The Questions of Rastrapala

འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

The Questions of Rastrapala

འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

BO
འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་{བཅྭ་,བཅོ་}བརྒྱད་པ་སྟེ། ཡུལ་འཁོར་སྐྱོང་གིས་ཞུས་ པ། ། བམ་པོ་དང་པོ། ། རྒྱ་གར་སྐད་དུ། ཨཱརྱ་རཱཥྚྲ་པཱ་ལ་པ་རི་པྲྀ་ཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་སྟོང་ཐམས་ཅད་ ཀྱང་སྤོབས་པ་ཐོགས་པ་མེད་པ། བཟོད་པ་ཐོབ་པ། བདུད་ཕྱིར་རྒོལ་བ་བཅོམ་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་ཉེ་བར་གྱུར་པ། སྐྱེ་བ་གཅིག་གིས་ཐོགས་པ། གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། སྤོབས་པ་ མཐའ་ཡས་པ་ཐོབ་པ། མི་འཇིགས་པ་ཐོགས་པ་མེད་པ་ཐོབ་པ། རྫུ་འཕྲུལ་གྱི་སྟོབས་དང་། དབང་དམ་པའི་ཕ་རོལ་དུ་སོན་པ་ནས། ཡོན་ཏན་གྱི་ཚོགས་ཐམས་ཅད་ཟད་མི་ཤེས་པ་ཤ་སྟག་ལ་འདི་ལྟ་སྟེ།
BO
བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། ཀུན་ཏུ་མིག་དང་། ཀུན་ཏུ་ལྟ་བ་དང་། ཀུན་ཏུ་འོད་ཟེར་དང་། ཀུན་ཏུ་འོད་དང་། བློ་གྲོས་མཆོག་དང་། བློ་གྲོས་འཕེལ་དང་། བློ་གྲོས་མཐའ་ཡས་དང་། བློ་གྲོས་རྒྱ་ཆེན་དང་། བློ་གྲོས་མི་ ཟད་པ་དང་། ས་འཛིན་དང་། འགྲོ་བ་འཛིན་དང་། རྒྱལ་བའི་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔེ་མེད་པ་དྲུག་ ཅུ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་ཡི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། ལྷའི་བུ་མཚན་{བཟངས་,བཟང་}དང་། ལྷའི་བུ་བློ་གྲོས་ལེགས་གནས་དང་། ལྷ་ཡི་དབང་ པོ་ཐམས་ཅད་དང་། ཀླུ་ཡི་དབང་པོ་ཐམས་ཅད་དང་། མིའམ་ཅིའི་དབང་པོ་དང་། དྲི་ཟའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་འཁོར་བརྒྱ་སྟོང་དུ་མ་ཡོད་པ་ཐམས་ཅད་དང་། འཁོར་དེ་ཉིད་ དུ་འདུས་ཏེ་འཁོད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །
BO
དེ་ནས་བཅོམ་ལྡན་འདས་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷུན་པོ་ལྟར་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལས་ནི་མངོན་པར་འཕགས། ཉི་མ་ལྟར་འཇིག་ རྟེན་ཐམས་ཅད་ལ་ནི་སྣང་། ཟླ་བ་ལྟར་འགྲོ་བ་ཐམས་ཅད་ལ་སྣང་བ་ནི་མཛད། ཚངས་པ་ལྟར་རབ་ཏུ་ཞི་བར་ནི་བཞུགས། བརྒྱ་བྱིན་ལྟར་སྐུ་ནི་བསྙེན་པར་དཀའ། འཁོར་ལོས་སྒྱུར་བ་ལྟར་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་བདུན་དང་ནི་ལྡན། སེང་གེ་ལྟར་ ཆོས་ཐམས་ཅད་བདག་མེད་པ་དང་སྟོང་པར་ནི་སྒྲོགས། མེའི་ཕུང་པོ་ཆེན་པོ་ལྟར་འགྲོ་བ་ཐམས་ཅད་ལ་སྣང་བའི་སྐུ་དང་ནི་ལྡན། ལྷ་ཐམས་ཅད་སྣང་བའི་ནོར་བུ་རིན་པོ་ཆེ་ཀུན་ནས་བསྡུས་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྟར་གཟི་བརྗིད་ཀྱིས་ནི་ཤིན་ཏུ་འབར་ཞིང་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་མཛད་ནས། དོན་ཤིན་ཏུ་རྣམ་པར་ངེས་པ། ཆོས་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་བྱོན་པ། འཁོར་གྱི་ནང་ན་བཞུགས་ཤིང་ཚངས་པའི་སྒྲ་དབྱངས་བསྒྲགས་པས་སེམས་ཅན་ཐམས་ཅད་གོ་བར་བྱེད་པ་དང་ལྡན་པའི་དབྱངས་ ཀྱིས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ།
BO
ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་མཆོག་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞུགས་པ། ཉི་མ་སྟོང་བས་ལྷག་པའི་འོད་ཀྱིས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཟིལ་དུ་བརླག་པར་མཛད་ནས་ཤིན་ཏུ་ལྷང་ངེར་བཞུགས་པ་མཐོང་སྟེ། དགའ་བ་དང་། མགུ་བ་དང་། དད་པས་འདུན་པའི་སེམས་ཀྱིས་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ལྷ་ཚོགས་ལྷ་མ་ཡིན་དང་མིའམ་ཅི། ཀླུ་དང་ཉན་ཐོས་དག་དང་སངས་ རྒྱས་སྲས། ། འགྲོ་བ་འདི་དག་རྒྱལ་བས་གཟི་ཡངས་ཀྱིས། ། ཟིལ་མནན་ཁྱོད་ནི་གསེར་གྱི་རི་ལྟར་གསལ། ། རྒྱ་མཚོའི་དབུས་ན་གནས་ཀྱང་རྣམ་མཛེས་པ། ། ལྷུན་པོ་ལྷ་ཡི་ཚོགས་ཀྱི་གནས་ལྟ་བུར། ། ཐུགས་རྗེའི་རྒྱ་མཚོའི་དབུས་སུ་དེ་བཞུགས་ཏེ། ། འོད་ཟེར་སྟོང་ཕྲག་བརྒྱ་དག་ འགྱེད་པར་མཛད། ། ཚངས་པའི་གནས་ལ་གནས་པའི་ཚངས་པ་དེ། ། ཚངས་པའི་མདུན་ན་གནས་ཏེ་མངོན་མཛེས་ལྟར། །
BO
བསམ་གཏན་རྣམ་ཐར་ཏིང་ངེ་འཛིན་བཞུགས་པ། ། སེམས་ཅན་དམ་པ་འགྲོ་བ་ཀུན་ལ་གསལ། ། བརྒྱ་བྱིན་སུམ་ཅུ་རྩ་གསུམ་ལྷ་ནང་དུ། ། གནས་ནས་ གཟི་བརྗིད་ཡངས་པས་མཛེས་པ་ལྟར། ། མཚན་གྱིས་སྤྲས་པ་ཡེ་ཤེས་ཡོན་ཏན་ཕྱུག ། ཐུབ་པའི་རྒྱལ་པོ་འགྲོ་བ་ཀུན་ལ་གསལ། ། གླིང་བཞི་མི་ཡི་བདག་པོ་སྣང་ལྡན་པ། ། འཇིག་རྟེན་འདི་ལ་སྟོན་པ་མཛེས་པ་ལྟར། ། འཕགས་པའི་ལམ་དུ་འཛུད་པ་རབ་མཛད་ཅིང་། ། ཐུགས་ རྗེའི་དགོངས་པའི་ཐུགས་མངའ་འདི་ཡང་མཛེས། ། མཁའ་ལ་ཉི་མ་ལམ་མེ་ཐལ་ལེ་བ། ། ནོར་བུ་མེ་འོད་མོག་མོག་བྱེད་འདི་ལྟར། ། ཉི་མ་སྟོང་བས་ཁྱད་པར་འཕགས་པའི་འོད། ། སངས་རྒྱས་ཉི་མ་འགྲོ་བ་འདི་ན་གསལ། ། དྲི་མེད་ཟླ་བ་ནམ་གྱི་གུང་གསལ་ལྟར། ། ཤིན་ཏུ་རྣམ་དག་ འགྲོ་བ་ཀུན་ལ་གསལ། ། རྒྱལ་བའི་ཞལ་རས་ཟླ་བ་ཉ་བ་འདྲ། ། ཀུན་འོད་ཟིལ་གྱིས་མནན་ནས་རྣམ་པར་མཛེས། ། ཇི་ལྟར་རི་བོའི་ཟོམ་ལ་མེ་འབར་བ། ། མཚན་མོ་མི་ཉལ་ཙམ་ན་ཀུན་སྣང་ལྟར། ། གཏི་མུག་མུན་པ་མ་ལུས་བཅོམ་ནས་ནི། ། དྲང་སྲོང་ཆེན་པོའི་ཡེ་ཤེས་འོད་ཀྱང་གསལ། ། སེང་གེ་རི་སུལ་བརྟེན་པའི་སྒྲ་སྒྲོག་ཅིང་། ། ས་ལ་{རི་དགས་,རི་དྭགས་}ཚོགས་རྣམས་སྐྲག་བགྱིད་ལྟར། །
BO
མི་དབང་སྟོང་པ་བདག་མེད་གསུང་སྒྲོག་ཅིང་། ། ཕ་རོལ་མུ་སྟེགས་ཅན་རྣམས་སྐྲག་པར་མཛད། ། ནོར་བུའི་རྒྱལ་པོ་བཟང་པོ་གཟི་བརྗིད་འབར། ། ནོར་བུ་ཐམས་ཅད་ཟིལ་མནན་ ལམ་མེ་ལྟར། ། རྒྱལ་བའི་སྐུ་ནི་གསེར་གྱི་མདོག་འདྲ་བ། ། འགྲོ་ཀུན་ཟིལ་གྱིས་མནན་ནས་ལམ་མེར་བཞུགས། ། འཇིག་རྟེན་གང་ནའང་ཁྱོད་དང་མཚུངས་མ་མཆིས། ། ལྷག་པའི་སེམས་ཅན་མཆིས་པར་ག་ལ་འགྱུར། ། བསོད་ནམས་ཡེ་ཤེས་བརྩོན་འགྲུས་ཐབས་རྣམས་དང་། ། ཡོན་ཏན་ ཀུན་གྱིས་ཁྱོད་དང་མཚུངས་མ་མཆིས། ། མི་ཡི་དཔའ་བོ་འགྲོ་ལ་ལམ་མེ་བ། ། མགོན་པོ་ཡོན་ཏན་རྒྱ་མཚོ་བདག་གིས་མཐོང་། ། གུས་པ་སྐྱེས་ཤིང་དགའ་བ་རྣམ་པར་འཕེལ། ། རྒྱལ་བའི་ཞབས་ཀྱི་མཐིལ་ལ་བདག་གིས་གཏུགས། ། ཡོན་ཏན་ཀུན་གྱི་འབྱུང་གནས་འཇིག་ རྟེན་སྒྲོན། ། གྲགས་པ་དམ་པ་རྒྱ་ཆེན་ཐུགས་མངའ་ལ། ། བདག་གིས་བསྟོད་དེ་བསོད་ནམས་འདིར་ཐོབ་དེས། ། འགྲོ་བ་ཐམས་ཅད་བྱང་ཆུབ་མཆོག་རེག་ཤོག ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་ པ་འདི་དག་གིས་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། མིག་གཉིས་མི་འཛུམས་པར་དེ་བཞིན་གཤེགས་པའི་སྐུ་ལ་ནི་ལྟ།
BO
ཆོས་ཀྱི་དབྱིངས་ཉིད་ལ་ནི་རྣམ་པར་དཔྱོད། ཟབ་པ་དང་གཏིང་དཔག་དཀའ་བ་དང་། མཐོང་བར་དཀའ་བ་དང་། ཁོང་དུ་ཆུད་པར་དཀའ་བ་དང་། བརྟག་པར་མི་ནུས་པ་དང་ རྟོག་གེའི་སྤྱོད་པ་མ་ཡིན་པ་དང་། ཞི་བ་དང་། ཕྲ་བ་ལ་ནི་འཇུག ། སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ནི་རྗེས་སུ་རྣམ་པར་དཔྱོད། དེ་བཞིན་གཤེགས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཞུགས་པ་ལ་ནི་རྗེས་སུ་རྣམ་པར་སེམས། སངས་རྒྱས་ཀྱི་ཡུལ་མི་མཉམ་པ་ དང་མཉམ་པ་ལ་ནི་ཡང་དག་པར་ལྟ། དེ་བཞིན་གཤེགས་པའི་ཐབས་ཀྱི་ཡུལ་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ནི་འཇུག ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་གཅིག་གི་ཚུལ་གྱི་ངོ་བོ་ཉིད་ལ་འཇུག་པ་ལ་ནི་རྟོག ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ གནས་མེད་པ་ནམ་མཁའ་སྤྱོད་ཡུལ་དུ་ནི་ཡང་དག་པར་ལྟ། ཆོས་ཐམས་ཅད་ཡང་དག་པའི་མཐའ་མཐའ་མ་ཡིན་པའི་རང་བཞིན་ལ་འཇུག་པ་ལ་ནི་མོས། སངས་རྒྱས་ཀྱི་རྣམ་པར་ཐར་པ་སྒྲིབ་པ་མེད་པ་ལ་ནི་མངོན་པར་འདོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་རྟག་པ་དང་། ཞི་བ་དང་། ཐེར་ཟུག་པ་ལ་ནི་འཇུག ། དེ་བཞིན་གཤེགས་པའི་སྐུ་ཞིང་རབ་འབྱམ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་།
BO
སེམས་ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་པ་ལ་ནི་འཇུག ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་ཕྱི་མའི་མཐའི་བསྐལ་བའི་མུར་ཐུག་པ་མེད་པ་ནི་རྗེས་སུ་དྲན་པར་ བྱེད། ཆོས་ཀྱི་དབྱིངས་ཉིད་ལ་ནི་རྣམ་པར་དཔྱོད་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་དགའ་བའི་རྒྱལ་པོ་ཅང་མི་སྨྲ་བར་འདུག་པར་གྱུར་ཏོ། ། དེའི་ཚེ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་མཉན་ཡོད་དུ་དབྱར་ཟླ་བ་གསུམ་གནས་པར་དམ་བཅས་ཏེ། དེ་ཟླ་བ་གསུམ་ འདས་ནས་ཆོས་གོས་བྱས་ཏེ། ཆོས་གོས་ཟིན་ནས་དེ་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། དགེ་སློང་གི་དགེ་འདུན་དང་། གསར་བུ་ལས་དང་པོ་པ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་དག་དང་ལྷན་ཅིག་ཏུ་མཐར་གྱིས་ཡུལ་རྒྱུ་བ་རྒྱུ་ཞིང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། བྱ་ རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་སོང་ངོ་། ། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །
BO
ཕྱོགས་གཅིག་ ཏུ་འདུག་ནས་ཀྱང་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། མི་མཆོག་འོད་མཛད་པ་ལ་ཕྱག་འཚལ་ལོ། ། ནམ་མཁའ་མཚུངས་པའི་ཐུགས་ལ་ཕྱག་འཚལ་ལོ། ། རྒྱལ་བ་ཡིད་གཉིས་གཅོད་ལ་ ཕྱག་འཚལ་ལོ། ། སྲིད་གསུམ་མཐར་བྱོན་ཐུབ་ལ་ཕྱག་འཚལ་ལོ། ། ཞིང་རྣམས་བྱེ་བ་རབ་འབྱམ་ཀུན་ཏུ་ཡང་། ། འདྲེན་པ་དག་ནི་ཁྱོད་ཀྱི་བསྔགས་པ་གསུང་། ། རྒྱལ་བའི་སྲས་ཀྱིས་ཐོས་ནས་རབ་དགའ་ཞིང་། ། ཡོན་ཏན་རྒྱ་མཚོ་ཐུབ་པ་མཆོད་དུ་མཆི། ། བདེ་གཤེགས་ཚུལ་དང་ འཐུན་པས་མཆོད་བགྱིས་ཏེ། ། ཐུབ་པ་ཆེ་ལས་རྡུལ་བྲལ་ཆོས་ཐོས་ནས། ། དེ་དག་ཁྱོད་ཀྱི་ཡོན་ཏན་ཕྲེང་རྗོད་ཅིང་། ། ཡིད་རབ་དགའ་ནས་རང་གི་ཞིང་དུ་མཆི། ། བྱང་ཆུབ་དམ་པ་མཆོག་ནི་ཚོལ་བ་ན། ། ཁྱོད་ཀྱི་ཐུགས་ནི་སྐྱོ་བ་མི་མངའ་བར། ། བསྐལ་པ་བྱེ་བ་ཁྲག་ཁྲིག་བསམ་ཡས་ སུ། ། སེམས་ཅན་རྣམས་ཀྱི་ཆེད་དུ་སྤྱོད་པ་སྤྱད། ། འདྲེན་པ་ཁྱོད་ཀྱིས་སྦྱིན་དང་ཚུལ་ཁྲིམས་སྤྱད། ། བཟོད་དང་བརྩོན་འགྲུས་དང་ནི་བསམ་གཏན་བསླབས། ། ཤེས་རབ་ཐབས་དང་དབང་གི་ཕ་རོལ་གཤེགས། ། དེས་ན་རྣམ་འདྲེན་ཆེ་ལ་ཕྱག་འཚལ་ལོ། །
BO
རྫུ་འཕྲུལ་རྐང་དང་ མངོན་ཤེས་མཆོག་ལ་མཁས། ། དབང་པོ་སྟོབས་དང་རྣམ་པར་ཐར་པ་བསླབས། ། སེམས་ཅན་ཀུན་གྱི་སྤྱོད་པ་ཐུགས་ཆུད་རྟོགས། ། མཉམ་མེད་ཡེ་ཤེས་མཚོ་ལ་ཕྱག་འཚལ་ལོ། ། འགྲོ་བ་རྣམས་ཀྱི་སེམས་རྒྱུད་རབ་ཏུ་མཁྱེན། ། སྤྱོད་པ་གང་དང་ཇི་ལྟར་ལས་འབྱུང་དང་། ། ཚུལ་སྒོ་གང་གིས་རྣམ་པར་གྲོལ་འགྱུར་བ། ། དེ་ནི་བཅོམ་ལྡན་མི་ཡི་མཆོག་གིས་མཁྱེན། ། འདོད་ཆགས་ཞེ་སྡང་གཏི་མུག་འབྱུང་བ་སྤོང་། ། གང་གིས་སེམས་ཅན་ངན་སོང་གསུམ་མཆི་དང་། ། གང་གིས་བདེ་འགྲོར་མཆི་བར་འགྱུར་བའི་ལས། ། འགྲོ་བས་ལེགས་པར་བགྱིས་དང་ནོངས་ བགྱིས་མཁྱེན། ། འགྲོ་ལ་ཕན་མཛད་གང་དག་འདས་རྣམས་དང་། ། ད་ལྟར་ལྷ་དང་མི་ཡིས་མཆོད་རྣམས་དང་། ། གང་དག་མ་བྱོན་ཡོན་ཏན་མཆོག་མཐར་ཕྱིན། ། བདེ་གཤེགས་དེ་དག་ཐམས་ཅད་རབ་ཏུ་མཁྱེན། ། དག་པའི་ཞིང་དང་ཕུན་སུམ་ཚོགས་འཁོར་དང་། ། བྱང་ཆུབ་སེམས་ དཔའི་ཚོགས་དང་ཉན་ཐོས་དང་། ། དྲང་སྲོང་ཆེན་པོ་རྣམས་ཀྱི་སྐུ་ཚེའི་ཚད། ། རྣམ་པ་ཀུན་ཏུ་མ་ལུས་རྣམ་པར་མཁྱེན། ། མྱ་ངན་འདས་ནས་ཆོས་གནས་ཅི་འདྲ་དང་། ། རྒྱལ་བའི་རིང་བསྲེལ་མཆོད་པ་ཅི་འདྲ་དང་། ། དེར་ནི་ཆོས་མཛོད་འཛིན་པ་ཅི་འདྲ་བ། །
BO
དེ་དག་མ་ལུས་མི་ཡི་དམ་པས་ མཁྱེན། ། དུས་གསུམ་རྣམས་སུ་རྟག་པར་སྟོབས་བཅུ་ཡི། ། ཡེ་ཤེས་མཁྱེན་པ་སྒྲིབ་པ་མི་མངའ་འཇུག ། ཆོས་རྣམས་ཀུན་ལ་ཐུགས་ནི་ཆགས་མི་མངའ། ། ཕྱག་འཚལ་རྒྱལ་བ་ཡེ་ཤེས་མཚོ་ཁྱོད་ལ། ། ཁྱོད་དང་མཚུངས་མཉམ་མ་མཆིས་ག་ལ་ལྷག ། སྐར་མ་རྣམས་ཀྱིས་ནམ་ མཁར་སྤྲས་པ་ལྟར། ། མཚན་རྣམས་ཀྱིས་ཀྱང་སྐུ་ནི་རབ་སྤྲས་པ། ། མི་མཆོག་ཐུབ་པ་མཆོག་ལ་ཕྱག་འཚལ་ལོ། ། གཟུགས་ཀྱང་མཚུངས་པ་མ་མཆིས་ཡིད་དུ་མཆི། ། ལྷར་བཅས་འགྲོ་བ་ཟིལ་དུ་རླག་པར་བགྱིད། ། ཚངས་པ་བརྒྱ་བྱིན་འོག་མིན་ལྷ་ཡི་རྣམས། ། ཁྱོད་ཀྱི་སྤྱན་སྔ་ དེ་དག་མཛེས་མ་ལགས། ། ཁྱོད་ནི་གསེར་གྱི་རི་ལྟར་དྲི་མི་མངའ། ། དབུ་སྣུམ་འཇམ་ཞིང་གཡས་སུ་འཁྱིལ་པར་གནས། ། ལྷུན་པོའི་རྒྱལ་པོ་ལྟ་བུར་སྤྱི་གཙུག་འཕགས། ། བསོད་ནམས་རྒྱ་ཆེན་བྱུང་བ་ལམ་མེར་བཞུགས། ། འོད་ཟེར་བྱེ་བ་ཁྲག་ཁྲིག་རབ་འགྱེད་ཅིང་། ། ཁྱོད་ ཀྱི་སྨིན་མའི་མཚམས་ཀྱི་མཛོད་སྤུ་མཛེས། ། འགྲོ་ལ་ཐུགས་རྗེ་དགོངས་པས་གང་གཟིགས་པ། ། སྤྱན་ནི་ཨུད་པལ་འདྲ་ཞིང་ཡིད་དུ་མཆི། ། ཟླ་ཉ་དྲི་མེད་མཁའ་ལ་ཇི་ལྟ་བ། ། རྣམ་འདྲེན་ཁྱོད་ཀྱི་ཞལ་ནི་ལམ་མེ་སྟེ། །
BO
ལྟ་བའི་སྐྱེ་བོ་ངོམས་པར་མི་འགྱུར་བ། ། ཞལ་{བཟངས་,བཟང་}མི་ཡི་ མཆོག་ལ་ཕྱག་འཚལ་ལོ། ། ངང་པ་རྨ་བྱ་{རི་དགས་,རི་དྭགས་}རྒྱལ་གྱི་སྟབས། ། གླང་པོ་དྲེགས་པ་དལ་གྱིས་མཆི་སྟབས་ཀྱིས། ། ས་རྣམས་གཡོ་བར་མཛད་ཅིང་རབ་གཤེགས་པ། ། སྟོབས་བཅུ་བརྟུལ་ཞུགས་བརྟན་ལ་ཕྱག་འཚལ་ལོ། ། ཕྱག་གི་སོར་མོ་རིང་ཞིང་ཟླུམ་ལ་མཛེས། ། སེན་ མོ་ཟངས་མདོག་དག་ཅིང་དྲ་བས་སྤྲས། ། བཞེངས་ཀྱང་པུས་མོའི་ལྷ་དང་རིག་ཅིང་སླེབ། ། སྐུ་མདོག་གསེར་མདོག་འདྲ་ལ་ཕྱག་འཚལ་ལོ། ། འཁོར་ལོ་དྲ་བས་ཁྱབ་པའི་ཞབས་འདོར་བས། ། ས་སྟེང་རི་མོར་མཛད་ཅིང་རབ་ཏུ་གཤེགས། ། ཞབས་ཀྱི་འོད་ཟེར་གྱིས་ནི་ཡོངས་སྨིན་པའི། ། མི་རྣམས་ གུམ་ནས་ལྷ་ཡི་འཇིག་རྟེན་མཆི། ། ཆོས་ཀྱི་རྒྱལ་པོ་ནོར་བདུན་སྦྱིན་པ་པོ། ། ཆོས་ཀྱི་སྦྱིན་བདག་དུལ་བའི་ཐུགས་མངའ་བ། ། ཆོས་ཀྱི་སྤྱད་པས་འགྲོ་བ་རྗེས་སྟོན་པ། ། འདྲེན་པ་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། བྱམས་པའི་གོ་ཆ་དྲན་པའི་རལ་གྲི་མཆོག ། ཚུལ་ཁྲིམས་གཞུ་དང་ཤེས་ རབ་ཐབས་ཀྱི་མངའ། ། དེ་ཡིས་སྐྱེ་འཆི་སྲིད་སྲེད་འཕེལ་བགྱིད་པ། ། ཉོན་མོངས་དགྲ་དག་རྣམ་པར་བཅོམ་པར་འགྱུར། །
BO
རྒལ་ནས་སེམས་ཅན་ཁྲག་ཁྲིག་རྣམས་ཀྱང་སྒྲོལ། ། གྲོལ་ནས་འཆིང་བ་ལས་ནི་འགྲོ་བ་འགྲེལ། ། བདེ་གཤེགས་གང་གི་ཞི་བའི་གནས་མཆི་བ། ། བདེ་བ་ རིམས་ནད་མ་མཆིས་ལམ་ཡང་སྟོན། ། གང་ན་སྐྱེ་དང་འཆི་བ་མ་མཆིས་ཤིང་། ། འབྲལ་བའི་སྡུག་བསྔལ་འབྱུང་བར་མི་འགྱུར་བ། ། གནས་མཆོག་ཞི་བ་འདུས་མ་བགྱིས་པ་དེ། ། ཐུགས་རྗེས་བརྙེས་ནས་ཁྱོད་ཀྱིས་བསྟན་པ་མཛད། ། ཆོས་ཀུན་དབང་གི་ཕ་རོལ་གཤེགས་པའི་རྒྱལ། ། ཐུབ་པ་ཆེན་པོ་འཇིག་རྟེན་མཆོག་བསྟོད་པས། ། བདག་གིས་འདིར་ནི་བསོད་ནམས་གང་བསགས་དེས། ། འགྲོ་བ་བྱང་ཆུབ་མངོན་པར་འཚང་རྒྱ་ཤོག ། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གི་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ་ སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་ བཅོམ་ལྡན་འདས་ཀྱི་བདག་ལ་སྐབས་ཕྱེ་ན།
BO
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། ། ཡུལ་འཁོར་སྐྱོང་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་ཆོས་ཐམས་ཅད་ཀྱི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར། གཞན་ལ་རག་མ་ལས་པའི་ཤེས་པ་འཐོབ། མྱུར་བའི་ཤེས་རབ་འཐོབ། སྤོབས་པ་རྣམ་པར་ངེས་པ་འཐོབ། སྣང་བ་འཐོབ། ཐམས་ ཅད་མཁྱེན་པ་ཉིད་ལ་འཇུག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། ཡིད་གཉིས་སྤོང་བ་དང་། སོམ་ཉི་སྤོང་བ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་རྣམ་པར་ངེས་པ་འཐོབ། སེམས་ཅན་འཛུད་པ་ལ་མཁས་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པ་དང་། ལྡེམ་ པོ་དག་ཡང་དག་པ་དང་། སེམས་ཅན་གྱི་ཁམས་ལ་མཁས་པ་དང་།
BO
སངས་རྒྱས་རྗེས་སུ་དྲན་པ་འཐོབ་པ་དང་། ཞུ་བ་ཐམས་ཅད་ཞུ་བ་དང་། ཆོས་ཐམས་ཅད་འཛིན་པ་དང་། མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་དེའི་ཚེ་ ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ངེས་པ། ། ཡང་དག་ཉིད་དུ་ཇི་ལྟར་དེ་འབྱུང་དང་། ། ཡེ་ཤེས་རྒྱ་མཚོའི་བཀའ་མཆིད་རྣམ་ངེས་པ། ། མི་མཆོག་རྒྱལ་བས་བདག་ལ་བཤད་དུ་གསོལ། ། ཤིན་ཏུ་སྦྱངས་པའི་གསེར་གྱི་གཟུགས་ལྟ་བུ། ། སེམས་ཅན་དམ་པ་བསོད་ནམས་མཆོག་བསགས་པ། ། ཁྱོད་ནི་སྐྱབས་དང་གནས་དང་དཔུང་གཉེན་ལགས། ། བྱང་ཆུབ་སྤྱོད་མཆོག་དྲི་མེད་དེང་བདག་གསུངས། ། གཟུངས་དང་བདུད་རྩི་བྱང་ཆུབ་འབྱུང་བ་ཡི། ། ཡེ་ཤེས་མི་ཟད་ཇི་ལྟར་འཐོབ་པར་འགྱུར། ། གང་གིས་སྐྱེ་བོའི་དོགས་ པ་གཅོད་འགྱུར་བ། ། ཤེས་རབ་རྒྱ་མཚོ་ཇི་ལྟར་རྣམ་པར་དག ། འཁོར་བར་བསྐལ་བ་བྱེ་བ་མང་པོར་ནི། ། འཇིག་རྟེན་སྡུག་བསྔལ་ཉེན་ལ་ལྟ་བགྱིད་ཀྱང་། ། སྐྱོ་བའི་བློ་ནི་ནམ་ཡང་མི་སྐྱེད་ཅིང་། ། དེ་དག་དོན་དགེ་སྟོན་པར་འགྱུར་བ་དང་། ། དག་པའི་ཞིང་དང་ཕུན་སུམ་ཚོགས་ འཁོར་དང་། ། ཚེ་མཆོག་དང་ནི་ཕུན་སུམ་ཚོགས་ཞིང་དང་། །
BO
སེམས་ཅན་ཆེད་ཀྱི་བཀའ་མཆིད་བླ་མེད་དང་། ། བྱང་ཆུབ་སྤྱོད་པ་དྲི་མེད་བཤད་དུ་གསོལ། ། བདུད་འཇོམས་མཛད་པ་ལྟ་ངན་སྦྱོང་བ་བོ། ། སྲེད་པ་སྐེམས་པ་རྣམ་གྲོལ་རེག་མཛད་པས། ། ཆོས་ཀྱི་ཚུལ་ཡང་བསྐྱུད་པར་ མི་འགྱུར་བར། ། སེམས་ཅན་རིན་ཆེན་སྤྱོད་མཆོག་བསྟན་དུ་གསོལ། ། གཟུགས་དང་ལོངས་སྤྱོད་སྤོབས་པ་ཕུན་སུམ་ཚོགས། ། སྣུམ་པའི་གསུང་གིས་འཁོར་རྣམས་ཚིམ་མཛད་པ། ། བདེ་གཤེགས་སྤྲིན་ལྟར་འགྲོ་བ་ཚིམ་མཛད་པ། ། སངས་རྒྱས་སྤྱོད་ཡུལ་ལེགས་ པར་བསྟན་དུ་གསོལ། ། ཀ་ལ་པིང་ཀའི་སྒྲ་སྙན་གསུང་འབྱིན་པ། ། ཚངས་པའི་དབྱངས་ཀྱིས་བློ་ངན་རབ་འཇིག་པ། ། ཆོས་འཚལ་གྱུར་པའི་འཁོར་རྣམས་ལྷགས་ལགས་ཀྱིས། ། གཙོ་བོ་བདུད་རྩིའི་རོ་ཡིས་ཚིམ་པར་མཛོད། ། བྱང་ཆུབ་དམ་པ་མཆོག་ལ་འདུན་པ་མཆིས། ། ཆོས་ ལ་འདུན་པ་བཟློག་པ་མི་རིགས་ཏེ། ། འདྲེན་པ་བསྟན་པ་མཛད་པའི་དུས་འདི་ལགས། ། རིན་ཆེན་དམ་པ་བསྒྲག་པའི་དུས་ལ་བབ། ། ཐུབ་པ་བདག་ནི་བྱང་ཆུབ་རེ་བ་མཆིས། ། བདག་གི་བསམ་པ་རྒྱལ་བས་རབ་ཏུ་མཁྱེན། ། རྒྱལ་བ་ཅོ་འདྲི་མ་ལགས་དོན་དུ་གཉེར། ། སྤྱོད་པ་དམ་ པ་ལེགས་པར་བཤད་དུ་གསོལ། ། དེ་སྐད་ཅེས་གསོལ་པ་དང་།
BO
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡུལ་འཁོར་སྐྱོང་ཁྱོད་ལེགས་སོ། ། ཡུལ་འཁོར་སྐྱོང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་དང་། ཡུལ་འཁོར་སྐྱོང་ ཁྱོད་སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། ད་ལྟར་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ལེགས་སོ། ། ཡུལ་ འཁོར་སྐྱོང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡུལ་འཁོར་སྐྱོང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཡོངས་སུ་དག་པ་འདི་དག་འཐོབ་(པོ། ,བོ། ) ། བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དང་ལྷག་པའི་བསམ་པས་ནན་ཏན་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། སྟོང་པ་ཉིད་སྒོམ་པ་དང་།
BO
ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་སྟེ་ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཡོངས་སུ་དག་པ་འདི་དག་འཐོབ་བོ། ། འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། ། བསམ་པ་ཐག་པས་རྟག་ཏུ་མངོན་བརྩོན་པ། ། བྱང་ཆུབ་ལམ་ ལས་མི་ལྡོག་ཡིད་ལྡན་པ། ། གཡོ་མེད་ཐ་བ་མེད་ཅིང་སྒྱུ་མེད་པ། ། ཡེ་ཤེས་མཐའ་ཡས་ལྡན་ལ་དེ་དག་ཡོད། ། སྐྱེ་དང་ན་དང་རྒ་དང་འཆིས་གཟིར་བ། ། སེམས་ཅན་མགོན་མེད་སྡུག་བསྔལ་མཐོང་ནས་ནི། ། སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བའི་ཕྱིར། ། དེ་དག་ཆོས་ཀྱི་གྲུ་ནི་ཡང་དག་ སྦྱོར། ། དེས་པ་སེམས་ཅན་ཀུན་ལ་སེམས་མཉམ་པ། ། བུ་གཅིག་པ་བཞིན་འགྲོ་བ་རྣམས་ལ་ལྟ། ། འདི་དག་ཐམས་ཅད་བདག་གིས་དགྲོལ་ལོ་ཞེས། ། གང་ཟག་མཆོག་གི་བསམ་པ་དེ་འདྲའོ། ། སྟོང་ཉིད་རྟག་ཏུ་རྟོགས་པར་ཁོང་དུ་ཆུད། ། བདག་ཡོད་མ་ཡིན་སེམས་ཅན་ཡོད་ མ་ཡིན། ། འདུས་བྱས་སྒྱུ་མ་རྨི་ལམ་འདྲ་བ་ལ། ། བྱིས་པ་མི་མཁས་འདི་ལ་རྣམ་པར་རྨོངས། ། མཁས་པ་དེ་དག་ཇི་སྐད་ཚིག་སྨྲས་པ། ། དེ་ལ་ནན་ཏན་བྱེད་ཅིང་ཀུན་ཏུ་གནས། ། དུལ་ཞིང་ཞི་ལ་རྟག་ཏུ་སྐྱོན་རྣམས་སྤངས། །
BO
རྒྱལ་བའི་སྲས་རྣམས་བྱང་ཆུབ་ལམ་ལ་དགའ། ། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུགས་འབྱིན་པ་འཐོབ་པ་སྟེ། བཞི་གང་ཞེ་ན། གཟུངས་ཐོབ་པ་དང་། དགེ་བའི་བཤེས་གཉེན་རྙེད་པ་དང་། ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་ཡང་དག་པར་སྤྱོད་པ་སྟེ། ཡུལ་ འཁོར་སྐྱོང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུགས་འབྱིན་པ་འཐོབ་པའོ། ། འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། ། གང་གིས་སངས་རྒྱས་ཀུན་གྱིས་གསུངས་པའི་ཆོས་མཆོག་འཛིན་འགྱུར་བ། ། གཟུངས་རྣམས་གྲགས་པ་ཆེན་པོ་དེ་དག་གིས་ ནི་རྟག་ཏུ་ཐོབ། ། ནམ་ཡང་ཆུད་ཟར་མི་འགྱུར་ཕྱིར་ཞིང་བློ་གྲོས་རབ་ཏུ་འཕེལ། ། དེ་དག་ཡེ་ཤེས་ཆགས་པ་མེད་ཅིང་ཆོས་ཀུན་ཕ་རོལ་ཕྱིན། ། བྱང་ཆུབ་ཡན་ལག་འཕེལ་བར་བྱེད་པའི་དགེ་བའི་བཤེས་གཉེན་རྙེད། ། དེ་དག་འདྲེན་པ་རྣམས་ནི་གང་ནས་བཞུད་པའི་ལམ་མཆོག་སྟོན། ། དེ་དག་སྡིག་པའི་གྲོགས་པོ་དག་ལ་སྟེན་པ་མ་ཡིན་ཏེ། ། ཚིག་བྱེད་བདག་ཉིད་མེ་ལྟར་དེ་དག་རིང་དུ་རྣམ་པར་སྤོང་། ། དཔའ་བོ་སྟོང་པ་ཉིད་དང་ལྡན་པའི་ཟབ་མོའི་ཆོས་ཐོས་ནས། །
BO
དེ་དག་བདག་དང་སེམས་ཅན་སྲོག་ཏུ་ལྟ་བ་ཀུན་མི་འབྱུང་། ། དེ་དག་ཚུལ་ཁྲིམས་སྐྱོན་མེད་དུལ་ཞིང་ཞི་བའི་ཡིད་ དང་ལྡན། ། སངས་རྒྱས་ཚུལ་ཁྲིམས་བླ་ན་མེད་ལ་སེམས་ཅན་རྣམས་ཀྱང་སྦྱོར། ། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་འཁོར་བ་ན་འཁོད་པ་རྣམས་དགའ་བར་བྱེད་པའི་ཆོས་ཏེ། བཞི་གང་ཞེ་ན། ཡུལ་འཁོར་སྐྱོང་སངས་རྒྱས་མཐོང་བ་བྱང་ཆུབ་སེམས་དཔའ་ འཁོར་བ་ན་འཁོད་པ་རྣམས་དགའ་བར་བྱེད་པའི་ཆོས་དང་། ཡུལ་འཁོར་སྐྱོང་རྗེས་སུ་འཐུན་པའི་ཆོས་ཐོས་པ་བྱང་ཆུབ་སེམས་དཔའ་འཁོར་བ་ན་འཁོད་པ་རྣམས་དགའ་བར་བྱེད་པའི་ཆོས་དང་། ཡུལ་འཁོར་སྐྱོང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་བྱང་ཆུབ་སེམས་དཔའ་འཁོར་བ་ན་ འཁོད་པ་རྣམས་དགའ་བར་བྱེད་པའི་ཆོས་དང་། ཡུལ་འཁོར་སྐྱོང་དམིགས་སུ་མེད་པའི་ཆོས་ལ་བཟོད་པ་བྱང་ཆུབ་སེམས་དཔའ་འཁོར་བ་ན་འཁོད་པ་རྣམས་དགའ་བར་བྱེད་པའི་ཆོས་ཏེ། ཡུལ་འཁོར་སྐྱོང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་འཁོར་བ་ན་འཁོད་པ་རྣམས་དགའ་བར་ བྱེད་པའི་ཆོས་སོ། ། འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། ། གཟི་བརྗིད་ཀྱིས་ནི་འཇིག་རྟེན་ཐམས་ཅད་ཀུན་ནས་སྣང་མཛད་པའི། །
BO
རྫོགས་པའི་སངས་རྒྱས་མི་མཆོག་ཚེ་རབས་ཀུན་དུ་དེ་དག་མཐོང་། ། བྱང་ཆུབ་དམ་པ་མཆོག་ཚོལ་ཚེ་ན་སེམས་ཅན་ དགྲོལ་བའི་ཕྱིར། དགའ་ཞིང་གུས་པར་གནས་ནས་དེ་ལྟར་མི་དབང་རྒྱལ་པོ་མཆོད། ། འདྲེན་པ་རྣམས་ལས་ཞི་བ་རྗེས་སུ་འཐུན་པའི་ཆོས་ཀྱང་ཉན། ། ཐོས་ནས་བསམ་པ་ཐག་པས་བརྟན་པ་ཚུལ་བཞིན་རབ་ཏུ་སྦྱོར། ། དམིགས་མེད་ཆོས་ཐོས་ཆོས་འདི་ཐམས་ཅད་སེམས་ཅན་ མེད་པ་དང་། ། འདི་ལ་བདག་མེད་པར་ནི་ཆོས་ལ་སོམ་ཉི་དེ་མི་སྐྱེད། ། དེ་ནི་བདོག་པ་ཐམས་ཅད་ཡོངས་གཏོང་རྟག་ཏུ་ཀུན་འཛིན་མེད། ། སློང་བ་ཉེ་བར་འོངས་པ་མཐོང་ན་སེམས་ནི་རབ་ཏུ་དགའ། ། གྲོང་དང་ཡུལ་འཁོར་ས་དང་སྲོག་དང་བུ་དང་ཆུང་མ་དང་། ། ཐམས་ཅད་གཏོང་ཞིང་དེ་ཡི་ སེམས་ནི་གང་དུའང་གཡོ་བ་མེད། ། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་ཆོས་བཞི་ལ་བལྟ་བར་མི་བྱ་སྟེ། བཞི་གང་ཞེ་ན་ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་ཁྱིམ་གྱི་གནས་ལ་བལྟ་བར་མི་བྱ་བ་དང་། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་རབ་ཏུ་བྱུང་ནས་རྙེད་པ་དང་། བཀུར་ སྟི་ལ་བལྟ་བར་མི་བྱ་བ་དང་། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་ཁྱིམ་ལ་འདྲིས་པར་བྱ་བ་ལ་བལྟ་བར་མི་བྱ་བ་དང་།
BO
ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་ལུས་དང་སྲོག་ལ་བལྟ་བར་མི་བྱ་བ་སྟེ། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་ཆོས་བཞི་པོ་དེ་དག་ལ་བལྟ་བར་མི་བྱའོ། ། འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། ། སྐྱོན་གྱིས་གཟིངས་པ་མཐའ་ཡས་ལྡན་པའི་ཁྱིམ་སྤངས་རྟག་ཏུ་ནོར་མི་བལྟ། ། ཡོན་ཏན་ལྡན་པ་དེས་པ་དེ་དག་དགོན་པར་དགའ་ཞིང་དབང་པོ་དུལ། ། དེ་དག་གང་དུའང་བུད་མེད་རྣམས་དང་སྐྱེས་པ་དག་དང་འདྲིས་མི་བྱེད། བསེ་ ལྟར་གཅིག་པུར་གནས་ཤིང་བསམ་པ་དྲི་མེད་དག་ལ་དྲི་མ་བྲལ། ། དེ་དག་རྙེད་པ་རྣམས་ཀྱིས་དགའ་བར་མི་འགྱུར་མ་ཐོབ་ཡིད་ཞུམ་མེད། ། འདོད་པ་ཆུང་སྟེ་ངན་ངོན་ཙམ་ལ་དགའ་ཞིང་སྒྱུ་དང་ཚུལ་འཆོས་སྤངས། ། སེམས་ཅན་དོན་ཕྱིར་བརྩོན་འགྲུས་ཡིད་ལྡན་སྦྱིན་དང་དུལ་ལ་རབ་ཏུ་ གནས། ། སངས་རྒྱས་ཡེ་ཤེས་དོན་གཉེར་བསམ་གཏན་བརྩོན་འགྲུས་ཡོན་ཏན་ཕ་རོལ་ཕྱིན། ། ལུས་དང་དེ་བཞིན་སྲོག་ལ་མི་ལྟ་སྡུག་པའི་རྩ་ལག་རྣམ་སྤངས་ཏེ། ། བསམ་པ་རྡོ་རྗེ་ལྟ་བུར་རབ་བརྟན་རྟག་ཏུ་བྱང་ཆུབ་ལམ་ལ་སྦྱོར། ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་དེ་དག་སེམས་ལ་གཡོ་ བ་མེད། །
BO
ཐམས་ཅད་མཁྱེན་ཉིད་རེ་བ་ཕྱིར་ཞིང་བརྩོན་འགྲུས་ཤིན་ཏུ་བརྟན་འདིར་རྩོམ། ། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདུང་བ་མེད་པར་བྱེད་པའི་ཆོས་ཏེ། བཞི་གང་ཞེ་ན། ཡུལ་འཁོར་སྐྱོང་ཚུལ་ཁྲིམས་སྐྱོན་མེད་པ་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་གདུང་བ་མེད་པར་བྱེད་པའི་ཆོས་དང་། ཡུལ་འཁོར་སྐྱོང་དགོན་པ་ལ་གནས་པ་མི་གཏོང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདུང་བ་མེད་པར་བྱེད་པའི་ཆོས་དང་། ཡུལ་འཁོར་སྐྱོང་འཕགས་པའི་རིགས་བཞི་དང་འཐུན་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདུང་བ་མེད་པར་ བྱེད་པའི་ཆོས་དང་། ཡུལ་འཁོར་སྐྱོང་མང་དུ་ཐོས་པ་ཐོབ་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདུང་བ་མེད་པར་བྱེད་པའི་ཆོས་ཏེ། ཡུལ་འཁོར་སྐྱོང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདུང་བ་མེད་པར་བྱེད་པའི་ཆོས་སོ། ། འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་ འདི་སྐད་ཅེས་བྱའོ། ། སངས་རྒྱས་ཚུལ་ཁྲིམས་དམ་པ་འདི་ལ་འདོད་བྱེད་ཅིང་། ། ཚུལ་ཁྲིམས་དྲི་མེད་ནོར་བུར་རིན་ཆེན་འདྲ་བ་སྲུང་། ། དེ་དག་ང་ནི་ཁྲིམས་ལྡན་ལེགས་སྡོམ་ཡིན་མི་སེམས། །
BO
ཚུལ་ཁྲིམས་དེ་ཉིད་ལ་ནི་རྟག་ཏུ་སེམས་ཅན་སྦྱོར། ། དེ་དག་སྟོང་པ་དགོན་པར་རྟག་ཏུ་གནས་ པར་བྱེད། ། དེ་དག་བདག་གི་འདུ་ཤེས་སྲོག་གི་འདུ་ཤེས་མེད། ། གཟུགས་ཀུན་རྩྭ་དང་ཤིང་དང་བརྩིག་པ་འདྲ་བར་མཐོང་། ། འདི་ལ་སྐྱེས་བུ་བུད་མེད་བདག་གི་མེད་པར་མཐོང་། ། འཕགས་རིགས་བཞི་ལ་དགའ་ཞིང་གཡོ་མེད་ཚུལ་འཆོས་མེད། ། བག་ཡོད་དེ་དག་བསམ་པ་ཐག་པས་ རབ་ཏུ་སྦྱོར། ཐོས་དང་ཡོན་ཏན་རྣམས་ལ་རྟག་ཏུ་བརྩོན་པར་བྱེད། བདེ་བར་གཤེགས་པའི་ཡོན་ཏན་མཐུ་ཆེན་དོན་དུ་གཉེར། ། སྐྱེ་རྒ་འཆི་བས་བཅོམ་ཞིང་ནད་ཀྱིས་གཟིར་གྱུར་པ། ། འགྲོ་བ་མགོན་མེད་སྲིད་པའི་བརྩོན་ར་འདིར་བལྟས་ནས། ། ཞི་བ་དམ་པ་མཆོག་གི་ ཆོས་ཀྱི་གྲུ་སྦྱར་ཏེ། ། སྲིད་པའི་རྒྱ་མཚོའི་ཆུ་ལས་སྐྱེ་བོ་སྒྲོལ་བར་བྱེད། ། འདུས་བྱས་གྱུར་པར་འཇིག་རྟེན་འཁྱམས་པས་སྐྱབས་མགོན་དང་། ། དཔུང་གཉེན་བྱེད་པ་གཞན་ནི་གང་ཡང་ཡོད་མིན་གྱིས། ། བདག་གིས་སེམས་ཅན་འདི་དག་ཐམས་ཅད་ཡོངས་དགྲོལ་ ཞེས། ། དེ་ཕྱིར་བྱང་ཆུབ་མཆོག་ཏུ་བདག་གིས་སྨོན་ལམ་བཏབ། ། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་བཞི་པོ་འདི་དག་ནི་ཅང་ཤེས་ཀྱི་འགྲོས་སུ་ཤེས་པར་བྱ་སྟེ། བཞི་གང་ཞེ་ན།
BO
བདེ་འགྲོ་ཐོབ་སྟེ། དེ་ཡང་སངས་རྒྱས་འབྱུང་བ་དང་ཕྲད་པ་དང་། བླ་མ་ལ་སྲི་ཞུ་བྱེད་དེ། དེ་ཡང་ཟང་ཟིང་མེད་པའི་སེམས་ཀྱིས་བསྟེན་པ་དང་། བས་མཐའི་གནས་མལ་ལ་མངོན་པར་དགའ་སྟེ། དེ་ཡང་རྙེད་པ་དང་བཀུར་སྟི་ལ་མི་ལྟ་བ་དང་། སྤོབས་པ་ཐོབ་སྟེ། དེ་ཡང་ཟབ་མོ་ལ་བཟོད་པ་དང་ལྡན་པ་སྟེ། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་ཆོས་བཞི་པོ་དེ་དག་ནི་ཅང་ ཤེས་ཀྱི་འགྲོས་སུ་ཤེས་པར་བྱའོ། ། འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། ། བརྟན་པ་ནགས་དང་སུལ་ན་རྟག་ཏུ་གནས་པར་བྱེད། དེ་དག་རྟག་ཏུ་ཁོར་མོར་རྙེད་པ་དོན་གཉེར་མིན། ། ཆགས་མེད་བློ་ཅན་རྟག་ཏུ་སྤོབས་དང་ལྡན་པ་ཡིན། ། ཟབ་མོའི་ཆོས་ལ་ མཁས་ཤིང་སྤྲོས་པ་རྣམས་དང་བྲལ། ། རྟག་ཏུ་ཁོར་མོར་བླ་མ་རྣམས་ལ་སྲི་ཞུ་བྱེད། ། དེ་དག་ཇི་སྐད་སྨྲས་པ་དེ་བཞིན་དེ་དག་སྦྱོར། ། བདེ་གཤེགས་དཔག་ཏུ་མེད་པ་མང་པོ་མཉེས་པར་བྱེད། ། རྒྱལ་བའི་ཡེ་ཤེས་ཆེད་དུ་མཆོད་པ་རྒྱ་ཆེར་བྱེད། ། གྲགས་པ་ཆེན་པོ་རྣམས་ཀྱི་འགྲོ་བ་ གཙོ་བོར་འགྱུར། ། ལྷ་མི་རྣམས་ཀྱི་ནང་ན་སྤྱི་བོར་ཕྱིན་པ་ཡིན། ། རྫོགས་པའི་བྱང་ཆུབ་ལམ་ལ་རྟག་ཏུ་སེམས་ཅན་འཛུད། །
BO
དགེ་བ་བཅུ་པོ་དག་ལའང་ཡང་དག་སྦྱོར་བར་བྱེད། ། སངས་རྒྱས་ཡོན་ཏན་ཐོས་ནས་དེ་དག་དགར་འགྱུར་ཏེ། ། དེ་དག་རིང་པོར་མི་ཐོགས་ང་དང་ཉེ་བར་གྱུར། ། དེ་དག་བྱང་ཆུབ་རྡུལ་བྲལ་དམ་པ་སངས་རྒྱས་ནས། ། སེམས་ཅན་ཁྲག་ཁྲིག་སྡུག་བསྔལ་མཐའ་ཡས་རྣམས་ལས་འགྲེལ། ། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་ཆོས་ཏེ། བཞི་གང་ཞེ་ན། ཁོང་ཁྲོ་ བ་མེད་པའི་སེམས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཚུལ་འཆོས་པ་དང་། ཁ་གསག་དང་། ཐོབ་ཀྱིས་འཇལ་བ་ཡོངས་སུ་སྤངས་ཏེ་དགོན་པར་གནས་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་རྣམ་པར་སྨིན་པ་ལ་རེ་བ་མེད་པ་དང་། ཉིན་མཚན་དུ་ཆོས་འདོད་ཅིང་ ཆོས་སྨྲ་བ་རྣམས་ལ་འཁྲུལ་པ་མི་ཚོལ་བ་སྟེ། ཡུལ་འཁོར་སྐྱོང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་ཆོས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། བླ་ན་མེད་པའི་བྱང་ཆུབ་ འདོད་པ་ན། ། ཐ་བ་དྲི་མ་མེད་ཅིང་ཁྲོ་སེམས་མེད། ། དེ་ནི་སུ་ལའང་སྐྱོན་ཚོལ་བྱེད་མ་ཡིན། །
BO
གཡོ་མེད་ཚུལ་འཆོས་མེད་ཅིང་སྤྲོས་སེམས་མེད། ། ཁྱིམ་གྱི་བློ་གྲོས་ཡ་ང་མྱ་ངན་རྩ། ། སྐྱེ་བོ་ངན་འགྲོགས་ཚུལ་བཞིན་རིང་འགྱུར་བ། ། སྤངས་ཏེ་དེ་ལ་མི་ལྟ་རབ་བྱུང་ནས། ། ཐར་ པ་འདོད་པ་རི་ཁྲོད་གནས་པར་བྱེད། ། དགོན་པ་བས་མཐའི་རྣམས་པ་བསྟན་པས་ན། ། ཤེས་ཁེ་འཐོབ་པ་ཀུན་ལ་མི་རྟོན་ཞིང་། ། ལུས་དང་སྲོག་ལའང་ལྟ་བར་མི་བྱེད་ལ། ། སེང་གེ་ལྟ་བུར་གནས་ཤིང་དགྲ་ལས་རྒྱལ། ། བྱང་ཆུབ་ལམ་ཕྱིར་ཡེ་ཤེས་ཚོལ་བ་ན། ། ངན་ངོན་ཙམ་གྱིས་ ཆོག་པར་འཛིན་བྱེད་ཅིང་། ། རྟག་ཏུ་བྱ་ལྟར་སོགས་པ་སྤངས་ནས་ནི། ། འཇིག་རྟེན་ཀུན་ལ་གནས་པ་མ་ཡིན་ནོ། ། དཔེར་ན་བསེ་ལྟར་གཅིག་བུ་གནས་བྱེད་ཅིང་། ། སེང་གེ་ལྟ་བུར་འཇིགས་པ་ཡོད་མ་ཡིན། ། {རི་དགས་,རི་དྭགས་}ལྟ་བུར་སར་འཇིགས་ཡིད་མི་རྟོན། ། དེ་ནི་མཆོད་པས་ཁེངས་ པར་འགྱུར་བ་མེད། ། གཡང་སར་ལྟུང་བའི་འགྲོ་བ་འདི་བལྟས་ནས། ། རབ་ཏུ་ཐར་བར་བྱ་ཕྱིར་འབད་པར་བྱེད། ། གལ་ཏེ་བག་ཡོད་དགེ་བའི་ཆོས་སྤྱོད་ན། ། བདག་ཀྱང་འགྲོ་བ་འདི་ཡི་དཔུང་གཉེན་འགྱུར། ། མི་མཆོག་སྤྱོད་པ་འདི་དག་འདོད་པ་ན། ། འཛུམ་པའི་བཞིན་གྱིས་རབ་ བསྟན་ཚིག་སྨྲ་ཞིང་། །
BO
སྡུག་དང་མི་སྡུག་རྟག་ཏུ་རྙོག་སེམས་མེད། ། རླུང་དང་འདྲ་བར་ཆགས་པ་མེད་པར་གནས། ། སྟོང་པ་ཉིད་དང་མཚན་མ་མེད་ལ་མོས། ། འདུས་བྱས་ཀུན་ལ་སྒྱུ་མ་ལྟ་བུར་རྟོག ། ཡངས་པའི་བློ་ཅན་ཞི་དང་དུལ་ལ་དགའ། ། དེ་ནི་རྟག་ཏུ་བདུད་རྩིའི་རོ་ཡིས་ མགུ། ། ཅི་ནས་བྱང་ཆུབ་ལམ་ནི་སྒྲུབ་བྱེད་ཅིང་། ། དེ་ནི་རྟག་ཏུ་བསམ་པ་ཡོངས་སུ་སྦྱོང་། ། གཟུངས་དང་སྤོབས་པ་ཚོལ་བར་བྱེད་པ་ན། ། ཡོན་ཏན་འདོད་པ་སྡུག་བསྔལ་བརྒྱ་དག་བཟོད། ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བལྟས་ནས། ། གང་ཞིག་དོན་དུ་གཉེར་དེ་ དགར་འགྱུར་རོ། ། གང་ཞིག་བྱང་ཆུབ་འདི་ལ་མ་མོས་པ། ། བློ་ཆུང་དེ་ནི་ཉེས་པ་བརྒྱ་ཡང་སྐྱེད། ། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་གཡང་ས་སྟེ། བཞི་གང་ཞེ་ན། ཡུལ་འཁོར་སྐྱོང་མ་གུས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས་དང་། ཡུལ་འཁོར་ སྐྱོང་བྱས་པ་མི་གཟོ་ཞིང་གཡོ་ལ་སྟེན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས་དང་། ཡུལ་འཁོར་སྐྱོང་རྙེད་པ་དང་བཀུར་སྟི་ལ་ཆགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས་དང་།
BO
ཡུལ་འཁོར་སྐྱོང་ཚུལ་འཆོས་པ་དང་ཁ་གསག་གིས་རྙེད་པ་དང་བཀུར་སྟི་སྒྲུབ་པ་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་གཡང་ས་སྟེ། ཡུལ་འཁོར་སྐྱོང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། འཕགས་པ་བླ་མ་རྣམས་དང་ཕ་མ་ལ། ། དེ་དག་རྟག་ཏུ་གུས་པ་མེད་པ་ཡིན། ། དེ་དག་བྱས་ པ་མི་གཟོ་གཡོན་ཅན་ཏེ། ། རྟག་ཏུ་ཀུན་ཏུ་མ་བསྡམས་སྤྱོད་ཅིང་རྨོངས། ། རྙེད་ལ་རྟག་ཏུ་ཆགས་ཤིང་ཞེན་པ་སྟེ། ། དེ་དག་ཚུལ་འཆོས་པ་དང་གཡོ་སྦྱོར་དགའ། ། ཁ་ཅིག་ཚུལ་ཁྲིམས་བརྟུལ་ཞུགས་ཇི་ལྟས་ཀྱང་། ། འདི་ན་བདག་དང་མཚུངས་པ་མེད་ཅེས་སྨྲ། ། དེ་དག་ཕན་ཚུན་སྡང་བར་ སེམས་པ་སྟེ། ། གླགས་ཚོལ་བ་ལ་རྟག་ཏུ་བརྩོན་པ་ཡིན། ། དེ་དག་ཞིང་གི་ལས་དང་ཚོང་ལ་དགའ། ། དེ་དག་དགེ་སྦྱོང་ཡོན་ཏན་ཤིན་ཏུ་རིང་། ། ཕྱི་མའི་དུས་ན་འདི་ལྟར་མ་བསྡམས་པའི། ། དགེ་སློང་ཚུལ་ཁྲིམས་ཡོན་ཏན་རབ་རིང་བ། ། དེ་དག་མཚང་འདྲུ་བ་དང་འཐབ་པ་དང་། ། ཕྲག་ དོག་དབང་གིས་ཆོས་འདི་ནུབ་པར་བྱེད། ། བྱང་ཆུབ་ལམ་ལས་རྟག་པར་ཤིན་དུ་རིང་། ། འཕགས་པའི་ནོར་ལས་དེ་དག་ཤིན་ཏུ་རིང་། །
BO
འཕགས་ལམ་གྱ་ནོམ་རྣམ་པར་སྤངས་ནས་ནི། ། དེ་དག་འགྲོ་བ་ལྔར་ནི་འཁྱམ་པར་འགྱུར། ། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱང་ཆུབ་ལ་བགེགས་བྱེད་པའི་ཆོས་ཏེ། བཞི་གང་ཞེ་ན། ཡུལ་འཁོར་སྐྱོང་ལེ་ལོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ལ་བགེགས་བྱེད་པའི་ཆོས་དང་། ཡུལ་འཁོར་སྐྱོང་མ་དད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ལ་བགེགས་བྱེད་པའི་ཆོས་དང་། ཡུལ་ འཁོར་སྐྱོང་ང་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ལ་བགེགས་བྱེད་པའི་ཆོས་དང་། ཡུལ་འཁོར་སྐྱོང་ཕ་རོལ་གྱི་མཆོད་པ་ལ་ཕྲག་དོག་དང་སེར་སྣའི་སེམས་དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ལ་བགེགས་བྱེད་པའི་ཆོས་ཏེ། ཡུལ་འཁོར་སྐྱོང་བཞི་པོ་ དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ལ་བགེགས་བྱེད་པའི་ཆོས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། མ་དད་ལེ་ལོ་རྟག་ཏུ་རྨོངས་པའི་སེམས། ། དེ་དག་མངོན་པའི་ང་ཅན་རྟག་ཏུ་ཁྲོ། ། བཟོད་ལྡན་རྟག་བརྩོན་དགེ་ སློང་མཐོང་ནས་ནི། ། གཙུག་ལག་ཁང་ནས་འགྲོ་ཚེ་དབྱུག་པ་རྡེག ། ཕ་རོལ་མཆོད་ཕྱིར་འདི་ནི་ཕྲག་དོག་སྐྱེ། །
BO
དེ་དག་སེམས་ནི་གནས་པ་ཡོད་མ་ཡིན། ། གླགས་ལྟ་བྱེད་ཅིང་འཁྲུལ་པ་ཚོལ་བ་ཅན། ། སུ་ལ་འཁྲུལ་ཡོད་གང་ལ་གླེང་བྱ་སྙམ། ། དེ་དག་ང་ཡི་བསྟན་པ་འདི་ལས་རིང་། ། དེ་དག་ཡོན་ཏན་དངང་ཞིང་ངན་སོང་གཞོལ། ། དེ་དག་རྒྱལ་བའི་བསྟན་པ་བོར་ནས་ནི། ། ངན་སོང་ཤིན་ཏུ་མི་བཟད་འབར་བར་འགྲོ། ། དེ་དག་རྣམས་ཀྱི་སྡིག་པའི་སྤྱོད་པ་དང་། ། ཆོས་མིན་ལྡན་འགྲོ་རབ་སྡིག་འདི་ཐོས་ནས། ། རྟག་ཏུ་འཁོར་མོར་བྱང་ཆུབ་ལམ་ལ་སྦྱོར། ། ངན་འགྲོར་ སྐྱེས་ཤིང་གདུང་བར་གྱུར་ཏ་རེ། ། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། ། བསྐལ་པ་བྱེ་མང་བརྒྱ་ལམ་འབྱུང་བར་འགྱུར། ། ད་ལྟར་དལ་བ་དམ་པ་རྙེད་པ་ལ། ། གལ་ཏེ་ཐར་འདོད་བག་མེད་སྤོང་བར་གྱིས། ། ཡུལ་འཁོར་སྐྱོང་གང་ཟག་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་ བསྟེན་པར་མི་བྱ་བ་སྟེ། བཞི་གང་ཞེ་ན། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་སྡིག་པའི་བཤེས་གཉེན་གྱི་གང་ཟག་བསྟེན་པར་མི་བྱ་བ་དང་། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་དམིགས་པར་ལྟ་བ་ཅན་གྱི་གང་ཟག་བསྟེན་པར་མི་བྱ་བ་དང་། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་ དཔས་དམ་པའི་ཆོས་སྤོང་བའི་གང་ཟག་བསྟེན་པར་མི་བྱ་བ་དང་།
BO
ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔས་ཟང་ཟིང་ལ་བརྐམ་པའི་གང་ཟག་བསྟེན་པར་མི་བྱ་བ་སྟེ། ཡུལ་འཁོར་སྐྱོང་གང་ཟག་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔས་བསྟེན་པར་མི་བྱ་བའོ། ། དེ་ནས་ བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། གང་དག་སྡིག་པའི་བཤེས་གཉེན་རྣམ་སྤོང་ཞིང་། ། གང་དག་དགེ་བའི་བཤེས་གཉེན་སྟེན་བྱེད་པ། ། དེ་དག་རྟག་ཏུ་བྱང་ཆུབ་ལམ་ལ་འཕེལ། ། དཔེར་ན་མཁའ་ལས་ཟླ་བ་ཡར་ངོ་བཞིན། ། དམིགས་ པར་ལྟ་ལ་རྟག་ཏུ་ཞེན་པ་དང་། ། བདག་དང་སྲོག་དང་གསོ་བར་ཞེན་པ་དག ། དེ་དག་དུག་ཕྱིས་བཞིན་དུ་རྟག་ཏུ་སྤོང་། ། གང་དག་སངས་རྒྱས་ཡེ་ཤེས་དོན་མི་གཉེར། ། གང་དག་མི་མཆོག་རྣམས་ཀྱི་ཞི་བའི་ཆོས། ། འདོད་ཆགས་བྲལ་བ་བདུད་རྩི་འཐུང་སྤོང་བ། ། དེ་དག་དཔེར་ན་ངན་ སྐྱུགས་རྫབ་བཞིན་སྤོང་། ། གང་ཞིག་བྱང་ཆུབ་དམ་པ་འཚང་རྒྱར་འདོད། ། ཟང་ཟིང་དག་དང་ཆོས་གོས་ལྷུང་བཟེད་ཆགས། ། རྟག་ཏུ་ཁྱིམ་ལ་འདྲིས་པར་བྱེད་བརྩོན་པ། ། དེ་དག་རྣམས་དང་འདྲིས་པར་མི་བྱ་སྟེ། ། དེ་དག་མེ་ཡི་འོབས་བཞིན་སྤང་བར་བྱ། ། གང་ཞིག་བདུད་ནི་གདུལ་བར་ བྱ་བ་དང་། ། འཁོར་ལོ་དམ་པ་བླ་མེད་བསྐོར་བ་དང་། །
BO
དེ་ལྟར་སེམས་ཅན་དོན་ཡང་བྱེད་འདོད་པ། ། དེས་ནི་སྡིག་པའི་བཤེས་གཉེན་སྤང་བར་བྱ། ། གང་ཞིག་བྱང་ཆུབ་དམ་པ་འཚང་རྒྱར་འདོད། ། དེ་ཡིས་རྙེད་དང་སྡུག་དང་མི་སྡུག་དང་། ། གྲགས་དང་མཚང་འདྲུ་ཕྲག་དོག་ང་སྤངས་ ཏེ། ། སངས་རྒྱས་ཡེ་ཤེས་རྟག་ཏུ་བཙལ་བར་བྱ། ། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་ཏེ། བཞི་གང་ཞེ་ན། ཡུལ་འཁོར་སྐྱོང་ཤེས་པས་མངོན་པར་རློམ་སེམས་སུ་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་དང་། ཡུལ་འཁོར་སྐྱོང་ཕྲག་དོག་དང་སེར་སྣ་དང་ལྡན་པའི་སེམས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་དང་། ཡུལ་འཁོར་སྐྱོང་མ་མོས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་དང་། ཡུལ་ འཁོར་སྐྱོང་ཡོངས་སུ་མ་དག་པའི་ཤེས་པ་དང་། ། བཟོད་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་ཏེ། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་སོ། །
BO
དེ་ནས་བཅོམ་ ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། གང་དག་ས་ལ་ཆོས་ནི་འཛིན་གྱུར་ཞིང་། ། འགྲོ་བ་ཐམས་ཅད་ཀྱིས་ཀྱང་མཆོད་འགྱུར་བ། ། དེ་ལ་མི་ཤེས་པས་ནི་བརྙས་བྱེད་ན། ། དེས་ན་དེ་ནི་སྡུག་བསྔལ་མཐའ་ཡས་རྙེད། ཡ་ང་བས་ནི་གང་ཞིག་ལོངས་སྤྱོད་ཚོལ། ། ཤེས་པ་མ་དག་རྟག་ཏུ་འདུན་ཅིང་འདོད། ། གང་ཞིག་རྟག་ཏུ་ང་རྒྱལ་ཁེངས་གྱུར་ལ། ། བླ་མ་འཕགས་པའི་སྐྱེ་བོ་མི་འདུད་ཅིང་། ། སངས་རྒྱས་ལ་ཡང་མོས་པ་ཡོད་མིན་ལ། ། ཆོས་དང་ཚོགས་ལ་དེ་ནི་མོས་པ་མེད། ། བསླབ་དང་སྦྱངས་པ་རྣམས་ལ་དེ་མི་མོས། ། སྡིག་པའི་བློ་ཅན་ ངན་སོང་གསུམ་ཕྱོགས་པ། ། དེ་ནི་མི་ནང་འདི་ནས་ཤི་འཕོས་ནས། ། ལས་ཀྱི་དབང་གིས་མི་མཁས་རྣམ་པར་རྨོངས། ། དམྱལ་བའམ་འོན་ཏེ་དུད་འགྲོའི་འགྲོ་རྣམས་སམ། ། {ཡི་དགས་,ཡི་དྭགས་}འགྲོ་བ་རྣམས་སུ་སྡུག་བསྔལ་རྙེད། ། གང་ཞིག་འཇིག་རྟེན་སྒྲོན་འགྱུར་བློ་ལྡན་ཞིང་། ། མི་ཡི་ དཔའ་བོ་སྡུག་བསྔལ་མཐར་ཕྱིན་པ། ། དེ་ཡིས་ངན་སོང་ལམ་རྣམས་རབ་སྤངས་ཏེ། ། བྱང་ཆུབ་ལམ་ནི་རྟག་ཏུ་བསྟེན་པར་བྱ། ། ། ། བམ་པོ་གཉིས་པ།
BO
ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་སྟེ། བཞི་གང་ཞེ་ན། ཕ་རོལ་ ལ་བརྙས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་དང་། འཇིག་རྟེན་པའི་ཐབས་ཀྱིས་བསྒོམ་པ་ལ་སྦྱོར་བ་དང་། མཚན་མའི་འདུ་ཤེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་དང་། ཀུན་འཛིན་པའི་སེམས་དང་ལྡན་པ་དང་། ཡེ་ཤེས་དང་བྲལ་བ་དང་། བག་མེད་པ་ལ་སྟེན་པར་ བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་དང་། ཕྱིར་འབྲང་བའི་སེམས་ཀྱིས་ཁྱིམ་ལ་འདྲིས་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་སྟེ། ཡུལ་འཁོར་སྐྱོང་བཞི་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་བཀའ་སྩལ་ཏོ། ། རྟག་ཏུ་གཞན་དག་ལ་ནི་བརྙས་བྱེད་ཅིང་། ། རྟག་ཏུ་འཇིག་རྟེན་པ་ཡི་བསམ་གཏན་སྒོམ། ། ལྟར་གྱུར་འདི་དག་གིས་ནི་དེ་བཅིངས་ཏེ། ། གླང་པོ་ལུས་རིང་འདམ་དུ་སོང་བ་བཞིན། ། ཁྱིམ་ལ་འདྲིས་བྱེད་འཆིང་དང་ལྡན་པ་དང་། ། གང་ཞིག་བག་མེད་རྟག་ཏུ་ཀུན་འཛིན་སེམས། ། ཡེ་ཤེས་སྤངས་ཤིང་བློ་གྲོས་རྨོངས་གྱུར་པ། ། མི་རིགས་སྤྱོད་པ་འདི་དག་རྣམས་ཀྱིས་བཅིངས། །
BO
གང་ཞིག་སྡུག་བསྔལ་འཇིགས་པ་འདི་དག་དང་། ། སྐྱེ་རྒ་འཆི་ལ་སོགས་ལས་གྲོལ་འདོད་པ། ། བརྙས་པར་བྱེད་དང་རློམ་སེམས་ བོར་ནས་ནི། ། བྱང་ཆུབ་ལམ་ལ་རྟག་ཏུ་བརྩོན་པར་འགྱུར། ། སྡུག་བསྔལ་མཐའ་ཡས་མ་ལུས་བཟོད་བྱས་ཏེ། ། བདེ་བ་ཀུན་ལ་ཆགས་པ་མེད་གྱུར་ནས། ། སྡུག་དང་མི་སྡུག་གཉེན་པ་མ་ལུས་བཏང་། ། བརྟན་པ་དག་ནི་སྡིག་བྲལ་སངས་རྒྱས་འགྱུར། ། ཕ་རོལ་ཕྱིན་དྲུག་ས་ དང་ཡོན་ཏན་དང་། ། སྟོབས་དང་དབང་པོ་དག་དང་ཤིས་ལ་སྦྱོར། ། ཡོན་ཏན་ཀུན་དང་རྟག་ཏུ་ལྡན་གྱུར་ནས། ། རྒ་བའི་དྲ་བ་གྲོལ་བའི་སངས་རྒྱས་འགྱུར། ། བསྐལ་པ་བསམ་གྱིས་མི་ཁྱབ་སྔོན་སྤྱད་ཚེ། ། སེམས་ཅན་ཕན་ཕྱིར་བྱང་ཆུབ་མཆོག་དོན་དུ། ། སྦྱིན་དང་དུལ་དང་དེས་ལ་རྟག་ ཏུ་སྤྱད། ། གཉེན་པ་སྤངས་ནས་བདེ་བར་གནས་པར་གྱུར། ། བས་མཐའ་ནགས་སུ་རྟག་པར་ང་དགའ་སྟེ། ། བྱང་ཆུབ་ཆེད་དུ་བསམ་པ་རྣམ་པར་སྦྱངས། ། བརྒྱ་ལམ་ན་ཡང་བརྩོན་འགྲུས་ཉམས་མ་གྱུར། ། སྐྱེས་ཆེན་རྣམས་ཀྱི་ཡེ་ཤེས་དེ་འདྲའོ། ། སྲིད་པའི་བརྩོན་རར་འགྲོ་བ་ལྔ་འཁྱམས་ པས། ། སེམས་ཅན་འཁྱམ་པའི་འགྲོ་བ་མཐོང་ནས་ནི། ། སྔོན་ཆད་འདིར་ནི་སྙིང་རྗེ་རྒྱ་ཆེན་བསྐྱེད། །
BO
འགྲོ་བའི་དོན་དུ་བྱང་ཆུབ་དམ་པ་བསྒྲུབས། ། བསྐལ་པ་མང་པོར་བྱང་ཆུབ་མཆོག་ཚོལ་ཞིང་། ། རང་གི་བུ་ཕོ་བུ་མོ་ཆུང་མ་སྡུག ། ཕངས་པའི་སྲོག་དང་ཤིན་ཏུ་འབྱོར་ས་དང་། ། གྲོང་ཁྱེར་ནོར་དང་འབྲུ་ རྣམས་མང་པོ་བཏང་། ། མེ་ཏོག་འབྲས་བུ་ཆུ་འབྱོར་ཉམས་དགའ་བའི། ། ནགས་སུ་ཐུབ་པ་ང་ནི་བཟོད་དགར་གྱུར། ། ཀ་ལིང་རྒྱལ་པོས་ལག་པ་རྐང་པ་བཅད། ། དེ་ཚེ་ང་ནི་ལྡང་བའི་ཡིད་མ་གྱུར། ། ནགས་དང་སུལ་ན་སྔོ་བསངས་ཞེས་བྱ་བའི། ། ཐུབ་པས་བླ་མ་རྒས་པ་གསོ་བ་ན། ། མི་ཡི་དབང་པོས་སྲ་བའི་མདས་བསྣུན་ཀྱང་། ། ཡིད་ནི་ཡོངས་སུ་གནོད་པར་སེམས་མ་གྱུར། ། ལེགས་པར་གསུངས་པའི་ཆེད་དུ་གཡང་ས་ནས། ། ལུས་ལ་མ་བལྟས་རབ་ཏུ་མཆོངས་པར་གྱུར། ། ངས་ནི་བྱང་ཆུབ་མཆོག་གི་རྒྱུ་ཡི་ཕྱིར། ། ལུས་དང་སྲོག་ལ་བལྟས་པར་མ་གྱུར་ཏོ། ། སྟག་མོ་ བུ་དང་བཅས་པའི་སྲོག་གི་ཕྱིར། ། ལུས་བཏང་ནས་ནི་སྟག་མོ་ཚིམ་པར་བྱས། ། ནམ་མཁའ་ལས་ནི་ལྷ་ཡི་ཚོགས་རྣམས་ཀྱི། ། སྐྱེས་ཆེན་བརྩོན་འགྲུས་བརྟེན་པ་ལེགས་ཤེས་བསྒྲགས། ། གང་ཚེ་སྔོན་ཆད་སྲིད་པར་སྤྱོད་པ་ན། ། སྦྱིན་ལ་རབ་དགའ་བྲམ་ཟེ་ཁྱེའུར་གྱུར་ཚེ། ། རིན་ཆེན་ཆེད་ དུ་རྒྱ་མཚོ་བསྐམས་ནས་ནི། །
BO
ནོར་བུ་རྙེད་ནས་སེམས་ཅན་བདེ་བར་བྱས། ། རྒྱལ་པོ་ཟླ་བའི་བུ་ཞེས་བྱར་གྱུར་ཏེ། ། རྗོད་པ་གྲགས་ཤིང་ང་ནི་སྤྱོད་པའི་ཚེ། ། ང་ཡིས་བདེན་པའི་ཚུལ་གྱིས་རྒྱལ་པོ་བརྒྱ། ། བསད་པར་བྱས་པ་མྱུར་དུ་ཐར་བར་བྱས། ། དབུལ་ཞིང་སྡུག་བསྔལ་བ་ཡི་མི་མཐོང་ ནས། ། ང་ཡིས་ཕངས་པའི་ལུས་ནི་བཏང་བྱས་ཏེ། ། ང་ཡིས་ནོར་རྙེད་དེ་ནི་ཕྱུག་པོར་བྱས། ། དེ་ཚེ་ང་ནི་ཀུན་སྦྱིན་རྒྱལ་པོར་གྱུར། ། ང་འདིར་མི་ཡི་རྒྱལ་པོར་གྱུར་པའི་ཚེ། ། སྐྱབས་སུ་འོངས་པའི་ཕུག་རོན་མཐོང་ནས་ནི། ། རང་གི་ལུས་ལས་ཤ་ཡང་བཅད་བྱས་ཏེ། ། རང་ལུས་ངས་ བཏང་འཇིགས་པས་ཕོངས་མ་བཏང་། ། རྒྱལ་པོ་རལ་པ་ཅན་ཞེས་སྔོན་གྱུར་ཚེ། ། སྨན་པ་མཆོག་གིས་ང་ཡི་ཆེད་དུ་ནི། ། མཚུངས་མེད་སྨན་རྣམས་མ་ལུས་སྦྱར་བ་ཡང་། ། སྲོག་བཏང་ནས་ནི་དེ་དག་གཞན་ལ་བྱིན། ། འགྲོ་བའི་དོན་ཕྱིར་སྔོན་ཆད་སྤྱོད་པ་ན། ། རྒྱལ་བུ་མཆེ་བ་ བཟང་ཞེས་བྱ་གྱུར་ཚེ། ། ཆུང་མ་མ་དྲི་ཁྱོ་ལས་མི་འཕྱོ་བ། ། བུར་བཅས་བུ་མོ་མ་ཆགས་མ་བལྟས་བཏང་། ། གང་ཚེ་བརྩོན་འགྲུས་འབར་ཞེས་བྱར་གྱུར་ཚེ། ། ང་སྔོན་ལོ་ནི་སྟོང་དུ་ཚད་བར་ཡང་། ། བྱ་དཀའ་བརྒྱད་ཅུ་རྩ་བཞི་བཟོད་པར་བྱས། །
BO
ནོར་དང་དཔལ་ཡང་སྔན་ཆད་ངས་བཏང་ངོ་། ། རྒྱལ་ བུ་གཟི་བརྗིད་དྲི་མ་མེད་གྱུར་ཚེ། ། ང་ཡིས་རྒྱལ་བའི་རིང་བསྲེལ་མཆོད་རྟེན་མདུན། ། མཆོག་ཏུ་གུས་པས་ལུས་ལ་མེ་བཏང་སྟེ། ། སྟོབས་བཅུ་མངའ་བ་རྣམས་ལ་མཆོད་པ་བྱས། ། ང་ནི་རྒྱལ་པོ་ཟླ་འོད་གྱུར་པའི་ཚེ། ། མི་བཟད་མིག་ཅན་ཁྲོས་པར་གྱུར་ནས་ནི། ། དེ་ཡིས་ང་ཡི་མགོ་བོ་ བསླངས་པ་ན། ། དེ་ཚེ་ང་ཡིས་མགོ་བོ་བཅད་དེ་བྱིན། ། ང་ནི་བསོད་ནམས་མཉམ་ཞེས་བྱར་གྱུར་ཚེ། ། གྲོང་དང་གྲོང་ཁྱེར་དག་དང་ལམ་སྲང་སྒོ། ། ཐམས་ཅད་དུ་ཡང་རྒྱ་ཆེ་སྨན་གྱི་རྣམས། ། དེ་དག་སེམས་ཅན་དོན་ཕྱིར་ངས་བཞག་གོ ། སྲིད་པ་རྣམས་ལ་སྤྱོད་པ་གང་ གི་ཚེ། ། ང་སྔོན་རྒྱལ་པོ་དགེ་བར་གྱུར་པ་ན། ། བུད་མེད་གཟུགས་བཟང་གསེར་དང་མུ་ཏིག་གིས། ། ལུས་བརྒྱན་སྟོང་དག་ངས་ནི་བཏང་བ་བྱས། ། གང་ཚེ་ང་སྔོན་མི་ཡི་རྒྱལ་པོ་ནི། ། རིན་ཆེན་གཙུག་ཕུད་གྱུར་ཚེ་མེ་ཏོག་དང་། ། སྤོས་མཆོག་རྣམས་དང་གསེར་གྱིས་བརྒྱན་པ་ཡི། ། ཅོད་པན་དཔལ་ལྡན་དམ་པ་ངས་བཏང་ངོ་། ། ང་སྔོན་རྒྱལ་པོ་མོས་ལྡན་གྱུར་པའི་ཚེ། ། ཤིང་བལ་འདའ་བ་འཇམ་པ་ལྟ་བུ་དང་། ། པད་མའི་འདབ་མཉེན་ལྟ་བུར་འཇམ་གཞོན་པའི། །
BO
ལག་པ་རྐང་པ་དག་ཀྱང་ངས་བཏང་ངོ་། ། དེད་དཔོན་སེང་གེ་འཛིན་དུ་གྱུར་པ་ན། ། སྙིང་རྗེ་མེད་ཅིང་ མི་བཟད་རབ་གཏུམ་པའི། ། སྲིན་མོ་བརྒྱ་དག་ཤིན་ཏུ་ཚར་བཅད་ནས། ། རྒྱ་ཤུག་གླིང་དུ་མི་རྣམས་བཀོད་པར་གྱུར། ། གང་ཚེ་མིག་{བཟངས་,བཟང་}ཞེས་བྱར་གྱུར་པ་ན། ། བྱིས་པ་འདོད་དང་ལྡན་ཞིང་ཡིད་རྨོངས་པ། ། སྲིན་མོ་དག་ལ་ན་ཆུང་འདུ་ཤེས་པ། ། ཚོང་པ་ལྔ་བརྒྱ་དེ་དག་ཐར་ བར་བྱས། ། གང་ཚེ་བསོད་ནམས་འོད་ཟེར་གྱུར་པ་ན། ། ལྷ་ཡི་བུ་མོ་ལྟ་བུའི་གཟུགས་ལྡན་པའི། ། བུད་མེད་བྱེ་བ་ཕྲག་བཞི་སྤངས་ནས་སུ། ། རྒྱལ་བའི་བསྟན་པ་ལ་ནི་རབ་ཏུ་བྱུང་། ། སེམས་ཅན་དོན་ཕྱིར་ང་ནི་སྤྱོད་པ་ན། ། དྲི་མེད་དག་པའི་གསེར་གྱི་མདོག་ཅན་གྱི། ། རྒྱལ་ པོར་གང་ཚེ་ང་ནི་གྱུར་པ་ན། ། སོར་མོ་དྲ་བས་འབྲེལ་བ་རྒྱ་ཆེན་བཏང་། ། རྒྱལ་པོ་ཨུད་པལ་མིག་ཅེས་བྱར་གྱུར་ཚེ། ། པད་མ་སྔོན་པོ་བཟང་པོའི་མདོག་འདྲའི་མིག ། ཡིད་དུ་འོང་ཞིང་སྙིང་དུ་སྡུག་གྱུར་པ། ། འགྲོ་བའི་དོན་དུ་ང་ཡིས་བཏང་བ་བྱས། ། སྨན་པའི་རྒྱལ་པོ་སྐྲ་འདྲར་གྱུར་ པའི་ཚེ། ། སྡུག་དང་བྲལ་བས་ཉེན་པ་མཐོང་ནས་ནི། ། བུད་མེད་ཆ་བྱད་གཟུགས་ལ་བློ་ཉམས་པ། །
BO
ངས་ནི་སྙིང་རྗེས་ཡོངས་སུ་ཐར་བར་བྱས། ། སྔོན་གྱི་སྲིད་པར་ཀུན་མཐོང་གྱུར་པ་ནི། ། ནད་ཀྱིས་བཏབ་པའི་ནད་པའི་མི་མཐོང་ནས། ། ང་ཡིས་རང་གི་ཁྲག་ཀྱང་བྱིན་གྱུར་ཏེ། ། མི་ དེ་ངས་ནི་ནད་དང་བྲལ་བར་བྱས། ། རྒྱལ་པོ་མེ་ཏོག་བཟང་ཞེས་བྱར་གྱུར་ཚེ། ། ང་ཡིས་ལུས་ལས་རུས་པ་ཕྱུང་ནས་ནི། ། ནད་ཀྱིས་རིང་པར་གྱུར་ལ་རྐང་བྱིན་ཏེ། ། ངས་ནི་ནམ་ཡང་སེམས་ཅན་མ་བཏང་ངོ་། ། རྒྱལ་པོ་དོན་གྲུབ་ཅེས་བྱར་སྔོན་གྱུར་ཚེ། ། རང་གི་མཛོད་རྣམས་ཐམས་ཅད་ ངས་བཏང་ཞིང་། ། ཕངས་ཤིང་ཡིད་དུ་འོང་བའི་སྲོག་བཏང་སྟེ། ། ཕོངས་པར་གྱུར་པའི་མི་ནི་ཐར་བར་བྱས། ། རྒྱལ་པོ་ཕྱོགས་ཀྱི་ཏོག་དུ་གྱུར་པའི་ཚེ། ། བྱང་ཆུབ་འདོད་ནས་འགྲོ་བའི་དོན་གྱི་ཕྱིར། ། འཁོར་ལོའི་མཚན་ཅན་པད་མ་ལྟ་བུ་ཡི། ། ལག་པ་ཕྲུགས་ཀྱང་མ་བལྟས་རབ་ཏུ་བྱིན། ། རྒྱལ་པོ་ཐམས་ཅད་མཐོང་དུ་གྱུར་པའི་ཚེ། ། སྙིང་རྗེ་ལྡན་ཞིང་འགྲོ་དོན་ཕན་འདོད་དོ། ། སྐྱེས་པ་བུད་མེད་དག་གིས་རྒྱས་པ་ཡི། ། གླིང་བཞི་པ་ཡང་ངས་ནི་བཏང་བ་བྱས། ། རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་གྱུར་ཚེ། ། འཇམ་ཞིང་མཉེན་ལ་དྲི་མེད་དཀར་བའི་བརླ། ། དགའ་ཞིང་མགུ་བའི་ ཡིད་ཀྱིས་བཅད་ནས་ནི། །
BO
རང་གི་ཤ་དང་ཁྲག་ཀྱང་ངས་བྱིན་ནོ། ། བུད་མེད་གཟུགས་ལྡན་ཞེས་ནི་བྱར་གྱུར་ཚེ། ། བུད་མེད་བཀྲེས་སྐོམ་ཉམ་ཐག་ངས་མཐོང་ནས། ། གསེར་ལྟར་སེར་ཞིང་ཤིན་ཏུ་གཞོན་པ་ཡི། ། ནུ་མ་སྙིང་དུ་སྡུག་པ་གཉི་ག་བཏང་། ། རྒྱལ་པོ་དཔལ་གྲགས་ཞེས་བྱར་ གྱུར་པ་ན། ། ཤིན་ཏུ་ཉམས་དགའ་བ་ཡི་རྒྱན་མཆོག་དང་། ། རིན་ཆེན་དུ་མ་གོས་དང་ཤིང་རྟ་བཞོན། ། གཏང་བར་དཀའ་བ་རྣམ་པ་དུ་མ་གཏང་། ། རྒྱལ་བུ་བྱས་པ་གཟོ་བར་གྱུར་པའི་ཚེ། ། རྒྱ་མཚོ་ལས་ནི་བྱས་པ་མི་གཟོ་བསྒྲལ། ། རིན་ཆེན་ཕྱིར་ནི་དེ་ཡིས་ང་མིག་ཕྱུང་། ། འོན་ ཀྱང་ང་ལ་ཁྲོས་པའི་སེམས་མེད་དོ། ། སྲོག་ཆགས་གོ་དྷར་སྔོན་སྲིད་གྱུར་པའི་ཚེ། ། སྲོག་སྦུར་དག་ནི་འཆི་བར་འགྱུར་དོགས་ནས། ། ལུས་ཀྱི་དམ་པ་མ་བལྟས་བཏང་བ་བྱས། ། དེ་ཚེ་ང་ཡི་སེམས་ནི་གཡོ་བ་མེད། ། སྤྱད་པ་སྤྱོད་ཚེ་བྱ་སྲེག་གྱུར་པ་ན། ། རྒན་ལ་བསྙེན་བཀུར་བྱ་ བར་རྟག་དགའ་སྟེ། ། ང་ནི་རིམ་གྲོ་གུས་ལ་རབ་ཏུ་དགའ། ། ང་རྒྱལ་ལྡན་པ་མ་ཡིན་ཁེངས་པ་མེད། ། སྐྱབས་སུ་འོངས་པའི་དོན་ཕྱིར་ང་ཡིས་ནི། ། སྙིང་རྗེ་བསྐྱེད་པ་བྱས་ནས་ལུས་བཏང་སྟེ། ། གདོལ་བའི་མི་ཡིས་མདའ་རྣམས་བསྣུན་ཀྱང་ནི། །
BO
སྤྲེའུར་གྱུར་ངས་ནི་མི་དེ་མ་ བཏང་ངོ་། ། རྒྱལ་པོ་དབང་དུ་གྱུར་ཚེ་ང་ཡིས་ནི། ། གླང་པོ་བླ་མ་རྒན་དྲན་ལུས་བསྐམས་ཏེ། ། ཤིན་ཏུ་ཡིད་འོང་ཟས་ཀྱང་ངས་མ་ཟོས། ། དེ་ཚེ་གླང་པོ་བདག་ཉིད་ཐར་བར་འགྱུར། ། བགྲོད་དཀའ་གངས་ཅན་རི་ལ་དྲེད་དབང་གྱུར། ། ང་ཡིས་ཞག་བདུན་བར་དུ་བསྲུངས་པའི་ མི། ། དེ་ཡིས་གསོད་པ་ང་ལ་བཏང་བྱས་ཀྱང་། ། ངས་ནི་དེ་ཚེ་ཁོང་ཁྲོ་བྱས་པ་མེད། ། ཁ་བ་ཀུན་ད་འདྲ་བའི་གླང་པོར་གྱུར། ། བྱང་ཆུབ་མཆོད་རྟེན་སངས་རྒྱས་ཡོན་ཏན་ཚོལ། ། དུག་དང་བཅས་པའི་མདའ་ཡིས་བསྣུན་ཀྱང་ནི། ། མཆེ་བ་དམ་པ་བྱིན་གྱི་ཁྲོས་པ་མེད། ། དུམ་བུའི་གླིང་དུ་ ནགས་ཚལ་སྤྱོད་ཡུལ་བ། ། སྲེག་པའི་ཕྲུག་གུ་བྱམས་ལ་གནས་གྱུར་ཚེ། ། མཐོང་བ་ཙམ་གྱིས་མེ་ནི་ཞི་གྱུར་ནས། ། ལྷ་ཚོགས་དག་གིས་མེ་ཏོག་རྣམས་ཀྱང་གཏོར། ། {རི་དགས་,རི་དྭགས་}གྱུར་ཚེ་གང་གཱའི་རླབས་ཤུགས་ཀྱིས། ། ཁྱེར་བ་ཞིག་ནི་ང་ཡིས་བསྒྲལ་བྱས་པ། ། དེ་ཡིས་ གསོད་པ་ང་གན་ཁྲིད་དེ་འོངས། ། འོན་ཀྱང་དེ་ལ་ང་ནི་ཡིད་མ་ཁྲོས། ། རྒྱ་མཚོའི་དབུས་སུ་སོན་སྟེ་མགོན་མེད་པ། ། ཚོང་པ་ལྔ་བརྒྱ་དག་ནི་བསྒྲལ་བྱས་ནས། ། བཀྲེས་པ་དེ་དག་རྣམས་ཀྱིས་བསད་གྱུར་ཚེ། །
BO
རུ་སྦལ་སྐྱེ་གནས་གྱུར་ཀྱང་བྱམས་དང་ལྡན། ། ང་ནི་བྱང་ཆུབ་སྤྱད་ པ་སྤྱོད་པ་ན། ། སྔོན་ཆད་ཆུ་ན་རྒྱུ་བའི་ཉར་གྱུར་ཚེ། ། སེམས་ཅན་ཕན་ཕྱིར་ང་ཡིས་ལུས་བཏང་སྟེ། ། སྲོག་ཆགས་བརྒྱ་སྟོང་དག་གིས་ཟོས་པར་གྱུར། ། སྲོག་ཆགས་དེས་པར་གང་ཚེ་གྱུར་པ་ན། ། ནད་བརྒྱས་གཟིར་བའི་འགྲོ་བ་མཐོང་ནས་སུ། ། ལུས་ནི་སྨན་ལྟ་བུར་ཡང་བསྒྱུར་ བྱས་ཏེ། ། སེམས་ཅན་བདེ་ཞིང་ནད་ཀྱང་མེད་པར་བྱས། ། {རི་དགས་,རི་དྭགས་}རྒྱལ་པོ་སེང་གེར་གྱུར་པའི་ཚེ། ། མཐུ་སྟོབས་ལྡན་པར་གྱུར་ཅིང་སྙིང་རྗེར་ལྡན། ། མདའ་ཡིས་བསྣུན་ཀྱང་ཁྲོས་པའི་སེམས་མེད་དེ། ། དེ་ཚེ་གསོད་ལ་ང་ཡིས་བྱམས་པ་བྱས། ། དུང་དང་བ་མོ་ལྟ་བུའི་ རྟ་རྒྱལ་དུ། ། ང་སྔོན་རྒྱ་མཚོའི་ངོགས་སུ་གྱུར་པའི་ཚེ། ། སྲིན་མོའི་ནང་དུ་སོན་པའི་ཚོང་པ་རྣམས། ། ང་ཡིས་སྙིང་བརྩེ་སྙིང་རྗེ་བསྐྱེད་ནས་བསྒྲལ། ། འགྲོ་བའི་དོན་དུ་བྱང་ཆུབ་སྤྱད་སྤྱོད་ཚེ། ། འདབ་ཆགས་ཀུན་{ལར་}ནི་ང་གྱུར་ཚེ། ། འདོད་པའི་ཡོན་ཏན་ཉེས་པ་མང་སྤངས་ནས། ། བུད་མེད་དབང་དུ་ང་ནི་སོང་མ་གྱུར། ། གེལ་བའི་ནགས་གནས་རི་བོང་གྱུར་པའི་ཚེ། ། ལེགས་སྤྱོད་རི་བོང་ཚོགས་གྱུར་དེ་ལ་བསྟན། །
BO
ཐུབ་པ་གནས་ལ་གནས་པ་བཀྲེས་ཕོངས་པ། ། དེ་ཡི་ཆེད་དུ་ངས་ནི་ལུས་ཀྱང་བཏང་། ། སྡོང་པོ་མེ་ཏོག་འབྲས་རྒྱས་ནེ་ཙོའི་ཚེ། ། སྡོང་པོ་སྐམས་ ཀྱང་ངས་ནི་དེ་མ་བཏང་། ། དེ་ཚེ་བརྒྱ་བྱིན་བྱས་གཟོས་ང་མཐོང་ནས། ། སྡོང་པོ་དེ་ནི་ལོ་འབྲས་རྒྱས་པར་བྱས། ། ང་ནི་སྤྲ་ཡི་རྒྱལ་པོར་གྱུར་པའི་ཚེ། ། མི་ཡི་རྒྱལ་པོ་ཀླུ་ཡིས་ཡུལ་བཅོམ་སྟེ། ། སྤྲ་ཡི་ཚོགས་ལ་གནོད་པ་བྱུང་མཐོང་ནས། ། རྒྱལ་པོའི་འཇིགས་ལས་དེ་དག་ངས་ བཏོན་ཏོ། ། ང་སྔོན་ནེ་ཙོར་གྱུར་ཏེ་ཕ་མའི་ཕྱིར། ། སཱ་ལུ་བླངས་ཚེ་མི་ཡིས་བཟུང་ནས་ནི། ། ནེ་ཙོ་ཅི་ཕྱིར་ང་ཡི་སཱ་ལུ་ལེན། ། ལོ་ཏོག་སྨིན་འདི་མ་རུང་བྱར་སེམས་སམ། ། ནེ་ཙོ་དེས་སྨྲས་བཟང་པོ་གསན་དུ་གསོལ། ། བདག་ནི་རྐུ་བས་ཁྱོད་ཀྱི་འབྲས་མི་ལེན། ། ཕ་མ་རྒན་རྒོན་ གཉིས་ནི་གསོ་བའི་ཕྱིར། ། དེ་ལ་སྙིང་རྗེས་བདག་གིས་སཱ་ལུ་བླངས། ། གང་ཚེ་ཐོག་མས་ས་བོན་འདེབས་པའི་ཚེ། ། འགྲོ་བ་ཀུན་ལ་ཆ་ཤས་སྦྱིན་ནོ་ཞེས། ། དེ་སྐད་ཚིག་སྨྲས་དེ་ནི་བདག་ཐོས་ཏེ། ། དེས་ན་བདག་ནི་རྐུ་བར་གཞར་མི་འགྱུར། ། ནེ་ཙོ་ལེགས་སོ་སཱ་ལུ་ཅི་དགར་ ཁྱེར། ། སྲིད་ཞུ་འདི་ནི་མི་ཡི་ནང་ནའང་དཀོན། །
BO
ཁྱོད་ནི་མི་ཡི་ནང་འདིར་དུད་འགྲོ་ཡིན། ། ལེགས་སོ་ཁྱོད་ནི་དུལ་ཞིང་ཡང་དག་བསྡམས། ། བྱང་ཆུབ་རྡུལ་བྲལ་དམ་པ་ཚོལ་བ་ན། ། སྔོན་ཆད་སྤྱོད་པ་དེ་ལ་སོགས་པ་རྣམས། ། སྤྱད་པའི་ཚེ་ན་དཀའ་བ་བརྒྱ་ལ་ཡང་། ། ང་ཡི་ ཡིད་ནི་སྐྱོ་བར་གྱུར་པ་མེད། ། ནང་གི་དག་གམ་འོན་ཏེ་ཕྱིར་ཡང་རུང་། ། ང་ཡིས་དངོས་པོ་མ་བཏང་གང་ཡང་མེད། ། ཚུལ་ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང་། ། བསམ་གཏན་ཐབས་དང་ཤེས་རབ་ངས་སྤྱད་དོ། ། ཤ་དང་པགས་པ་དེ་བཞིན་རྐང་དང་ཁྲག ། དེ་དག་རང་གི་ ལུས་ལས་སྦྱིན་པ་བྱས། ། བས་མཐའ་དག་དང་ཕུག་ན་རྒྱུ་བའི་ཚེ། ། ངས་ནི་དེ་ཚེ་ལུས་ནི་སྐམས་པར་བྱས། ། གང་ལ་སྦྱར་ན་རྒྱལ་བར་འགྱུར་བ་ཡི། ། སྦྱངས་པ་གང་དག་རྒྱལ་བས་བསྟན་མཛད་པ། ། སྦྱངས་པ་དེ་ལ་རྟག་ཏུ་རབ་བརྩོན་ཏེ། ། སྔོན་སྤྱོད་ཚེ་ན་ང་ནི་རྟག་ཏུ་འཇུག ། སྤྱོད་པའི་ ཚེ་ན་ང་ཡིས་གང་བསྟེན་པ། ། བརྟུལ་ཞུགས་རྒྱ་ཆེན་དེ་འདྲ་དེ་དག་དང་། ། སྤྱོད་པ་འདི་ཐོས་ནས་ནི་དེ་དག་རྣམས། ། ཚིག་གཅིག་ལ་ཡང་འདུན་པར་མི་འགྱུར་རོ། ། འདི་ཐོས་གྱུར་ནས་དེ་ཡི་ཚེ་ན་ནི། ། བསྟན་པ་འདི་ཉིད་ལ་ནི་འཕྱ་བར་འགྱུར། ། དེ་དག་ཟས་དང་འཁྲིག་པ་ ལྷུར་ལེན་ཅིང་། །
BO
རྟག་ཏུ་གཉིད་ནོན་ཁྭ་ལྟར་གཡོ་ངན་འགྱུར། ། རྟག་ཏུ་འཕགས་པ་མ་ཡིན་ཆོས་ལ་སྡང་། ། བསྟན་པ་སུན་འབྱིན་བྱེད་ཅིང་ཡོན་ཏན་ཉམས། ། ཞི་བའི་ཆོས་ནི་ཐོས་པར་གྱུར་པ་ན། ། འདི་ནི་རྒྱལ་བས་གསུངས་པ་མིན་ཞེས་ཟེར། ། ང་ཡི་སློབ་དཔོན་ཐོས་པ་རྒྱ་མཚོར་ གྱུར། ། མང་དུ་ཐོས་པ་སྨྲ་བའི་གཙོ་བོ་ཡིན། ། དེ་ཡིས་འདི་ནི་རྣམ་པ་ཇི་ལྟར་ཡང་། ། སངས་རྒྱས་བཀའ་མ་ཡིན་ཞེས་དགག་པ་བྱས། ། ཕ་རོལ་ལས་ཀྱང་རྒན་པར་གྱུར་དེ་ཡི། ། བླ་མ་དེ་ནི་དཔག་མེད་ཡོན་ཏན་ཆུང་། ། དེས་ཀྱང་འདི་ནི་བླང་བ་མ་བྱས་ཀྱི། ། འདི་ལ་མ་འཇུག་ འདི་ནི་ནོར་བ་ཡིན། ། གང་ལ་བདག་ཡོད་མ་ཡིན་སྲོག་མེད་དང་། ། རྣམ་པ་ཅིས་ཀྱང་གང་ཟག་མེད་བསྟན་པ། ། ཚུལ་ཁྲིམས་སྦྱོར་དང་སྡོམ་པའི་བྱ་བ་ལ། ། གང་འབད་དེ་ཡི་ངལ་བ་དོན་མེད་འགྱུར། ། གལ་ཏེ་ཐེག་པ་ཆེན་པོ་ཡོད་ན་ནི། ། འདི་ལ་བདག་དང་སེམས་ཅན་ ཤིང་སྐྱེས་མེད། ། གང་ལ་བདག་དང་སེམས་ཅན་མི་དམིགས་པ། ། དེ་ལ་བདག་གིས་ངལ་བྱས་དོན་མེད་འགྱུར། ། སྡིག་པའི་བློ་དང་མུ་སྟེགས་ངན་མཚུངས་པས། ། རང་གི་བློ་ཡིས་རང་བཟོར་བྱེད་པ་སྟེ། ། དགེ་སློང་འཁོར་གྱི་ནང་དུ་རྒྱལ་བ་ནི། ། ཚིག་འདི་གསུང་བར་ནམ་ཡང་མི་ འགྱུར་རོ། །
BO
ངོ་ཚ་ཁྲེལ་དང་འཛེམ་དང་བྲལ་བ་དང་། ། ཁྭ་ལྟར་སྤྱི་བརྟོལ་ཆེ་ལ་རྒོད་གཏུམ་ཞིང་། ། ཕྲག་དོག་ང་རྒྱལ་རྒྱགས་པས་ཚིག་པ་ཡི། ། དགེ་སློང་དག་ནི་ང་ཡི་བསྟན་ལ་འབྱུང་། ། ལག་པ་དང་ནི་རྐང་པ་རྡོབ་བྱེད་ཅིང་། ། ཆོས་གོས་གྲྭ་རྣམས་ཀྱང་ནི་སྐྱོག་པར་བྱེད། ། ཆོས་གོས་ཐོགས་ཤིང་ཆད་དང་རྒྱགས་མྱོས་ནས། ། གྲོང་དང་ཁྱིམ་དག་ཏུ་ནི་རྣམ་པར་རྒྱུ། ། དེ་དག་སངས་རྒྱས་རྒྱལ་མཚན་ཐོགས་ནས་ནི། ། ཁྱིམ་ན་གནས་པའི་སྐྱེ་བོ་སྟེན་པར་བྱེད། ། བསྟན་པ་ཡོན་ཏན་ཕུང་པོ་འདི་སྤངས་ནས། ། དེ་དག་རྟག་ཏུ་ཕྲིན་ཡིག་ཁྱེར་བར་བྱེད། ། དེ་དག་བ་ ལང་རྟ་དང་བོང་བུ་དང་། ། དེ་དག་ཕྱུགས་དང་བྲན་ཕོ་བྲན་མོ་སྲེལ། ། ཞིང་གི་ལས་དང་ཚོང་གི་སྦྱོར་བ་ལ། ། བརྩོན་ཡིད་ལྡན་ཞིང་རྟག་ཏུ་འཕགས་མ་ཡིན། ། དེ་དག་འཕགས་མིན་ཚིག་ཀྱང་མི་སྨྲ་མེད། ། བྱ་བ་མ་ཡིན་པ་ཡང་གང་ཡང་མེད། ། དེ་དག་རྣམས་ལ་མཆོད་རྟེན་ནོར་ དང་ནི། ། དགེ་འདུན་གྱི་དང་གང་ཟག་ནོར་དེ་མཚུངས། ། དགེ་སློང་ཡོན་ཏན་འབྱོར་པ་མཐོང་ནས་ནི། ། དེ་དག་ལ་ཡང་མི་སྙན་རྗོད་བྱེད་དེ། ། ཚུལ་ཁྲིམས་འཆལ་པ་སླུ་བ་ཞུགས་ནས་ནི། ། བུད་མེད་འཇིགས་བྱེད་མི་བཟད་རབ་ཅེས་རྗོད། །
BO
རབ་ཏུ་བྱུང་བ་དེ་དག་བརྐམ་པ་ ལྟར། ། ཁྱིམ་པ་འདོད་པས་བརྐམ་པ་དེ་ལྟར་མིན། ། ཁྱིམ་པ་མཚུངས་པར་དེ་དག་ཆུང་མ་དང་། ། བུ་དང་བུ་མོ་དག་ཀྱང་ཡོད་པར་འགྱུར། ། གང་གི་ཁྱིམ་དུ་དེ་དག་ཆོས་གོས་དང་། ། ལུས་དང་ལོངས་སྤྱོད་དག་གིས་བསྙེན་བཀུར་བ། ། དེ་ཡི་ཆུང་མ་ལ་ནི་ཡོངས་ཆགས་ཤིང་། ། ཉོན་ མོངས་དབང་འགྲོ་རྟག་ཏུ་འཕགས་པ་མིན། ། འདོད་པ་འདི་དག་བསྟེན་བྱ་མ་ཡིན་ཏེ། ། དུད་འགྲོ་{ཡི་དགས་,ཡི་དྭགས་}དམྱལ་བར་ལྟུང་བྱེད་ཅེས། ། དེ་དག་ཁྱིམ་པ་རྣམས་ལ་རྟག་སྨྲ་ཞིང་། ། དེ་དག་བདག་ཉིད་མ་དུལ་ཉེར་ཞི་མིན། ། ཇི་ལྟར་དེ་དག་བདག་ཉིད་མ་དུལ་བ། ། དེ་དག་སློབ་མ་ཚོགས་ཀྱང་ རབ་མ་དུལ། ། ཁ་ཟས་དག་དང་འཁྲིག་པའི་གཏམ་རྣམས་ལ། ། དེ་དག་ཉིན་དང་མཚན་དུ་འགྲོ་བར་བྱེད། ། བསྟེན་པའི་ཕྱིར་གྱི་ཡོན་ཏན་ཕྱིར་མིན་ཏེ། ། དེ་དག་ལ་ནི་དེ་དག་བསྡུ་བ་སྦྱིན། ། འགྲོ་ལས་རྟག་འདིར་མཆོད་པ་ཐོབ་སྙམ་ནས། ། རང་གི་སློབ་མའི་ཚོགས་ཀྱིས་བདག་ཀྱང་ བསྐོར། ། དེ་དག་སྐྱེ་བོ་རྣམས་ལ་སྨྲ་བ་ནི། ། བདག་གིས་སྙིང་རྗེས་འདི་དག་སྡུད་བྱེད་ཀྱི། ། སློབ་མའི་ཚོགས་དེ་དག་ལས་ནམ་ཡང་ནི། ། རིམ་གྲོ་དོན་དུ་གཉེར་བ་མེད་ཅེས་སྨྲ། །
BO
དེ་ལ་ནད་ཀྱིས་ནོན་དང་མཛེ་ཅན་མང་། ། ལུས་ལ་ཤ་བཀྲ་ཅན་དང་གཟུགས་མི་སྡུག ། རྟག་ཏུ་ འཕགས་མིན་མི་དག་ཁ་ཅིག་ཀྱང་། ། འོངས་ཞིང་ལྷགས་པ་རབ་ཏུ་འབྱིན་པར་འགྱུར། ། ལུང་ནོད་པ་དང་སྡོམ་པ་རྣམ་པར་ཉམས། ། དེ་དག་དགེ་སློང་ཡོན་ཏན་རྟག་མི་བརྩོན། ། དེ་དག་ཁྱིམ་པ་མ་ཡིན་དགེ་སློང་མིན། ། དེ་དག་སྤངས་པ་དུར་ཁྲོད་ཤིང་དང་མཚུངས། ། དེ་དག་སོ་ སོར་ཐར་དང་བསླབ་པ་དང་། ། འདུལ་བ་ལ་ཡང་གུས་པར་བྱེད་མི་འགྱུར། ། དེ་དག་རང་ཉམས་རང་དབང་འགྲོ་བ་སྟེ། ། ལྕགས་ཀྱོ་བཏང་བའི་གླང་པོའི་དབང་པོ་འདྲ། ། དེ་དག་ནགས་སུ་གནས་པར་གྱུར་ཀྱང་ནི། ། སེམས་ནི་གྲོང་དུ་འགྲོ་བར་འགྱུར་བ་སྟེ། ། ཉོན་མོངས་མེ་ཡིས་རྟག་ཏུ་རབ་གདུངས་ལ། ། དེ་དག་སེམས་ཀྱང་གནས་པ་མེད་པར་འགྱུར། ། དེ་དག་སངས་རྒྱས་ཡོན་ཏན་ཐམས་ཅད་དང་། ། བསླབས་དང་སྦྱངས་དང་ཐབས་ཀྱང་བརྗེད་ནས་ནི། ། རྒྱགས་དང་ང་རྒྱལ་དྲེགས་པ་ཡོངས་རྒྱས་ཏེ། ། དེ་དག་མི་བཟད་མནར་མེད་ལྟུང་བར་ འགྱུར། ། དེ་དག་རྒྱལ་པོའི་གཏམ་ལ་རྟག་དགའ་ཞིང་། ། རྐུན་པོའི་གཏམ་བརྗོད་པ་ལའང་རབ་ཏུ་དགའ། ། ཉེ་དུ་གཉེན་ལའང་རབ་ཏུ་དགའ་བ་སྟེ། ། དེ་དག་ཉིན་དང་མཚན་དུ་སེམས་པར་བྱེད། །
BO
བསམ་གཏན་དང་ནི་ཁ་ཏོན་བཏང་ནས་སུ། ། རྟག་ཏུ་གཙུག་ལག་ཁང་གི་ལས་ ལ་བརྩོན། ། གནས་ལ་བརྐམ་ཞིང་ཁྲོ་གཉེར་འབྱིན་པར་བྱེད། ། དེ་དག་སློབ་མ་འཁོར་ཀྱང་མ་དུལ་བ། ། ང་ནི་གཙུག་ལག་ཁང་གི་ལག་གི་བླ། ། བདག་གི་ཆེད་དུ་འདི་ནི་ངས་བྱས་ཏེ། ། དགེ་སློང་གང་དག་ང་ཡི་རྗེས་འཐུན་པ། ། གཙུག་ལག་ཁང་འདིར་དེ་དག་གནས་ཡོད་དོ། ། གང་དག་ཚུལ་ཁྲིམས་ལྡན་ཞིང་ཡོན་ཏན་ལྡན། ། ཆོས་འཛིན་སྐྱེ་བོའི་དོན་ལ་མངོན་བརྩོན་པ། ། དུལ་ཞིང་ཡང་དག་སྡོམ་ལ་རྟག་བརྩོན་པ། ། དེ་དག་རྣམས་ནི་སྡུད་པར་མི་བྱེད་དོ། ། འདི་ནི་ང་ཡི་གནས་སུ་བསྐོས་པ་སྟེ། ། འདི་ནི་ང་ཡི་ལྷན་ཅིག་གནས་པའི་ཡིན། ། འདི་ནི་ང་ཡི་དགའ་བར་ བྱེད་པའི་ཡིན། ། ཁྱོད་ཀྱི་གནས་ནི་གང་ཡང་མེད་ཀྱིས་སོང་། ། འདིར་ནི་དགེ་སློང་དག་ཀྱང་མང་བཀོད་དེ། ། མལ་ཆ་རྣམས་ཀྱང་མ་ལུས་བགོས་ཟིན་ལ། ། འདི་ན་རྙེད་པ་འབྱུང་བ་ཡོད་མ་ཡིན། ། འདིར་ནི་ཅི་ཞིག་སྤྱད་ཀྱིས་དགེ་སློང་སོང་། ། དེ་དག་ལ་ནི་མལ་སྟན་བགོ་བྱ་བ། ། ནམ་དུའང་སྲིད་པར་འགྱུར་བ་མ་ཡིན་ ཏེ། ། དེ་དག་ཁྱིམ་པ་ལྟ་བུར་སོགས་འགྱུར་ཞིང་། ། འཚོག་ཆས་རྣམས་དང་གཡོག་འཁོར་མང་བར་འགྱུར། ། ཕྱི་མའི་དུས་ན་ང་ཡི་བུ་དེ་དག །
BO
ཀུན་ཏུ་སྨད་པར་བྱས་པར་གྱུར་ནས་ནི། ། དེ་དག་ང་ཡི་ཚིག་ནི་དྲན་གྱུར་ཏེ། ། བས་མཐའ་དག་དང་ནགས་སུ་དེ་ཚེ་གནས། ། ཀྱི་ ཧུད་རྙེད་པས་ཟིལ་གནོན་ཡོན་ཏན་སྡང་། ། དགེ་སློང་མང་པོ་གང་དུ་བྱུང་གྱུར་པ། ། རྒྱལ་བ་དམ་པ་ཡི་ནི་བསྟན་པ་དག ། རིང་པོར་མི་ཐོགས་པར་ཡང་འཇིག་པར་འགྱུར། ། ཕྱིས་དུས་ཚུལ་ཁྲིམས་ཡོན་ཏན་ལྡན་པ་དག ། རྟག་པར་ཡོངས་སུ་བརྙས་པར་འགྱུར་བ་སྟེ། ། དེ་དག་ གྲོང་དང་ཡུལ་འཁོར་གྲོང་ཁྱེར་རྣམས། ། སྤངས་ནས་དགོན་པ་ནགས་སུ་གནས་པར་གྱུར། ། འབྱེད་དང་ཟུར་ཟེར་ཐབ་མོ་དགའ་བ་དང་། ། ཡོན་ཏན་ཉམས་ལ་རྟག་ཏུ་བསྟི་སྟང་བྱེད། ། དེ་དག་སྐྱེ་བོའི་སྟོན་པར་གྲགས་འགྱུར་ཏེ། ། དེ་དག་ང་རྒྱལ་རྒྱགས་པས་ཚིག་པར་འགྱུར། ། འདིར་ནི་ང་ཡི་བསྟན་པ་ཡོན་ཏན་གཏེར། ། ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག་དགའ་བ། ། འདི་ནི་ཚུལ་ཁྲིམས་ཉམས་དང་ཕྲག་དོག་དང་། ། རྒྱགས་པའི་སྐྱོན་རྣམས་ཀྱིས་ནི་འཇིག་པར་འགྱུར། ། ཇི་ལྟར་རིན་ཆེན་འབྱུང་གནས་སུབས་པ་དང་། ། པད་མའི་རྫིང་བུ་ཡོངས་སུ་སྐམས་པ་དང་། ། རིན་ཆེན་མཆོད་སྡོང་ཆག་པར་གནས་པ་ལྟར། ། ཕྱི་མའི་དུས་ན་བསྟན་པ་འཇིག་པར་འགྱུར། ། ཕྱི་མའི་དུས་ཀྱི་ཚེ་ན་དམ་པའི་ཆོས། །
BO
རྣམ་པར་འཇིག་འགྱུར་ཤིན་ཏུ་མི་བཟད་ཚེ། ། དགེ་སློང་དུལ་བ་མ་ཡིན་དེ་འདྲ་བ། ། དེ་དག་ང་ཡི་བསྟན་འདི་འཇིག་པ་ཡིན། ། སྤྱོད་པ་འདི་ལ་སྟེན་ པར་དགའ་བ་རྣམས། ། དེ་དག་བཟང་འགྲོ་ག་ལ་ཡོད་དེ་རིང་། ། འདི་ནས་ཤི་འཕོས་{ཡི་དགས་,ཡི་དྭགས་}འགྲོ་བ་དང་། ། དུད་འགྲོའི་འགྲོ་དང་སེམས་ཅན་དམྱལ་བར་གནས། ། ལོ་བརྒྱ་དུ་མར་སྡུག་བསྔལ་མཐའ་ཡས་པ། ། མི་བཟད་དྲག་པོ་ཉམས་སུ་མྱོང་བར་འགྱུར། ། ཅི་སྟེ་དེ་ཡིས་ མི་ཡི་ལུས་རྙེད་ཀྱང་། ། རྟག་ཏུ་སྡུག་བསྔལ་མྱ་ངན་ལྡན་པར་འགྱུར། ། སྡིག་པའི་སྤྱོད་པ་འདི་ལ་རྟག་སྟེན་པ། ། ལོང་བའམ་འོན་པའམ་ཞར་བར་སྐྱེ་བར་འགྱུར། ། ལུས་ལ་རྟག་ཏུ་ཤ་བཀྲ་འབྱུང་བར་འགྱུར། ། འཇིགས་པའི་གཟུགས་ཅན་མཐོང་ན་འཇིགས་པར་འགྱུར། ། གང་ ཞིག་ཡ་ངའི་སྤྱོད་པ་སྟེན་པ་ནི། ། དེ་ལ་སུ་ཡང་ཡིད་རྟོན་མི་འགྱུར་ཏེ། ། དེ་ཡི་ཚིག་ལ་ཡིད་ཆེས་མི་འགྱུར་ཞིང་། ། དེ་ནི་རྟག་ཏུ་སྨ་འབབ་པར་ཡང་འགྱུར། ། དེ་དག་ནད་དང་སྡུག་བསྔལ་བརྒྱ་ཡིས་གདུངས། ། མཚོན་དང་ཤིང་དང་བོང་བ་རྣམས་ཀྱིས་བསྣུན། ། བཀྲེས་དང་སྐོམ་ པའི་འཇིགས་པས་ཡོངས་སུ་གདུངས། ། ཡང་ན་དེ་ནི་རྟག་པར་རབ་ཏུ་བརྙས། །
BO
སྡུག་བསྔལ་མཐའ་ཡས་པ་དག་ཐོས་ནས་ནི། ། དེས་པ་རྣམས་ཀྱི་སྡིག་པའི་སྤྱོད་འོར་ལ། ། ལེགས་པར་སྤྱོད་ལ་རྟག་ཏུ་བསྟེན་པར་གྱིས། ། འདི་ནས་ཕྱིན་ཆད་འགྱོད་པར་གྱུར་ཏ་རེ། ། གང་ཞིག་སངས་རྒྱས་དང་ནི་འཕགས་ཚོགས་དང་། ། བསླབ་དང་སྦྱངས་པའི་ཆོས་ལ་དགའ་གྱུར་པ། ། གཉེན་དང་རྙེད་དང་གྲགས་རྗོད་སྤང་བྱོས་ལ། ། དེ་ལྟར་རྟག་ཏུ་མངོན་པར་བརྩོན་པར་གྱིས། ། འདུས་བྱས་འདི་ནི་སྒྱུ་མ་ལྟ་བུ་དང་། ། འཇིག་པར་འགྱུར་དང་རྨི་ལམ་ལྟ་བུ་དང་། ། སྡུག་པ་ ཀུན་དང་མི་རིང་འབྲལ་འགྱུར་ཞིང་། ། འདི་ལ་རྟག་པ་གང་ཡང་མེད་རྟོག་ལ། ། ཕ་རོལ་ཕྱིན་དང་ས་དང་སྟོབས་རྣམས་ལ། ། རྟག་ཏུ་རབ་ཏུ་སྦྱོར་ཞིང་འབད་པར་གྱིས། ། ཇི་སྲིད་བྱང་ཆུབ་མཆོག་སངས་མ་རྒྱས་པར། ། དེ་སྲིད་བརྩོན་འགྲུས་ནམ་ཡང་ཉམས་མི་བྱ། ། གླེང་གཞིའི་ལེའུ་ཞེས་བྱ་སྟེ་ དང་པོའོ། ། ། ། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཕལ་ཆེར་ལ་སྐྱོན་དེ་དག་འབྱུང་བར་འགྱུར་ཏེ། མི་བརྩོན་པ་དག་ནི་མི་བརྩོན་པ་དག་ལ་མཆོད་པར་འགྱུར། གཡོ་དང་ལྡན་པ་དག་ནི་གཡོ་དང་ལྡན་པ་དག་ལ་མཆོད་པར་འགྱུར། མི་ཤེས་པ་ དག་ནི་མི་ཤེས་པ་དག་ལ་བསྟི་སྟང་བྱེད་པར་སེམས་པར་འགྱུར་ལ།
BO
ཟང་ཟིང་ལ་དགའ་བར་འགྱུར་ཞིང་ཆགས་པ་མང་བ་དང་། ཁྱིམ་ལ་སེར་སྣ་བྱེད་པ་དང་། གཡོ་དང་ལྡན་པ་དང་། བྱ་ཁྭ་ལྟར་མུ་ཅོར་སྨྲ་བ་དང་། ཚུལ་འཆོས་པ་དང་། ཉེ་དུ་ལྷུར་ལེན་པར་འགྱུར། ཕན་ཚུན་བསྔགས་པ་སྨྲ་བས་ རྙེད་པ་སྒྲུབ་པར་འགྱུར། རྙེད་པ་ཡོངས་སུ་བཙལ་བའི་ཕྱིར་དེ་དག་གྲོང་དུ་འཇུག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མ་ཡིན། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་མ་ཡིན་པར་འགྱུར། དེ་དག་མི་ཤེས་བཞིན་དུ་ཇི་ལྟར་ན་བདག་ལ་ཕ་རོལ་གྱིས་མང་དུ་ཐོས་པ་དང་། དགེ་བའི་ཆོས་དང་ལྡན་པར་ཤེས་ པར་འགྱུར། སྙམ་དུ་བདག་ཤེས་པ་དང་ལྡན་པར་ཁས་འཆེ་བར་འགྱུར། ཇི་ལྟར་འདིར་མི་བརྩོན་པ་དེ་བཞིན་དུ་ཞེས་མེད་པར་འགྱུར། སྣོད་ཆག་པ་བཞིན་དུ་འགྱུར། གཅིག་ལ་གཅིག་འཁྲུལ་པ་ཚོལ་བ་དང་། སྦྱོར་བ་ཉམས་པ་དང་། མི་ཤེས་པ་དང་། ལེ་ལོ་ཅན་དང་། ཕན་ཚུན་མི་འཐུན་པའི་ ཆོས་བགྲོ་བ་བྱེད་པ་དང་ཡེ་ཤེས་ལ་མི་རྟོག་པ་མང་བ་དང་། རང་དགར་བྱེད་པ་དང་། ཤར་གཉེར་བ་དམ་པ་དང་། གནོད་སེམས་ཀྱིས་རྒྱས་པ་དང་། རིགས་པ་མ་ཡིན་པའི་འཁོར་གྱི་སྐྱེ་བོ་དང་བགྲོ་བ་བྱེད་པས་བསྟན་པ་འདི་ལ་སྤྱོད་པར་འགྱུར། ཡོངས་སུ་མི་འདྲི་བའི་ངང་ཚུལ་ཅན་དང་།
BO
ཆོས་ མཉན་པ་དོན་དུ་མི་གཉེར་བར་འགྱུར། མི་རིགས་པའི་སྤྱོད་པས་དབུལ་པོའི་ཁྱིམ་རྣམས་སུ་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར། དེ་དག་དབུལ་པོའི་ཁྱིམ་ནས་རབ་ཏུ་བྱུང་ནས་རྙེད་པ་ཙམ་གྱིས་བསྟན་པ་འདི་ལ་དགའ་བ་སྐྱེད་པར་འགྱུར་རོ། ། དེ་དག་ལ་ཉེས་པ་བཤགས་པ་ཡང་མེད་པར་འགྱུར་ན་ཡེ་ ཤེས་མངོན་པར་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་དག་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་བོར་ནས་ཤེས་ཀྱི་ཁེ་དང་རྙེད་པ་ཙམ་གྱིས་བདག་དགེ་སྦྱོང་ངོ་ཞེས་བདག་ཉིད་ཁས་འཆེ་བར་འགྱུར་ཏེ། ཡུལ་འཁོར་སྐྱོང་ང་ནི་གང་ཟག་དེ་ལྟ་བུ་དེ་དག་ལ་རྗེས་སུ་འཐུན་པའི་བཟོད་པ་ཡང་མི་སྨྲ་ན་སངས་རྒྱས་ཀྱི་ཡེ་ཤེས་ལྟ་ག་ལ་ཞིག་ དེ་དག་ལ་ནི་བདེ་འགྲོ་ཡང་རིང་ན་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས། ཡུལ་འཁོར་སྐྱོང་གང་ཟག་དེ་ལྟ་བུ་དེ་དག་ལ་བྱང་ཆུབ་ཀྱི་བར་ཆད་བྱེད་པའི་ཆོས་བརྒྱད་ཡོད་པར་སྨྲ་སྟེ། བརྒྱད་གང་ཞེ་ན། ངན་སོང་གསུམ་དུ་སྐྱེ་བ་དང་། མཐའ་ཁོབ་པའི་མིའི་ནང་དུ་སྐྱེ་བ་དང་། དབུལ་བའི་ཁྱིམ་དུ་སྐྱེ་བ་དང་། རིགས་དམའ་ བར་སྐྱེ་བ་དང་། མདོག་ངན་ཅིང་རྟོགས་པ་ཞན་པ་དང་། སྡིག་པའི་བཤེས་གཉེན་དང་ཕྲད་པ་དང་། ནད་མང་བ་དང་།
BO
ཡ་ང་བ་མ་སྤངས་པས་འཆི་བའི་དུས་བྱེད་པར་འགྱུར་བ་སྟེ། ཡུལ་འཁོར་སྐྱོང་ཆོས་བརྒྱད་པོ་དེ་དག་ནི་བྱང་ཆུབ་ཀྱི་བར་ཆད་བྱེད་པར་བརྗོད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཡུལ་འཁོར་ སྐྱོང་ཚིག་གིས་ཁས་འཆེ་བ་ལ་བྱང་ཆུབ་ཅེས་ང་མི་སྨྲའོ། ། ཚུལ་འཆོས་པ་ལ་སྤྱོད་པ་ཡོངས་སུ་དག་པ་ཞེས་ང་མི་སྨྲའོ། ། གཡོ་བྱེད་པ་ལ་བྱང་ཆུབ་ཀྱི་སྤྱོད་པ་ཞེས་ང་མི་སྨྲའོ། ། ཟང་ཟིང་ལྷུར་ལེན་པ་ལ་སངས་རྒྱས་ལ་མཆོད་པ་ཞེས་ང་མི་སྨྲའོ། ། མངོན་པའི་ང་རྒྱལ་ཅན་ལ་ཤེས་རབ་ཡོངས་སུ་དག་པ་ ཞེས་ང་མི་སྨྲའོ། ། ཤེས་རབ་འཆལ་པ་ལ་ཐེ་ཚོམ་གཅོད་པ་ཞེས་ང་མི་སྨྲའོ། ། སེར་སྣ་ཅན་ལ་བསམ་པ་ཡོངས་སུ་དག་པ་ཞེས་ང་མི་སྨྲའོ། ། མི་བརྩོན་པ་མང་བ་ལ་གཟུངས་ཐོབ་པ་ཞེས་ང་མི་སྨྲའོ། ། ཡང་དག་པའི་ཡོན་ཏན་མ་ཡིན་པ་ཡོངས་སུ་ཚོལ་བ་ལ་བདེ་འགྲོ་འཐོབ་ཅེས་ང་མི་སྨྲའོ། ། ཁྱིམ་ལ་སེར་སྣ་བྱེད་པ་ལ་ལུས་ཡོངས་སུ་དག་པ་ཞེས་ང་མི་སྨྲའོ། ། སྤྱོད་ལམ་བཅོས་མ་ཅན་ལ་སངས་རྒྱས་དང་ཕྲད་པ་ཞེས་ང་མི་སྨྲའོ། ། ཁྱིམ་ལ་ཆགས་པ་ལ་ངག་ཡོངས་སུ་དག་པ་ཞེས་ང་མི་སྨྲའོ། ། མ་གུས་པ་ལ་སེམས་ཡོངས་སུ་དག་པ་ཞེས་ང་མི་སྨྲའོ། ། ཚོད་ མི་ཤེས་པ་ལ་ཆོས་འདོད་པ་ཞེས་ང་མི་སྨྲའོ། །
BO
ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་ལ་ཆོས་ཡོངས་སུ་ཚོལ་བ་ཞེས་ང་མི་སྨྲའོ། ། ཡུལ་འཁོར་སྐྱོང་ཇི་ལྟར་སྐྱེས་བུ་བླུན་པོ་དེ་དག་ལ་སྨད་པ་ལྟར་སྟོན་པ་དྲུག་ལ་དེ་ལྟར་ང་མི་སྨོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་གཞན་སྨྲ་ལ་གཞན་དུ་བྱེད་ པའོ། ། ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། ཡང་དག་མ་བསྡམས་རྒོད་ཅིང་ཁེངས་པ་ཅན། ། མ་གུས་ང་རྒྱལ་ལྡན་ཞིང་ཆགས་ཤས་ཆེ། ། ཉོན་མོངས་ཟིལ་ནོན་ཐ་བ་ཉོན་ མོངས་བཅས། ། དེ་འདྲ་དག་ལ་བྱང་ཆུབ་མཆོག་རབ་རིང་། ། ཆགས་པས་ཟིལ་གྱིས་ནོན་ན་ལེ་ལོ་འཕེལ། ། ལེ་ལོས་ཟིལ་གྱིས་ནོན་ན་དད་པ་ཉམས། ། དད་པ་ཉམས་ན་ཚུལ་ཁྲིམས་རབ་ཏུ་ཉམས། ། ཚུལ་ཁྲིམས་འཆལ་བར་གྱུར་ན་བཟང་འགྲོ་ཉམས། ། དབུལ་པོར་གྱུར་པས་རབ་ ཏུ་བྱུང་གྱུར་ཏེ། ། མཆོད་པ་རྙེད་ནས་དབུལ་ལས་གྲོལ་བར་གྱུར། ། དེ་དག་གསེར་གྱི་ཁུར་ནི་བོར་ནས་སུ། ། གསོ་མའི་ཁུར་ནི་ལེན་པར་བྱེད་དང་མཚུངས། ། རྙེད་པ་དོན་དུ་གཉེར་བས་དགོན་པར་འགྲོ། ། དེར་སོང་ནས་ཀྱང་གོས་དང་ཉེ་དུ་ཚོལ། ། མངོན་ཤེས་རིག་དང་སྤོབས་པ་ ཕུན་སུམ་ཚོགས། །
BO
བོར་ནས་དེ་ནི་ཕྱིར་ཡང་ཉེ་དུ་འཛིན། རྨོངས་ནས་ང་རྒྱལ་དབང་གིས་ངན་སོང་ས། ། མི་ཁོམ་འགྲོ་བ་རྣམས་དང་དབུལ་པོ་དང་། ། དམའ་བའི་རིགས་སུ་སྐྱེ་དང་ལོང་བ་དང་། ། མདོག་ངན་པ་དང་མཐུ་ཆུང་དེ་དག་འཛིན། ། དེ་དག་ཚུལ་དང་སྤྱོད་པ་ཡོངས་ཉམས་དངོས། ། བག་མེད་རྙེད་ནས་དྲན་པ་རབ་ཏུ་ཉམས། ། གཡང་ས་ཆེན་པོ་མི་བཟད་ལྟུང་བར་འགྱུར། ། དེ་ནས་བསྐལ་བ་བྱེ་བར་ཐར་པ་མེད། ། གལ་ཏེ་འདིར་ནི་འཐོབ་པས་བྱང་ཆུབ་ན། ། དེ་ཕྱིར་ལྷས་བྱིན་གྱིས་ཀྱང་བྱང་ཆུབ་འཐོབ། ། རྣམ་པར་འཐོར་རླུང་གིས་ནི་བྱ་ལྟུང་ལྟར། ། ཆགས་པས་ཀྱང་ནི་དེ་ལྟར་ མི་རིགས་སོ། ། བསོད་ནམས་ཉམས་ཤིང་གཞན་གྱི་ཆུང་མ་ཆགས། ། ཚུལ་ཁྲིམས་མ་དག་དགེ་བ་རྣམས་ལས་ཉམས། ། བྱང་ཆུབ་སེམས་ཀྱིས་ཡེ་ཤེས་གང་མ་ཐོབ། ། དེ་དག་བསྟན་ལ་མི་དགོས་དུར་ཤིང་བཞིན། ། བྱང་ཆུབ་དོན་གཉེར་སངས་རྒྱས་ཆོས་ཚོལ་བ། ། དཔེར་ན་ཐར་པ་དེ་ བཞིན་མི་གནས་སོ། ། དེ་ནི་རྙོང་གིས་སྤྲེའུ་ལ་དམ་བྱས་ལྟར། ། ང་རྒྱལ་ཟིལ་ནོན་བྱང་ཆུབ་དེ་འདྲའོ། ། བྱང་ཆུབ་དོན་དུ་གཉེར་བས་ཆོས་ཚིག་ཕྱིར། ། ང་ཡིས་རང་གི་ཕངས་པའི་སྲོག་ཀྱང་བཏང་། ། ཆོས་དེ་བཏང་ནས་བརྩོན་དང་མི་ལྡན་པ། །
BO
དོན་མེད་གྱུར་ནས་བསྟན་ལས་ལྟུང་བར་འགྱུར། ། ངས་ནི་སྔོན་ཆད་ལེགས་པར་བཤད་དོན་ཕྱིར། ། གཡང་ས་ཆེན་པོ་མེ་ལྕེ་འབར་བར་མཆོངས། ། དེ་ཐོས་ནས་ནི་སྡུག་དང་མི་སྡུག་པ། ། ཐམས་ཅད་རྣམ་པར་སྤངས་ཏེ་ནན་ཏན་གནས། ། བསྟན་པ་སྣ་ཚོགས་ཡོན་ཏན་འབྱོར་ཐོས་ལ། ། དེ་དག་ནམ་ཡང་འདོད་པ་མི་སྐྱེད་ན། ། ཆོས་མིན་ འདོད་ལ་བྱང་ཆུབ་ག་ལ་ཡོད། ། དཔེར་ན་ལོང་བ་ལམ་གསལ་མེད་དང་མཚུངས། ། ཡུལ་འཁོར་སྐྱོང་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒྱ་ཆེ་བ། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔག་ཏུ་མེད་པ། ཚད་མེད་པར་གྱུར་པ་ དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དོན་ གྲུབ་བློ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། ཡུལ་འཁོར་སྐྱོང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འོད་ཟེར་ལྡན་ཞེས་བྱ་བ་ཞིག་བྱུང་ངོ་། །
BO
ཡུལ་འཁོར་སྐྱོང་རྒྱལ་པོ་འོད་ཟེར་ལྡན་ནི་འཛམ་བུའི་གླིང་དཔག་ཚད་ཁྲི་དྲུག་སྟོང་ལ་རྒྱལ་སྲིད་བྱེད་དོ། ། ཡུལ་འཁོར་སྐྱོང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་དེ་ན་གྲོང་ཁྱེར་ ཉི་ཁྲི་དང་། ཁྱིམ་བྱེ་བ་ཕྲག་སྟོང་ཡོད་དོ། ། ཡུལ་འཁོར་སྐྱོང་རྒྱལ་པོ་འོད་ཟེར་ལྡན་དེ་རྒྱལ་པོའི་ཕོ་བྲང་གང་ན་གནས་པ་རྒྱལ་པོ་འོད་ཟེར་ལྡན་དེའི་གྲོང་ཁྱེར་རིན་པོ་ཆེ་སྣང་བ་ཞེས་བྱ་བ་ཤར་ནུབ་ཏུ་ཆུར་དཔག་ཚད་བཅུ་གཉིས་པ། ལྷོ་བྱང་དུ་རྒྱར་དཔག་ཚད་བདུན་ཡོད་པ་རིན་པོ་ཆེ་སྣ་བདུན་གྱི་ཕྱིར་རབ་ རིམ་པ་བདུན་དང་། མིག་{མངས་,མང་}རིས་སུ་བྲིས་པས་མཛེས་པར་བྱས་པ་ཡོད་དོ། ། དེའི་ཚེ་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བཅུ་ཐུབ་པར་གྱུར་ཏོ། ། ཡུལ་འཁོར་སྐྱོང་རྒྱལ་པོ་འོད་ཟེར་ལྡན་གྱི་བུ་བསོད་ནམས་ཀྱི་འོད་ཟེར་ཞེས་བྱ་བ་གཟུགས་བཟང་བ། མཛེས་ པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དེ། དེ་བཙས་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་གྱི་གཏེར་སྟོང་བྱུང་བར་གྱུར་ཏོ། ། རྒྱལ་པོའི་ཁང་{བཟངས་ཀྱི་,བཟང་གི་}ནང་དུ་ཡང་རིན་པོ་ཆེ་སྣ་བདུན་གྱི་གཏེར་མི་བཅུའི་ཚད་ཙམ་བྱུང་བར་གྱུར་ཏེ།
BO
ཡུལ་འཁོར་ སྐྱོང་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་དེ་བཙས་མ་ཐག་ཏུ་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ཡི་རངས་པར་གྱུར་ཏོ། ། སེམས་ཅན་གང་དག་བཙོན་ར་ན་འཁོད་པ་དེ་དག་ཀྱང་བཙོན་ར་ནས་ཐར་བར་གྱུར་ཏོ། ། ཡུལ་འཁོར་སྐྱོང་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ དེས་ཉི་མ་བདུན་གྱིས་འཇིག་རྟེན་པའི་སྒྱུ་རྩལ་ཇི་སྙེད་པ་དེ་དག་ཐམས་ཅད་རྟོགས་པར་གྱུར་ཏོ། ། ཡུལ་འཁོར་སྐྱོང་དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་ནམ་གྱི་གུང་གི་དུས་ལ་བབ་པ་དང་། རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ལ་གཞོན་ནུ་ཁྱོད་བག་ཡོད་པར་གྱིས་ ཤིག ། མི་རྟག་པར་སོ་སོར་བརྟག་པ་ལ་མཁས་པར་གྱིས་ཤིག ། གཞོན་ནུ་མི་རྣམས་ཀྱི་སྲོག་ནི་ཆེན་པོ་མེད་པ་སྟེ། ཚེ་འཕོ་བར་འགྲོ་བ་ཡིན་གྱིས། འཇིག་རྟེན་ཕ་རོལ་ལ་འཇིགས་པར་བལྟ་བར་བྱ་ཞིང་ལས་དང་བྱ་བ་དང་མི་འགལ་བར་གྱིས་ཤིག་ཅེས་བསྐུལ་ཏེ། དེའི་ཚེ་ ལྷའི་བུ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། ། གཞོན་ནུ་བག་མེད་པར་ནི་གྱུར་ཏ་རེ། ། བག་མེད་དབང་དུ་སོང་བར་གྱུར་ཏ་རེ། ། བདེ་བར་གཤེགས་པས་བག་ཡོད་རབ་བསྟོད་ཅིང་། །
BO
བདེ་གཤེགས་རྣམས་ཀྱིས་བག་མེད་རྣམས་ཀྱང་དམད། ། ངེས་པ་གང་ དག་འདི་ན་བག་ཡོད་ཅིང་། ། ལེགས་སྡོམ་དགའ་ལ་སེར་སྣ་མེད་པ་དང་། ། སེམས་ཅན་ཀུན་ལ་སྙིང་རྗེ་བྱམས་ཡིད་ལྡན། ། དེ་དག་རིང་པོར་མི་ཐོགས་མི་མཆོག་འགྱུར། ། བདེ་བར་གཤེགས་པ་གང་དག་འདས་པ་དང་། ། འདི་ནི་ད་ལྟར་དག་དང་གང་མ་བྱོན། ། དེ་དག་ཐམས་ཅད་ དགེ་བ་རྣམས་ཀྱིས་འཕགས། ། བག་ཡོད་ལམ་ཉིད་ལ་ཡང་ཤིན་ཏུ་གནས། ། བཟའ་དང་བཏུང་དང་གོས་དང་ཁ་ཟས་དང་། ། གསེར་དང་དངུལ་དང་ནོར་བུ་མུ་ཏིག་རྒྱན། ། བསྐལ་པ་བྱེ་བར་དེ་དག་རྣམས་ཀྱིས་བཏང་། ། བྱང་ཆུབ་དམ་པ་འདི་ནི་དོན་དུ་གཉེར། ། རྐང་པ་ལག་པ་ དེ་བཞིན་རྣ་དང་སྣ། ། སློང་བ་རྣམས་ལ་རབ་ཏུ་བགོས་བྱིན་ན། ། བྱང་ཆུབ་ཡོན་ཏན་ཀུན་གྱིས་བསམ་རྫོགས་ནས། ། དེ་དག་རིང་པོར་མི་ཐོགས་མི་མཆོག་འགྱུར། ། རྒྱལ་སྲིད་བདེ་དང་སྡུག་པའི་བུད་མེད་དང་། ། ནོར་རྣམས་ཐམས་ཅད་དུ་ཡང་རྣམ་སྤངས་ཏེ། ། འདུས་བྱས་གར་ ལ་ལྟ་དང་སྒྱུ་མ་འདྲས། ། འདོད་པ་མེད་པར་དགོན་པར་གནས་པར་གྱིས། ། སྲོག་ནི་བརྟན་པ་མེད་དེ་རྟག་ཏུ་གཡོ། ། འཇིམ་པའི་བུམ་པ་ལྟ་བུར་འཇིག་པ་ཅན། ། བརྙན་མ་འདྲ་ཞིང་རྟག་ཏུ་ཐེར་ཟུག་མིན། །
BO
གཞོན་ནུ་འདི་ལ་རྟག་མེད་དགེ་མ་ཡིན། ། ངན་འགྲོར་ལྟུང་བའི་ཚེ་ན་འདི་ན་ནི། ། ཕ་དང་མ་ཡང་འཛིན་པར་བྱེད་པ་མེད། ། མི་ཡིས་དགེ་དང་མི་དགེ་གང་བྱས་པ། ། དེ་ནི་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར། ། འདོད་པའི་རྒྱུ་ཡིས་བསྐལ་མང་རྒྱ་མཚོར་ནི། ། དོན་མེད་པར་ཡང་གཅིག་གིས་གཅིག་བསད་དེ། ། ཁྱོད་ཀྱིས་མི་ཕན་མ་བྱས་ཅི་ཡང་མེད། ། དོན་མེད་ཉིད་ དུ་ངལ་བ་བསྟེན་པར་གྱུར། ། ད་ལྟར་ཁྱོད་ཀྱིས་འགྲོ་ཕན་བྱང་ཆུབ་ཞི། ། མཚུངས་མེད་གོ་འཕང་དམ་པ་བཙལ་བའི་ཕྱིར། ། རྐང་དང་ཤ་དང་པགས་པ་དེ་བསྐམས་ཀྱང་། ། དེ་ལྟ་ན་ཡང་ཁྱོད་ནི་ངལ་མ་སེམས། ། བདེ་བར་གཤེགས་པ་འབྱུང་བ་རྙེད་པར་དཀའ། ། ཞི་བའི་ཆོས་ཐོས་ པ་ཡང་ཤིན་ཏུ་དཀའ། ། བསྒྲིམ་པར་བྱས་ཏེ་བདུད་ཀྱི་ཕྱོགས་བསལ་ན། ། སངས་རྒྱས་ཡེ་ཤེས་རིང་པོར་མི་ཐོགས་འཐོབ། ། བཤེས་གཉེན་བཟང་ལ་རྟག་ཏུ་ཡོངས་བསྟེན་ཅིག ། སྡིག་པའི་བཤེས་གཉེན་ཡོངས་སུ་སྤང་བར་གྱིས། ། དེ་དག་རྟག་ཏུ་བཟང་ལམ་ཁྲིད་པར་བྱེད། ། ལམ་ གོལ་ལས་ཀྱང་རྟག་ཏུ་ཟློག་པར་བྱེད། ། བརྩོན་འགྲུས་ཤིན་ཏུ་བརྟན་པ་ལེགས་བྱོས་ཏེ། ། ལུས་དང་སྲོག་ལ་འདོད་པ་རྣམ་སྤངས་ནས། ། རྡོ་རྗེ་ལྟ་བུ་སྙིང་གི་བསམ་གཏན་པར། །
BO
སངས་རྒྱས་ལམ་འདི་ཉིད་ལ་གནས་པར་གྱིས། ། སྔོན་གྱི་མི་མཆོག་དམ་པ་འོད་བྱེད་པ། ། ཀུན་ཀྱང་གོ་ འཕང་དམ་པ་བླ་མེད་པ། ། ཚོལ་བའི་ཚེ་ན་སྤྱོད་ཡུལ་དགོན་པར་དགའ། ། ཁྱོད་ཀྱང་དེ་དག་སྤྱོད་པའི་ལམ་དུ་ཕྱོགས། ། དགོན་པར་གནས་ལ་རྟག་ཏུ་དགའ་བར་གྱིས། ། ཕ་དང་མ་དང་བུ་དང་སྡུག་པའི་གཉེན། ། སྐྱེ་བོ་སྙིང་དུ་སྡུག་པ་ཀུན་སྤོངས་ལ། ། ལུས་དང་སྲོག་ལ་སྲེད་པར་ མ་བྱེད་པར། ། བདེ་གཤེགས་ཡེ་ཤེས་རྒྱ་ཆེན་བཙལ་བར་གྱིས། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱིས་དེ་ནི་བཟུང་སྟེ། ལོ་བཅུའི་བར་དུ་ནམ་ཡང་རྨུགས་པ་དང་གཉིད་ཀྱིས་ནོན་པར་མ་གྱུར། ནམ་ཡང་རྒོད་པར་མ་གྱུར། རྩེས་པར་མ་གྱུར། དགའ་བ་བྱེད་པར་མ་གྱུར། ཡོངས་སུ་སྤྱད་པར་མ་གྱུར། ནམ་ཡང་སྐྱེད་མོས་ཚལ་དུ་མ་སོང་། ནམ་ཡང་གྲོགས་པོ་མཐོང་ནས་ངོ་མཚར་དུ་མི་འཛིན། ནམ་ཡང་གླུ་ལ་དགའ་བར་མ་གྱུར། རྒྱལ་སྲིད་དང་། ནོར་དང་། ཁྱིམ་དང་། གྲོང་ཁྱེར་རྣམས་ལ་འདོད་པ་བསྐྱེད་པར་མ་གྱུར་ཏེ། དེ་ ལྟར་དངོས་པོ་ཐམས་ཅད་ལ་མི་ལྟ་བར་གཅིག་པུར་སེམས་ཤིང་གནས་པར་གྱུར་ཏོ། ། ནང་དུ་ཡང་དག་འཇོག་ལྷུར་ལེན་ཅིང་འཇིག་རྟེན་ལ་སྙིང་པོ་མེད་པ་དང་།
BO
འཇིག་པ་དང་། དབུགས་འབྱིན་པ་མེད་པ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་འབྲལ་བ་དང་། བྱིས་པ་འདྲིད་པ་ དང་། འཁོར་བ་ལ་དགའ་བ་རོ་བྲོ་བ་མེད་པ་དང་། རྒྱལ་སྲིད་ཀྱི་བདེ་བ་སླུ་བའི་ཆོས་ཅན་དང་། སྲིད་པ་ལ་མངོན་པར་དགའ་བས་ཆོག་མི་ཤེས་པ་དང་། སོ་སོའི་སྐྱེ་བོ་ཉིད་རྟག་ཏུ་མི་འཐུན་པར་རྣམ་པར་སེམས་ཤིང་བདག་ནི་བྱིས་པའི་སྐྱེ་བོ་མི་བརྩོན་པའི་ནང་ན་གནས་ཀྱིས་བདག་གིས་ཅང་མི་སྨྲ་ བར་འདའ་བར་བྱའོ་སྙམ་ནས་དེ་ཕྱོགས་གཅིག་ཏུ་ཅང་མི་སྨྲ་བར་གྱུར་ཏེ། བག་ཡོད་པ་ལ་སེམས་ཤིང་སྡུག་པ་དང་བྲལ་བར་གཅིག་པུ་གནས་པར་གྱུར་ཏོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་པོ་འོད་ཟེར་ལྡན་གྱིས་གཞོན་ནུའི་ལོངས་སྤྱོད་ཀྱི་ཕྱིར་ས་ཕྱོགས་ཤིན་ཏུ་གྲོང་ཁྱེར་དགའ་མཆོག་ཅེས་ བྱ་བ་བྱས་ཏེ། ལྷོ་དང་བྱང་གི་ངོས་སུ་ལམ་སྲང་བདུན་བརྒྱ་བདུན་བརྒྱ་བྱས་སོ། ། རིན་པོ་ཆེ་སྣ་བདུན་གྱི་ཕྱིར་དྲིལ་བུ་གཡེར་ཀའི་དྲ་བས་བྲེས་པ། མུ་ཏིག་གི་དྲ་བ་དང་། རིན་པོ་ཆེའི་སྲོག་ཤིང་དང་། བླ་རེ་དང་ལྡན་པ་རིམ་བདུན་གྱིས་ཀུན་ནས་བསྐོར་ཏོ། ། ལམ་སྲང་ཐམས་ཅད་ཀྱི་སྒོར་ ཡང་རིན་པོ་ཆེའི་སྲོག་ཤིང་སྟོང་བཙུགས་སོ། །
BO
རིན་པོ་ཆེའི་སྲོག་ཤིང་ཐམས་ཅད་ཀྱང་རིན་པོ་ཆེའི་སྐུད་པ་དྲུག་ཁྲིས་སྤྲེལ་ཏོ། ། རིན་པོ་ཆེའི་སྐུད་པ་ཐམས་ཅད་ཀྱང་ཕྱོགས་བཞི་ནས་ཤིང་ཏ་ལའི་ཕྲེང་བ་བྱེ་བས་སྦྲེལ་ཏོ། ། དེ་དག་རླུང་གིས་བསྐྱོད་དེ་བསྐུལ་ན་འདི་ལྟ་སྟེ་དཔེར་ན་རོལ་མོ་ སིལ་སྙན་བརྒྱ་སྟོང་གི་སྒྲ་སྙན་པ་ལྟ་བུའི་སྒྲ་འབྱུང་ངོ་། ། ལམ་སྲང་གི་སྒོ་ཐམས་ཅད་ན་བུ་མོ་གླུ་མཁས་པ། གར་མཁས་པ། (ལང་ཙོ་,ལང་ཚོ་)དར་ལ་བབ་པ། སྐྱེ་བོ་ཐམས་ཅད་ཀྱིས་སྤྱད་པའི་འོས་སུ་གྱུར་པ་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། ། དེ་དག་ཐམས་ཅད་ལ་རྒྱལ་པོ་འོད་ཟེར་ལྡན་གྱིས་ཁྱེད་ཉིན་ མཚན་དུ་གླུ་དང་། གར་དང་། རོལ་མོའི་སྒྲས་གང་དག་ཕྱོགས་བཞི་ནས་ལྷགས་པའི་སེམས་ཅན་རྣམས་ཡང་དག་པར་དགའ་བར་བྱ་ཞིང་ཅི་ནས་གཞོན་ནུ་དགའ་བར་བྱ་བའི་སེམས་བསྐྱེད་པ་མ་གཏོགས་པར་གཏམ་གཞན་མ་བྱེད་ཅིག ། སེམས་ཅན་གང་ལ་ཡང་ཡིད་དུ་མི་འོང་བ་མ་སྨྲ་ཤིག་ཅེས་བསྒོའོ། ། ལམ་སྲང་ དེ་དག་ཐམས་ཅད་ཀྱི་སྒོར་ཡང་བཟའ་བ་འདོད་པ་རྣམས་ལ་ནི་བཟའ་བ། བཏུང་བ་འདོད་པ་རྣམས་ལ་ནི་བཏུང་བ། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ་ནས། གོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མལ་དང་། རྒྱབ་རྟེན་དང་།
BO
འཚོ་བའི་ཡོ་བྱད་རྣམས་དང་། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་སིལ་མ་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། བ་ལང་དང་། ནོར་དང་། རྒྱན་ཐམས་ཅད་བྱིན་ཞིང་སྐྱེ་བོ་ཐམས་ཅད་ཀྱིས་ ཡོངས་སུ་སྤྱོད་པའི་ཕྱིར་རིན་པོ་ཆེའི་ཕུང་པོ་ཡང་བཞག་པར་གྱུར་ཏོ། ། དེའི་ཚེ་གྲོང་ཁྱེར་གྱི་དབུས་སུ་གཞོན་ནུའི་ལོངས་སྤྱོད་ཀྱི་ཕྱིར་ཁྱིམ་ཁོར་ཡུག་ཏུ་དཔག་ཚད་ཙམ་ཡོད་པ་རིན་པོ་ཆེ་སྣ་བདུན་མིག་{མངས་,མང་}རིས་སུ་བྲིས་པ། རྟ་བབས་བརྒྱས་རབ་ཏུ་བརྒྱན་པ་བྱས་སོ། ། དེའི་ནང་དུ་ཁང་{བཟངས་,བཟང་} ཞིག་བྱས་ཏེ། དེར་གཞོན་ནུའི་ལོངས་སྤྱོད་ཀྱི་ཕྱིར་མལ་བྱེ་བ་ཕྲག་བཞི་བཤམས་སོ། ། དེའི་དབུས་སུ་སྐྱེད་མོས་ཚལ་བྱས་ཏེ། མེ་ཏོག་གི་ཤིང་ལྗོན་པ་ཐམས་ཅད་དང་། འབྲས་བུའི་ཤིང་ལྗོན་པ་ཐམས་ཅད་དང་། རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱིས་ཁྱབ་པར་བཀང་ངོ་། ། ཡུལ་འཁོར་སྐྱོང་སྐྱེད་མོས་ཚལ་དེའི་དབུས་སུ་རིན་པོ་ཆེ་ཐམས་ཅད་ཀྱི་རྫིང་རིན་པོ་ཆེ་སྣ་བཞིའི་ཐེམ་སྐས་དང་ལྡན་པ་བྱས་པ་ལ་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་ལོ།
BO
། གང་ནས་སྤོས་ཆུ་འབབ་པའི་སེང་གེའི་ཁ་བརྒྱ་རྩ་བརྒྱད་བཙུགས་སོ། ། རྫིང་ དེའི་སེང་གེའི་ཁ་བརྒྱ་རྩ་བརྒྱད་པོ་དེ་ནས་ཀྱང་ཆུ་འབབ་བོ། ། མེ་ཏོག་ཨུད་པལ་དང་། ཀུ་མུ་ད་དང་། པད་མ་དང་། པད་མ་དཀར་པོ་རྣམས་རྟག་པར་རྒྱུན་དུ་རྒྱས་སོ། ། ཁོར་ཡུག་ཏུ་རིན་པོ་ཆེའི་ཤིང་ལྗོན་པས་ཡོངས་སུ་བསྐོར་ཏོ། ། དུས་ཐམས་ཅད་པའི་མེ་ཏོག་དང་། འབྲས་ བུའི་ཤིང་ལྗོན་པ་རྣམས་ཀྱིས་ཀྱང་ཡོངས་སུ་རྒྱས་སོ། ། རྫིང་དེའི་འགྲམ་དུ་རིན་པོ་ཆེའི་ཤིང་ལྗོན་པ་བརྒྱད་བརྒྱ་བསྐྱེད་དེ། རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱང་རིན་པོ་ཆེའི་སྐུད་པ་རྣམས་ཀྱིས་སྦྲེལ་ཅིང་ཐམས་ཅད་དུ་ཡང་ཤིང་ཏ་ལའི་ཕྲེང་བ་བྱེ་བས་སྦྲེལ་ཏོ། ། དེ་དག་ཀྱང་རླུང་གིས་ བསྐྱོད་ཅིང་རླུང་གིས་བསྒུལ་ན་འདི་ལྟ་སྟེ་དཔེར་ན་རོལ་མོ་སིལ་སྙན་བརྒྱ་སྟོང་བླངས་པ་ལྟ་བུའི་སྒྲ་འབྱུང་ངོ་། ། གཞོན་ནུའི་ལུས་ལས་དང་རྡུལ་གྱིས་རེག་ཏུ་འོང་ཞེས་རྫིང་དེའི་སྟེང་རིན་པོ་ཆེའི་དྲ་བས་བཀབ་པར་གྱུར་ཏོ། ། དེའི་ཚེ་ཁང་{བཟངས་,བཟང་}དེར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་བྱེ་བ་ཕྲག་བཞི་བཤམས་ཏེ། ཁྲི་ ཐམས་ཅད་ཀྱི་སྟེང་དུ་ཡང་རས་བཅོས་བུ་ལྔ་བརྒྱ་ལྔ་བརྒྱ་བཏིང་བར་གྱུར་ཏོ། །
BO
གང་དུ་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་འདུག་པར་གྱུར་པའི་ཁྲི་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཕང་དུ་མི་བདུན་ཙམ་ཡོད་པ་བཤམས་པ་དབུས་མ་དེར་རས་བཅོས་བུ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བདུན་བཏིང་བར་གྱུར་ ཏོ། ། ཁྲི་ཐམས་ཅད་ཀྱི་དྲུང་དུ་ཡང་པོག་པོར་ནས་ཨ་ག་རུས་བདུགས་ཤིང་ཉིན་ལན་གསུམ་མཚན་ལན་གསུམ་དུ་མེ་ཏོག་འགྲེམས་པར་བྱེད་དོ། ། གསེར་གྱི་ལྡ་ལྡི་བྲེས་སོ། ། གསེར་གྱི་པད་མ་རབ་ཏུ་སྦྱངས་སོ། ། མུ་ཏིག་དང་ནོར་བུའི་དྲ་བས་བྲེས་སོ། ། ནོར་བུ་རིན་པོ་ཆེའི་འོད་ ཀྱིས་སྣང་བར་བྱས་སོ། ། རིན་པོ་ཆེའི་དྲ་བ་བརྒྱད་ཁྲི་རབ་ཏུ་སྦྱངས་སོ། ། རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ལ་ཡང་བ་དན་བརྒྱ་བརྒྱ་སྦྱངས་སོ། ། སྐྱེད་མོས་ཚལ་ཀུན་ཏུ་ཡང་ནོར་བུ་རིན་པོ་ཆེ་འོད་དཔག་ཚད་ཙམ་ཡོད་པ་འབུམ་ཕྲག་དགུ་བཅུ་རྩ་དགུ་བཞག་པར་གྱུར་ཏེ། དེ་དག་གི་འོད་ ཀྱིས་འཇིག་རྟེན་ཐམས་ཅད་སྣང་བར་གྱུར་ཏོ། ། ཡུལ་འཁོར་སྐྱོང་སྐྱེད་མོས་ཚལ་དེ་ན་བྱའི་ཚོགས་མིའི་སྐད་དུ་སྨྲ་བ་ནེ་ཙོ་དང་། རི་སྐེགས་དང་། ཁྲུང་ཁྲུང་དང་། ཁུ་བྱུག་དང་། རྨ་བྱ་དང་། ངང་པ་དང་། ངུར་པ་དང་། ཀུ་ན་ལ་དང་། ཀ་ལ་པིང་ཀ་དང་།
BO
ཤང་ཤང་ ཏེའུ་རྣམས་འཁོད་དོ། ། དེ་དག་སྐད་འབྱིན་ཅིང་སྒྲ་སྒྲོགས་ན་དགའ་ཚལ་གྱི་ལྷ་རྣམས་རྒྱགས་པར་འགྱུར་བ་ལྟ་བུའི་སྒྲ་འབྱུང་ངོ་། ། གཞོན་ནུའི་ལོངས་སྤྱོད་ཀྱི་ཕྱིར་རོའི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་རོ་རྣམ་པ་ལྔ་བརྒྱ་པའི་ཁ་ཟས་རྣམས་རྟག་པར་རྒྱུན་དུ་བཤམས་པར་ གྱུར་ཏོ། ། དེའི་ཚེ་གཞོན་ནུ་ལོ་བཅུ་དྲུག་ལོན་པ་ནས་ཉི་ཤུ་ལོན་པའི་སྐྱེད་དང་ལྡན་པ་དག་གྲོང་ཁྱེར་ཐམས་ཅད་ནས་བསྡུས་ནས་གྲོང་ཁྱེར་དེར་བཙུད་དོ། ། ཐམས་ཅད་བཟོའི་གནས་དང་། ལས་ཀྱི་གནས་ཀྱི་བྱ་བ་ཤེས་པ། ཐམས་ཅད་ཀྱང་འཇིག་རྟེན་པའི་དགའ་བ་དང་། འཚོག་ ཆས་ཀྱི་བྱ་བ་ཤེས་པ་བྱེ་བ་ཕྲག་བརྒྱད་ཅུ་གྲོང་ཁྱེར་དེར་བཙུད་པར་གྱུར་ཏོ། ། ཕ་མ་གཉིས་ཀྱིས་དེ་ལ་བུ་མོ་བྱེ་བ་བྱིན་ནོ། ། ཉེ་དུའི་ཚོགས་ཀྱིས་བྱེ་བ་དང་། གྲོང་རྡལ་བའི་མིས་བྱེ་བ་དང་། རྒྱལ་པོ་ཐམས་ཅད་ཀྱིས་བུ་མོ་བྱེ་བ་བྱིན་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་བ་ མཛེས་པ། བལྟ་ན་སྡུག་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་ན་ཚོད་ལོ་བཅུ་དྲུག་ལོན་པ། གླུ་མཁས་པ། རོལ་མོའི་སྒྲ་མཁས་པ། གར་མཁས་པ། རྒོད་མཁས་པ། སྐྱེས་པའི་གན་དུ་འགྲོ་མཁས་པ། དྲང་བ། གཞོན་པ། མཉེན་པ། ཡན་ལག་འཇམ་པ།
BO
གསོང་པོར་སྨྲ་ བ། བཞིན་འཛུམ་པ། ཚུལ་མཁས་པ། སྒྱུ་རྩལ་ཐམས་ཅད་ཀྱི་བྱ་བ་ལ་མཁས་པ། ཧ་ཅང་ཡང་མི་རིང་བ། ཧ་ཅང་ཡང་མི་ཐུང་བ། ཧ་ཅང་ཡང་མི་སྐེམ་པ། ཧ་ཅང་ཡང་མི་སྦོམ་པ། ཧ་ཅང་ཡང་མི་དཀར་བ། ཧ་ཅང་ཡང་མི་སྔོ་བ། ཁ་ནས་མེ་ཏོག་ཨུད་པ་ལའི་ བསུང་འབྱུང་བ། ལུས་རྣམས་ལས་ཙན་དན་གྱི་དྲི་འབྱུང་བ། ལྷའི་བུ་མོ་ལྟར་གསལ་བ། ཤིན་ཏུ་ཡིད་དུ་འོང་བའི་ཚུལ་དང་ལྡན་པ་གླུ་དབྱངས་ལེན་པ་དེ་དག་གི་ནང་ན་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གནས་སོ། ། གླུ་དབྱངས་དང་། རོལ་མོའི་སྒྲ་དེ་ལ་ཀྱེ་མའོ་ བདག་དང་མི་མཛའ་བའི་ཚོགས་ཆེན་པོ་དང་། བདག་གི་དགེ་བའི་ཆོས་ཡོངས་སུ་ཉམས་པར་བྱེད་པ་བྱུང་སྟེ་བལྟ་བར་མི་བྱའོ་སྙམ་པའི་སེམས་བསྐྱེད་དོ། ། དེ་དེའི་ཚེ་འདི་ལྟ་སྟེ་དཔེར་ན་གསང་བར་བྱ་བའི་མི་ཡིས་གཤེད་མ་མཐོང་ན་ངོ་མཚར་གྱི་སེམས་མི་སྐྱེད་པ་དེ་བཞིན་དུ་རྒྱལ་བུ་ གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ཡང་བུད་མེད་དེ་དག་མཐོང་ན་ངོ་མཚར་དུ་མི་འཛིན་ཏོ། ། གྲོང་ཁྱེར་དེ་ལ་ཡང་གྲོགས་དང་ལྷན་ཅིག་ངོ་མཚར་དུ་མི་འཛིན་ཏོ། །
BO
ལོ་བཅུ་པོ་དེ་དག་གི་བར་དུ་བདག་ནམ་ཞིག་ན་མི་མཛའ་བའི་ཚོགས་རྣམ་པ་འདི་ལྟ་བུའི་ནང་ནས་ཐར་བར་འགྱུར་སྙམ་པ་དང་། བདག་ནམ་ཞིག་ན་བག་ཡོད་པའི་སྤྱད་པ་སྤྱོད་ཅིང་དེས་བདག་ཐར་བར་འགྱུར་ཞིག་གུ་སྙམ་པ་དེ་ལྟ་བུའི་སེམས་འཇུག་པ་མ་གཏོགས་པར་ནམ་ཡང་གཟུགས་ཀྱི་མཚན་མ་བཟུང་བར་མ་གྱུར་ཏེ། དེ་བཞིན་དུ་སྒྲའི་མཚན་མ་དང་། དྲིའི་མཚན་མ་དང་། རོའི་མཚན་མ་དང་། རེག་ གི་མཚན་མ་བཟུང་བར་མ་གྱུར་ཏོ། ། དེ་ནས་བུ་མོ་དེ་དག་གིས་རྒྱལ་པོ་འོད་ཟེར་ལྡན་ལ་ལྷ་གཞོན་ནུ་ནི་མི་རོལ་ཏོ། ། དགྱེས་པར་མི་མཛད་དོ། ། དགྱེས་དགུར་མི་སྤྱོད་དོ་ཞེས་སྨྲས་སོ། ། ། ། བམ་པོ་གསུམ་པ་སྟེ་ཐ་མ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་པོ་འོད་ཟེར་ལྡན་རྒྱལ་པོ་བརྒྱད་ཁྲི་དང་ལྷན་ཅིག་ཏུ་ རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གདོང་ལས་མཆི་མ་འཛག་ཅིང་ལུས་འདར་ཏེ་མྱ་ངན་གྱིས་ས་ལ་འགྱེལ་ཏོ། ། དེས་ལས་ལངས་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ལ་ཚིགས་སུ་བཅད་དེ་སྨྲས་པ། བུ་གཅིག་རིན་ཆེན་དམ་པ་ང་ལ་ ལྟོས་ཤིང་སྨྲོས། ། ང་ནི་མྱ་ངན་གཟིར་ཏེ་ཁྱིམ་ནང་ས་ལ་འགྱེལ། ། སུ་ཡིས་ཁྱོད་མི་དགའ་བྱས་དེ་མྱར་ང་ལ་སྨྲོས།
BO
། དེ་འདིར་དེའུ་རེ་ཆད་པ་ཆེན་པོས་གཅད་པར་བྱ། ། ཁྱོད་ཀྱི་ཆེད་དུ་ངས་འདིར་ཡིད་ཀྱིས་གང་སྨྲས་པ། ། ལྷ་ཡི་ཁྱིམ་ལྟར་ཉམས་དགའ་གྲོང་ཁྱེར་དེར་ལྟོས་ཤིག ། འདི་ལ་ཡན་ལག་མ་ཚང་ཅི་ཡོད་དེ་མྱུར་སྨོས། ། བརྒྱ་བྱིན་ལྟ་བུའི་འབྱོར་པ་དེ་རིང་ཁྱོད་ལ་བསྟན། ། པད་མའི་མིག་ཅན་མིག་མཛེས་མྱ་ངན་ཉམ་ཐག་པ། ། ལྷ་ཡི་བུ་མོ་ལྟ་བུའི་བུད་མེད་ཚོགས་སྨྲ་ལྟོས། ། མྱ་ངན་ཐུལ་ཏེ་དེ་དག་རྣམས་དང་དེ་རིང་རྩེས། ། ཅི་ཕྱིར་ཟུག་རྔུས་ཟུག་བཞིན་ ལུས་དམན་སེམས་ཤིང་འདུག ། དེ་དག་རབ་དགའ་ཚུལ་མཁས་དབྱངས་ཀྱི་ཡན་ལག་སྙན། ། གླུ་དབྱངས་ཕེག་རྡོབ་དུས་ཀྱི་རྣམ་པར་ངེས་པ་ཤེས། ། ཁྱོད་དགའ་དུས་ལ་དེང་བབ་མྱ་ངན་མ་བྱེད་ཅིག ། པད་མ་རྙིས་པ་ལྟ་བུར་ཅི་ཕྱིར་དེང་ལུས་དམན། ། མེ་ཏོག་འབྲས་ བུ་ཡལ་ག་འདབ་རྒྱས་སྐྱེད་མོས་ཚལ། ། སྣ་ཚོགས་སྟེང་བཞག་ལྷ་ཡི་སྣ་ཚོགས་ཤིང་རྟ་འདྲ། ། སོམས་ཤིག་ཁྱོད་ཀྱི་ན་ཚོད་འདི་ནི་ཐོག་མ་ཡིན། ། དགའ་བའི་དུས་ལ་བབ་ཀྱིས་དེང་འདིར་བུ་དགའ་གྱིས། ། ཁྱོད་ཀྱི་ཁྲུས་ཆེད་རྫིང་འདི་ལྷ་རྣམས་ཀྱི་ཡང་འདྲ། ། ཨུད་ པ་ལ་དང་པད་མ་དག་གི་ཚལ་གྱིས་གང་། ། པད་མ་རྣམས་ཀྱང་བུང་བ་རྒྱགས་པ་མཆོག་གིས་བརྒྱན། །
BO
དེ་ལ་བུ་སོམས་སུ་ཞིག་འདི་ལ་དགའ་མི་བྱེད། ། དང་པ་རྨ་བྱ་ནེ་ཙོ་ཁུ་བྱུག་རི་སྐེགས་དང་། ། ཀ་ལ་པིང་ཀ་ཤང་ཤང་ཏེའུ་དང་ཀུ་ན་ལ། ། ཡིད་འོང་སྒྲ་ལྡན་གངས་ཉེ་སྤོས་ ངད་ལྡང་འདྲ་བ། ། ཐོས་ནས་མི་གང་འདི་ལ་དགའ་བ་འཐོབ་མི་འགྱུར། ། གཞལ་མེད་ཁང་དག་མུ་ཏིག་དྲར་བཅས་ནོར་བུ་གཙུག ། གསེར་དང་བཻ་དཱུརྱས་སྤྲས་རྣམ་རྒྱལ་ཁང་པ་འདྲ། ། རིན་ཆེན་ཁྲི་མཆོག་དམ་པ་རྣམས་ཀྱང་རབ་བཏིང་བ། ། གསེར་དྲིལ་གཡེར་ཀ་ཏ་ལའི་ཕྲེང་བ་ སྒྲ་སྙན་པ། ། ཟབ་ཅིང་བརྟན་པ་མཆོག་གི་སིལ་སྙན་སྒྲ་སྒྲོགས་པ། ། ཁྱོད་ཀྱི་ཆེད་དུ་སྲང་རྣམས་སུ་ཡང་སྦྱིན་རྒྱ་ཆེ། ། བུ་མོ་སྟོང་དག་གླུ་མཆོག་སྙན་པའི་སྒྲ་འབྱིན་པ། ། དགའ་ཚལ་ལྷ་ཡི་བུ་མོ་རྣམས་ཀྱི་འདྲ་བ་སྒྲོག ། མཐོ་རིས་འདྲ་བའི་གནས་ཡིད་འོང་ལ་ཅི་ཡི་ཕྱིར། ། རྣམ་པར་གཡེང་བའི་སེམས་ཀྱིས་བུ་ཁྱོད་དགའ་མི་བྱེད། ། གཞོན་ནུ་ཁྱོད་ཀྱི་རྩེད་གྲོགས་ལྷ་ཡི་བུ་འདྲ་བ། ། བུ་ཕོ་དེ་དག་རྣམས་དང་ལྷན་ཅིག་རྩེད་མོ་གྱིས། ། ཁྱོད་ཀྱི་ཕ་དང་མ་ཡང་མཆི་མས་བརྣངས་ཤིང་འདུག ། སྐྱེ་བོ་འདི་ལ་སྡུག་བསྔལ་སྙིང་རྗེ་མེད་དམ་ཅི། ། འདུས་བྱས་ ཡིད་བྱུང་འདོད་པའི་ལོངས་སྤྱོད་དོན་མི་གཉེར། །
BO
ཡོན་ཏན་བསགས་པ་སྲིད་པའི་སྐྱོན་མཐོང་དེས་སྨྲས་པ། ། འཁོར་བའི་དྲ་བར་ཆུད་པའི་འགྲོ་བ་འདི་བལྟས་ནས། ། ཐར་པ་དོན་གཉེར་པ་ལ་སྨྲས་པ་ཡབ་གསོན་ཅིག ། ལྷ་ཅིག་སུས་ཀྱང་བདག་ལ་མི་དགའ་བགྱིས་མ་མཆིས། ། བདག་ནི་ད་ལྟར་འདོད་པའི་ཡོན་ཏན་མོས་མ་ལགས། ། ཉོན་མོངས་གང་དག་ངན་འགྲོའི་གཡང་སར་ལྟུང་བྱེད་པ། ། སྡུག་པ་ཐམས་ཅད་དགྲ་དང་མཚུངས་ཏེ་རྗེས་མི་སྲུང་། ། མི་མཁས་བྱིས་པ་སྐྱེ་བོ་དེ་དག་བུད་མེད་དགའ། ། བདུད་ཀྱི་ཞགས་པ་ཡོན་ཏན་འཆིང་ བ་གཡང་ས་ཆེ། ། རྟག་ཏུ་འཕགས་པའི་སྐྱེ་བོས་དེ་དག་དེ་ལྟར་སྨད། ། སེམས་དམྱལ་ངན་འགྲོ་མྱ་ངན་རྩ་བ་ཅི་ཕྱིར་བསྟེན། ། བུད་མེད་འདི་དག་ལྤགས་པའི་གཟུགས་ཀྱིས་དགའ་བ་ཙམ། ། བདག་ནི་རུས་རྒྱུས་འཁྲུལ་འཁོར་མི་གཙང་དོན་མི་གཉེར། ། ཁྲག་དང་གཅིན་དང་ མི་གཙང་བ་དང་དྲི་མ་འཛག ། གསལ་བ་དུར་ཁྲོད་འདྲ་ལ་ཇི་ལྟར་དགའ་བར་བགྱི། ། གླུ་དང་གར་དང་རོལ་མོའི་དབྱངས་སྒྲ་གཟུང་མི་བགྱི། ། དགའ་བ་རྨི་ལམ་འདྲ་བ་མི་མཁས་རྨོངས་པར་བགྱིད། ། ཀུན་ཏུ་རྟོག་པ་སྲེད་གྱུར་མི་མཁས་འདིར་བརླག་གིས། ། ཅི་ཕྱིར་བྱིས་པའི་སྐྱེ་བོ་ ལྟ་བུར་ཉོན་མོངས་འཁོལ། །
BO
ཤིང་ལྕུག་འདི་དག་ཐམས་ཅད་དགུན་གྱི་དུས་བྱུང་ན། ། དགོན་དུང་ཤིང་ལྟར་འགྱུར་ཏེ་དགའ་བར་འགྱུར་མ་ལགས། ། མི་རྟག་འདི་ཡིས་དཔལ་རྣམས་ཐམས་ཅད་བཤིག་གྱུར་ཏེ། ། སྲོག་གཡོར་གྱུར་ཀྱང་གཏི་མུག་གིས་ནི་བག་མེད་གྱུར། ། སེམས་ ནི་རྒྱ་མཚོ་ལྟ་བུར་ཚིམ་པར་བྱེད་མི་ནུས། ། སྲིད་པ་རབ་ཏུ་འཕེལ་ལ་དགའ་བས་ཕྱིར་ཞིང་འདོད། ། འདོད་རྒྱུས་ཕན་ཚུན་གསོད་པའི་འགྲོ་ལ་བལྟས་ནས་སུ། ། འདི་ན་ཇི་ལྟར་ལྷུན་པོ་རླུང་གིས་མི་བསྐྱོད་བཞིན། ། རྒྱལ་པོ་ཁྱོད་དང་ཕ་དང་ལྷན་ཅིག་སྐྱེས་པ་དང་། ། གཉེན་གྱི་སྐྱེ་བོ་ ཆུང་མ་ངན་སོང་བདག་སྐྱབས་མིན། ། བདག་ཅག་ཐམས་ཅད་རྩྭ་རྩེའི་ཟིལ་པ་འདྲ་བ་སྟེ། ། སེམས་ཀྱི་དབང་དུ་འགྲོ་བར་མ་གྱུར་བག་ཡོད་མཛོད། ། མི་དབང་དར་ལ་བབ་པ་མི་རྟག་ཅིར་མི་རུང་། ། སྲོག་ཀྱང་རི་ཡི་ཆུ་ལྟར་མྱུར་འགྲོ་ཅིར་མི་རུང་། ། འདུས་བྱས་འདི་ཟད་གློག་སྤྲིན་འདྲ་སྟེ་ ཅིར་མི་རུང་། ། རྒྱལ་པོ་མཁས་ལ་སྲིད་གསུམ་འདོད་ལ་ཆགས་པ་ངན། ། ལྷ་རྣམས་ཀྱིས་ནི་བདག་ལ་བག་ཡོད་འགྱུར་གྱིས་ཤིག ། བྱང་ཆུབ་སེམས་དཔའ་ཡུལ་ལ་ཆགས་པ་མིན་ཞེས་བསྐུལ། ། འཇིག་རྟེན་ཕན་པ་སྙིང་བརྩེ་སངས་རྒྱས་འདིར་འགྱུར་བགྱི། །
BO
རྒྱལ་པོ་བག་མེད་སྤྱོད་ ལ་བྱང་ཆུབ་ཡོད་མ་ལགས། ། རྒྱལ་པོ་གང་ཞིག་འདོད་པས་གཡེན་སྤྱོ་སེམས་འཁོལ་བ། ། དེ་ནི་བསོད་ནམས་ཆུད་ཟ་དགའ་ཞིང་མཐོ་རིས་ལྡོག ། འཚེ་བ་ཤིན་ཏུ་རྒྱགས་པ་ནམ་ཡང་སྤྱད་མི་བགྱི། ། སྐོན་པར་བཅུག་པའི་བྱ་ལྟར་ཇི་ལྟར་དབུགས་ཕྱིན་འགྱུར། ། ཁམས་རྣམས་སྦྲུལ་དང་འདྲ་ཞིང་ཕུང་པོ་གཤེད་མ་ འདྲ། ། ཟག་དང་བཅས་པའི་སེམས་ནི་དོན་མེད་གྲོང་སྟོང་མཚུངས། ། རྒྱལ་པོ་འདི་ན་དུག་སྡོང་མེ་ཏོག་རྒྱས་འདྲའི་ལུས། ། ཆུ་བོ་རྣམས་ཀྱིས་བདས་ན་བདག་འདིར་ཇི་ལྟར་དགའ། ། རབ་ཏུ་གསལ་གནས་འབར་བ་ནམ་མཁའ་ལྟ་བུ་དང་། ། འགྲོ་བ་ངན་ཞུགས་འགྲོ་བ་འདི་ལ་བདག་བལྟས་ནས། ། རྒྱལ་པོ་དེ་རིང་འདིར་ནི་དེ་དག་དགྲོལ་བ་དང་། ། གཉིད་ལོག་སད་པར་བགྱི་དང་ནད་པ་གསོ་བ་དང་། ། ཟུག་རྔུ་རྩད་ནས་གདོན་དང་ལམ་ལོག་བཟློག་པའི་ཕྱིར། ། བདག་གིས་ཞི་བའི་ཆོས་ཀྱི་གྲུ་ནི་མྱུར་དུ་སྦྱར། ། སྟོང་ཆེན་དུ་ནི་བཅིངས་པ་རྣམ་གྲོལ་རབ་བསྒྲགས་ནས། ། ལེགས་པར་བཤད་པས་རིང་ནས་དབུལ་བ་ཚིམ་པར་བགྱི། ། ངན་འགྲོའི་ལམ་དུ་ལྷུང་བ་དག་ཀྱང་གདོན་པར་བགྱི། ། ལོང་བ་མིག་སྦྱིན་སྲེད་པའི་འཁྲི་ཤིང་བསྐམ་པར་བགྱི། །
BO
རྣམ་གྲོལ་མཆོག་ཕྱིར་ཤེས་རབ་འོད་ཟེར་མར་མེ་བྱས། ། དེ་ཡིས་སྲིད་གསུམ་གར་ལ་ལྟ་བ་འདྲར་ མཐོང་འགྱུར། ། བྱམས་དང་སྙིང་བརྩེ་སྙིང་རྗེ་ཕ་རོལ་ཕྱིན་པ་སྤྲིན། ། སེམས་ཅན་བདེ་འབྲུག་ལྷག་མཐོང་གློག་གི་ཕྲེང་བ་དང་། ། བྱང་ཆུབ་ཡན་ལག་བདེ་བསིལ་ཆར་རྒྱུན་འདྲ་བ་ཡིས། ། འགྲོ་བ་ཡུན་རིང་དུས་ནས་གདུངས་པ་བསིལ་བར་བགྱི། ། རྒྱལ་པོ་བདག་ནི་དེ་དྲན་གྱུར་ནས་ འདིར་མཆིས་ཏེ། ། བདག་ནི་འདུས་བྱས་འདོད་པ་ཀུན་ལ་སྨོན་མ་མཆིས། ། བྱང་ཆུབ་དོན་གཉེར་སེམས་ཅན་ཆེད་དུ་འདིར་སྤྱད་བགྱི། ། གཅིག་ཏུ་ངེས་ཏེ་བདག་ནི་སྲིད་ལ་དགའ་མ་མཆིས། ། རྒྱལ་པོ་འདི་ན་ཤེས་བཞིན་སུ་ཞིག་དགྲ་ཁྲོད་གནས། ། བློ་དང་ལྡན་པ་སུ་ཞིག་ འཇིགས་བཅས་ལམ་དུ་འགྲོ། ། མིག་དང་ལྡན་པ་སུ་ཞིག་འདི་ན་གཡང་སར་ལྟུང་། ། བྱང་ཆུབ་ལམ་ཤེས་ནས་ནི་སུ་ཞིག་བག་མེད་འགྱུར། ། འགྲོ་བ་ཐམས་ཅད་རྒྱུན་འགྲོ་བདག་ནི་རྒྱུན་ཟློག་པ། ། རྒྱལ་པོ་ཚིག་ཙམ་གྱིས་ནི་བྱང་ཆུབ་ཐོབ་མི་ནུས། ། ལྷུན་པོའི་རྩེ་ནས་ རྒྱ་མཚོའི་ནང་དུ་མཆོད་སྤྲོ་ཡི། ། བདག་འདིར་འདོད་པ་རྣམས་ཀྱིས་ཡིད་དགའ་དེ་ལྟ་མིན། ། རྒྱལ་པོ་དམ་པ་རང་གཉེན་ཐབས་ཅིག་མྱུར་དུ་བཞུད། །
BO
ཡུལ་འཁོར་དགའ་བ་ཐམས་ཅད་འཇིག་རྟེན་ཀུན་ལ་སྩོལ། ། གང་དག་བསམ་པ་ཇི་བཞིན་བླངས་ནས་ མཆི་བར་འགྱུར། ། ཡབ་བདག་བག་མེད་རྒྱལ་སྲིད་བྱེ་བ་འཚལ་མ་ལགས། ། བུད་མེད་ཚོགས་ཀྱི་ནང་དུ་གནས་པས་བྱང་ཆུབ་དང་། ། གྲུབ་བདེ་ཞི་བ་བླ་མེད་གནས་ནི་ཐོབ་མི་ནུས། ། དགོན་པར་དགྱེས་པས་རྒྱལ་བས་བྱང་ཆུབ་བརྙེས་པས་ན། ། བདག་ནི་རི་དང་ནགས་ཁྲོད་ མཆིས་ཏེ་གནས་པར་བགྱི། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ཁང་{བཟངས་ཀྱི་,བཟང་གི་}ནང་ན་འདུག་བཞིན་དུ་ཡིད་བྱུང་བ་དང་ལྡན་པའི་སེམས་ཀྱིས་བུད་མེད་དེ་དག་དང་ལྷན་ཅིག་འཆག་ཅིང་དེ་སྤྱོད་ལམ་གསུམ་གྱིས་གནས་སོ། ། གསུམ་གང་ཞེ་ན། འདི་ལྟ་ སྟེ། འགྲེང་བ་དང་། འགྲོ་བ་དང་། འདུག་པ་སྟེ། རྨུགས་པ་དང་གཉིད་ཡོངས་སུ་སྤངས་སོ། ། ཁང་པའི་སྟེང་དུ་སོང་སྟེ་ས་བརྒྱད་ལ་གནས་ནས་དེ་ནམ་གྱི་གུང་ལ་བབ་པའི་དུས་ཀྱི་ཚེ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་སངས་རྒྱས་ཀྱི་བསྔགས་པ་རྒྱ་ཆེར་བརྗོད་ཅིང་བར་སྣང་ལ་ འགྲོ་བ་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་རྒྱ་ཆེར་བརྗོད་ཅིང་འགྲོ་བ་ཐོས་སོ། །
BO
ཐོས་ནས་ཀྱང་ཡུལ་འཁོར་སྐྱོང་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་མཆི་མ་ཟག་ཅིང་སྐྱོ་བ་སྐྱེས་ཏེ་ཐལ་མོ་སྦྱར་ནས་ལྷ་རྣམས་ལ་ཚིགས་སུ་བཅད་དེ་སྨྲས་ པ། ལྷ་རྣམས་སྡུག་བསྔལ་བདག་ལ་ཐུགས་རྗེ་བསྐྱེད་ནས་ནི། ། གལ་ཏེ་སྐྱོ་མི་མཛད་ན་ཅུང་ཞིག་ཞུ་བར་བགྱི། ། སུ་ཡི་ཡོན་ཏན་བརྗོད་ཅིང་བར་སྣང་འདི་ལས་བཞུད། ། ཚིག་དེ་ཐོས་ནས་བདག་འདིར་ཡིད་ནི་བདེ་བར་གྱུར། ། ཡུལ་འཁོར་སྐྱོང་དེ་ནས་ལྷ་དེ་དག་གིས་ རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་སངས་རྒྱས་ཐོས་པར་མ་གྱུར་ཏམ། ། དོན་གྲུབ་བློ་ཞེས་བྱ་སྟེ་སྐྱབས་མེད་རྣམས་ཀྱི་སྐྱབས། ། དེ་བཞིན་སྤྱོད་མཁས་བསོད་ནམས་ཤེས་རབ་ཡོན་ཏན་མཆོག ། དེ་ཡི་དགེ་འདུན་ཁྲག་ཁྲིག་སྟོབས་བཅུ་བསམ་གཏན་པ། ། བསོད་ནམས་ཀྱི་འོད་ཟེར་གྱིས་སྨྲས་པ། བདག་ནི་རྒྱལ་བ་ལྟ་འཚལ་དེ་ཡི་གཟུགས་ཅི་འདྲ། ། དེ་ཡི་ཁ་དོག་ཅི་འདྲ་ཐམས་ཅད་བཀའ་སྩོལ་ཅིག ། ཇི་ལྟར་སྤྱད་ན་སེམས་ཅན་ཀུན་མགོན་གཅིག་འགྱུར་བ། ། བྱང་ཆུབ་སྤྱོད་པ་ཅི་འདྲ་བདག་ནི་ཡོངས་སུ་འདྲི། །
BO
དེ་ནས་ལྷ་དེ་དག་གིས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། དེ་ཡི་གཙུག་ཏོར་དེ་ཡི་རྩེ་ལ་གསེར་མཛེས་བཞིན། ། དབུ་སྐྲ་འཇམ་ཞིང་མཛེས་ལ་གཡས་སུ་འཁྱིལ་བ་སྟེ། ། དེ་ཡི་མཛོད་སྤུ་མཁའ་ལ་ཉི་ལྟར་ལྷམ་མེ་བ། ། ནོར་བུ་ཤེལ་ལྟར་རྣམ་པར་དག་ཅིང་གཡས་སུ་འཁྱིལ། ། སྤྱན་དག་བུང་བའི་ཚོགས་དང་ཨུད་པ་ལ་སྔོན་པོ་འདྲ། ། མི་དབང་སེང་གེའི་འགྲམ་པ་རང་བྱུང་བིམ་པའི་སྒྲོས། ། སེམས་ཅན་ལྷན་ཅིག་འོད་ཟེར་བྱེ་བ་མཐའ་ཡས་ འགྱེད། ། སྟོང་གསུམ་རྒྱས་པར་འགེངས་ཤིང་ངན་འགྲོ་རྣམས་ཀྱང་སྐེམས། ། དེ་ཡི་ཚེམས་ནི་རབ་དཀར་ཁ་བ་དངུལ་ལྟར་དག ། བཞི་བཅུ་མཉམ་ཞིང་ཐགས་བཟང་རྨད་བྱུང་ལེགས་པར་གྲུབ། ། རྒྱལ་བ་དམ་པ་མཆོག་དེའི་ཚེམས་ཀྱི་མཆེ་བ་བཞི། ། དེ་ཡི་ལྗགས་ནི་ རབ་ཡངས་རང་གི་ཞལ་གདོང་ཁེབས། ། རྒྱལ་བ་དེ་ཡི་གསུང་ནི་རི་མཆོག་འདྲ་བའི་དོན། ། ཤིན་ཏུ་ཚིམ་བྱེད་འབྲེལ་ཅིང་གྱ་གྱུ་མེད་པ་སྟེ། ། ཚངས་དབྱངས་ཤིན་ཏུ་སྙན་པ་སིལ་སྙན་སྟོང་འདྲ་བ། ། ཡིད་གཉིས་འཇོམས་པ་འདོད་པ་རྣམས་ནི་ཚིམ་བྱེད་པ། ། རྒྱལ་ བའི་གསུང་ནི་ལྷ་ཡི་སྒྲ་སྐད་ཚིམ་བྱེད་པ། ། ཡོན་ཏན་སྣ་ཚོགས་ཚང་བ་བྱང་ཆུབ་ཡན་ལག་འཐུན། །
BO
ཆོས་ཀྱི་ཕྲེང་བ་ཡིད་འོང་བརྒྱ་སྟོང་རབ་བརྒྱུས་པ། ། སིལ་སྙན་དགའ་བ་བསྒྲགས་པ་ལྷ་ཀླུ་ཉམས་དགའ་བ། ། མི་ཅི་ཀ་ལ་པིང་ཀ་ཁུ་བྱུག་ངུར་པ་དང་། ། རྨ་བྱ་ངང་པ་སྒྲ་སྙན་ཀུ་ ན་ལ་ཡི་སྒྲ། ། ཚངས་པའི་སྒྲ་དབྱངས་མི་ཅི་དབྱངས་ཀྱི་ཡན་ལག་འདྲ། ། མ་འཁྲུལ་སྡིག་མེད་དོན་རྣམས་ཐམས་ཅད་རྟོགས་བྱེད་པ། ། རྨད་བྱུང་ཤེལ་ལྟར་འཇམ་ཞིང་མཁས་པའི་ཡིད་འོང་བ། ། སྐུལ་བ་འདུལ་བར་འགྱུར་བ་སྤྱོད་པ་དགར་འགྱུར་བ། ། གཞན་གྱི་སྤྱོད་ དང་འཐུན་པ་ཞུས་ན་ཚིམ་བྱེད་པ། ། ཆོས་ཀྱི་དབང་ཕྱུག་དེ་ཡི་གསུང་གི་ཡོན་ཏན་འདི། ། སྟོན་པའི་མགུལ་མཛེས་དུང་དང་འདྲ་ཞིང་དཔུང་མགོ་ཟླུམ། ། དབྱུག་པ་ལྟ་བུར་ཕྱག་རིང་དེ་ཡི་བདུན་ཡང་མཐོ། ། ཕྱག་མཛེས་སྣ་ཚོགས་སོར་མོ་རྣམས་ནི་རིང་ཞིང་ ཟླུམ། ། རྒྱལ་བ་དེ་ཡི་སྐུ་ནི་བཙོ་མའི་གསེར་གྱི་མདོག ། བ་སྤུ་གཡས་སུ་འཁྱིལ་ཅིང་གྱེན་དུ་རེ་རེ་སྐྱེས། ། ལྟེ་བ་མཐའ་དག་ཟབ་ཅིང་གསང་སྦུབས་རྟ་ཡི་འདྲ། ། རང་བྱུང་ཨེ་ནྱའི་བྱིན་པ་གླང་པོའི་སྣ་འདྲའི་བརླ། ། ཞབས་མཐིལ་མཛེས་པར་བྲིས་པ་བཀྲ་ཤིས་འཁོར་ལོའི་མཚན། ། གླང་ པོའི་དབང་པོའི་འགྲོས་སྟོབས་སེང་གེའི་རྩལ་གྱི་སྟོབས། །
BO
ཁྱུ་མཆོག་བསྒྱིངས་པའི་སྟོབས་ཅན་དབང་པོའི་མཆོད་སྡོང་རྒྱས། ། མཁའ་ལས་མེ་ཏོག་ཆར་བབ་མེ་ཏོག་གདུགས་སུ་གྱུར། ། གཤེགས་པའི་རྗེས་འགྲོ་འདི་དག་དེ་ཡི་རྨད་བྱུང་ཆོས། ། རྒྱལ་བ་རྙེད་དང་མ་རྙེད་བདེ་དང་སྡུག་ བསྔལ་དང་། ། གྲགས་དང་མ་གྲགས་དེ་བཞིན་བསྟོད་དང་སྨད་པ་ཡིས། ། པད་མ་ཆུ་ལྟར་ཐམས་ཅད་དུ་ཡང་གོས་པ་མེད། ། མི་ཡི་སེང་གེ་དེ་འདྲ་མཚུངས་པའི་སེམས་ཅན་མེད། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱིས་སངས་རྒྱས་ཀྱི་བསྔགས་ པ་ཐོས་ཤིང་ཆོས་དང་དགེ་འདུན་གྱི་བསྔགས་པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་པར་གྱུར་ཏོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་ དེ་ཅི་འདྲ་བ་དང་། དེའི་དགེ་འདུན་ཕུན་སུམ་ཚོགས་པ་ཅི་འདྲ་བ་དང་། དེས་མངོན་སུམ་དུ་བྱས་པའི་ཆོས་ཅི་འདྲ་བ་དང་། དེའི་སློབ་མ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དང་། ཇི་ལྟར་འཁོར་བ་ཡ་ང་བ་དང་ཕྲད་པ་དང་། བྱས་པ་མི་གཟོ་བ་དང་། ཇི་ལྟར་འཁོར་བ་ན་བྱིས་པ་སོ་སོའི་ སྐྱེ་བོ་དག་བྱས་པ་མི་གཟོ་བ་དང་།
BO
ཇི་ལྟར་འཇིག་ཚོགས་ལ་ལྟ་བ་ཡ་ང་བ་དང་། ཇི་ལྟར་ཁྱིམ་གྱི་གནས་ཉེས་དམིགས་མང་བ་དང་། ཇི་ལྟར་འདོད་པ་དག་ཉེས་པ་མང་བ་དང་། ཇི་ལྟར་མཁས་པ་རྣམས་ཀྱིས་བག་མེད་པ་དམད་པ་དང་། ཇི་ལྟར་མ་རིག་པའི་མུན་ནག་རྨོངས་པ་ དང་། ཇི་ལྟར་འདུ་བྱེད་རྣམས་རྟོགས་པར་དཀའ་བ་དང་། ཇི་ལྟར་སེམས་གདུལ་དཀའ་བ་དང་། ཇི་ལྟར་མིང་དང་གཟུགས་ཟབ་པ་དང་། ཇི་ལྟར་སྐྱེ་མཆེད་དྲུག་དབུགས་འབྱིན་པ་མེད་པ་དང་། ཇི་ལྟར་རེག་པ་ཡོངས་སུ་མ་ཤེས་ཏེ་སྡུག་བསྔལ་རྣམ་པར་སྨིན་པ་དང་། ཇི་ལྟར་ཚོར་བ་ཉེས་དམིགས་མང་བ་དང་། ཇི་ལྟར་སྲིད་པའི་འཆིང་བ་དམ་པ་དང་། ཇི་ལྟར་ཉེ་བར་ལེན་པ་ལས་འབྱུང་བར་དཀའ་བ་དང་། ཇི་ལྟར་སྲིད་པའི་སྲེད་པའི་འཕགས་པ་མ་ཡིན་པ་དང་། ཇི་ལྟར་སྲིད་པ་ཡོད་ན་སྐྱེ་བ་རྒྱུན་གཅད་དཀའ་བ་དང་། ཇི་ལྟར་དགའ་བ་ རྣམ་པར་འགྱུར་བར་བྱེད་པ་དང་། ཇི་ལྟར་ནད་ཀྱིས་རྣམ་པར་འཇིག་པར་བྱེད་པ་དང་། ཇི་ལྟར་འཆི་བ་རྗེས་སུ་མི་སྲུང་བ་དང་། ཇི་ལྟར་འཇུག་པ་རོ་བྲོ་བ་ཆུང་བ་དང་། ཇི་ལྟར་སྲིད་པར་མངོན་པར་འགྲུབ་པ་ཉེས་དམིགས་མང་བ་དང་། ཇི་ལྟར་དེ་བཞིན་གཤེགས་པའི་བསྟན་ པ་ཉམས་དགའ་བ་ལྟར་འདི་མི་ནུས་ཏེ། འདོད་པའི་ཁོལ་པོ་ཉོན་མོངས་པ། རྨོངས་པ།
BO
སེམས་ཐ་བ་ཅན། བག་མེད་པ་ལ་དགའ་བ། བྱིས་པའི་ནང་ན་འདུག་པ། ཚུལ་བཞིན་མ་ཡིན་པའི་སེམས་དང་ལྡན་པ། འཁོར་བ་ལ་ཆགས་པའི་སེམས་དང་ལྡན་པ། སྐྱེ་བོ་མ་རུངས་པའི་ནང་ན་འདུག་པས་ནི་བདེ་འགྲོའི་ལམ་ཡང་རྣམ་པར་སྤྱད་པར་མི་ནུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ལྟ་ག་ལ་འགྱུར་སྙམ་མོ། ། དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་སྒོ་ནས་བྱུང་ན་ནི་ཉེ་དུའི་ ཚོགས་ཀྱིས་བར་ཆད་བྱས་སུ་འོང་གིས་བདག་ཁང་སྟེང་འདི་ནས་ཐུར་དུ་མཆོང་ངོ་། ། སྙམ་མོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་གྲུབ་བློ་དེ་ག་ལ་བ་དེ་ལོགས་སུ་ཕྱོགས་ཏེ། ཁང་པ་དེ་ནས་ མཆོངས་ནས་ཚིག་འདི་སྐད་དུ་གལ་ཏེ་དེ་བཞིན་གཤེགས་པ་དེ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་ཤེ་ན། དེ་བཞིན་གཤེགས་པ་དེས་བདག་ལ་དགོངས་སུ་གསོལ། ཞེས་ཀྱང་སྨྲས་སོ། ། ཡུལ་འཁོར་སྐྱོང་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་དོན་གྲུབ་བློས་ཕྱག་གཡས་པ་བརྐྱང་སྟེ་འོད་ཕྱུང་ནས། འོད་དེས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ལ་རེག་གོ །
BO
འོད་དེ་ལས་ཀྱང་པད་མ་འདབ་མ་བརྒྱ་སྟོང་ཡོད་པ་ཤིང་རྟའི་འཕང་ལོ་ཙམ་བྱུང་བར་གྱུར་ཏོ། ། པད་མ་དེ་ལས་ཀྱང་ འོད་ཟེར་བརྒྱ་སྟོང་བྱུང་སྟེ་སྣང་བ་ཆེན་པོར་གྱུར་ནས། སྣང་བ་དེས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ཁྱབ་པར་གྱུར་ཏོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་པད་མ་དེ་ལ་འདུག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་དོན་གྲུབ་བློ་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། ། ཡུལ་འཁོར་སྐྱོང་དེ་ནས་དེ་བཞིན་གཤེགས་པ་དོན་གྲུབ་བློ་དེས་འོད་དེ་བརྟུལ་བ་དང་གཞོན་ནུ་དེ་སྡོང་པོ་ བཅད་པ་འགྱེལ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་བབས་ཏེ། དེ་བཞིན་གཤེགས་པ་དེ་ལ་ལན་བརྒྱ་སྟོང་དུ་ཕྱག་འཚལ་ཏོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་གྲུབ་བློ་ལ་ཚིགས་ སུ་བཅད་དེ་གསོལ་པ། བདག་ནི་རིང་ནས་ན་སྟེ་རིང་ནས་ལྡོངས། ། ཚེགས་ཆེས་སྨན་པའི་རྒྱལ་པོ་ཁྱོད་རྙེད་དོ། །
BO
ཇི་ལྟར་བདེ་གཤེགས་བསྟན་ལ་གནས་ནས་ནི། ། བདག་གིས་འཐོབ་འགྱུར་མགོན་པོ་བསྟན་དུ་གསོལ། ། འདྲེན་པ་བདག་གིས་བག་མཆིས་ཐོས་པ་ ནི། ། མཚན་མོ་བར་སྣང་ལྷ་ལས་ཐོས་ལགས་ཏེ། ། ཐོས་ནས་སྐྱོ་སྟེ་བདག་ནི་འདིར་མཆིས་ན། ། མི་རྣམས་བག་མཆིས་འགྱུར་བ་ཇི་ལྟ་བུ། ། ལམ་ཉམས་པ་ལ་དེ་རིང་སྟོན་གྱུར་ཅིག ། ལྡོངས་པར་གྱུར་པའི་མིག་ཏུ་དེང་གྱུར་ཅིག ། དད་པའི་འབྱུང་གནས་གསོ་ མཛད་ཐུགས་རྗེ་ལྡན། ། གཡང་ས་ཆེན་པོ་འདི་ལས་བདག་ཕྱུང་ཤིང་། ། དབུལ་པོར་གྱུར་པ་བདག་ནི་བསྡུ་བར་མཛོད། ། མགོན་པོ་བཅིངས་པ་བདག་ནི་དེང་དགྲོལ་མཛོད། ། སོམ་ཉིར་བཅས་པའི་ཡིད་གཉིས་གཅད་དུ་གསོལ། ། བྱང་ཆུབ་ལམ་ལ་སྤྱོད་པ་བདག་ལུང་ སྟོན། ། ཆུས་ཁྱེར་བདག་ལ་འགྲམ་ནི་བསྟན་དུ་གསོལ། ། མུན་པ་བདག་ལ་སྒྲོན་མ་མཛད་དུ་གསོལ། ། རྨར་གྱུར་བདག་ལ་རྨ་མེད་མཛད་དུ་གསོལ། ། སྨན་པའི་རྒྱལ་པོ་བདག་གི་ཟུག་རྔུ་ཕྱུང་། ། ཁྱོད་ཀྱིས་ངན་འགྲོ་དག་ལས་བདག་ཐར་མཛོད། ། སྲིད་པར་ དམིགས་པ་འཛིན་པ་གཅད་དུ་གསོལ། ། ཡན་ལག་བརྒྱད་པའི་ལམ་གྱི་ལམ་ཆེན་གྱིས། ། མྱ་ངན་ཆུ་ཆེན་ཕ་རོལ་བསྒྲལ་དུ་གསོལ། ། སྲོག་ནི་ཟད་པའི་ཆོས་ཅན་ཚེ་ཡང་ཐུང་། །
BO
དགེ་བ་བར་ཆད་མང་པོ་འབྱུང་བ་སྟེ། ། བསོད་ནམས་རྣམ་སྨིན་རིང་པོར་མི་ཐོགས་ འགྲུབ། ། བདག་གིས་དལ་བ་དོན་རྙེད་གཅིག་ངེས་གསུངས། ། བྱང་ཆུབ་སེམས་དཔའ་ཇི་ལྟར་བག་མཆིས་འགྱུར། ། ཇི་ལྟར་བྱང་ཆུབ་སྤྱོད་པ་མཆོག་སྤྱད་པ། ། འགྲོ་བ་སྲིད་པའི་འཆིང་ལས་ཐར་འགྱུར་བ། ། འཇིག་རྟེན་མགོན་པོ་དེ་དག་བདག་ལུང་སྟོན། ། ཡུལ་འཁོར་སྐྱོང་དེ་ནས་དེ་བཞིན་གཤེགས་པ་དོན་གྲུབ་བློས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱི་ལྷག་པའི་བསམ་པ་མཁྱེན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེར་ཡང་དག་པར་བསྟན་ཏོ། ། རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱིས་དེ་ཐོས་ནས། རྣམ་པར་ཐར་ པ་ཞེས་བྱ་བའི་གཟུངས་ཐོབ་བོ། ། མངོན་པར་ཤེས་པ་ལྔ་ཡང་ཐོབ་སྟེ། དེ་ནམ་མཁའ་ལ་གནས་ནས་མེ་ཏོག་རྣམས་མངོན་པར་སྤྲུལ་ཏེ་དེ་བཞིན་གཤེགས་པ་དེ་ལ་གཏོར། མངོན་པར་གཏོར་ཏོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ བར་སྣང་དེ་ལས་བབས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་གྲུབ་བློ་དེ་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། ། གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །
BO
རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། ། མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། ། རྒྱལ་བའི་དབུ་སྐྲ་འཇམ་མཛེས་སྣུམ་ཞིང་བཟང་། ། ཁྱོད་ཀྱི་གཙུག་ཏོར་འདི་ན་རི་རྒྱལ་བཞིན། ། གཙུག་ཏོར་མི་མཐོང་ཁྱོད་དང་མཚུངས་མ་མཆིས། ། ཐུབ་པ་ཁྱོད་ཀྱི་སྨིན་མཚམས་མཛོད་སྤུ་མཛེས། ། ཀུན་ད་ཟླ་བ་ཁ་ བ་དུང་ལྟར་དཀར། ། ཐུགས་རྗེ་གང་གིས་འགྲོ་བ་འདི་གཟིགས་པ། ། སྤྱན་མཆོག་བཟང་པོ་ཨུད་པལ་སྔོན་པོ་འདྲ། ། རྒྱལ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ། ། ལྗགས་ཡངས་སྲབ་ལ་ཟངས་ཀྱི་མདོག་འདྲ་བ། ། དེ་ཡིས་རང་གི་ཞལ་གྱི་ གདོང་ཡང་ཁེབས། ། ཆོས་གསུང་བས་ནི་འགྲོ་བ་འདུལ་བར་མཛད། ། འཇམ་སྣུམ་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ། ། ཚེམས་བཟང་ཤིན་ཏུ་བརྟན་པ་རྡོ་རྗེ་འདྲ། ། བཅུ་དང་སུམ་ཅུ་སྙོམས་ཤིག་ཐགས་བཟང་བ། ། འཛུམ་པ་མཛད་ན་འགྲོ་བ་འདུལ་བར་བགྱིད། ། བདེན་གཏམ་སྙན་པ་ཁྱོད་ལ་ཕྱག་འཚལ་ལོ། ། རྒྱལ་བ་ཁྱོད་ཀྱི་གཟུགས་དང་མཚུངས་མ་མཆིས། ། འོད་ཀྱིས་ཞིང་བརྒྱ་དག་ཀྱང་སྣང་བར་བགྱིད། ། འཇིག་རྟེན་ན་ནི་ཚངས་དབང་སྐྱོང་དེ་དག ། བཅོམ་ལྡན་ཁྱོད་ཀྱི་འོད་ཀྱིས་ཟིལ་དུ་བརླག ། ཨེ་ནྱའི་བྱིན་པ་མཉམ་མེད་ བཅོམ་ལྡན་འདས། །
BO
གླང་པོའི་རྒྱལ་པོ་རྨ་བྱ་སེང་གེའི་སྟབས། ། བཅོམ་ལྡན་གཉའ་ཤིང་གང་དུ་གཟིགས་ཤིང་གཤེགས། ། ས་དང་རི་དང་དམ་པ་གཡོ་བར་མཛད། ། བཅོམ་ལྡན་ཁྱོད་སྐུ་མཚན་གྱིས་བརྒྱན་པ་སྟེ། ། ཁྱོད་ཀྱི་ལྤགས་པ་འཇམ་ཞིང་གསེར་མདོག་ འདྲ། ། འགྲོ་བས་གཟུགས་འདི་ལྟ་བས་ངོམས་མི་འགྱུར། ། ཁྱོད་ནི་མཚུངས་པ་མ་མཆིས་གཟུགས་དང་ལྡན། ། ཁྱོད་སྔོན་བསྐལ་པ་བརྒྱར་ནི་དཀའ་ཐུབ་སྤྱད། ། ཁྱོད་གཏོང་དུལ་དང་སྦྱིན་པ་ཀུན་ལ་དགྱེས། ། སེམས་ཅན་ཀུན་ལ་ཐུགས་རྗེ་བྱམས་ཐུགས་ལྡན། ། མཆོག་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། ། ཁྱོད་ནི་སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་དགྱེས། ། ཁྱོད་ནི་བཟོད་དང་བརྩོན་འགྲུས་དགྱེས་རབ་བརྟན། ། ཁྱོད་ནི་བསམ་གཏན་ཤེས་རབ་འོད་གཟི་མངའ། ། མཚུངས་མེད་ཡེ་ཤེས་མངའ་ལ་ཕྱག་འཚལ་ལོ། ། ཁྱོད་ནི་སྨྲ་ བ་ངན་པའི་ཚོགས་ཅན་འཇོམས། ། ཁྱོད་ནི་སེང་གེ་ལྟ་བུར་འཁོར་དུ་སྒྲོགས། ། ཁྱོད་ནི་སྨན་པའི་རྒྱལ་པོ་དྲི་གསུམ་སེལ། ། མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། ། ཐུབ་པ་སྐུ་གསུང་ཐུགས་ནི་རྣམ་པར་དག ། པད་མ་ཆུས་ལྟར་སྲིད་པ་གསུམ་མི་གོས། ། ཁྱོད་ནི་ཚངས་དབྱངས་ཀ་ལ་པིང་ཀའི་སྐད། ། སྲིད་གསུམ་ཕ་རོལ་གཤེགས་ལ་ཕྱག་འཚལ་ལོ། །
BO
ཁྱོད་ཀྱིས་འགྲོ་འདི་སྒྱུ་མ་ལྟ་བུ་དང་། ། གར་ལ་ལྟ་དང་རྨི་ལམ་འདྲ་བ་དང་། ། བདག་མེད་སེམས་ཅན་མེད་ཅིང་སྲོག་འགྲོ་མེད། ། ཆོས་རྣམས་སྨིག་རྒྱུ་ཆུ་ཟླ་འདྲ་ བར་མཁྱེན། ། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། ། མ་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། ། ཐུགས་རྗེ་ཐབས་ཚུལ་རིགས་པ་བརྒྱ་དག་གིས། ། དེ་དག་རྣམས་ནི་འཛུད་པར་མཛད་པ་ལགས། ། འདོད་ཆགས་ལ་སོགས་ནད་མང་བརྒྱ་དག་གིས། ། སྐྲག་པར་ གྱུར་པའི་འགྲོ་ལ་རྟག་གཟིགས་ཏེ། ། བདེ་གཤེགས་སེམས་ཅན་བརྒྱ་དག་ཡོངས་འགྲེལ་ཅིང་། ། ཟླ་མེད་སྨན་པ་ལྟ་བུར་རྣམ་པར་རྒྱུ། ། སྐྱེ་དང་རྒ་དང་འཆི་དང་མྱ་ངན་ནོན། ། སྡུག་དང་བྲལ་དང་སྨྲེ་སྔགས་འདོན་པ་བརྒྱས། ། རྟག་ཏུ་ན་བའི་འགྲོ་རྣམས་གཟིགས་ ནས་ནི། ། ཐུབ་པ་ཐུགས་རྗེས་ཡོངས་སུ་འགྲེལ་ཅིང་རྒྱུ། ། དུད་འགྲོ་{ཡི་དགས་,ཡི་དྭགས་}དམྱལ་བའི་འགྲོ་རྣམས་སུ། ། འགྲོ་ཀུན་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར། ། གླེན་པ་དམིགས་བུ་མ་མཆིས་མགོན་མ་མཆིས། ། དེ་ལ་ལམ་གྱི་དམ་པ་སྟོན་པར་མཛད། ། གཙོ་བོ་མཚུངས་པ་མེད་པས་གང་བསྟན་པ། ། འཕགས་ལམ་དེ་ཉིད་གང་དག་སྔོན་ཆད་ཀྱི། ། ཆོས་ཀྱི་དབང་ཕྱུག་འགྲོ་བའི་དོན་མཛད་པ། །
BO
རྒྱལ་བ་དེ་དག་རྣམས་ཀྱིས་རབ་ཏུ་གསུངས། ། འཇམ་ཞིང་མཉེན་ལ་ཡིད་དུ་འོང་བའི་མཆོག ། ཚངས་ལས་ལྷག་པར་ མཆོག་ཏུ་དགའ་བགྱིད་པ། ། དྲི་ཟ་མི་ཅི་ལྷ་ཡི་བུ་མོ་མཆོག ། སྒྲ་དེ་ཟིལ་གྱིས་མནན་ནས་གསུང་བ་མཛད། ། བདེན་དང་དྲང་བ་མི་ཟད་ཐབས་ཚུལ་གྱིས། ། ཡོངས་སྦྱངས་ཡོན་ཏན་མཐའ་ཡས་ལྡན་པའི་གསུང་། ། དེ་ཐོས་སེམས་ཅན་ཁྲག་ཁྲིག་ཕྲག་བརྒྱ་ དག ། ཐེག་པ་གསུམ་གྱིས་ཞི་བར་མཆི་བར་བགྱིད། ། ཁྱོད་ལ་མཆོད་པས་ལྷ་ཡི་བདེ་བ་ནི། ། རྣམ་པ་མང་དང་དེ་བཞིན་མི་ཡི་འཐོབ། ། མི་ཡི་བདག་པོ་འགྲོ་ལ་ཕན་བགྱིད་པ། ། ཕྱུག་ཅིང་ནོར་ཆེ་འབྱོར་བ་ཆེན་པོར་འགྱུར། ། མཚུངས་མེད་ཁྱོད་ལ་དང་ པ་བསྐྱེད་པས་ནི། ། གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བ་མཆོག ། འགྲོ་ལ་དགེ་བ་བཅུ་པོ་ཀུན་འབྱེད་པ། ། རིན་ཆེན་རབ་བཟང་བདུན་ལྡན་ཐོབ་པར་འགྱུར། ། རྒྱལ་བ་ཁྱོད་ལ་མཆོད་པ་བགྱིས་པས་ནི། ། ཚངས་པ་བརྒྱ་བྱིན་འཇིག་རྟེན་ བདག་པོ་དང་། ། ཡོངས་སུ་དགའ་ལྡན་ལྷ་ཡི་བདག་པོ་དང་། ། གཞན་འཕྲུལ་བ་དང་འཐབ་བྲལ་རབ་དགར་འགྱུར། ། འགྲོ་བའི་སྡུག་བསྔལ་རྣམ་མང་སེལ་མཛད་པ། ། མཉམ་མེད་ཁྱོད་ལ་མཆོད་དང་མཐོང་བ་དང་། ། ཐོས་པའང་དེ་ལྟར་འབྲས་བུ་མཆིས་ལགས་ཏེ། །
BO
གནས་མཆོག་རྒ་ཤི་མེད་པ་འཐོབ་པར་འགྱུར། ། བཅོམ་ལྡན་ལམ་ལ་མཁས་ཤིང་ལམ་མཁྱེན་པ། ། འཇིག་རྟེན་འདི་ནི་ངན་པའི་ལམ་ལས་བཟློག ། བཅོམ་ལྡན་འགྲོ་བ་དག་ནི་འཕགས་པའི་ལམ། ། བདེ་བ་ཞི་བ་རྡུལ་དང་བྲལ་འགོད་པ། ། བསོད་ནམས་གཏེར་ཁྱོད་ བསོད་ནམས་དོན་གཉེར་བའི། ། བསོད་ནམས་བགྱི་བ་རྟག་ཏུ་མི་བས་ཏེ། ། བྱང་ཆུབ་དམ་པ་མ་ཐོབ་བར་དུ་ནི། ། བསྐལ་པ་བྱེ་བ་མང་པོར་བས་མི་འགྱུར། ། གཞན་འཕྲུལ་འདྲ་བ་རྟག་ཏུ་དགའ་བགྱིད་པ། ། ཡོངས་སུ་དག་ཅིང་མཛེས་པ་འཐོབ་པར་འགྱུར། ། དམ་པའི་ཞིང་དུ་ ལུས་དང་ངག་ཡིད་ཀྱིས། ། སེམས་ཅན་དག་ནི་རྣམ་པར་དག་པར་འགྱུར། ། རྒྱལ་བ་མཆོད་མི་ཡིས་འདི་ལ་སོགས། ། ཡོན་ཏན་རྣམ་པ་དུ་མ་འཐོབ་པར་འགྱུར། ། མཐོ་རིས་ཐར་པ་མི་ཡི་བདེ་བ་དང་། ། འགྲོ་བ་ཀུན་གྱི་བསོད་ནམས་གཏེར་འཐོབ་འགྱུར། ། ཁྱོད་ཀྱི་བརྗོད་ དང་གྲགས་པ་རྒྱ་ཆེན་པོ། ། ཕྱོགས་རྣམས་ཀུན་གྱི་ཞིང་མང་བརྒྱར་ཡང་མཆིས། ། རྒྱལ་བ་ཁྱོད་ཀྱི་བསྔགས་པའི་ཕྲེང་བ་ནི། ། བདེ་བར་གཤེགས་རྣམས་འཁོར་དུ་རྟག་པར་སྒྲོགས། ། རིམས་ནད་བྲལ་ཞིང་འགྲོ་བ་ཐར་མཛད་པ། ། མཐོང་ན་དགའ་བ་ཐུགས་རྗེ་མཆོག་ལྡན་ པ། ། བཅོམ་ལྡན་དབང་པོ་ཞི་བ་ཞི་དགྱེས་པ། །
BO
མི་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། ། བདག་གིས་རྒྱལ་བ་ཁྱོད་ཀྱི་གསུང་ཐོས་ནས། ། མངོན་པར་ཤེས་པ་ལྔ་ཐོབ་མཁའ་ལ་གནས། ། དཔའ་བོ་བདེ་གཤེགས་མཚུངས་པར་བདག་འགྱུར་ཏེ། ། དྲི་མེད་ཆོས་ནི་འགྲོ་ལ་རྣམ་པར་དབྱེ། ། ལྷ་དང་མི་དང་ཀླུས་མཆོད་བདེ་བར་གཤེགས། ། ཡོན་ཏན་ཀུན་གྱི་མཐར་ཕྱིན་དེང་བསྟོད་པས། ། བསོད་ནམས་རྒྱ་ཆེན་གང་བསྒྲུབས་གྱུར་པ་དེས། ། འགྲོ་བ་སངས་རྒྱས་གོ་འཕང་ཐོབ་པར་ཤོག ། ཡུལ་འཁོར་སྐྱོང་དེ་ནས་མཚན་མོ་དེའི་ནམ་ནངས་པ་དང་། རྒྱལ་པོ་འོད་ཟེར་ལྡན་ གྱིས་གཞོན་ནུའི་བུད་མེད་ཀྱི་འཁོར་དུ་ངུ་བའི་སྒྲ་ཐོས་སོ། ། ཐོས་ནས་ཀྱང་མྱུར་བ་མྱུར་བར་རིངས་པའི་གཟུགས་ཀྱིས་གྲོང་ཁྱེར་དགའ་མཆོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། ཁྱེད་ཅིའི་ཕྱིར་དུ། དེ་དག་གིས་སྨྲས་པ། རྒྱལ་བུ་གཞོན་ནུ་བསོད་ནམས་ ཀྱི་འོད་ཟེར་མི་གདའ་བའི་སླད་དུའོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་པོ་འོད་ཟེར་ལྡན་གཞོན་ནུའི་ཕྱིར་ཤིང་བཅད་པ་བསྒྱེལ་བ་ལྟར་ས་ལ་འགྱེལ་ཏེ་ལངས་ནས་ངུ་ཞིང་གྲོང་ཁྱེར་དེར་ལན་སྟོང་དུ་ཡོངས་སུ་བཙལ་ཏོ། །
BO
ཡུལ་འཁོར་སྐྱོང་དེ་ནས་གྲོང་ཁྱེར་དེ་ན་གྲོང་ཁྱེར་གྱི་ལྷ་གང་ཡིན་པ་དེས་རྒྱལ་ པོ་འོད་ཟེར་ལྡན་ལ་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་ནི་དེ་བཞིན་གཤེགས་པ་དོན་གྲུབ་བློ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཤར་ཕྱོགས་ལོགས་སུ་སོང་ངོ་། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་པོ་འོད་ཟེར་ལྡན་གཞོན་ ནུ་བཙལ་བའི་ཕྱིར་བཙུན་མོའི་འཁོར་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་ལྷན་ཅིག་ཏུ་ཤར་ཕྱོགས་ཀྱི་ཆ་ག་ལ་བ་དེར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གྲུབ་བློ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ ། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་རྒྱལ་པོ་འོད་ཟེར་ལྡན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། སྲིད་གསུམ་ཁྱོད་མཚུངས་མ་མཆིས་ལྷག་པ་ག་ལ་མཆིས། ། སེམས་ཅན་དམ་པ་ལྷ་དབང་ལྷ་མིན་རྒྱལ་པོས་བཀུར། ། སྐྱེ་བོ་ཁྱོད་ཀྱི་གཟུགས་ལ་ལྟ་བས་ངོམས་མི་འགྱུར། ། ཡོན་ཏན་ཡེ་ཤེས་རྒྱ་མཚོ་དཔལ་ལ་ཕྱག་འཚལ་ལོ། །
BO
རྒྱལ་བ་ཁྱོད་སྐུ་སུམ་ཅུ་རྩ་གཉིས་མཚན་རབ་དག ། ལྷུན་པོ་རིན་ཆེན་མཆོག་གིས་སྤྲས་ལྟར་ཡོངས་སུ་དག ། རྒྱལ་བ་སྡུག་ཅིང་འཇམ་ལགས་གསེར་གྱི་ཁ་དོག་འདྲ། ། བལྟ་སྡུག་གཟུགས་མངའ་ཐུབ་པའི་སྐུ་ལ་ཕྱག་འཚལ་ལོ། ། བསྐལ་པ་བྱེ་བརྒྱ་བསམ་གྱིས་མི་ཁྱབ་བརྟུལ་ཞུགས་སྤྱད། ། བསྐལ་པ་བྱེ་བ་བརྒྱ་མང་སངས་རྒྱས་བསྟི་སྟང་མཛད། ། སྔོན་ཆད་མཆོད་སྦྱིན་བརྒྱ་ཕྲག་བསམ་ གྱིས་མི་ཁྱབ་མཛད། ། དེས་ན་ཁྱོད་སྐུ་བཟང་ཞིང་ཤིན་ཏུ་མཛེས་པ་ལགས། ། སྦྱིན་དང་ཚུལ་ཁྲིམས་ཏིང་ངེ་འཛིན་དང་ཤེས་རབ་དང་། ། བཟོད་དང་བརྩོན་འགྲུས་བསམ་གཏན་ཐབས་ཀྱིས་ཁྱོད་གཟུགས་སྦྱངས། ། ཁྱོད་ཀྱི་སྤྱན་སྔར་བརྒྱ་བྱིན་ཚངས་འོད་གསལ་མ་ལགས། ། ཆུ་ཤེལ་ནོར་བུ་ གློག་གི་འོད་ཀྱང་མཛེས་མ་ལགས། ། འགྲོ་བའི་དོན་དུ་ཡིད་དུ་མཆི་བའི་གཟུགས་ཀྱང་སྟོན། ། ཆུ་ཟླ་འདྲ་ཞིང་སྒྱུ་མ་འདྲ་བར་གདའ་བ་ལགས། ། རང་གི་ཕྱོགས་རྣམས་ཀུན་ཏུ་རྒྱལ་བའི་སྐུ་ཡང་གདའ། ། བདེ་གཤེགས་རྣམས་ཀྱི་སྐུ་ཡི་ཚད་ནི་གདའ་མ་ལགས། ། ཁྱོད་ནི་དགའ་ལྡན་འགའ་ཞིག་ན་ ཡང་བཞུགས་པར་གདའ། ། འཆི་འཕོ་མཛད་ཅིང་རབ་དཀར་གླང་པོར་གྱུར་ནས་ནི། ། དཔའ་བོ་ཡུམ་གྱི་ལྷུམས་སུ་གཤེགས་པར་གདའ་བ་མཛད། །
BO
ཐུབ་ཆེན་ནམ་མཁའ་ལྟ་བུར་ཐམས་ཅད་རྗེས་སུ་ཞུགས། ། བཅོམ་ལྡན་ཕྱོགས་འགར་བལྟམ་པར་སྟོན་པའང་མཛད་པ་སྟེ། ། ས་འགའ་དག་ཏུ་ གོམ་པ་བདུན་པོར་གདའ་བ་མཛད། ། ང་ནི་ལྷ་མིར་བཅས་འགྲོ་ནང་གཙོ་ཤིན་ཏུ་ལྟ། ། འགྲོ་བ་སྡུག་བསྔལ་མཚོ་ལས་གདོན་ཅེས་གསུང་ཡང་ཕྱུང་། ། ཐུབ་ཁྱོད་ཆོས་གང་ལ་ཡང་ཐེ་ཚོམ་མི་མངའ་ཡང་། ། ཡི་གེ་ཤེས་པ་སློབ་ལྟར་འཇིག་རྟེན་དག་ན་གདའ། ། བསམ་གཏན་ཏིང་འཛིན་སྤྱོད་ཡུལ་ཞི་ བ་བརྙེས་གྱུར་ཀྱང་། ། ཁ་ཅིག་ཏུ་ནི་བུད་མེད་ནང་ན་བཞུགས་པར་གདའ། ། ཡབ་དང་ཡུམ་དང་སྲས་དང་བུད་མེད་རྣམས་ཀྱང་བཏང་། ། གཉན་རྣམས་མྱ་ངན་ནོན་ཏེ་རྣམ་པར་བརྒྱལ་ཞིང་ངུ་། ། སེམས་ཅན་དམ་པ་བྱེ་བ་བརྒྱ་ལྷས་ཡོངས་བསྐོར་ནས། ། ནགས་གནས་གནས་གཅིག་པོ་ནས་འབྱུང་བར་གདའ་བ་ འང་མཛད། ། ཁྱོད་ནི་བདུད་བཞི་ཕམ་པར་མཛད་ནས་ཡུན་རིང་ཡང་། ། ཞིང་ན་བདུད་འདུལ་བ་ཡང་གདའ་བ་སྟོན་པར་མཛད། ། སྔོན་ཆད་འཁོར་ལོ་བསམ་གྱིས་མི་ཁྱབ་བསྐོར་གྱུར་ཀྱང་། ། ཁྱོད་ནི་ཐུགས་རྗེས་འཁོར་ལོ་བསྐོར་བར་གདའ་བ་མཛད། ། རྟག་ཏུ་རྟག་ལྟ་འདུ་ཤེས་ལྡན་པའི་འགྲོ་གཟིགས་ ནས། ། མྱ་ངན་འདའ་ཞེས་འཁོར་གྱི་ནང་དུ་ཚིག་ཏུ་གསུང་། །
BO
རྟག་ཏུ་འཁོར་བར་དགའ་བའི་འགྲོ་བ་གཟིགས་ནས་ནི། ། ཁྱོད་ནི་ཞི་བ་བསིལ་གྱུར་མྱ་ངན་འདས་པ་གསུང་། ། ཁྱོད་ཀྱི་བསོད་ནམས་ཡེ་ཤེས་ཤེས་རབ་ཐབས་མཚུངས་མེད། ། ཐུབ་པ་ཁྱོད་སྐུ་འོད་ཀྱིས་ཞིང་མང་རྒྱས་པར་འགེངས། ། ཕྱོགས་ རྣམས་དག་ན་འདྲེན་པ་ཁྱོད་ཀྱི་བསྔགས་པ་གསུང་། ། ཀུན་དུ་སྤྱོད་ཡུལ་ཐུབ་པའི་རྒྱལ་ལ་ཕྱག་འཚལ་ལོ། ། ཆོས་ཉིད་མ་ལུས་བརྙེས་པར་གྱུར་ལ་ཕྱག་འཚལ་ལོ། ། སེམས་ཅན་ཀུན་གྱི་བགྱི་བ་སྒྱུ་མ་ལྟར་གདའ་ཡང་། ། ཐུབ་པ་ཁྱོད་ནི་གང་དུ་བཞུད་པའམ་བྱོན་མ་ལགས། ། སྒྱུ་མའི་ཆོས་ཚུལ་གནས་ལ་མངོན་ པར་ཕྱག་འཚལ་ལོ། ། འགྲོ་བའི་དོན་དུ་གང་གིས་བྱང་ཆུབ་མཆོག་ཐོབ་པ། ། ལམ་མཆོག་མི་ཡི་དཔའ་བོ་ཁྱོད་ནི་ལེགས་པར་གསུང་། ། བདག་གིས་ཆོས་ཉིད་འདི་ནི་མྱུར་དུ་སངས་རྒྱས་ནས། ། མི་དཔའ་འགྲོ་བའི་དོན་དུ་ཆོས་ཉིད་བཤད་པར་བགྱི། ། མི་ཡི་དཔའ་བོ་ཐུབ་པ་ཀུན་མཁྱེན་རིམས་བྲལ་བ། ། སྲིད་ གསུམ་མཚུངས་པ་མ་མཆིས་ལྷག་པ་ག་ལ་ཞིག ། བདག་གིས་འདིར་བསྟོད་བསོད་ནམས་དམ་པ་གང་བསྒྲུབས་དེས། ། འཇིག་རྟེན་བྱང་ཆུབ་བླ་མེད་ཞི་མཆོག་ཐོབ་པར་ཤོག །
BO
ཡུལ་འཁོར་སྐྱོང་དེ་ནས་དེ་བཞིན་གཤེགས་པ་དོན་གྲུབ་བློ་དེས་རྒྱལ་པོ་འོད་ཟེར་དེའི་ལྷག་པའི་བསམ་པ་མཁྱེན་ ནས་ཅི་ནས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་གྲུབ་བློ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ ལྡན་འདས་སང་བདག་གི་གྲོང་ཁྱེར་དུ་གདུགས་ཚོད་གསོལ་བར་གནང་བར་མཛད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ལ་ཐུགས་བརྩེ་བར་དགོངས་ཏེ་ཅང་མི་གསུང་བར་གྱུར་པས་གནང་ངོ་། ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱིས་ཕ་ མ་དེ་གཉིས་དང་གྲོགས་དེ་དག་དང་བུད་མེད་དེ་དག་ལ་སྨྲས་པ། ཁྱེད་ཅག་ཐམས་ཅད་རྗེས་སུ་ཡི་རང་བར་གྱིས་ཤིག ། ཅི་ནས་གྲོང་ཁྱེར་དགའ་མཆོག་བརྒྱན་ཏེ་མ་ཆགས་པར་དེ་བཞིན་གཤེགས་པ་ལ་དབུལ་དུ་རུང་བར་གྱིས་ཤིག ། དེ་དག་གིས་སྒྲ་སྐད་གཅིག་ཏུ་རྗེས་སུ་ཡི་རང་ངོ་། །
BO
ཡུལ་འཁོར་སྐྱོང་ དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་གྱིས་ཅི་ནས་གྲོང་ཁྱེར་དགའ་མཆོག་བརྒྱན་ཏེ་མ་ཆགས་པར་དེ་བཞིན་གཤེགས་པ་ལ་ཕུལ་ལོ། ། རོ་བྲོ་བ་བཀོད་པ་ལྔ་བརྒྱ་པའི་ཞལ་ཟས་ཀྱང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་དེ་ལ་གསོལ་ཏོ། ། དགེ་སློང་དེ་ དག་ཐམས་ཅད་ཀྱི་ཕྱིར་རིན་པོ་ཆེ་སྣ་བདུན་གྱིས་གཡོགས་པའི་གཙུག་ལག་ཁང་ནོར་བུའི་འཆག་ས་བཤམས་པ་སྟེང་དུ་རིན་པོ་ཆེའི་དྲ་བའི་བླ་རེ་བྲེས་པ། གཡས་གཡོན་དུ་མེ་ཏོག་གི་ཤིང་ལྗོན་པ་ལེགས་པར་ཡོངས་སུ་གྲུབ་པ། མེ་ཏོག་པད་མ་དཀར་པོའི་རྫིང་གིས་མཛེས་པར་བྱས་པ། རས་བཅོས་ བུ་མུ་གཉིས་དྲི་མ་མེད་པ་བརྒྱ་སྟོང་བཏིང་བའི་མལ་བཤམས་པ། དགེ་སློང་རེ་རེ་ལ་གོས་ཁ་ན་མ་ཐོ་བ་མེད་པ་གང་བྱིན་པ་དེ་ཕྱི་དེ་ཉིན་མི་སྦྱིན་གྱི་ཉིན་གཅིག་བཞིན་གོས་གཞན་དང་གཞན་སྦྱིན་པར་འགྱུར་བ་བྱས་སོ། ། དེ་ལོ་བྱེ་བ་ཕྲག་གསུམ་གྱི་བར་དུ་རྨུགས་པ་དང་གཉིད་ཀྱིས་ནོན་པར་མ་གྱུར་བདག་ལ་ དགའ་བ་མ་བྱས། སངས་རྒྱས་ལ་མཆོད་པའི་ཕྱིར་གཞན་ཡིད་ལ་མ་བྱས་སོ། ། བར་སྐབས་དེར་འདོད་པ་ལ་རྣམ་པར་རྟོག་པ་དང་།
BO
གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་མ་གྱུར། རྒྱལ་སྲིད་ལ་སྲེད་པར་མ་གྱུར་ཏེ་ལུས་དང་སྲོག་ལ་ཡང་མི་ལྟ་ན་ དངོས་པོ་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། བར་སྐབས་དེར་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ཐམས་ཅད་ཀུན་ཏུ་བཟུང་སྟེ་དེ་བཞིན་གཤེགས་པ་དེ་ལ་དེ་ལན་གཉིས་སུ་མ་ཞུས་སོ། ། བར་སྐབས་དེར་ཁྲུས་མ་བྱས་མར་དང་འབྲུ་མར་གྱིས་ལུས་མ་བསྐུས་རྐང་བ་མ་བཀྲུས་ངལ་བའི་འདུ་ ཤེས་མ་བསྐྱེད་དོ། ། ཟན་ཟ་བ་དང་བཤང་གཅི་བྱེད་པ་མ་གཏོགས་པར་ནམ་ཡང་འདུག་པར་མ་གྱུར་ཏོ། ། གང་གི་ཚེ་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ཙན་དན་དམར་པོའི་ཞུགས་ལ་བཞེན་པ་བྱས་སོ། ། གང་དུ་དེ་བཞིན་གཤེགས་པ་དེ་ཞུགས་ལ་བཞེན་པའི་ས་ ཕྱོགས་དེ་ཉིད་དུ་འཛམ་བུའི་གླིང་ཐམས་ཅད་པའི་མེ་ཏོག་ཐམས་ཅད་དང་། ཕྲེང་བ་ཐམས་ཅད་དང་། སྤོས་ཐམས་ཅད་དང་། རོལ་མོའི་སྒྲ་ཐམས་ཅད་ཀྱིས་ལོ་བརྒྱ་སྟོང་དུ་རིང་བསྲེལ་ལ་མཆོད་པ་བྱས་པར་གྱུར་པ་ནས་རྒྱུ་རྐྱེན་ཐམས་ཅད་བསོགས་ཏེ་ཕྱིས་མཆོད་རྟེན་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིའི་ བར་དུ་བྱས་སོ། །
BO
མཆོད་རྟེན་དེ་དག་ལ་ཡང་རིན་པོ་ཆེ་སྣ་བདུན་གྱི་རིན་པོ་ཆེའི་དྲ་བས་གཡོགས་སོ། ། མུ་ཏིག་གི་དྲ་བའི་བླ་རེ་དག་བྲེས་སོ། ། མཆོད་རྟེན་རེ་རེ་ལ་ཡང་རིན་པོ་ཆེ་སྣ་བདུན་གྱི་གདུགས་ལྔ་བརྒྱ་ལྔ་བརྒྱ་ཕུལ་ལོ། ། མཆོད་རྟེན་ཐམས་ཅད་ལ་ཡང་སིལ་སྙན་བརྒྱ་སྟོང་ཕུལ་ལོ། ། འཛམ་ བུའི་གླིང་ཁོ་ར་ཁོར་ཡུག་ཏུ་མེ་ཏོག་གི་ཤིང་ལྗོན་པ་བསྐྲུན་ཏོ། ། མཆོད་རྟེན་རེ་རེ་ལ་ཡང་མར་མེའི་རྫ་བོ་བརྒྱ་སྟོང་ནས་མར་མེ་བུས་སོ། ། མར་མེའི་རྫ་བོ་རེ་རེ་ནས་ཀྱང་སྤོས་ཀྱི་འབྲུ་མར་དྲུག་ཅུ་རྩ་བཞི་པ་སྟོང་གི་མར་མེ་བུས་སོ། ། སྤོས་དང་ཕྲེང་བ་དང་བྱུག་པ་ཐམས་ཅད་ཀྱིས་ཀྱང་མཆོད་པ་བྱས་སོ། ། ཚུལ་དེ་ལྟ་བུས་ལོ་བྱེ་བའི་བར་དུ་མཆོད་པ་བྱས་ཏེ་ཕྱིས་རབ་ཏུ་བྱུང་ངོ་། ། དེ་རབ་ཏུ་བྱུང་ནས་ཀྱང་ཆོས་གོས་གསུམ་པར་གྱུར་ཅིང་རྟག་ཏུ་བསོད་སྙོམས་སྤྱོད་པ་དང་རྟག་ཏུ་ཅོག་བུ་བ་སྟེ་ནམ་ཡང་གློས་མ་ཕབ་བོ། ། ནམ་ཡང་རྨུགས་པ་དང་གཉིད་ཀྱིས་ནོན་པར་མ་གྱུར་ཏོ། ། དེས་ཟང་ཟིང་མེད་པའི་སེམས་ ཀྱིས་ལོ་བྱེ་བ་ཕྲག་བཞིའི་བར་དུ་ཆོས་ཀྱི་སྦྱིན་པ་བྱིན་ཏེ།
BO
དེས་གཞན་ལ་ཐ་ན་ལེགས་སོ་ཞེས་བྱ་བ་ཙམ་ཡང་རེ་བར་མ་གྱུར་ན་རྙེད་པ་དང་བཀུར་སྟི་ལྟ་སྨོས་ཀྱང་ཅི་དགོས། དེ་ཆོས་མཉན་པའམ་ཆོས་བཤད་པས་ཀྱང་ངལ་བར་མ་གྱུར་ཏོ་དེ་ལ་ལྷ་རྣམས་ཀྱང་བསྙེན་བཀུར་བྱེད་དོ། ། ཡུལ་གྱི་མི་ ཐམས་ཅད་དང་བཙུན་མོའི་འཁོར་དང་ནང་མི་ཐམས་ཅད་དང་། གྲོགས་པོ་ཐམས་ཅད་ཀྱང་དེའི་རྗེས་སུ་བསླབས་ཏེ་རབ་ཏུ་བྱུང་ངོ་། ། ཡུལ་འཁོར་སྐྱོང་དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་འདི་སྙམ་དུ་སེམས་ཏེ་བསོད་ནམས་ཀྱི་འོད་ཟེར་གྱི་རྗེས་སུ་སློབ་ཅིང་ཡུལ་གྱི་མི་ཐམས་ ཅད་རབ་ཏུ་བྱུང་གིས་བདག་ཅག་གིས་དེ་ལ་རིམ་གྲོ་དང་བསྙེན་བཀུར་བྱས་ན་དཀོན་མཆོག་གསུམ་ལ་རིམ་གྲོ་བྱས་པར་འགྱུར་རོ་སྙམ་མོ། ། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞིའི་བར་དུ་གནས་ཏེ་དགེ་སློང་བསོད་ནམས་ཀྱི་འོད་ ཟེར་གྱིས་ཐམས་ཅད་ཡོངས་སུ་བཟུང་ངོ་། ། ཚུལ་འདི་ལྟ་བུས་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དགུ་བཅུ་རྩ་བཞི་ལ་རྣམ་པ་དེ་ལྟ་བུས་མཆོད་པ་བྱས་སོ། །
BO
ཡུལ་འཁོར་སྐྱོང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འོད་ཟེར་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དེ་ལྟར་དོགས་ཤིང་ཐེ་ཚོམ་ཟ་ འམ་ཡིད་གཉིས་སུ་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འོད་དཔག་མེད་དེ་དེའི་ཚེ་དེའི་དུས་ན་རྒྱལ་པོ་འོད་ཟེར་ལྡན་ཞེས་བྱ་བར་གྱུར་ཏོ། ། ཡུལ་འཁོར་སྐྱོང་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་ པ་སྙམ་དུ་ཁྱོད་དེ་ལྟར་དོགས་ཤིང་ཐེ་ཚོམ་ཟ་འམ་ཡིད་གཉིས་སུ་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ཞེས་བྱ་བར་གྱུར་ཏོ། ། གྲོང་ཁྱེར་གྱི་ལྷ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མི་འཁྲུག་པར་གྱུར་ཏོ། ། ཡུལ་ འཁོར་སྐྱོང་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ལྷག་པའི་བསམ་པས་བསྒྲུབ་པ་དང་སྡུག་པ་དང་མི་སྡུག་པ་ཡོངས་སུ་སྤངས་པ་དང་།
BO
བག་ཡོད་པའི་སྤྱོད་པས་རྒྱལ་བུ་གཞོན་ ནུ་བསོད་ནམས་ཀྱི་འོད་ཟེར་དེའི་རྗེས་སུ་བསླབ་པར་བྱའོ། ། ངས་བྱ་དཀའ་བ་མངོན་པར་འདུ་བྱ་བ་དེ་ལྟ་བུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། ། དེ་ལྟ་བས་ན་དེ་དག་མི་བརྩོན་པ་དང་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལྷུར་ལེན་པ་དང་། ཤེས་ཀྱི་ཁེ་ལ་ཆགས་པ་དང་ང་ རྒྱལ་གྱིས་བཅོམ་པ་དང་འདོད་པའི་རྒྱུས་ཉོན་མོངས་ཤིང་ཤ་ཐང་བ་དང་འདོད་པའི་རྒྱུས་བསྟན་པ་ལས་རིང་དུ་གྱུར་པ་དང་རབ་ཏུ་བྱུང་བ་དོན་མེད་པ་དང་། དགེ་སྦྱོང་སུན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྨུ་རྒོད་དང་ལུས་དང་ངག་དང་སེམས་མི་དྲང་བ་དང་ལྟས་ལྟ་བ་དང་ཁས་འཆེ་བ་ནོར་བ་དང་རང་གི་དམ་བཅས་པ་ ལས་ཉམས་པ་དང་གོས་དང་ཟས་དང་མལ་ཆ་དང་ན་བའི་ཆེད་ཀྱི་སྨན་དང་ཡོ་བྱད་ཀྱི་མཚན་མ་ལ་ཆགས་པ་དང་། ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པ་དང་ཆོ་ག་ཉམས་པ་དང་དམ་པའི་ཆོས་མ་ཡིན་པ་ལ་འཇུག་པ་དང་སྤྱོད་ཡུལ་དང་བྲལ་བ་དང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་རིང་དུ་གྱུར་པ་དང་། སངས་རྒྱས་ཀྱི་ཐེག་པ་དང་བྲལ་ བ་དང་རྫོགས་པའི་བྱང་ཆུབ་ཀྱི་སེམས་དང་བྲལ་བར་གྱུར་ཏོ། །
BO
ཡུལ་འཁོར་སྐྱོང་དེ་ལྟ་བས་ན་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོས་ནས་སྡིག་པའི་བཤེས་གཉེན་རིགས་པ་མེད་པ་རྙེད་པ་དོན་དུ་གཉེར་བ་དང་མི་བསྟེན་པར་ཤེས་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ ཏོ། ། སྟོབས་བཅུ་མངའ་བའི་སྤྱོད་པ་དཔག་མེད་ན། ། སྙིང་ནི་ཐོབ་དང་ཤེས་ཀྱི་ཁེ་ལ་སོང་། ། བྱང་ཆུབ་ཡོན་ཏན་བརྒྱས་ཁེབས་བོར་ནས་ནི། ། དེ་དག་འཐོབ་ཕྱིར་གཞན་གྱི་ཁྱིམ་ལ་དགའ། ། ཁྭ་འདྲ་སྡང་བ་ཁྲེལ་དང་མོས་བློ་བྲལ། ། ཤེས་ཀྱི་ཁེ་ཕྱིར་བདུད་ཀྱི་དབང་དུ་སོང་། ། ཉོན་མོངས་རག་ལུས་སྲིད་པའི་འགྲོ་བར་གཞོལ། ། བདག་འདིར་ཡོན་ཏན་ལྡན་ཞེས་དེ་སྐད་སྨྲ། ། ལུས་ནི་དགོན་པ་འདྲ་བའི་གྲོང་ཁྱེར་དུ། ། འཐོབ་ཕྱིར་དེ་དག་རྣམ་པར་རྟོག་པས་སྤྱོད། ། གནམ་དང་ས་ལྟར་ཐར་ལས་རིང་བ་སྟེ། ། དེ་འདྲ་དེ་དག་སྦྲུལ་ལྟར་རིང་དུ་སྤང་། ། དེ་དག་སངས་རྒྱས་ཆོས་དང་དེ་བཞིན་དུ། ། དགེ་འདུན་ཡོན་ཏན་བརྒྱས་གང་དགའ་མ་ཡིན། ། མཐོ་རིས་བོར་ ནས་ངན་པའི་ལམ་དུ་སོང་། ། སྡུག་པས་ཕོངས་ནས་སྲིད་པའི་འགྲོ་བར་འཁྱམས། ། ང་ཡི་སྤྱོད་པ་ཉེ་བར་བསྟན་པ་འདི་ཐོས་ནས། ། ཡང་དག་ལྷག་པའི་བསམ་པའི་སྒྲུབ་པས་འདི་ལ་སྦྱོར།
BO
། བསྐལ་པ་བྱེ་བ་མང་པོས་རྙེད་དཀའ་དལ་རྙེད་ཀྱིས། ། དེ་ལྟས་ཇི་སྐད་བསྟན་པའི་ཆོས་ཉིད་འདིར་བརྩོན་གྱིས། ། གང་ཞིག་ཐེག་ མཆོག་བྱང་ཆུབ་དམ་པ་འཚང་རྒྱར་འདོད། ། དེ་ཡིས་རྒྱལ་པོ་དེ་ཡི་ཡོན་ཏན་དྲན་པར་བྱ། ། བསམས་ཏེ་ཡང་དག་ཇི་བཞིན་ཚུལ་བཞིན་གནས་པར་བྱ། ། དེ་ལྟས་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཆགས་མེད་འགྲུབ། ། ཡོན་ཏན་འདི་དག་རྟོགས་པས་འཕགས་པའི་རིགས་ལ་བསྟེན། ། རང་གིས་འདིར་ནི་ཀུན་ཏུ་ཤེས་པ་བསྐྱེད་པར་ བྱ། ། བསྟན་པ་ཡོན་ཏན་སྙིང་པོ་འདི་འདྲ་མ་སྤོང་ཤིག ། བྱིས་པ་ལྟ་བུར་འགྲོ་བ་ལྔར་ནི་འཁྱམས་ས་རེ། ། འདིར་ནི་རི་དང་དགོན་པ་ཕུག་ཏུ་གནས་པར་བྱ། ། དེར་གནས་ནས་ནི་བདག་མི་སྙེམས་ཤིང་གཞན་མི་སྨད། ། སྔོན་ཆད་སངས་རྒྱས་བྱེ་བ་ཕྲག་བརྒྱ་མཉེས་མ་བྱས། ། རྗེས་སུ་དྲན་ནས་རྟག་པར་རྒྱུན་ཏུ་བདག་ལ་ སྤྱོས། ། ལུས་དང་སྲོག་ལ་སྲེད་པ་མ་ཆགས་སྤང་བར་བྱ། ། གུས་པ་དྲག་པོ་བསྐྱེད་ནས་ཆོས་ལ་བརྩོན་པར་གྱིས། ། ང་ཡིས་མདོ་འདིར་སྒྲུབ་པ་བཤད་པ་འདིར་གནས་ན། ། དེ་དག་རྣམས་ཀྱི་ཕྱི་ནས་བྱང་ཆུབ་རྙེད་མི་དཀའ། ། གང་དག་རྒྱལ་བའི་ཐེག་པ་འདི་ལ་དགའ་བརྩོན་པ། ། ཐོས་ནས་ཕྱིར་ཞིང་ཡིད་ནི་འཇུག་པར་བྱ་བའི་ རིགས། །
BO
དེ་ལྟ་བས་ན་བསྟན་ལ་མོས་པ་བསྐྱེད་པར་བྱ། ། རྣམ་པར་རྒྱུ་བའི་ཚེ་ན་ཕྱིས་འགྱོད་གྱུར་ཏ་རེ། ། ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའ་གང་ཞིག་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱོད་པ་ཡང་གང་ཞིག་བདག་འདི་ལ་བསླབ་པོ། ། བདག་སྡོམ་པ་འདི་ལ་གནས་པར་བྱའོ་སྙམ་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་ནན་ཏན་གྱིས་སྒྲུབ་ན་ བསོད་ནམས་ཀྱི་ཕུང་པོ་དེ་བསོད་ནམས་ཀྱི་ཕུང་པོ་འདིའི་གན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་བྱེ་བ་བརྒྱ་སྟོང་གི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ བཤད་པ་ན་སྔོན་སེམས་མ་བསྐྱེད་པའི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་ཁྲག་ཁྲིག་ཕྲག་སུམ་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དགེ་སློང་བདུན་སྟོང་ནི་ལེན་པ་མེད་ པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །
BO
བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡུལ་འཁོར་སྐྱོང་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་དམ་བཅས་པ་དོན་ཡོད་པ་རྣམ་པར་དག་པ་ཞེས་བྱ་བར་ཟུང་ཤིག ། སྐྱེས་བུ་དམ་པ་རྣམ་པར་རོལ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ པ་རྣམ་པར་ངེས་པ་ཞེས་བྱ་བར་ཡང་ཟུང་ཤིག ། དོན་ཡོངས་སུ་རྫོགས་པ་ཞེས་བྱ་བར་ཡང་ཟུང་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ཡུལ་འཁོར་སྐྱོང་གིས་ཞུས་པའི་ལེའུ་ཞེས་བྱ་བ་སྟེ་{བཅྭ་,བཅོ་}བརྒྱད་པ་རྫོགས་སོ། ། ། ། རྒྱ་གར་གྱི་ མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ།
BO
སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source