BO༄༅། ། རྒྱ་གར་སྐད་དུ། ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་བཛྲ་ཕཱ་ཎ་ཀསྟནྟྲ་ཏྲཻ་ལོ་ཀྱ་བི་ཛ་ཡ་ནཱ་མ། བོད་སྐད་དུ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། ། དེ་ནས་ གསང་བའི་བདག་པོ་འཁོར་དེ་དག་ལ་རྣམ་པར་གཟིགས་ནས་རང་ཉིད་མཁའ་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྲིད་པ་གསུམ་ཡང་རྣམ་པར་གཡོས་སོ། ། དེ་ནས་རང་ཉིད་སྐུ་དང་ གསུང་དང་ཐུགས་རྣམ་པར་དག་པའི་རྡོ་རྗེ་ལས་སྔགས་འདི་ཕྱུང་ངོ་། ། ཨོཾ་ན་མོ་གསང་སྔགས་རྒྱལ་པོ་སྨྲས་ཙམ་གྱིས། ། ས་སྟེང་ས་རྣམས་བརྒྱལ་བར་འགྱུར། ། ཀླུ་རྣམས་ཀུན་ཏུ་སྐྲག་ནས་ནི། ། གསང་བདག་ཉིད་ལ་ཕྱག་འཚལ་ལོ། ། སྙིང་རྗེ་ལྡན་ཞིང་ མོས་པ་བརྟན། ། གུས་ཤིང་བྱང་ཆུབ་སེམས་ལྡན་པའི། ། ཕྱོགས་སུ་འགྲོ་བས་ཡིད་གནས་པའི། ། ལྷ་དང་བླ་མ་མཉམ་མཆོད་ཅིང་། ། བརྩོན་འགྲུས་ཤེས་རབ་ཆེ་བ་དེས། ། རང་ཉིད་དང་ནི་གཞན་དག་ཏུ། ། བདེ་ཞིང་ཉམས་དགའི་རི་ཕུག་གམ། ། ཚལ་ ལམ་མཚོ་འམ་ལྗོངས་རྣམས་སུ། ། ས་ཡི་དཀྱིལ་འཁོར་རྣམ་དག་པར།
BO། བྱས་ནས་དྲི་ཆུས་ལེགས་བྱུགས་ནས། ། བདེ་བའི་སྟན་ལ་འདུག་བྱས་ཏེ། ། གསང་བའི་བདག་པོ་བསྒྲུབ་པར་བྱ། ། གཞན་དུ་རི་ཁྲོད་རྩུབ་པ་འམ། ། དུར་ཁྲོད་ཡ་མའི་ཁང་པ་ཡང་། ། འཁྲུག་ཅིང་གཡེང་དང་བཅས་པ་དང་། ། རྒྱལ་པོས་གཟུང་ཞིང་གཏུམ་མོ་རྒྱུ། ། འཇིགས་པའི་ཕྱོགས་ནས་གང་དག་རྣམས། ། རྒྱལ་བ་སྒྲུབ་པའི་གནས་ཡིན་ནོ། ། དུས་འདིར་བྱུང་བའི་བློ་ཞན་རྣམས། ། འཇིག་རྟེན་འདི་ཡི་གཡེང་བ་དང་། ། ཚོགས་པ་ཐམས་ཅད་སྐྱེད་ པར་བྱེད། ། ཆགས་པའི་སྟོབས་ཀྱི་ཆོས་ཉིད་ནི། ། ཡང་དག་མི་རྟོག་དེ་ནི་སྐྱོན། ། སྤྲུལ་པའི་གླང་པོ་དང་མཚུངས་སོ། ། སྟོང་ཉིད་སྤྲོས་མེད་རང་བཞིན་ལས། ། སྒྱུ་མའི་སྐུ་ནི་ཡོངས་འབྱུང་ཞིང་། ། དང་པོ་སྟོང་ཉིད་རྡོ་རྗེ་སྟེ། ། གཉིས་པ་ལ་ནི་ཡི་གེ་ཧཱུྃ། ། གསུམ་ པ་རྡོ་རྗེ་རྩེ་དགུ་པ། ། བཞི་པ་བཅོམ་ལྡན་གསང་བའི་བདག ། ལྔ་པ་ལྷ་ནི་ཡོངས་སུ་རྫོགས། ། མེ་ལོང་དང་ནི་མཉམ་ཉིད་དང་། ། ཆོས་དབྱིངས་ཡེ་ཤེས་ལས་གྲུབ་པའི། ། སྐུ་ནི་ཡེ་ཤེས་བདག་ཉིད་དོ། ། དེ་རྫོགས་ཡེ་ཤེས་ཆེན་པོའོ། ། ཡེ་ཤེས་སྐུ་ལས་ཡེ་ཤེས་ ཀྱིས། ། སྤྲུལ་པའང་ཡེ་ཤེས་ཉིད་དུ་གནས། ། འཁོར་བའི་ཉོན་མོངས་ལས་འདས་ནས། །
BOམི་རྟོག་ཡེ་ཤེས་མེ་ཕུང་ལ། ། གསང་བའི་བདག་ཉིད་ལེགས་པར་བཞུགས། ། རྣམ་གྲོལ་རྣམ་དག་གྲོལ་བའི་རྒྱུ། ། སྔགས་དབྱིབས་ཆོས་བདག་དོན་རྣལ་འབྱོར། ། སྐད་ ཅིག་སྐད་ཅིག་ཡེ་ཤེས་ལས། ། སྒྱུ་མ་ལྟ་བུའི་སྒྱུ་མའི་སྐུ། ། སྒྱུ་མ་ཉིད་ལ་རྣམ་གྲོལ་ཚེ། ། ཀྱེ་ཀྱེ་ཧ་ཧ་དཔའ་བོ་ཆེ། ། ཀླུ་ཡི་དགྲར་གྱུར་འཇིགས་བྱེད་པོས། ། གསང་བའི་བདག་པོ་རྡོ་རྗེ་ཅན། ། ཉོན་མོངས་ལས་རྒྱལ་འཇིགས་སུ་རུང་། ། དབང་ ཕྱུག་ཁམས་གསུམ་ལས་རྒྱལ་བའི། ། དེ་བས་བརྩོན་ལྡན་གང་ཡིན་དེས། ། ཤིན་ཏུ་སྒྲུབ་པས་བསྒྲུབ་པར་བྱ། ། བརྟན་པའི་ཡིད་སོས་པར་བྱེད་པས། ། རྒྱལ་བ་གསང་བའི་བདག་པོའོ། ། དེ་ནས་གསང་བའི་བདག་པོ་ཉིད། ། དངོས་གྲུབ་ངེས་པར་འབྱུང་བ་རྡོ་རྗེ་ཞེས་ བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་རྡོ་རྗེ་ལས་བྱུང་བ། ཨོཾ་བཛྲ་པཱ་ཎི་སརྦ་ཨརྠ་སིད་དྷི་ཀུ་རུ་ཀུ་རུ་སྭཱ་ཧཱ། ལྷ་ཀླུ་མི་མིན་དྲི་ཟ་འམ། ། ཡང་ན་མི་ཡི་བུ་མོ་ཡི། ། དཔྲལ་བར་ཐིག་ལེ་བྲིས་ནས་ནི། ། ལག་ཏུ་ ལྕགས་ཀྱུ་ཐོགས་ལ་གཞག ། དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། ། བརྟེན་ནས་བུམ་པས་བསྒྲུབ་པར་བྱ། ། རྣམ་པར་རྒྱལ་བའི་བུམ་པར་ནི། །
BOསྨན་ལ་སོགས་པས་ལེགས་བཀང་ནས། ། རས་ཀྱིས་དཀྲིས་ལ་གཞག་པར་བྱ། ། རྒྱུན་དུ་དེ་ལས་བསྒྲུབ་གྱུར་ན། ། ཞི་དང་རྒྱས་སོགས་དངོས་གྲུབ་དང་། ། གཞན་ཡང་དངོས་གྲུབ་འགྲུབ་པར་འགྱུར། ། དེ་ནས་ཡང་གསང་བའི་བདག་པོ་མི་འགྱུར་བར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དུག་ཐམས་ཅད་ཞི་བར་བྱེད་པའི་སྔགས་འདི་ཉིད་ཀྱིས་སྐུ་དང་གསུང་ དང་ཐུགས་རྡོ་རྗེ་ཡང་དག་པ་ལས་ངེས་པར་ཕྱུང་ངོ་། ། ཨོཾ་ན་གུ་ནཱ་གེ་པྲོ་ཏཾ་ག་མ་ནི། ཙ་ར་པོ་རྃ་ཡ་ར་བ་རཱ་ཧྱཻད་ཧ་རི་ནྃ་བྲྃ། རིན་ཆེན་སྣོད་དུ་ཆུ་བླུགས་ནས། ། སྔགས་ཀྱི་རྒྱལ་པོ་འདི་ལ་ནི། ། བརྒྱ་ནས་ཇི་སྲིད་སྟོང་གི་བར། ། བརྗོད་ན་འགྲོ་བའི་དུག་ནད་སེལ། ། གཞན་ ཡང་གསང་སྔགས་རྒྱལ་པོ་ནི། ། གསང་བའི་བདག་པོའི་སྦྱོར་བ་དང་། ། བཅས་པས་མང་དུ་བརྗོད་བྱས་ནས། ། སྒྲུབ་པས་ཅི་ཡང་འགྲུབ་པར་འགྱུར། ། ཟླ་བ་སྤྱང་ཀིས་བཟུང་དུས་སུ་དཔྲལ་བར་གོ་རོ་ཙ་ནས་ཐིག་ལེ་བྱས་ཏེ་ཁ་ཤར་ཕྱོགས་སུ་གྱུར་ནས་གསང་སྔགས་འདི་ བརྗོད་ན་ཅི་འདོད་པ་དབང་དུ་བྱེད་དོ། །
BOཡང་ཟླ་བའམ་ཉི་མ་གཟས་བཟུང་པའི་ཚེ་ཀླུའི་གན་ནས་མི་ཁྲག་གིས་ལུས་བྱུགས་ཏེ་སྔགས་འདི་བརྗོད་ན་ཀླུ་ཐམས་ཅད་དབང་དུ་འགྱུར་རོ། ། འདི་ལ་ཐེ་ཚོམ་མེད་དོ། ། གཞན་ཡང་སྦྱོར་བ་བཤད་པར་བྱ། ། གུར་གུམ་དང་ནི་གི་ ཝང་གིས། ། རྩིབས་བརྒྱད་པ་ཡི་འཁོར་ལོ་ལ། ། དང་པོའི་སྔགས་བཞི་དག་དང་ནི། ། ཐ་མའི་སྔགས་རྣམས་བྲི་བར་བྱ། ། མུ་ཁྱུད་གཉིས་ལ་རྩ་བ་ཡི། ། གསང་སྔགས་རྒྱལ་པོ་རིམ་གྱིས་བྲི། ། རིན་ཆེན་སྣོད་བཞག་མཆོད་བྱས་ནས། ། གསང་སྔགས་སྟོང་ སོགས་བརྗོད་ནས་ནི། ། རྒྱལ་མཚན་རྩེ་ལ་གདགས་པར་བྱ། ། གཞན་གྱི་རིག་སྔགས་གཅོད་པར་བྱེད། ། གལ་ཏེ་ཆར་པ་དབབ་པར་འདོད་ན་སའི་དཀྱིལ་འཁོར་གྲུ་བཞི་པར་བྱས་ཏེ། དབུས་སུ་པད་མ་འདབ་མ་བརྒྱད་པ་བྲིས་ལ་དེའི་སྟེང་དུ་ཀླུའི་རྒྱལ་པོ་བརྒྱད་ཀྱི་ གཟུགས་བྱས་ཏེ་གཞག་ལ་རང་ཉིད་ཁྲོ་བོའི་རྒྱལ་པོ་གོས་སྔོན་པོ་ཅན་དུ་བྱས་ཏེ། སྨན་སྣ་ཚོགས་དང་། འོ་མ་དང་འབྲས་ཆན་དང་། ཞོ་ལ་སོགས་པ་རྣམས་དང་། ཀ་ར་དང་བུ་རམ་ལ་སོགས་པས་མཆོད་ནས་གོས་དཀར་པོ་བགོས་ཏེ་ཧཱུྃ་འབྲུག་གི་སྒྲ་ལྟ་བུ་བརྗོད་ པས་མགོ་འདྲེན་པའི་གསང་སྔགས་ཀྱི་རྒྱལ་པོ་བརྗོད་པས་ཆར་འབེབས་པར་བྱེད་དོ། །
BOགལ་ཏེ་མ་འབེབས་ན་ཀླུ་རྣམས་བསྡིགས་པའི་ཕྱིར། དཀྱིལ་འཁོར་དེའི་སྟེང་དུ་ཁྲག་སྣ་ཚོགས་དང་། དུག་ཤིང་ལ་སོགས་པས་སྦྱིན་བསྲེག་བྱའོ། ། དེས་མྱུར་དུ་ཆར་འབེབས་པར་ བྱེད་དོ། ། གལ་ཏེ་ཆར་ཆེས་པའམ་སེར་བ་གཅོད་པར་འདོད་པས་ཉེར་ཤིང་དང་དུག་ཀ་ད་པའི་རྩ་བ་ལ་ཡི་གེ་བྲིས་ཏེ། དཀྱིལ་འཁོར་དཀར་པོའི་དབུས་སུ་བཙུགས་ལ་ཡུངས་ཀར་དང་ཐལ་བ་ལ་མང་དུ་བཟླས་པར་བྱའོ། ། གལ་ཏེ་མི་འདོད་ན་བསྔགས་པ་ཙམ་གྱིས་ཀྱང་ ངེས་པར་འབྱུང་ངོ་། ། རྟའི་ཁྲག་དང་དུག་སྣ་ཚོགས་ཀྱིས་བརྒྱལ་བ་ལས་སོས་པར་བྱེད་དོ། ། རླུང་ཞི་བར་འདོད་ན་དབང་ཕྱུག་གི་གོས་ལ་ཙ་ཏ་བ་ལ་རི་རྩེ་བས་སྔགས་བྲིས་ཏེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། སྔགས་ཀྱི་རྒྱལ་པོ་སྟོང་ལ་སོགས་པ་ཅི་ནུས་པ་བརྗོད་ནས་ཁང་ པའི་སྟེང་དུ་བཞག་ན་རླུང་ཞི་བར་བྱེད་དོ། ། གལ་ཏེ་ཡམས་ཞི་བར་འདོད་པས་གུར་གུམ་དང་། གི་ཝང་གི་རྩེ་མོ་བཅུ་གཉིས་པར་བྲིས་ནས་དང་པོའི་སྔགས་རྣམས་དང་། ཐ་མའི་སྔགས་རྣམས་རྩིབས་ལ་བྲིས་ཏེ། མུ་ཁྱུད་ལ་སྔགས་ལྷག་མ་བྲིས་ ཏེ་མེ་ཏོག་དང་འབྲས་བུ་སེར་པོ་ཐམས་ཅད་མཆོད་ཅིང་གསོལ་པ་བཏབ་ནས་གཙུག་ལག་གི་རྩེ་མོ་འམ།
BOདགེ་འདུན་གྱི་འདུ་བའི་སྒོ་གོང་ལ་བཏགས་ན་ཅི་འདོད་པ་འགྲུབ་ཅིང་ནད་ཡམས་ཐམས་ཅད་འཆད་པར་འགྱུར་རོ། ། གལ་ཏེ་བུ་འདོད་པས་སེའུ་སྐྱ་དམར་པོའི་སྡོང་ བུ་ལ་སྟེང་དུ་སྦྱིན་སྲེག་བྱས་ན་བུ་སྟེར་བར་ངེས་སོ། ། གལ་ཏེ་གཏེར་འདོད་པས་སའམ། རིན་པོ་ཆེ་ལ་རྣམ་ཐོས་སྲས་ཀྱི་གཟུགས་ཁྲུ་གང་པ་བྱས་ནས་རིན་པོ་ཆེའམ་སྤང་ལེབ་ཀྱི་སྟེང་དུ་བཞག་ནས་མཆོད་པ་རྣམ་པ་སྣ་ཚོགས་ཕུལ་ནས་གསོལ་བ་བཏབ་ན་ཞག་བདུན་ནས་རིན་ པོ་ཆེ་སྟེར་བར་བྱེད་དོ། ། གལ་ཏེ་ཤི་བར་དོགས་པས་དཀྱིལ་འཁོར་ཁྲུ་གང་ཟླུམ་པོ་སེར་པོར་བྱས་ནས་དབུས་སུ་བུམ་པ་ལེགས་པར་བཞག་པའི་ནང་དུ་སྨན་སྣ་ཚོགས་བླུགས་ནས་རས་དཀར་པོས་ཁ་བཀབ་པར་བྱས་ཏེ། གསང་སྔགས་ཀྱི་རྒྱལ་པོ་མང་དུ་བརྗོད་ནས་ཕྱིས་བུམ་པ་ ལ་དངོས་གྲུབ་བླངས་ན་ཅི་འདོད་པ་འགྲུབ་བོ། ། དེ་ལྟར་ཡང་ཡང་བྱས་པས་ཚེའི་དངོས་གྲུབ་ཐོབ་པར་འགྱུར་རོ། །
BOགལ་ཏེ་མཆོག་གྲུབ་པར་འདོད་པས་ས་འམ་རིན་པོ་ཆེ་ལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་གདན་པད་མ་དང་ཉི་མ་ལ་གནས་པར་བྱས་ནས་དེ་རིན་པོ་ཆེའི་ སྣོད་དུ་བཞག་ལ་མཎ་ཌལ་དཀར་པོ་ཁྲུ་གང་པ་བྱས་པའི་སྟེང་དུ་ཁྲིའུའི་སྟེང་དུ་བཞག་ལ་མེ་ཏོག་དང་གོས་དཀར་པོས་མཆོད་ཅིང་ཙན་དན་དཀར་པོའི་ཆུས་ཅི་ནུས་པར་མཆོད་པར་བྱེད་ཅིང་། ཡང་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དང་། གནམ་སྟོང་ལ་དེའི་དུས་ སུ་སྨྱུང་བ་བྱས་ནས། ཕྱིས་ནི་བརྒྱད་སྟོང་གི་གྲངས་སུ་གསང་སྔགས་འདོན་པར་བྱེད་ཅིང་རང་ཉིད་ཀྱི་སྤྱི་བོར་ཡི་གེ་ཨོཾ་དཀར་པོ་འོད་དང་ལྡན་པས་བདུད་རྩིའི་ཆུ་འབེབས་པར་བསམ་པས་ཁམས་གསུམ་པའི་ནད་ཐམས་ཅད་ཟད་པར་བསམ་ཞིང་སླར་རང་ཉིད་ལ་རིམས་ཀྱིས་ཞུ་བར་ བྱེད་པ་ནི་རྒྱུད་ལས་གྲུབ་པའི་བསམ་གཏན་ཏེ། འདི་གོམས་པས་གང་དང་གང་འདོད་པ་ཐམས་ཅད་འགྲུབ་ཅིང་ཁམས་གསུམ་གྱི་དབང་ཕྱུག་ཏུ་འགྱུར་རོ། ། གསང་བའི་བདག་པོ་ང་ལས་ཉོན། ། འཇིག་རྟེན་ཀུན་ལས་རྣམ་རྒྱལ་བའི། ། སྐུ་ནི་སངས་རྒྱས་ཀུན་བདག་ ཉིད། ། གང་གིས་བགོས་པར་གྱུར་པ་ལས། ། ཅི་འདོད་རྙེད་པར་བྱེད་པ་མཆོག ། གལ་ཏེ་རྟོག་མེད་དེ་བྲལ་ན། ། ཡེ་ཤེས་ཉིད་ནི་བླ་ན་མེད། །
BOརྒྱལ་བའི་སྟོབས་ཀྱིས་རྟོགས་པར་བྱེད། ། ཉོན་མོངས་ཀུན་ལས་རྒྱལ་བྱེད་ཅིང་། ། ནད་རྣམས་ཐམས་ཅད་ཟད་བྱེད་ ཅིང་། ། གལ་ཏེ་ནད་མེད་ནད་བཅས་བྱེད། ། དབང་དང་རེངས་དང་དགུག་པ་དང་། ། བརྒྱལ་དང་གསད་དང་དབང་ཕྱུག་དང་། ། ཞི་དང་སྲུང་དང་དཔལ་བྱེད་དང་། ། ཕྱིར་རྒོལ་བ་རྣམས་བརླག་པ་ཡི། ། ཕྲ་མོ་འགྲུབ་པ་སྨོས་ཅི་དགོས། ། འཇིག་རྟེན་ལས་གྲོལ་བདེ་བའི་ ལུས། ། རྒྱལ་བའི་གསུང་གིས་ལེགས་འཐོབ་བོ། ། སྐུ་ནི་འདིར་བརྗོད་མེད་པས་ཏེ། ། སྤྱོད་ཚུལ་རྣམས་ལས་འདས་པའོ། ། མིང་དང་ཚོགས་ལས་རྣམ་འདས་ན། ། ཉེར་ཞི་སྤྲོས་ལས་ཤིན་ཏུ་འདས། ། ཚིག་གི་ཡུལ་ནི་རྣམ་པར་བྲལ། ། རྡོ་རྗེ་སྒོ་ལ་དེ་དག་ནི། ། ཅི་བཞིན་དོན་ནི་ཤེས་འགྱུར་གྱི། ། གཞན་དུ་བསྐལ་པ་སྟོང་དུ་ཡང་། ། ཅིས་ཀྱང་ཤེས་པར་ག་ལ་ནུས། ། གལ་ཏེ་དམིགས་པ་ཟད་འདོད་པས། ། མི་དམིགས་སྤྲོས་མེད་གང་ཞིག་ལ། ། རང་གི་སེམས་ཉིད་གཞག་པར་བྱ། ། དེ་ལ་ཐར་པས་གྲོལ་བའོ། ། གལ་ ཏེ་དགའ་འགྱུར་ཡིད་ཡོད་ན། ། དངོས་འདི་ཤེས་པས་ཅི་སྟེ་སྟོང་། ། དེ་སྟོང་སྤྲོས་དང་བྲལ་བ་ལ། ། ཤེས་པ་ཉིད་ནི་ཅི་ལ་བརྟེན། ། གསང་སྔགས་དྲག་པོའི་སྦྱོར་བ་འདི། ། དབང་བསྐུར་གནང་བ་མེད་པ་དང་། །
BOཚུལ་ངན་ལང་ཚོ་ཕྲ་བ་དང་། ། ང་རྒྱལ་དྲེགས་ཤིང་ ཁེངས་པ་དང་། ། ཐེག་པ་ཆེ་ལ་མ་མོས་ལ། ། ཡི་གེ་ཙམ་ཡང་བསྟན་པ་མིན། ། གལ་ཏེ་བརྒྱ་ལམ་རྨོངས་པ་འགས། ། བསྟན་ན་རང་ཉིད་ཕུང་བར་བྱེད། ། དེ་སྐད་དུ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་དེ་སླར་རང་གི་ཐུགས་ཀར་བསྡུས་ནས་ ཞལ་ཐམས་ཅད་ཞལ་ལ་ཐིམ་ཞིང་ཕྱག་ཐམས་ཅད་ཕྱག་ལ་ཐིམ་ནས། ཞལ་གཅིག་ཕྱག་གཉིས་པར་གྱུར་ཏེ། ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པའི་གླུ་བླངས་སོ། ། འདི་ལ་ཅི་ལྟར་དམིགས་བྱས་བཞིན། ། ལྷ་རྣམས་ཀུན་ལ་དམིགས་པར་འགྱུར། ། གསང་སྔགས་ འབུམ་དུ་བརྗོད་བྱས་ནས། ། བསྙེན་པའི་དམ་པ་འདི་འགྲུབ་བོ། ། འདས་དང་མ་འདས་འོངས་གྱུར་པའི། ། སངས་རྒྱས་རྣམས་ཀྱིས་སྔགས་འདི་བཤད། ། འདི་ནི་སངས་རྒྱས་ཀུན་གྱི་གསང་། ། ཡེ་ཤེས་ཆེན་པོ་ཞེས་བརྗོད་དོ། ། དེ་ནས་འཁོར་དེ་དག་ཐམས་ ཅད་ནི་གཙོ་བོའི་ཐུགས་ཀར་ཐིམ་པར་གྱུར་ཏོ། ། ཀྭ་ཡེ་རྡོ་རྗེ་ཆེན་པོ་ནི། ། ལག་ན་རྡོ་རྗེ་སྟོབས་པོ་ཆེ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། གསང་བའི་མཛོད་འཛིན་གྱུར་པའོ། །
BOབཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྡོ་རྗེ་གདེངས་པའི་རྒྱུད་ ལས་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ལེའུ་རྫོགས་སོ། ། ། ། པཎ་ཌི་ཏ་ཨཌ་ཡ་ཤྲཱི་མ་ཏི་ཞེས་བྱ་བ་དང་། བོད་ཀྱི་ལོཙྪ་བ་བན་དེ་ཆོས་ཀྱི་དབང་ཕྱུག་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ། །