BO༄༅། ། རྒྱ་གར་སྐད་དུ། ཤྲཱི་གུཧྱ་གརྦྷ་ཏ་ཏྭ་བི་ནི་ཤྩ་ཡ། བོད་སྐད་དུ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བཤད་པའི་དུས་ན། དེ་བཞིན་གཤེགས་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་ བཞིན་ཏེ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་ གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་དུ་འཁྱིལ་བ།
BOཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། སྤགས་པ། ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་པའི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་ དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ་མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པར་བཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ། ཀུན་དུ་ཡང་ནང་དུ་གྱུར་པ་ན་མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། རང་བཞིན་གྱིས་འོད་ གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ་སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་མཚན་དང་དཔེ་བྱད་དུ་ལྡན་པ་བསམ་གྱིས་མི་ཁྱབ་པ། ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ ཚོགས་པར་ཀུན་དུ་སྣང་བ་དང་།
BOཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་ དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་ པ་འདུ་བྱེད་ཀྱི་རྒྱལ་པོ་དང་། དེ་དག་ཀུན་ཀྱང་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་གུའི་མདོག་ཏུ་འཚེར་བ། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་ པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་ཀུན་དུ་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། ། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ ཐོས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་།
BOབཙུན་མོ་མཐོང་བར་བྱ་བ་དང་། མཉན་པར་བྱ་བ་དང་། མནམ་པར་བྱ་བ་དང་། མྱང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་ བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མནམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་། བཙུན་མོ་འདས་པ་དང་། ད་ལྟར་དང་། འབྱུང་བ་དང་། མ་བྱོན་པའི་ཚོགས་དང་། འཇོམས་པ་ཆེན་པོ་རེག་པ་དང་། ། འཇོམས་པ་ཆེན་པོ་རེག་བྱེད་དང་། ། འཇོམས་པ་ཆེན་པོ་རེག་བྱ་དང་། ། འཇོམས་པ་ཆེན་པོ་རེག་ཤེས་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། ། དེ་ནས་དེ་བཞིན་གཤེགས་པ་ བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། ། ཨེ་ཨེ་ཨེ་མའོ། ། དེ་བཞིན་ཉིད་དབྱིངས་ཉིད་དབང་སྒྱུར། ། ཡེ་ཤེས་དཀྱིལ་འཁོར་ ཐུགས་རྗེའི་ངང་། ། རང་སྣང་བ་ཉིད་ཏིང་ངེ་འཛིན། ། གཟུགས་བརྙན་སྒྱུ་མ་རྣམ་པར་དག །
BOགསལ་བ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སེལ་མེད་པའི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ་མི་ཟད་པར་ལྡན་པ་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་རྡོ་རྗེ་གསང་བའི་ ཚིག་ཏུའོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་དུ་བཟང་པོས་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེ་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ ཏོ། ། ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་རྡོ་རྗེ་ཕུང་པོ་ཡན་ལག་ནི། ། རྫོགས་པའི་ སངས་རྒྱས་ལྔ་རུ་གྲགས། ། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། ། ས་ཆུ་སྤྱན་དང་མཱ་མ་ཀཱི། ། མེ་རླུང་གོས་དཀར་སྒྲོལ་མ་སྟེ། ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། ། སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། ། ཐམས་ཅད་མ་ལུས་ཆོས་སོ་ཅོག ། སངས་རྒྱས་ཉིད་ལས་གཞན་མ་ཡིན། ། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །
BOསངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། ། དེ་ནས་བཙུན་མོ་བྱ་ བ་མོ་ཆོས་ཀུན་ཏུ་བཟང་མོས། བཅོམ་ལྡན་འདས་ཡིད་ཀུན་དུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཀྱེ་མ་ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། ། སྲིད་པ་གསུམ་ཉིད་དག་པའི་ཞིང་། ། སྙིགས་མ་ལྔ་ཉིད་བདེ་ ལྡན་གནས། ། ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། ། ཐམས་ཅད་མཆོག་གི་སྙིང་པོ་བས། ། གཞན་དུ་རྒྱལ་བའི་ཆོས་མི་བཙལ། ། ཉིད་ལས་གཞན་ཞེས་བྱ་བའི་ཆོས། ། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། ། ཞེས་བརྗོད་པས། ཐམས་ཅད་ཡེ་ནས་སངས་ རྒྱས་པར། ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། ། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། ། སྐྱེ་བ་ མེད་ལས་ཐམས་ཅད་སྐྱེ། ། སྐྱེས་པ་ཉིད་ནའང་སྐྱེ་བ་མེད། ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། ། འགག་པ་མེད་ལས་ཐམས་ཅད་འགག ། འགག་པ་ཉིད་ནའང་འགག་པ་མེད། །
BOཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་ སངས་རྒྱས་ཀུན་གྱི་གསང་། ། གནས་པ་མེད་ལས་ཐམས་ཅད་གནས། ། གནས་པ་ཉིད་ནའང་གནས་པ་མེད། ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། ། དམིགས་པ་མེད་ལས་ཐམས་ཅད་དམིགས། ། དམིགས་པ་ཉིད་ནའང་ དམིགས་པ་མེད། ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། ། འགྲོ་འོང་མེད་ལས་འགྲོ་དང་འོང་། ། འགྲོ་འོང་ཉིད་ནའང་འགྲོ་འོང་མེད། ། ཅེས་བརྗོད་པས། ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བཙུན་མོའི་ཚོགས་ཐམས་ ཅད་ཀྱང་མཉེས་པས་ཁྱབ་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་ཡེ་ནས་གསང་བའི་ཆོས། ། སྣ་ཚོགས་སྣང་ལ་རང་བཞིན་གསང་། ། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། ། གཞན་དུ་མིན་ལ་ཤིན་ཏུ་གསང་། ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ནའང་།
BOའགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས་འགྲོ་བ་ལྔའི་རིས་ བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མ་བདེ་གཤེགས་སྙིང་པོ་ལས། ། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། ། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། ། གནས་དང་སྡུག་བསྔལ་ ལ་སོགས་པ། ། བདག་དང་བདག་གིར་སོ་སོར་འཛིན། ། སུས་ཀྱང་མ་བཅིངས་བཅིངས་མེད་དེ། ། བཅིང་བར་བྱ་བ་ཡོད་མ་ཡིན། ། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། ། ནན་གྱིས་མཁའ་ལ་མདུད་པ་དོར། ། བཅིངས་མེད་རྣམ་པར་གྲོལ་མེད་པའི། ། ཡེ་ནས་ལྷུན་ རྫོགས་སངས་རྒྱས་ཆོས། ། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། ། ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཞེས་བྱ་བའི་རིགས་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འཐོན་ཏོ། །
BOའཐོན་ནས་ཀྱང་ལས་ཀྱི་ དབང་གིས་སྣྲེལ་ཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེ་ཐུབ་པ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པར་སྟོན་པའི་ཐུབ་པ་དུས་བཞི་ཀུན་དུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ དུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་དུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་དུ་གསན་པ་དང་། རྫུ་འཕྲུལ་གྱི་ཆོ་གས་ཀུན་དུ་དོན་སྤྱོད་པ་དང་། ཟག་པ་མེད་པས་ཀུན་དུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ ཤེས་པ་ཆེན་པོ་དྲུག་དང་། ཀུན་དུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། བསམ་གྱིས་མི་ཁྱབ་པའི་གྲངས་མེད་པ་ཕྱོགས་ བཅུར་སྣང་བར་གྱུར་ཏོ། ། ཐམས་ཅད་ཀྱང་འདི་ལྟ་སྟེ།
BOའདུལ་བའི་དབང་གིས་ལྷ་དང་། མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་ པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། ། གསུང་ངོ་། ། གསུང་བར་འགྱུར་རོ། ། དེ་དག་ཐམས་ཅད་ཀྱང་གཟུང་བ་དང་། འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འཛིན་པ་དང་། འཕྲུལ་པ་ལས་འདོགས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་པ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་ འདི་བརྗོད་དོ། ། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། ། མ་རིག་རྟོག་པའི་གཟུང་འཛིན་གྱིས། ། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། ། མི་མཐུན་བདེ་སྡུག་མྱོང་བར་འགྱུར། ། རང་བཞིན་ཉིད་ལས་ཉམས་པ་མེད། ། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། ། བདག་དང་བདག་གི་གཞན་མེད་དེ། ། རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། ། བདག་དང་བདག་གི་གཞན་རྣམས་ནི། ། ལོག་པར་རྟོག་པ་ཙམ་ཉིད་ལས། །
BOཕྲ་ཞིང་ཟབ་པའང་ཡོད་མ་ཡིན། ། ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། ། གཞན་དུ་གཡོ་བ་ཅི་ཡང་ མེད། ། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། ། གཞི་རྩ་མེད་དབྱིངས་སྐད་ཅིག་མ། ། རྣམ་པར་དག་པའི་དབྱིངས་ཉིད་ཚུལ། ། ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། ། བདག་དང་གཞན་དང་རྟོག་པའི་རྒྱུན། ། རྣམ་དག་བླ་མེད་ཐེག་པའི་མཆོག ། ཐེག་པ་བཞི་ ཡིས་ངེས་འབྱུང་ལ། ། ཐེག་པ་གཅིག་གིས་འབྲས་བུར་གནས། ། ཡང་དག་རྟོགས་པས་རབ་བརྟགས་ན། ། རང་བཞིན་མེད་ལས་ཅིར་ཡང་འགྲུབ། ། སངས་རྒྱས་མྱ་ངན་ཡོང་མི་འདའ། ། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། ། མ་རིག་སྨིན་མཛད་འདུལ་བའི་ ཕྱིར། ། བྱུང་ནས་མྱ་ངན་འདའ་བར་སྟོན། ། འདུལ་བ་མདོ་སྡེ་ཆོས་མངོན་དང་། ། དམ་ཚིག་སྒྲུབ་དང་གྲུབ་པ་དང་། ། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། ། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། ། གསང་བའི་སྙིང་པོ་ལས་འཕྲོས་ཏེ། ། རང་བཞིན་གསང་ བའི་སྙིང་པོ་འདི། ། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། ། འབྱུང་གནས་གཏན་ལ་ངེས་པར་འབེབས། ། ཆོས་རྣམས་མིང་དུ་བཏགས་པ་ཙམ། ། སྟོན་པས་དོན་དང་མཐུན་ཕྱོགས་སུ། ། མིང་དང་ཚིག་ཏུ་བཏགས་ནས་བསྟན། ། སྟོན་མིན་ཚིག་ལ་དངོས་པོ་མེད། །
BOཅེས་ཆེད་དུ་བརྗོད་དོ། ། དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། ། ཨ་ཧོ། སྲིད་རྩ་ཉེས་དམིགས་བདག་ཏུ་རྟོག་ལས་ འཕྲོས། ། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། ། གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། ། ལོག་རྟོག་ཉིད་ལས་གཞན་གཡོ་ཅི་ཡང་མེད། ། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། ། དམིགས་བྱ་དམིགས་བྱེད་མེད་པར་དྲན་ དབང་སྒྱུར། ། ངོ་མཚར་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཞིང་ཁམས་ལས། ། གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། ། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ། ། ། །
BOདེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་ གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར། ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། ཨ་རབ་ཏུ་བརྟན་ གྱུར་ཨ་དཀར་ལས། ། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། ། ཕྱོགས་བཅུ་གང་བར་གསལ་གྱུར་ནས། ། བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། ། དེ་ལས་མིང་ཚོགས་གསལ་འབར་ཀུན། ། སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། ། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། ། བརྟན་བྱུང་ ཡེ་ཤེས་རྒྱུ་ཡིན་ནོ། ། ཨ་ཨཱ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵཿ། ཨི་ཨཱི། ཨུ་ཨཱུ། ཨེ་ཨེ། ཨོ་ཨཽ། འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་ནས། ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། ། ཧོཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨ་ནི་སྟོང་དང་མི་སྟོང་གི། །
BOདབུ་མའང་དམིགས་སུ་ཡོད་མ་ཡིན། ། ཐམས་ ཅད་མིང་ཙམ་སངས་རྒྱས་ཀུན། ། ཡི་གེ་ཕྲེང་བ་ཉིད་ལ་གནས། ། ཨ་ཉིད་སྣ་ཚོགས་པར་སྣང་བའི། ། ཀ་ལ་སོགས་པ་བཞི་བཅུ་གཉིས། ། སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། ། མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། ། ཨེ་མ་ངོ་མཚར་ཡ་མཚན་གྱི། ། འཕྲུལ་ཆེན་བཞི་ བཅུ་རྩ་ལྔའི་མིང་། ། ཚིག་རྣམས་མ་ལུས་འཛིན་པའི་གནས། ། སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། ། དངོས་མེད་ཡི་གེའི་རང་བཞིན་སེམས། ། བདག་མེད་མཐའ་བྲལ་མི་དམིགས་ཀྱང་། ། དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས། ། རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། ། ཕྱོགས་ བཅུ་དུས་བཞིར་གཤེགས་པ་ཡི། ། ཡེ་ཤེས་སེམས་དཔའ་སྐུ་གསུང་ཐུགས། ། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། ། ཡི་གེ་མགོ་ནས་ཀྵཿལ་རྫོགས། ། སེམས་ཀྱི་རང་བཞིན་ཡི་གེ་སྟེ། ། ཡི་གེའི་དངོས་པོ་ཡོད་མ་ཡིན། ། དམིགས་མེད་དེ་ཉིད་སྣ་ཚོགས་པའི། ། སྐུ་ གསུང་ཐུགས་ཀྱི་འཁོར་ལོ་ཆེ། ། སྐུ་གསུང་ཐུགས་ནི་ངོ་མཚར་གྱི། ། ངོ་མཚར་འཕྲུལ་ཆེན་རབ་འགུགས་པ། ། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། ། ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། ། མགོ་ནི་མ་ནོར་ལམ་ཡིན་ཏེ། ། ཏིག་ནི་ཤེས་རབ་མིང་དུ་སྨྲ། །
BOཤད་ནི་ཐབས་ཆེན་ ཚིགས་སུ་གཅོད། ། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། ། ཨཱ་ནི་ཐོག་མཐའ་སྟོང་པ་ཉིད། ། ཐ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། ། ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། ། ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། ། ཌྷ་ནི་སྒྱུ་འཕྲུལ་སྣང་བདག་ཉིད། ། ཎ་ནི་ཀུན་དུ་སྒྱུ་འཕྲུལ་ཉིད། ། ཐ་ནི་དྲ་བས་མངོན་ རྫོགས་ཉིད། ། ཏ་ནི་དྲ་བས་བརྟན་པ་ཉིད། ། ད་ནི་དྲ་བས་ལྷན་ནེ་ཉིད། ། དྷ་ནི་དྲ་བས་འཁྲིལ་བ་ཉིད། ། ན་ནི་དྲ་བས་ཀུན་དུ་འགྱུར། ། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག ། ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག ། ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག ། གྷ་ནི་ལྗགས་ཀྱི་ཐུགས་ཀྱི་ མཆོག ། ད་ནི་ཐུགས་ཀྱང་འཇིག་བྱེད་པའོ། ། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག ། ཚ་ནི་སྙན་གྱི་སྐུ་ཡི་མཆོག ། ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག ། ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག ། ཉ་ནི་སྐུའང་འཇིག་བྱེད་པའོ། ། པ་ནི་སྤྱན་གྱི་གསུང་གི་མཆོག ། ཕ་ནི་སྙན་གྱི་གསུང་གི་ མཆོག ། བ་ནི་ཤངས་ཀྱི་གསུང་གི་མཆོག ། བྷ་ནི་ལྗགས་ཀྱི་གསུང་གི་མཆོག ། མ་ནི་གསུང་ཡང་འཇིག་པར་བྱེད། ། ཡ་ནི་སྐྱེ་བ་རྣམ་པར་དག ། ཝ་ནི་གནས་པ་དག་པ་ཡིན། ། ར་ནི་འཇིག་པ་དག་པ་སྟེ། །
BOལ་ནི་སྟོང་པ་དག་པའོ། ། ཤ་ནི་རྟག་པ་ མེད་པ་སྟེ། ། ཥ་ནི་ཆད་པའང་ཡོད་མ་ཡིན། ། ས་ནི་མཐའ་བྲལ་བདག་མེད་པ། ། ཧ་ནི་མཚན་མ་མེད་པ་ཉིད། ། ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། ། ཨི་ནི་རྡུལ་སྙེད་ལྷ་རྣམས་སུ། ། ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན། ། ཨུ་ནི་རྡུལ་སྙེད་མི་རྣམས་སུ། ། ཨཱུ་ ནི་རྡུལ་སྙེད་བྱོལ་སོང་རྣམས། ། ཨེ་ནི་རྡུལ་སྙེད་{ཡི་དགས་,ཡི་དྭགས་}སུ། ། ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས། ། ཨོྃ་ནི་ཐམས་ཅད་འཇིག་པར་བྱེད། ། ཨཽ་ནི་ཐམས་ཅད་ཞིག་པ་ཡིན། ། ཡི་གེ་འཁོར་ལོ་ཚོགས་ཆེན་འདི། ། སྐུ་གསུང་ཐུགས་ཀྱི་ཕྲེང་བས་ བསྡུས། ། ཞེས་བརྗོད་དོ། ། ཨ་ཧོཿ། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། ། ཨ་ཧོཿ། ། ཐབས་ དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། ། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། ། འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། འདའ་བར་མི་མཛད་དཔང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ ཆེན་ཡིན།
BOཧོཿ། རྡོ་རྗེ་གསང་བའི་ཚིག་ཏུའོ། ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་འཁོར་ལོར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་ཡི་གེ་འཁོར་ ལོ་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་པར་འཕྲོ་བ་འདི་ཆེད་དུ་བརྗོད་དོ། ། རྩ་བ་མེད་པའི་སེམས་ཉིད་ནི། ། ཆོས་རྣམས་ཀུན་གྱི་རྩ་བ་ཡིན། ། སེམས་ཉིད་ཡི་གེའི་རང་བཞིན་ཏེ། ། ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། ། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། ། དྲ་ བའི་དཀྱིལ་འཁོར་མངོན་རྫོགས་པས། ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། ། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། ། བདུད་རྩི་འགྱུར་ཞིང་འབྱུང་བ་དང་། ། བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང་། ། ལོངས་སྤྱོད་འབྱུང་བ་ངན་སོང་སྦྱོང་། ། ཅིར་ཡང་ གཞན་དུ་འགྱུར་བ་འགྲུབ། ། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། ། འབར་ནས་མེ་ཡང་འཚིག་པ་དང་། ། ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། ། འཇིག་རྟེན་ཁམས་འདི་འདོར་བ་དང་། ། ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། ། དགུག་དང་བཏང་དང་བཅིང་དང་ གྲོལ། ། གསོ་དང་གསད་དང་ཕམ་དང་རྒྱལ། །
BOཏིང་འཛིན་འདི་ཡིས་བྱེད་པར་འགྱུར། ། དེ་ཉིད་ཡེ་ཤེས་རང་སྣང་བའི། ། མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས། ། མུན་ལ་སྣང་འབྱུང་ཇི་བཞིན་དུ། ། འགྱུར་བས་གསེར་འགྱུར་སྨན་གྱི་ཚུལ། ། སྟོན་པ་མཆོད་བརྩོན་ རྟོགས་པ་གསལ། ། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། ། མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། ། འགྲུབ་འགྱུར་མི་ལྡན་མེད་ཅིང་བརླག ། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི། ། དངོས་གྲུབ་མཆོག་གི་སྙིང་པོ་ནི། ། ཟད་པའི་དུས་མེད་ཡིད་བཞིན་མཛོད། ། འཕེལ་ འགྲིབ་མེད་པར་འབྱུང་བ་སྟེ། ། དངོས་པོ་མེད་ལས་དངོས་པོ་སྤྲིན། ། སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། ། དངོས་རྣམས་ཉིད་ན་དངོས་མེད་པར། ། རྟོག་པའི་དབང་སྒྱུར་ཏིང་འཛིན་ཡིན། ། གང་གིས་དམིགས་མེད་མི་ཤེས་པ། ། དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། ། དེ་ཕྱིར་དངོས་དང་དངོས་མེད་པ། ། འཇིགས་པས་དམིགས་མེད་ཤེས་པར་གྱིས། ། གཞི་རྩ་མེད་པའི་སེམས་ཉིད་ནི། ། ཕོ་མོ་མ་ཡིན་མ་ནིང་མིན། ། མཚན་མེད་མ་ཡིན་རིགས་རྒྱུད་མིན། ། ཁ་དོག་མ་ཡིན་དབྱིབས་མ་ཡིན། ། གནས་སུ་མ་ཡིན་གང་ཡང་མིན། ། དེ་བཞིན་ ཉིད་དབྱིངས་ཡེ་ཤེས་ཏེ། ། ཐབས་ཀྱིས་ཕྱག་རྒྱ་ཀུན་གྱི་རྒྱུ། །
BOཐབས་ལས་ཐབས་འབྱུང་ཐབས་བསམ་ཡས། ། ཐ་དད་མེད་ལ་ཐ་དད་པའི། ། ནང་དང་ནང་གི་ཕྱི་རོལ་གྱི། ། དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། ། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག ། གང་ གིས་གླང་ཆེན་མྱོས་འདྲའི་སེམས། ། མཉམ་པར་བཞག་པས་བཏུལ་ནས་སུ། ། སྔགས་དང་ཕྱག་རྒྱ་རབ་བསྟན་ན། ། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ། ། གསང་བའི་སྙིང་པོ་ དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་ འབྱུང་བར་བཞེད་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། ། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། ། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། ། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། ། འཁོར་ལོ་རྩིབས་ བཞི་མུ་ཁྱུད་བཅས། ། གྲུ་ཆད་བཞིས་བརྒྱན་བར་ཁྱམས་ལྡན། ། ཀུན་དུ་གྲུ་བཞི་སྒོ་ཁྱུད་ལྡན། ། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །
BOདཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། ། སེང་གེ་གླང་ཆེན་རྟ་དང་ཁྱུང་། ། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། ། ཉི་ཟླ་པདྨ་རིན་ པོ་ཆེ། ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། ། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། ། གཡས་ན་མཐོང་ཐོས་སྣོམ་པ་དང་། ། མྱོང་དང་བཙུན་མོའི་ཚོགས་སུ་བཅས། ། གྲུ་ཆད་ལ་ནི་མཐོང་བྱེད་དང་། ། ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། ། བཙུན་མོའི་ ཚོགས་དང་བཅས་པར་གནས། ། བར་ཁྱམས་ལ་ནི་ཐུབ་དྲུག་དང་། ། མདུན་དང་རྒྱབ་ན་བྱེད་པ་དང་། ། བྱ་བ་དག་ནི་གནས་པར་བསྟན། ། སྒོ་ཁྱུད་བཞི་ལ་འཇོམས་པ་ནི། ། བཙུན་མོའི་ཚོགས་དང་ལྡན་པར་གནས། ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། ། པདྨ་ རལ་གྲི་དྲིལ་བུ་འབར། ། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། ། མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན། ། མཐིང་ག་དཀར་པོ་སེར་ལེ་བརྒན། ། ལྗང་གུ་ལ་སོགས་སྣ་ཚོགས་པའི། ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། ། གསལ་འཚེར་ལྷུན་ སྟུག་གཟི་བྱིན་འབར། ། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། ། འབར་བའི་ཕྲེང་བས་འཁྲིགས་པ་སྟེ། ། མཐའ་དབུས་མེད་པར་ཁྱབ་པ་ཡི། ། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། ། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །
BOདེ་བཞིན་དབྱིངས་ལས་མ་ གཡོས་ཀྱང་། ། ཡང་དག་ཐར་པའི་གཟུགས་སྐུ་དང་། ། འགྲོ་བ་མ་ལུས་འདུལ་བའི་ཕྱིར། ། མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། ། སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ། ། ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། ། མ་གཡོས་བཞིན་དུ་སྣ་ཚོགས་པའི། ། དེ་ཚེ་མི་མཐུན་སྣ་ཚོགས་ལ། ། སོ་སོ་འདྲ་བར་སྣང་བ་ནི། ། དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་། ། ལས་འཕྲོའི་དབང་གིས་སོ་སོར་སྣང་། ། དཔེར་ན་མེ་ལོང་ཆུ་ཟླ་བཞིན། ། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། ། སྡིག་སྤོང་གཟུགས་སུ་རྣམ་པར་བསྟན། ། དགེ་ཚུལ་ རྣམས་ལ་དགྲ་བཅོམ་གཟུགས། ། རང་རྒྱལ་རྣམས་ལ་བསེ་རུའི་གཟུགས། ། གཞན་ཡང་ཐེག་མཆོག་རིམ་པ་བཞིན། ། འོག་མིན་བླ་མེད་གནས་མཆོག་ཏུ། ། སྐུ་ནི་རྣམ་པར་སྣང་མཛད་ཚུལ། ། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། ། དེ་བཞིན་ གསུང་མཆོག་མི་སྨྲ་སྟེ། ། སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། ། མེ་ལོང་བསྟན་པའི་ཚུལ་བཞིན་དུ། ། དངོས་ཀྱི་མདོག་ངན་ཐམས་ཅད་སེལ། ། འཁོར་གྱིས་དེ་བཞིན་སྐུ་བལྟས་ན། ། བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། ། མེ་ལོང་བཞིན་དུ་སྐུ་ལ་སྣང་། ། དེ་ནས་ས་བཅུ་རིམ་གྱིས་འབྱང་། ། བླ་མེད་བྱང་ཆུབ་ཡང་དག་འཐོབ། །
BOཆོས་སྐུ་དཔག་མེད་བརྗོད་དུ་མེད། ། ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། ། སྤྲུལ་པ་བྱེ་བ་བསམ་མི་ཁྱབ། ། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། ། སྤྱོད་ཡུལ་ཀུན་དུ་མཎྜ་ལ། ། ཚོགས་ ཆེན་གཉིས་ཀྱང་རྫོགས་པར་རོལ། ། ཐབས་དང་ཤེས་རབ་ས་ཡི་མཆོག ། དེ་ལ་སོགས་ཏེ་བསམ་ཡས་མཆོག ། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། ། ཉོན་མོངས་ཀུན་གྱི་ཞིང་དུ་གནས། ། ཟད་མི་ཤེས་པའི་གཏེར་དུ་འགྱུར། ། རྡོ་རྗེ་འཛིན་པ་རིག་པའི་སྐུ། ། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། ། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། ། ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་གཅིག་ གསལ་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། ། ཨ་ཧོ། ། དམིགས་བྱ་དམིགས་བྱེད་ མི་དམིགས་དཔག་མེད་བསམ་མི་ཁྱབ། ། ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །
BOམཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། ། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་འཕྲོ་སྤྲོས་པ་མེད། ། ཧོ། ། རྡོ་རྗེ་གསང་ བའི་ཚིག་ཏུའོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། ། བྷྲུྃ་བི་སྭ་བི་ཤུདྡྷེ། ཧཱུྃ་ བཛྲ་དྷྲྀཀ ། ཨོཾ་ཛི་ན་ཛིཀ ། སྭཱྃ་རཏྣ་དྷྲྀཀ། ཨཱྃ་ཨཱ་རོ་ལིཀ། ཧྃ་པྲཛྙཱ་དྷྲྀཀ ། མཱུྃ་དྷཱ་ཏྭཱི་ཤྭ་རཱི། ལྭྃ་དྭེ་ཥ་ར་ཏི། མཱྃ་མོ་ཧ་ར་ཏི། པཱྃ་རཱ་ག་ར་ཏི། ཏཱྃ་བཛྲ་ར་ཏི། ཀྵཱིྃ་ཧི་རཱ་ཛ་ཡ། ཏྲཱྃ་ཨཱ་གརྦྷ་ཡ། ཧྲཱིྃ་ཧ་ཧཱུྃ། པདྨ་བ་དམ། ཛཱིྃ་ཀུ་རུ་པཱ་ཎི་ཧྲིཿ། ཧཱུྃ་ལཱ་སྱེས་མ་ཡ་སྟྭྃ། ཏྲཱྃ་མཱ་ ལྱེ་ས་མ་ཡ་ཧོཿ། ཧྲཱི་གཱི་ཏི་རཱ་གོ྅ཧྃ། ཨཱྃ་ནྲྀ་ཏྱ་རཱ་ག་ཡ་། {མྱེ,མེ}། མཻ་དྷ་ར་ཎེ་སྭཱ་ཧཱ། ཐླྷཱིྃ་ནི་སྶ་རྃ་བྷཱ་ཡ་སྭཱ་ཧཱ། ཧཱུྃ་ས་རཱ་ཛཱ་ཡ་སྭཱ་ཧཱ། མུྃ་ཤྲཱི་ཨྃ་རཱ་གཱ་ཡ་སྭཱ་ཧཱ། ཛེཿ དྷུ་པ་པྲ་བི་ས། ཧཱུྃ་པུཥྤ་ཨ་བིས། བྃ་དཱི་བ་སུ་ཁཱི་ནི། ཧོཿ གནྡྷ་ཙིཏྟྃ། ཧཱུྃ་ཡ་མཱནྟ་ཀྲི་ཏ་ཕཊ། ཧཱུྃ་པདྨཱནྟ་ཀྲྀཏ་ ཕཊ།
BOཧཱུྃ་པྲཛྙཱནྟ་ཀྲྀཏ་ཕཊ། ཧཱུྃ་བིགྷྣནྟ་ཀྲྀ་ཏ་ཕཊ། ཨོྃ་མ་ཧཱ་བཛྲ་དྷ་རྃ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ཨོྃ་མ་ཧཱ་རཏྣ་དྷ་རྃ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ཨོྃ་མ་ཧཱ་པདྨ་དྷ་རྃ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ཨོྃ་མ་ཧཱ་ཀརྨྨ་དྷ་རྃ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ ཧཱུྃ་བཛྲ་ཙིཏྟ་ཨོཾ་ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ་ཨཱཿ། ཨོྃ་མུ་ནེ་ཧྲཱིྃ་སྭཱ་ཧཱ། ཨོྃ་མུ་ནེ་ཧཱུྃ་སྭཱ་ཧཱ། ཨོྃ་མུ་ནེ་སྲུྃ་སྭཱ་ཧཱ། ཨོྃ་མུ་ནེ་གྲོཾ་སྭཱ་ཧཱ། ཨོྃ་མུ་ནེ་ཀྵྃ་སྭཱ་ཧཱ། ཨོྃ་མུ་ནེ་ཡ་སྭཱ་ཧཱ། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ། ས་མ་ཡ་སྟྭྃ། ཛཿཧཱུྃ་བྃ་ཧོཿ། ཨོྃ་ཨཱྃཿཧཱུྃ་སྭཱ་ཧཱ། བ་བ་བ་བ། བ་བ་བ་བ་བ། ཛ་ཛ་ཛ་ཛ་ཛ། པ་པ་པ་པ་པ། ས་ས་ས་ས་ས། པ་པ་པ་པ་པ། མ་མ་མ་མ་མ། པ་པ་པ་པ་པ། ཡ་ཡ་ཡ་ཡ་ཡ། པ་པ་པ་པ་པ། ཨོྃ་ཨཱྃཿཧཱུྃ་སྭཱ་ཧཱ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། ། ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། ། དེ་ཉིད་དུ་ནི་ མཉམ་སྦྱོར་བའི། ། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག ། ཨོྃ་བཛྲ་ས་མ་ཡ་ཧཱུྃ། ། ཨོྃ་བཛྲ་ས་མ་ཡ་སྟྭྃ། ཨོྃ་བཛྲ་ས་མ་ཡ་ཧོཿ། ཛཿ ཧཱུྃ་པྃ་ཧོཿ།
BOཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་འདི་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་གྲགས་ སོ། ། རབ་ཏུ་གྲགས་སོ། ། ཀུན་དུ་གྲགས་སོ། ། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། བྱ་བ་མེ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་བར་མཛད་དོ། ། དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོས་བདག་ ཉིད་ཆེན་པོའི་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། ། ཨོྃ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་ མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་མ་ཧཱ་ཀྲ་ཏྱ་ཨ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧྃ།
BOཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཞེས་བརྗོད་པས་ཐིམ་པར་གྱུར། གསལ་བར་གྱུར། འབར་བར་གྱུར་ཏོ། ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་ གསུང་། ། སྒྲ་དང་མིང་ཚིག་ཀུན་ལས་འདས། ། སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། ། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། ། བསམ་གྱིས་མི་ཁྱབ་ཀུན་དུ་ཁྱབ། ། སྒྲ་དང་མིང་ཚིག་སོ་སོར་གྲགས། ། ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག ། རྒྱུད་མཆོག་ སྒྱུ་འཕྲུལ་དྲ་བ་ལས། ། བདེ་ལྡན་གསུང་གི་དོན་འབྱུང་བའང་། ། ཐམས་ཅད་པདྨའི་ངང་གྱུར་ན། ། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། ། ཇི་སྐད་བརྗོད་ཀྱང་གསུང་མཆོག་ཡིན། ། ཐེག་པ་མཐོ་དམན་ཐམས་ཅད་དང་། ། ལོག་འགྲོ་མ་ལུས་ཐམས་ཅད་སྐད། ། བྱང་ ཆུབ་རྡོ་རྗེའི་གསུང་དུ་བསྡུས། ། བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། ། གྲགས་ཉིད་མ་ཆགས་ངང་དུ་གསུངས། ། གསུང་བ་ཉིད་ན་བརྗོད་དུ་མེད། ། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། ། ཀུན་ལ་གྲགས་ཤིང་སོ་སོར་འཇལ། ། དཔེར་ན་དེ་བཞིན་ སྦྲིད་སངས་བཞིན། ། གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ། ། འདི་ནི་གསུང་མཆོག་རྒྱལ་པོ་ཡིན། ། ཐེག་པ་མཐོ་དམན་ཐམས་ཅད་ཀྱང་། །
BOདེ་བཞིན་ཉིད་ལས་མ་གསུངས་ཏེ། ། འདུལ་བའི་ཐབས་སུ་སོ་སོར་ཐོས། ། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། ། དེ་བཞིན་ ཉིད་ལས་གསུངས་པ་མེད། ། ཡི་གེ་མེད་དང་རིག་པའི་གསུང་། ། ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། ། ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས། ། འགྲོ་དོན་སྣ་ཚོགས་སོ་སོར་གསལ། ། གསལ་ཉིད་གསུང་གི་རྡོ་རྗེ་མཆོག ། དེ་བཞིན་གསུང་གི་འགྲོ་དོན་རྣམས། ། དེ་ བཞིན་ངང་ལས་མ་ཡོས་ཀྱང་། ། དཔེར་ན་བྲག་ཅའི་སྒྲ་བཞིན་ནོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར་བསྡུས་པ་དང་གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡན་ལག་ཐམས་ཅད་དཀྱིལ་ འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་དོ། ། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། ། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། ། གསང་བ་དེ་ཉིད་ངེས་པ་ཡི། ། སྙིང་པོ་ཕྱག་རྒྱ་འདའ་དཀའོ། ། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། ། རིན་ཆེན་ ཟླ་བའི་དཀྱིལ་ཡི་གེ། ། ལྔ་གཉིས་ཟུང་དུ་སྤྲད་པ་ལས། ། སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། ། ཨོྃ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །
BOའབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། ། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། ། བདེ་བ་ཆེན་པོ་སྦྱིན་པའི་རྒྱ། ། འབྲུ་བཞི་སྦས་ནས་ཐུགས་ཀར་ བཀན། ། ཧཱུྃ་བསྒྲེང་རྩེ་མོར་རྡོ་རྗེ་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། མུྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་ མདངས་ཀྱིས་བལྟ། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ཨོྃ་བསྒྲེང་རྩེ་མོར་འཁོར་ལོ་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ལཱྃ་བསྒྲེང་རྩེ་མོར་དྲིལ་གསིལ་ འབར། ། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། སྭཱ་བསྒྲེང་རྩེ་མོར་རིན་ཆེན་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་ སྦས་ནས་ཐུགས་ཀར་བཀན། ། མཱྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །
BOའབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ཨཱྃཿ། བསྒྲེང་རྩེ་མོར་པདྨ་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ཕྱྭྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ཧཱ་བསྒྲེང་ རྩེ་མོར་རལ་གྲི་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། རྟཱྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ ཀྱིས་བལྟ། ། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། ། རིན་ཆེན་མྱུ་གུ་རལ་གྲི་འབར། ། པདྨ་དཀར་པོ་རྡོ་རྗེ་འབར། ། ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། ། གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། ། པི་ཝང་གར་མཁན་མཆོག་ཉིད་དེ། ། མེ་ཏོག་ཕྲེང་དང་སྤོས་ མཆོག་དང་། ། མར་མེ་བྱུག་པ་ལ་སོགས་པའི། ། ལས་ལ་འཁྲིལ་ཞིང་ཆོས་ལ་བརྟན། ། དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། གོང་གི་ཕྱག་རྒྱ་ཆེན་པོ་བཞིན། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །
BOསྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། ། ནྲྀ་མགོ་གདེངས་ དང་རྡོ་རྗེ་གནོན། ། ཐོད་སྦྲུལ་ཆེན་པོས་གནོན་པ་དང་། ། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། ། ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོ། ། སྒོ་བཞིར་གནས་པ་དེ་དག་ཀྱང་། ། འདུད་ཚུལ་འཁྲིལ་བ་གོང་མ་བཞིན། ། ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། ། མདོར་བསྡུས་ ཕྱག་རྒྱ་དྲུག་ཡིན་ནོ། ། གསེག་པར་དང་ནི་པི་ཝང་དང་། ། གོ་ཆ་པོ་ཏི་རིན་ཆེན་སྒྲོམ། ། མེ་དང་ཆུ་ནི་རབ་ཏུ་བསྟན། ། ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས། ། ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། ། ཡུམ་འགྱུར་མཉམ་རྫོགས་པདྨོའི་དཀྱིལ། ། གཞན་ཡང་ཕྱག་ རྒྱ་སྣ་ཚོགས་ཏེ། ། ཡང་ན་དེ་བཞིན་གཤེགས་ཉིད་དམ། ། ཡང་ན་རྡོ་རྗེ་ཐལ་མོ་ཉིད། ། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། ། ཐབས་དང་ཤེས་རབ་ལྡན་འབྱོར་ན། ། མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། ། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། ། ཡན་ལག་བཞི་བཅུ་རྩ་ གཉིས་ལྡན། ། དེ་ཉིད་ཡན་ལག་སྤྲོས་བདག་སྟེ། ། བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། ། དེ་ལྟར་ལྡན་པའི་གཙོ་མཆོག་གིས། ། རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། ། བཅུ་གཉིས་དྲུག་གི་འོད་འཕྲོར་འབར། ། དེ་ལ་སོགས་ཏེ་བསམ་མི་ཁྱབ། །
BOཕྱོགས་བཅུ་ དུས་བཞི་བསམ་ཡས་སུ། ། འདུལ་བའི་དོན་རྣམས་སོ་སོར་སྟོན། ། ཐེག་པ་མཐོ་དམན་ཐམས་ཅད་དང་། ། ཕྱིན་ཅི་ལོག་རྣམས་ཐམས་ཅད་དང་། ། ཞི་ཁྲོ་ཚོགས་ཆེན་ཐམས་ཅད་ལ། ། སོ་སོར་མཐུན་པར་ཀུན་དུ་སྟོན། ། དཔེར་ན་གར་མཁན་ཉིད་འདྲ་བ། ། ལུས་ལས་ མ་བཀོད་སྣ་ཚོགས་སྟོན། ། མདོར་ན་ཕྱག་རྒྱ་ཐམས་ཅད་ནི། ། འདི་ཞེས་གཅིག་ཅེས་བརྗོད་དུ་མེད། ། གཉིས་དང་གསུམ་དུ་རྣམ་པར་འཕྲོ། ། བསྐྱེད་དང་སྤྲོ་བའང་དེ་བཞིན་ཉིད། ། མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། ། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། ། གནས་ཉིད་ མི་གནས་གནས་པ་མིན། ། དེ་སྐད་དག་མཆོག་ཉིད་ཀྱིས་བཤད། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡན་ལག་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་རྡོ་རྗེ་ གསང་བའི་དམ་ཚིག་བཀོད་པ་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག ། ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། ། སོར་ནི་བཞི་ཡི་ཚད་དུ་བྱ། ། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །
BOསྙིང་ པོ་ལྔ་དང་སྨན་ལྔ་དང་། ། བདུད་རྩི་ལྔ་ནི་རབ་བསྙམས་ལ། ། རིག་པས་ཐིག་ནི་གདབ་པར་བྱ། ། ལྟེ་བ་རྩིབས་དང་ལྡན་པ་ཡི། ། རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། ། གྲུ་ཆད་བཞི་དང་གྲུ་བཞི་ཡི། ། བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། ། སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། ། ཙ་ནའི་འབྲུ་ཙམ་པདྨའི་གདན། ། ཡུངས་འབྲུ་ཙམ་གྱི་ཡི་གེ་ལ། ། ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། ། བཅོས་བུ་རས་ནི་སྣ་ཚོགས་དང་། ། རྒྱན་ཕྲེང་བྲོ་བའི་བཏུང་བས་བསྐོར། ། གླུ་ཚིག་བྲོ་གར་རོལ་མོ་ཡི། ། སྤྲིན་དཔུང་ཚོགས་ཀྱིས་རབ་ཏུ་མཆོད། ། ཡུམ་དང་འཇོམ་སེམས་མ་ ཡིས། ། ཇི་ལྟར་འདོད་པའི་ལས་བཞིན་མཆོད། ། དབྱིབས་དང་ཁ་དོག་མཚན་ལྡན་པར། ། ཞལ་དུ་གྱུར་པའི་མེ་བོས་ལ། ། བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། ། ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། ། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། ། ཤིན་ཏུ་ཕྲ་ལ་ སྦྱངས་པ་ཡིས། ། བསམ་ཡས་དག་ལའང་དེ་བཞིན་བྱ། ། རིག་པས་དཔག་པ་ཙམ་དུའོ། ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། ། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། ། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། ། མཉེན་འཇམ་རེག་ན་བདེ་བ་ཡི། ། སྣ་ཚོགས་རིན་ པོ་ཆེ་ཡི་གཞི། །
BOམཛེས་པར་བྲིས་ཤིང་སྤྲས་པ་དང་། ། ཀུན་འབྱུང་རིན་ཆེན་ཕུང་པོར་འབར། ། དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། ། རིན་ཆེན་ཁང་པ་སྣ་ཚོགས་དང་། ། རྒྱན་དང་དཔག་བསམ་ལྗོན་པའི་ཚལ། ། གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། ། བླ་ རེ་རྒྱལ་མཚན་ན་བཟའ་གདུགས། ། དོ་ཤལ་དཔུང་རྒྱན་སེ་མོ་དོ། ། བཟའ་དང་བཏུང་བའི་མཆོག་རྣམས་དང་། ། རང་ལ་མཛེས་པར་བརྒྱན་པ་ཡི། ། ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། ། བྲོ་གར་ལ་སོགས་བསམ་ཡས་ཀྱིས། ། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ ནས། ། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། ། སྐལ་ལྡན་གསལ་བའི་ཁྱད་པར་གྱིས། ། རིམ་གྱིས་ཡང་ན་ཅིག་ཅར་དུ། ། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བའི། ། མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། ། གསལ་ལྡན་མ་འམ་བྱིན་ བརླབས་ལ། ། སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ། ། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད། ། མཉེས་ནས་གྲུབ་པའི་དམ་ཚིག་མཆོག ། བདག་ཉིད་ཆེན་པོ་མཆོད་པ་ཡིས། ། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། ། སྲིད་གསུམ་འགྲོ་བ་ཐམས་ ཅད་ལ། ། དགའ་བ་ཆེན་པོས་ཁྱབ་པར་འགྱུར། ། སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས། ། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །
BOསངས་རྒྱས་དཀྱིལ་འཁོར་མ་ལུས་དང་། ། ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། ། ལུས་ངག་སེམས་དང་ཆོས་ ཐམས་ཅད། ། གང་ནའང་མི་གནས་མི་དམིགས་པ། ། མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། ། ནམ་མཁའ་ལ་ནི་ནམ་མཁའ་སྒོམ། ། ཀུན་བྱས་དབང་ཕྱུག་རིག་པས་འཇུག ། དེ་ནས་སློབ་མ་གཞུག་པར་བྱ། ། དེ་ནས་རིགས་ཀྱི་བུ་མཆོག་དེས། ། རྒྱལ་སྲིད་ དང་ནི་རང་གི་ལུས། ། བུ་དང་ཆུང་མ་ནོར་གྱི་དབྱིག ། རབ་ཏུ་གཅེས་དང་ཡིད་འཐད་དབུལ། ། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། ། དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། ། ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། ། ཉེས་པ་ཐམས་ཅད་དག་པར་ འགྱུར། ། དད་བརྩོན་བརྟུལ་ཞུགས་རབ་རྟོག་ནས། ། ཕན་པའི་དབང་སྦྱིན་ནུས་པའི་དབང་། ། རིམ་པ་བཞིན་དུ་སྦྱིན་པར་བྱ། ། སྙིང་རྗེས་ཆུད་མ་ཟོས་པར་གཟུང་། ། ཡང་ན་ཐལ་མོ་རབ་བསྣོལ་ནས། ། ཕྱག་རྒྱ་ཆེན་པོའི་འཕང་དུ་ནི། ། དཀྱིལ་འཁོར་མཛུབ་གང་ ཚད་དུ་བྱ། ། མཁས་པས་ཆོ་ག་བཞིན་དུ་བྱ། ། ཡང་ན་ས་གཞི་རབ་མཉམ་ལ། ། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། ། ཡང་ན་ལུས་གང་ཚད་དུ་སྟེ། ། ཡང་ན་ལུས་ནི་གསུམ་གྱི་ཚད། ། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། ། གོས་རྒྱན་མཛེས་པའི་ཡིད་འོང་ གྲོགས། །
BOཐིག་གདབ་ཆོ་ག་ཕུན་སུམ་ཚོགས། ། མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། ། ཡང་ན་ཁྲུ་ནི་བཅུ་དྲུག་དང་། ། ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། ། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། ། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། ། ཡང་ན་རྒྱང་གྲགས་ དཔག་ཚད་ཙམ། ། ནམ་མཁའི་དབྱིངས་ནི་བསམ་ཡས་པར། ། སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། ། མ་མཐོང་རྨོངས་ལ་བསྟན་ཕྱིར་མཚོན། ། ཁ་དོག་ཉི་ཤུ་རྩ་ལྔ་འམ། ། ལྔ་ཡི་ཚོན་གྱིས་བྲི་བར་བྱ། ། འདུལ་བའི་ཆོ་ག་བཞིན་དུ་བགྱི། ། ཏིང་འཛིན་ རོལ་མོ་མཐའ་ཡས་མཆོག ། ཡི་གེའམ་བརྡའམ་སྙིང་པོའམ། ། ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར། ། བྱིན་བརླབས་ཡ་མཚན་རྨད་བོ་ཆེ། ། འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། ། ས་ལ་སོགས་ལ་ཕྱག་རྒྱར་བྱས། ། རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། ། དག་པའི་ཡེ་ཤེས་ཀྱིས་སྦྱངས་ན། ། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། ། ཕྱོགས་དུས་དཀྱིལ་འཁོར་བ་དག་ཉིད་ཆེ། ། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། ། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། ། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། ། འཇུག་པའི་མཚན་ ཉིད་མཉམ་སྦྱོར་བས། ། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །
BOབསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། ། ཉེ་བར་གྱུར་པའི་དམ་ཚིག་མཆོག ། དཔག་བསམ་ཤིང་དང་ཡིད་བཞིན་གྱི། ། རིན་པོ་ཆེ་དང་འབྱུང་བ་ཀུན། ། དེ་དག་རྫས་ཡོད་མ་ཡིན་ཏེ། ། རང་སེམས་ བསོད་ནམས་བརྟན་པ་ཡིན། ། ངོ་མཚར་ཆོ་འཕྲུལ་རྨད་པོ་ཆེ། ། གཞན་ནས་ཡོད་འོངས་མ་ཡིན་ཏེ། ། ཐབས་ལ་བརྟེན་པའི་ཤེས་རབ་ཉིད། ། དེ་ལྟ་བུ་ཡི་ངང་དུ་བྱུང་། ། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། ། ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། ། ཡེ་ཤེས་ལ་ནི་ ཡེ་ཤེས་རོལ། ། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག ། རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། ། བྱིན་བརླབས་སྟོན་པའང་དེ་བཞིན་ཏེ། ། བྱ་བྱེད་ནུས་པའི་གཟི་བྱིན་གྱིས། ། སྒྱུ་མ་རྡོ་རྗེ་བཙན་པོ་མཆོག ། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། ། ཡོ་བྱད་ལྔ་ནི་རྫོགས་པར་ལྡན། ། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། ། མ་ཉམས་འཇུག་ལ་རབ་བརྩོན་པས། ། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། ། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། ། དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། ། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། ། སྐུ་ལྔ་ ལྷུན་གྱིས་རྫོགས་པ་ནི། ། ཡེ་ཤེས་ཐིག་ལེ་དེ་ཉིད་ལ། ། ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །
BOབསམ་གྱིས་མི་ཁྱབ་མཐའ་ཡས་མཆོག ། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། ། ཞིང་ཁམས་རྣམ་དག་བསམ་ཡས་པ། ། རྒྱ་དང་བྲལ་བའི་གཞལ་ཡས་ཁང་། ། འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། ། དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། ། མཐོང་ནས་ཉེ་བར་མཉེས་པ་དང་། ། རྒྱ་ཆེན་གསུང་ལས་དོན་འབྱུང་བ། ། མཐུན་པའི་ཤེས་རབ་སྣང་བའོ། ། གཅིག་དང་དུ་མར་བྲལ་བ་ཡི། ། མཐའ་དང་དབུས་མེད་ དེ་བཞིན་ཉིད། ། སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། ། རང་འབྱུང་ཡེ་ཤེས་གནས་མེད་སྣང་། ། ལོག་པར་རྟོག་རྟགས་རྣམ་དག་ཅིང་། ། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། ། ཐུགས་རྗེ་ཆེན་པོས་འབྲེལ་པས་ན། ། འགྲོ་དྲུག་དུས་གནས་མ་ལུས་ སྣང་། ། བདེ་བ་ཆེན་པོའི་དཀྱིལ་འཁོར་ན། ། སྟངས་དབྱལ་གཉིས་སམ་ཡང་ན་ལྔ། ། བྱས་ཏེ་དད་ལྡན་རབ་ཞུགས་ན། ། འདོད་པའི་ཡིད་འོང་མཉམ་པར་འགྱུར། ། སྐལ་བ་མཉམ་པའི་ཡེ་ཤེས་དེ། ། གཉེར་ན་ཉེ་བར་འབྱུང་བ་ཡིན། ། ཡ་མཚན་ཆེན་པོ་ འབྱུང་བར་ངེས། ། དད་མེད་ཉམས་ན་ཕུང་བར་འགྱུར། ། ཞེས་ཆེད་དུ་བརྗོད་དོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་རྡོ་རྗེ་བཀོད་པ་གསང་བ་དམ་ཚིག་གི་ལེའུ་སྟེ་དགུ་པའོ། ། ། །
BOདེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་རྒྱལ་པོ་སྦྱིན་ པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། ། བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། ། རྡོ་རྗེའི་ལམ་ནས་པདྨོར་བསྐྱིལ། ། རྩ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། ། ཉན་ བྱེད་འཁོར་ལོའི་གཞལ་ཡས་སུ། ། གསལ་བ་ཐིག་ལེའི་ངོ་བོ་ཉིད། ། ཏྲཱྃ་གི་ཕྱག་རྒྱའི་ཚོགས་མཆོག་ལས། ། རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ། ། གསང་བ་གསང་ཆེན་གསང་མཆོག་ལས། ། གསང་བ་ཀུན་ལ་མཉན་པར་བྱ། ། གསང་བའི་དོན་ཉིད་བརྟག་ པ་ལས། ། གཞན་དུ་སྨྲ་བར་བྱ་བ་ཡིན། ། གསལ་བའི་འཁོར་ལོ་གཞལ་ཡས་སུ། ། གསལ་བའི་ཐིག་ལེ་ངོ་བོ་ཉིད། ། ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། ། རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་བསྟིམ། ། ཨོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། ། སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། ། རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། ། རྒྱལ་བ་ཀུན་དང་མཉམ་པར་འགྱུར། ། ལག་པའི་འཁོར་ལོ་གཞལ་ཡས་སུ། ། གསལ་བའི་ཐིག་ལེ་ངོ་བོ་ཉིད། ། ཧཱུྃ་གི་ཕྱག་རྒྱའི་ཚོགས་མཆོག་ལས། ། ལས་ཀྱི་དཀྱིལ་འཁོར་གསལ་ སྤྲོ་ཐིམ། །
BOཨོྃ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། ། ལས་རྣམས་མ་ལུས་ཀུན་གྱིས་ཤིག ། ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། ། ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། ། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། ། གསལ་བའི་ཐིག་ལེའི་ངོ་བོ་ཉིད། ། ཧྲཱི་ཡི་ཕྱག་རྒྱའི་ཚོགས་མཆོག་ ལས། ། ཚོགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། ། ཨོྃ་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། ། དད་ལྡན་སྐྱེས་བུ་ངོམས་པར་བྱོས། ། རབ་འབྲིང་ཐ་མའི་བློ་ཅན་ལ། ། མཐུན་པའི་གསང་བསྒྲགས་གཞན་དུ་མིན། ། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། ། གསལ་ བའི་ཐིག་ལེའི་ངོ་བོ་ཉིད། ། ཧཱུྃ་ཨོྃ་སྭཱ་ཨྃཿ ཧཱ་རྣམས་ལས། ། དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བ་སྒོམ། ། ཨོྃ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། ། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། ། དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། ། སློབ་ དཔོན་མཉེས་པར་མ་བྱས་ཤིང་། ། དབང་རྣམས་ཐོབ་པར་མ་བྱས་པར། ། ཉན་པ་ལ་སོགས་རྩོམ་པ་རྣམས། ། འབྲས་བུ་མེད་ཅིང་རླག་པར་འགྱུར། ། དབུ་རྒྱན་ཅོད་པན་ཕྲེང་བ་དང་། ། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། ། གདུགས་དང་བུམ་པ་བཟའ་བཏུང་དང་། ། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །
BOདུས་འདི་ཕྱིན་ཅད་རྒྱལ་བའི་སྲས། ། ངན་སོང་ཐམས་ཅད་མེད་པ་དང་། ། ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས། ། མཐོ་རིས་ཐར་པའི་བདག་པོར་འགྱུར། ། ཞེས་བརྗོད་དོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དབང་ སྦྱིན་པའི་ལེའུ་སྟེ་བཅུ་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། ། བྱིན་གྱིས་བརླབས་ དང་མངོན་སུམ་པར། ། རབ་ཏུ་རྟོགས་པ་རྣམ་བཞི་ཡིས། ། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། ། ཡན་ལག་དབང་པོ་རྣམ་ཤེས་ཀུན། ། རྣམ་སྨིན་ཨོྃ་དུ་ཤེས་པར་བྱ། ། རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། ། ཡང་ན་ཁྲོས་པའི་དཀྱིལ་འཁོར་བསྒོམ། ། གཟུགས་ སྒྲ་དྲི་རོ་རེག་ལ་སོགས། ། རྣམ་སྨིན་མཱུྃ་དུ་ཤེས་པར་བྱ། ། ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། ། ཡང་ན་ཁྲོ་མོའི་དཀྱིལ་འཁོར་སྒོམ། ། གོས་རྒྱན་བཟའ་བཏུང་གླུ་དང་ཚིག ། བྲོ་གར་ཚོགས་ཀྱི་སྤྲིན་ཕུང་གིས། ། ཧཱུྃ་དུ་ཤེས་པས་རབ་སྤྱད་ན། ། ངོ་མཚར་འབྱུང་བའི་ དཀྱིལ་འཁོར་མཉེས། །
BOལྷ་མོ་ཀླུ་མོ་རིགས་ངན་མོ། ། དབྱེའམ་ཡང་ན་མི་དབྱེ་བར། ། བསྙེན་པ་དང་ནི་ཉེ་བསྙེན་པོ། ། སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། ། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། ། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། ། སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། ། དགྱེས་མཉམ་ཚོགས་ཀྱི་སྦྱིན་པས་བསྟིམ། ། བསྒྲུབ་པའི་ཉི་ཟླའི་དཀྱིལ་འཁོར་དེ། ། དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། ། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། ། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། ། ཞིང་འགྱུར་མཆོག་དང་མཆོག་ཕྲན་རྣམས། ། ཉི་ཟླའི་ སྟེང་དུ་མཁས་པས་བཞག ། ང་རྒྱལ་ལག་གི་འདུ་བྱེད་བསྒོམ། ། ཧཱུྃ་དུ་གྱུར་པས་རྣམ་པར་དག ། དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། ། སྐུར་འགྱུར་འོད་ཟེར་འཕྲོ་བས་བརྗིད། ། གཙུག་ཏུ་རྣམ་པར་རྒྱལ་བ་སྒོམ། ། ངོ་མཚར་ངན་འགྲོ་ཐར་པའི་ཐབས། ། ཡེ་ཤེས་ སྐྱེ་མེད་དེ་བཞིན་ཉིད། ། སྒྱུ་མར་སྣང་བ་མིག་ཡོར་ཚུལ། ། སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། ། རྡུལ་ཆ་ཙམ་ཡང་གོས་པ་མེད། ། སྣོད་བཅུད་རྒྱུ་རྣམས་དག་རྟོགས་ཤིང་། ། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། ། དཀྱིལ་འཁོར་ཀུན་དུ་བཟང་པོའི་ཞིང་། ། བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །
BOཡན་ལག་མ་ཉམས་ཡོ་བྱད་ལྡན། ། ཆོ་ག་རྫོགས་པར་ཤེས་པ་ཡིས། ། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། ། ངེས་པར་ལེགས་པའི་དགོས་པ་འགྲུབ། ། ལྔ་དང་ལྔ་ཡི་སྦྱོར་བ་ཡིས། ། ཚོམ་བུ་ལྔ་ཡི་ལྷ་བཀོད་ ལ། ། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། ། འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། ། དེ་བཞིན་རིགས་དང་རྡོ་རྗེའི་རིགས། ། པདྨའི་རིགས་ཏེ་སྐུ་གསུང་ཐུགས། ། ཁྲོ་བོའི་ཚོགས་དང་ལྡན་པ་ཡི། ། ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། ། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། ། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག ། ཁྲོ་བོའི་ཚོགས་དང་ལྡན་པ་ཡི། ། ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། ། ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་དང་། ། ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། ། ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། ། དངོས་གྲུབ་ལས་རྣམས་རྫོགས་པར་ བྱེད། ། རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། ། མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། ། སྤྱོད་པ་ཅི་ལའང་ཐོགས་མེད་པ། ། ཐམས་ཅད་ཡེ་ནས་དབྱེར་མེད་པའོ། ། རྡོ་རྗེ་རིགས་སུ་ཐམས་ཅད་དཀྱིལ། ། འོད་འཕྲོ་འབར་བར་རབ་ཏུ་བསྒོམ། ། ཆགས་མེད་ ཚུལ་དུ་བསྟིམ་པར་བྱ། ། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །
BOཡང་ན་སྐུ་གསུང་ཐུགས་ཉིད་དེ། ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། ། ཏིང་འཛིན་གསལ་བར་འོད་ཟེར་འཕྲོ། ། གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། ། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། ། དཀྱིལ་ འཁོར་མ་ལུས་འབར་བར་འགྲུབ། ། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། ། རྡོ་རྗེ་རིགས་སུ་སྐྱེ་བའི་གནས། ། སྔགས་འཆང་དངོས་གྲུབ་ཡང་དག་ནི། ། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས། ། དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། ། ཆགས་པ་མེད་པའི་ཚུལ་ གྱིས་སུ། ། འོད་ཟེར་རྣམ་པ་མང་པོ་འཕྲོ། ། གཉིས་སུ་མེད་པར་བསྟིམ་པར་བྱ། ། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། ། རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། ། དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། ། སེམས་དཔའ་སེམས་མ་ཉིད་དུ་བསྒོམ། ། སོ་སོའི་སྔགས་དང་ཕྱག་རྒྱ་དང་། ། ཏིང་འཛིན་ཡང་དག་སོ་སོར་གསལ། ། གནས་དང་ལོངས་སྤྱོད་ཅི་བདེ་དང་། ། མ་ཉམས་བློ་ནི་རབ་ལྡན་པས། ། དང་པོ་དམ་མནོས་བཞིན་དུ་བྱ། ། ལེ་ལོ་སྒྱིད་སྙོམ་མེད་པ་ཡིས། ། ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། ། དཀྱིལ་འཁོར་ ཐམས་ཅད་འགྲུབ་པར་འགྱུར། ། རྡོ་རྗེ་གསང་མཆོག་དམ་པ་ཐོབ། ། བསྒྲུབ་པའི་ཞག་དང་ཚེས་གྲངས་ནི། །
BOརྒྱུད་ལས་སྨོས་པ་བཞིན་དུ་བཤད། ། རྡོ་རྗེ་གསང་བའི་ཚིག་ཏུའོ། ། ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། ། གསང་ བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ། རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་ འདི་བརྗོད་དོ། ། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། ། དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། ། བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། ། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། ། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། ། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། ། རྒྱན་དང་ བགོ་བའི་ཕྱག་རྒྱ་ཡིས། ། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། ། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། ། ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། ། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། ། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། ། ཤེས་འཇུག་མཚན་ཉིད་འབྱོར་པའི་ གཟུགས། ། འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། ། ནུས་མཐུ་ཅན་དུ་གང་གྱུར་པ། ། རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །
BOམི་དང་ལྷ་དང་ཚངས་པ་ཡི། ། སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། ། ཁྱད་པར་ས་ལ་གནས་འགྱུར་ཡིན། ། ཕ་རོལ་ཕྱིན་པ་ཀུན་དུ་རྫོགས། ། ཐབས་དང་ཤེས་རབ་ཐབས་ཀྱི་མཆོག ། ཤེས་རབ་མཆོག་གི་མཆོག་འགྱུར་བ། ། ས་ཡི་ཁྱད་པར་བཅུ་དང་གསུམ། ། རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། ། མཁའ་དཀྱིལ་དག་པའི་དབྱིངས་ཉི་ཟླ། ། ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། ། རྒྱལ་བའི་དཀྱིལ་ འཁོར་མཐའ་ཡས་ཀུན། ། མ་ལུས་པར་ནི་བསྒོམ་པར་འགྱུར། ། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། ། རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། ། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། ། སངས་རྒྱས་གཞན་ནས་མ་ཚོལ་ཅིག ། དཀྱིལ་འཁོར་ཀུན་དུ་རབ་སྦྱོར་ བས། ། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། ། ཆོ་ག་ལྷག་གམ་མ་ཚང་ཡང་། ། སྐྱོན་ཉིད་དག་སྟེ་ཉེས་པ་མེད། ། ཅེས་ཆེད་དུ་བརྗོད་པས་རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་བསྒྲུབ་པའི་ལེའུ་སྟེ་བཅུ་ གཉིས་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས། །
BOདགྱེས་པ་ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོ་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། མ་རྟོགས་པ་དང་ལོག་པར་རྟགས། ། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། ། འདུལ་བ་དགོངས་པ་གསང་བ་དང་། ། རང་བཞིན་ གསང་བའི་དོན་རྣམས་ནི། ། ཡི་གེ་སྒྲ་རྟགས་མིང་ཚོགས་ལས། ། བརྟེན་པའི་ཚིག་གིས་རབ་མཚོན་ཏེ། ། ཁོང་ནས་གབ་སྦས་དོན་འབྱིན་པ། ། སྟོན་པ་རྡོ་རྗེའི་ཐུགས་ལ་གནས། ། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། ། དཀྱིལ་འཁོར་ལ་ནི་དཀྱིལ་ འཁོར་བསྒོམ། ། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། ། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག ། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། ། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། ། ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། ། བྱང་ཆུབ་སེམས་ནི་ རྡོ་རྗེའི་ཚོགས། ། དབང་པོ་ཡུལ་དུས་རིག་པ་རྣམས། ། ཀུན་དུ་བཟང་པོའི་དཀྱིལ་འཁོར་ལ། ། བདག་ཉིད་ཆེན་པོ་ལྷག་པ་ཡིས། ། ཐུགས་ཀྱི་ཡེ་ཤེས་ལྔས་བལྟས་ཤིང་། ། སྙིང་པོ་ཐིག་ལེ་མཉམ་སྦྱོར་བ། ། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །
BOཡེ་ཤེས་ དགྱེས་ལ་མཆོད་པ་དབུལ། ། ཟག་པ་མེད་པའི་བསོད་ནམས་ཀྱིས། ། ཡེ་ཤེས་སྒྱུ་མར་རང་སྣང་བའི། ། རོལ་མོ་དཀྱིལ་འཁོར་མཐའ་ཡས་མཆོག ། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། ། དེ་ནི་སངས་རྒྱས་ཀུན་གྱི་དངོས། ། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། ། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། ། མ་ལུས་བདག་ཉིད་ཞལ་མཐོང་བའི། ། དབང་སྒྱུར་མཆོག་ཉིད་དམ་པ་ཡིན། ། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། ། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། ། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། ། རྫོགས་ པའི་དཀྱིལ་འཁོར་མཉམ་སྦྱོར་ལས། ། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། ། ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མཆོག ། སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། ། བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། ། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། ། ཐོས་ བསམ་བསྒོམ་ལ་མཉམ་སྦྱོར་གྱིས། ། རང་བྱུང་ཀུན་ངོམ་ལྷུན་གྱིས་གྲུབ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། ། འདའ་བར་མི་མཛད་དམ་ཚིག་མཆོག ། གང་ཞིག་འདི་ལ་མོས་འགྱུར་བ། ། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། ། ཕྱོགས་དུས་ཀུན་ནས་ཐམས་ ཅད་དུ། ། དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །
BOཉེ་བའི་སྲས་སུ་དགོངས་པར་འགྱུར། ། བསྐལ་པ་ཞིང་གི་རྡུལ་སྙེད་དུ། ། ཤིན་ཏུ་སྦྱངས་ལ་རབ་གནས་པའི། ། དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། ། འབྲས་བུ་གསང་ཆེན་འདི་ཡིན་ཏེ། ། འཇིག་རྟེན་དྲུག་གི་ཕྱོགས་ བཅུ་ན། ། འདས་དང་ད་ལྟར་བྱུང་བ་ཡི། ། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། ། བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས། ། འབྱུང་དང་མ་འོངས་ཐམས་ཅད་ཀུན། ། འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། ། འདི་ནི་གསང་ཆེན་ངེས་པ་ཡི། ། འབྲས་བུ་ལམ་དུ་འགྱུར་ པ་ཡིན། ། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། ། འདི་ལས་གསང་བའི་ངེས་དོན་མེད། ། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། ། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག ། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། ། ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་། ། སྣོད་ལྡན་ ངང་ཚུལ་བཟང་ལ་བརྟན། ། ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། ། གཞན་དུ་ནམ་ཡང་སྦྱིན་མི་བྱ། ། རྨོངས་ལ་ཕྱར་བས་གལ་ཏེ་བྱིན། ། དུས་མིན་པར་ནི་སྲོག་ཟད་ནས། ། བསྲེགས་དང་སྦྲེབས་པར་ཡུན་རིང་གནས། ། ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་ གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ། །
BOགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་ཏུ་གསང་བ་མན་ངག་གི་ལེའུ་སྟེ་བཅུ་གསུམ་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། ། ཨོྃ་ ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། ། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། ། བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། ། སྣང་སྟོང་ཐིག་ལེ་ཀུན་དུ་རྫོགས་ཧོཿ། ། ཨོྃ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། ། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། ། རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། ། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ། ། ཨོྃ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། ། ཡོན་ཏན་ཕྲིན་ལས་ཀུན་དུ་རྫོགས། ། ཡེ་ནས་ལྷུན་རྫོགས་ཀུན་དུ་བཟང་། ། འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ། ། ཨོྃ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། ། མཐའ་ཡས་ཀུན་ནས་སྣ་ ཚོགས་འཕྲོ། ། མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། ། སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ། ། ཨོྃ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། ། རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། ། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། ། སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོཿ། ། ཨོྃ་ ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །
BOསྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། ། སྐུ་གསུང་ཐུགས་ཀྱིས་ཀུན་དུ་ཁྱབ། ། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ། ། ཞེས་ཆེད་དུ་བསྒྲགས་སོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་རྨོངས་པའི་རྟོག་པ་དང་། བརྟགས་པ་ལ་མངོན་པར་ཞེན་པས་ཡང་དག་པའི་ལམ་ དང་བྲལ་བ་དག ། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། རྒྱུ་དང་འབྲས་བུ་ལ་རྨོངས་པས་སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། ། དེ་རབ་ཏུ་ཚ་བའི་སྡུག་བསྔལ་ དྲག་པོས་གདུངས་པ་དང་། འདི་བས་ཤིན་ཏུ་གྲང་ཡང་ཅི་མ་རུང་སྙམ་པའི་མོད་ལ་རབ་ཏུ་སྦྲེབས་པ་དང་། ། པདྨ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་རབ་ཏུ་ཉེན་པ། དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་བརྒྱད་དང་།
BOཤིན་ཏུ་གྲང་བ་ལ་སོགས་པ་ བརྒྱད་དུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཉམས་སུ་མྱོང་ངོ་། ། དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་{ཡི་དགས་,ཡི་དྭགས་}ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་དང་། འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་དང་། གདུག་ ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་གྱུར་པ་དང་། ཡོང་མེད་པར་ཡང་གྱུར་ཅིང་ཤིན་ཏུ་རིད་ཅིང་སྐམས་པ་དང་། ལུས་དང་ཡན་ལག་དང་། དབང་པོ་མི་འཚམ་པར་གྱུར་པ། བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ། ། དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་ བསྲབས་པ་དང་སྔོན་གྱི་སྲིད་པས་མཚམས་སྦྱར་ནས། ། {ཡི་དགས་,ཡི་དྭགས་}སྲིན་པོ་རབ་ཏུ་གདུག་པ་གཏུམ་པོ་ལུས་གཅིག་ལ་མགོ་བརྒྱ་པ་དང་། མགོ་སྣ་ཚོགས་པ་དང་། ལུས་བརྒྱ་ལ་མགོ་གཅིག་པ་དང་། ལུས་སྣ་ཚོགས་པ་དང་། ཡན་ལག་མང་པོ་དང་། ཡན་ལག་སྣ་ ཚོགས་པ་དང་། གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ་དང་། འཁོར་རབ་ཏུ་མང་པོ་དང་། འཇིགས་པའི་གཟུགས་སྣ་ཚོགས་དང་། འཇིགས་པའི་ང་རོ་སྒྲ་སྐད་སྣ་ཚོགས་པ་སྒྲོགས་པ་དང་། གཟུགས་དང་། ང་རོ་དང་། དྲི་དང་།
BOཁ་རླངས་ཀྱིས་ཐམས་ཅད་སྐྱི་བུང་ཞེས་བྱེད་ པ་དང་། རབ་ཏུ་འཇིགས་པའི་རླུང་ནག་དང་། གྲང་བ་དང་། ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་དུ་ཁམས་འཁྲུག་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། མྱོས་ཤིང་ཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང་། ལྷ་མ་ཡིན་གྱི་རིས་དང་། ལྷའི་རིས་དང་། ཚངས་པའི་རིས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། ། དེ་སྔོན་བསྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཆེན་པོའི་ རྡོ་རྗེ་བཀོད་པ། སྒྱུ་འཕྲུལ་དྲ་བས་འཇིག་རྟེན་དྲུག་གི། ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོ་གཟི་བརྗིད་ཆེན་པོ་བསྟན་པའི་ཕྱིར། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་པོ་བཅོམ་ལྡན་ འདས་དགྱེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཆེན་པོ་རྣམ་པར་སྤྲོས་པའི། ། སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་མངོན་དུ་ཕྱུང་སྟེ།
BOཧི་ཧི་དགྱེས་པའི་གཟི་ མདངས་ཀྱིས་པདྨ་རྒྱས་པར་མཛད་ནས་ནི་གཉིས་སུ་མེད་པར་དགྱེས་པའི་འཁྲིལ་བས་ཐིམ་ནས། བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ ཁྱབ་པར་གྱུར་ཏོ། ། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ་ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་པས། འཇིག་རྟེན་དྲུག་གིས་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་དུ་གཡོས་སོ། ། འུར་འུར། ། རབ་ཏུ་འུར་འུར། ཀུན་ དུ་རབ་ཏུ་འུར་འུར་རོ། ། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། ། ཤིག་ཤིག ། རབ་ཏུ་ཤིག་ཤིག ། ཀུན་ཏུ་རབ་ཏུ་ཤིག་ཤིག་གོ། ། གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་དུ་རབ་ཏུ་གཏོར་གཏོར་རོ། ། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ ཁམས་ན་གནས་པའི་དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བརྒྱལ་རབ་ཏུ་བརྒྱལ་བར་གྱུར་ཏོ། །
BOདེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པ་སྐྱི་བུང་ཞེས་ བྱེད་པ་འབར་བ་ཆེན་པོའི་ཁྲག་འཐུང་། སྐུ་སྨུག་གནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང་ རུས་ཆེན་པོའི་རི་རབ་ཀྱི་སྟེང་། འབར་བ་ཆེན་པོའི་འཁོར་ལོའི་ཀློང་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། ། ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་གི་ཚོགས་ཐམས་ཅད་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཐུང་ ཆན་པོ་རྡོ་རྗེར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགས་སུ་བཞུགས་སོ། ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་གྱུར་ཏེ་ནུབ་ཕྱོགས་སུ་བཞུགས་སོ། ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་སུ་གྱུར་ཏེ་ བྱང་ཕྱོགས་སུ་བཞུགས་སོ། ། དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་། རྔམ་པའི་ང་རོ་དང་།
BOའབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་གི་གདན་བྱས་པ་ལ་བཞུགས་ སོ། ། བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོར་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། ། རིགས་ལྔའི་ཧེ་རུ་ཀ་ལས་གཅིག་ཏུ་བསྟིམ་སྟེ་བསྡུས་ནས། གཅིག་གིས་མང་པོ་འདུལ་བའི་ངོ་མཚར་བསྟན་ཏེ། དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པོའི་སེམས་ ཀྱིས་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་པ་བསྟན་ནས་མགྲིན་གཅིག་ཏུ་གདུག་པའི་ང་རོས་གླང་པོའི་གཏུམ་ཚིག་ཏུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཅིང་ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་རྔམ་མོ། ། དེ་ནས་བཅོམ་ལྡན་ འདས་དགྱེས་པ་ཆེན་པོ་དབུ་དགུ་ཕྱག་{བཅྭ་,བཅོ་}བརྒྱད་ཞབས་བརྒྱད་དུ་གནས་ནས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས་རྔམ་པའི་སྐད་ཀྱིས། ཧཱུྃ་ཧཱུྃ་ཧཱུྃ་ཧ་ཧ་ཧ་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་ཆེན་པོ་དེ་ དག་གི་སྙིང་དང་དབང་པོ་ཀུན་ཕྱུང་།
BOནང་གྲོལ་ཀུན་དྲངས་ཡན་ལག་ཀུན་བཅད་གཏུབས་ནས་ཁྲག་ཀུན་འཐུངས་ནས་རུས་པ་ཀུན་འཆོས་སོ། ། དེ་ནས་ཧཱུྃ་ཧཱུྃ་ཧཱུྃ་བྷྱོ་ཨེ་ཨཱ་ར་ལི་ཛཿཛཿཞེས་བརྗོད་པས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་ཡུངས་ འབྲུ་གཅིག་ཙམ་གྱི་ནང་དུ་ཆུད་པར་བསྡུས་སོ། ། དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ་དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་ དང་། འཇུག་སྲེད་མོ་དང་། གཞོན་ནུ་མ་དང་། དམར་མོ་དང་། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་པ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་དང་། གསོད་བྱེད་མ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་སྣ་སྔོ་ནག་མོ་དང་། གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ། བྲན་དང་ཡང་ བྲན་དང་། གཡོག་དང་། ཡང་གཡོག་དང་། འཁོར་ཞིང་གི་རྡུལ་སྙེད་བསྡུས་སོ། །
BOདེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ནས། དེ་དག་ཀུན་ དགྱེས་པར་རོལ་པའི་དཀྱིལ་གྱི་འཁོར་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། ། ཨོྃ་ཨཱཾཿཧཱུྃ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿ ཞེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་ཤིན་ཏུ་ ཆགས་པའི་ཡིད་གཡོས་ནས་པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་ དང་། དགའ་བ་མོ་དང་། གསོད་བྱེད་མ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ལོ། ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་ སྲེད་མོ་དང་། གཞོན་ནུ་མ་རྣམས་འཁྲིལ་ལོ། ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་དང་། ཞི་བ་མོ་དང་།
BOབེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་མོ་རྣམས་འཁྲིལ་ལོ། ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདྨའི་སྐུ་ལ་ ཁྲག་གིས་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ལོ། ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་ཀྱི་སྐུ་ལ་མེ་མོ་དང་། ཕག་མོ་དང་། རྒན་བྱེད་མ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་རྣམས་ འཁྲིལ་ལོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུྃ་ཞེས་བརྗོད་པས་པདྨའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་ཏུ་བཅུམ་པར་གྱུར་ཏོ། ། དེ་ནས་དགྱེས་ཏེ་ཧ་ཧ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས་དཀར་མོའི་ ཚོགས་དང་། རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་། སྤོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། སྨེ་ཤ་ཅན་གྱི་ཚོགས་དང་། མ་ཚོགས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་འཐོན་ཏོ། ། འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་ཀྱིས་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །
BOདེ་ནས་ཤིན་ཏུ་དགྱེས་ཏེ་ཧེ་ཧེ་ཞེས་བརྗོད་པས་སེང་གདོང་ཆེན་མོའི་ཚོགས་དང་། སྟག་གདོང་ཆེན་མོའི་ཚོགས་ དང་། ཝ་གདོང་ཆེན་མོའི་ཚོགས་དང་། ཁྱི་གདོང་ཆེན་མོའི་ཚོགས་དང་། བཞད་གདོང་ཆེན་མོའི་ཚོགས་དང་། ཀཱང་ཀའི་གདོང་ཆེན་མོའི་ཚོགས་དང་། དུར་བྱའི་གདོང་ཆེན་མོའི་ཚོགས་དང་། འུག་པའི་གདོང་ཆེན་མོའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ ཆས་ནས་འཐོན་པར་གྱུར་ཏོ། ། འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་ཤར་གྱི་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ། ། དེ་ནས་ཤིན་ཏུ་དགྱེས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར་ཁྱབ་པར་བྱས་ནས་ཕཊ་ཅེས་བརྗོད་པས། རྡོ་རྗེ་ སྲིང་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ། ། འཐོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོར་ཤིན་ཏུ་རྔམ་ པའི་གཟུགས་ཀྱིས་གནས་སོ། ། དེ་ནས་དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས་ནས།
BOམ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བཀྱེའོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཐུགས་རྗེ་ཆེན་པོ་བདུད་རྩི་ཆེན་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། ། ཨོྃ་བཛྲ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཨྃ་ཨྃ་ཨྃ་ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་ ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣམ་ནས་བཏོན་ནས། མི་གཙང་བའི་འདམ་གྱི་རྒྱ་མཚོ་ཆེན་པོར་ཆུད་པ་ལས། སྣམ་ནས་ཁྲོ་བོ་ཨུཙྪུསྨ་ཀྲོ་དྷ་ཕྱུང་ནས་འདམ་ཁུ་ཀུན་འཐུངས་པས་དྲན་པ་སླར་རྙེད་དེ། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ ཀྱང་དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ། ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་ན་བཞུགས་པར་མཐོང་ངོ་། ། དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་བསམ་ གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །
BOདེ་ནས་དེ་དག་ཤིན་ཏུ་འདར་ཞིང་རབ་ཏུ་བྲེད་ཅིང་ཞུམ་པའི་ང་རོས་སྨྲས་པའི་ཚིག ། འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། ། མགོ་དང་ལུས་ནི་བརྒྱར་ འགས་ཤིང་། ། སྙིང་ཡང་འགས་ཤིང་གཏུགས་འགྱུར་ཅིང་། ། རུལ་མྱགས་ཚིག་ནས་བརླག་པ་དང་། ། དམྱལ་བར་ལྷུང་ནས་འབོད་པར་ཤོག ། ཅེས་འབངས་སུ་མཆི་བར་མནས་བོར་ནས་དཀྱིལ་འཁོར་གྱི་གདན་དུ་བཞག་གོ། ། ཐམས་ཅད་ཀྱིས་མགྲིན་གཅིག་ ཏུ་སྨྲས་པ། ། བདག་ཅག་རྣམས་ཀྱི་མཆིས་བྲང་དང་། ། མ་དང་སྲིང་མོ་བུ་མོ་རྣམས། ། དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། ། དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། ། བདག་ཅག་སོ་སོའི་འཁོར་བཅས་ཀྱིས། ། ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདི། ། མིང་ཙམ་ འཛིན་པར་བྱེད་པ་ཡང་། ། གཙུག་གི་ནོར་བུ་འབར་བ་ལྟར། ། གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། ། སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། ། གཙུག་ཏུ་བཞག་སྟེ་བཀུར་བར་བྱ། ། དེ་ཡི་དགོས་པ་ཅི་ཡང་རུང་། ། མ་ལུས་རྫོགས་པར་བདག་ཅག་སྒྲུབ། ། གལ་ཏེ་དཔའ་བོའི་ སྤྱན་སྔ་འདིར། ། སྨྲས་པ་བཞིན་དུ་མ་བགྱིས་ན། ། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། ། བཀས་གཏུབས་དུམ་བུར་རུལ་བར་མཆི། ། ཞེས་སྨྲས་སོ། །
BOདེ་ནས་དེ་དག་གི་ཆུང་མའི་ཚོགས་དང་། སྲིང་མོ་དང་མ་དང་བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། ། དཔའ་བོ་ཆེན་པོའི་འབངས་སུ་མཆི། ། དཔའ་བོ་ཆེན་པོ་བདག་ཅག་རྣམས། ། ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ། ཞེས་སྨྲས་སོ། ། དེ་ ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་གིས་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀོད་དོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག་དམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་བཙུན་མོའི་ཚོགས་དང་བཅས་པ་དེ་དག་གིས། སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ཡེ་ཤེས་ རྔམ་པ་ལས་གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ།
BOཨོྃ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དུཥྚཱྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ ནཱི་ཧཱུྃ་ཕཊ། ཨོྃ་མ་ཧཱ་སཱུ་རྱ་རཏྣ་མ་ཧཱ་ཀྲི་དྷི་ཤྭ་རཱི་པི་མ་ཧཱུྃ་ཕཊ། ཨོྃ་ཧྲཱི་ཤ་ཏ་ས་མནྟ་པདྨ་ཨོྃ་མ་ཧཱ་སཱ་ར་སྭ་ཏ་མ་ཧཱ་པདྨ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཁ་ཧཱྃ་ཧཱུྃ་ཕཊ། ཨོྃ་སརྦ་ཨ་མོ་གྷ་ཀརྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤྭ་ཧཱུྃ་ཕཊ། ཨོྃ་བཛྲ་གཱི་རཱི་ཡེ་གཽ་རཱི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པྲ་མོ་ཧཱ་ཧ། བཛྲ་བཻཏྟ་ལཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷ་སྨ་རཱི་ཧ། བཛྲ་སྨ་ཤཱ་ནཱི་ཧ། བཛྲ་སིདྷ་མུ་ཁཱི་ཧེ། བཛྲ་བྱཱ་གྷྲ་མུ་ཁཱི་ཧེ། བཛྲ་སྲྀ་གཱ་ལ་མུ་ཁཱི་ཧེ། བཛྲ་ཤྭ་ནཱ་མུ་ཁཱི་ཧེ། བཛྲ་གྲིདྡྷ་མུ་ཁཱི་ཧེ།
BOབཛྲ་ཀངྐ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུལླུ་ཀ་མུ་ཁཱ་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏེ་ར་ ཛཿ། བཛྲ་ཨ་མུ་ཀཱ་ཧཱུྃ། བཛྲ་ལོ་ཀཱ་བྃ། བཛྲ་བྷ་སྨིས་མ་ལ་བ་ཏོ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཨོཾ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ། ཨེ་ཧྱེ་ཧི་ཨ་ན་ཡ། ཛཿཧཱུྃ་བྃ་ཧོཿ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཨོྃ་ཁྲོ་ལ་ཁྲོས་པས་ཞི་ མཛད་པ། ། ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། ། འབར་བའི་བྱིན་བརླབས་རྨད་པོ་ཆེ། ། དེ་ཉིད་དུ་ནི་བདག་ལ་སྩོལ། ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭྃ། ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨ་ལི་ཨུ་ལི་ཏ་ལི་ཏ་བ་ལི་རྡཥྚ། གཽ་ན་ར་ཏྲི་ཁྃ་རྃ། ཡོ་གི་ནཱི་ ཁཱ་ཧི་ཧོཿ ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀུན་ཚིག ། རབ་ཏུ་ཚིག ། ཀུན་ཏུ་རབ་ཏུ་ཆིག་གོ། ། འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་རོ། ། ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། རབ་ཏུ་གང་། ཀུན་དུ་རབ་ཏུ་གང་བར་གྱུར་ཏོ། །
BOགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་ཚོགས་ཆེན་པོའི་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་ པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། འབར་བའི་འཁོར་ལོ་རྩིབས་བཞི་པ། ། གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། ། གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། ། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། ། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། ། འབར་བའི་འཕྲོ་བ་མང་པོས་ འཁྲུག ། ཁྱུ་མཆོག་མ་ཧེ་གཟིག་དང་སྟག ། གཏུམ་པ་དོམ་གྱི་སྦར་བ་ཡིས། ། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། ། སྨུག་ནག་སྔོ་ནག་སེར་ནག་དང་། ། དམར་ནག་ལྗང་ནག་འཇིགས་པའི་སྐུ། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཀོ་རློན་གོས་ནི་སྣ་ ཚོགས་གྱོན། ། རྔམ་པའི་སྒྲ་སྐད་འཇིགས་པར་སྒྲོགས། ། སྦྲུལ་དང་ཐོད་ཕྲེང་ཉི་ཟླས་བརྗིད། ། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། ། རྡོ་རྗེ་དུང་ཆེན་གང་བ་དང་། ། རལ་གྲི་དགྲ་སྟ་གཤོལ་ལ་སོགས། ། རང་གི་ལག་ཆ་སྣ་ཚོགས་བསྣམས། ། བཙུན་མོ་འཇིགས་པའི་ ཚོགས་དང་འཁྲིལ། ། གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །
BOསྒོ་བཞི་ཕྱག་རྒྱ་རབ་མཛེས་ཤིང་། ། སླས་དང་བྱི་མོ་བྲན་མོའི་ཚོགས། ། བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། ། རང་གི་སྟན་དང་ལག་ཆ་དང་། ། ཅི་བགྱི་ཞེས་ནི་ཆས་ཏེ་གནས། ། ཞེས་བརྗོད་པས། འཇིག་ རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་དུ་གསལ་བར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་མཉེས་པའི་ མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། ། དེ་ལ་མཆོད་སྦྱིན་དམ་པ་འདི། ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། ། དེ་ནས་གཉིས་མེད་བློ་ཡིས་ནི། ། བློ་ངན་འཇིག་རྟེན་སྙིང་རེ་རྗེ། ། གཉིས་སུ་མེད་པར་བསྒྲལ་བར་བྱ། ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། ། བདག་ཉིད་མཉེས་པས་མཉེས་པར་བྱ། ། མཉམ་པའི་གྲུབ་རྫས་ཆེན་པོ་དག ། བདག་དང་མཉམ་པའི་ཚོགས་ལ་དབུལ། ། བཟའ་དང་བཅའ་དང་བཏུང་དང་བགོ། ། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། ། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། ། ཕྱོགས་བཅུ་དུས་ བཞིར་གཤེགས་པ་ཡི། ། བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། ། གཞན་ནས་ཡོད་འོངས་མ་ཡིན་ཏེ། །
BOལྷ་སྲིན་ལ་སོགས་སྨོས་ཅི་དགོས། ། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། ། ཕྱག་རྒྱ་ཆེན་པོར་རྫོགས་གྱུར་ཅིང་། ། གསལ་བ་ཡིད་གཉིས་མེད་པ་ན། ། དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། ། ཞེས་བརྗོད་པས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཆོག་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་{བཅྭ་,བཅོ་}བརྒྱད་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། ། བླ་མེད་ཐེག་པ་རབ་ངེས་ན། ། ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། ། བྱས་ལ་མི་སོག་ཚོགས་འགྱུར་ཏེ། ། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། ། བླ་མེད་མཆོག་གི་དམ་ཚིག་ཏུ། ། འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། ། ཇི་སྙེད་སྡོམ་པ་བསམ་ཡས་པ། ། མ་ལུས་ཀུན་འདུས་རྣམ་པར་དག ། ཡོད་མེད་དབུ་མའང་མི་དམིགས་ཤིང་། ། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། ། སྲོག་མེད་སྲོག་གཅོད་བཅད་དུ་མེད། ། སྲོག་ཀྱང་ སྐྱེས་བུའི་ལོག་རྟོག་ཙམ། ། བདེན་པ་གཉིས་ཀར་དབྱེར་མེད་པས། ། འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །
BOགཞན་དང་མ་བྱིན་མེད་པའི་ཕྱིར། ། བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས། ། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། ། མིང་དང་ཚིག་ཏུ་བརྟགས་པ་{བརྫུན,རྫུན}། ། {བརྫུན་,རྫུན་}ཉིད་ལ་ནི་{བརྫུན་,རྫུན་} སྤྱོད་པ། ། {བརྫུན་,རྫུན་}ཞེས་བཏགས་ཙམ་ཡོད་མ་ཡིན། ། མ་ཆགས་པ་ལ་ཆགས་པ་དང་། ། ཆགས་པ་ཉིད་ན་ཆགས་པ་མེད། ། དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། ། ཤིན་ཏུ་ཆགས་པ་ཆེན་པོ་ཡིན། ། བླ་མེད་མི་སྤོང་བླ་མ་བཀུར། ། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། ། ཡང་དག་ ལམ་དུ་ཞུགས་ལ་བྱམས། ། གསང་བའི་དོན་ཉིད་སྨྲ་མི་བྱ། ། འདི་ནི་རྩ་བ་ལྔ་རྣམས་ཏེ། ། བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག ། གཏི་མུག་ཆགས་དང་ཞེ་སྡང་དང་། ། ང་རྒྱལ་ཕྲག་དོག་མི་སྤོང་ངོ་། ། དཀར་རྩི་དམར་རྩི་དྲི་ཤ་ཆེན། ། དག་པའི་སྣོད་བཅུད་མི་དོར་རོ། ། ཡན་ལག་ བཅུ་ཡི་དམ་ཚིག་སྟེ། ། ཡེ་ནས་དག་མཉམ་རྟོགས་པས་སྤྱད། ། བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། ། རྩ་བ་ཡིན་ཏེ་རིགས་མེད་འགྱུར། ། མི་སྤོང་མི་དོར་ལྔ་གཉིས་ནི། ། ཡན་ལག་དམ་ཚིག་འདའ་དཀའོ། ། མཉམ་ལ་མཉམ་པར་སྦྱོར་བ་ཡིས། ། མཉམ་པའི་དམ་ཚིག་ལ་གནས་ ན། ། མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །
BOའདས་ནས་སངས་རྒྱས་མ་ཡིན་ནོ། ། རྩ་བ་ཉམས་པའི་ཕྱལ་བ་དག ། གསོ་ལ་ཉེ་བར་མི་བརྩོན་དང་། ། སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད། ། ཉམས་གྱུར་ཉེས་པ་བརྗོད་མི་ལང་། ། རྩ་བའི་དམ་ཚིག་ཉམས་གྱུར་ན། ། སྒྲུབ་པ་ཐམས་ ཅད་ལོག་པར་འགྱུར། ། ཡིད་དུ་མི་འོང་སྣ་ཚོགས་པའི། ། འབྲས་བུ་མི་འདོད་བཞིན་དུ་འདུད། ། ཡན་ལག་དམ་ཚིག་ཉམས་གྱུར་ན། ། འབྲས་བུ་མེད་ཅིང་ངན་སོང་ལྟུང་། ། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། ། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། ། རྩ་བའི་དམ་ཚིག་ལྔ་ལ་ནི། ། གཅིག་ ལའང་གཉིས་དང་བཅུ་ཕྲག་གསུམ། ། ཡན་ལག་དམ་ཚིག་ལྔ་གཉིས་ལ། ། གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། ། དམ་ཚིག་འདི་ནི་རྨད་པོ་ཆེ། ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ། སྲིད་གསུམ་འགྲོ་བ་ཇི་སྙེད་པ། ། རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ། ། གཞན་ཡང་རྒྱལ་མཆོག་ ཀུན་བཟང་གི། ། ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། ། སྒྲུབ་བྱེད་དམ་པ་མ་ལུས་འགྲུབ། ། དེ་ལ་སོགས་པ་མཐའ་ཡས་མཆོག ། རྒྱལ་བའི་རིགས་མཆོག་འཛིན་པ་དེ། ། འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། ། དམ་པ་མཆོག་དང་དམ་པ་ཡིས། ། སྲས་དང་སྤུན་དགོངས་བྱིན་གྱིས་རློབ། ། བདེ་ གཤེགས་ཉིད་ཀྱི་ཡུལ་ལ་བཞུགས། །
BOའཇིགས་མེད་ཀུན་དུ་བཟང་པོར་སྦྱོར། ། ཇི་བཞིན་ཉིད་དང་འདུལ་བའི་ཐབས། ། ཇི་སྙེད་སྡོམ་པ་བསམ་ཡས་པ། ། མ་ལུས་རྣམ་དག་ལྷུན་གྱིས་གྲུབ། ། ཉམས་ན་བསྐངས་པས་རྫོགས་པ་དང་། ། དེ་ལ་སོགས་ཏེ་མཐའ་ཡས་མཆོག ། ཅེས་བརྗོད་པས་ དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ལྷུན་གྱིས་གྲུབ་པའི་དམ་ཚིག་བྱིན་གྱིས་ རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། འབར་བ་གཏུམ་ཆེན་རྔམ་པ་ལ། ། ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། ། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག ། བདུད་རྩི་ལྔ་འམ་ ཟས་ལྔ་ལ། ། མཚན་མ་མིང་དུ་བཅས་པར་བྱ། ། བཀུག་ནས་རྡོ་རྗེ་ཕུར་པས་གདག ། རྡུལ་དུ་བྱས་ནས་ཚོགས་ལ་དབུལ། ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། ། བཅིངས་འགྱུར་བསྐྱོད་ན་ཕྱོགས་བཅུར་གཡོ། ། མྱོས་ནས་གལ་ཏེ་འཚིག་པར་ འགྱུར། །
BOབྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། འབར་བའི་གཟི་ཆེན་ལྷུན་ཆེན་ལ། ། ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། ། རྡོ་རྗེ་གསུང་ཡང་དབང་དུ་འགྱུར། ། བདུད་རྩི་ལྔ་འམ་ཟས་ལྔ་ལ། ། མཚན་མ་མིང་དུ་བཅས་པར་བྱས། ། རྡོ་རྗེ་ཆགས་པའི་ཕུར་པས་གདག ། ཆགས་ པའི་ཚོགས་ལ་ཐིམ་པར་དབུལ། ། བྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། ། འགུག་འགྱུར་རྡོ་རྗེའང་ཕྱི་བཞིན་འབྲང་། ། ཅི་འདོད་དེ་བཞིན་འོང་བར་འགྱུར། ། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། འབར་བའི་འདུ་འཕྲོ་གཟི་བྱིན་ལ། ། དགའ་བའི་ ཡིད་ཀྱིས་མཆོད་སྦྱིན་བྱ། ། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། ། བདུད་རྩི་ལྔ་འམ་ཟས་ལྔ་ལ། ། མཚན་མའི་མིང་དུ་བཅས་པར་བྱ། ། ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག ། ང་རྒྱལ་དགའ་འཕྲོའི་ཕུར་པས་གདབ། ། རྡོ་རྗེ་གཟི་བྱིན་འབར་བར་འགྱུར། ། མ་ཡི་ཚོགས་ཀྱི་དཀྱིལ་ འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། ། གཟི་བྱིན་འབར་བའི་འཕྲུལ་ཆེན་འཕྲོ། ། ཡིད་བཞིན་ནམ་མཁའ་གང་བར་འགྱུར། ། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། གསལ་བའི་གཟི་བརྗིད་འཚེར་བ་ལ། ། དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། །
BOགཏུམ་པོ་རྔམ་པོ་ལྷན་ནེར་འགྱུར། ། བདུད་རྩི་ལྔའམ་ཟས་ལྔ་ལ། ། གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག ། ལྷན་ནེར་གསལ་བའི་ཕུར་བས་གདབ། ། འབར་བ་ལྷན་ནེའི་ཚོགས་སུ་དབུལ། ། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒྱུད་དུ་སྤྲེལ་ནས་བསྔམས། ། འབར་ བ་ལྷན་ནེའི་བྱིན་གྱིས་ཁྱབ། ། ཐམས་ཅད་གཡོ་བ་མེད་པར་བྱེད། ། སླས་དང་བྱི་མོ་བྲན་མོའི་ཚོགས། ། ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། ། རང་གི་དམ་ཚིག་རབ་བསྒྲགས་ན། ། གང་འདོད་ལས་ནི་བྱེད་པར་བསྒོ། ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ། ། ཤིན་ཏུ་གདུག་ཅིང་ གཏུམ་བག་ཅན། ། ཐམས་ཅད་མ་ལུས་འདུལ་མཛད་པའི། ། དབང་དང་བྱིན་བརླབས་རྨད་པོ་ཆེ། ། ལྷ་ཆེན་ལ་སོགས་དབང་བསྡུས་ནས། ། འཁོར་རྣམས་དབང་ཕྱུག་སླས་སུ་བྱས། ། སོ་སོའི་ལས་རྣམས་བསྐོས་པ་དེ། ། ཇི་ལྟར་ཁས་བླངས་དམ་བཅས་པ། ། མ་ཐོགས་ མྱུར་དུ་མངོན་པར་ཕྱུང་། ། དམ་བཅས་བཞིན་དུ་མ་བྱས་ན། ། ཇི་ལྟར་རང་གི་མནས་བོར་བའི། ། སྡོམ་བྱས་དེ་ལས་འདའ་མ་བྱེད། ། སྡོམ་བྱས་དེ་ལས་འདས་གྱུར་ན། ། མགོ་ལུས་སྙིང་ཡང་ཚལ་པ་བདུན། ། ཡཀྵ་ཁྲོ་བོས་གཏུབས་པར་འགྱུར། ། དེ་བས་རྣལ་འབྱོར་སྔགས་ འཆང་གིས། །
BOཇི་ལྟར་བཅོལ་བ་བཞིན་དུ་བྱོས། ། ལས་དེ་མངོན་དུ་མ་བྱས་ན། ། རང་གིས་ཁས་བླངས་མནས་བོར་བཞིན། ། རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། ། རྣལ་འབྱོར་དམ་ལ་གནས་གྱུར་པའི། ། ལས་རྣམས་ཡོངས་སུ་བྱ་བ་དང་། ། འཁོར་རྣམས་བུ་གཅིག་ བཞིན་དུ་སྐྱོངས། ། ཕྲ་མེན་མ་ཡང་དངོས་གྲུབ་ཐོབ། ། བཅོལ་བའི་ལས་རྣམས་མངོན་དུ་བྱོས། ། ཞེས་བསྒོའོ། ། ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་འདི་ཡིན་ནོ། ། ཁྲག་འཐུང་ཆེན་པོ་ལ་སོགས་པའི། ། བྲོ་གར་གླུ་ཚིག་ཆེན་པོ་ཡིས། ། ཐམས་ཅད་ཐམས་ཅད་ཅི་འདོད་ པར། ། ཐམས་ཅད་ཐམས་ཅད་བྱེད་པ་ཡིན། ། མཛོད་ལྷ་ཆེན་པོ་ལ་སོགས་པའི། ། བྲོ་གར་གླུ་ཚིག་ཆེན་པོས་ནི། ། ཐམས་ཅད་ཀུན་ལ་ཟ་བར་བྱེད། ། རྡུལ་ཆ་ཙམ་ཡང་མེད་པར་བྱེད། ། འདུ་བར་འདོད་ན་འདུ་བར་བྱེད། ། འཕེལ་བར་འདོད་ན་འཕེལ་བར་བྱེད། ། སྦོས་ མོ་ཆེན་མོ་ལ་སོགས་པའི། ། བྲོ་གར་གླུ་ཚིག་ཆེན་པོས་ནི། ། ལྷན་ནེར་འདོད་ན་ལྷན་ནེར་བྱེད། ། རྨུགས་པར་འདོད་ན་རྨུགས་པར་བྱེད། ། སེང་གདོང་ཆེན་མོ་ལ་སོགས་པའི། ། བྲོ་གར་གླུ་ཚིག་ཆེན་མོས་ནི། ། ཐམས་ཅད་ཀུན་ལ་ཟ་བར་བྱེད། ། རྡུལ་ཆ་ཙམ་ཡང་མེད་པར་བྱེད། ། བཞད་གདོང་ཆེན་མོ་ལ་སོགས་པའི། །
BOབྲོ་གར་གླུ་ཚིག་ཆེན་མོས་ནི། ། ཐམས་ཅད་ཀུན་ལ་འབྱིན་པར་བྱེད། ། ཀུན་ལ་རབ་ཏུ་ཉམས་པར་བྱེད། ། སླས་དང་བྱི་མོ་བྲན་མོ་ཡི། ། བྲོ་གར་གླུ་ཚིག་ཆེན་མོས་ནི། ། སྦད་ཅིང་གཏང་བར་བྱ་བ་སྟེ། ། ཐམས་ཅད་ཐམས་ཅད་བྱེད་པ་ཡིན། ། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། ། གདོང་གཅིག་མ་དང་མེ་རེག་དྲུག ། དད་པའི་དགའ་བས་ཆགས་པ་དང་། ། ཁྲོས་པས་ཀ་ལི་རབ་ཏུ་བྱ། ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱིས་སྦྱོང་བར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་གྱིས་གྲུབ་པའི་ ཕྲིན་ལས་བྱིན་གྱིས་བརླབས་པའི་ལེའུ་སྟེ་ཉི་ཤུ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམ་པའི་གདངས་ཀྱིས་གླུ་འདི་བླངས་སོ། ། ཧཱུྃ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། ། འོད་ཟེར་ཉི་མ་འབུམ་གྱི་གཟི། ། ཁྲོ་ གཉེར་གློག་སྟོང་འགྱུ་བ་བཞིན། ། མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ། ། ཧཱུྃ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། ། གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། ། ཨ་ཨ་ཧ་ལའི་གད་རྒྱངས་ཆེ། ། དབྱུག་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ། ། ཧཱུྃ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །
BOཡེ་ཤེས་ དཀྱིལ་འཁོར་ཀུན་དུ་གསལ། ། འབར་བའི་ཡེ་ཤེས་ཀུན་དུ་འཇོམས། ། སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ། ། ཧཱུྃ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། ། ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། ། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། ། སྣ་ཚོགས་ཁྲོས་པའི་ཐིག་ ལེ་ཆེ་ཧོཿ། ། ཧཱུྃ་བདུད་ཀུན་གྱི་ནི་བདུད་ཆེན་པོ། ། བདུད་ཀྱི་བདུང་དེ་བདུད་རྣམས་འཇོམས། ། འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། ། འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿ། ། རྡོ་རྗེ་བྲག་སྟེ་སྲ་བ་པོ། ། རྡོ་རྗེ་ཆུ་བོ་སྡུད་པ་པོ། ། རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། ། རྡོ་རྗེ་རླུང་སྟེ་ འཐོར་རླུང་ཆེ་ཧོཿ། ། ཞེས་ཆེད་དུ་གླུ་འདི་བླངས་སོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་ འདི་ཆེད་དུ་བརྗོད་དོ། ། ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། ། དེ་བཞིན་གཤེགས་པའི་ངོ་བོ་ཉིད། ། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། ། རྣམ་རྟོག་ཞགས་པས་སོ་སོར་ཟིན། ། ས་རྣམས་ཁྱད་པར་བཀོད་པ་ཡང་།
BO། གསང་བའི་སྙིང་པོར་འགྲོ་བའི་ལམ། ། ཡེ་ཤེས་ངོ་མཚར་ རབ་འབྱམ་ཀུན། ། དོན་དུ་མི་འགྱུར་ཡོང་མ་གསུངས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། ཕྱག་རྒྱ་གསང་ཆེན་ངེས་པ་འདི། ། རྟོགས་ནས་སྨྲ་བར་གང་བྱེད་པ། ། དེ་ཉིད་ང་ཡིན་དབང་ཡང་རྫོགས། ། དེ་བཞིན་གཤེགས་པ་ཐམས་ཅད་ལ། ། གསང་བ་འདི་ལས་གཞན་མི་ མངའ། ། སྒྲོ་དང་སྐུར་པ་ཞི་བ་ཡི། ། གསང་བའི་སྙིང་པོ་དེ་ཁོ་ན། ། ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། ། དེ་ནི་ངེས་པར་ལུང་བསྟན་ཏེ། ། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། ། ས་རབ་རིག་པ་འཛིན་ལ་གནས། ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་དུས་ བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། ། འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པ་ལས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ ཁོ་ན་ཉིད་ངེས་པའི་ལེའུ་ལས་ཐམས་ཅད་མ་ལུས་པར་སྤྲོས་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་གོ། །
BOགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་{སྷོ,སོ}། །