིང་དང་། རྒྱུ་མཚན་གྱི་རྗེས་སུ་འབྲང་ངོ་། ། དེ་ལ་བློ་གྲོས་ཆེན་པོ་རྒྱུ་མཚན་དེ་ཡང་མིག་གི་རྣམ་པར་ཤེས་པས་སྣང་བར་བྱ་བ་ནི་གཟུགས་ཞེས་བྱའོ། ། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས་སྣང་བར་བྱ་བ་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ ཞེས་བྱ་སྟེ། འདི་ནི་རྒྱུ་མཚན་ཞེས་བྱའོ། ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་དེ་ནི་གང་གིས་མིང་མང་པོར་བཏགས་ནས་མཚན་མ་རྣམས་གསལ་བར་བྱེད་པ་སྟེ། འདི་ནི་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། རྐང་ཐང་དང་། སྐྱེས་པ་དང་།
BO
བུད་མེད་ལ་སོགས་ པའི་མིང་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་གང་གིས་མིང་དང་། རྒྱུ་མཚན་དེ་དག་མི་དམིགས་ཤིང་ཕན་ཚུན་འགྲོ་བའི་འགྲོན་པོ་དང་མཚུངས་ཏེ། རྣམ་པར་ཤེས་པ་རྣམས་མི་སྐྱེ་བས་རྟག་པ་མེད་པ། ཆད་པ་མེད་པས་མུ་སྟེགས་ཅན་དང་། ཉན་ ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སར་མི་ལྟུང་བའོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཡང་དག་པའི་ཡེ་ཤེས་དེས་མིང་དང་། རྒྱུ་མཚན་རྣམ་པར་འཇོག་པར་ཡང་མི་བྱེད་ལ། མིང་དང་རྒྱུ་མཚན་རྣམ་པར་མི་གཞོག་པ་ ཡང་མ་ཡིན་པས་ལྟ་བ་གཉིས་སུ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་ཡོངས་སུ་སྤོང་བར་བྱེད་དོ། ། མིང་དང་རྒྱུ་མཚན་མི་སྐྱེ་བ་ནི་དེ་བཞིན་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ཉིད་ལ་གནས་པ་ནི་སྣང་བ་མེད་པའི་སྤྱོད་ཡུལ་ཐོབ་པའི་ཕྱིར་བྱང་ཆུབ་ སེམས་དཔའི་ས་རབ་ཏུ་དགའ་བ་འཐོབ་སྟེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དང་ངན་སོང་གི་འགྲོ་བ་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་འཇིག་རྟེན་ལས་འདས་པའི་ཚུལ་ལ་ཡང་དག་པར་གནས་པ།
BO
ཆོས་ཀྱི་མཚན་ཉིད་ལ་འདྲིས་པ། སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཐམས་ ཅད་རྣམ་པར་འབྱེད་པ། རང་གིས་རིག་པའི་ཆོས་ཀྱི་ཚུལ་གྱི་མཚན་ཉིད། རྟོག་གེ་པའི་ལྟ་བ་ཡ་མཚན་གྱི་མཚན་ཉིད་དང་བྲལ་བས་རིམ་གྱིས་ཆོས་ཀྱི་སྤྲིན་གྱི་བར་དུ་འཐོབ་པར་འགྱུར་ཏེ། བར་དེ་ཡང་ཏིང་ངེ་འཛིན་དང་། སྟོབས་དང་། དབང་དང་། མངོན་པར་ཤེས་པ་རྒྱས་ཤིང་དེ་བཞིན་གཤེགས་པའི་ སའི་བར་དུ་འཐོབ་པར་འགྱུར་རོ། ། དེ་ཐོབ་ནས་ཆུའི་ཟླ་བ་བཞིན་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་ཀུན་དུ་སྟོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་མཐར་ཐུག་པའི་གནས་བཅུ་ཡོངས་སུ་རྫོགས་ནས་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ལ་རབ་ཏུ་འབྱེད་ཅིང་ཆོས་སྟོན་ཀྱང་ཆོས་ཀྱི་སྐུ་ནི་ཡིད་ཀྱི་མངོན་པར་ འདུ་བྱེད་པ་དང་བྲལ་བའོ། ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ཉིད་ལ་ཞུགས་ནས་ཐོབ་པ་ཞེས་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཅི་རང་བཞིན་གསུམ་པོ་རྣམས་ཆོས་ལྔའི་ནང་དུ་འདུས་པ་ཞིག་ལགས་ སམ། འོན་ཏེ་སོ་སོ་ནས་རང་གི་མཚན་ཉིད་དུ་གྲུབ་པ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་། བདག་མེད་པ་གཉིས་ཀྱང་ཆོས་ལྔའི་ནང་དུ་འདུས་སོ། ། བློ་གྲོས་ཆེན་པོ་མིང་དང་རྒྱུ་མཚན་དེ་དག་ནི་ཀུན་ དུ་བརྟགས་པའི་རང་བཞིན་ཡིན་ནོ། ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་དེ་ལ་བརྟེན་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་མིང་དང་ལྷན་ཅིག་སྐྱེ་སྟེ། ཇི་ལྟར་ཉི་མ་དང་འོད་ཟེར་ལྷན་ཅིག་འབྱུང་བ་བཞིན་དུ་སྣ་ཚོགས་ཀྱི་མཚན་ཉིད་སོ་སོར་རྣམ་པར་བརྟག་ཅིང་། འཛིན་པར་བྱེད་པ་དེ་ནི་གཞན་ གྱི་དབང་གི་རང་བཞིན་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་མི་འཇིག་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ལ་རྣམ་པ་བརྒྱད་དུ་དབྱེ་སྟེ། འདི་ལྟ་སྟེ། ཀུན་གཞི་རྣམ་ པར་ཤེས་པ་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་ཚོགས་ལྔའོ། ། དེ་ལ་རྒྱུ་མཚན་ནི་ཡང་དག་པ་མ་ཡིན་པའི་མཚན་ཉིད་ལ་ཀུན་དུ་བརྟགས་པའི་ཕྱིར་བདག་དང་བདག་གིར་འཛིན་པ་གཉིས་འགགས་ན་བདག་མེད་པ་གཉིས་སྐྱེའོ། །
BO
དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཆོས་ ལྔ་པོ་འདིའི་ནང་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་དང་། ས་རྣམས་ཀྱི་མཚམས་སྦྱར་བ་དང་། {གོ་རིམས་,གོ་རིམ་}དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་འདུས་སོ། ། གཞན་ཡང་ བློ་གྲོས་ཆེན་པོ་ཆོས་ལྔ་ནི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ། ། བློ་གྲོས་ཆེན་པོ་དེ་ལ་རྒྱུ་མཚན་ནི་གནས་པ་དང་། དབྱིབས་ཀྱི་མཚན་ཉིད་དང་། གཟུགས་ལ་སོགས་པའི་མཚན་ཉིད་དུ་སྣང་བ་ནི་རྒྱུ་མཚན་ཞེས་བྱའོ། ། གང་རྒྱུ་ མཚན་དེ་ཉིད་ལ་བུམ་པ་ཞེས་བྱ་བ་ལ་སོགས་པའི་མིང་ཡོད་པས་འདི་ནི་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མིང་ཞེས་བྱ་བ་སྟེ། མིང་མང་པོ་བཏགས་ནས་རྒྱུ་མཚན་རྣམས་གསལ་བར་བྱེད་པའོ། ། བུམ་པ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་ནི་རྣམ་པར་རྟོག་པ་ཞེས་ བྱའོ། ། མིང་དེ་དང་རྒྱུ་མཚན་དེ་དག་མཐར་དམིགས་སུ་མེད་པ་དང་། ཐོག་མ་དང་། ཐ་མར་རིག་པར་བྱ་བ་མེད་པ་དང་། ཆོས་རྣམས་ལ་ཕན་ཚུན་མེད་པ་དང་།
BO
ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་དེ་བཞིན་ཉིད་ཅེས་བྱའོ། ། དེ་ཁོ་ན་ཉིད་ཡང་དག་པར་ངེས་པ་མཐར་ཐུག་པར་ཡང་ རང་བཞིན་དམིགས་སུ་མེད་པ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་ང་དང་དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཞུགས་ཤིང་སེམས་ཅན་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཤད་དོ། ། བཏགས་སོ། ། གསལ་བར་བྱས་སོ། ། གང་དེའི་རྗེས་སུ་ཞུགས་ནས་ཡང་དག་པར་ རྟོགས་ཤིང་ཆད་པ་དང་རྟག་པ་མེད་པ། རྣམ་པར་རྟོག་པ་མི་འབྱུང་བ་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་ཚུལ་དང་རྗེས་སུ་འཐུན་པ། མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་དམིགས་པའི་མཚན་ཉིད་དེ་ནི་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། ། བློ་ གྲོས་ཆེན་པོ་དེ་དག་ནི་ཆོས་ལྔ་ཞེས་བྱ་སྟེ། རང་བཞིན་རྣམ་པ་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་། བདག་མེད་པ་གཉིས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་དེར་འདུས་ཏེ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་དེ་ལ་བདག་ཉིད་ཀྱིས་ནན་ཏན་དུ་བསླབ་པར་བྱ་ཞིང་གཞན་ལ་ཡང་བསླབ་པར་བྱ་ སྟེ། གཞན་གྱི་རྗེས་སུ་འབྲང་བར་མི་བྱའོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ཆོས་ལྔ་དང་ནི་རང་བཞིན་གསུམ། ། རྣམ་ཤེས་བརྒྱད་པོ་ཉིད་དག་དང་། ། བདག་མེད་དོན་ནི་རྣམ་གཉིས་པོར། ། ཐེག་ཆེན་ཐམས་ཅད་བསྡུས་ པ་ཡིན། ། མིང་དང་རྒྱུ་མཚན་རྣམ་པར་རྟོག ། རང་བཞིན་གཉིས་ཀྱི་མཚན་ཉིད་དེ། ། ཡང་དག་ཡེ་ཤེས་དེ་བཞིན་ཉིད། ། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་ པ་ལྟར་ན་འདས་པའི་སངས་རྒྱས་རྣམས་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ། མ་འོངས་པ་དང་། ད་ལྟར་གྱི་ཡང་དེ་བཞིན་ནོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་འདི་ལ་སྒྲ་ཇི་བཞིན་དུ་དོན་གཟུང་བར་བགྱིའམ། འོན་ཏེ་དོན་གཞན་ཞིག་མཆིས་ལགས། བཅོམ་ལྡན་འདས་ཐུགས་བརྩེ་བར་ དགོངས་ཏེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྒྲ་ཇི་བཞིན་དུ་དོན་གཟུང་བར་མི་བྱ་སྟེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པར་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན།
BO
འཇིག་རྟེན་པའི་བསམ་པ་ ལས་འདས་པས་དཔེ་རྣམས་ཀྱིས་དཔེར་བྱ་བ་མ་ཡིན་ནོ། ། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྟག་པ་ལ་མངོན་པར་ཞེན་པ་དང་། མུ་སྟེགས་ཅན་གྱི་རྣམ་པར་བཏགས་པའི་ལྟ་བ་ངན་པ་འཕེལ་ནས་འཁོར་བ་ལ་ཐུག་པ་མེད་པར་འགྱུར་བ་དག་འཁོར་བར་འགྲོ་བའི་འཁོར་ལོ་ལ་ཡོངས་སུ་སྐྱོ་བར་བྱ་བ་དང་། བརྩོན་འགྲུས་ཁྱད་པར་ཅན་རྩོམ་དུ་གཞུག་པའི་ཕྱིར་དེ་དག་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ནི་མཐོང་བར་སླ་བས་ཨུ་དུམ་བཱ་རའི་མེ་ཏོག་ལྟ་བུ་མ་ཡིན་ནོ་ཞེས་བསྟན་ཏེ་མཐོང་བར་དཀའ་ཞེས་རྩོམ་པ་གཏོང་བར་འགྱུར་བའི་ཕྱིར་རོ། ། རེས་འགའ་ནི་འདུལ་བའི་སྐྱེ་བོ་རྣམས་ལ་གཟིགས་ནས་ འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ནི་ཤིན་ཏུ་མཐོང་བར་དཀའ་བས་ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ་ཞེས་བཤད་དེ། ཨུ་དུམ་བཱ་རའི་མེ་ཏོག་ནི་སུས་ཀྱང་མ་མཐོང་མི་མཐོང་མཐོང་བར་མི་འགྱུར་ན། དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་སྟེ། རང་གི་ཚུལ་རྣམ་པར་ གཞག་པའི་ཕྱིར་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ་ཞེས་བཤད་པ་ནི་མ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་རང་གི་ཚུལ་རྣམ་པར་གཞག་པ་ནི་འཇིག་རྟེན་པའི་བསམ་པ་ལས་འདས་པས་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་ཡིད་ཆེས་པར་མི་འགྱུར་ཏེ། སོ་སོ་རང་གིས་ རིག་པའི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ནི་དཔེར་བྱ་བ་མེད་དོ། ། དེ་ཁོ་ན་ཉིད་ཀྱི་དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་པས་མཐོང་བར་བྱ་བའི་མཚན་མ་རྣམས་ཀྱིས་དཔེ་བྱར་མི་རུང་ངོ་། ། བློ་གྲོས་ཆེན་པོ་འོན་ཀྱང་ངས་དེ་བཞིན་གཤེགས་པ་རྣམས་གང་ གཱའི་ཀླུང་གི་བྱེ་མ་དང་མཉམ་མོ་ཞེས་དཔེས་བསྟན་པ་ལ་ཉེས་པ་མེད་དེ། བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་ནི་ཉ་དང་། རུས་སྦལ་དང་། ཤི་ཤུ་མཱ་ར་དང་། སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་། མི་དང་། {རི་དགས་,རི་དྭགས་}རྣམས་ཀྱིས་གཙེས་ཤིང་དཀྲུགས་ཀྱང་བྱེ་མ་དེ་འདི་སྙམ་དུ་འདི་དག་གིས་ བདག་ལ་གཙེས་སོ་ཞེས་རྣམ་པར་རྟོག་པར་མི་བྱེད་དེ། རང་བཞིན་གྱིས་ཡོངས་སུ་དག་ཅིང་དྲི་མ་རྣམས་ཀྱིས་གོས་པ་མེད་པའི་ཕྱིར་རོ། །
BO
དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་གང་གཱའི་ཀླུང་ཆེན་པོ་ལ་ཡོད་ པའི་སྟོབས་དང་། མངོན་པར་ཤེས་པ་དང་། དབང་པོ་ལ་སོགས་པའི་བྱེ་མ་རྣམས་ལ་ཡང་མུ་སྟེགས་ཅན་ཐམས་ཅད་དང་། མི་རྣམས་དང་། {རི་དགས་,རི་དྭགས་}ལ་སོགས་པ་ཐམས་ཅད་ཀྱིས་གཙེས་ཤིང་དཀྲུགས་ཀྱང་དེ་བཞིན་གཤེགས་པ་ལ་དགོངས་པ་མི་མངའ་བས་རྣམ་པར་རྟོག་པ་མི་སྐྱེ་སྟེ། དེ་ བཞིན་གཤེགས་པ་རབ་ཏུ་དབེན་ཞིང་དགོངས་པའི་འདུ་ཤེས་མེད་པ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཏིང་ངེ་འཛིན་གྱི་བདེ་བ་ལ་སེམས་ཅན་རྣམས་དགོད་པའི་ཕྱིར་རྣམ་པར་གཙེས་སོ་སྙམ་དུ་མི་དགོངས་པས་གང་གཱའི་ཀླུང་གི་བྱེ་མ་དང་མཚུངས་ཤིང་བྱེ་བྲག་མེད་དོ། ། གཞན་ ཡང་འདོད་ཆགས་དང་། ཁོང་ཁྲོ་བ་དང་། གཏི་མུག་ཡོངས་སུ་སྤངས་པའི་ཕྱིར་རོ། ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་སའི་མཚན་ཉིད་ཀྱི་རང་བཞིན་ཡིན་པས་བསྐལ་པས་ཚིག་པ་ནས་ཐམས་ཅད་བསྲེགས་ཀྱང་སའི་འབྱུང་བ་ཆེན་པོ་ནི་རང་བཞིན་མི་འདོར་ཏེ། འདི་ལྟར་མེའི་ཁམས་དང་ལྷན་ཅིག་སྐྱེ་ བའི་ཕྱིར་རོ། །
BO
གཞན་དུ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཚིག་པར་རྟོག་མོད་ཀྱིས་དེ་ནི་མི་ཚིག་སྟེ། འདི་ལྟར་མེའི་ཁམས་ཀྱི་རྒྱུའི་ཕྱིར་རོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་གང་གཱའི་ཀླུང་གི་བྱེ་མ་ལྟར་མི་འཇིག་གོ། ། བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ལ་ ནི་ཚད་མེད་དོ། ། དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་རྣམས་ཀྱང་དེ་བཞིན་དུ་ཚད་མེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀུན་དུ་སྣང་བར་བྱེད་དོ། ། བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ལ་ནི་བྱེ་མ་ཐ་དད་པ་ གཞན་བཙལ་ན་ནམ་ཡང་མི་རྙེད་དོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་འཁོར་བ་ཡང་མེད། སྐྱེ་བ་དང་འགག་པ་མེད་དེ། སྲིད་པའི་རྒྱུ་དང་རྐྱེན་ཆད་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་འཕེལ་ བ་དང་། འགྲིབ་པ་ཤེས་པར་མི་ནུས་སོ། །
BO
དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་འཕེལ་མི་འགྲིབ་སྟེ། ལུས་ཀྱི་ཆོས་ཅན་མ་ཡིན་པའི་ཕྱིར་རོ། ། ལུས་ཀྱི་ཆོས་ཅན་ལ་ནི་འཇིག་པ་ཡོད་ཀྱི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་ལུས་ ཀྱི་ཆོས་ཅན་མ་ཡིན་ནོ། ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རབ་ཏུ་བཙིར་ཀྱང་མར་མི་དམིགས་སོ། ། དེ་བཞིན་དུ་སེམས་ཅན་གྱི་རབ་ཏུ་གནོད་པའི་སྡུག་བསྔལ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་གནོད་པ་བྱས་ཀྱང་། ཇི་སྲིད་དུ་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་མ་བཟླས་ཀྱི་བར་དུ་ཆོས་ཀྱི་དབྱིངས་ མི་འདོར་ཏེ། རང་གི་ཏིང་ངེ་འཛིན་དང་། སྨོན་ལམ་གྱི་བདེ་བ་དང་། ཐུགས་རྗེ་ཆེན་པོའི་ཕྱིར་རོ། ། བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་ཆུའི་རྒྱུན་གྱི་རྗེས་སུ་འབབ་སྟེ། ཆུ་མེད་པར་ནི་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ཆོས་ཐམས་ ཅད་ཀྱང་མྱ་ངན་ལས་འདས་པའི་རྒྱུན་གྱི་རྗེས་སུ་འབབ་པས་དེའི་ཕྱིར་འདི་སྐད་དུ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཞེས་བཤད་དོ། །
BO
དེ་བཞིན་གཤེགས་པ་ནི་འགྲོ་བ་རྣམས་ཀྱི་རྗེས་སུ་མི་འཇུག་སྟེ། རྗེས་སུ་འབབ་ཅིང་འགྲོ་བ་ནི་འཇིག་པའི་དོན་ཡིན་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་འཁོར་བའི་ ཐོག་མའི་མཐའ་ཤེས་པར་མི་ནུས་པའི་ཕྱིར། ཤེས་པ་མེད་ན་ཇི་ལྟར་འགྲོ་བ་ཞེས་བཤད། བློ་གྲོས་ཆེན་པོ་འགྲོ་བ་ཞེས་བྱ་བ་ནི་ཆད་པའི་དོན་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་ཤེས་སོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་རྣམས་ འཁོར་བའི་ཐོག་མའི་མཐའ་འཚལ་བ་མ་མཆིས་ན་ཇི་ལྟར་རྣམ་པར་ཐར་པ་ཁོང་དུ་ཆུད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཐོག་མ་མེད་པའི་དུས་ཀྱི་རྣམ་པར་སྤྲོས་པའི་གནས་ངན་ལེན་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་འགག་ཅིང་རང་གི་སེམས་སྣང་བ་ཙམ་དུ་ མཐོང་བའི་ཚེ་ཤེས་སོ། ། ཕྱི་རོལ་གྱི་དོན་དང་། རྣམ་པར་རྟོག་པའི་ལུས་གནས་གྱུར་པ་ལ་ཐར་པ་ཞེས་བྱའི། འཇིག་པ་ནི་མ་ཡིན་ནོ། ། དེ་བས་ན་མཐའ་མེད་པ་ཞེས་བྱ་བ་ནི་ཅི་ཡང་མེད་པ་མ་ཡིན་ཏེ། དེ་དག་རྣམ་པར་རྟོག་པའི་ཕྱིར་མཐའ་མེད་པ་ཞེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་བྱས་ པ་ཡིན་ནོ། །
BO
ཕྱི་དང་ནང་གཉིས་ཀ་རབ་ཏུ་བརྟགས་ན་རྣམ་པར་རྟོག་པ་ལས་ལོགས་ཤིག་ན་གཞན་ཐ་དད་པའི་སེམས་ཅན་གང་ཡང་མེད་པས་ཤེས་པ་དང་། ཤེས་བྱ་དང་། ཆོས་ཐམས་ཅད་ནི་རབ་ཏུ་དབེན་པ་ཡིན་ཏེ། རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ཡོངས་སུ་མ་ཤེས་པའི་ཕྱིར་རྣམ་ པར་རྟོག་པ་སྐྱེའི། གལ་ཏེ་ཡོངས་སུ་ཤེས་པར་གྱུར་ན་ནི་ལྡོག་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འདྲེན་པ་རྣམས་ནི་རབ་བརྟགས་ན། ། གང་གཱའི་ཀླུང་གི་བྱེ་མ་བཞིན། ། འཇིག་པ་མེད་ཅིང་འགྲོ་བ་ མེད། ། མཐར་ཐུག་མིན་པའང་མ་ཡིན་ཏེ། ། དེ་ནི་མཉམ་པ་ཉིད་དག་གིས། ། དེ་བཞིན་གཤེགས་རྣམས་བརྟགས་པ་ཡིན། ། གང་གཱའི་བྱེ་མ་ལ་སོགས་ལྟར། ། ཉེས་པ་ཐམས་ཅད་རབ་སྤངས་ཏེ། ། རྒྱུན་ཕྱོགས་འཇུག་ཅིང་རང་བཞིན་རྟག ། དེ་ནི་སངས་རྒྱས་སངས་རྒྱས་ཉིད། ། དེ་ནས་བྱང་ཆུབ་སེམས་ དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཐམས་ཅད་སྐད་ཅིག་མར་འཇིག་པའི་མཚན་ཉིད་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་སྐད་ཅིག་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་ དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་བཤད་པར་བྱའོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་འཚལ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་ ལྟ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། འདུས་བྱས་དང་། འདུས་མ་བྱས་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཟིན་པ་དང་། མ་ཟིན་པ་རྣམས་ཡིན་ཏེ། བློ་གྲོས་ཆེན་པོ་མདོར་ན་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། བག་ཆགས་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རྒྱུ་དང་། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་རྒྱས་པར་བྱེད་པ་ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ རྣམས་ཀྱིས་དགེ་བ་དང་། མི་དགེ་བར་ཡོངས་སུ་བརྟགས་སོ། ། བློ་གྲོས་ཆེན་པོ་ཏིང་ངེ་འཛིན་གྱི་བདེ་བ་དང་།
BO
སྙོམས་པར་འཇུག་པས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ནི་འཕགས་པ་རྣམས་ཀྱི་དགེ་བ་ཟག་པ་མེད་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་དེ་ལ་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་བརྒྱད་རྣམས་སོ། ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དང་། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ལྔའི་ཚོགས་རྣམས་ཏེ། མུ་སྟེགས་ཅན་གྱིས་བརྗོད་པར་བྱ་བ་མ་ཡིན་ ནོ། ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པའི་ཚོགས་ལྔ་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་པ། དགེ་བ་དང་། མི་དགེ་བའི་མཚན་ཉིད་ཕན་ཚུན་དུ་རྣམ་པར་འབྱུང་ཞིང་འཇིག་པ། རྒྱུད་ཀྱི་རྒྱུན་གྱིས་འཇུག་པས་རྣམ་པར་མི་འཇིག་པ། ལུས་བྱུང་ནས་སྐྱེ་ཞིང་འཇིག་པར་ཡང་ འགྱུར་བའོ། ། རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་ཕྱིར་འགགས་མ་ཐག་ཏུ་རྣམ་པར་ཤེས་པ་གཞན་འབྱུང་སྟེ། དབྱིངས་ཀྱི་བྱེ་བྲག་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པར་འབྱུང་ཞིང་སྐད་ཅིག་གི་དུས་སུ་ཡང་མི་གནས་པ་དེ་ནི་སྐད་ཅིག་མ་ཞེས་བྱའོ། །
BO
བློ་གྲོས་ ཆེན་པོ་དེ་ལ་སྐད་ཅིག་མ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡིད་དང་ལྷན་ཅིག་སྐྱེས་པའི་རྣམ་པར་ཤེས་པའི་བག་ཆགས་ཀྱིས་སྐད་ཅིག་པ་ཡིན་གྱི། ཟག་པ་མེད་པའི་བག་ཆགས་ཀྱིས་སྐད་ཅིག་པ་ནི་མ་ཡིན་ནོ། ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ རྟོགས་པར་མི་འགྱུར་ཏེ། འདི་ལྟར་སྐད་ཅིག་མར་སྨྲ་བ་ལ་མངོན་པར་ཞེན་པའི་ཕྱིར་ཆོས་ཐམས་ཅད་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་འདི་མི་རྟོགས་སོ། ། དེ་ཆད་པར་ལྟ་བའི་ཕྱིར་འདུས་མ་བྱས་པའི་ཆོས་རྣམས་ཀྱང་འཇིག་པར་བྱེད་དོ། ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་བདུན་པོ་རྣམས་ནི་ འཁོར་བར་འཇུག་པ་མ་ཡིན་ཏེ། སྡུག་བསྔལ་དང་བདེ་བ་ཡང་མི་མྱོང་ལ། མྱ་ངན་ལས་འདའ་བའི་རྒྱུ་ཡང་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྡུག་བསྔལ་དང་བདེ་བ་ཡང་མྱོང་སྟེ། རྒྱུ་དང་ལྷན་ཅིག་ཏུ་འཇུག་ཅིང་ལྡོག་གོ། ། གནས་པའི་ས་གཞི་དང་། མ་རིག་པའི་ གནས་ཀྱིས་རབ་ཏུ་མྱོས་པས་བྱིས་པ་སོ་སོའི་སྐྱེ་བོ་དག་སྐད་ཅིག་མར་ལྟ་བ་མི་རྟོགས་ཤིང་། རྣམ་པར་རྟོག་པས་སེམས་ཡོངས་སུ་བསྒོས་པར་གྱུར་ཏོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་དཔེར་ན་གསེར་དང་། རྡོ་རྗེ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་དང་། ཁྱད་པར་ཐོབ་པའི་ངོ་བོ་ཉིད་ནི་ ནམ་ཡང་འཇིག་པར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་གལ་ཏེ་མངོན་པར་རྟོགས་པ་ཐོབ་པ་སྐད་ཅིག་པ་ཡིན་ན་ནི་འཕགས་པ་རྣམས་འཕགས་པ་མ་ཡིན་པར་འགྱུར་བ་ཞིག་ན། འཕགས་པ་རྣམས་ནི་འཕགས་པ་མ་ཡིན་པར་མི་འགྱུར་རོ། ། དཔེར་ན་གསེར་དང་། རྡོ་རྗེ་ནི་བསྐལ་པ་སྲིད་ དུ་མི་འབྲི་ན་ཅིའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ངའི་ལྡེམ་པོར་དགོངས་ཏེ་བཤད་པ་ལ་མི་མཁས་པ་དག་གིས་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྐད་ཅིག་པའི་དོན་དུ་རྟོག ། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོངས་སུ་རྫོགས་པར་སྤྱད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་བཀའ་སྩལ་ན། དྲུག་པོ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་ནི་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། འཇིག་རྟེན་ པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ། །
BO
བློ་གྲོས་ཆེན་པོ་དེ་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་ཅིང་མཐའ་གཉིས་སུ་འཛིན་པ། སྐྱེ་བའི་གནས་སྣ་ཚོགས་བླང་བ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་རབ་ཏུ་མོས་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱང་དེ་བཞིན་ཏེ་བྱིས་པ་སོ་སོའི་སྐྱེ་བོའི་མངོན་པར་ཤེས་པ་ཡོངས་སུ་འགྲུབ་པ་དང་། ཚངས་པའི་འཇིག་རྟེན་དུ་ སྐྱེ་བར་འགྱུར་རོ། ། བློ་གྲོས་ཆེན་པོ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་མྱ་ངན་ལས་འདས་པའི་འཛིན་པར་ལྷུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་ཅིང་རང་གི་མྱ་ངན་ལས་འདས་པའི་བདེ་བ་ལ་མོས་པའོ། ། འཇིག་རྟེན་ལས་འདས་པའི་མཆོག་ཕ་ རོལ་ཏུ་ཕྱིན་པ་ནི་རང་གི་སེམས་སྣང་བ་རྣམས་རྟོག་པ་ཙམ་དུ་རྟོགས་པ་དང་། རང་གི་སེམས་གཉིས་སུ་འཛིན་པའི་ཕྱིར་རྣམ་པར་རྟོག་པ་མི་སྐྱེ་བ་དང་། འགྲོ་བ་རྣམས་ལེན་པ་དང་། སྐལ་བ་མཚུངས་པ་མ་ཡིན་པ་དང་། རང་གི་སེམས་དང་།
BO
གཟུགས་ཀྱི་མཚན་ཉིད་ལ་མངོན་པར་མ་ཆགས་པས་ སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེད་པར་བྱེད་དོ། ། སྦྱོར་བ་མཆོག་བསྐྱེད་ནས་དམིགས་པ་དེ་ཉིད་ལ་རྣམ་པར་རྟོག་པ་མི་འཇུག་པ་ནི་ཚུལ་ཁྲིམས་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། དེ་ཉིད་རྣམ་པར་རྟོག་པ་མི་སྐྱེ་བར་བཟོད་ཅིང་གཟུང་བ་ དང་། འཛིན་པ་ཡོངས་སུ་ཤེས་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། གང་གིས་ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་སྦྱོར་བ་ལ་བརྩོན་པར་བྱེད་ཅིང་རྣལ་འབྱོར་དང་འཐུན་པར་རྣམ་པར་རྟོག་པ་མི་འཇུག་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རྣམ་པར་རྟོག་པ་རབ་ཏུ་ལྡོག་ཅིང་ཉན་ཐོས་ཀྱི་མྱ་ངན་ ལས་འདས་པའི་འཛིན་པར་མི་ལྟུང་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ། དེ་ལ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་དངོས་པོ་མེད་པར་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་མཐའ་གཉིས་སུ་ལྟུང་བ་དང་། སྔོན་གྱི་ལུས་གནས་རབ་ཏུ་གྱུར་པས་རྣམ་པར་མི་འཇིག་པ་དང་། སོ་སོ་རང་གིས་རིག་ པ་འཕགས་པའི་ཚུལ་ཐོབ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྟོང་པ་མི་རྟག་སྐད་ཅིག་མར། ། བྱིས་པ་རྣམས་ནི་རྣམ་པར་རྟོག ། འབབ་ཆུ་མར་མེ་ས་བོན་ལྟར། ། སྐད་ཅིག་པ་ཡི་ དོན་དུ་རྟོག ། སྐད་ཅིག་ཉོན་མོངས་འཁྲུག་པ་ཞི། ། རབ་ཏུ་དབེན་པ་བྱེད་པ་སྤངས། ། ཆོས་རྣམས་སྐྱེ་བ་མེད་པ་ནི། ། སྐད་ཅིག་དོན་དུ་ངས་བཤད་དེ། ། དངོས་པོ་སྐྱེས་ནས་འཇིག་པར་ནི། ། བྱིས་པ་རྣམས་ལ་མི་འཆད་དོ། ། བར་ཆད་མེད་པར་རྒྱུན་ཆགས་དངོས། ། རྣམ་པར་རྟོག་པས་ཡོངས་སུ་ བསྒོས། ། མ་རིག་པ་ནི་རྒྱུ་བྱེད་དེ། ། སེམས་ནི་དེ་ལས་རབ་ཏུ་འབྱུང་། ། ཇི་སྲིད་གཟུགས་དག་མ་སྐྱེས་པ། ། དེ་ཡི་བར་དུ་ཕྱོགས་ཅི་ཡོད། ། ཞིག་པར་གྱུར་མ་ཐག་ཏུ་ནི། ། སེམས་གཞན་དེ་ཡི་རྗེས་སུ་སྐྱེ། ། གཟུགས་ནི་དུས་སུ་མི་གནས་ན། ། ཅི་ལ་དམིགས་ཏེ་འབྱུང་བར་འགྱུར། ། དེ་དག་ལས་ ནི་རབ་འབྱུང་ཕྱིར། ། ཡང་དག་མ་ཡིན་རྒྱུ་ལས་སྐྱེས། ། ཇི་ལྟར་གྲུབ་པ་མེད་པ་དེས། ། སྐད་ཅིག་འཇིག་པར་རབ་ཏུ་ཤེས། ། རྣལ་འབྱོར་ཅན་གྱི་སྙོམས་འཇུག་དང་། ། རྡོ་རྗེ་སངས་རྒྱས་རིང་བསྲེལ་དང་། ། འོད་གསལ་གནས་ཀྱི་གཞལ་མེད་ཁང་། །
BO
འཇིག་རྟེན་མི་འཇིག་དངོས་པོའོ། ། ཡང་དག་ ཆོས་ཐོབ་གནས་པ་དང་། ། དེ་བཞིན་གཤེགས་མཁྱེན་ཕུན་སུམ་ཚོགས། ། དགེ་སློང་མཉམ་པ་ཉིད་ཐོབ་རྣམས། ། སྐད་ཅིག་མར་ནི་ཇི་ལྟར་མཐོང་། ། དྲི་ཟ་སྒྱུ་མ་ལ་སོགས་པའི། ། གཟུགས་རྣམས་སྐད་ཅིག་ཡོད་མ་ཡིན། ། ཡང་དག་མ་ཡིན་གཟུགས་སོགས་ལ། ། ཡང་དག་ ཉིད་དུ་ལྟ་བར་བྱེད། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དགྲ་བཅོམ་པ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པས་བྱང་ ཆུབ་སེམས་དཔའ་རྣམས་དང་མཚུངས་ཤིང་བྱེ་བྲག་མ་མཆིས་པར་འགྱུར་རོ། ། གལ་ཏེ་སེམས་ཅན་རྣམས་མྱ་ངན་ལས་འདའ་བའི་ཆོས་ཅན་ལགས་ན་སུ་ཞིག་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར། གཞན་ཡང་ཇི་སྲིད་དུ་དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་ཡི་གེ་གཅིག་ཀྱང་མ་གསུངས། ལན་བཏབ་པ་ཡང་མེད་ཅེས་བཀའ་སྩལ།
BO
གཞན་ཡང་དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རྟོག་པ་ཡང་མེད། དཔྱོད་པ་ པ་ཡང་མེད་དོ། ། སྤྲུལ་པའི་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་མཛད་པ་དག་སྤྲུལ་ཏོ། ། གཞན་ཡང་ཅིའི་སླད་དུ་རྣམ་པར་ཤེས་པ་རྣམས་ནི་སྐད་ཅིག་མ་གཅིག་ནས་གཅིག་ཏུ་རྣམ་པར་འཇིག་པའི་མཚན་ཉིད་དོ་ཞེས་གསུངས། ། གཞན་ཡང་ལག་ན་རྡོ་རྗེ་མཐུ་བོ་ཆེ་ནི་རྟག་ཏུ་འབྲང་ཞིང་སྲུང་བར་བྱེད་ དོ། ། ཐོག་མའི་མཐར་མི་འདོགས་སོ་ཞེས་གསུངས། གཞན་ཡང་བདུད་དང་། བདུད་ཀྱི་ལས་དང་། ཁ་ན་མ་ཐོ་བ་རྣམས་ཀྱི་རྣམ་པར་སྨིན་པ་དང་། བྲམ་ཟེའི་བུ་མོ་ཙན་ཙ་དང་། མཛེས་མ་ཀུན་དུ་རྒྱུ་དང་། ལྷུང་བཟེད་སྟོང་པར་སླར་གཤེགས་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་དག་གདའ་ན། ཅིའི་སླད་ དུ་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཀྱང་ནོངས་པ་རྣམས་མ་བྲལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ ལྡན་འདས་དེ་བཞིན་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་བྱ་བའི་ཕྱིར་བཤད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་དང་། འཇིག་རྟེན་འདི་དང་གཞན་དག་ན་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་དག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་མོས་པ་དེ་དག་ཉན་ཐོས་ཀྱི་ཐེག་པ་ལས་བཟློག་ནས་ཐེག་པ་ཆེན་པོ་ལ་རབ་ཏུ་བརྩོན་པར་བྱ་བའི་ཕྱིར་སྤྲུལ་པའི་སངས་རྒྱས་ཀྱིས་ཉན་ཐོས་རྣམས་ལ་ལུང་བསྟན་པ་ཡིན་གྱི། ཆོས་ཉིད་ཀྱི་སངས་རྒྱས་ཀྱིས་ནི་མ་ ཡིན་ནོ། ། བློ་གྲོས་ཆེན་པོ་རྒྱུ་དེས་ན་ཉན་ཐོས་རྣམས་བྱང་ཆུབ་སེམས་དཔའ་དག་དང་ཐ་མི་དད་པར་ལུང་བསྟན་ཏོ། ། བློ་གྲོས་ཆེན་པོ་དེ་ལ་ཐ་མི་དད་པ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་གྲོལ་བ་རོ་གཅིག་ པའི་ཕྱིར་ཡིན་གྱི། ཡེ་ཤེས་ཀྱི་སྒྲིབ་པ་སྤངས་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཡེ་ཤེས་ཀྱི་སྒྲིབ་པ་ནི་ཆོས་བདག་མེད་པར་མཐོང་བའི་ཁྱད་པར་གྱིས་རྣམ་པར་དག་པར་འགྱུར་ལ། ཉོན་མོངས་པའི་སྒྲིབ་པ་ནི་སྔར་གང་ཟག་ལ་བདག་མེད་པར་མཐོང་བ་ལ་གོམས་པས་སྤོང་བར་འགྱུར་རོ། །
BO
དེ་ལ་རྣམ་ པར་ཤེས་པ་བདུན་འགགས་པ་དང་། ཆོས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང་། ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་འགགས་པས་ནི་མཐར་ཐུག་པའི་རྣམ་པར་དག་པར་འགྱུར་རོ། ། སྔོན་གྱི་ཆོས་གནས་པ་ཉིད་ལ་དགོངས་པའི་ཕྱིར་སྔ་མ་དང་ཕྱི་མ་དངོས་པོ་མེད་དོ། ། མཐར་ཐུག་པའི་ སྨོན་ལམ་གྱི་ཕྱིར་དེ་བཞིན་གཤེགས་པ་རྟོག་པ་ཡང་མེད། དཔྱོད་པ་ཡང་མེད་པར་ཆོས་འཆད་དེ། ཡང་དག་པའི་ཡེ་ཤེས་ཀྱིས་སྤྲུལ་པའི་ཕྱིར་དང་། དྲན་པ་ཉམས་པ་མེད་པའི་ཕྱིར་རྟོག་པ་ཡང་མེད། དཔྱོད་པ་ཡང་མེད་དོ། ། གནས་པའི་ས་གཞི་དང་། མ་རིག་པའི་གནས་ཀྱི་སའི་བག་ཆགས་ སྤངས་པའི་ཕྱིར་ཉོན་མོངས་པ་གཉིས་སྤངས་པ་དང་། འཆི་འཕོ་གཉིས་དང་བྲལ་བ་དང་། གང་ཟག་དང་ཆོས་བདག་མེད་པར་ཁོང་དུ་ཆུད་པ་དང་། སྒྲིབ་པ་གཉིས་སྤངས་པའོ། ། བློ་གྲོས་ཆེན་པོ་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བདུན་པོ་རྣམས་ནི་ སྐད་ཅིག་མ། བག་ཆགས་ཀྱི་རྒྱུ་དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ། ཡང་འཁོར་བར་མི་འགྱུར་བ་དང་བྲལ་བ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འཁོར་ཞིང་མྱ་ངན་ལས་འདས་པ་དང་། བདེ་བ་དང་།
BO
སྡུག་བསྔལ་བའི་རྒྱུ་ཡིན་ཏེ། སྟོང་པ་ ཉིད་ཀྱིས་གཡེང་བའི་བློ་ཅན་དང་། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཁོང་དུ་མི་ཆུད་དོ། ། བློ་གྲོས་ཆེན་པོ་ལག་ན་རྡོ་རྗེ་མཐུ་བོ་ཆེ་རྗེས་སུ་འབྲང་ཞིང་སྲུང་བར་བྱེད་པ་ནི་སྤྲུལ་པའི་སངས་རྒྱས་ཡིན་གྱི། ཡང་དག་པའི་དེ་བཞིན་གཤེགས་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཡང་དག་པའི་དེ་བཞིན་གཤེགས་ པ་ནི་དབང་པོ་དང་། ཚད་མ་ཐམས་ཅད་དང་བྲལ་བས་བྱིས་པ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་དབང་པོ་དང་། ཚད་མ་རྣམས་ལས་རྣམ་པར་ལོག་པ་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པ་བར་ཆད་མེད་པའི་ཆོས་ཤེས་པའི་བཟོད་པ་ ཐོབ་པའི་ཕྱིར་ལག་ན་རྡོ་རྗེས་བསྲུང་བར་བྱ་བ་མ་ཡིན་ནོ། ། སྤྲུལ་པའི་སངས་རྒྱས་ཐམས་ཅད་ནི་ལས་ལས་སྐྱེས་པ་མ་ཡིན་ནོ། ། འཕྲུལ་པས་སྤྲུལ་པའི་སངས་རྒྱས་ནི་སངས་རྒྱས་ཀྱང་མ་ཡིན། སངས་རྒྱས་ལས་གཞན་པ་ཡང་མ་ཡིན་ཏེ། ། དཔེར་ན་རྫ་མཁན་གྱི་འཁོར་ལོ་ལ་སོགས་པའི་རྒྱུ་ལྟ་ བུར་སེམས་ཅན་གྱི་བྱ་བ་བྱེད་ཅིང་མཚན་རྣམས་དང་ལྡན་པས་ཆོས་སྟོན་ཀྱང་རང་གི་ཚུལ་གྱི་གནས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་བཤད་པ་ནི་མ་ཡིན་ནོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྣམ་པར་ཤེས་པའི་ཚོགས་བདུན་འགགས་པའི་ཕྱིར་ནི་ཆད་པར་ལྟ་བ་སྐྱེད་དོ། ། ཀུན་གཞི་རྣམ་པར་ཤེས་པ་མ་རྟོགས་པའི་ཕྱིར་ནི་རྟག་པར་ལྟ་བ་སྐྱེད་དོ། ། བདག་ཉིད་རྣམ་པར་རྟོག་པའི་ཕྱིར་ནི་ཐོག་མའི་མཐའ་མི་ཤེས་སོ། ། རང་གི་རྣམ་པར་རྟོག་པའི་བློ་འགགས་པའི་ཕྱིར་ནི་རྣམ་པར་གྲོལ་བར་འགྱུར་རོ། ། གནས་པའི་ས་གཞི་དང་མ་རིག་པ་གནས་ཀྱི་སའི་བག་ཆགས་ སྤངས་པའི་ཕྱིར་ཉེས་པ་ཐམས་ཅད་སྤངས་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ཐེག་པ་གསུམ་ནི་ཐེག་མ་ཡིན། ། དེ་བཞིན་གཤེགས་པ་ཟད་མི་འགྱུར། ། ཐམས་ཅད་སངས་རྒྱས་ལུང་བསྟན་ཅིང་། ། ཉེས་པ་རྣམས་དང་བྲལ་བར་བཤད། ། མངོན་རྟོགས་ཡེ་ཤེས་ཐོབ་བྱ་དང་། ། ལྷག་མེད་མྱ་ངན་འདའ་བ་དང་། ། ཞུམ་པ་རྣམས་ཀྱང་སྤྲོ་བྱའི་ཕྱིར། ། དེ་ཕྱིར་དགོངས་ཏེ་བཤད་པ་ཡིན། ། སངས་རྒྱས་བསྐྱེད་པའི་ཡེ་ཤེས་དག ། དེ་ཉིད་རྣམ་འབྱེད་ལམ་དུ་བཤད། ། ཐེག་པ་རྣམས་ནི་ཐེག་མ་ཡིན། ། དེ་ནི་མྱ་ངན་འདའ་བ་མིན། ། འདོད་གཟུགས་སྲིད་དང་ལྟ་བ་རྣམས། །
BO
གནས་བཞིའི་སར་ནི་བཤད་པ་ཡིན། ། ཡིད་ཀྱི་རྣམ་པར་ཤེས་ལས་འབྱུང་། ། རྣམ་ཤེས་ཁྱིམ་དུ་ཡིད་ནི་གནས། ། ཡིད་དང་མིག་སོགས་རྣམ་པར་ཤེས། ། འགག་པ་ལ་ནི་མི་རྟག་བཤད། ། ཡང་ན་མྱ་ངན་འདས་པར་ལྟ། ། རྟག་པར་གནས་པ་ཉིད་དུ་འདོད། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། བྱང་ཆུབ་སེམས་དཔའ་ལ་སོགས་པ། ། བླ་མེད་བྱང་ཆུབ་ཚོལ་བ་དག ། ཤ་དང་ཆང་དང་སྒོག་བཙོང་རྣམས། ། འཚལ་ཞིང་བཏུང་བར་བགྱི་མི་བགྱི། ། བླ་ན་མ་མཆིས་གཙོ་མཆོག་ གིས། ། ཐུགས་རྗེས་བདག་ལ་བཤད་དུ་གསོལ། ། བྱིས་པ་དེ་ལ་བརྐམ་པར་བགྱིད། ། དྲི་ང་གྲགས་པ་མ་མཆིས་འགྱུར། ། ཤི་ན་གཅན་གཟན་རྣམས་ཀྱི་ཟས། ། ཇི་ལྟར་དེ་ནི་འཚལ་བར་རུང་། ། འཚལ་ནས་ནོངས་དམིགས་ཅི་མཆིས་དང་། ། མ་འཚལ་ཡོན་ཏན་གང་ལགས་པ། ། འཚལ་དང་མ་ འཚལ་དགེ་སྡིག་རྣམས། ། ཐུགས་རྗེས་བདག་ལ་བཤད་དུ་གསོལ། ། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཚིགས་སུ་བཅད་པ་རྣམས་ཀྱིས་ཞུ་བ་ཞུས་ནས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བདག་ལ་སོགས་པའི་སླད་དུ་ཤ་འཚལ་བ་དང་མི་ འཚལ་བའི་ནོངས་པ་དང་ཡོན་ཏན་རྣམས་བཤད་དུ་གསོལ།
BO
བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་ད་ལྟར་དང་མ་འོངས་པ་ན་ཤའི་ཟས་ལ་ཆགས་ཤིང་རེ་བའི་སེམས་ཅན་སྣ་ཚོགས་ལ་རྣམ་པར་ཕྱེ་སྟེ་ཆོས་བཤད་པས་སེམས་ཅན་དེ་དག་བྱམས་པའི་སེམས་ཀྱིས་ཕན་ཚུན་གཅིག་ལ་ གཅིག་ལྟ་བ་དང་། བྱམས་པའི་སེམས་ཐོབ་ནས་ཀྱང་སོ་སོའི་ས་ལ་གནས་ཤིང་རྣམ་པར་དག་པ་གསལ་བར་རྟོག་སྟེ་མྱུར་དུ་མཐར་ཐུག་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དག་རང་གི་ས་ལ་བསྟི་ཞིང་། བསྟིས་ནས་ཀྱང་བླ་ན་ མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། ། ཆོས་ངན་པ་ལོག་པར་སྨྲ་བའི་མུ་སྟེགས་ཅན་གང་དག་ལོག་པར་ལྟ་བ་དང་། རྟག་པ་དང་ཆད་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་ཤ་འཚལ་བ་བཀག་སྟེ་ཤ་འཚལ་དུ་མི་གནང་བ་ལགས་ན། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་མགོན་ པོ་ཡང་དག་པའི་ཆོས་ཡོངས་སུ་གྲུབ་པས་ཤ་མི་གསོལ་བ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ། དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་ དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་།
BO
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྒྱུ་དང་རྐྱེན་ཚད་མེད་པའི་ཕྱིར་ཤ་རྣམས་བཟའ་བར་མི་བྱ་སྟེ། འོན་ཀྱང་འདིར་ཁྱོད་ལ་མདོ་ཙམ་ཞིག་བཤད་པར་བྱའོ། ། འདི་ལྟ་སྟེ། སྲོག་ཆགས་རྣམས་ནི་ཡུན་རིང་པོ་ནས་ཕན་ཚུན་གྱི་རྒྱུ་རྐྱེན་གྱིས་རྟག་པར་ གཉེན་དུ་གྱུར་ཏེ། འདི་ལྟར་གཉེན་དུ་གྱུར་པའི་འདུ་ཤེས་ཀྱི་ཕྱིར་ཤ་རྣམས་བཟའ་བར་མི་བྱའོ། ། བོང་བུ་དང་། དྲེའུ་དང་། རྔ་མོ་དང་། ཝ་དང་། ཁྱི་དང་། གླང་དང་། རྟ་དང་། མི་དང་། གཅན་གཟན་གྱི་ཤ་ལ་སོགས་པ་ནི་ཤེན་པ་དག་འདྲེས་པར་འཚོང་བར་བྱེད་པས་དེའི་ཕྱིར་ཤ་བཟའ་བར་མི་བྱའོ། ། ཤ་ནི་ཁུ་ ཆུ་དང་ཁྲག་ལས་བྱུང་བའི་ཕྱིར་ཤ་བཟའ་བར་མི་བྱའོ། ། སེམས་ཅན་གྱིས་དེའི་དྲི་ཚོར་ན་ཡང་ཐམས་ཅད་འཇིགས་ཤིང་སྐྲག་པར་འགྱུར་ཏེ། ཤེན་པ་དང་། གདོལ་པ་ལ་སོགས་པ་བཞིན་དུ་ཁྱི་རྣམས་ཀྱིས་མཐོང་ན་ཡང་དེ་ལ་སྔང་ཞིང་འཇིགས་པས་ཁྱིས་ཟུགས་པའི་ཕྱིར་ཤ་བཟའ་བར་མི་བྱའོ། ། གཞན་ཡང་ རྣལ་འབྱོར་པ་རྣམས་ཀྱི་བྱམས་པའི་སེམས་སྐྱེ་བར་མི་བྱེད་པའི་ཕྱིར་ཤ་བཟའ་བར་མི་རིགས་སོ། །
BO
འཕགས་པ་མ་ཡིན་པའི་སྐྱེ་བོ་དག་བརྐམ་ཞིང་དྲི་མི་ཞིམ་པར་འགྱུར་ལ་སྙན་པའི་གྲགས་པ་མེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། ། རིག་སྔགས་རྣམས་སྒྲུབ་པ་འགྲུབ་པར་མི་འགྱུར་བའི་ཕྱིར་ཤ་བཟའ་བར་མི་ བྱའོ། ། འདི་ལྟར་སྲོག་གཅོད་པ་ནི་གཟུགས་མཐོང་མ་ཐག་ཏུ་མངོན་པར་ཆགས་པའི་སེམས་སྐྱེད་པར་བྱེད་པའི་ཕྱིར་ཤ་མི་ཟའོ། ། གང་ཤ་ཟ་བ་དེ་དག་ལ་ནི་ལྷ་རྣམས་ཀྱིས་སྤོང་བར་བྱེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། ། ཁའི་དྲི་མི་ཞིམ་པར་འགྱུར་བའི་ཕྱིར་ཡང་ཤ་བཟའ་བར་མི་བྱའོ། ། རྨི་ལམ་ངན་པ་མང་ བའི་ཕྱིར་ཤ་བཟའ་བར་མི་བྱའོ། ། དགོན་པའི་གནས་ནགས་ཚལ་དག་ན་གནས་པའི་ཚེ་སྟག་དང་སྤྱང་ཀི་ལ་སོགས་པས་དྲི་ཚོར་བར་འགྱུར་བའི་ཕྱིར་ཤ་བཟའ་བར་མི་བྱའོ། ། ཟས་ཀྱི་ཚོད་མི་ཟིན་པར་བྱེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། ། རྣལ་འབྱོར་པ་རྣམས་ཡོངས་སུ་སྐྱོ་བའི་སེམས་སྐྱེ་ བར་མི་འགྱུར་བའི་ཕྱིར་ཤ་བཟའ་བར་མི་བྱའོ། ། ངས་རྟག་ཏུ་ཇི་ཙམ་དུ་བཟའ་བ་དང་བཏུང་བ་རྣམས་ལ་བུའི་ཤའི་འདུ་ཤེས་དང་། སྨན་གྱི་འདུ་ཤེས་བྱའོ་ཞེས་བཤད་པའི་ཕྱིར་ཤ་བཟའ་བར་མི་བྱ་སྟེ། ངས་ཤ་བཟའ་བར་གནང་ངོ་ཞེས་ཟེར་ན་དེ་ནི་གནས་མེད་དོ། །
BO
གཞན་ཡང་ བློ་གྲོས་ཆེན་པོ་སྔོན་འདས་པའི་དུས་ན་རྒྱལ་པོ་སེང་གེ་འབངས་བཟང་ཞེས་བྱ་བ་ཞིག་བྱུང་སྟེ། ཤ་སྣ་ཚོགས་ལ་ཟ་ཞིང་མི་ཤ་ཡང་ཟོས་པར་གྱུར་པས་བློན་པོ་དང་། གཉེན་དང་། གཉེན་འདབ་ཀྱི་སྐྱེ་བོའི་ཚོགས་རྣམས་ལོག་ནས་སྔོན་གྱི་དབང་ཐང་རྣམས་ཀྱང་བཅད་པས་ ཉོན་མོངས་པར་གྱུར་ཏོ། ། དེ་ལྟ་བས་ན་ཤ་ཟ་བ་ལ་ཉེས་དམིགས་འདི་ལྟ་བུ་ཡོད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་དེ་ལ་སྲོག་གཅོད་པ་དག་ནི་ཁེ་འདོད་པའི་ཕྱིར་སྲོག་བཅད་ནས་འཚོང་བར་བྱེད་དོ། ། གང་བླུན་པོ་ཤ་ཟ་བ་དེ་དག་ནི་རིན་གྱིས་ ཤ་རྣམས་ཉོ་བར་བྱེད་དོ། ། སྲོག་གཅོད་པར་བྱེད་པ་དེ་དག་ཁེ་འདོད་པའི་ཕྱིར་ལྕགས་ཀྱུ་དང་རྒྱ་རྣམས་ཀྱིས་སྲོག་ཆགས་ནམ་མཁའ་ལ་རྒྱུ་བ་དང་། ཆུ་ལ་གནས་པ་དང་། ས་ལ་འགྲོ་བ་དག་རྣམ་པ་དུ་མས་གསོད་ཅིང་ཁེ་ཚོལ་བར་བྱེད་དོ། ། བློ་གྲོས་ཆེན་པོ་ བྱེད་དུ་མ་བཅུག་པ་དང་། མ་བཙལ་བ་དང་། འདུ་ཤེས་མེད་པ་ཞེས་བྱ་བའི་ཤ་གང་ཡང་མེད་པས་དེའི་ཕྱིར་ཤ་བཟའ་བར་མི་བྱའོ། ། བློ་གྲོས་ཆེན་པོ་ངས་སྔར་ཤ་རྣམ་པ་ལྔ་དང་བཅུ་བཀག་ལ་མདོ་སྡེ་འདིར་ནི་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་ཐབས་ཀྱིས་གནང་བ་ ཐམས་ཅད་ཀྱང་བཀག་གོ། །
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་བཟའ་བར་བྱ་བ་ཡང་མེད་ན་ཉའི་ཤ་ཟ་བ་ལྟ་ཅི་སྨོས་ཏེ། གཞན་ཡང་བྱེད་དུ་མི་འཇུག་གོ། ། ཐུགས་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ སེམས་ཅན་ཐམས་ཅད་བུ་གཅིག་པ་དང་འདྲ་བར་གཟིགས་ཏེ། དེའི་ཕྱིར་བུའི་ཤ་བཟའ་བར་མི་གནང་བ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྔོན་ཆད་གཉེན་བཤེས་ བྱས་ཕྱིར་དང་། ། ངན་པ་མི་གཙང་འདྲེས་པ་དང་། ། ཁུ་ཆུ་ཁྲག་ལས་བྱུང་བ་དང་། ། དྲི་ཚོར་ཐམས་ཅད་འཇིགས་སྐྲག་པས། ། ཤ་རྣམས་དང་ནི་བཙོང་དག་དང་། ། ཀིའུ་དང་བྱིས་ཀུ་ལ་སོགས་དང་། ། བག་མེད་སྣ་ཚོགས་འགྱུར་བའི་ཆང་། ། རྣལ་འབྱོར་ པས་ནི་རྟག་ཏུ་སྤང་། ། འབྲུ་མར་དག་ཀྱང་སྤང་བྱ་སྟེ། ། བུག་ཕུག་པ་ཡི་ཁྲི་ཡང་སྤང་། ། སྲོག་ཆགས་དག་ནི་ཕྲ་མོ་རྣམས། ། དེ་ན་རབ་ཏུ་འཇིགས་ཕྱིར་རོ། ། ཟས་ལས་བག་མེད་སྐྱེ་བར་འགྱུར། ། བག་མེད་པ་ལས་རྟོག་པ་སྐྱེ། ། རྟོག་པ་ལས་ནི་འདོད་ ཆགས་སྐྱེ། ། དེ་ཡི་ཕྱིར་ན་བཟའ་མི་བྱ། ། ཟས་ཀྱི་དབང་གིས་འདོད་ཆགས་སྐྱེ། ། འདོད་ཆགས་ཀྱིས་ནི་སེམས་རྨོངས་བྱེད།
BO
། རྨོངས་པས་སྲིད་པའི་འདོད་པ་སྐྱེད། ། འཁོར་བ་ལས་ནི་གྲོལ་མི་འགྱུར། ། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། ། ཤ་ཡི་ཕྱིར་ ནི་ནོར་སྦྱིན་བྱེད། ། གཉི་ག་སྡིག་པའི་ལས་ཅན་པས། ། ཤི་ནས་འོ་དོད་འབོད་པར་ལྟུང་། ། བཅོལ་ཚོལ་འདུ་ཤེས་དེ་མེད་ན། ། རྣམ་གསུམ་དག་པའི་ཤ་ཡང་མེད། ། རྒྱུ་མེད་ལས་ནི་ཡོད་མིན་པས། ། དེ་ཡི་ཕྱིར་ན་བཟའ་མི་བྱ། ། རྣལ་འབྱོར་པ་ནི་དེ་དག་གིས། ། དེས་ན་ཐམས་ཅད་སྤང་བྱར་བྱ། ། ཕྱོགས་བཅུ་སངས་རྒྱས་བཅོམ་ལྡན་འདས། ། ཐམས་ཅད་རབ་ཏུ་སྨོད་པར་འགྱུར། ། གཅིག་ལ་གཅིག་ནི་ཟ་བར་བྱེད། ། ཤི་ནས་གཅན་གཟན་རིགས་སུ་ལྟུང་། ། དྲི་མི་ཞིམ་པ་སྨད་པ་དང་། ། གླེན་པ་དག་ཏུ་སྐྱེ་བར་འགྱུར། ། ཕལ་ཆེར་གདོལ་པའི་རིགས་སུ་སྐྱེ། ། རྔོན་པ་སྨེ་ཤ་ཅན་རིགས་དང་། ། ཡང་ན་འཕྲ་མེན་རིགས་སུ་སྐྱེ། ། ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། ། སྲིན་པོ་བྱི་ལ་ལ་སོགས་པའི། ། མངལ་ཀུན་དུ་ནི་སྐྱེ་བར་འགྱུར། ། གླང་པོ་འཆིང་དང་སྤྲིན་ཆེན་དང་། ། སོར་མོའི་ཕྲེང་བའི་མདོ་དག་དང་། ། ལང་ཀར་གཤེགས་པའི་མདོ་འདི་ལས། ། ངས་ནི་ཤ་རྣམས་རབ་ཏུ་བཀག ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ། ཉན་ཐོས་རྣམས་ཀྱིས་སྨད་པ་དང་། །
BO
ངོ་མི་ཚ་བར་ཟ་བ་ནི། ། རྟག་ཏུ་གླེན་པར་སྐྱེ་བར་འགྱུར། ། སྔར་ཡང་མཐོང་ཐོས་དོགས་པ་ཡི། ། ཤ་རྣམས་ཐམས་ཅད་སྤང་བར་བཤད། ། རྟོག་གེ་རྣམས་ཀྱིས་མ་རྟོགས་པས། ། དེ་ཕྱིར་ཤ་ཟན་གནས་སུ་སྐྱེས། ། ཇི་ལྟར་འདོད་ཆགས་ཉེས་པ་ཡིས། ། འཕགས་པའི་རྣམ་གྲོལ་སྒྲིབ་འགྱུར་ཞིང་། ། ཤ་ ཆང་སྒོག་བཙོང་ལ་སོགས་པའང་། ། འཕགས་པའི་ལམ་གྱི་བར་ཆད་བྱེད། ། མ་འོངས་དུས་ཀྱི་སྐྱེ་བོ་དག ། ཤ་ཟ་གཏི་མུག་སྨྲ་བ་རྣམས། ། ཤ་ནི་སྡིག་མེད་རུང་བས་ན། ། སངས་རྒྱས་ངེད་ལ་གནང་ཞེས་ཟེར། ། ཟས་ལ་སྨན་སྟེན་འདུ་ཤེས་དང་། ། དེ་བཞིན་བུ་ཤ་ལྟ་བུར་ཡང་། ། ཆོས་ཤེས་སྐྱོ་བ་བསྐྱེད་ནས་ནི། ། རྣལ་འབྱོར་ཅན་གྱིས་བསོད་སྙོམས་སྤྱད། ། སྙིང་རྗེ་སེམས་ལ་གང་གནས་པ། ། ཡོངས་སུ་སྐྱོ་བར་ང་ཡིས་བཤད། ། སྟག་དང་སྤྱང་ཀི་གཅན་གཟན་རྣམས། ། རྟག་ཏུ་ལྷན་ཅིག་ འགྲོགས་ཤིང་གནས། ། གལ་ཏེ་ཤ་རྣམས་ཟ་བྱེད་ན། ། སེམས་ཅན་དག་ནི་སྐྲག་འགྱུར་བས། ། དེ་ཕྱིར་རྣལ་འབྱོར་པ་དག་གིས། ། སྙིང་རྗེའི་སེམས་ཀྱིས་ཤ་མི་བཟའ། ། ཤ་ཟ་སྙིང་རྗེ་ཤེས་རབ་མེད། ། རྣམ་པར་གྲོལ་ལ་རྒྱབ་ཀྱིས་ཕྱོགས། ། འཕགས་པའི་ རྒྱལ་མཚན་དག་དང་འགལ། ། དེ་ཡི་ཕྱིར་ན་བཟའ་མི་རིགས། །
BO
བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར། ། གཞན་ཡང་རྣལ་འབྱོར་པ་ཡི་གནས། ། ཤེས་རབ་ཕྱུག་པོའི་ཁྱིམ་དུ་སྐྱེ། ། འདི་ནི་ཤ་སྤངས་དབང་གིས་སོ། ། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་ཞེས་བྱ་བ་རྫོགས་སོ། ། ། ། དཔལ་ལྷ་བཙན་པོའི་བཀའ་ལུང་གིས་རྒྱའི་སློབ་དཔོན་ཝེན་ཧྭི་ཡིས་མཛད་པའི་འགྲེལ་པ་དང་སྦྱར་ནས། ལོ་ཙྪ་བ་དགེ་སློང་འགོས་ཆོས་གྲུབ་ཀྱིས་བསྒྱུར་ཅིང་ཞུས། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source