The Prayer of Good Conduct

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།

The Prayer of Good Conduct

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།

BO
༄༅། ། རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙཱརྱ་པྲ་ཎིདྷཱ་ན་རཱ་ཛཱ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ། དུས་གསུམ་གཤེགས་པ་མི་ཡི་སེང་ གེ་ཀུན། ། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། ། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། ། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། ། རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། ། ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། ། རྒྱལ་ བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། ། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག ། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། ། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། ། དེ་དག་ བསྔགས་པ་མི་ཟད་རྒྱ་མཚོ་རྣམས། ། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། ། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། ། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། ། སིལ་སྙན་རྣམས་དང་བྱུག་པ་ གདུགས་མཆོག་དང་། ། མར་མེ་མཆོག་དང་བདུག་པ་དམ་པ་ཡིས། །
BO
རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། ། ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། ། ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། ། བཀོད་པའི་ཁྱད་པར་འཕགས་པ་མཆོག་ཀུན་གྱིས། ། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱིད། ། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། ། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། ། བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། ། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། ། འདོད་ཆགས་ཞེ་སྡང་གཏི་ མུག་དབང་གིས་ན། ། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། ། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། ། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། ། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། ། རང་རྒྱལ་རྣམས་དང་སློབ་ དང་མི་སློབ་དང་། ། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། ། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། ། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག ། བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། ། མགོན་པོ་དེ་དག་བདག་གིས་ཐམས་ ཅད་ལ། ། འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། ། མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ། ། འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། ། བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །
BO
བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། ། ཕྱག་ འཚལ་བ་དང་མཆོད་ཅིང་བཤགས་པ་དང་། ། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། ། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། ། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། ། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། ། འཇིག་རྟེན་དག་ན་ གང་བཞུགས་མཆོད་པར་གྱུར། ། གང་ཡང་མ་བྱོན་དེ་དག་རབ་མྱུར་བར། ། བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། ། ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། ། དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། ། བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། ། སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག ། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། ། དེ་དག་རྟག་ཏུ་ནད་མེད་བདེ་བར་འགྱུར། ། འགྲོ་བ་ཀུན་གྱི་ཆོས་ཀྱིས་དོན་རྣམས་ནི། ། མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག ། བྱང་ཆུབ་སྤྱོད་པ་དག་ནི་བདག་ སྤྱོད་ཅིང་། ། འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། ། ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། ། རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག ། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། ། བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །
BO
ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་ དག་པར། ། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། ། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། ། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། ། དེས་ཤིང་ཕ་རོལ་ ཕྱིན་ལ་རབ་བརྩོན་ཏེ། ། བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། ། སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག ། དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག ། ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། ། གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། ། ཇི་ལྟར་ པདྨ་ཆུས་མི་ཆགས་པ་བཞིན། ། ཉི་ཟླ་ནམ་མཁའ་ཐོགས་པ་མེད་ལྟར་སྤྱད། ། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། ། ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། ། བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། ། འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། ། བྱང་ ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། ། སེམས་ཅན་རྣམས་ཀྱི་སྤྱོད་དང་མཐུན་པར་འཇུག ། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། ། མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། ། བདག་གིས་སྤྱོད་དང་མཐུན་པར་གང་སྤྱོད་པ། ། དེ་དག་ དང་ནི་རྟག་ཏུ་འགྲོགས་པར་ཤོག །
BO
ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། ། སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། ། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག ། བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། ། དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག ། དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། ། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། ། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། ། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། ། དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། ། རྒྱལ་བ་རྣམས་ཀྱི་དམ་ པའི་ཆོས་འཛིན་ཅིང་། ། བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། ། བཟང་པོ་སྤྱོད་པ་རྣམ་པར་སྤྱད་པ་ཡང་། ། མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། ། སྲིད་པ་ཐམས་ཅད་དུ་ནི་འཁོར་བ་ན། ། བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། ། ཐབས་དང་ཤེས་རབ་ཏིང་ འཛིན་རྣམ་ཐར་དང་། ། ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། ། ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། ། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། ། བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། ། དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། ། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱིས། །
BO
སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། ། བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག ། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། ། རྒྱལ་བ་ཀུན་དབྱངས་ ཡན་ལག་རྣམ་དག་པ། ། འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། ། སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། ། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག ། འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། ། དེ་དག་གི་ཡང་གསུང་དབྱངས་མི་ཟད་ ལ། ། བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག ། མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། ། སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། ། གང་ཡང་བསྐལ་བ་དུས་གསུམ་ཚད་དེ་དག ། སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། ། དུས་ གསུམ་གཤེགས་པ་མི་ཡི་སེང་གེ་གང་། ། དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། ། རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། ། སྒྱུ་མར་གྱུར་བའི་རྣམ་ཐར་སྟོབས་ཀྱིས་འཇུག ། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། ། དེ་དག་རྡུལ་གཅིག་སྟེང་དུ་མངོན་ པར་བསྒྲུབ། ། དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། ། རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག ། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །
BO
དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། ། མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། ། མགོན་པོ་ ཀུན་གྱི་དྲུང་དུ་བདག་མཆིའོ། ། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། ། ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་རྣམས་དང་། ། ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། ། ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། ། ཀུན་ནས་དགེ་བའི་བསོད་ནམས་སྟོབས་ རྣམས་དང་། ། ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། ། ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། ། བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། ། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། ། ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་ པར་བྱེད། ། བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། ། བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། ། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། ། སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་འགྲོལ། ། ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། ། ཡེ་ཤེས་ རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། ། སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། ། སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། ། སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །
BO
བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། ། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི། ། བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། ། བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། ། དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི། ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། ། གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། ། མཁས་པ་དེ་ དང་མཚུངས་པར་སྤྱོད་པའི་ཕྱིར། ། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། ། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། ། སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། ། བསྔོ་བའང་བཟང་བོ་མཁས་པ་ཅི་འདྲ་བར། ། དེ་འདྲར་བདག་ཀྱང་དེ་དང་མཚུངས་ པར་ཤོག ། ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། ། འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་བར་བགྱི། ། མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར། ། དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། ། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག ། ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་ པར་ཤོག ། སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། ། དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། ། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། ། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། ། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །
BO
བདག་གི་ སྨོན་ལམ་མཐའ་ཡང་དེ་ཙམ་མོ། ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། ། རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། ། ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང་། ། ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། ། གང་གིས་བསྔོ་བའི་རྒྱལ་པོ་ འདི་ཐོས་ནས། ། བྱང་ཆུབ་མཆོག་གིས་རྗེས་སུ་རབ་མོས་ཤིང་། ། ལན་ཅིག་ཙམ་ཡང་དད་པ་སྐྱེད་པ་ནི། ། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། ། གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། ། དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར། ། དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། ། སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། ། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། ། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས། ། ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། ། དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། ། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། ། གང་གིས་མི་ཤེས་དབང་གིས་བྱས་པ་དག ། དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། ། མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། ། ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། ། རིགས་དང་ཁ་དོག་རྣམས་ དང་ལྡན་པར་འགྱུར། ། བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །
BO
འཇིག་རྟེན་གསུམ་པོ་ཀུན་ལའང་མཆོད་པར་འགྱུར། ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། ། སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། ། བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་ བསྐོར། ། བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་འདུལ། ། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། ། འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། ། དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། ། བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག ། འཇམ་དཔལ་ ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། ། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། ། དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་། ། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། ། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། ། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་ དེས། ། བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། ། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། ། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། ། སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། ། མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། ། བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་ འགྲོ། ། དེས་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། ། ཐམས་ཅད་མ་ལུས་མངོན་སུམ་འགྱུར་བར་ཤོག ། དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །
BO
འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ། པདྨ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། ། སྣང་བ་མཐའ་ཡས་རྒྱལ་ལས་མངོན་སུམ་དུ། ། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག ། དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། ། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། ། བློ་ཡི་སྟོབས་ཀྱིས་ཕྱོགས་ བཅུ་རྣམས་སུ་ཡང་། ། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། ། བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡིས། ། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། ། དེས་ནི་འགྲོ་བའི་དགེ་བའི་སྨོན་ལམ་རྣམས། ། སྐད་ཅིག་གཅིག་གིས་ ཐམས་ཅད་འབྱོར་བར་ཤོག ། བཟང་པོ་སྤྱོད་པའི་སྨོན་ལམ་བསྔོས་པ་ཡིས། ། བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས། ། འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། ། འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག ། སྨོན་ལམ་རྒྱལ་པོ་འདི་མཆོག་གཙོ་ དེས་ནི། ། འགྲོ་བ་མཐའ་ཡས་ཀུན་ལ་ཕན་བྱེད་ཅིང་། ། ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་ཅིང་། ། ངན་སོང་རྒྱུད་གསུམ་མ་ལུས་སྟོངས་པར་ཤོག ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་{སྷོ,སོ}། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source