The Praise of Tara in Twentyone Homages

སྒྲོལ་མ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་ གིས་བསྟོད་པ་ཕན་ཡོན་དང་བཅས་པ།

The Praise of Tara in Twentyone Homages

སྒྲོལ་མ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་ གིས་བསྟོད་པ་ཕན་ཡོན་དང་བཅས་པ།

BO
༄༅༅། ། རྒྱ་གར་སྐད་དུ། ན་མཿཏཱ་རཱ་ཨེ་ཀ་བིཾ་ཤ་ཏི་སྟོ་ཏྲ་གུ་ཎ་ཧི་ཏ་སཱ་ཀ། བོད་སྐད་དུ། སྒྲོལ་མ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་ གིས་བསྟོད་པ་ཕན་ཡོན་དང་བཅས་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། ། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། ། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། ། གེ་སར་ཕྱེ་བ་ལས་ནི་བྱུང་མ། ། ཕྱག་འཚལ་སྟོན་ཀའི་ཟླ་བ་ ཀུན་དུ། ། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། ། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། ། རབ་ཏུ་ཕྱེ་བའི་འོད་རབ་འབར་མ། ། ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། ། པདྨས་ཕྱག་ནི་རྣམ་པར་བརྒྱན་མ། ། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། ། བཟོད་པ་བསམ་གཏན་ སྤྱོད་ཡུལ་ཉིད་མ། ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། ། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། ། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། ། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། ། ཕྱག་འཚལ་ཏུཏྟྭ་ར་ཧཱུྃ་ཡི་གེ། ། འདོད་དང་ཕྱོགས་དང་ནམ་མཁའ་གང་མ། ། འཇིག་རྟེན་ བདུན་པོ་ཞབས་ཀྱིས་མནན་ཏེ། ། ལུས་པ་མེད་པར་འགུགས་པར་ནུས་མ། ། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །
BO
རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། ། འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། ། གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། ། ཕྱག་འཚལ་ཏྲད་ཅེས་བྱ་དང་ ཕཊ་ཀྱིས། ། ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། ། གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། ། མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། ། ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། ། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། ། ཆུ་སྐྱེས་ཞལ་ནི་ཁྲོ་ གཉེར་ལྡན་མཛད། ། དགྲ་བོ་ཐམས་ཅད་མ་ལུས་གསོད་མ། ། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། ། སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། ། མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། ། རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། ། ཕྱག་འཚལ་རབ་ཏུ་དགའ་ བ་བརྗིད་པའི། ། དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། ། བཞད་པ་རབ་བཞད་ཏུ་ཏྟྭ་ར་ཡིས། ། བདུད་དང་འཇིག་རྟེན་དབང་དུ་མཛད་མ། ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། ། ཐམས་ཅད་འགུགས་པར་ནུས་མ་ཉིད་མ། ། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། ། ཕོངས་པ་ཐམས་ ཅད་རྣམ་པར་སྒྲོལ་མ། ། ཕྱག་འཚལ་ཟླ་བའི་རྩེ་མོས་དབུ་བརྒྱན། ། བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། ། རལ་པའི་ཁྲོད་ན་འོད་དཔག་མེད་ལས། །
BO
རྟག་པར་ཤིན་ཏུ་འོད་ནི་མཛད་མ། ། ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། ། འབར་བའི་ཕྲེང་བའི་དབུས་ན་གནས་མ། ། གཡས་ བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགས། ། དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། ། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། ། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། ། ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། ། རིམ་པ་བདུན་པོ་རྣམས་ནི་འགེམས་མ། ། ཕྱག་འཚལ་ བདེ་མ་དགེ་མ་ཞི་མ། ། མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། ། སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། ། སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། ། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། ། དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། ། ཡི་གེ་བཅུ་པའི་ངག་ནི་བཀོད་པའི། ། རིག་པ་ཧཱུྃ་ལས་སྒྲོན་མ་ ཉིད་མ། ། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། ། ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། ། རི་རབ་མན་དཱ་ར་དང་འབིགས་བྱེད། ། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། ། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། ། {རི་དགས་,རི་དྭགས་}རྟགས་ཅན་ཕྱག་ན་བསྣམས་མ། ། ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ ཡི་གེས། ། དུག་རྣམས་མ་ལུས་པར་ནི་སེལ་མ། ། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། ། ལྷ་དང་མིའམ་ཅི་ཡིས་བསྟེན་མ། །
BO
ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། ། རྩོད་དང་རྨི་ལམ་ངན་པ་སེལ་མ། ། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། ། སྤྱན་གཉིས་པོ་ལ་འོད་རབ་གསལ་མ། ། ཧ་ར་ གཉིས་བརྗོད་ཏུ་ཏྟྭ་ར་ཡིས། ། ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ། ། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། ། ཞི་བའི་མཐུ་དང་ཡང་དག་ལྡན་མ། ། གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། ། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། ། རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། ། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག ། ལྷ་མོ་ལ་གུས་ཡང་དག་ལྡན་པའི། ། བློ་ལྡན་གང་གིས་རབ་ཏུ་བརྗོད་པས། ། སྲོད་དང་ཐོ་རངས་ལངས་པར་བྱས་ནས། ། དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། ། ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། ། རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། ། མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། ། འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང་། ། སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། ། དེ་ཡི་དུག་ནི་དྲག་པོ་ཆེན་པོ། ། བརྟན་གནས་པའམ་གཞན་ཡང་འགྲོ་བ། ། ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། ། དྲན་ པས་རབ་ཏུ་སེལ་བ་ཉིད་ཐོབ། ། གདོན་དང་རིམས་དང་དུག་གིས་གཟིར་བའི། །
BO
སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། ། སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། ། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། ། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། ། ནོར་འདོད་པས་ནི་ནོར་རྣམས་ ཉིད་ཐོབ། ། འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། ། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། ། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟོད་པ་གསུངས་པ་རྫོགས་སོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source