The Praise of the King of the Spirits

ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས།

The Praise of the King of the Spirits

ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས།

BO
༄༅། ། རྒྱ་གར་སྐད་དུ། ཀྲོ་དྷ་བྷུ་ར་ཀུཾ་ཀཱུ་ཊ་རཱ་ཛ་སྟོ་ཏྲ་མནྟྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ཨོཾ་བྷུར་ཀུཾ་ མ་ཧཱ་པྲཱ་ཎཱ་ཡ། བྷུ་ར་ཙི་ཧུ་ར་ཀི་མ་ནཱ་སེ། ཨུ་ཙུ་སྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཕྱག་རྒྱལ་ཕྱག་འཚལ་ཕྱག་འཚལ་བསྟོད། ཁྲོ་ལ་ཁྲོས་པས་ཁྲོ་བོ་ཆེ། སངས་རྒྱས་སངས་རྒྱས་སྔར་སངས་རྒྱས། ། ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། ། སྨེ་བརྩེགས་ཞེས་བྱ་བདག་ཕྱག་འཚལ། ། བསྐལ་པའི་མེ་ལྟར་འབར་དབུས་ན། ། པད་མ་ཉི་ཟླའི་གདན་ལ་བཞུགས། ། ལྗང་ནག་ཆེན་པོ་སྨེ་བ་ཅན། ། ཞལ་གསུམ་པ་ལ་ཕྱག་དྲུག་སྟེ། ། གཡས་དཀར་གཡོན་དམར་དབུས་ལྗང་བ། ། སྤྱན་གསུམ་འཇིགས་པའི་མཆེ་བ་འབྱིན། ། མི་གཙང་བདུད་རྩི་སྨན་བཞིན་གསོལ། ། གཡས་པ་རྡོ་རྗེ་རལ་གྲི་བསྣམས། ། གཡོན་པ་ཞགས་པ་ལྕགས་ཀྱུའོ། ། ཐ་མ་སྡིགས་མཛུབ་ཐུགས་ཀར་བསྣོལ། སྨེ་གཙང་མེད་པའི་ལས་དག་བརྩོན། ། གདུག་པ་སྦྲུལ་གྱིས་དབུ་ལུས་བརྒྱན། ། འཇིགས་དང་ངས་མེད་པར་བརྟུལ་ཞུགས་སྤྱོད། ། ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་ ལོ། ། མི་གཙང་བ་ནི་གཙང་བར་མཛད། ། ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །
BO
འཇིགས་པ་ཀུན་ལས་སྐྱོབ་པར་མཛད། ། ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། ། ནད་དང་རིམས་ལས་བསྲུང་བར་མཛད། ། ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། ། མི་གཙང་ཟས་དང་མི་གཙང་གོས། ། ཐམས་ཅད་སེལ་བར་བྱེད་པའི་མཆོག ། ལྷ་དང་ཀླུ་དང་གནོད་སྦྱིན་གདོན། ། ཐམས་ཅད་མ་ལུས་དགའ་བར་མཛད། ། ནད་དང་རིམས་དང་དལ་ཀ་ཡམས། ། བསྲུང་བའི་ལས་མཛད་ཕྱག་འཚལ་བསྟོད། ། བདག་ལ་བསྲུང་བ་མཛད་དུ་ གསོལ། ། མི་གཙང་བ་རྣམས་གཙང་བར་མཛད། ། སྨེ་བ་རྣམས་ནི་མི་སྨེར་མཛད། ། ལྕི་བ་རྣམས་ནི་ཡང་བར་མཛད། ། དོག་པ་ཡངས་པར་མཛད་ལ་བསྟོད། ། ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ཁྱེད། ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། ། གང་དག་ཁྱེད་ལ་མོས་རྟེན་ རྣམས། ། ལུས་བདེ་སེམས་བདེ་དབང་པོ་བདེ། ། བདེ་བའི་ལྷ་ལ་ཕྱག་འཚལ་ལོ། ། ལུས་དག་སེམས་དག་དབང་པོ་དག ། དག་པའི་ལྷ་ལ་ཕྱག་འཚལ་ལོ། ། ལུས་གཙང་སེམས་གཙང་དབང་པོ་གཙང་། ། གཙང་བའི་ལྷ་ལ་ཕྱག་འཚལ་ལོ། ། ལུས་དང་སེམས་དང་དབང་པོ་དང་། ། དང་བའི་ལྷ་ལ་ཕྱག་འཚལ་ལོ། ། ལུས་གསལ་སེམས་གསལ་དབང་པོ་གསལ། ། གསལ་བའི་ལྷ་ལ་ཕྱག་འཚལ་ལོ། ། ལྷ་ཀླུ་{ཡི་དགས་,ཡི་དྭགས་}འདྲེ་སྲིན་སོགས། །
BO
གནོད་སྦྱིན་འབྱུང་པོས་འདི་ཐོས་ན། ། སྡུག་བསྔལ་ཞི་ནས་བདེ་བར་འགྱུར། ། གངས་རྒྱུད་བཞིན་དུ་དཀར་བར་འགྱུར། ། ཤེལ་དཀར་བཞིན་དུ་གཙང་བར་འགྱུར། ། མེ་ལོང་བཞིན་དུ་གསལ་བར་འགྱུར། ། ནམ་མཁའ་བཞིན་དུ་དང་བར་འགྱུར། ། ས་དང་མཁའ་ལ་འཁོད་པ་ཡི། ། ལྷ་ཀླུ་ལ་སོགས་སྡེ་བརྒྱད་ཀུན། ། དགེ་བའི་བསམས་པས་འཁོད་འགྱུར་ཏེ། ། གཞན་ལ་མ་གནོད་ཞི་བར་མཛོད། ། ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས་དང་བཅས་པ་རྫོགས་སོ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source