BO༄༅། ། རྒྱ་གར་སྐད་དུ། སན་དྷིབྱཱ་ཀ་ར་ཎ་ནཱ་མ་ཏནྟྲ། བོད་སྐད་དུ། དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། དེ་ཉིད་འདི་སྐད་བདག་གིས་ཐོས། ། ཤིན་ཏུ་གསལ་བའི་དུས་གཅིག་ན། ། གསང་གཙོ་ རྡོ་རྗེ་བཅོམ་ལྡན་འདས། ། དམ་ཚིག་མཆོག་ནི་རྡོ་རྗེ་གསུམ། ། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། ། ཡོན་ཏན་ཕུན་ཚོགས་བསམ་མི་ཁྱབ། ། ཡོད་མེད་གཉི་ག་ལས་འདས་པས། ། གནས་མེད་པ་ལ་གནས་ཞེས་བྱ། ། ནམ་མཁའ་རང་བཞིན་གཅིག་པ་འདིར། ། ཀུན་མཁྱེན་ཡེ་ཤེས་རྣམ་ བསྒོམ་པ། ། འགྲོ་སྙིང་རྣམ་དག་ཅེས་བྱ་ལ། ། ཐུབ་པ་ཆེན་པོ་བཞུགས་པ་ཡིན། ། མ་རིག་པ་དང་འདུ་བྱེད་དང་། ། རྣམ་པར་ཤེས་དང་མིང་དང་གཟུགས། ། སྐྱེ་མཆེད་དྲུག་དང་རེག་པ་དང་། ། ཚོར་བ་དང་ནི་སྲེད་པ་དང་། ། ཉེར་ལེན་སྲིད་པ་སྐྱེ་བ་དང་། ། རྒ་ཤི་ཞེས་བྱ་རིག་མ་ཡིན། ། ང་རྒྱལ་ ཆེ་བའི་ང་རྒྱལ་དང་། ། ངའོ་སྙམ་རྒྱལ་མངོན་ང་རྒྱལ། ། གཞན་ཡང་ང་རྒྱལ་ལས་ང་རྒྱལ། ། ཅུང་ཟད་ང་རྒྱལ་ལོག་པར་བཅས། ། འདི་དག་རྡོ་རྗེ་མཐའ་ཅན་མཆོག ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། ། དེ་རྣམས་བརྗོད་མི་ལང་བའི་གྲངས། །
BOབརྗོད་ཀྱིས་མི་ལང་ཉིད་དུ་གྱུར། ། སངས་རྒྱས་ཞིང་ནི་གྲངས་མེད་པའི། ། རི་རབ་རྡུལ་ཕྲན་གྲངས་མཉམ་པ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། ཏིལ་གྱི་གང་བུ་མཚུངས་པ་དང་། ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་། ། ནམ་མཁའི་ཁམས་ཀུན་གང་བར་སྣང་། ། དེ་ནས་དཔལ་ལྡན་རྣམ་སྣང་མཛད། ། སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་ཅན། ། འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། ། དེ་ཉིད་གསུམ་སྐྱེས་སྐུར་མཛད་དོ། ། ཚངས་པ་ཁྱབ་འཇུག་ལྷ་ཆེན་དང་། ། འདོད་དང་རིག་བྱེད་དེ་བཞིན་ཟུང་། ། ཚངས་ལྷ་དེ་བཞིན་ཟླ་བ་སྟེ། ། ཕུང་པོ་ལ་སོགས་གྲངས་དང་མཉམ། ། སྒྲ་སྒྲོགས་དེ་བཞིན་དགའ་བྱེད་དང་། ། སྐྱ་བསེང་སྐེམ་བྱེད་ཐུབ་པ་དང་། ། སྣ་ཡོན་དང་ནི་དཀོན་མཆོག་གསུམ། ། དེ་བཞིན་གཤེགས་ཀུན་གཅིག་པུ་ཉིད། ། དེ་ཚེ་ཕྱུང་བ་གསོལ་བ་ཡི། ། གསང་སྔགས་གསུངས་པ་དང་པོ་ཉིད། ། ཐུབ་ཆེན་བྱང་ཆུབ་སེམས་ཚུལ་དུ། ། མཛད་པ་གཉིས་པ་ཡིན་པར་བཤད། ། རྣམ་ལྔ་མངོན་པར་བྱང་ ཆུབ་པའི། ། ཕྲ་མོ་རྣལ་འབྱོར་གསུམ་པ་ཡིན། ། དབང་བསྐུར་བ་ནི་རྣམ་པ་བཞི། ། གཟུགས་ཀྱི་དཀྱིལ་འཁོར་ཉིད་བཞི་པ། ། བསྲུང་བའི་བསླབ་གཞི་རྣམ་བཞི་དང་། ། སྤྱོད་པའང་འདིར་ནི་ལྔ་པ་སྟེ། །
BOདྲུག་པ་རང་སངས་རྒྱས་ཉིད་ཀྱི། ། ཏིང་འཛིན་ཕྲ་མོའི་རྣལ་འབྱོར་རོ། ། བདུན་པ་དེ་ ཉིད་མཆོད་པར་བཤད། ། གསང་བའི་དབང་དུ་གཙོ་བོས་མཛད། ། ཕྱག་རྒྱས་དབང་བསྐུར་བརྒྱད་པ་བསྟན། ། དམ་ཚིག་བཞི་པོ་དགུ་པ་ཡིན། ། རྣམ་པ་བཅུར་ཕྱེ་ཡང་དག་རྟོག ། བཟླས་པའི་སྔགས་ཀྱང་གསུངས་པ་ཡིན། ། བཅུ་གཅིག་མིང་དུ་བྱུང་བ་ན། ། ཕྱག་རྒྱ་གཅིག་པར་བཤད་ དཀྱིལ་འཁོར། ། བཅུ་གཉིས་པ་ཡི་བདག་ཉིད་སྐུ། ། ཉན་ཐོས་བྱང་ཆུབ་སྟོན་པར་མཛད། ། དེ་བཞིན་རིག་པ་སྤྱོད་གྲུབ་བ། ། མངོན་ཤེས་ལྔ་ནི་བཅུ་གསུམ་པ། ། བཅུ་དང་བཞི་པར་བཞི་པོ་དང་། ། ཕྲེང་སྔགས་བླ་མ་སྟོན་པར་མཛད། ། ཕྱོགས་དང་སྐྱ་བསེང་ཉིད་གྱུར་བ། ། དངོས་གྲུབ་དཀྱིལ་ འཁོར་བླ་མེད་པའོ། ། སྒྲ་སྒྲོགས་དུས་དང་ཡང་དག་ལྡན། ། དཀྱིལ་འཁོར་རྡུལ་ཚོན་ལྡན་པའོ། ། སློབ་མ་དབང་བསྐུར་ཉི་ཟླ་དག ། ཆགས་བྲལ་སྣ་ཚོགས་ཉིད་གྱུར་བ། ། སྣ་ཚོགས་ཚིག་གི་དོན་གྱི་བརྡ། ། སྣ་ཚོགས་མིང་ཅན་མིང་གཅིག་བུ། ། དེ་ལྟར་རྣམ་པ་སྣ་ཚོགས་པའི། ། སོ་ སོར་སྡུད་པ་རབ་ཏུ་བསྟན། ། གཅིག་དང་དུ་མ་ལས་གྲོལ་བ། ། ཡང་དག་མཐོང་ནས་ཡོངས་སུ་བསྒོམ། ། ཡོངས་སུ་བསྒོམས་པར་གྱུར་པའི་བདག །
BOརྟེན་འབྲེལ་དུ་ཡང་བསྟན་པར་བྱ། ། དེ་ནས་མ་སྐྱེས་སྦྱོར་བ་ལ། ། ཐུབ་པ་རྣམ་པར་སྣང་མཛད་ཆེ། ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ པའི། ། ཏིང་འཛིན་དེ་འོག་སྟོན་པར་མཛད། ། འདོད་པའི་ཡན་ལག་འགྲོ་བའི་ཚོགས། ། གཉིས་པ་ཐམས་ཅད་དེ་བཞིན་གཤེགས། ། འདོད་ཆགས་ཆེ་ཚུལ་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ། དེ་བཞིན་གཤེགས་ཀུན་གཙོ་བོ་ཡི། ། རང་གི་སྐུ་ལ་ཞུགས་པར་མཛད། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། རྒྱུན་དེ་ལ་ནི་སྦྱོར་བར་གྱུར། ། དེ་ནས་དེ་བཞིན་གཤེགས་ཀུན་དང་། ། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། ། དེ་བཞིན་གཤེགས་བདག་མཉེས་བྱའི་ཕྱིར། ། དེ་རྣམས་ཞུགས་ནས་བྱུང་གྱུར་བ། ། སྲོག་དང་གྱེན་རྒྱུ་ཐུར་སེལ་དང་། ། མཉམ་ གནས་ཁྱབ་བྱེད་ཅེས་བྱ་དང་། ། ཀླུ་དང་རུས་སྦལ་རྩངས་པ་དང་། ། ལྷ་སྦྱིན་གཞུ་རྒྱལ་ཞེས་བྱ་བ། ། འདི་དག་ཏུ་ནི་ཉིད་སྐུ་མཛད། ། བུད་མེད་གཟུགས་སུ་སླར་སྤྲུལ་ཏེ། ། རང་གི་ངོ་བོ་ཇི་བཞིན་དུ། ། དེ་སྐུའི་སྐུ་ལས་བྱུང་བར་གྱུར། ། དེ་ཉིད་གསུམ་ནི་མཉམ་སྦྱོར་ ལས། ། རང་གི་གསང་སྔགས་དེ་དག་བསྒོམ། ། ཡན་ལག་ཀུན་ལས་ངེས་གྲོལ་ཞིང་། ། ཤིན་ཏུ་ཕྲ་བ་ཉིད་དུ་གྱུར། །
BOདབུ་དགོས་མིང་ལས་བྱུང་བ་ནི། ། ཞི་གནས་དང་ནི་ལྷག་མཐོང་སྟེ། ། དངོས་མེད་ངོ་བོ་ཉིད་ཡིན་པས། ། རང་ཉིད་ཀྱང་ནི་མི་ཤེས་སོ། ། འོན་ཀྱང་འདི་ལྟར་ཐུབ་པ་ལ། ། དེ་བཞིན་གཤེགས་རྣམས་གསོལ་བ་འདེབས། ། བཅོམ་ལྡན་དགོངས་པ་ལུང་བསྟན་པ། ། ཆོས་ཀྱི་མཆོག་ནི་བསྟན་དུ་གསོལ། ། ཁྱབ་བདག་ཁྱེད་ནི་ཆོས་འདི་རྣམས། ། དངོས་མེད་ཉིད་ནི་ཐུགས་སུ་ཆུད། ། འགྲོ་བའི་དོན་ནི་རབ་སྒྲུབ་པས། ། ཡིད་བཞིན་ནོར་བུ་ལྟ་བུར་མཛེས། ། གང་ ཞིག་ཡང་དག་ཤེས་གྱུར་ན། ། འཇིག་རྟེན་པ་དང་རྩོད་མེད་ཅིང་། ། དེ་བཞིན་འཇིག་རྟེན་འདས་པ་དང་། ། འཇིག་རྟེན་ཤིན་ཏུ་འདས་དེ་བཞིན། ། གང་འདི་ཞི་བ་ཉིད་ཀྱི་ཆོས། ། ཞི་གནས་ཤིན་ཏུ་སྔོན་འགྲོ་བ། ། བྱང་ཆུབ་སེམས་དཔས་ཐོས་ན་ཡང་། ། དེ་བཞིན་ཉིད་ཀྱི་བདེ་བ་བྱེད། ། དེ་ནས་ས་སྙིང་ ལ་སོགས་པའི། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། མགོན་པོ་རྣམ་སྣང་ཆེན་པོ་ལ། ། དེ་དག་གིས་ནི་ཞུས་གྱུར་པ། ། གང་ཤེས་བླ་མེད་བྱང་ཆུབ་ནི། ། མ་འོངས་སྐྱེ་བོས་ཐོས་འགྱུར་བའི། ། གསང་སྔགས་དེ་ཉིད་དོན་འབྱུང་བ། ། རྣལ་འབྱོར་བཅོམ་ལྡན་བཤད་དུ་གསོལ། ། ལན་ གཉིས་གསོལ་ཀྱང་མགོན་པོ་ནི། །
BOམི་གསུང་བར་ནི་རྣམ་པར་བཞུགས། ། རྡོ་རྗེ་ཅན་གྱིས་དེ་ཤེས་ནས། ། དེ་ནས་སླར་ཡང་ཞུས་པར་གྱུར། ། གང་འདི་ཞི་གནས་ལ་སོགས་པའི། ། རྣལ་འབྱོར་ཟབ་མོ་བླ་མེད་པ། ། དེ་ནི་འདི་ལྟར་སྔགས་པས་བསྔགས། ། འཚལ་འགྱུར་དེ་ནི་གཙོ་བོས་ གསུངས། ། བྱ་བ་དག་བྱའི་རྣལ་འབྱོར་དང་། ། རྣལ་འབྱོར་འབའ་ཞིག་པ་ཉིད་དང་། ། ལུང་ནི་ཡང་དག་གང་ཡིན་པ། ། དེ་ནི་བསྟན་པར་མཛད་པའི་རིགས། ། ཞུས་པའི་དོན་ནི་མཁྱེན་ནས་ནི། ། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། ། གསང་སྔགས་ཚུལ་ནི་མཆོག་གྱུར་འདི། ། གསང་བ་ཁྱོད་ལ་བསྟན་པར་བྱ། ། འདི་སྐད་ཅེས་བྱའི་གསང་སྔགས་ཆེ། ། གསང་སྔགས་ཀུན་དོན་སྔགས་སྟེར་བའོ། ། དེར་ནི་ལྔ་ཡི་བདག་གྱུར་ཅིང་། ། སྦྱོར་བ་བཞི་དང་བཅུ་ཡི་བདག ། ལྔ་པ་ལྔ་པོའི་མིང་འདི་ནི། ། གསལ་དང་མི་གསལ་དག་ཏུ་སྦྱར། ། རྒྱ་མངོན་ཕྱོགས་པའི་སྦྱོར་ བཤད་པ། ། དཀྱིལ་འཁོར་ལྔ་ཡིས་བརྒྱན་པ་ཡིན། ། བཅུ་བདུན་ཞེས་ནི་བཤད་པ་འདིའི། ། གསུངས་པའི་དོན་དེ་མ་ཤེས་པས། ། སྔགས་པས་གསང་སྔགས་སྦྱོར་བ་དག ། དེ་ཚེ་ཇི་ལྟར་བྱེད་པར་འགྱུར། ། དོན་འདི་རྟོགས་པར་གྱུར་ནས་ནི། ། སྣ་ཚོགས་དོན་ནི་སྟོན་པ་དང་། །
BOའགྲོ་ བའི་དོན་ནི་རབ་སྒྲུབ་པ། ། གསང་སྔགས་རིག་བ་མཆོག་རྣམས་བྱེད། ། བདག་ནི་སྟོང་དང་ཡང་དག་སྦྱར། ། ཡི་གེ་ཨ་ནི་སྟེང་དུ་གནས། ། ཕྱི་མ་ཞེས་བྱ་གནས་བྱས་ལ། ། སྔགས་པས་སེམས་ཅན་དོན་རྣམས་བྱ། ། ཡི་གེ་ཨ་གཉིས་སྦྱོར་བ་གང་། ། ཨ་སྒོ་ལས་སྐྱེས་ཉིད་དུ་འགྱུར། ། སྟེང་ འོག་ཕྱོགས་ཀྱི་རྣམ་པ་དེ། ། དངོས་པོ་མེད་པའི་ངོ་བོ་ཉིད། ། གང་ཞིག་འདི་ལས་གསུངས་པ་ནི། ། བསམ་མི་ཁྱབ་པའི་ཐབས་ཆོས་ཉིད། ། བདག་གིས་ཞེས་རྟོགས་དེ་འགྱུར་བ། ། ཐོགས་མེད་རྟོག་པ་འདི་གནས་སོ། ། སྟོན་པ་པོ་དང་བསྟན་དང་གནས། ། ཕྲ་རབ་ཙམ་གྱི་ངོ་བོ་མེད། ། ཀུན་རྫོབ་ དུས་གསུམ་སྦྱོར་གཅིག་པ། ། སྔགས་པ་རྣམས་ཀྱི་ཐོས་དེ་འགྱུར། ། ཤིན་ཏུ་གྲངས་མེད་བསྐལ་པ་རུ། ། སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། ། སྔགས་པ་རྣམས་ཀྱིས་དུས་གཅིག་ན། ། སྐད་ཅིག་ལ་རྫོགས་བྱང་ཆུབ་ཐོབ། ། ཀུན་མཁྱེན་ཀུན་རིག་ཐུགས་ཆུད་པ། ། གསང་སྔགས་ སྟོན་པའི་ཆོས་ཅན་ཏེ། ། དེ་ཉིད་ཁོ་ན་བཅོམ་ལྡན་མཆོག ། སྐུ་གསུང་ཐུགས་རྡོ་རྗེ་ལས་སྐྱེས། ། མི་རྟོག་ནམ་མཁའ་ཇི་བཞིན་ཏེ། ། གསང་སྔགས་ཐམས་ཅད་ཉི་མ་འདྲ། ། ས་ལ་རླུང་བཞིན་སྔགས་པ་ནི། ། འདོད་པ་ཀུན་ལ་ཉེ་བར་སྤྱོད། །
BOཐམས་ཅད་འགྱུར་བ་གང་གང་ཡིན། ། དེ་དེ་སྟོང་ པ་ཉིད་དུ་འགྱུར། ། དེ་བཞིན་སྦྱོར་བ་དེ་མཐོང་བས། ། ཀུན་རིག་དེ་ནི་དེ་བཞིན་གཤེགས། ། དེ་བཞིན་ཉིད་གཟུགས་བརྙན་གྱུར་པ། ། དེ་ནི་སྐུ་ཡི་རྡོ་རྗེར་གྱུར། ། འགྲོ་བ་ཡང་དག་ཚིམ་པར་འབྱུང་། ། མི་ཕྱེད་གསུང་གི་རྡོ་རྗེར་གྱུར། ། ནམ་མཁའི་གནས་ཀྱི་སྦྱོར་བ་གང་། ། བསམ་མི་ཁྱབ་པར་སྤྲོ་ བདག་ཉིད། ། དེ་ཉིད་ཡེ་ཤེས་རྒྱ་མཚོ་ལ། ། ཐུགས་ཀྱི་རྡོ་རྗེ་ཡང་དག་བྱུང་། ། སེམས་ཅན་ཀུན་གྱི་སེམས་གང་ཡིན། ། ནམ་མཁའ་ཡོངས་སུ་བརྟགས་པ་སྟེ། ། དེ་ཡང་དེ་རུ་ཀུན་གནས་པས། ། བུད་མེད་ཆོས་གཅིག་པུ་ཡི་གཟུགས། ། སངས་རྒྱས་ཀུན་གྱིས་གང་བརྟེན་ པ། ། སར་གྱུར་དེ་ནི་བཅུ་གསུམ་པ། ། དེ་ནི་བུད་མེད་ཅེས་བཤད་དེ། ། དེ་བས་ཆོས་དེ་བྷ་ག་ཡིན། ། བྱ་བ་ལ་སོགས་ཇི་སྐད་བཤད། ། དམ་ཚིག་ཆེན་པོ་གཅིག་ཏུ་གྱུར། ། དངོས་མེད་ཆོས་ཉིད་གཅིག་པུ་རུ། ། འདི་ནི་དེ་དག་མཉམ་པར་འགྱུར། ། དམ་ཚིག་སྐུ་གསུང་ཐུགས་དང་ནི། ། ཏིང་ འཛིན་དེ་བཞིན་རྒྱལ་བ་དང་། ། ས་དང་ཆུ་དང་དེ་བཞིན་མེ། ། རླུང་དང་ནམ་མཁའ་ཉིད་དག་དང་། ། གཟུགས་དང་སྒྲ་དང་དྲི་དང་རོ། ། རེག་དང་དེ་བཞིན་ཆོས་ཀྱི་དབྱིངས། །
BOའདི་རྣམས་རྡོ་རྗེའི་མཐའ་ཅན་བྱུང་། ། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། ། དེ་ལྟར་བརྗོད་མི་ལང་ཞེས་པ། ། བརྗོད་མི་ ལང་བ་ཉིད་གྱུར་རྣམས། ། སངས་རྒྱས་ཞིང་གི་རི་རབ་ཀྱི། ། རྡུལ་ཕྲན་གྱི་ནི་གྲངས་མཉམ་པའི། ། བྱང་ཆུབ་སེམས་དཔའ་སེམས་ཆེན་དང་། ། ནམ་མཁའ་མཉམ་པའི་དེ་བཞིན་གཤེགས། ། མི་བསྐྱོད་རྣམ་སྣང་མཛད་རིན་ཆེན། ། དཔག་མེད་ཚེ་དང་གདོན་མི་ཟ། ། འདི་དག་ནམ་མཁའི་ཁམས་མཉམ་ པའི། ། རྡོ་རྗེ་སྙིང་པོ་དེ་བཞིན་གཤེགས། ། དཔེར་ན་ཏིལ་འབྲུ་མཚུངས་པ་ཡི། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ། ནམ་མཁའི་ཁམས་ནི་ཡོངས་ཁེབས་པ། ། དེ་རྣམས་དེར་ནི་ཡང་དག་སྣང་། ། དེ་ནས་མགོན་པོ་རྣམ་སྣང་མཛད། ། དེ་བཞིན་ཉིད་དང་གཅིག་ཏུ་གྱུར། ། གང་ཡང་དམ་ ཚིག་སྔོན་འགྲོ་དང་། ། སྐུ་རྡོ་རྗེ་སོགས་མིང་ཅན་གྱི། ། བྱང་ཆུབ་སེམས་དཔའ་སེམས་ཆེན་དང་། ། དོན་ཡོད་ཐམས་ཅད་དེ་བཞིན་གཤེགས། ། འདི་རྣམས་སྐུ་ཡི་ཡན་ལག་གྲགས། ། ཞི་གནས་བསམ་མི་ཁྱབ་ལས་བྱུང་། ། མ་སྐྱེས་གཅིག་པུ་གཟིགས་པ་ནི། ། འདོད་ཆགས་ཆེན་པོའི་ཚུལ་ དུ་གྱུར། ། འདོད་ཆགས་ཆེན་པོའི་ཚུལ་མཆོག་གི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །
BOདེ་བཞིན་གཤེགས་པ་ཀུན་གྱི་ཚོགས། ། དེ་ནི་ཉིད་ཀྱི་སྐུ་ལ་བཅུག ། དེ་ནི་དེ་བཞིན་གཤེགས་པ་ཀུན། ། དེ་ནི་རྣམ་པར་སྣང་མཛད་ཆེ། ། འདི་ཉིད་མཉེས་པར་བྱ་བའི་ཕྱིར། ། ཉིད་སྐུ་བུད་མེད་ ཉིད་དུ་མཛད། ། དེ་ནས་མགོན་པོ་བསམ་ཡས་ལས། ། བུད་མེད་གཟུགས་སུ་བྱུང་བར་གྱུར། ། དེ་ནི་སངས་རྒྱས་སྤྱན་འདྲ་དང་། ། མཱ་མ་ཀཱི་འདྲ་སྦྱོར་བ་དང་། ། གོས་དཀར་མོ་འདྲའི་གཟུགས་དང་ནི། ། སྒྲོལ་མའི་གཟུགས་སུ་ཡང་དག་གནས། ། སྒྲ་ཡི་ངོ་བོའི་གཟུགས་ཅན་དང་། ། དྲི་ཡི་ ངོ་བོའི་གཟུགས་དང་ནི། ། དེ་བཞིན་རོ་ཡི་ངོ་བོའི་གཟུགས། ། རེག་གི་ངོ་བོའི་གཟུགས་ཅན་དང་། ། ལ་ལ་གཟུགས་ཀྱི་ངོ་བོ་ཡིས། ། དེ་བཞིན་གཤེགས་པ་དེ་རྣམས་བཞུགས། ། དེ་ནས་ཚུལ་གསུམ་དོན་གཅིག་དང་། ། མི་བསྐྱོད་པ་ཡང་བསྟན་ཕྱིར་དང་། ། འཇིག་རྟེན་རྒྱང་པ་ན་གདུལ་དོན་ དུ། ། འཇིག་རྟེན་འདས་པའི་ཚུལ་བྱུང་ངོ་། ། གཉིས་མེད་མཉམ་པ་ཉིད་རྣལ་འབྱོར། ། རྡོ་རྗེ་བུད་མེད་བྷ་ག་མཆོག ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ། ། དེ་ནི་མི་བསྐྱོད་ཡང་དག་བྲི། ། ཟུར་བཞི་པ་ལ་སྒོ་བཞི་པ། སྦྱོར་གཞི་གཅིག་ཏུ་སྦྱོར་བ་ཉིད། ། དྲི་མ་མེད་པར་བྱིན་བརླབས་པ། །
BOཀུན་ ནས་ཤིན་ཏུ་གསལ་བའི་གཟུགས། ། སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ། ། འབར་བ་མང་པོས་རྣམ་པར་འཁྲུག ། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། ། དེ་བཞིན་གཤེགས་པ་ཀུན་གྱི་གནས། ། དེ་ནས་དེ་ནི་བཅོམ་ལྡན་འདས། ། དེ་བཞིན་གཤེགས་ཀུན་བདག་པོ་འདི། ། དཀྱིལ་ འཁོར་ཆེན་པོའི་དབུས་སུ་ཡང་། ། རྣམ་པར་བཞག་སྟེ་བཞུགས་པར་གྱུར། ། མི་བསྐྱོད་རིན་ཆེན་དཔག་མེད་དང་། ། དོན་གྲུབ་རྣམ་སྣང་དེ་བཞིན་གཤེགས། ། དེ་རྣམས་བྱང་ཆུབ་སེམས་རྡོ་རྗེའི། ། ཐུགས་ལ་རྣམ་པར་བཞུགས་པར་གྱུར། ། དེ་རྣམས་ཟིལ་གྱིས་མནན་པའི་ཕྱིར། ། དེ་ བཞིན་གཤེགས་པ་བྱང་ཆུབ་སེམས། ། དངོས་མེད་ངོ་བོར་གཅིག་པར་ནི། ། མཁའ་འདྲ་རྡོ་རྗེ་ལས་བྱུང་གཟིགས། ། ཤེས་རབ་ཏིང་འཛིན་གཞི་གཅིག་པུ། ། དེ་ནི་གྲིབ་མ་ལྟར་ཐུགས་ཆུད། ། རྡོ་རྗེའི་རང་བཞིན་སྐུར་མཛད་ནས། ། འགྲོ་དོན་མཉམ་དང་མི་མཉམ་མཛད། ། ཇི་ལྟར་མཚམས་ གནས་ཉི་མ་ཡིས། ། འགྲོ་བ་གཉིད་ལོག་སད་པར་བྱེད། ། དེ་བཞིན་དེ་བཞིན་གཤེགས་པ་ཀུན། ། བྱང་ཆུབ་སེམས་ཀྱིས་སད་པར་བྱེད། ། སྐུ་གསུང་ཐུགས་ནི་རྡོ་རྗེ་གཅིག ། དེ་རྣམས་སྐྱེ་བར་བཞེད་པ་ཡི། ། བྱང་ཆུབ་སེམས་ཀྱི་ངོ་བོ་ཡིས། །
BOརྡོ་རྗེའི་སྔགས་སུ་མཛད་པར་གྱུར། ། རིག་ པ་སྐྱེས་བུའི་གཟུགས་དག་ནི། ། སྔགས་ཀྱིས་བྱིན་བརླབས་བླ་ན་མེད། ། དེར་ནི་ཞལ་གསུམ་པ་ལྟ་བུར། ། དེ་བཞིན་གཤེགས་པ་ཀུན་གྱིས་གཟིགས། ། དེ་ནས་མགོན་པོ་བཅོམ་ལྡན་གྱི། ། ཐུགས་རྗེས་བཞུགས་པ་ལས་བྱུང་སྟེ། ། བྱང་ཆུབ་སེམས་ནི་རབ་བསྐོར་ལ། ། ལན་ གསུམ་ཆེད་དུ་བརྗོད་པ་མཛད། ། བསམ་མི་ཁྱབ་ཅིང་དཔག་མེད་གང་། ། དེ་བཞིན་གཤེགས་པ་ཀུན་གྱི་གསང་། ། རྡོ་རྗེ་བྱང་ཆུབ་སེམས་གཅིག་ལས། ། སྤྱོད་ཡུལ་དེར་ནི་གྱུར་པ་ཡིན། ། དེ་ནས་གསང་ཚུལ་ཐོས་པ་དང་། ། དེ་འོག་གསང་བའི་བདག་པོས་ནི། ། ཁྱབ་བདག་རྣམ་པར་སྣང་མཛད་ ལ། ། ཇི་བཞིན་ཚུལ་དུ་དེ་བཏུད་ཞུས། ། ཕུང་པོ་ཁམས་ལ་སོགས་པའི་ཆོས། ། འདུས་ལ་གང་ཞིག་གནས་པའི་རྣམས། ། རྟེན་འབྲེལ་ལས་སྐྱེས་ཡིན་པར་ནི། ། ཁྱད་ཆོས་སྟོན་པར་མཛད་པས་ཁུམས། ། དམན་པའི་ཆོས་རྣམས་འདི་དག་ནི། ། ཞེ་སྡང་ལ་སོགས་རྐྱེན་དང་ལྡན། ། འདི་དག་ ཇི་ལྟར་བདེ་གཤེགས་དང་། ། རྫུ་འཕྲུལ་ཆེན་པོ་རིགས་མ་ལགས། ། བྱང་ཆུབ་སེམས་དཔའ་སེམས་ཆེན་དེ། ། ལུས་ལ་སོགས་པ་ཇི་ལྟར་འགྱུར། ། གང་ཞིག་ཕྱི་དུས་སྐྱེ་བོ་ཡིས། ། འདི་དག་འཚལ་བར་མི་འགྱུར་རོ། །
BOདེ་ནས་བཅོམ་ལྡན་རྡོ་རྗེ་ཅན། ། འོད་ཆེན་ལྡན་བས་བཀའ་སྩལ་པ། ། མ་འོངས་སྐྱེ་བོ་མཐོང་ནས་ནི། ། གང་ཞིག་ཁྱོད་ཀྱིས་ང་དྲིས་པ། ། ལེགས་སོ་ལེགས་སོ་སེམས་དཔའ་ཆེ། ། གསང་བའི་བདག་པོ་ཁྱོད་ལེགས་སོ། ། སྨྲ་བ་དོན་ཇི་ལྟ་ཇི་ལྟ་བར། ། དེ་ལྟར་ཁྱོད་ལ་ལུང་བསྟན་བྱ། ། མ་འོངས་དུས་ན་མི་རྣམས་ནི། ། འཇིག་རྟེན་རྒྱང་བ་ན་མཆོག་གཞོལ་འགྱུར། ། ལོག་ པར་ལྟ་བ་ལ་གནས་ཏེ། ། ཅི་དགའ་བར་ཡང་སྤྱོད་པར་བྱེད། ། ལ་ལ་གླུ་དང་གར་ལ་དགའ། ། དགོད་དང་སྒེག་ལ་མཆོག་ཏུ་གཞོལ། ། དྲི་དང་ཕྲེང་བ་ལ་དགའ་ཞིང་། ། དེ་བཞིན་འཁྲིག་པ་ལ་དགར་འགྱུར། ། རྨོངས་པ་ལ་ལ་སྡང་བ་དང་། ། དེ་བཞིན་གཏི་མུག་ལ་རབ་གཞོལ། ། ལ་ལ་དེ་ བཞིན་འདོད་ཆགས་ཞེན། ། ཤེས་པ་གཞན་དག་འདོད་པར་འགྱུར། ། ཉ་དང་ཤ་དང་དེ་བཞིན་ཆང་། ། བཤང་གཅི་ཁུ་བ་ཁྲག་རྣམས་ནི། ། སྐྱེས་བུ་གླེན་པ་ཟ་བྱེད་ཅིང་། ། མེད་པར་སྨྲ་བ་ཆོས་སུ་སྒྲོགས། ། མ་དང་སྲིང་མོ་ལ་སོགས་པ། ། བགྲོད་མིན་ལ་ནི་འགྲོ་བ་དང་། ། ཕ་དང་མ་ཡང་ གསོད་པ་དང་། ། དེ་བཞིན་སྲོག་ཆགས་གཞན་རྣམས་གསོད། ། {བརྫུན་,རྫུན་}གྱི་ཚིག་ཉིད་སྨྲ་བ་དང་། ། ཁྱད་པར་དུ་ཡང་བརྐུ་བ་དང་། །
BOགཞན་གྱི་ཆུང་མའི་ཐད་འགྲོ་ཞིང་། ། སྨད་པ་གཞན་ཡང་བྱེད་པར་འགྱུར། ། ལ་ལ་དམ་ཆོས་སྤོང་བ་དང་། ། དེ་བཞིན་མཚམས་མེད་བྱེད་པ་སྟེ། ། སྣ་ཚོགས་ སྡིག་པ་བྱས་ནས་ཀྱང་། ། སྔགས་པ་དངོས་གྲུབ་འདོད་པར་འགྱུར། ། གཟེར་ནད་དུག་དང་སྦྱར་བའི་དུག ། སྣ་ཚོགས་ནད་ནི་མི་བཟད་པར། ། འདི་རྣམས་ཀྱིས་ནི་གཟིར་གྱུར་ནས། ། ཞི་བ་ཉིད་ནི་འདོད་པར་འགྱུར། ། འདོར་བར་བྱེད་པ་རྨོངས་པ་དེ། ། མི་བཟད་སྡིག་པ་བྱས་པ་དང་། ། ལོག་ པར་ལྟ་ལ་མཆོག་གཞོལ་རྣམས། ། ངན་སོང་གསུམ་དུ་འགྲོ་བར་འགྱུར། ། དེ་རྣམས་རྗེས་སུ་གཟུང་བའི་ཕྱིར། ། གསང་བ་འདི་ལྟར་བསྟན་པ་ཡིན། ། གང་ཞིག་ཡང་དག་ཐོབ་པ་ཉིད། ། འདིར་ནི་དེ་བཞིན་གཤེགས་པར་འགྱུར། ། གསང་བའི་བདག་པོ་མཁས་རྣམས་ཀྱིས། ། ཚུལ་མཆོག་ འདི་ནི་རྙེད་གྱུར་ནས། ། དོན་གསལ་ཡང་དག་རྙེད་པ་དང་། ། དེ་ཡང་ང་རྒྱལ་དག་ཏུ་ལྟུང་། ། དེ་རྣམས་ཏིང་འཛིན་ཞི་ཉིད་དང་། ། ཤེས་རབ་ཉིད་ཀྱང་ཤིན་ཏུ་རིང་། ། རབ་ཏུ་དགའ་དང་ལྡན་པ་ཡིས། ། རྣལ་འབྱོར་པ་ནི་བདག་ཉིད་ཅེས། ། མངོན་པའི་ང་རྒྱལ་ལ་རྟག་དགའ། ། སྒྱུ་དང་བཅོས་ མའི་ཆོས་དང་ལྡན། ། མྱ་ངན་འདས་དང་གཞན་འགྲོ་བ། ། ཕན་ཚུན་དག་ནི་སུན་ཡང་འབྱིན། །
BOགསང་སྔགས་སྨྲ་བ་ལ་བརྟེན་ནས། ། གཅིག་ལ་གཅིག་ནི་རྩོད་པར་འགྱུར། ། དེ་རྣམས་བདུད་ཀྱི་བྱིན་བརླབས་ཀྱིས། ། གལ་ཏེ་དངོས་གྲུབ་ཕྲ་ཐོབ་ན། ། དེས་ནི་མངོན་པར་ང་རྒྱལ་བས། ། མཁས་པ་སྙམ་དུ་ཤེས་པར་འགྱུར། ། ཚོགས་པའི་ནང་དུ་རྩོད་པ་དང་། ། ཁྱི་བཞིན་ཁ་ཟས་ལ་སྤྱོད་འགྱུར། ། རང་ལས་འབྲས་ལས་བྱུང་བ་ཡི། ། ཕན་པ་ལ་ནི་གནོད་པ་བྱེད། ། དེ་རྣམས་དགེ་དང་མི་དགེ་རྣམས། ། བདག་ཅག་རྣམས་ཀྱི་སྟོབས་ཡིན་ཟེར། ། མངོན་སུམ་སངས་རྒྱས་ འདྲ་བ་ཡི། ། སློབ་དཔོན་སྨོད་ཅིང་བསྙེན་བཀུར་མེད། ། སྐད་ཅིག་གཅིག་གིས་སྡང་བྱེད་ཅིང་། ། དེ་ལ་སྐད་ཅིག་གིས་རྗེས་ཆགས། ། ཁྱི་དང་ཕག་དང་ཁྭ་རྣམས་ཀྱི། ། སྤྱོད་པ་དག་ནི་སྟོན་པར་བྱེད། ། དེ་རྣམས་ཕན་ཚུན་རྣམ་འཚེ་བར། ། མངོན་པར་དགའ་བར་བྱེད་པར་འགྱུར། ། གསང་ བ་འདུས་པ་མི་ཤེས་པར། ། དམ་ཚིག་ལ་སོགས་བྱེད་པར་འགྱུར། ། གསང་བ་སྲུང་བར་མི་བྱེད་པར། ། ཐམས་ཅད་དུ་ནི་སྟོན་པར་བྱེད། ། འཇིག་རྟེན་ལ་ནི་སྨད་བྱས་ནས། ། གཞན་དག་ལ་ཡང་རབ་གསལ་བྱེད། ། བདག་ཉིད་རྩ་བ་མེད་པར་ནི། ། དམ་ཚིག་འདས་པར་བྱེད་ པར་འགྱུར། ། སྒྲ་བཅས་སྤྲོར་ལྡན་གྱིས་བསྐུལ་བས། ། རང་ལ་རང་གི་གླགས་རྙེད་མེད། །
BOདེ་ཉིད་ཡེ་ཤེས་འབྱུང་བ་ཡི། ། ཏིང་འཛིན་དེ་ཡིས་ཤེས་མི་འགྱུར། ། ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར། ། མངོན་སྤྱོད་རབ་ཏུ་བྱེད་པར་འགྱུར། ། རྣལ་འབྱོར་རབ་སྦྱོར་དམན་བ་ཡི། ། སྔགས་པ་རྣམས་ ནི་འགྲུབ་མི་འགྱུར། ། ཕྱི་རོལ་བསྟན་བཅོས་ལ་རྟག་དགའ། ། དེ་ཡི་སྦྱོར་ལ་གཅིག་ཏུ་མཁས། ། རང་གི་དམ་ཚིག་ཡོངས་སྤངས་ནས། ། ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། ། སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། ། དེ་རྣམས་འཚོ་བ་སྒྲུབ་པར་འགྱུར། ། གང་དུ་རྙེད་པ་ཐོབ་འགྱུར་བར། ། དམ་པའི་ཆོས་ནི་སྟོན་པར་བྱེད། ། དེ་རྣམས་ཡང་དག་སྡུད་བྱེད་པའི། ། གསང་བ་དགོངས་པས་བཤད་པ་ཡིན། ། དམ་ཚིག་ཉམས་ཏེ་གནས་པ་རྣམས། ། འདི་ཡིས་ཐམས་ཅད་དགུག་པར་བྱ། ། རང་གི་རྗེས་རིག་མི་ཤེས་ན། ། དེ་རྣམས་ཞི་བར་ག་ལ་འགྱུར། ། དེ་ནས་རྗེས་སུ་གཟུང་དོན་ དུ། ། ཚུལ་འདི་དག་ནི་གྱུར་པ་ཡིན། ། དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། ། གཅིག་ཏུ་འདུས་པར་གྱུར་ནས་སུ། ། དེ་བཞིན་གཤེགས་ཀུན་བདག་པོ་ལ། ། རང་མཆོད་དེ་ཉིད་དམ་ཚིག་སྤྲིན། ། ཡང་དག་འབྱུང་བས་ལེགས་མཆོད་དེ། ། ཕྱག་འཚལ་ནས་ནི་འདི་སྐད་གསོལ། ། དེ་ བཞིན་གཤེགས་པ་གསང་བ་མཆོག །
BOདེ་བཞིན་གཤེགས་པ་ཀུན་བསྡུས་པ། ། འདུས་པ་གཉིས་མེད་རྣལ་འབྱོར་པའི། ། ཉམས་དགའ་རྡོ་རྗེ་སྙིང་པོ་འདི། ། དེ་ཉིད་བསྡུས་པ་རྣམས་ཀྱི་མཆོག ། དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། ། དེ་ནས་དེ་བཞིན་གཤེགས་ཀུན་ལ། ། བཅོམ་ ལྡན་འདས་ཀྱིས་སླར་གསུངས་པ། ། གང་ཡང་འདི་ལྟར་གསོལ་འདེབས་པ། ། དེ་བཞིན་གཤེགས་རྣམས་ལེགས་སོ་ལེགས། ། འདི་ནི་དེ་བཞིན་གཤེགས་རྣམས་ཀྱང་། ། ཐེ་ཚོམ་སྐྱེ་བར་བྱེད་ཡིན་ན། ། བྱང་ཆུབ་སེམས་གཞན་ཅི་སྨོས་ཞེས། ། དེ་བཞིན་གཤེགས་དེ་རྣམས་ལ་གསུངས། ། དེ་ནས་ངོ་མཚར་རྨད་བྱུང་ནས། ། ཐེ་ཚོམ་ཐམས་ཅད་གཅོད་མཛད་པའི། ། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། ། བདག་པོ་ལ་ནི་འདི་སྐད་ཞུས། ། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། ། ཡོན་ཏན་ཀུན་གྱིས་ཕུལ་ཕྱུང་ཡང་། ། གཙོ་བོ་འདིར་ནི་སྟོན་མཛད་པར། ། ཇི་ལྟར་སྤྲོ་བ་མངའ་ མ་གྱུར། ། བྱིན་གྱིས་བརླབ་པའི་གནས་མཛད་དེ། ། དེ་བཞིན་གཤེགས་ཡིད་བདེ་ལ་སོགས། ། ཡེ་ཤེས་རྒྱུ་འབྲས་ཐོབ་པའི་ཕྱིར། ། དེ་ནི་ཡང་དག་བཤད་དུ་གསོལ། ། དེ་བཞིན་གཤེགས་ཀུན་བདག་པོ་ནི། ། དེ་རྣམས་ཞུ་བར་མཁྱེན་ནས་སུ། ། ཡེ་ཤེས་སྒྲོན་མ་རྡོ་རྗེ་གྲགས། །
BOཏིང་འཛིན་ ཞེ་སྡང་རིགས་འབྱུང་བ། ། གཙོ་བོས་མི་བསྐྱོད་སྙིང་པོ་ནི། ། སྐུ་གསུང་ཐུགས་ནི་དཔལ་ལྡན་པས། ། དེ་ནས་ཡང་དག་ཕྱུང་བ་ནི། ། བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས། ། དེ་ནས་འདི་ནི་གསུངས་ཙམ་གྱིས། ། ཞེ་སྡང་རིགས་བྱུང་ལས་སྐྱེས་པ། ། དེ་ནི་རིག་པ་སྐྱེས་བུར་འགྱུར། ། མི་བསྐྱོད་རྒྱ་ཆེན་ ཐབས་ཀྱིས་སྦྱོར། ། ཞལ་གསུམ་གནག་དང་དཀར་དང་དམར། ། བདག་ཉིད་ཆེན་པོ་དེ་ཞལ་ཡིན། ། རྡོ་རྗེ་གསུམ་འདིར་དེ་བཞིན་གཤེགས། ། བཞུགས་པ་ཡེ་ཤེས་ཞེས་བྱའོ། ། དེ་ནས་དེ་བཞིན་གཤེགས་བདག་པོ། ། དམ་ཚིག་འབྱུང་རྡོ་རྗེ་ཞེས་བྱ། ། ཏིང་ངེ་འཛིན་ལ་གཙོ་བོ་ནི། ། སྙོམས་པར་ཞུགས་པ་ཉིད་དུ་མཛོད། ། དེ་ནས་ཛི་ན་ཛིཀ་ཅེས་པའི། ། སྙིང་པོ་དེ་བཞིན་ཡང་དག་ཕྱུང་། ། དེ་ནས་གསུངས་པ་ཙམ་གྱིས་ཀྱང་། ། གཏི་མུག་རིགས་བྱུང་ལས་སྐྱེས་པ། ། རིག་བཅས་སྐྱེས་བུར་གྱུར་པ་ནི། ། རྣམ་པར་སྣང་མཛད་དེ་བཞིན་གཤེགས། ། དཀར་དང་གནག་དང་ དམར་བཅས་པའི། ། ཞལ་གྱིས་མདུན་དུ་བཞུགས་པར་གྱུར། ། དེ་ནས་རིན་ཆེན་བྱུང་བ་ཡི། ། དཔལ་ཞེས་བྱ་བའི་ཏིང་འཛིན་ལ། ། སྙོམས་པར་ཞུགས་ནས་བདེར་གཤེགས་ཀུན། ། བདེ་དང་ཡིད་བདེར་གྱུར་པའི་ཕྱིར། །
BOཡིད་བཞིན་ནོར་བུ་རིན་ཆེན་རིགས། ། དེ་བཞིན་གཤེགས་ཀུན་ བདག་པོ་འདི། ། དེ་ནས་རཏྣ་དྷྲྀཀ་ཅེས་བྱའི། ། སྙིང་པོ་དཔལ་ལྡན་དེ་ཚེ་བྱུང་། ། དེ་ནས་ཕྱུང་བ་ཙམ་གྱིས་ནི། ། རིག་དང་བཅས་པའི་སྐྱེས་བུར་གྱུར། ། སེར་དང་དཀར་དང་གནག་པ་ཡི། ། ཞལ་དང་རིན་ཆེན་འབྱུང་ལྡན་ནི། ། རྡོ་རྗེ་གསུམ་གྱི་བདག་པོ་ཡི། ། ལྷོ་ཕྱོགས་ལོགས་སུ་ བཞུགས་པར་གྱུར། ། དེ་ཡང་བྱང་དུ་གཟིགས་གྱུར་ཏེ། ། མཉམ་ཉིད་ཡེ་ཤེས་ཞེས་བྱའོ། ། དེ་ནས་བཅོམ་ལྡན་བདག་པོ་དེ། ། རྡོ་རྗེ་གསུམ་གྱི་དམ་ཚིག་བདག ། འདོད་ཆགས་ཆེན་པོ་ལས་བྱུང་བ། ། རྡོ་རྗེ་ཞེས་ནི་བྱ་བ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ ཏེ། ། འདོད་ཆགས་ཆེན་པོའི་རིགས་ལས་བྱུང་། ། ཨཱ་རོ་ལིཀ་ཅེས་བྱ་སྙིང་པོ། ། རྡོ་རྗེ་གསུམ་ལས་དེ་ནས་ཕྱུང་། ། དེ་ནས་ཕྱུང་བ་ཙམ་གྱིས་ནི། ། དེ་འོག་བཅོམ་ལྡན་གཙོ་བོ་ནི། ། རིག་དང་བཅས་པའི་སྐྱེས་བུར་གྱུར། ། འཇིག་རྟེན་དབང་པོ་འོད་དང་མཚུངས། ། དམར་དང་དཀར་དང་ གནག་པའི་ཞལ། ། དཔལ་ལྡན་རིགས་ཆེན་པོ་ཡི་བདག ། དེ་བཞིན་གཤེགས་པའི་བདག་པོ་ཡི། ། ནུབ་ཕྱོགས་སུ་ནི་བཞུགས་པར་གྱུར། ། དེ་ནས་བཅོམ་ལྡན་སྣ་ཚོགས་པ། ། དོན་ཡོད་དམ་ཚིག་ཅེས་བྱ་བའི།
BO། ཏིང་འཛིན་རྡོ་རྗེ་ཡང་དག་བྱུང་། ། རྡོ་རྗེ་དེ་ལ་སྙོམས་ཞུགས་ནས། ། སྙིང་པོ་མཆོག་གི་མཆོག་ཅེས་བྱའོ། ། དམ་ཚིག་རྣམས་ནི་དགུད་པའི་རིགས། ། སྙིང་པོ་པྲཛྙཱ་དྷྲྀཀ་ཅེས་པ། ། རྡོ་རྗེ་གསུམ་ཞེས་བྱ་ལས་བྱུང་། ། དེ་ནས་ཕྱུང་བ་ཙམ་གྱིས་ནི། ། དོན་ཡོད་རྡོ་རྗེ་སྦྱོར་བ་ཡི། ། དེ་ཉིད་མགོན་པོ་བཅོམ་ལྡན་འདས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ། རིག་ དང་བཅས་པའི་སྐྱེས་བུར་གྱུར། ། ལྗང་དང་གནག་དང་དཀར་བའི་ཞལ། ། དེ་བཞིན་གཤེགས་པའི་བདག་པོ་ཡི། ། བྱང་ཕྱོགས་སུ་ནི་བཞུགས་པར་གྱུར། ། ཞེ་སྡང་གཏི་མུག་རིགས་དང་ནི། ། དེ་བཞིན་ཡིད་བཞིན་རིན་ཆེན་དང་། ། འདོད་ཆགས་དམ་ཚིག་ཅེས་བྱ་བ། ། འདོད་དང་ཐར་ པ་རབ་བསྒྲུབས་པའོ། ། དེ་ནས་ཁྱབ་བདག་རྡོ་རྗེ་འཛིན། ། འདོད་ཆགས་དམ་ཚིག་འབྱུང་བ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། རྡོ་རྗེ་འཛིན་པ་བཙུན་མོ་མཆོག ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། དམ་པ་དག་ནི་ཕྱུང་བར་གྱུར། ། སངས་རྒྱས་ཀུན་གྱི་ཡུམ་གཅིག་པུ། ། ཡུམ་ཞེས་བྱ་བར་ཡང་དག་བཤད། ། དེ་ནི་དེ་བཞིན་གཤེགས་བདག་པོ། ། གང་ཕྱིར་ལྷ་མོ་བཙུན་མོ་མཆོག ། སྐུ་དང་གསུང་ཐུགས་ལས་བྱུང་བ། །
BOདྭེ་ཥ་ར་ཏི་ཞེས་བྱར་གྲགས། ། རིག་པ་སྐྱེས་བུ་ཞེས་བྱ་བའི། ། དེ་ནི་བུད་མེད་གཟུགས་འཛིན་མ། ། ཞལ་གསུམ་ལྟ་བུའི་གཟུགས་ ཀྱིས་ནི། ། མེ་ཡི་ཕྱོགས་སུ་རྣམ་པར་བཞུགས། ། དེ་ནས་རྗེས་མཉེས་རྡོ་རྗེ་གྲགས། ། སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། རྡོ་རྗེ་གསུམ་ལས་བྱུང་བ་ནི། ། དེ་ནི་མོ་ཧ་ར་ཏི་སྟེ། ། གང་ཕྱིར་དེ་བཞིན་གཤེགས་པའི་ཡང་། ། རིག་པ་སྐྱེས་བུ་བྱུང་བ་སྟེ། ། ཞལ་གསུམ་ལྟ་བུའི་རྣལ་འབྱོར་མ། ། གཉིས་མེད་མཉམ་པའི་རྣལ་འབྱོར་པས། ། སངས་རྒྱས་ཀུན་གྱི་ཡིད་འོང་གཅིག ། གསང་བ་བསྡུས་པའི་སྦྱོར་བ་ཡིས། ། བདེན་བྲལ་ཕྱོགས་སུ་རྣམ་པར་བཞུགས། ། དེ་ནས་རྗེས་ཆགས་རྡོ་རྗེ་ཞེས། ། བྱ་བ་རྡོ་རྗེ་གསུམ་ལས་སྐྱེས། ། ཏིང་ངེ་འཛིན་ལ་ སྙོམས་ཞུགས་ནས། ། བདེ་བ་ཆེན་པོ་ཕྱུང་བ་ནི། ། འདི་ལྟར་རཱ་ག་ར་ཏི་ཕྱུང་། ། ཞལ་གསུམ་པ་ཡི་གཟུགས་ཅན་ཏེ། ། གཙོ་བོ་བུད་མེད་གཟུགས་འཛིན་པ། ། དེ་ནི་རིག་པ་སྐྱེས་བུར་གྱུར། ། གོས་མེད་ཡེ་ཤེས་ལས་བྱུང་བ། ། རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག ། དེ་བཞིན་གཤེགས་ པའི་བཙུན་མོ་སྟེ། ། རླུང་གི་ཕྱོགས་སུ་རྣམ་པར་བཞུགས། །
BOདེ་ནས་བཅོམ་ལྡན་འདས་བདག་པོ། ། རྡོ་རྗེ་གསུམ་གྱི་དམ་ཚིག་ཅན། ། བསླུ་བ་རྡོ་རྗེ་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། དེ་བཞིན་གཤེགས་ཀུན་བཙུན་མོ་མཆོག ། ཞལ་གསུམ་ལྟ་བུའི་གཟུགས་ ཅན་མ། ། བཛྲ་ར་ཏི་ཞེས་བྱ་བ། ། རྡོ་རྗེ་གསུམ་ལས་ཕྱུང་བར་གྱུར། ། དེ་ནི་ཕྱུང་མ་ཐག་ཏུ་ཡང་། ། གཙོ་བོ་རིག་མ་སྐྱེས་བུར་གྱུར། ། བུད་མེད་ཀྱི་ནི་གཟུགས་འཛིན་ཏེ། ། དབང་ལྡན་ཕྱོགས་སུ་རྣམ་པར་བཞུགས། ། དེ་ནས་བཅོམ་ལྡན་མགོན་པོ་དེ། ། རྣམ་སྣང་རྡོ་རྗེ་ལས་བྱུང་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། ། དཀྱིལ་འཁོར་འདིར་ནི་གཤིན་རྗེའི་གཤེད། ། ཁྲོ་བོ་ཆེན་པོ་ཕྱུང་བ་དང་། ། ཕྱུང་ནས་དེ་བཞིན་གཤེགས་པ་རྣམས། ། བསྙེངས་པར་བྱ་བར་ཤར་ཕྱོགས་བཞུགས། ། དེ་ནས་བདག་པོ་བཅོམ་ལྡན་འདས། ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི། ། མངོན་བྱང་རྡོ་རྗེ་ཞེས་བྱ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། ཁྲོ་བོ་ཆེན་པོ་ཕྱུང་བ་ནི། ། པྲཛྙཱནྟ་ཀྲྀཏ་རྡོ་རྗེ་ཅན། ། དེ་ནས་དཔལ་ལྡན་ཕྱུང་བ་ནི། ། རིག་པ་སྐྱེས་བུར་ཡང་དག་ཕྱུང་། ། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ལས། །
BOའོད་ཆེན་ཕུར་བུའི་ གཟུགས་ལྟ་བུ། ། རྡོ་རྗེ་དམ་ཚིག་བསྙེངས་བྱེད་པ། ། ལྷོ་ཡི་སྒོར་ནི་རྣམ་པར་བཞུགས། ། དེ་ནས་རིན་ཆེན་འབྱུང་གནས་གྲགས། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། གསུང་གི་དཀྱིལ་འཁོར་ཀུན་གྱི་གཙོར། ། རྡོ་རྗེ་གསུམ་ལས་ཁྲོ་བོ་ཆེ། ། པད་མཱནྟ་ཀྲྀཊ་འོད་པོ་ ཆེ། ། བདག་པོ་དེ་ནས་ཕྱུང་བར་གྱུར། ། དེ་ནས་ཕྱུང་བ་ཙམ་གྱིས་འདིར། ། གཙོ་བོའི་རིག་པ་སྐྱེས་བུར་བཅས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའང་། ། གསུང་གི་ཚུལ་དུ་རྣམ་སྤྲུལ་ཞིང་། ། གོས་མེད་ཡེ་ཤེས་བླ་མེད་པ། ། ནུབ་ཀྱི་སྒོར་ནི་བཞུགས་པར་གྱུར། ། བཅོམ་ལྡན་དེ་ཉིད་ སྣ་ཚོགས་པ། ། ཐུགས་ཀྱི་རྡོ་རྗེ་ཏིང་འཛིན་ལ། ། ཀུན་ནས་སྙོམས་པར་ཞུགས་ནས་ནི། ། དེ་ནས་གཙོ་བོས་ཕྱུང་བར་གྱུར། ། ཁྲོ་བོ་ཆེན་པོ་རྣམ་ཕྱུང་བ། ། ཀུན་ནས་བགེགས་མཐར་བྱེད་པ་སྟེ། ། ཐུགས་ཀྱི་དཀྱིལ་འཁོར་སྦྱོར་བ་ཡིས། ། བྱང་གི་སྒོར་ནི་རྣམ་པར་བཞུགས། ། དེ་ནས་ དཔལ་ལྡན་རྡོ་རྗེ་འཛིན། ། དཀྱིལ་འཁོར་མཆོག་འདི་ཐོས་པ་དང་། ། མགོན་པོ་རྣམ་པར་སྣང་མཛད་ཆེ། ། དེ་ལ་སླར་ཡང་ཞུས་གྱུར་པ། ། མཁའ་དང་དབྱེར་མེད་སྦྱོར་གཅིག་ཅིང་། ། དངོས་མེད་དེ་བཞིན་གཤེགས་པ་རྣམས། །
BOདགའ་བའི་མཆོག་སོགས་བགྱིས་ནས་ནི། ། ཇི་ལྟར་ དེ་རྣམས་ཞུས་པར་གྱུར། ། འདི་དག་ཐོག་མཐའ་ཡོད་མིན་ན། ། འདི་ཡི་གཙོ་བོ་ཇི་ལྟར་འགྱུར། ། ཕྱོགས་ཀྱི་ཆ་རྣམས་བཞག་པ་ལ། ། འདི་ནི་གང་གིས་རྣམ་པར་སྦྱང་། ། གསང་བ་འདི་ནི་མི་སྲིད་ཅེས། ། ཐེག་པ་གསུམ་པོ་རྟོག་པ་དང་། ། སོ་སོའི་སྐྱེ་བོའི་ཚིག་གིས་ཀྱང་། ། སྤང་ པ་དག་ཀྱང་བགྱིད་པར་འགྱུར། ། གང་ཞིག་ཉན་ཐོས་རྣམས་དང་ནི། ། དེ་བཞིན་མདོ་སྡེ་ལས་སྤངས་པའི། ། ཞེ་སྡང་སོགས་དང་འདོད་ལྔ་སོགས། ། དེ་བཞིན་གཤེགས་རྣམས་སྟེན་མཛད་པ། ། རྗེས་སུ་སྤྱོད་དང་ཐུན་མོང་བའི། ། བྱ་བ་དེ་དག་ཕྱིན་ཅི་ལོག ། དགའ་མཐའི་སྤྱོད་པ་ དེ་རྣམས་ནི། ། དེ་བཞིན་གཤེགས་དེ་རྣམ་མཛད་པ། ། ཚིག་གཅིག་ལ་ནི་དཔག་མེད་དོན། ། གསང་བ་དམ་པ་འདི་དག་ནི། ། མགོན་པོ་གང་ཞིག་མ་འོངས་པའི། ། སྐྱེ་བོས་ཇི་ལྟར་འཚལ་བར་འགྱུར། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ། ། ཕྱག་ན་རྡོ་རྗེ་ཚུལ་འདི་ནི། ། དགོངས་ པ་གསང་བ་བླ་མེད་པ། ། དྲིས་པ་རྣམས་ནི་བཤད་པར་བྱ། ། ཞེ་སྡང་གཏི་མུག་དེ་བཞིན་ཆགས། ། ལུས་ལ་སོགས་པའི་ཕུང་པོ་ལྔ། ། འདི་དག་བདག་མེད་རྟོགས་ནས་ནི། ། རྫོགས་སངས་རྒྱས་ནི་ཚུལ་གསུམ་གནས། །
BOཕ་ནི་ཞི་གནས་ཡིན་ཞེས་བྱ། ། མ་ནི་ལྷག་མཐོང་ཡིན་པར་བཤད། ། དེ་བཞིན་ཉིད་ཤེས་ལུས་སུ་འགྱུར། ། ཞི་བ་རྣལ་འབྱོར་བ་ཡི་ཟས། ། ཇི་ལྟར་བཟོ་བོས་བདེར་གཤེགས་ཀྱི། ། སྐུ་ཡི་གཟུགས་བརྙན་བྱས་པ་ལྟར། ། གང་ཞིག་སྐུ་ལྟ་བུ་ཡི་སྐུ། ། དེ་བཞིན་གསུང་གི་རྣམ་པས་གསུང་། ། ཐུགས་ཀྱི་རྣམ་པས་ཐུགས་སུ་ནི། ། ཞི་གནས་ལ་སོགས་པ་ལས་ བྱུང་། ། ཕུང་པོ་ལ་སོགས་ཆོས་རྣམས་ནི། ། སྟོང་ཞིང་རྟེན་འབྲེལ་ལས་བྱུང་མཐོང་། ། ཡེ་ཤེས་ཉི་མ་ཤར་བའི་གཟུགས། ། ཞི་ལས་རྣལ་འབྱོར་པ་རྣམས་བྱེད། ། དེ་བས་སྐུ་གསུང་ཐུགས་རྡོ་རྗེ། ། གྲིབ་མ་ལྟ་བུར་བྱུང་བ་ཡིན། ། དེ་བཞིན་ཕུང་པོ་ཁམས་ལ་སོགས། ། དམ་ཚིག་གཅིག་ ལ་རྣམ་པར་གནས། ། དེ་ནས་ཚུལ་གསུམ་དོན་གཅིག་པ། ། ཞི་གནས་ལ་སོགས་པ་ལས་བྱུང་། ། དེ་བས་རྡོ་རྗེ་ཚུལ་ཡིད་འོང་། ། གསང་བའི་བདག་པོ་མཉན་པར་གྱིས། ། སྟོང་པ་རྟེན་འབྲེལ་ལས་བྱུང་བར། ། རྣལ་འབྱོར་པ་ཡི་རྡོ་རྗེ་ཞེས། ། ནམ་མཁའ་མཐའ་ཡས་རྣལ་འབྱོར་ ནི། ། ཕུང་པོ་ལ་སོགས་ཆོས་འབྱུང་བ། ། ལུས་དང་ངག་སེམས་ཀུན་རྟོག་ནི། ། ཕུང་པོ་སོགས་བྱུང་འབྱུང་ལས་གྱུར། ། འདི་དག་དངོས་མེད་ཡང་དག་སྦྱར། ། དེ་ལས་ཏིང་འཛིན་སྐྱེས་པར་གྱུར། །
BOའདི་དག་ཏིང་འཛིན་གཉིས་མེད་སྦྱོར། ། མི་ཕྱེད་རྡོ་རྗེ་ཉིད་དུ་གྱུར། ། ཟབ་དང་རྒྱ་ཆེན་ རྟོགས་བྱང་ཆུབ། ། དེ་རྟོགས་པས་ནི་སེམས་དཔར་གྱུར། ། འདི་དག་ནམ་མཁའ་མཚུངས་གྱུར་པ། ། ཆེན་པོ་ཞེས་བྱ་ཤེས་བྱེད་པའོ། ། དེ་ལ་རྟོགས་པ་མཐའ་ཡས་པ། ། རྡོ་རྗེ་ཐེག་པར་སྟོན་པ་ཡིན། ། ཏིང་ངེ་འཛིན་ནི་དེ་ཉིད་ལས། ། རྡོ་རྗེའི་ཐེག་པ་བྱུང་བ་ཡིན། ། འདི་ལས་འཇིག་ རྟེན་འདས་འགྱུར་ཞིང་། ། དེ་བཞིན་འཇིག་རྟེན་ཤིན་ཏུ་འདས། ། དངོས་དོན་དེ་བཞིན་ཉིད་གཅིག་པུ། ། གསང་བ་འཇིག་རྟེན་པ་ཞེས་བཤད། ། མ་སྐྱེས་པ་ལས་བྱུང་བ་ནི། ། ཀུན་རྫོབ་དང་ནི་དོན་དམ་ཡིན། ། བདུད་གྱུར་ལྷ་ཡི་བུར་བཤད་དེ། ། ཕུང་པོ་ཉོན་མོངས་འཆི་ བདག་བཅས། ། འདི་ལས་དངོས་མེད་པས་རྒྱལ་བས། ། རྒྱལ་བའི་རྡོ་རྗེར་རྣམ་པར་བཤད། ། ལུས་སོགས་ཕྱི་ཡི་ཕུང་པོར་བཤད། ། འབྱུང་དང་འབྱུང་ལས་གྱུར་པ་གང་། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། འདི་དག་རྡོ་རྗེའི་རིགས་ཅན་འགྱུར། ། དངོས་པོ་གང་དང་གང་དག་གིས། ། ཕུང་པོ་ལྔ་པོ་བརྟགས་གྱུར་པ། ། དེ་རྣམས་དེ་བཞིན་ཡང་དག་དམིགས། ། དེ་བཞིན་གཤེགས་པ་རྣམས་སུ་འགྱུར། ། ཇི་ལྟར་མེ་ལོང་མཚུངས་གསལ་བ། །
BOདངོས་པོ་ཀུན་གྱི་བདག་ཉིད་ཅན། ། དེར་ནི་བདག་གིས་བདག་མཐོང་བ། ། དཀྱིལ་འཁོར་ མཆོག་འགྱུར་རྣལ་འབྱོར་པ། ། ཕུང་པོ་དེ་བཞིན་གཤེགས་གྲགས་པ། ། དེ་བཞིན་ཉིད་ལས་སྤྲོས་བྱ་བ། ། ཆོས་ཀྱི་སྐུ་ཅན་རྒྱལ་བ་ཡི། ། མཆོད་པ་ཆེན་པོར་དེ་འགྱུར་རོ། ། འདི་ནི་སྤྲོས་དང་བསྡུས་པ་དག ། དེ་ནི་དགའ་བར་ཡོངས་སུ་བསྒྲགས། ། སེམས་ཅན་གང་ཞིག་ལོངས་སྤྱོད་ ཅིག ། དེ་ནི་གསོལ་འདེབས་ཞེས་བཤད་དོ། ། ཡང་དག་ཤེས་རབ་ཐབས་གཉིས་མེད། ། མཁའ་དབྱིངས་དབྱེར་མེད་རབ་སྦྱོར་བ། ། དེ་ནི་འདོད་ཆགས་ཆེ་ཚུལ་འགྱུར། ། རྣལ་འབྱོར་པ་ནི་མངོན་བཞུགས་པའོ། ། རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེ། ། བདག་ཉིད་ངེས་པར་སྦྱོར་བ་གང་། ། དངོས་ པོ་ཐམས་ཅད་བདེ་སྐྱེད་པའི། ། ཡིད་བདེ་བ་ནི་སྐྱེ་བར་འགྱུར། ། ཞལ་གསུམ་རྣམ་ཐར་གསུམ་དུ་གང་། ། མཐོང་ཞིང་དེ་ལས་ཕུང་པོ་སོགས། ། ལྷ་ཡི་བདག་ཉིད་རིག་འགྱུར་བ། ། དེ་ཉིད་གསུམ་དུ་བཤད་པ་ཡིན། ། དངོས་མེད་པ་ནི་ལམ་གྱི་མཆོག ། མྱ་ངན་འདས་པར་གཉིས་མེད་ འཇུག། ། འོན་ཀྱང་སོ་སོར་གྱུར་པ་དེ། ། ཆོས་ཀྱི་སྐུ་ལས་ཞེ་སྡང་གྱུར། ། བཅོམ་ལྡན་བདག་པོ་དེ་ཉིད་ནི། ། དེ་བཞིན་གཤེགས་པའི་རིགས་ཕྱུང་ཞིང་། །
BOམྱ་ངན་འདས་ཚུལ་རྡོ་རྗེ་ཅན། ། དེ་ཉིད་དབང་པོ་ཀུན་བྱེད་པའོ། ། དམ་ཚིག་ལ་སོགས་འབྱུང་བའི་ཆོས། ། རང་གིས་རིག་པར་ མ་གྱུར་ཀྱང་། ། དེར་ནི་གནས་པ་ཡང་དག་བཤད། ། དེ་ནི་གཏི་མུག་དེ་བཞིན་སེམས། ། གང་གིས་ཇི་ལྟར་བརྟགས་ཆོས་ཀྱིས། ། ལོངས་སྤྱོད་རྫོགས་ཞེས་བྱ་བྱེད་པ། ། དེ་ནི་ཡིད་བཞིན་རིན་ཆེན་འབྱུང་། ། རིན་ཆེན་ཆེན་པོའི་རིགས་ཀྱི་གཙོ། ། དེ་ཉིད་བཅོམ་ལྡན་འདོད་ཆགས་ ནི། ། ཀུན་མཁྱེན་ཡེ་ཤེས་ལས་བྱུང་བ། ། གནས་མེད་གནས་པའི་སྦྱོར་གྱུར་པ། ། འདོད་ཆགས་ཆེན་པོའི་ཚུལ་གྱི་མཆོག ། ཇི་ལྟར་འདམ་གྱི་པདྨ་ནི། ། དེ་ཡི་ཉེས་པས་གོས་མི་འགྱུར། ། དེ་བཞིན་རྣལ་འབྱོར་རིག་པ་མཆོག ། འདོད་པ་ཀུན་ལ་ཉེ་བར་སྤྱོད། ། འགྲོ་བ་གཅིག་ཏུ་ འདོད་པ་ཁྱབ། ། དེ་ཉིད་རྡོ་རྗེ་རིགས་མཆོག་ཡིན། ། ཆོས་དང་ལོངས་སྤྱོད་སྤྲུལ་པ་སྟེ། ། གསུམ་པོ་དེ་དག་མདོར་བསྡུས་པའོ། ། ཞེ་སྡང་གཏི་མུག་དེ་བཞིན་ཆགས། ། རྡོ་རྗེ་དགའ་བའི་མཐའ་ཅན་གཙོ། ། ངན་འགྲོ་གསུམ་འདོན་པས་བུད་མེད། ། གཅིག་པུ་ཡིན་ཡང་དུ་མར་གྱུར། ། གསུམ་པོ་ཡང་དག་འདུག་གྱུར་པ། ། གཤིན་རྗེ་ཤེས་རབ་གྱུར་དེ་བཞིན། ། པདྨ་བགེགས་གྱུར་ཁྲོ་བོ་སྟེ། །
BOམཐར་འབྱེད་མཐའ་ཡི་མིང་ཅན་ནོ། ། འཇུག་པ་ལ་སོགས་གསུམ་ཉིད་ལ། ། ཕུང་པོར་གྲགས་ཏེ་དེ་བཞིན་གཤེགས། ། སྐྲག་བྱེད་གཤིན་རྗེའི་གཤེད་ཀྱིས་ཀྱང་། ། ཐམས་ ཅད་འབྱུང་བའི་དཀྱིལ་འཁོར་རོ། ། རྡོ་རྗེ་དམ་ཚིག་སྐྲག་བྱེད་པ། ། དེ་བཞིན་གཤེགས་རབ་མཐར་བྱེད་གཙོ། ། པདྨོའང་གསུང་ཞེས་བྱ་བར་གྱུར། ། འཆི་བྲལ་རྣལ་འབྱོར་གྲུབ་པ་ཡིན། ། བགེགས་མཐར་བྱེད་ཀྱང་ཐུགས་ཀྱི་གཙོ། ། རིགས་པའི་བདག་ཉིད་ཅན་བདག་པོ། ། འདི་ལྟར་རྟག་སྤྱོད་རྣལ་འབྱོར་པ། ། གསང་བའི་ལུས་ཀྱིས་རྣམ་པར་སྤྱོད། ། དགོངས་པ་ལུང་སྟོན་ལ་གནས་པར། ། གང་ཞིག་ཡིད་ནི་བཟོད་གྱུར་པ། ། དེས་འདི་དེ་བཞིན་བྱ་བ་དང་། ། དེ་ནས་གསང་བ་ཡང་དག་བསྲུང་། ། ནུ་ཞོ་ཟས་ཀྱིས་བུ་གསོ་བཞིན། ། སྲིད་པ་གསུམ་ན་བཅོམ་ལྡན་ གཙོ། ། སེམས་ཅན་བསམ་དབང་ཇི་བཞིན་དུ། ། ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། ། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། ། སྐུ་གསུམ་གཅིག་ཏུ་སྦྱོར་བ་ལས། ། བཅོམ་ལྡན་གསང་བ་དགོངས་མཛད་པ། ། བདེན་པ་མ་ཡིན་{བརྫུན་,རྫུན་}པའང་མིན། ། ཞེ་སྡང་གཏི་མུག་རིན་ཆེན་དང་། ། འདོད་ཆགས་སྣ་ཚོགས་རིགས་བྱུང་བ། ། དགོངས་པའི་རིགས་ཀྱི་བརྡར་གྱུར་པས། །
BOགླེང་གཞི་ཡིན་ཏེ་དང་པོའོ། ། ། ། དེ་ནས་དེ་བཞིན་གཤེགས་བདག་ལ། ། སླར་ཡང་དེ་བཞིན་གཤེགས་ཀུན་གྱིས། ། ལྷག་པར་མཆོད་པ་བྱས་ནས་ནི། ། ཐུབ་ཆེན་དེ་ལ་འདི་སྐད་ གསོལ། ། དགོངས་པ་རྡོ་རྗེ་དམ་པ་ནི། ། དེ་བཞིན་གཤེགས་པ་ཀུན་ཡེ་ཤེས། ། བྱང་ཆུབ་སེམས་ནི་བླ་མེད་པ། ། གསང་བ་བཅོམ་ལྡན་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱིས། ། ཞུ་བ་ཡང་དག་ཐུགས་ཆུད་ཅིང་། ། བྱང་ཆུབ་སེམས་ དཔའ་ཡོངས་རྟོག་པ། ། ཐུབ་ཉིད་ཀྱིས་ནི་རྣམ་མཁྱེན་པ། ། དེ་ནས་བྱང་ཆུབ་སེམས་ཀུན་ལ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། ། ལུས་སེམས་དེ་དང་འདྲ་བ་དང་། ། དེ་བཞིན་ངག་ནི་ཚིག་བརྗོད་ལྟའི། ། བྱང་ཆུབ་སེམས་ནི་བླ་མེད་པ། ། ཁྱེད་ཀུན་གྱིས་ནི་བསྐྱེད་པར་བྱ། ། དེ་ ལྟར་བྱང་ཆུབ་སེམས་དཔའ་ལ། ། སྟོན་པས་ཇི་བཞིན་སྟོན་པར་མཛད། ། དེ་ནས་དེ་བཞིན་གཤེགས་རྣམས་ཀྱིས། ། སྐུ་དང་ཐུགས་དང་དེ་བཞིན་གསུང་། ། དེ་འདྲའི་ཚུལ་དུ་སྦྱར་ནས་ནི། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། སྐུ་གསུང་ཐུགས་རྡོ་རྗེ་ཅན་ལ། ། ཆེད་དུ་བརྗོད་པ་ཆེད་ དུ་བརྗོད། ། ཨེ་མ་ཀུན་དུ་བཟང་པོ་ཡི། ། རྟེན་ཅིང་འབྲལ་འབྱུང་ལས་སྐྱེས་པ། །
BOསྐྱེ་བ་མེད་པའི་ཚུལ་གྱིས་ནི། ། སྐྱེ་བ་འདིར་ནི་རབ་ཏུ་བསྒྲགས། ། དེ་ནས་དེ་བཞིན་གཤེགས་བདག་པོ། ། དེ་བཞིན་གཤེགས་པའི་རྡོ་རྗེ་གསུམ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། མངོན་ རྫོགས་བྱང་ཆུབ་རྡོ་རྗེ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། དཔལ་ལྡན་བྱང་ཆུབ་སེམས་འདི་གསུངས། ། དངོས་པོ་མེད་པའི་དངོས་གནས་ན། ། དངོས་དང་དངོས་མེད་གཉིས་ཀ་མིན། ། དེ་ལྟར་དངོས་པོ་དངོས་མེད་པས། ། སྒོམ་པ་དངོས་པོར་ཡོད་མ་ཡིན། ། དེ་ནས་དཔལ་ ལྡན་རྣམ་སྣང་མཛད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། གཉིས་མེད་དམ་ཚིག་རྡོ་རྗེ་གྲགས། ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ། དེ་བཞིན་གཤེགས་པ་ཀུན་གྱི་མཆོག ། གསང་བ་དགོངས་པ་རྡོ་རྗེ་ཅན། ། བྱང་ཆུབ་སེམས་ནི་ཐམས་ཅད་ནས། ། དེ་ནི་ཡང་དག་ བཀའ་སྩལ་ཏོ། ། དག་པ་དེ་བཞིན་གཤེགས་ཀུན་གྱི། ། ཕུང་པོ་ཁམས་སོགས་རྣམ་སྤངས་ཤིང་། ། གཟུང་དང་འཛིན་པ་ལས་གྲོལ་བ། ། ཆོས་བདག་མེད་པའི་སྟོང་ཉིད་ཅན། ། བྱང་ཆུབ་སེམས་ནི་འདི་གསུངས་པ། ། རྟེན་ཅིང་འབྲེལ་འབྱུང་མིང་ཅན་ཏེ། ། ཐོག་མ་མེད་ནས་ མ་སྐྱེས་བརྡ། ། རང་སེམས་མཉམ་པ་ཉིད་ཀྱང་ཡིན། ། དེ་ནས་མི་བསྐྱོད་དེ་བཞིན་གཤེགས། །
BOཀུན་གྱི་གཉིས་མེད་མི་ཟད་པའི། ། ཡེ་ཤེས་ཏིང་འཛིན་སྙོམས་ཞུགས་ཏེ། ། བྱང་ཆུབ་སེམས་ནི་འདི་གསུངས་སོ། ། དངོས་པོ་འདི་དག་མ་སྐྱེས་པས། ། ཕུང་པོར་གྲགས་པའི་ཆོས་ཉིད་ མེད། ། ནམ་མཁའ་ལྟ་བུར་བལྟ་དཀའ་བའི། ། བདག་མེད་བྱང་ཆུབ་ཅེས་བྱའོ། ། དེ་ནས་བཅོམ་ལྡན་དཀོན་མཆོག་དཔལ། ། བདག་མེད་རྡོ་རྗེ་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། བྱང་ཆུབ་སེམས་འདི་རབ་ཏུ་གསུངས། ། ཆོས་རྣམས་ཐམས་ཅད་དངོས་མེད་ ཅིང་། ། ཆོས་ཀྱི་མཚན་ཉིད་རྣམ་སྤངས་པ། ། བདག་མེད་ཆོས་ལས་ཡང་དག་འབྱུང་། ། བྱང་ཆུབ་ཚུལ་འདི་བསྟན་པའོ། ། དེ་ནས་འོད་དཔག་མེད་མཚན་ཅན། ། ཡེ་ཤེས་འབར་བ་སྒྲོན་རྡོ་རྗེའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། བྱང་ཆུབ་སེམས་ནི་འདི་གསུངས་སོ། ། མ་སྐྱེས་ པ་ཡི་ཆོས་རྣམས་ལ། ། དངོས་པོ་མེད་ཅིང་བསྒོམ་པའང་མེད། ། ནམ་མཁའི་གནས་སུ་སྦྱོར་བ་ཡིས། ། དངོས་པོ་ཞེས་ནི་རབ་ཏུ་བཤད། ། དེ་ནས་དེ་བཞིན་གདོན་མི་ཟ། ། ཟིལ་གྱིས་གནོན་པའི་རྡོ་རྗེ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། བྱང་ཆུབ་སེམས་ནི་འདི་གསུངས་སོ། ། ཆོས་འདི་རང་བཞིན་འོད་གསལ་ཞིང་། ། གཟོད་ནས་དག་པས་མཁའ་དང་མཚུངས། །
BOབྱང་ཆུབ་མེད་ཅིང་མངོན་རྟོགས་མེད། ། བྱང་ཆུབ་སེམས་ནི་ཡིན་པར་བཤད། ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། ། བྱང་ཆུབ་སེམས་ནི་ཐོས་པ་དང་། ། དགོངས་པའི་དོན་ནི་རབ་བཤད་པར། ། རྣམ་པར་ སྣང་མཛད་ཆེ་ལ་གསུངས། ། དངོས་པོ་མེད་ཅིང་དམིགས་མེད་པ། ། བྱང་ཆུབ་སེམས་དཔའ་མཁའ་དང་མཚུངས། ། གསང་བའི་ཚུལ་ནི་འདི་ཐོས་ནས། ། དངོས་པོ་ཡི་ནི་རྟོག་པ་སྐྱེ། ། ལུས་ལ་སོགས་པ་གསུང་སྦྱོར་བས། ། སེམས་ནི་དེ་རྣམས་སྐྱེད་པར་བྱེད། ། ཡང་དག་བྱང་ཆུབ་ དུ་མའི་མཐར། ། འདི་ལ་སོ་སོ་སྐྱེ་བོ་སྨྲ། ། ཐུབ་པའི་གསུང་ནི་དེ་རྣམས་ལ། ། རང་གི་སྒྲ་བཞིན་འཛིན་པར་བྱེད། ། བསམ་པའི་དབང་ནི་ཇི་བཞིན་དུ། ། འགྲོ་བའི་དོན་དུ་བཀའ་སྩོལ་ཅིག ། དེ་ནས་བཅོམ་ལྡན་བདག་པོ་འདི། ། རྣམ་པར་སྣང་མཛད་ཐུབ་པ་ཆེ། ། ལེགས་ ཞེས་ལན་གསུམ་གསུངས་ནས་ནི། ། ལག་ན་རྡོ་རྗེ་ལ་འདི་གསུངས། ། རྣམ་པར་མི་རྟོག་དོན་དེ་ཉིད། ། རབ་ཏུ་ཕྱེ་སྟེ་བཤད་བར་བྱ། ། ཚིག་ཏུ་བརྗོད་དང་དམིགས་པར་བཤད། ། བརྡ་དང་དོན་དམ་པ་ཡིན་ནོ། ། རྐྱེན་དང་ཉན་ཐོས་རྣམས་ཀྱི་དང་། ། མདོ་དང་གསང་སྔགས་སྤྱོད་ རྣམས་ཀྱིས། ། དེ་བཞིན་གཤེགས་པས་གསུངས་པ་ཡི། ། བྱང་ཆུབ་སེམས་ནི་བླ་ན་མེད།
BO། དེ་བཞིན་ཡང་དག་སྦྱོར་བ་འདི། ། དངོས་པོའི་གསང་བ་བླ་ན་མེད། ། གཉིས་མེད་དམ་ཚིག་རྡོ་རྗེ་དང་། ། པདྨ་དེ་ལས་སྐྱེད་པར་བྱེད། ། ཚིག་ཏུ་བརྗོད་པ་ཐུན་མོང་སྟེ། ། སངས་རྒྱས་སྐུ་ནི་ དམིགས་ཅན་ཡིན། ། གསང་སྔགས་དེ་ཉིད་ཅེས་བྱ་བརྡ། ། དེ་བཞིན་ཉིད་ནི་དོན་དམ་པའོ། ། དང་པོ་གཅིག་ནི་དགུ་དབུས་ན། ། གང་ཞིག་བཅུ་ཡིས་མ་བཅིངས་པ། ། དེ་ནི་བཅིངས་མེད་ཤེས་བྱ་སྟེ། ། དེ་ཤེས་པ་ནི་མཆོག་གི་གནས། ། དབྱངས་དང་གསལ་བྱེད་ཡི་གེ་སྟེ། ། གྲངས་ དགུ་ཡི་ནི་རྗེས་འཇུག་པ། ། ཨས་བཅིངས་ཕན་ཚུན་སྦྱོར་བ་ལས། ། གང་གིས་ཤེས་ཏེ་འགྲོ་བའི་བླ། ། གང་ཞིག་ཤེས་པ་རྣམ་གྲོལ་བ། ། འབྲས་བུ་ཕུན་ཚོགས་གྲུབ་འདོད་པ། ། དེ་ནི་དེ་ཉིད་གྲུབ་འདོད་དེ། ། གཟུགས་མེད་པས་ནི་གཟུགས་སྤངས་པ། ། འབྱུང་བའི་མཐའ་ནི་ཡང་དག་ ལྡན། ། ཆ་ལ་སོགས་པ་བཅུ་དྲུག་གནས། ། ལྔ་པ་ལྔ་དང་ཡང་དག་ལྡན། ། བཞི་ནི་གསུམ་དུ་ངེས་པར་སྦྱར། ། ཡི་གེ་ཨོཾ་བཅས་རིང་པོར་བཅས། ། ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། ། ཐུང་དུ་མ་ལུས་ངག་ཏུ་འགྱུར། ། གཅིག་མིན་དུ་མ་མ་ཡིན་ནོ། ། ཡ་ཡི་དོན་གྱིས་གང་ ཡང་རུང་། ། བྱ་བའི་དངོས་གྲུབ་འདོད་གྱུར་པ། །
BOར་ལ་སོགས་པ་གསུམ་ཉིད་ཀྱིས། ། འགྲོ་བའི་དོན་ལ་རབ་ཏུ་འཇུག ། ཡི་གེ་གང་ཞིག་སྔར་བཤད་དང་། ། གང་ཡང་མངོན་དུ་ཕྱོགས་པ་རྣམས། ། བུད་མེད་སྐྱེས་པ་མ་ནིང་སྟེ། ། ཁམས་ལ་སོགས་པར་རབ་ཏུ་བརྟག ། འོག་ནས་སྟེང་དུ་ བཅས་པར་ནི། ། ཤེས་རབ་བློས་ནི་ངེས་པར་སྦྱར། ། དྲུག་བཤད་བཞི་དང་གསུམ་དང་གཅིག ། དངོས་མེད་ངོ་བོ་གཅིག་ལས་བྱུང་། ། དེ་ནི་ཡ་སོགས་དོན་སྦྱར་ན། ། དུས་གསུམ་ཤེས་པའང་འབྱུང་བར་འགྱུར། ། མཁས་པས་སྒྱུ་མ་མིག་འཕྲུལ་བཞིན། ། འགྲོ་བ་རྣམས་ནི་སྒྱུ་མཐར་བྱ། ། བརྗོད་པ་ཡི་ནི་སྔགས་འདི་དག ། དངོས་མེད་ངོ་བོ་ལས་བྱུང་བ། ། དེ་ནི་ཡོངས་སུ་གྱུར་པའི་གཟུགས། ། ལྷ་རུ་ཉེ་བར་མཚོན་པ་གང་། ། བརྡ་ཡིས་དེ་ཉིད་གསུམ་གནས་པ། ། རང་བཞིན་བཟླས་པའི་མཚན་ཉིད་དོ། ། མིང་མེད་བརྗོད་དུ་མེད་པ་སྟེ། ། བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། ། གསུམ་པོ་དེ་ཉིད་གཅིག་གྱུར་པ། ། འགྲོ་བ་མེད་ཅིང་འོང་བ་མེད། ། འགག་མེད་རབ་ཏུ་ཞི་བ་སྟེ། ། རྟག་དང་ཆད་པ་རྣམ་སྤངས་པ། ། དུས་གསུམ་མཁྱེན་པས་མ་བྱས་པའི། ། རྟོག་པ་ནམ་མཁའ་དབྱེར་མེད་མཚན། ། དེ་ཉིད་ཁོ་ན་དོན་དམ་སྟེ། ། སོ་སོ་རང་རིག་མཚན་ཉིད་དོ། །
BOདེ་ འདི་སེམས་ཅན་ཀུན་ཞེས་བྱའི། ། སངས་རྒྱས་བྱང་ཆུབ་ངོ་བོ་ཉིད། ། བྱང་ཆུབ་སེམས་དཔའ་གཅིག་འབྱུང་ཡང་། ། རྟེན་ཅིང་འབྲེལ་འབྱུང་རང་བཞིན་ཅན། ། གང་འདི་བྱང་ཆུབ་སེམས་བདག་ཉིད། ། རྣལ་འབྱོར་པ་ནི་ཉི་འདྲར་འགྱུར། ། འདི་ནི་རྣམ་རྟོག་ཀུན་བྲལ་ཡང་། ། རིགས་ ཀུན་ལ་ནི་འཇུག་པར་འགྱུར། ། སྲེག་དང་སྐེམས་དང་བདེ་ཅན་དང་། ། ཀུན་ཟར་འགྱུར་བའི་མེ་བཞིན་ནོ། ། འདི་ནི་ལྷས་ཀྱང་མཆོད་བྱ་བར། ། སེམས་ཅན་ལ་ལ་རྣམ་པར་གནས། ། བྱང་ཆུབ་སེམས་འདོད་བདག་ཉིད་དེ། ། འགྲོ་བ་བུ་གཅིག་བཞིན་ལྟ་ཞིང་། ། གང་ཞིག་བདག་ དང་མཉམ་གནས་པ། ། བྱམས་པ་ཆེན་པོ་དེ་བསྐྱེད་བྱ། ། ཕྱིན་ཅི་མ་ལོག་འདི་མཐོང་ནས། ། བྱང་ཆུབ་སེམས་ནི་ཡང་དག་འབྱུང་། ། དེས་ནི་སྙིང་རྗེ་ཆེར་གྱུར་ནས། ། དེས་ནི་འཁོར་བ་ངེས་པར་འཇོམས། ། སེམས་ཅན་ཀུན་དང་དེ་བཞིན་བདག ། བྱང་ཆུབ་སེམས་ལ་མ་མཐོང་ན། ། འོན་ ཀྱང་འགྲོ་བའི་དོན་བྱེད་པ། ། དེ་ལས་དགའ་བ་སྐྱེ་བར་འགྱུར། ། འཁོར་བ་དངོས་པོ་ཡོད་མིན་ལ། ། སེམས་ཅན་རྣམས་ཀྱང་དེ་དང་འདྲ། ། བྱང་ཆུབ་སེམས་ནི་མཐོང་ནས་ནི། ། བཏང་སྙོམས་ཆེན་པོར་གྱུར་པ་ཡིན། ། དེ་ནས་རྡོ་རྗེ་འཛིན་པ་ཡིས། །
BOཐོས་པའི་བྱང་ཆུབ་སེམས་དྲན་ ཞིང་། ། སླར་ཡང་དེ་དོན་མཚན་ཉིད་ནི། ། རྣམ་པར་སྣང་མཛད་ཆེ་ལ་ཞུས། ། འཁོར་དང་ཅིག་ཤོས་ཞེས་བྱ་བ། ། འདི་ཀུན་བྱང་ཆུབ་སེམས་ཡིན་ན། ། ཇི་ལྟར་སོ་སོར་གྱུར་ནས་ནི། ། ཕན་ཚུན་འགལ་བར་རབ་ཏུ་གནས། ། བདག་ཉིད་ཀྱིས་ནི་བདག་ཉིད་ལ། ། གཉིས་སུ་འགོག་ བྱེད་གང་ཡང་མེད། ། གང་ཞིག་ནོར་བུ་གཅིག་ལས་བྱུང་། ། མི་མཐུན་ཕྱོགས་སུ་ཇི་ལྟར་སྣང་། ། དམན་དང་བར་མ་དེ་བཞིན་མཆོག ། འཁོར་བར་ཉོན་མོངས་མི་བཟད་པས། ། སེམས་ཅན་ཁ་ཅིག་གཟིར་བ་དང་། ། བྱང་ཆུབ་སེམས་ལའང་སྦྱར་བར་གྱུར། ། དེ་ ལྟའི་རྣམ་རྟོག་ཀུན་རྟོག་པར། ། མ་འོངས་སྐྱེ་བོ་བགྱིད་འགྱུར་གྱི། ། རྟེན་ཅིང་འབྲེལ་འབྱུང་ལས་བྱུང་བ། ། འདི་དག་འཚལ་བར་མི་འགྱུར་རོ། ། དངོས་པོ་མེད་པའི་ཆོས་རྣམས་ལ། ། བྱིས་པ་རྣམས་ནི་རྩོད་པར་འགྱུར། ། དེ་རྣམས་རྩོད་པ་མེད་པའི་ཕྱིར། ། དགོངས་པ་བཤད་པར་མཛད་ དུ་གསོལ། ། དེ་ནས་བདག་པོ་བཅོམ་ལྡན་འདས། ། རྡོ་རྗེ་ཅན་ལ་གསང་དགོངས་པ། ། ཤིན་ཏུ་རྙེད་དཀའ་བྱང་ཆུབ་སེམས། ། དེ་ནི་ཡང་དག་བཀའ་སྩལ་ཏོ། ། ཕྱི་མའི་མཐའ་གང་སྟོང་པ་གཅིག ། སྔོན་གྱི་མཐར་ཐུག་དེ་བཞིན་ཏེ། ། སེམས་དེ་མངོན་དུ་བྱས་ནས་ནི།
BO། ཅི་དགའ་བར་ནི་བྱ་བ་ ཡིན། ། སེམས་ནི་དེ་ཡིས་མ་མཐོང་བས། ། ལྟ་བ་སོ་སོར་གྱུར་པ་ཡིན། ། དེ་བས་དེ་རྣམས་འཁོར་བ་རུ། ། འགྲོ་བ་དྲུག་གི་མིང་དུ་གྱུར། ། དེས་ན་ཚངས་པ་ཁྱབ་འཇུག་དང་། ། དབང་ཕྱུག་ཆེ་ལ་ཀུན་དུ་སྟེན། ། ཟླ་བ་ཉི་མ་བྱ་བ་ཡི། ། ཀུན་དུ་སྤྱོད་པ་དེ་རྣམས་བྱེད། ། སུམ་ཅུ་རྩ་གསུམ་ པར་བཤད་དང་། ། དགའ་ལྡན་གྱི་ནི་གནས་དག་དང་། ། དེ་བཞིན་གཞན་དག་དམྱལ་བར་ཡང་། ། ལྟ་བས་སྐད་ཅིག་དག་གིས་འགྲོ། ། {ཡི་དགས་,ཡི་དྭགས་}སུ་ཡང་འགྲོ་བ་དང་། ། འགྲོ་བ་སྣ་ཚོགས་དག་ཏུ་འགྲོ། ། གང་ཚེ་མ་རིག་ཀུན་བསྟེན་པས། ། བདག་ཉིད་ཀྱང་ནི་མི་ཤེས་སོ། ། འདུ་ ཤེས་ཅན་དང་འདུ་ཤེས་མེད། ། སེམས་ཅན་དུ་བརྟགས་འདི་གནས་པ། ། དེ་རྣམས་རླུང་ལས་བྱུང་བ་སྟེ། ། རླུང་ལས་སླར་ཡང་འགག་པ་ཡིན། ། ཉིན་དང་མཚན་མོའི་ཆ་ཡིས་ཀྱང་། ། རང་གི་རྣམ་པར་རྟོག་པར་ལྷུང་། ། དེ་ནས་འཁོར་བར་སྐྲག་བཞིན་དུ། ། སྣ་ཚོགས་འགྲོ་བར་དེ་ དག་འགྲོ། ། མི་རྟོག་པ་ཡི་སེམས་དེ་ནི། ། འཁོར་བའི་རྒྱ་མཚོར་གནས་གྱུར་ཀྱང་། ། དེ་ནི་ཕྱིན་ཅི་ལོག་གྱུར་པས། ། ཁྱི་དང་ཅེ་སྤྱང་གླང་པོ་དང་། ། སེམས་དེ་ལྟར་ཡང་འགྲོ་བར་འགྱུར། །
BOདེ་བཞིན་དུ་ནི་ཕ་ཉིད་དང་། ། མ་ཡི་རིགས་ནི་སྨྱིག་མཁན་དང་། ། སྨེ་ཤ་ཅན་དང་རིགས་ངན་ དང་། ། བཟའ་དང་མི་བཟའ་བྱ་ཀུན་དང་། ། བྱང་ཆུབ་སེམས་དེ་སྐྱེ་བར་འགྱུར། ། བྲམ་ཟེ་ལ་སོགས་འཇིག་རྟེན་ཤེས། ། བྱང་ཆུབ་སེམས་ལས་འབྱུང་བར་འགྱུར། ། ཕུང་སོགས་དངོས་པོ་མེད་གྱུར་ལས། ། རང་གིས་མྱོང་བར་ཤེས་པར་གྱུར། ། དེ་ནི་འཇིག་རྟེན་ཤེས་ཞེས་བཤད། ། ཀུན་མཁྱེན་པ་ནི་བྱང་ཆུབ་སེམས། ། ཉེ་བར་དམིགས་པའི་སྦྱོར་བ་ཡིས། ། སངས་རྒྱས་སྐུ་རུ་འདི་འབྱུང་སྟེ། ། སྒྱུ་མ་ལྟ་བུའི་རང་བཞིན་ཉིད། ། ཚིག་གིས་བརྗོད་པ་ཙམ་དུ་འགྱུར། ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། ། རྡོ་རྗེ་སྙིང་པོའི་དོན་གསུངས་པ། ། འགྲོ་བའི་བླ་མ་གཅིག་པུ་ལ། ། ཕྱག་ འཚལ་ནས་ནི་སླར་གསོལ་པ། ། འཇིག་རྟེན་པ་ཡི་ལུང་ཉིད་ནི། ། བྱང་ཆུབ་སེམས་ནི་རབ་གསུངས་ན། ། ཇི་ལྟར་འཇིག་རྟེན་ལས་འདས་པ། ། མ་འོངས་པ་ཡིས་ཇི་ལྟར་རྟོགས། ། ལྟ་བ་ཐམས་ཅད་རབ་སྤང་ཕྱིར། ། ཁྱེད་ཀྱིས་ཆོས་རྣམས་སྟོན་མཛད་ན། ། ཇི་ལྟར་བྱང་ཆུབ་སེམས་དེ་ཉིད། ། ལྟ་བ་ དེ་ནི་རབ་བརྟན་འགྱུར། ། དགོངས་པའི་ཚིག་ལ་རྨོངས་པ་རྣམས། ། གསུངས་པའི་དོན་ནི་མ་རྟོགས་ནས། །
BOགསུངས་པ་འདི་ལས་གཞན་མིན་ཞེས། ། དེ་ནི་ཇི་བཞིན་སྒྲར་འཛིན་ཏོ། ། དེ་ནས་བཅོམ་ལྡན་སྣ་ཚོགས་པས། ། ལག་ན་རྡོ་རྗེ་ལ་གསུངས་པ། ། ཁྱེད་གསུང་དགོངས་པ་མ་རྟོགས་པ། ། དྲི་བར་བྱེད་པ་ལེགས་སོ་ལེགས། ། བྱང་ཆུབ་སེམས་ནི་རླུང་གྱུར་ཅིང་། ། ནམ་མཁའ་ལ་ནི་རྣམ་གནས་པ། ། སེམས་ཅན་ཀུན་གྱི་སྲོག་གྱུར་གང་། ། ལྔ་ཡི་བདག་ཉིད་བཅུ་མིང་ཅན། ། རྟེན་འབྲེལ་བཅུ་གཉིས་ཞེས་གྲགས་པ། ། ངོ་བོ་ཉིད་རྣམ་གསུམ་དུ་གྱུར། ། རླུང་ཞེས་བྱ་བའི་བྱང་ཆུབ་ སེམས། ། དབང་པོ་ཀུན་གྱི་གཙོ་འདི་ཡིན། ། ཇི་ལྟར་མི་མངོན་ཕྲ་བ་ལས། ། རྟག་ཏུ་གསལ་བར་བརྗོད་པ་ཡིན། ། འགྲོ་བ་ཡུལ་སོགས་ལས་བྱེད་པ། ། འདིར་ནི་དེ་ལ་རྟེན་པ་ཡིན། ། ཞི་བ་དང་ནི་རྒྱས་པ་དང་། ། དབང་དང་དེ་བཞིན་མངོན་སྤྱོད་རྣམས། ། དེ་ཉིད་གསུམ་གནས་ལ་ རྟེན་ནས། ། དེ་ཀུན་བྱང་ཆུབ་སེམས་ཀྱིས་བྱེད། ། ཇི་སྲིད་འཇིག་རྟེན་གདགས་པ་དང་། ། དེ་བཞིན་བཏགས་པ་སྣ་ཚོགས་རྣམས། ། རྣམ་རྟོག་བྱང་ཆུབ་སེམས་ཤེས་པའི། ། རླུང་ལས་རྟག་ཏུ་འབྱུང་བ་ཡིན། ། བདེ་སྡུག་ལ་སོགས་ཆོས་རྣམས་ཀྱི། ། ས་བོན་ལྟ་བུར་བཤད་པ་ཡིན། ། བྱང་ཆུབ་སེམས་ཀྱི་ངོ་བོ་འདི། ། ཕུང་སོགས་གཉིས་མེད་མཁའ་དང་མཉམ།
BO། ཤེས་རབ་ཐབས་དང་སྦྱོར་བ་ཡིས། ། བྱང་ཆུབ་སེམས་ནི་འགྲོ་བར་འགྱུར། ། ཀློག་དང་བསམ་གཏན་རྣམ་སྤངས་པར། ། བདག་པོར་རང་ཉིད་ཟློས་པ་དེ། ། ཉིན་དང་མཚན་མོའི་དབྱེ་བ་ ཡིས། ། ཉི་ཟླ་རབ་ཏུ་སྦྱོར་བ་ཡིས། ། དངོས་པོ་མེད་པར་འགྲོ་ཁྱབ་པ། ། བྱང་ཆུབ་སེམས་ཀྱི་རླུང་གཅིག་པུ། ། དགེ་དང་མི་དགེ་འབྲས་སྤངས་ནས། ། ནམ་མཁའ་འདྲ་བར་འགྱུར་བ་ཡིན། ། འགྲོ་བའི་དོན་ནི་ཤེས་པས་ཀྱང་། ། མིང་ནི་དེ་བཞིན་ཉིད་ཅེས་བྱ། ། དབྱངས་ཀྱི་ཐུང་ངུ་ཉིན་མོར་ བཤད། ། རིང་པོ་མཚན་མོ་ཡིན་པར་བཤད། ། དབྱངས་དང་གསལ་བྱེད་དབྱེ་བ་ལས། ། དེ་ཉིད་མིང་ལས་སྦྱར་བར་བྱ། ། ཨེ་མའོ་འགྲོ་བའི་བྱ་བ་བྱུང་། ། དེ་ཉིད་གཞན་ལས་དེ་ཉིད་གསལ། ། དེ་ལས་འཇིག་རྟེན་པ་ཡི་བརྡ། ། མྱུར་དུ་མངོན་པར་ཤེས་པར་འགྱུར། ། དེ་ནས་གསང་བའི་བདག་པོས་ ནི། ། བྱང་ཆུབ་སེམས་འདི་ཐོས་པ་དང་། ། གཙོ་བོ་རྣམ་སྣང་ཆེན་པོ་ལས། ། ཁྱབ་བདག་ལ་ནི་སླར་གསོལ་པ། ། སེམས་ཅན་ཐམས་ཅད་སྐྱེད་པ་པོ། ། སྣ་ཚོགས་གཟུགས་ཅན་སེམས་འདི་ནི། ། དེ་བས་དངོས་པོ་མེད་གྱུར་ཀྱང་། ། སྲིད་པ་དག་ཏུ་རབ་ཏུ་གྲགས། ། བྱང་ཆུབ་སེམས་ནི་མཁའ་མཉམ་ པ། ། ལེགས་པར་རྗེས་སུ་མྱོང་མཛད་པ། །
BOའགྲོ་བའི་དོན་ནི་མཛད་པ་པོ། ། སྐྱེ་བོ་མཆོག་ལ་དེ་བསྟན་གསོལ། ། སྒྲུབ་པ་ཡི་ནི་ཐབས་ཙམ་ཞིག ། ཤེས་ནས་རྒྱུད་ལ་རྒྱབ་ཀྱིས་ཕྱོགས། ། འདི་ལྟར་བདག་ནི་སློབ་དཔོན་ཞེས། ། མ་འོངས་པ་ན་སྨྲ་བར་འགྱུར། ། བདག་གི་ཚིག་ནི་འདི་ ཉིད་དག ། ཡིན་ཞེས་སྨྲ་ཞིང་བྱས་པ་འཇིག ། དེས་ནི་དགོངས་པའི་བྱང་ཆུབ་སེམས། ། ཇི་བཞིན་དོན་དུ་མི་ཤེས་སོ། ། དེ་བཞིན་འཇིག་རྟེན་པ་རྣམས་ནི། ། སྐལ་མེད་ཆོས་ཀུན་རྣམ་སྤངས་ལ། ། རིག་པ་ཡང་ནི་མི་མཐོང་བས། ། དེ་རྣམས་ལ་ཡང་གནས་མེད་འགྱུར། ། དེ་བས་བྱང་ཆུབ་ སེམས་བདུད་རྩི། ། དེ་ནི་སྨྲ་བར་རིགས་པ་ཡིན། ། འབྲེལ་པའི་ཉི་མ་ཐོབ་པ་ནི། ། མ་འོངས་པ་ན་འབྱུང་བར་འགྱུར། ། དེ་ནས་བཅོམ་ལྡན་སྣ་ཚོགས་པས། ། གྲགས་ལྡན་རྡོ་རྗེ་འཛིན་པ་ལ། ། བྱང་ཆུབ་སེམས་ཀྱི་ངེས་པའི་དོན། ། སླར་ཡང་དེ་ཉིད་ལ་གསུངས་པ། ། ནང་ན་མ་ཡིན་ཕྱི་རོལ་ མིན། ། གཉི་ག་མིང་དུའང་འགྱུར་མ་ཡིན། ། རྟག་པ་མ་ཡིན་སྐད་ཅིག་མིན། ། དེ་ནི་སོ་སོ་རང་རིག་ཡིན། ། མི་རྟོག་ནམ་མཁའ་ཇི་བཞིན་དུ། ། བྱང་ཆུབ་སེམས་ནི་རྡོ་རྗེ་འཛིན། ། དེ་བཞིན་གཤེགས་པ་འགྲོ་བའི་དོན། ། ཡིད་བཞིན་ནོར་བུ་ལྟ་བུར་འབྱུང་། །
BOའདས་དང་མ་འོངས་པ་ ཉིད་དང་། ། ད་ལྟར་ཞེས་ནི་བྱ་བ་དང་། ། སངས་རྒྱས་སྐུ་ཡང་འབྱུང་འགྱུར་བ། ། དོན་དམ་གཅིག་ནི་ཀུན་རྫོབ་ཡིན། ། རིག་བྱེད་དུས་དང་མེ་ཡི་བརྡ། ། ཉི་ཟླ་རླུང་གི་གཟུགས་ཅན་ཏེ། ། བཞི་ཕྱེད་གསུམ་པ་དག་ལས་བྱུང་། ། བྱང་ཆུབ་སེམས་གཅིག་དབྱེ་བ་ཉིད། ། དེ་ནི་ཤེས་རབ་ཐབས་ཟུང་འབྲེལ། ། དེ་བཞིན་བདེ་བྱེད་འཛིན་པ་དང་། ། ཧ་ནི་སོ་ལ་གནས་པ་ཡི། ། གནས་སྐབས་ཇི་སྙེད་དེ་བཞིན་དུ། ། མིང་ནི་ཡོད་པ་མ་ཡིན་པ། ། དེ་འདི་བྱང་ཆུབ་སེམས་སུ་འགྱུར། ། རྡོ་རྗེ་ནང་དུ་ཞུགས་གྱུར་པ། ། བསམ་བྱའི་སྙིང་པོའང་དེ་ཉིད་ཡིན། ། ལྷོད་པ་གནས་ཞེས་བྱ་བ་ནི། ། ཚེག་དྲག་བཅས་པའི་ རླུང་ཡིན་ནོ། ། རང་ཉིད་ལྡོག་པར་བྱེད་པའི་མཆོག ། དེ་ནི་སྲོག་དབང་ཡིད་ཀྱང་ཡིན། ། ང་རྒྱལ་དང་ནི་དེ་བཞིན་བློ། ། དེ་དང་ལྡན་པ་བྱང་ཆུབ་སེམས། ། བཞིར་གྲགས་ཆ་ལས་ཡང་དག་བྱུང་། ། ཡོད་མེད་རབ་ཏུ་ཞི་བ་ཅན། ། དངོས་པོ་མེད་པའི་སེམས་འདི་ནི། ། རང་རིག་གཅིག་བུའི་ཡུལ་ ཡིན་ནོ། ། དེ་ཉིད་དོན་ནི་རིག་བྱེད་པ། ། དགོངས་པས་ཡང་དག་བཤད་པ་ཡིན། ། དེ་ནས་གསང་བའི་དགོངས་པ་འདི། ། ཆོས་ཀྱི་ཡི་གེ་མཆོག་ཐོས་ནས། ། བྱམས་པ་ཞེས་ལ་སོགས་པ་ཡི།
BO། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། ངོ་མཚར་རྨད་བྱུང་ལེགས་སྐྱེས་ནས། ། ཆེད་དུ་ བརྗོད་པ་ཆེད་དུ་བརྗོད། ། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། ། ཨེ་མའོ་ཆོས་ནི་སྟོན་མཛད་པ། ། དངོས་ཀུན་དག་པའི་དོན་གཅིག་པུ། ། དག་པ་དེ་ཉིད་དོན་དག་སྟེར། ། རྣམ་པར་མི་རྟོག་མཁའ་མཚུངས་བཤད། ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། བདག་མེད་ཆོས་ལས་ཡང་ དག་བྱུང་། ། བྱང་ཆུབ་ཚོགས་ནི་རྫོགས་བྱེད་པ། ། ངོ་བོ་མེད་ཅིང་དམིགས་སུ་མེད། ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། ཀུན་བཟང་གཅིག་ལས་ཡང་དག་བྱུང་། ། དགོངས་དོན་བྱང་ཆུབ་སྟེར་བ་བོ། ། བྱང་ཆུབ་སྤྱོད་མཆོག་རྡོ་རྗེ་མཆོག ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། དག་ པ་དེ་བཞིན་གཤེགས་པའི་ཐུགས། ། སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། ། རྡོ་རྗེ་གསུམ་ནི་རང་བཞིན་གཅིག ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། དགོངས་པ་ལུང་སྟོན་ལ་དད་བར། ། གང་གང་ཡིད་ནི་བཟོད་གྱུར་པ། ། དམ་ཚིག་གསུམ་གྱིས་རྡོ་རྗེ་ལས། ། དེས་ནི་ དེ་བཞིན་བྱ་བ་ཡིན། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། རྡོ་རྗེ་གསུམ་གྱི་གསང་བ་ལས། ། ཡང་དག་བྱང་ཆུབ་སེམས་བཤད་པ། ། ལེའུ་གཉིས་པ་ཡིན་པར་བཤད། ། ། །
BOདེ་ནས་དེ་ཉིད་གསང་རྡོ་རྗེ། ། གསུམ་དང་ཚུལ་གསུམ་ལམ་གསུམ་མཆོག ། རྣམ་ཐར་ གསུམ་དང་དཀོན་མཆོག་གསུམ། ། དེ་བཞིན་གཤེགས་པ་ཀུན་བདག་པོ། ། དེ་བཞིན་གཤེགས་པ་ཀུན་བཀོད་པ། ། འཕྲོ་བའི་སྤྲིན་གྱི་རྡོ་རྗེ་ཅན། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། དེ་ནས་རྡོ་རྗེ་འཛིན་ལ་གསུངས། ། རྡོ་རྗེ་བཀོད་པ་མཆོག་འདི་ཡི། ། ལེའུ་བརྟུལ་ཞུགས་བཟང་པོ་ཉོན། ། འདི་ནི་དེ་བཞིན་གཤེགས་པ་ཀུན། ། ཕྲ་མོ་རྣལ་འབྱོར་དག་ལ་བཞུགས། ། ཨོཾ་ནི་གཅིག་དང་ཡང་དག་ལྡན། ། ཤཱུ་ནྱ་ཏཱ་ནི་གཉིས་པ་སྟེ། ། ཛྙཱ་ན་ཞེས་ནི་གསུམ་པ་ཡིན། ། བཛྲ་ཞེས་བྱ་བཞི་པའོ། ། སྭ་བྷཱ་བཱཏྨ་ཀཿལྔ་པ། ། ཨ་ཧྃ་ཞེས་པ་དྲུག་པར་བརྗོད། ། དེ་ལྟར་བདེ་གཤེགས་དྲུག་པོ་ནི། ། སྐྱེ་བོ་མཆོག་ལ་བསྟན་པ་ཡིན། ། ཨོྃ་ཤཱུ་ནྱ་ཏཱ་ཟུང་དང་པོ། ། ཛྙཱ་ན་བཛྲ་གཉིས་པ་ཡིན། ། སྭ་བྷཱ་བཱཏྨ་ཀོ྅་ཧྃ་གྱུར། ། དེ་ཉིད་གསུམ་ནི་འདིར་བརྟགས་པའོ། ། དེ་ཉིད་གསུམ་ནི་གཅིག་གྱུར་པར། ། མི་གསལ་གསལ་བའི་མིང་ཅན་ནོ། ། མཁའ་དབུས་སངས་རྒྱས་དཀྱིལ་འཁོར་ནི། ། འོད་ ཟེར་སྤྲིན་གྱི་ཚོགས་ཆེན་པོ། ། ཡི་གེ་མ་ཡི་འོད་ཀྱིས་ཁྱབ། ། ཀུན་ནས་ཡོངས་སུ་ཟླུམ་པོའོ། །
BOའདོད་ཡོན་ལྔ་ཡིས་ཀུན་དུ་ཁྱབ། ། མཆོད་པ་རྣམ་པ་ལྔས་བརྒྱན་པ། ། མདོར་ན་དེ་ལྟར་བསྒོམས་ནས་སུ། ། དབུས་སུ་གཟུགས་ནི་བསྒོམ་པར་བྱ། ། རྣམ་པར་སྣང་མཛད་ཕྱག་རྒྱ་མཆོག ། དེ་ཉིད་གསུམ་གྱི་རྡོ་རྗེས་མཚན། ། ཡང་ན་རྡོ་རྗེ་གསུམ་མགོན་གྱི། ། ཕྱག་རྒྱ་ཡང་ནི་རྣམ་པར་བསྒོམ། ། མི་བསྐྱོད་པ་ཡི་ཕྱག་རྒྱ་ཆེ། ། ཚོགས་ནི་གཉིས་མེད་སྦྱོར་བ་དང་། ། དཀོན་མཆོག་དཔལ་གྱི་རྒྱ་ཆེན་དང་། ། ཚེ་དཔག་མེད་པའི་འོད་བྱེད་དང་། ། དེ་བཞིན་དོན་ཡོད་གཟུགས་ ཅན་རྒྱ། ། སངས་རྒྱས་དཀྱིལ་འཁོར་དག་ཏུ་བསྒོམ། ། རྡོ་རྗེ་གསུམ་གཅིག་རྡོ་རྗེ་ཅན། ། ཨིནྡྲ་ནཱི་ལའི་མདོག་འདྲ་བ། ། རབ་འབར་ཕྱག་ན་རྡོ་རྗེ་བསྣམས། ། རྣམ་པར་གཙིགས་པ་འཇིགས་འཇིགས་ལྟའི། ། འཛམ་བུ་ཆུ་བོའི་གསེར་འོད་འདྲ། ། སངས་རྒྱས་སྤྲིན་གྱིས་རབ་ཏུ་ འཁྲིགས། ། དེ་ཡི་ཕྱག་ན་རྡོ་རྗེ་ཆེ། ། རྩེ་མོ་དགུ་པ་རྣམ་པར་བསྒོམ། ། ཤེལ་དང་ཟླ་བའི་འོད་འདྲ་བ། ། ཐོར་ཚུགས་ཅོད་པན་དག་གིས་བརྒྱན། ། རབ་འབར་ལག་ན་འཁོར་ལོ་བསྣམས། ། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། ། མར་ཀ་ཏ་ཡི་འོད་འདྲ་བ། ། རྡོ་རྗེ་འབར་བས་རྣམ་ པར་བརྒྱན། ། འབར་ཞིང་འབར་བའི་ཚོགས་ཀྱིས་ཁྱབ། །
BOརིན་ཆེན་དེ་ལ་རྣམ་པར་བསྒོམ། ། འདོད་ཆགས་ཆེན་པོ་རྡོ་རྗེ་ཅན། ། པདྨ་རཱ་གའི་མདོག་འདྲ་ཞིང་། ། ཐོར་ཚུགས་ཅོད་པན་དག་གིས་བརྒྱན། ། ཕྱག་ན་པདྨ་བསྣམས་པར་བསྒོམ། ། སྣ་ཚོགས་རྡོ་རྗེ་གདོན་མི་ཟ། ། འོད་ཆེན་ སྣ་ལྔའི་འོད་འདྲ་བ། ། ཞི་བ་སངས་རྒྱས་དཀྱིལ་འཁོར་དུ། ། ཕྱག་ན་རལ་གྲི་བསྣམས་པར་བསྒོམ། ། དེ་ལྟར་རྣལ་འབྱོར་བཤད་པ་དག ། གསང་བའི་བདག་པོས་ཐོས་ནས་ནི། ། ཕྲ་མོའི་རྣལ་འབྱོར་ཆ་དག་ཀྱང་། ། དེ་བཞིན་གཤེགས་བདག་ལ་ཞུས་པ། ། ཕུང་པོ་ཁམས་སོགས་ སྦྱོར་བ་ཡིས། ། དེ་བཞིན་གཤེགས་པས་བཀའ་སྩལ་ན། ། མཁའ་དབུས་སངས་རྒྱས་དཀྱིལ་འཁོར་བུ། ། དེ་རྣམས་ཀྱང་ནི་ཇི་ལྟར་འགྱུར། ། ཅིག་ཤོས་ཕྱི་རོལ་དུ་བསྒོམ་པ། ། དཀྱིལ་འཁོར་སངས་རྒྱས་མིང་ཅན་ནི། ། དངོས་པོ་མེད་པའི་དངོས་པོ་ལ། ། སྒོམ་པ་པོ་རྣམས་ཇི་ལྟར་བརྟག ། མགོན་པོ་ཕྲ་མོའི་རྣལ་འབྱོར་འདི། ། དཀྱིལ་འཁོར་གང་ཞིག་བཀའ་སྩོལ་ཞེས། ། གང་ཞིག་མ་འོངས་པ་རྣམས་ནི། ། འདི་ལྟར་མཆོག་ཏུའང་སོམ་ཉི་འཚལ། ། ལག་ན་རྡོ་རྗེ་གྲགས་ལྡན་པ། ། ཕྲ་མོའི་རྣལ་འབྱོར་དེ་ཉིད་སྐྱེས། ། འགྲོ་བ་གཉིས་མེད་སྦྱོར་བ་ཡིས། ། ཕྲ་བ་དགོངས་ པས་གསུངས་པ་ཡིན། །
BOརྣམ་ལྔ་མངོན་པར་བྱང་ཆུབ་འདི། ། མ་འོངས་སྐྱེ་བོའི་རྒྱུར་གྱུར་པ། ། ཆོས་ནི་ཡང་དག་སྡུད་གྱུར་གང་། ། ཇི་ལྟ་ཇི་ལྟར་སྟོན་པར་བྱེད། ། ཕུང་པོ་ཉིད་ནི་སངས་རྒྱས་གྱུར། ། བྱང་ཆུབ་དོན་གྱི་རྐྱེན་ལས་བྱུང་། ། དེ་ཡང་དེ་བཞིན་གཤེགས་བཤད་པ། ། དེ་ཉིད་གཉིས་ མེད་སྦྱོར་བས་སོ། ། སྟོན་དང་འཇོག་པ་པོ་འདི་ནི། ། བློ་ཡི་དངོས་གྲུབ་སྟོན་པ་པོ། ། ཐོག་མཐའ་མེད་པ་རྣལ་འབྱོར་ནི། ། ཕྲ་མོ་ཞེས་ནི་བྱ་བར་བརྟག ། མི་གསལ་གསལ་བར་ཡང་དག་སྦྱོར། ། དངོས་མེད་ངོ་བོ་ལས་སྐྱེས་པའོ། ། གཟོད་མ་ཉིད་ནས་རབ་གྲུབ་པ། ། གཅིག་དང་དུ་མ་རྣམ་སྤངས་པ། ། རྟེན་འབྲེལ་ཆོས་ཞེས་གྲགས་པ་སྟེ། ། དངོས་པོ་ཐམས་ཅད་གཅིག་ཏུ་བྱུང་། ། བདག་ཉིད་འདི་འདྲར་བྱས་ནས་ནི། ། ཆོས་ཀྱི་དཀྱིལ་འཁོར་ཡང་དག་བྲི། ། དམར་དང་ནག་དང་དེ་བཞིན་སེར། ། དཀར་པོ་ཉིད་ནི་མདོ་རུ་སྟེ། ། བཞི་བཞི་གཅིག་ ཏུ་སྦྱོར་བ་ཡང་། ། གོས་དཀར་ལ་སོགས་ཡང་དག་བྲི། ། དེ་རྣམས་དབུས་སུ་ལྷ་མོར་བཅས། ། ཞི་སྦྱོར་མཆོག་དང་མཆོག་མིན་ཅན། ། སྟེང་དང་ཐད་ཀ་མཉམ་དང་འོག ། ཇི་ལྟ་ཇི་ལྟར་གོས་དཀར་སོགས། ། མེ་དང་རླུང་དང་དབང་ཆེན་དང་། ། ཆུ་སྟེ་སོ་སོའི་དཀྱིལ་འཁོར་ལ། །
BO{བཅྭ་,བཅོ་}བརྒྱད་དག་ཏུ་ཡང་དག་བཤད། ། དེ་ཡང་འདི་ཉིད་དག་ལ་བཤད། ། ཇི་ལྟར་འོ་མ་ཁྱད་པར་ནི། ། མར་སར་གནས་པར་གྱུར་པ་ཡིན། ། དེ་བཞིན་གོས་དཀར་ལ་སོགས་ལ། ། ཞི་བ་ཉིད་ནི་དེ་གནས་སོ། ། གཟུགས་ལ་སོགས་པ་ནང་གི་ཆོས། ། མཐོང་བ་དེ་ནི་ལྷག་མཐོང་ ཡིན། ། མི་བསྐྱོད་ལ་སོགས་གྲངས་ཇི་བཞིན། ། རྟོག་པ་དག་ནི་ཞི་གནས་ཡིན། ། འདི་གཉིས་དངོས་པོ་མེད་པའི་བདག ། དེ་བཞིན་ཉིད་ནི་ཞི་ཞེས་བྱ། ། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། ། སངས་རྒྱས་ཐམས་ཅད་གཞུག་པར་བྱ། ། རྣལ་འབྱོར་བ་ཡི་དབུགས་རྔུབ་དབྱུང་། ། སྦྱོར་བ་དེ་ཉིད་གཅིག་པ་ཉིད། ། ཤེས་རབ་ཐབས་ལ་གནས་ནས་ནི། ། སྔགས་ཀྱི་ཡན་ལག་མ་ཉམས་བཟླས། ། བྱ་བ་ཐམས་ཅད་ཉིད་དུ་ཡང་། ། རྣལ་འབྱོར་རིག་བས་ཉལ་སོགས་ལ། ། མིང་མང་བརྗོད་དུ་མེད་པ་དང་། ། དུས་གསུམ་འདས་པ་རྟག་ཏུ་བཟླ། ། གོས་དཀར་ལ་སོགས་ བཟླས་བཤད་པ། ། བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། ། བཞི་པ་ལེགས་པར་བསྒྲེས་པ་ཡིས། ། སྦྱོར་བཞིས་བསྡུས་པ་བརྒྱ་ཕྲག་དགུ། ། དགུ་བརྒྱ་དག་ཏུ་གང་བསྟན་པ། ། ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། ། དེ་ནི་སོ་སོར་འབྱུང་བ་ལས། ། ཉི་ཁྲི་གཅིག་སྟོང་དྲུག་བརྒྱའོ། །
BOདེ་འདིར་གསང་ བ་དགོངས་པ་ཡིས། ། ཕྲ་མོའི་རྣལ་འབྱོར་བསྟན་པ་ཡིན། ། ཀློག་དང་བསམ་གཏན་མེད་མོད་ཀྱི། ། འོན་ཀྱང་བཟླས་པ་ཡིན་པར་བཤད། ། དེ་ལྟར་རྣམ་པ་མང་པོ་ཡི། ། འགྲོ་ལ་ཕན་པའི་གསུང་ཐོས་ནས། ། དེ་བཞིན་གཤེགས་ཀུན་བདག་པོ་ལ། ། རྡོ་རྗེ་ཅན་གྱིས་སླར་ཡང་ཞུས། ། གང་ཞིག་བསྒོམས་ན་མ་འོངས་འགྲོ། ། ཐམས་ཅད་མི་རྟོག་པར་འགྱུར་བ། ། རྡོ་རྗེ་གསུམ་གྱི་སྙིང་པོ་མཆོག ། སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། ། དེ་ཉིད་གསུམ་ཉིད་མེད་སྦྱོར་བ། ། དེ་ནི་ཕྲ་མོའི་རྡོ་རྗེ་བསྒོམ། ། མྱུར་བ་ལ་སོགས་གསུམ་སྤངས་པའི། ། རྣལ་འབྱོར་པར་ཡང་ བདག་ཅག་འགྱུར། ། དེ་ནི་བདག་རིག་ཡིད་ཆེས་ཤིང་། ། ཞི་བ་ཉིད་ནི་མི་ཤེས་འགྱུར། ། ཕྲ་མོའི་རྣལ་འབྱོར་གཙོ་སྤངས་ཏེ། ། ལོག་པའི་རྣལ་འབྱོར་ཀུན་དུ་བསྟེན། ། སྟོན་པ་པོ་ཡི་སྦྱོར་སྨྲ་ཞིང་། ། ཕྲ་མོ་ཞེས་བྱ་དེ་ཉིད་ནི། ། མ་འོངས་དུས་ན་སྤོང་འགྱུར་བ། ། དེ་ཉིད་དེ་ནི་ངེས་པར་ བྱེད། ། དེ་ནས་རྡོ་རྗེ་འཛིན་སྨྲ་བའི། ། ལུང་བསྟན་པ་ནི་གསན་པ་དང་། ། དེ་བཞིན་གཤེགས་པ་ཀུན་བདག་པོ། ། ཆོས་དབྱིངས་ངོ་བོ་ཉིད་ཅེས་བྱའི། ། ཏིང་ངེ་འཛིན་དེ་ཀུན་ནས་ནི། །
BOསྙོམས་པར་ཞུགས་པ་ཉིད་དུ་མཛད། ། དཔལ་ལྡན་སྙོམས་པར་ཞུགས་མཛད་ནས། ། གསང་སྔགས་ འདི་ནི་བཀའ་སྩལ་ཏོ། ། སྐུ་གསུང་ཐུགས་ནི་རྡོ་རྗེར་བཤད། ། ཁྱད་པར་དུ་ནི་བྱིན་རློབ་པ། ། གཉིས་མེད་རྡོ་རྗེ་གསུམ་སྦྱོར་བས། ། དེ་ནི་ཡང་དག་བཤད་པར་བྱ། ། ཨོཾ་ནི་དང་པོར་ཤེས་པར་བྱ། ། དྷརྨ་ཞེས་བྱ་གཉིས་པའོ། ། དྷཱ་ཏུ་ཞེས་བྱ་གསུམ་པར་བཤད། ། སྭ་བྷཱ་བར་ གྲགས་བཞི་པའོ། ། ཨཱཏྨ་ཀཿནི་ལྔ་པ་ཡིན། ། ཨ་ཧྃ་དུ་གྱུར་དྲུག་པར་འདོད། ། སྔགས་འདི་བརྗོད་ནས་དེ་འོག་ཏུ། ། བསྒོམ་པ་བདག་ཉིད་ཅན་གྱིས་བསྒོམ། ། རིན་ཆེན་ཁ་དོག་སྣ་ལྔ་པ། ། ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། ། ཉམས་དགའ་རི་རབ་རྩེ་མོ་རུ། ། རྣལ་འབྱོར་པ་ཡི་ རྟག་པར་བསྒོམ། ། རིན་ཆེན་མི་གཡོར་གྱུར་ནས་སྤྲོ། ། མི་གཡོར་མ་གྱུར་སྤྲོ་མི་བྱ། ། སངས་རྒྱས་འབར་བའི་འོད་འདྲ་བ། ། མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ། ། འཁོར་ལོ་རྡོ་རྗེ་སྤྲིན་ཆེན་དང་། ། པདྨ་རལ་གྲི་མཚོན་ཆ་མཆོག ། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམས། ། སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། ། ཕྲ་མོ་དཀྱིལ་འཁོར་དབུས་གནས་པར། ། རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། ། བཟླས་དང་བསྒོམ་པའི་སྦྱོར་བ་ཡང་། །
BOཔདྨའི་དཀྱིལ་འཁོར་དག་ཏུ་བསྒོམ། ། རིན་ཆེན་ལྟ་བུའི་དཀྱིལ་འཁོར་དུ། ། དངོས་ལ་བརྩོན་པས་རིན་ཆེན་ བསྒོམ། ། དཀྱིལ་འཁོར་སྦྱོར་བ་ལས་བྱུང་བ། ། ནམ་མཁའི་དཀྱིལ་དུ་བྲི་བར་བྱ། ། འདི་དག་སངས་རྒྱས་རབ་མཆོག་གི། ། ཕྲ་མོ་རྡོ་རྗེ་གསུམ་བསྒྲུབ་པའོ། ། རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ། ། ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པའོ། ། དགོངས་པ་གསང་བ་ཞེས་པ་ཡི། ། ལུང་སྟོན་དམ་ པ་འདི་ལ་ནི། ། གང་གིས་སེམས་ནི་བཟོད་གྱུར་པ། ། དེ་ནི་དེ་བཞིན་བྱེད་པ་ཡིན། ། དེ་བཞིན་གཤེགས་པ་ཀུན་གྱི་གསང་། ། རྡོ་རྗེ་ཕྲ་མོ་དེ་ཉིད་ལས། ། འདི་ནི་རྡོ་རྗེ་བཀོད་པའི་མཆོག ། ལེའུ་གསུམ་པ་ཉིད་ཡིན་ནོ། ། ། ། དེ་ནས་བཅོམ་ལྡན་འདས་ཐམས་ཅད། ། གཉིས་ སུ་མེད་པར་གྱུར་ནས་ནི། ། སླར་ཡང་རྡོ་རྗེ་གསུམ་བདག་ལ། ། བསྟོད་པས་དེ་རྣམས་གསོལ་བ་འདེབས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ། ཞི་བ་གནས་རྣམས་མཆོག་གྱུར་པ། ། ཆོས་ཀུན་གཅིག་ཏུ་བདག་མེད་པ། ། དཀྱིལ་འཁོར་མཆོག་འདི་བཤད་དུ་གསོལ། ། ཡོངས་སུ་རྫོགས་པར་ཡང་དག་བརྒྱན། ། མཚན་རྣམས་ཀུན་གྱིས་མཚན་པའོ། ། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག ། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །
BOཡེ་ཤེས་སྤྱོད་པའི་དོན་ལས་བྱུང་། ། ཞི་བའི་ཆོས་ནི་སྦྱོང་བ་བོ། ། ཀུན་དུ་བཟང་པོ་གསུང་གི་མཆོག ། དངོས་མཆོག་དཀྱིལ་ འཁོར་བཤད་དུ་གསོལ། ། རང་བཞིན་གྱིས་ནི་དྲི་མེད་དག ། སེམས་ནི་ཀུན་དུ་བཟང་པོ་ཉིད། ། སེམས་ཅན་ཀུན་གཅིག་ཆེ་བའི་མཆོག ། དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། ། དེ་ནས་སྟོན་པ་བཅོམ་ལྡན་འདས། ། ཁམས་གཅིག་ཁམས་ནི་གསུམ་པ་པོ། ། འཇིག་རྟེན་གསུམ་མཆོག་ རྡོ་རྗེ་མཆོག ། འཇིག་རྟེན་གསུམ་གྱི་སྟོན་པ་པོ། ། ཉམས་དགའ་དེ་བཞིན་གཤེགས་པའི་གནས། ། དེ་བཞིན་གཤེགས་པ་ཀུན་དག་ལ། ། ཐུགས་དེ་དཀྱིལ་འཁོར་འདྲ་བ་སྟེ། ། དཀྱིལ་འཁོར་དམ་པ་བཀའ་སྩལ་ཏོ། ། དེ་ནས་སེམས་ཀྱི་དཀྱིལ་འཁོར་མཆོག ། རྡོ་རྗེ་ཡེ་ཤེས་ རབ་འདྲ་བ། ། སྐུ་དང་གསུང་དང་ཐུགས་རྣམས་ཀྱི། ། དཀྱིལ་འཁོར་རབ་ཏུ་བཤད་པར་བྱའོ། ། འདི་ནི་གསང་བའི་བདག་ཉིད་མཆོག ། ལེགས་བསྒྲིལ་དེ་བཞིན་ཉིད་བསྟན་པའོ། ། སྣ་ཚོགས་ལུང་གི་མཚན་མ་ནི། ། ཚད་མ་བཟང་པོར་དེ་བཤད་དོ། ། ཀུན་རྫོབ་དང་ནི་དོན་དམ་དག ། གཉིས་སུ་མེད་པ་མཛེས་པ་ཡིན། ། ཤེས་རབ་འདི་ནི་ཐིག་ཡིན་ཏེ། ། ཐབས་ནི་དེ་ཡི་རྗེས་འཇུག་པའོ། ། ཤེས་རབ་ཐབས་ཀྱི་ཐིག་གཅིག་གིས། །
BOཆོས་དང་ལོངས་སྤྱོད་རྫོགས་མཆོག་ནི། ། སེམས་ཀྱི་དཀྱིལ་འཁོར་ཐིག་གདབ་སྟེ། ། རྟེན་འབྲེལ་ཡན་ལག་བཅུ་གཉིས་པ། ། འཕགས་པའི་ བདེན་བཞི་ངོས་བཞི་སྟེ། ། ཚངས་པའི་གནས་བཞི་གྲྭ་བཞི་ཡིན། ། བསྡུ་བའི་དངོས་གྲགས་སྒོ་ཡིན་ཏེ། ། རེ་རེའང་བཞི་བཞི་མིང་ཅན་ནོ། ། ཆོས་ཀྱི་དེ་ཉིད་དོན་གྱི་བརྡ། ། འཁོར་ལོ་ནང་གི་དཀྱིལ་འཁོར་རོ། ། མི་ཕྱེད་ཡེ་ཤེས་མཚན་མ་དེ། ། རྡོ་རྗེ་ཨིནྡྲ་ནཱི་ལ་རྒྱ། ། རྣམ་པ་ལྔ་ཡིས་ རབ་བྱེ་བའི། ། རྩེ་མོ་འཁོར་བ་འཇིག་བྱེད་པའོ། ། ཤར་ནས་མེ་ལོང་ངོ་བོ་ནི། ། འཁོར་ལོ་འབར་བའི་འོད་ཀྱིས་བརྒྱན། ། ལྷོ་རུ་ཀུན་མཉམ་ཡེ་ཤེས་ཡིན། ། གཅིག་གི་མིང་ཅན་རིན་པོ་ཆེ། ། ནུབ་ཏུ་སོ་སོར་རྟོག་པདྨ། ། པདྨ་རཱ་གའི་འོད་འདྲ་བ། ། བྱང་དུ་གོང་མའི་སེམས་གང་ཡིན། ། འགྲོ་བའི་རྣམ་རྟོག་འཇོམས་བྱེད་པ། ། བྱ་བ་སྒྲུབ་པ་རལ་གྲིར་འགྱུར། ། འོད་འཕྲོ་འབར་བ་འདྲ་བའི་མདོག ། ཤར་ལྷོ་བྱམས་པའང་སྤྱན་ཡིན་ཏེ། ། སྤྲིན་སྔོན་དང་ནི་མཉམ་པའི་འོད། ། ལྷོ་ནུབ་སྙིང་རྗེ་ཞེས་བྱ་བ། ། མཱ་མ་ཀཱི་ནི་རིགས་རྡོ་རྗེ། ། ནུབ་བྱང་པདྨ་ཞེས་བྱ་བ། ། དགའ་བ་ ལེགས་པར་གནས་པ་བཞིན། ། བྱང་ཤར་ཨུཏྤལ་ལྟར་སྣང་བའི། །
BOབཏང་སྙོམས་བཅས་པ་སྔོན་པོ་འདྲ། ། དེ་བཞིན་ཤར་སྒོར་སྦྱིན་པ་ནི། ། ཐོ་བ་མདངས་ལྡན་འོད་དང་བཅས། ། དེ་བཞིན་སྙན་སྨྲ་ཞེས་གྲགས་པ། ། དབྱིག་པ་འོད་བཟང་རྡོ་རྗེ་འབར། ། ནུབ་ཏུ་དོན་སྤྱོད་ཅེས་བྱ་བ། ། རྟ་མགྲིན་གྱི་ནི་པདྨའོ། ། དོན་མཐུན་པ་ནི་རྡོ་རྗེ་སྟེ། ། རྡོ་རྗེ་འཁྱིལ་པའི་རྡོ་རྗེ་ཅན། ། ཕྱག་རྒྱ་དགོད་པའི་མཚན་ཉིད་དེ། ། འདི་ནི་ལེགས་པར་བཤད་པ་ཡིན། ། ཇི་ལྟར་དབྱིབས་ཀྱིས་མཆོད་པ་ནི། ། རྣམ་གསུམ་བསྒོམས་པས་འགྱུར་བ་ཡིན། ། དང་པོར་ཆེན་པོ་ཡོད་པ་ཡི། ། ཕྱག་རྒྱའི་ དཀྱིལ་འཁོར་ཡིན་པར་བཤད། ། དེ་ལྟར་མཁའ་དང་མཚུངས་གྱུར་དང་། ། ཤེས་ནས་འགྲོ་ལ་ཕན་པར་འགྱུར། ། རྡོ་རྗེ་གསུམ་དང་ལྷན་ཅིག་འབྱུང་། ། དེ་ཚེ་ཟླ་ཟེར་ཕྲེང་བ་ཡི། ། སྐད་ཅིག་ལ་སོགས་དུས་དབྱེ་བས། ། ལོ་གྲངས་བཅུ་དྲུག་པ་ཡི་མིང་། ། མ་སྐྱེས་པར་འབྱུང་ ཞི་བ་ནི། ། བུད་མེད་ཅེས་ནི་ངེས་པར་བཤད། ། ཞི་བའི་ཆོས་དང་རྗེས་དྲན་པ། ། མདངས་{བཟངས་,བཟང་}འོད་ནི་ཡིན་པར་གསུངས། ། རྟེན་འབྲེལ་བག་ཆགས་དྲི་ཡིན་ཏེ། ། ཡེ་ཤེས་ཁ་བྱེ་མེ་ཏོག་གོ། ། དངོས་པོ་མེད་པ་རིགས་ཡིན་ཏེ། ། ཀུན་མཁྱེན་ཡེ་ཤེས་དབུས་ཉིད་དོ། །
BOཆོས་ དབྱིངས་ཉིད་ཀྱི་བུད་མེད་ནི། ། ཤེས་རབ་འདི་འདྲས་མཉེས་པར་བྱ། ། ནང་ན་མ་ཡིན་ཕྱི་མ་ཡིན། ། གཉི་གར་མ་ཡིན་གཞན་ནས་མིན། ། གནས་མེད་གནས་པའི་རྣལ་འབྱོར་གྱུར། ། དེ་བས་མཱ་མ་ཀཱིར་བཤད་དོ། ། དེ་ཡི་ངོ་བོ་ཉིད་གཅིག་པ། ། བྱིན་གྱིས་བརླབས་པས་དེ་བཤད་དོ། ། ནམ་མཁའ་དང་ནི་གཅིག་ཏུ་མཚུངས། ། སངས་རྒྱས་ཞི་བའི་གནས་སུ་འགྱུར། ། དེ་བས་ཡུལ་དུ་རྣམ་བརྟགས་པ། ། བསྡུ་བ་དག་ནི་བཤང་བ་ཡིན། ། ཡེ་ཤེས་དབང་པོ་སྟོང་པ་གཅི། ། རྣམ་དག་ཆོས་ཉིད་ཁུ་བ་ཡིན། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྲག ། རང་བཞིན་ཆོས་ སུ་ཡོངས་བརྟགས་པ། ། དེ་ཉིད་ལྷ་རྣམས་ཞེས་བྱ་སྟེ། ། དངོས་མེད་པ་ནི་དབུལ་བ་ཡི། ། དེ་བྱས་སངས་རྒྱས་སྲས་པོ་རྣམས། ། ཁྱད་པར་དུ་ནི་མཉེས་པར་འགྱུར། ། གང་ཡང་འཇིག་རྟེན་པས་བརྟགས་པ། ། དེ་རྣམས་ཇི་སྐད་བཤད་པ་ཉིད། ། མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པ། ། སར་པ་ཉིད་དུ་བཀལ་ལེགས་དང་། ། ཤིན་ཏུ་ཚད་ལྡན་མཛེས་པ་ཡི། ། ཐིག་གིས་མཁས་པས་ཐིག་གདབ་བོ། ། བློ་ལྡན་དཀྱིལ་འཁོར་བརྟག་བྱ་བ། ། ཁྲུ་ནི་བཅུ་གཉིས་ཚད་ཙམ་ལ། ། ངོས་བཞི་དང་ནི་གྲྭ་བཞིར་ལྡན། ། རྟ་བབས་ཀྱིས་ནི་མཛེས་པར་བྱ། །
BOདེ་ཡི་དབུས་སུ་ འཁོར་ལོ་ནི། ། དགོངས་པས་དང་པོ་བཤད་པ་སྟེ། ། དེ་ལས་བཟློག་པའི་ཚུལ་གྱིས་ནི། ། འདི་ན་འཇིག་རྟེན་པ་རྣམས་རྟོག ། གང་ཞིག་འཇིག་རྟེན་འདས་ལ་གནས། ། དེ་ནི་གཟུངས་ཀྱིས་དབང་བསྐུར་བ། ། དངོས་མེད་པ་ནི་འཛིན་པ་དག ། ཡིད་ནི་རྟག་ཏུ་མཁའ་དང་མཚུངས། ། དམ་པ་འཇིག་རྟེན་ཤིན་ཏུ་འདས། ། འཁོར་བ་དང་ནི་ཅིག་ཤོས་སྤངས། ། ལེན་པ་མ་ཡིན་གཏོང་བ་མིན། ། མེད་པ་མ་ཡིན་གནས་མ་ཡིན། ། བློ་ལྡན་ཀུན་དུ་འདི་ཤེས་པ། ། རྣལ་འབྱོར་ཐམས་ཅད་རིག་པ་མཆོག ། ཐུགས་ཀྱི་དཀྱིལ་འཁོར་ལེའུ་འདི་ནི། ། ངེས་པའི་རྣལ་འབྱོར་ པ་ཞེས་བཤད། ། དགོངས་པ་ལུང་བསྟན་ཡིད་འོང་ལ། ། གང་ཞིག་ཡིད་ནི་བཟོད་གྱུར་ན། ། དེ་རྣམས་ཤེས་རབ་ཐབས་དག་ནི། ། ཇི་ལྟར་གནས་པ་དེ་ལྟར་བྱེད། ། གསང་བའི་དགོངས་པ་ལུང་བསྟན་ལས། ། དེ་ལས་ཐུགས་ཀྱི་དཀྱིལ་འཁོར་གྱི། ། ལེའུ་བཞི་པ་ ཉིད་ཡིན་ནོ། ། ། ། དེ་ནས་དེ་བཞིན་གཤེགས་པ་མཆོག ། རྡོ་རྗེ་གསུང་གཙོ་འགྲོ་བའི་བླ། ། སླར་ཡང་རྡོ་རྗེ་འཛིན་པ་ལ། ། སྔགས་སྤྱོད་དོན་གྱི་དེ་ཉིད་ཞུས། ། སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་གཅིག ། ཁྱད་པར་དུ་ནི་བསྲུང་བསླབ་པ། ། དེ་རྣམས་ཀྱི་ནི་དགོངས་པའི་གསུང་། །
BOསྤྱོད་པ་བཅོམ་ལྡན་བཤད་དུ་གསོལ། ། དེ་ནས་བདག་པོ་དེ་བཞིན་གཤེགས། ། རྡོ་རྗེ་འཛིན་པ་དག་གི་ཚིག ། གསན་ནས་འགྲོ་བའི་དོན་གཅིག་པུ། ། གསུངས་པའི་དོན་ཅན་བཀའ་སྩལ་ཏོ། ། མི་རྟོག་དོན་ལས་ཡང་དག་བྱུང་། ། ཞེ་སྡང་ལ་འཇུག་མཚན་ཉིད་ཡིན། ། དངོས་མེད་ལ་ གནས་གཏི་མུག་སྟེ། ། འདོད་ཆགས་འདོད་ཆགས་ལས་བྱུང་བ། ། འདོད་ཆགས་ལྡན་པའི་མིང་ཅན་ཡིན། ། ཐེག་པ་མཆོག་ནི་བླ་མེད་པ། ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། ། འདི་དག་རིགས་སུ་ཡང་དག་བཤད། ། དངོས་གྲུབ་དེ་ནི་འདི་སྒྲུབ་བོ། ། རིགས་ངན་མྱུར་བར་ཤེས་ པར་བྱ། ། སྨྱིག་མཁན་དག་ནི་དལ་བ་ཡིན། ། མཚམས་མེད་བྱེད་པ་གཉི་ག་སྟེ། ། གསོད་པ་དོན་གཉེར་སེམས་པ་པོ། ། ཐེག་པ་ཆེན་པོ་བླ་མེད་པའི། ། ཐེག་པ་མཆོག་འདི་འགྲུབ་པར་འགྱུར། ། སེམས་ཅན་སྡིག་ཆེན་བྱས་པ་དང་། ། གཞན་ཡང་མཚམས་མེད་བྱེད་པ་པོ། ། གང་ཡང་སློབ་དཔོན་སྨོད་པ་ཡིས། ། བསྒྲུབས་ཀྱང་གྲུབ་པར་མི་འགྱུར་རོ། ། འདི་ཉིད་དད་པས་མྱུར་དུ་ནི། ། ཞེ་སྡང་དག་ལ་གནས་པས་གནས། ། གང་གིས་ཕུང་སོགས་དངོས་མེད་པར། ། ཞི་གནས་ལས་བྱུང་སེམས་ཀྱིས་བྱས། ། དེ་ནི་སྲོག་གཅོད་བྱེད་པ་སྟེ། ། ཐེག་པ་ མཆོག་ལ་གནས་པ་ཡིན། །
BOནང་དང་དེ་བཞིན་ཕྱི་རོལ་དག ། རྟེན་འབྱུང་གཉིས་སུ་སྟོན་པ་ནི། ། དེ་ནི་{བརྫུན་,རྫུན་}སྨྲ་དགའ་བ་སྟེ། ། གནས་མེད་ལ་གནས་རྣལ་འབྱོར་པའོ། ། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་། ། དེ་ནི་རྫས་སུ་ཤེས་བྱ་སྟེ། ། དེ་འཕྲོག་ངང་ཚུལ་གང་ཡིན་ པ། ། གཞན་གྱི་ནོར་ལ་ཆགས་པར་འདོད། ། གང་ཞིག་དེ་ཉིད་དངོས་གཅིག་པ། ། དེ་བཞིན་ཉིད་ལ་རྟག་སྦྱོར་བ། ། སེམས་ཅན་དེ་དེ་འདོད་ལ་དགའ། ། བསྒྲུབ་པ་མཆོག་ལ་དམ་པར་འགྱུར། ། དེ་ཡི་སྟོང་ཉིད་གཏི་མུག་ལ། ། ཡུལ་ནི་བཤང་བ་ཞེས་གྲགས་ཏེ། ། དབང་པོ་ གཅི་བ་ཞེས་བྱ་ལ། ། དེ་དག་ཞི་བ་ཟ་བ་ཡིན། ། ཐེག་པ་ཆེན་པོ་ཆོས་མཆོག་འདིར། ། དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། ། དེ་དག་ཚེ་{བརྫུན་,རྫུན་}འདོད་པ་དང་། ། བཤང་གཅི་ཟས་སུ་བྱེད་པ་པོ། ། ཤེས་རབ་ཕ་རོལ་ཕྱིན་ཤེས་རབ། ། ཆོས་ཀྱི་སྐུ་ནི་མ་གཅིག་པུ། ། གཉིས་མེད་དེ་ བཞིན་ཉིད་སྦྱོར་བ། ། དངོས་མེད་ཅེས་བྱ་འདོད་སྤྱོད་པ། ། ལོངས་སྤྱོད་རྫོགས་དང་མཉམ་གང་ཡིན། ། དེ་ཉིད་སྲིང་མོ་ཡིན་པར་འདོད། ། རང་ལྷའི་རྣལ་འབྱོར་ལྡན་པ་ཡི། ། གསང་སྔགས་ལུས་ཀྱིས་མཉེས་པར་བྱ། ། བཤང་གཅི་ཟས་སུ་བྱེད་པ་ཡི། ། སྤྲུལ་སྐུའི་གཟུགས་ཅན་བུ་ མོ་དེ།
BO། སྒྲུབ་པ་པོས་ནི་བསྒོམ་པར་བྱ། ། མ་དང་སྲིང་མོ་བུ་མོ་ནི། ། འདི་འདྲ་རྣལ་འབྱོར་པས་མཉེས་བྱས། ། ཐེག་པ་མཆོག་གི་ཆོས་ཉིད་ལ། ། དངོས་གྲུབ་རྒྱ་ཆེན་དེས་ཐོབ་བོ། ། ཇི་ལྟར་མི་རྟོག་ནམ་མཁའ་ནི། ། ཀུན་དུ་ཁྱབ་པར་གནས་གྱུར་བ། ། འདི་ནི་སྒོམ་པ་ཞེས་བཤད་དེ། ། ཏིང་ འཛིན་བསམ་ཁྱབ་ཅེས་བྱ་བ། ། དེ་ཉིད་འཇིག་རྟེན་པར་བྱུང་བ། ། རྟོག་པ་དགའ་བའི་མིང་ཅན་ནོ། ། སངས་རྒྱས་ཡུམ་གྱི་ཡེ་ཤེས་ལ། ། འདོད་སྤྱོད་གོས་པར་མི་འགྱུར་ཏེ། ། རྣམ་པར་མི་རྟོག་སྦྱོར་གཅིག་གིས། ། མྱུར་དུ་སངས་རྒྱས་དེས་ཐོབ་འགྱུར། ། དེ་ནས་བཅོམ་ལྡན་ འདས་གསུང་ནི། ། སྒྲིབ་ཀུན་སེལ་བ་ལ་སོགས་པའི། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེས། ། ཐོས་ནས་ངོ་མཚར་རྨད་དུ་གྱུར། ། འདི་ནི་བདག་པོ་བཅོམ་ལྡན་འདས། ། དེ་བཞིན་གཤེགས་པ་ཀུན་གྱི་བདག ། ཅི་ཡི་སླད་དུ་ཚིག་ངན་པ། ། དེ་བཞིན་གཤེགས་ འཁོར་ནང་དུ་གསུང་། ། འདོད་ཆགས་བྲལ་དང་ཆགས་བཅས་དང་། ། གཏི་མུག་བྲལ་བ་རྨོངས་བཅས་དང་། ། ཞེ་སྡང་བྲལ་བ་སྡང་བཅས་པའི། ། རིགས་ཀྱི་དངོས་གྲུབ་སྟོན་མཛད་ཅིང་། ། གང་གཞན་སྡིག་པའི་ཉེས་པ་དང་། ། འཚེ་བ་ལ་སོགས་ཡོངས་སྤངས་པ། །
BOའདིར་ནི་དེ་ བྱེད་སེམས་ཅན་རྣམས། ། སྣོད་ཡིན་ཞེས་ནི་ཐུབ་གསུང་ངམ། ། དེ་ནས་མགོན་པོ་ཐུགས་རྗེ་ཅན། ། སེམས་ཅན་ཀུན་ལ་ཕན་དགྱེས་པས། ། དེ་བཞིན་གཤེགས་པ་ཐམས་ཅད་དང་། ། བྱང་ཆུབ་སེམས་དཔའ་ལ་གསུངས་པ། ། འདི་ནི་ས་ཁམས་དང་མཉམ་པ། ། སེམས་ཅན་ ཀུན་འཛིན་གཅིག་པུ་པ། ། ཆུ་ཁམས་རྟོག་དང་བྲལ་བ་པོ། ། སྣ་ཚོགས་གསལ་བར་འགྱུར་བ་ཡིན། ། བདག་པོ་མེ་ཡི་གཟུགས་ཅན་ཏེ། ། ཐམས་ཅད་ཟ་བར་ཉེ་བར་སྦྱོར། ། དེ་བཞིན་ཕྱི་ནང་བདག་ཉིད་མཆོག ། འགྲོ་ལ་གོས་པའི་དྲི་གཅིག་པུ། ། བཅོམ་ལྡན་སྣ་ཚོགས་ནམ་ མཁའ་མཚུངས། ། ཐམས་ཅད་སྣང་ཞིང་ཟབ་པ་པོ། ། དེ་ཉིད་བདག་ཉིད་བདག་ཡིན་པར། ། བསྒོམས་ན་རྐང་གཉིས་མཆོག་ཏུ་འགྱུར། ། སྙིང་པོ་ཞེས་བྱ་སངས་རྒྱས་ཀྱི། ། ཆོས་ཉིད་དག་པ་འདི་ཡིན་ཞིང་། ། སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱི། ། བྱང་ཆུབ་སྤྱོད་པའི་མཆོག་འདི་ཡིན། ། དེ་ནས་བརྗོད་མི་ལང་ཞེས་པ། ། བརྗོད་མི་ལང་བ་ཉིད་གྱུར་པ། ། སངས་རྒྱས་ཞིང་རྡུལ་གྲངས་མཉམ་དེ། ། སྒྲིབ་པ་ཐམས་ཅད་སེལ་ལ་སོགས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། ཀུན་ནས་འཇིགས་ཤིང་སྐྲག་གྱུར་ནས། ། འཁོར་གྱི་དཀྱིལ་འཁོར་དེ་ཐམས་ཅད། །
BOགཅིག་ ཏུ་བརྒྱལ་བ་ཉིད་གྱུར་ཏོ། ། དེ་ནས་གསང་དབང་རྡོ་རྗེ་གསུང་། ། གཉིས་མེད་དེ་བཞིན་གཤེགས་ཀུན་གྱིས། ། བྱང་ཆུབ་སེམས་དཔའ་བརྒྱལ་བ་རུ། ། གཟིགས་ནས་གཙོ་ལ་འདི་སྐད་གསོལ། ། མགོན་པོ་སྒྲིབ་ཀུན་སེལ་ལ་སོགས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེ། ། རང་བཞིན་ཆོས་ཉིད་ཇི་ལྟ་བར། ། འདི་རྣམས་བསླང་བར་མཛད་དུ་གསོལ། ། མི་གཡོ་བ་ནི་གསང་བ་སྟེ། ། ཞི་བ་གཅིག་པུ་བདེ་བའི་མཆོག ། རྫོགས་པའི་བྱང་ཆུབ་ཐོབ་བྱེད་པ། ། འདི་ནི་དགོངས་པས་གསུངས་པ་ཡིན། ། དངོས་པོ་མེད་ཅིང་འཁྲུག་པ་མེད། ། ཡིད་འོང་རྡོ་རྗེ་ཚིག་གཅིག་པུ། ། འགྲོ་བའི་བསམ་པའི་དབྱེ་བ་ཡིས། ། བྱེ་བྲག་མང་པོར་གྱུར་བ་ཡིན། ། ནམ་མཁའ་མཐའ་ཡས་སྦྱོར་བ་ཡིས། ། གཟུགས་ལ་སོགས་པ་མཐའ་ཡས་ཏེ། ། དེ་ཡང་དེ་བཞིན་གཤེགས་མཆོག་དང་། ། བྱང་ཆུབ་སེམས་དཔའ་ ཉིད་དུ་གྱུར། ། དེ་ལས་སྤྲོ་ཞིང་བསྡུ་བ་དང་། ། ཞི་བ་ཉིད་ལས་རབ་སྦྱོར་བས། ། ཡེ་ཤེས་ལུས་ཅན་ཡེ་ཤེས་ཅན། ། བརྒྱལ་ལོ་ཞེས་ནི་ཤེས་པ་ནི། ། ཡན་ལག་དབྱེ་བ་གང་དང་གང་། ། འགྲོ་བ་ཞེས་ནི་གྲགས་བདག་པ། ། དེ་དེ་རང་ལྷའི་སྦྱོར་བ་ལས། ། དཀྱིལ་འཁོར་ མཆོག་ནི་འབྱུང་བར་འགྱུར། །
BOདཀྱིལ་འཁོར་རང་ལུས་གང་ཡིན་པ། ། དེ་ཉིད་བསྡུས་པ་འདི་ལྟ་བུ། ། འདི་ནི་འཇིག་ཚོགས་ལུས་རྟོག་ལ། ། བྱང་ཆུབ་སེམས་དཔའ་བརྒྱལ་བར་གྱུར། ། དེས་ནི་བདེན་འདི་མ་ཤེས་པས། ། དབྱངས་བཅས་རྒྱལ་ལ་བསྐུལ་བ་ནི། ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེ། ། བརྒྱལ་བ་ཞེས་ནི་བཤད་པ་ཡིན། ། དེ་ནས་གསུང་བ་རྡོ་རྗེ་གསུམ། ། དགོངས་པའི་ཚིག་གིས་བཤད་པ་དག ། རྡོ་རྗེ་འཛིན་པའི་ཚིག་གསན་ནས། ། ཏིང་ངེ་འཛིན་ནི་མངོན་དུ་མཛད། ། གཉིས་སུ་མེད་པར་མཉམ་རྡོ་རྗེ། ། འགྲོ་ ལ་གཟིགས་པ་ཞེས་བྱ་བའི། ། འདི་ཉིད་གསུམ་ཡུལ་འཇིག་པ་པོ། ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ། མགོན་པོ་སྙོམས་པར་ཞུགས་པ་ཡིས། ། འོད་གང་ཆེན་པོར་གྱུར་པ་ཡིན། ། བྱང་ཆུབ་སེམས་དཔའ་ངེས་རེག་པས། ། རང་གི་སྟན་ལ་གནས་པར་གྱུར། ། དེ་ ནས་དེ་བཞིན་གཤེགས་པ་ཀུན། ། ངོ་མཚར་རྨད་དུ་གྱུར་སྤྱན་དང་། ། དགྱེས་ཤིང་མགུ་བ་སྐྱེས་གྱུར་ནས། ། ཆོས་ཀྱི་དབྱངས་ནི་འདི་སྐད་གསུངས། ། ཨེ་མའོ་ཆོས་ཨེ་མའོ་ཆོས། ། ཨེ་མའོ་ཆོས་ཀྱི་དོན་བྱུང་བ། ། བདག་མེད་ཆོས་ནི་ཡང་དག་དག ། ཆོས་ཀྱི་རྒྱལ་པོ་ཕྱག་ འཚལ་ལོ། ། རྡོ་རྗེ་གསུང་གཅིག་དག་པའི་དོན། ། དྲི་མེད་མཁའ་དང་མཉམ་པའོ། །
BOམི་འགྱུར་དོན་ལས་ཡང་དག་བྱུང་། ། རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། ། ཐུབ་མཆོག་གཅིག་པུ་དེ་བཞིན་གཤེགས། ། དུས་གསུམ་དག་གི་ལམ་དུ་བྱུང་། ། རྡོ་རྗེ་དབྱིངས་གཅིག་རྫོགས་ལོངས་ སྤྱོད། ། ནམ་མཁའི་ལམ་གཅིག་ཕྱག་འཚལ་ལོ། ། སྐུ་གསུང་ཐུགས་ནི་ནམ་མཁའ་སྟེ། ། སྤྱོད་པའི་མཆོག་སྟེ་ཆོས་གཅིག་ལྡན། ། དེ་ཉིད་གསུམ་སྟོན་སྣ་ཚོགས་པ། ། སྤྱོད་པའི་གནས་ལ་ཕྱག་འཚལ་ལོ། ། དགོངས་པ་ལུང་བསྟན་ལ་གནས་ནས། ། གང་ཞིག་ སྤྱོད་མཆོག་འདི་སྟོན་པ། ། གསང་བ་ཡང་དག་སྲུང་བ་དག ། དེ་ནི་ཅི་དགའ་བར་ཡང་བྱེད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། དམ་ཚིག་གསུམ་གྱི་རྡོ་རྗེ་མཆོག ། སྔགས་རྣམས་ཀུན་གྱི་དམ་པ་ཡི། ། སྤྱོད་པའི་ལེའུ་ལྔ་པ་ཡིན། ། ། ། དེ་ནས་དཔལ་ ཆེན་མི་བསྐྱོད་པ། ། སྐུ་གསུང་ཐུགས་ཀྱི་གསང་བ་ཅན། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། ཐུགས་བྱིན་བརླབ་པ་ཞེས་བྱ་བའི། ། གསང་སྔགས་འདི་ནི་གསུངས་པ་ཡིན། ། ཨོཾ་ཞེས་བྱ་བ་དང་པོར་ཡིན། ། སརྦ་ཏ་ཐཱ་ག་ཏ་གཉིས། ། ཙིཏྟ་གསུམ་པར་ཡོངས་ སུ་བརྟག ། བཛྲ་བཞི་པའི་གོང་མར་ལྡན། ། སྭ་བྷཱ་བཱཏྨ་ཀཿལྔ་པ། ། ཨ་ཧྃ་དུས་ཀྱི་མིང་ཅན་ཡིན། ། སྐུ་དྲུག་གསུམ་པའི་མིང་ཅན་ནོ། །
BOདེ་ནས་དཔལ་ལྡན་རྣམ་སྣང་མཛད། ། རྡུལ་ཕྲན་རྡོ་རྗེ་ཞེས་བྱ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། སྐུ་ནི་བྱིན་གྱིས་བརླབ་ པ་གསུང་། ། ཨོཾ་ཞེས་བྱ་བ་ཚངས་པར་བཤད། ། སརྦ་ཏ་ཐཱ་ག་ཏ་གཉིས། ། ཀཱ་ཡ་ཆགས་ཐོགས་དབང་ཕྱུག་སྟེ། ། བཛྲ་རིག་བྱེད་ཡིན་པར་བསྒྲགས། ། སྭ་བྷཱ་བཱཏྨ་ཀཿའདོད་ལྷ། ། ཨ་ཧྃ་སྐེམ་བྱེད་ཅེས་བརྗོད་དེ། ། དགོངས་པ་ཡིས་ནི་ཡང་དག་བརྟགས། ། ཤེས་ རབ་དབྱེ་བས་དབྱེ་བར་བྱ། ། དེ་ནས་ཚེ་དཔག་མེད་ཅེས་པའི། ། ཀུན་ཏུ་མི་གཉིས་རྡོ་རྗེ་ཅན། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། གསུང་ནི་བྱིན་གྱིས་རློབ་པ་གསུངས། ། ཨོཾ་ནི་དང་པོར་བསྒྲགས་པ་ཡིན། ། སརྦ་ཏ་ཐཱ་ག་ཏ་གཉིས། ། ཝཱ་ཀ་ཅེས་བྱ་བ་གསུམ་ པ་ཡིན། ། བཛྲ་དུས་ཀྱི་མིང་དུ་འགྱུར། ། སྭ་བྷཱ་བཱཏྨ་ཀཿལྔ་པ། ། ཨ་ཧྃ་ཞེས་པ་དྲུག་པ་སྟེ། ། གསུམ་པོ་འདི་དག་བཤད་པ་རྣམས། ། རེ་རེ་ཞིང་དྲུག་གསུམ་དུ་བཤད། ། ཐུགས་དང་སྐུ་དང་དེ་བཞིན་གསུང་། ། རིམ་ནི་རིམ་པ་མིན་པས་གསུངས། ། བདག་ པོ་ལས་ནི་གཅིག་པུ་ལས། ། རྡོ་རྗེ་གསུམ་ཞེས་བྱ་བ་འབྱུང་། ། ཡོན་ཏན་ཆོས་འདི་རྡོ་རྗེ་གསུང་། ། དེ་ཉིད་གསུམ་གྱི་དམ་ཚིག་མཆོག ། དེ་བས་འདི་ནི་བསྒོམ་པ་མཆོག །
BOགཡེལ་བ་མེད་པར་རྫོགས་པར་བྱ། ། འདི་བཤད་པ་ཡི་བློ་ལྡན་པ། ། རབ་ མཆོག་རྡོ་རྗེ་གསུམ་བྱུང་བས། ། བསྒོམ་པའི་བདག་ཉིད་ཅན་གྱུར་ཅིང་། ། སྔགས་ཀྱི་མཚན་ཉིད་མཚན་མར་བྱ། ། དེ་ནས་དཀོན་མཆོག་དཔལ་འདི་ཡང་། ། སྒྲོན་མ་རྡོ་རྗེ་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། དེ་ནས་གསང་སྔགས་འདི་གསུངས་སོ། ། ཨོཾ་ནི་ཟུང་གི་དང་པོར་ལྡན། ། སརྦ་ཏ་ཐཱ་ག་ཏ་ཟུང་། ། དེ་བཞིན་ཉིད་ནི་ཡེ་ཤེས་ཚོགས། ། ཐམས་ཅད་མེ་ལོང་མིང་ཅན་ནོ། ། ཨ་ནུ་རཱ་ག་སྐྱེ་མེད་དེ། ། དེ་ནི་གསུམ་པ་ཡིན་པར་གསུངས། ། རྐྱེན་དང་ཉན་ཐོས་ཀྱིས་བཤིག་དཀའི། ། བཛྲ་ཡང་ནི་བཞི་བར་གྱུར། ། དངོས་ མེད་བདག་ཉིད་ཅན་ཡེ་ཤེས། ། སྭ་བྷཱ་བཱཏྨ་ཀཿཞེས་བཤད། ། ཡེ་ཤེས་ལྔ་པོ་ཉིད་ཀྱི་མིང་། ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། ། ཨ་ཧྃ་སོ་སོ་རྫོགས་ལོངས་སྤྱོད། ། དངོས་པོ་མེད་པའི་རང་བཞིན་ཅན། ། བདེ་བ་ཆེན་པོའི་མིང་གྱུར་པ། ། མཚོན་པ་དྲུག་པའི་མིང་ཅན་ནོ། ། དངོས་ མེད་གནས་པའི་བདག་ཉིད་ཅན། ། དེ་ཡི་རྗེས་སུ་མཉེས་བྱའི་མཆོག ། དེ་ལྟའི་ཆགས་པས་དེ་བཞིན་གཤེགས། ། མགོན་པོ་ཐམས་ཅད་མཉེས་པར་བྱ། ། དེ་ནས་དཔལ་ཆེན་གདོན་མི་ཟ། །
BOདོན་ཡོད་རྡོ་རྗེ་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ། དེས་ནི་གསང་ སྔགས་འདི་གསུངས་སོ། ། ཨོཾ་ཞེས་བྱ་བ་དང་པོར་ལྡན། ། སརྦ་ཏ་ཐཱ་ག་ཏ་གཉིས། ། པཱུ་ཛ་རྣམ་པར་ཐར་པའི་མིང་། ། བཛྲ་སེམས་ནི་རྣམ་བསྒོམ་པ། ། སྭ་བྷཱ་བཱཏྨ་ཀཿཞེས་བཤད། ། ཨ་ཧྃ་ཕ་རོལ་ཕྱིན་ཞེས་བྱ། ། ལྔ་པོ་དྲུག་དང་གསུམ་དུ་བཤད། ། གཟུགས་དང་སྒྲ་དང་ དྲི་དང་རོ། ། རེག་བྱ་དང་ནི་ཆོས་ཀྱི་དབྱིངས། ། དེ་དག་དངོས་མེད་གྱུར་བྱས་པ། ། དེ་ནི་སངས་རྒྱས་མཆོད་མཆོག་ཡིན། ། མིག་སོགས་ཤེས་ལས་ཡང་དག་བྱུང་། ། མངོན་ཤེས་ལྔ་ཡིས་ཉེ་བར་མཛེས། ། མཆོད་པ་ལྔ་བཤད་འདི་རྣམས་ཀྱིས། ། མྱུར་དུ་སངས་རྒྱས་ཉིད་ ཐོབ་འགྱུར། ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། ། སོ་སོར་བྱང་ཆུབ་སྟོན་མཛད་པ། ། རྡོ་རྗེ་གསུམ་རིག་གསང་དབང་པོ། ། ཐུབ་པ་ཆེན་པོས་ཡང་གསུངས་པ། ། སྐུ་གསུང་ཐུགས་ལ་དམིགས་པ་ལ། ། གང་ཚེ་ཡིད་ནི་མགུ་གྱུར་པ། ། དེ་ཉིད་གསུམ་ལ་ཉེར་སྦྱོར་བ། ། དངོས་ གྲུབ་རབ་མཆོག་དེས་ཐོབ་འགྱུར། ། བདག་མེད་པར་ནི་སེམས་དམིགས་ཤིང་། ། ལུས་དང་ངག་ཀྱང་རྣམ་པར་བསྒོམ། ། མཁའ་དང་མཉམ་པའི་གནས་བསྒོམ་ཞིང་། ། སྦྱོར་བ་རྣམ་གསུམ་རྫོགས་པར་བྱ། །
BOརྡོ་རྗེ་དེ་ཉིད་གསུམ་དམིགས་ན། ། ཤིན་ཏུ་ཕྲ་བའང་ ཡོད་མ་ཡིན། ། སྔགས་ཀྱི་རང་བཞིན་སྦྱོར་བ་ཡིས། ། བསྒོམ་པ་མེད་ཅིང་བྱང་ཆུབ་མེད། ། རྡོ་རྗེ་གསུམ་གཅིག་མཚན་ཉིད་དུ། ། མདོར་ན་རྣམ་པར་བརྟགས་ནས་སུ། ། སྔགས་ལ་སྦྱོར་བའི་ཏིང་ངེ་འཛིན། ། གནས་ལ་གནས་མེད་བསྒོམ་པར་བྱ། ། དེ་ནས་དེ་བཞིན་ གཤེགས་དབང་པོའང་། ། དེ་བཞིན་གཤེགས་པ་ཀུན་གྱིས་མཆོད། ། ཀུན་མཁྱེན་སངས་རྒྱས་ཀུན་མཆོག་གིས། ། བསྒོམ་པའི་མཆོག་འདི་བཀའ་སྩལ་ཏོ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། ། སངས་རྒྱས་ གཟུགས་ནི་རྣམ་བསྒོམས་ནས། ། ཕྲ་མོའི་རྣལ་འབྱོར་བརྩམ་པར་བྱ། ། ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། ། སྣ་ཡི་རྩེ་མོའི་བདག་ཉིད་ཅན། ། རྒྱུ་དང་མི་རྒྱུར་ཡང་དག་ལྡན། ། དེ་རུ་གནས་པར་མཁས་པས་བསམ། ། བློ་ལྡན་ཡེ་ཤེས་ཀྱིས་བརྟགས་པའི། ། གསང་བའི་ཡེ་ ཤེས་གནས་བསྒོམ་མོ། ། གསང་བ་མཆོག་ཅེས་བཤད་པ་སྟེ། ། དེ་ཉིད་གསུམ་ནི་དམ་ཚིག་མཆོག ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། ཉི་མ་ཞེས་བྱའི་དཀྱིལ་འཁོར་བསྒོམ། ། སངས་རྒྱས་སྐུ་ནི་རྣམ་བསྒོམས་ཏེ། ། དེ་ཡི་སྟེང་དུ་གནས་གཞག་གོ། །
BOདབང་ཕྱུག་ཆེན་པོ་སྐེམ་བྱེད་དེ། ། གཞི་ཕྱེད་ནམ་མཁས་མཚོན་པ་དག ། བདུད་རྩི་ཞེས་ནི་བཏགས་པ་གང་། ། དེ་ནི་ཧཱུྃ་ཞེས་བྱ་བར་འགྱུར། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། འཁོར་ལོ་དཀྱིལ་འཁོར་ཡིད་འོང་བསྒོམ། ། སྤྱན་གྱི་གཟུགས་སུ་ཡང་དག་སྦྱོར། ། རྡོ་ རྗེ་པདྨོ་གཉིས་བསྒོམ་པའོ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། ། དང་པོའི་སྦྱོར་བ་ནན་ཏན་གྱིས། ། དེ་ཡི་སྟེང་དུ་རྣམ་པར་བསྒོམ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། འོད་ཀྱི་དཀྱིལ་ འཁོར་འདི་ཉིད་བསྒོམ། ། སངས་རྒྱས་ཞི་བའི་གནས་དགོད་པ། ། འཁོར་རྣམས་ཀྱིས་ནི་ཀུན་ནས་བསྐོར། ། ཨུཏྤལ་མཐོན་ཀའི་མདོག་འདྲ་བ། ། རྩེ་མོ་ལྔ་པ་འོད་པོ་ཆེ། ། ནས་ཀྱི་འབྲུ་ཙམ་ནན་ཏན་གྱིས། ། རི་རབ་རྩེ་མོར་རྣམ་པར་བསམ། ། ཙ་ན་ཀ་ཡི་འབྲུ་ཚད་ ཙམ། ། འདབ་མ་བརྒྱད་པ་གེ་སར་བཅས། ། སྣ་ཡི་རྩེ་མོ་རི་རབ་རྩེ། ། བྱང་ཆུབ་འདོད་པས་འདི་བསྒོམ་བྱ། ། འཁོར་ལོ་ལ་སོགས་བསྒོམ་པ་ནི། ། དེ་ཡི་ཁྱད་པར་དག་ཏུ་བརྟགས། ། ཡིད་འོང་དངོས་གྲུབ་ཀུན་གྱི་གནས། ། བྱང་ཆུབ་གནས་མཆོག་བླ་མེད་པའོ། ། སངས་རྒྱས་ཡང་དག་བྱང་ཆུབ་བཞུགས། །
BOམདོར་ན་དེ་ནི་སྤྲོ་བར་བྱ། ། གང་ཚེ་ཆོས་ནི་ལེགས་མཚན་པ། ། རྡོ་རྗེ་གཅིག་ནི་བསྒོམ་པར་བྱ། ། དེ་ནས་དེ་བཞིན་གཤེགས་དབང་པོ། ། དག་པ་ཆོས་རྣམས་ཀུན་གྱི་མཆོག ། འགྲོ་ཀུན་དོན་དུ་སྟོན་པ་པོ། ། གསུང་བས་ མཆོག་ནི་བཀའ་སྩལ་ཏོ། ། སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། ། ཟླ་ཕྱེད་ཟླ་བ་ལོ་ཡི་དུས། ། བསྐལ་པ་གྲངས་མེད་གསུམ་པོ་ནི། ། སྐད་ཅིག་གཅིག་ཏུ་མཉམ་པར་བཤད། ། ཟླ་བ་དྲུག་བཤད་དེ་ཉིད་ཡིན། ། དངོས་མེད་རྫོགས་པར་ལོངས་སྤྱོད་པའོ། ། སྐད་ཅིག་ གཅིག་ཏུ་བསྔགས་པ་སྟེ། ། དུས་གསུམ་ལས་འདས་ཡིན་པར་དགོངས། ། གཟུགས་དང་སྒྲ་དང་རོར་ལྡན་པ། ། རྣལ་འབྱོར་པས་ནི་ཟླ་དྲུག་བསྒོམ། ། མཆོད་ཆེན་དེ་ནི་བྱས་ནས་སུ། ། གསང་བའི་དེ་ཉིད་རྣམ་པར་བསྒོམ། ། ཡུལ་དང་དབང་པོ་སེམས་དཔའ་ནི། ། བཤང་ གཅི་ཟས་སུ་བྱེད་པ་པོ། ། བྱས་ན་དེ་འདྲའི་དངོས་གྲུབ་ནི། ། བཟའ་བ་རྣམ་རྟོག་མེད་པའོ། ། དེ་ཉིད་འདི་ནི་བླ་མེད་པ། ། བྱང་ཆུབ་སེམས་གཅིག་ལས་བྱུང་བའོ། ། རྟོག་མེད་འདུས་ནི་མ་བྱས་ཤིང་། ། མི་རྟོག་དོན་ནི་འགྲུབ་པར་འགྱུར། ། མ་ནི་མཱ་མ་ཀཱིར་བཤད་དེ། ། ས་ནི་མངོན་པར་བྱང་ཆུབ་པའོ། ། བསམ་གཏན་དེ་ནི་དགའ་སྤྱོད་པ། །
BOཤ་ཞེས་བྱ་བར་དེ་བཤད་དོ། ། ནམ་མཁའ་མཐའ་ཡས་རྣལ་འབྱོར་ནི། ། ཤ་ཆེན་དེ་ནི་ཡིན་པར་བཤད། ། གསང་བ་པ་ཡི་གོ་འཕང་མཆོག ། རྡོ་རྗེ་གསུམ་ནི་མྱུར་དུ་འགྲུབ། ། དམ་ཚིག་ཆེན་ པོ་གླང་ཆེན་རྟ། ། དེ་བཞིན་ཁྱི་ལ་སོགས་པའི་ཤ། ། ཕུང་པོ་ལ་སོགས་རིགས་དབྱེ་བས། ། གང་གསུངས་མཉམ་པའི་གྲངས་ཀྱིས་སོ། ། གང་ཞིག་རྣལ་འབྱོར་གཉིས་མེད་ཟས། ། བསམ་གཏན་དགའ་བའི་མིད་གཅིག་བུ། ། འཇིག་རྟེན་རྒྱང་པ་ན་འཇིག་རྟེན་པ། ། བཟའ་བའི་རང་གི་ངོ་བོར་གྱུར། ། དགེ་བའི་བཤེས་གཉེན་རྟག་པ་དང་། ། དེ་བཞིན་དྲོད་གཤེར་ལས་སྐྱེས་པ། ། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། འདི་དག་ཟས་སུ་ཀུན་དུ་བཤད། ། དེ་ནས་རྡོ་རྗེ་གསུམ་དགོངས་པ། ། བཅོམ་ལྡན་འདས་ལས་ཐོས་པ་ དང་། ། དེ་བཞིན་གཤེགས་པ་ཀུན་བདག་པོ། ། ལག་ན་རྡོ་རྗེས་ཚིག་གསོལ་བ། ། ཉན་ཐོས་རྣམས་ཀྱི་དམ་ཚིག་ཀྱང་། ། ཕྲ་མོའི་རྣལ་འབྱོར་སྟོན་མཛད་ཅིང་། ། མགོན་ཁྱོད་འཇིག་རྟེན་པ་དང་ནི། ། འཇིག་རྟེན་འདས་པ་དག་ཀྱང་གསུངས། ། ཆུ་དང་འོ་མ་གཅིག་ འགྱུར་བཞིན། ། ཁྱོད་ནི་ཆོས་རྣམས་སྟོན་པར་མཛད། ། འཇིག་རྟེན་འགའ་ལས་ཡང་དག་པ། ། ངང་པས་འོ་མ་ཇི་བཞིན་ལེན། ། ཇི་ལྟར་སྐོམ་པས་གདུངས་པ་ཡི།
BO། སྐྱེས་བུ་ལ་ལ་དེ་བསྲེས་འཐུང་། ། དེ་བཞིན་འཇིག་རྟེན་ཤིན་ཏུ་འདས། ། ཆོས་ཀྱི་བདུད་རྩི་ དེ་རྣམས་འཐུང་། ། དགོངས་པས་སྔགས་ཀྱི་དེ་ཉིད་དུ། ། གང་ཞིག་གསུམ་དུ་གསུངས་པ་འདི། ། ཇི་ལྟ་ཇི་ལྟར་འཇིག་རྟེན་སོགས། ། མགོན་པོ་གསལ་བར་བཤད་དུ་གསོལ། ། དེ་ནས་དེ་བཞིན་གཤེགས་མཆོག་གིས། ། གྲགས་ལྡན་ལག་ན་རྡོ་རྗེ་ལ། ། བུ་ ཁྱོད་ལེགས་སོ་ཆེར་ལེགས་ཏེ། ། བྱེ་བྲག་གསུམ་ཁྱོད་ལ་བཤད་བྱ། ། རྐྱེན་དང་ཉན་ཐོས་ཞེས་གྲགས་དང་། ། དེ་བཞིན་མདོ་སྡེ་ལ་སྤྱོད་རྣམས། ། འདི་དག་འཇིག་རྟེན་བ་རྣམས་ཏེ། ། བྱ་བ་སྦྱོར་བའི་བྱ་བར་གནས། ། རྣལ་འབྱོར་གྲུབ་ནས་འཇིག་རྟེན་གནས། ། འཇིག་ རྟེན་འདས་པར་གྱུར་པ་ཡིན། ། དེ་ནི་ཏིང་འཛིན་རྣལ་འབྱོར་ཡང་། ། དེ་དང་འདྲ་བར་བྱེད་མ་ཡིན། ། གང་ཡང་འཇིག་རྟེན་ཤིན་ཏུ་འདས། ། རྣམ་པར་མི་རྟོག་འཇིགས་མེད་པ། ། དེ་ནི་དེ་བཞིན་ཉིད་དངོས་གཅིག ། འཁོར་བ་དང་ནི་ཅིག་ཤོས་སྤངས། ། བརྟུལ་ཞུགས་བཟང་པོའི་རྣལ་འབྱོར་འདིས། ། སངས་རྒྱས་རྣམས་ནི་མཉེས་འགྱུར་ཞིང་། ། བློ་ལྡན་བྱང་ཆུབ་སེམས་རྣམས་ཀྱིས། ། བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར། ། འདོད་ཁམས་ཀྱི་ནི་དབང་ཕྱུག་དང་། །
BOརྣལ་འབྱོར་གོ་འཕང་འཐོབ་པར་འགྱུར། ། གཟི་ ལྡན་སྟོབས་ཀྱིས་ཕྱུག་པ་དང་། ། མདངས་བཟང་མཐོང་ན་དགའ་བ་དང་། ། མཐོང་ངམ་ཚིག་གིས་བསྐུལ་བ་ཡིས། ། འཇིག་རྟེན་འདི་དག་དབང་དུ་བྱེད། ། གསང་བ་འདི་ནི་མཆོག་ཡིན་ཏེ། ། སངས་རྒྱས་བྱང་ཆུབ་དམ་པ་ཡིན། ། དེ་ཉིད་སྔགས་ཀྱི་གསང་བ་འདི། ། རྡོ་རྗེ་གསུམ་ལས་འདས་པའི་མཆོག ། དགོངས་པ་ལུང་བསྟན་ཡིད་འོང་ལ། ། སྐྱེས་བུ་གང་ཞིག་གནས་གྱུར་པ། ། གསང་བ་ཡང་དག་སྲུང་བ་པོ། ། དེ་རྣམས་ཅི་དགར་བྱེད་པར་འགྱུར། ། དེ་བཞིན་གཤེགས་ཀུན་དམ་པ་སྟེ། ། དམ་ཚིག་ལས་ནི་དམ་ཚིག་ མཆོག ། རྡོ་རྗེ་གསུམ་གྱིས་བྱིན་བརླབ་པའི། ། ལེའུ་དྲུག་པ་ཡིན་པར་བཤད། ། ། ། དེ་ནས་རྡོ་རྗེ་གསུམ་གསང་དབང་། ། དམ་ཚིག་ཆེན་པོ་དེ་ཉིད་གཅིག ། ཏིང་འཛིན་གསང་སྔགས་སྤྱོད་པའི་མཆོག ། མངོན་རྫོགས་བྱང་ཆུབ་འདི་གསུངས་སོ། ། དེ་ ཉིད་དམ་ཚིག་བཞི་པོ་གང་། ། འདོད་པ་ཐམས་ཅད་ཅེས་དེ་བཤད། ། དེ་རྣམས་ལོངས་སྤྱོད་ལྡན་པ་ཡིས། ། ཅི་འདོད་པར་ནི་བསྟེན་པར་བྱ། ། རང་གི་ལྷར་ནི་བདག་སྦྱོར་བས། ། བདག་དང་གཞན་ནི་མཆོད་པར་བྱ། ། དེ་ནི་འཇིག་རྟེན་མཆོད་འགྱུར་བ། ། འཇིག་རྟེན་ འདས་པ་ཞི་བ་ཉིད། །
BOདཀའ་ཐུབ་མྱུར་བ་དེ་ཡིན་ལ། ། སྡོམ་པ་དམ་པ་ཡིན་པར་འདོད། ། མི་ཟད་པ་ནི་གཉི་ག་སྟེ། ། འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱང་། ། གཟུགས་སོགས་ལྷ་རྣམས་ཡིན་པར་འདོད། ། དེ་དག་བསྒོམས་པའི་སྦྱོར་བ་ཡིས། ། སྒྲུབ་པ་པོ་རྣམས་མྱུར་ དུ་འགྲུབ། ། ཐ་དད་ཡི་གེ་སློང་མོ་ཡིན། ། དེ་འདོན་པ་ནི་ཟ་བ་སྟེ། ། གང་ཞིག་ཟློས་ལ་དགའ་བ་དེ། ། དེ་དག་སློང་མོ་ཟ་བར་འདོད། ། དཀའ་ཐུབ་དག་ནི་མི་བྱ་ཞིང་། ། སྡོམ་པ་མི་བཟད་ཉིད་ཀྱང་མིན། ། འདོད་གསུམ་དེ་ཉིད་ལོངས་སྤྱོད་ཅིང་། ། སྔགས་ཀྱི་དེ་ཉིད་མ་ ཉམས་བཟླས། ། རྡོ་རྗེ་གསུམ་དབྱེ་བདེ་གནས་ན། ། སྔགས་རིག་བྱང་ཆུབ་འཐོབ་པར་འགྱུར། ། གཞན་དུ་དུས་མིན་འཆི་བ་དང་། ། ཤི་ནས་དམྱལ་བར་འགྲོ་བར་འགྱུར། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ། གསང་སྔགས་སྤྱོད་པའི་མཆོག་རྣམས་གང་། ། མི་འགྱུར་ཆོས་ནི་བརྙེས་པ་ཡང་། ། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག ། ཀུན་མཁྱེན་ཡེ་ཤེས་ཆགས་ལྡན་པས། ། འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། ། བྱང་ཆུབ་སེམས་དཔའ་མཉེས་བྱ་ཞིང་། ། བྱང་ཆུབ་ཕ་རོལ་ཕྱིན་ཆགས་བྱ། ། དེ་ལྟར་གཟུགས་ ལ་གསུམ་ཤེས་ནས། ། མཁས་པ་ཡིས་ནི་མཆོད་པར་བྱ། །
BOདེ་ཉིད་གཙོ་བོ་བཅོམ་ལྡན་འདས། ། སྣ་ཚོགས་རྣམ་པར་སྣང་མཛད་ཆེ། ། སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། ། ལྷ་རྣམས་ལ་ནི་དབུལ་བར་བྱ། ། འདི་ནི་བཅོམ་ལྡན་སྣ་ཚོགས་པ། ། སངས་རྒྱས་རིན་ ཆེན་འབྱུང་གནས་གཙོ། ། དྲི་ལ་རྣམ་གསུམ་ཤེས་བྱས་ནས། ། ལྷ་རྣམས་ལ་ནི་དབུལ་བར་བྱ། ། དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། ། འདོད་ཆགས་ཆོས་ནི་འཛིན་པའི་གཙོ། ། རོ་ལ་རྣམ་གསུམ་ཤེས་བྱས་ནས། ། ལྷ་རྣམས་ལ་ནི་དབུལ་བར་བྱ། ། དེ་ཉིད་དོན་ ཡོད་རྡོ་རྗེ་གྲགས། ། སྣ་ཚོགས་གཙོ་བོ་བཅོམ་ལྡན་འདས། ། རེག་ལ་རྣམ་གསུམ་ཤེས་བྱས་ནས། ། རང་གི་རིགས་ལ་དབུལ་བར་བྱ། ། དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། ། མི་བསྐྱོད་མེ་ལོང་གཟུགས་ཅན་ནོ། ། ནང་དང་དེ་བཞིན་ཕྱི་རོལ་དང་། ། གཉི་ག་རྗེས་སུ་མི་དམིགས་ པ། ། གཟུགས་ལ་སོགས་གསུམ་དེ་ཡིན་ཏེ། ། ལྷ་རྣམས་ལ་ནི་དབུལ་བར་བྱ། ། གཟུགས་སྒྲ་རོ་ལ་སོགས་པ་ལ། ། སེམས་ནི་རྟག་ཏུ་སྦྱར་བར་བྱ། ། གསང་བ་བསྡུས་པར་གྱུར་པ་འདི། ། སྙིང་པོ་སངས་རྒྱས་ཀུན་བསྐྱེད་དེ། ། མཁས་པས་གཟུགས་སྒྲ་ལ་སོགས་ པ། ། ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། ། དེ་བཞིན་རིགས་སུ་བསྒོམ་པ་ནི། ། བསྒོམ་པས་དེར་ནི་བསྒོམ་པར་བྱ། །
BOནམ་མཁའི་རྡོ་རྗེ་སྦྱོར་བ་ནི། ། སངས་རྒྱས་རྗེས་སུ་དྲན་པར་བཤད། ། སངས་རྒྱས་རྗེས་དྲན་སྦྱོར་བས་ཀྱང་། ། ཆོས་ནི་རྗེས་སུ་དྲན་པ་ བསྒོམ། ། རྡོ་རྗེ་གསུམ་བསྒོམ་རྣལ་འབྱོར་པས། ། རྡོ་རྗེ་རྗེས་དྲན་བསྒོམ་པའོ། ། རིགས་དབྱེ་ཇི་སྐད་བཤད་པས་ཀྱང་། ། ཆོས་དང་ལོངས་སྤྱོད་སྤྲུལ་སྐུར་བྱུང་། ། རིགས་ནི་རྗེས་དྲན་སྦྱོར་གྱུར་བ། ། དེ་བཞིན་ཁྲོ་བོ་རྗེས་དྲན་པའོ། ། དེ་ཉིད་གསུམ་ཡོངས་གྱུར་པ་ གཅིག ། རྡོ་རྗེ་གསུམ་ཉིད་མེད་ཆོས་ཉིད། ། ལྷ་རྣམས་རྗེས་དྲན་སྦྱོར་བ་སྟེ། ། དེ་བསྒོམ་བྱང་ཆུབ་འཐོབ་པར་འགྱུར། ། བཞི་པོ་དག་ནི་རེ་རེ་བཞི། ། ཇི་ལྟ་ཇི་ལྟར་མགུ་བཅས་སོགས། ། དེ་ཉིད་ལོ་ཡི་གྲངས་ཡིན་ཏེ། ། བཅུ་དྲུག་པར་ནི་ཡོངས་སུ་བརྟག ། སངས་རྒྱས་ཀུན་གྱིས་བསྟེན་པ་ཡི། ། བུད་མེད་ལོ་གྲངས་བཅུ་དྲུག་པ། ། གཟུགས་བཟང་ཕྲ་དང་མཆོད་པ་ནི། ། དབེན་པ་ཞེས་བྱ་བརྩམ་པར་བྱ། ། བྱིན་གྱིས་བརླབས་ནས་ཡིད་འོང་བ། ། ཁྱད་པར་གསུམ་ཞེས་བྱ་བ་ཡིས། ། དེ་བཞིན་གཤེགས་པ་བཙུན་མོ་ ཆེ། ། སྤྱན་སོགས་ཉིད་ནི་བསྒོམ་པར་བྱ། ། བསྒྲུབ་བྱ་དེ་ཉིད་ཡང་དག་སྦྱོར། ། དབང་པོ་གཉིས་ནི་མཉམ་སྦྱོར་བའི། །
BOདང་པོར་སྦྱོར་བ་འདི་བསྒོམས་ན། ། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། ། ཡི་གེ་ཧཱུྃ་དང་དེ་བཞིན་ཨོཾ། ། ཕཊ་ཀྱང་དེར་ནི་བསྒོམ་པར་བྱ། ། དེ་ཉིད་གསུམ་ཚུལ་གསུམ་བདག་ཉིད། ། ཅི་རིགས་པར་ནི་རྣམ་པར་སྤྲོ། ། འོད་ཟེར་རྣམ་པ་ལྔས་ཁྱབ་པའི། ། རྡོ་རྗེ་པདྨ་འདི་མཆོག་སྟེ། ། གསང་དང་སྙིང་ག་སྣ་རྩེ་རུ། ། རྣལ་འབྱོར་པས་ནི་འདི་བསྒོམ་བྱ། ། འབར་བཅས་ཟླ་འོད་བཞིན་དཀར་བར། ། ཤེས་རབ་ དེ་ནི་རྟག་ཏུ་བསྒོམ། ། གང་ཕྱིར་ཡིད་ནི་དགར་གྱུར་པས། ། དེ་བས་དེ་ནང་ཡིད་འོང་བའོ། ། གནས་མེད་གནས་པར་ལེགས་སྦྱོར་བས། ། བཞི་མཚུངས་གཅིག་ཏུ་སྦྱོར་བ་རིག ། སངས་རྒྱས་རྗེས་དྲན་སྦྱོར་ལ་སོགས། ། བྱང་ཆུབ་འདོད་པས་བསྒོམ་པར་བྱ། ། ཉམས་དགའ་སངས་རྒྱས་ཀུན་གྱིས་བསྟན། ། བྷ་ག་ཞི་བ་གཅིག་པུའི་མིང་། ། རང་གི་དེ་ཉིད་གཉིས་མེད་བྱུང་། ། རྡོ་རྗེ་དེ་བདག་ཉིད་དུ་སྦྱོར། ། སངས་རྒྱས་རྗེས་དྲན་སྦྱོར་བ་སྟེ། ། བྷ་ག་ལིངྒ་ཡིན་པར་བསྒྲགས། ། གཞུག་པ་གཉིས་མེད་སྦྱོར་བ་སྟེ། ། སངས་རྒྱས་ གཟུགས་སུ་བསྒོམ་པའོ། ། དེ་ལས་བློ་ལྡན་གྱིས་སྤྲོ་བ། ། བ་སྤུའི་བུ་གའི་རྩེ་མོར་གནས། ། མཉམ་པ་མེད་པས་ཁྱད་པར་དུ། །
BOསངས་རྒྱས་སྤྲིན་རྣམས་དེར་སྤྲོའོ། ། ཆོས་རྗེས་དྲན་པའི་སྦྱོར་བ་ཡང་། ། རྡོ་རྗེ་ཆོས་ཀྱི་རབ་སྦྱོར་བས། ། རྡོ་རྗེ་པདྨ་ཡང་དག་སྦྱར། ། བྷ་གའི་ལིངྒར་བརྟག་པའོ། ། དེ་ནས་བ་སྤུའི་བུ་ག་ལས། ། འབད་པས་ཆོས་ཀྱི་སྤྲིན་རྣམས་སྤྲོ། ། དེ་ཉིད་བསམ་ཀུན་རྫོགས་བྱེད་པའི། ། འདི་ནི་ཆོས་ཀྱི་བདག་པོ་ཡིན། ། རྡོ་རྗེ་རྗེས་སུ་དྲན་པ་བསྒོམ། ། དངོས་མེད་གཅིག་པུ་ལ་སྦྱོར་བ། ། སྟོང་ལ་རྡོ་རྗེ་རབ་སྦྱོར་ འགྱུར། ། བྷ་ག་ལིངྒ་ཞེས་བཤད་དོ། ། དེ་ནས་བ་སྤུའི་བུ་གནས། ། རྡོ་རྗེ་སྤྲིན་རྣམས་ཀུན་དུ་སྤྲོ། ། རྡོ་རྗེ་བྱང་ཆུབ་སེམས་བསྒོམ་ཉིད། ། མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར། ། རིགས་རྗེས་དྲན་པའི་སྦྱོར་བ་ཡིས། ། མཁས་པས་སྟོང་ཉིད་རྡོ་རྗེ་ལས། ། དེ་བཞིན་རྣལ་ འབྱོར་པས་སྤྲོས་ན། ། རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། ། ཁྲོ་བོ་རྗེས་དྲན་སྦྱོར་བ་ལའང་། ། སྟོང་དང་རྡོ་རྗེ་གཉིས་ལྡན་པའི། ། ཁྲོ་བོའི་བ་སྤུའི་བུ་གནས། ། ཁྲོ་བོའི་སྤྲིན་རྣམས་སྤྲོ་བར་བྱ། ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། ། ཁྱབ་བདག་རྣམ་སྣང་མཛད་ཆེན་ ལ། ། རྗེས་དྲན་སྦྱོར་བའི་དགོངས་པ་ནི། ། ཐུབ་པ་ཆེ་ལ་སླར་ཞུས་པ། །
BOཐུབ་ཁྱོད་ཀྱིས་ནི་གང་གསུངས་པ། ། བྷ་གའི་ལིངྒའི་སྦྱོར་བ་ནི། ། འཇིག་རྟེན་འདས་པའི་སྦྱོར་འདི་ལས། ། སངས་རྒྱས་ལ་སོགས་སྤྲོ་གྱུར་པ། ། ཚུལ་འདི་མ་འོངས་སྐྱེ་བོ་ལ། ། ཕྱི་དུས་ཀུན་ རྨོངས་བསྐྱེད་པ་སྟོ། ། བདེ་གཤེགས་རྣམས་ཀྱི་བདག་པོས་ནི། ། ཅི་ཕྱིར་གསུངས་ཞེས་དེ་རྣམས་སྨྲ། ། འགྲོ་བས་ནམ་མཁའ་མཚན་མ་ཅན། ། རྟེན་འབྱུང་ཁྱོད་ཉིད་མི་ཤེས་ཤིང་། ། དེ་རྣམས་ཤིན་ཏུ་རྨོངས་དབྱེ་བས། ། ཇི་བཞིན་པར་ནི་རྟོག་པར་བྱེད། ། མགོན་ཁྱོད་ བདེ་བ་ཆེན་པོ་སྟེ། ། སངས་རྒྱས་ཀུན་གྱི་སྟོན་གཅིག་པུ། ། སྐུ་མེད་སྲིད་གསུམ་བདག་ཉིད་ཅན། ། དགོངས་པ་གཉིས་ཀའི་མཚན་དང་ལྡན། ། དེ་བས་ཁྱོད་ནི་ཆོས་ཀུན་གྱི། ། ཡོན་ཏན་གསུམ་བདག་དེ་ཉིད་གསུམ། ། དགོངས་པ་བྱ་བ་དྲི་མེད་གསུམ། ། སངས་ རྒྱས་ཀྱི་ནི་བདུད་རྩི་འབྱུང་། ། ཁྱོད་འདིར་བྷ་ག་ཁྱབ་འཇུག་སྟེ། ། ལིངྒ་དྲག་པོའི་མིང་ཅན་ཉིད། ། ཁྱོད་ནི་ས་བོན་ཚངས་ལ་བརྟག ། ཁྱོད་ནི་རྟེན་འབྱུང་འགྲོ་བ་འབྱུང་། ། དུས་གསུམ་ལས་འདས་རྣལ་འབྱོར་ཆེ། ། དུས་དང་རྩིས་སུ་གྱུར་པ་ཉིད། ། ཤེས་དང་ཤེས་བྱ་རྣམ་པར་ གྲོལ། ། དེ་བས་ཁྱོད་ནི་འགྲོ་བའི་བླ། ། དེ་ནས་རྡོ་རྗེ་འཛིན་པ་ཡིས། །
BOདེ་ལ་སོགས་པའི་ཚིག་གསན་ནས། ། དམ་ཚིག་རྗེས་སུ་དྲན་བསྒོམ་པ། ། བཅོམ་ལྡན་འདས་ནི་སྟོན་པར་མཛད། ། རང་གི་རྡོ་རྗེ་པདྨར་ལྡན། ། དབང་པོ་གཉིས་ནི་རབ་སྦྱོར་ལས། ། རང་གི་ཁུ་ བའི་ཐིགས་སྐྱེས་པའི། ། སངས་རྒྱས་རྡོ་རྗེ་སེམས་དཔའ་བསྒོམ། ། དཀྱིལ་འཁོར་རྗེས་སུ་དྲན་བདག་ཉིད། ། དབང་པོ་གཉིས་ཉིད་སྦྱོར་བ་ལས། ། རང་གི་ཚངས་པ་རྟག་དྲངས་ཏེ། ། རྣལ་འབྱོར་པས་ནི་དཀྱིལ་འཁོར་བྱ། ། སྐུ་རྗེས་དྲན་པའི་སྦྱོར་བ་ཡང་། ། སངས་རྒྱས་ རྣམས་ཀྱི་ཕུང་པོ་ལྔ། ། སངས་རྒྱས་དེ་ཉིད་སོགས་བརྟག་པ། ། བདག་ཀྱང་དེ་དང་འདྲ་བར་རིག ། གསུང་རྗེས་དྲན་པའི་སྦྱོར་བ་ལྔ། ། རྡོ་རྗེ་ཆོས་གསུང་ཕུན་སུམ་ཚོགས། ། དེ་ཡི་གསུང་ཅི་འདྲ་བར་འགྱུར། ། བདག་ཀྱང་དེ་དང་འདྲར་ཆོས་འཛིན། ། ཐུགས་རྗེས་དྲན་ པའི་སྦྱོར་བ་གང་། ། རྡོ་རྗེ་འཛིན་པའི་ཐུགས་དང་ནི། ། ཀུན་དུ་བཟང་པོའི་ཐུགས་གང་ཡིན། ། བདག་ཀྱང་དེ་དང་འདྲ་བར་འགྱུར། ། སེམས་ཅན་རྗེས་དྲན་སྦྱོར་བ་གང་། ། སེམས་ཅན་རྗེས་དྲན་རྡོ་རྗེ་ཉིད། ། སྤྱོད་པ་མཁའ་མཚུངས་ཇི་བཞིན་དུ། ། བདག་ཀྱང་དེ་དང་འདྲ་བར་འགྱུར། ། སྔགས་སྐུ་རྡོ་རྗེ་གསུམ་ཞེས་པ། ། དེ་སྦྱོར་དྲན་པ་བསྒོམ་པ་ནི། །
BOརྡོ་རྗེ་སྔགས་ཀྱི་སྐུ་གང་ཡིན། ། གསུང་དང་སྐུ་ནི་རྣམ་སྒོམ་པ། ། དེ་ཉིད་གསུམ་མཉམ་གཅིག་པ་ཉིད། ། རྟག་ཏུ་གསུམ་འདས་གྱུར་པ་ཡི། ། སྔགས་འཛིན་མཆོག་ནི་ཅི་འདྲ་བ། ། བདག་ཀྱང་དེ་དང་འདྲ་བར་འགྱུར། ། དམ་ཚིག་ རྗེས་དྲན་རྣམས་ཀྱིས་ནི། ། དེ་བས་ཚངས་པ་ཤིན་ཏུ་དབྱུང་། ། དངོས་མེད་གཅིག་ཏུ་སྦྱོར་བ་ཡིས། ། མཁས་པས་ཆོ་ག་བཞིན་དུ་གསུང་། ། དེ་བཞིན་གཤེགས་མཆོག་ཆེ་བ་ནི། ། དངོས་མེད་ཅེས་བྱ་བསད་པ་སྟེ། ། བློ་དང་ལྡན་པས་འདི་བསད་ན། ། དངོས་གྲུབ་སྔགས་མཆོག་འཐོབ་པར་འགྱུར། ། ཤེས་ རབ་དམ་ཚིག་སྦྱོར་གྱུར་བ། ། རྗེས་སུ་དྲན་པ་ཞེས་བཤད་དོ། ། ཕ་རོལ་ཕྱིན་པ་ཞེས་གྲགས་པ། ། ཡོད་མེད་གཉིས་དང་བྲལ་བའོ། ། ཐམས་ཅད་རང་བཞིན་དྲི་མ་མེད། ། མ་སྐྱེས་པ་དང་ཟད་པ་མེད། ། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། ། ཁམས་མེད་འབྱུང་བའང་མེད་པའོ། ། མ་སྐྱེས་རྗེས་ སུ་སྦྱོར་བ་གང་། ། དེར་ནི་ཅི་ཡང་བརྗོད་མིན་ཞིང་། ། མ་སྐྱེས་མིང་ནི་གཅིག་པུ་པ། ། དྲན་པ་དེ་ནི་ཡིན་པར་བཤད། ། ཇི་ལྟར་ནམ་མཁའ་འོད་གསལ་བ། ། མཚན་མ་མེད་ཅིང་འགྱུར་བ་མེད། ། རང་བཞིན་མཁའ་དང་འདྲར་གྱུར་ཅིང་། ། གཉིས་མེད་གཉིས་སུ་ཡོད་མིན་ཞིང་། །
BOཡན་ལག་ བཅུ་གཉིས་སྦྱོར་གཅིག་གང་། ། ཞེ་སྡང་རྫོགས་ལོངས་སྤྱོད་པའི་མིང་། ། སངས་རྒྱས་ཀུན་གྱིས་བསྟེན་གྱུར་ཅིང་། ། དེ་ནི་རིགས་རྗེས་དྲན་ཞེས་བྱ། ། རྟེན་འབྱུང་ལས་སྐྱེས་རྫོགས་སངས་ཏེ། ། བུད་མེད་ལོ་གྲངས་བཅུ་གཉིས་པ། ། བརྟན་པའི་སེམས་ནི་ཐོབ་པ་ལས། ། རང་གི་ཁུ་བས་ མཆོད་པར་བྱ། ། དངོས་མེད་བདག་ཉིད་དག་པ་གང་། ། དེ་ནི་དག་པར་བཤད་པ་ཡིན། ། དེ་ཉིད་ཀྱིས་ནི་མཆོད་པར་བསྔགས། ། ཤེས་རབ་ཕ་རོལ་ཕྱིན་པས་འགྲོ། ། འདི་ཡིས་ལུས་ལ་མཆོད་པ་དང་། ། ཁྱད་པར་དུ་ནི་དེ་བཞིན་གཤེགས། ། རྡོ་རྗེ་འཛིན་བཤད་དེ་བཞིན་ཐུགས། ། ཆོས་འཛིན་པ་ཡི་སྐུ་གསུང་ ཐུགས། ། སྐུ་གསུང་ཐུགས་ནི་ཡང་དག་གྲུབ། ། ཚེ་འདི་ཉིད་ལ་ཐོབ་པར་འགྱུར། ། གང་བཤད་རིགས་ནི་དམན་བཤད་པ། ། དེ་ལའང་ཚུལ་དེ་གྲུབ་པར་འགྱུར། ། དེ་ཉིད་མཆོད་པར་བཤད་པ་ཉིད། ། དེ་བཞིན་སོ་སོར་རབ་ཏུ་བརྟག ། མི་ཕྱེད་རྡོ་རྗེའི་སྦྱོར་བ་ཡང་། ། གསུང་གི་དབང་བསྐུར་བ་ཉིད་གསལ། ། དགོངས་པ་ལུང་བསྟན་ལ་གནས་ནས། ། གང་ཞིག་སེམས་ནི་མ་རྨོངས་པ། ། མཁའ་ལ་གནས་པའི་ཉི་མ་བཞིན། ། དེ་ནི་ཅི་དགར་སྤྱོད་པར་བྱེད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །
BOརྡོ་རྗེ་གསུམ་གྱི་གསང་བ་སྟེ། ། སྔགས་སྤྱོད་པ་ཡི་མཆོག་གྱུར་པ། ། ལེའུ་བདུན་པ་རབ་ཏུ་བསྟན། ། ། ། དེ་ནས་དཔལ་ལྡན་དེ་བཞིན་གཤེགས། ། དཀོན་མཆོག་དཔལ་ནི་འོད་ཆེན་པོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། བླ་མ་རྡོ་རྗེ་གསུམ་གྱི་བདག ། མགོན་པོ་རྡོ་རྗེ་འཛིན་ཆེན་པོ། ། དབང་ཕྱུག་དབང་ཕྱུག་དམ་པ་དང་། ། སངས་རྒྱས་ཀུན་གྱི་སྟོན་པ་ལ། ། བསྟོད་པ་འདི་ཡིས་ གསོལ་བ་བཏབ། ། ནམ་མཁའི་སྤྱོད་པ་རྡོ་རྗེ་མཆོག ། རྡོ་རྗེ་སེམས་དཔའ་ཐུབ་པ་ཆེ། ། ཐེག་པ་ཆེན་པོ་རྣམ་སྣང་བ། ། ཀུན་ཏུ་བཟང་པོ་བརྟུལ་ཞུགས་བཟང་། ། དངོས་ཀུན་དངོས་པོ་གཅིག་པའི་མཆོག ། རིགས་མཆོག་ཐམས་ཅད་ཡང་དག་འབྱུང་། ། རྒྱལ་བའི་དམ་པའི་མཆོད་པའི་མཆོག ། མཆོད་པ་ ཀུན་མཆོག་བཤད་དུ་གསོལ། ། འདོད་ཆགས་ཆེན་པོ་ཞེ་སྡང་ཆེ། ། གཏི་མུག་ཆེན་པོ་བློ་གྲོས་ཆེ། ། ཐེག་པ་གསུམ་པོ་རབ་སྟོན་ཅིང་། ། རྡོ་རྗེ་ཐེག་པ་སྟོན་པ་པོ། ། ནམ་མཁའ་གཅིག་པུ་དངོས་པོའི་མཆོག ། ཡེ་ཤེས་རྒྱ་མཚོ་བླ་མ་ཆེ། ། རྡོ་རྗེ་གསུམ་པོ་ཆགས་མེད་པ། ། རྒྱལ་གནས་མཆོད་པ་བཤད་ དུ་གསོལ། ། རྡོ་རྗེ་གསུམ་པོ་ལམ་གྱི་མཆོག ། ཐར་ལམ་གཅིག་པུ་སྟོན་པ་པོ། །
BOསངས་རྒྱས་སྐལ་མཆོག་ཤིན་ཏུ་དག ། མི་མཆོག་མཆོད་པ་བཤད་དུ་གསོལ། ། དངོས་པོ་ཀུན་གཅིག་ཤིན་ཏུ་དག ། བྱང་ཆུབ་སེམས་ནི་རྒྱ་མཚོ་ཆེ། ། ཆོས་ཀྱི་འཁོར་ལོ་གཅིག་བསྐོར་བ། ། རྟེན་འབྲེལ་ཡེ་ ཤེས་ལས་བྱུང་བ། ། རྡོ་རྗེ་གསུམ་གཅིག་རྣམ་དག་དོན། ། སྣ་ཚོགས་སངས་རྒྱས་བྱ་བ་མཛད། ། བདག་མེད་ཆོས་ནི་ཤིན་ཏུ་དག ། ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ། ། དེ་ནས་དེ་བཞིན་གཤེགས་བདག་པོ། ། ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། ། ཐམས་ཅད་དབང་བསྐུར་ཀུན་དབང་པོ། ། ཀུན་དོན་རིན་ ཆེན་མཆོག་འཛིན་པ། ། ན་ཆུང་མིག་ཡངས་བཙལ་ནས་ནི། ། གཟུགས་དང་ན་ཚོད་རྣམས་ཀྱིས་བརྒྱན། ། ལོ་གྲངས་ཉི་ཤུ་ལྔ་ལོན་པ། ། རྙེད་ནས་མི་ཡི་སྐྱེ་གནས་བརྟག ། རྣམ་པར་དབེན་ནམ་གཙང་བ་ཡི། ། ས་ཕྱོགས་སུ་ནི་རྒྱལ་བདག་ཉིད། ། ཞི་བ་ཞི་བའི་གནས་ཡིད་འོང་། ། བཤང་གཅི་ཆུ་ཡིས་ བྱུགས་ནས་ནི། ། སངས་རྒྱས་བྱང་ཆུབ་རབ་སྟེར་བའོ། ། རྟག་ཏུ་མཆོད་པ་ཉིད་བྱའོ། ། དེ་བཞིན་གཤེགས་པ་མཆོད་པ་ཡི། ། ཕུང་པོ་ཞེས་བྱ་སྣ་ཚོགས་སྐྱེས། ། རྡོ་རྗེ་གསུམ་པོ་མི་ཕྱེད་ཁམས། ། རྒྱལ་བ་ཞེས་ནི་བྱ་བར་བཤད། ། ཀུན་མཁྱེན་ཡེ་ཤེས་ལང་ཚོ་སྟེ། ། ལེན་པ་མི་གསལ་ལ་སྦྱོར་ལ། །
BOདེ་ཉིད་ ན་ཆུང་ཡིན་པར་བརྟག ། འཇིག་རྟེན་པ་རྣམས་འཐོབ་བྱེད་རྒྱ། ། འགྲོ་བའི་དོན་ནི་རབ་གྲུབ་པ། ། གང་ཞིག་དངོས་མེད་ཅེས་བཤད་པ། ། མཐའ་སྐྱེས་བཞིན་དུ་བརྟག་པ་ཡིན། ། གཙང་བ་རྣམ་དག་སེམས་ཡིན་ཏེ། ། རྣམ་པར་དབེན་པ་དངོས་མེད་པ། ། ས་ནི་སྤྱན་ཞེས་བྱ་བ་ཡིན། ། ས་ཕྱོགས་རྒྱལ་བ་ འབྱུང་བ་ཡིན། ། ཞི་བ་སྣ་ཚོགས་ངེས་འབྱུང་བ། ། ཞི་བའི་གནས་ནི་མྱུར་ལ་སོགས། ། བཤང་གཅི་ཡུལ་དང་དབང་པོར་གྲགས། ། ཆུ་ནི་ཤེས་རབ་ལ་སོགས་དྲུག ། འདི་དག་གིས་གང་བྱུགས་གྱུར་བ། ། རྫོགས་ལོངས་སྤྱོད་པའི་འདོད་འབྱུང་བ། ། དེ་རྟག་རྒྱལ་བའི་ཆོས་བཤད་པ། ། དགོངས་པ་སྦྱོར་བ་ ཆོས་ཉིད་དོ། ། མཆོད་པའི་ཡན་ལག་གཉིས་པ་ཡི། ། བཀོད་པའི་ཡན་ལག་མཚན་ཉིད་བཤད། ། འཇིག་རྟེན་ཤིན་ཏུ་འདས་སྤྱི་བོ། ། འཇིག་རྟེན་འདས་པའི་སྙིང་ག་རུ། ། རྐང་པའི་བར་དང་ལྟེ་བ་དང་། ། རྐེད་བ་གསང་བ་འཇིག་རྟེན་པ། ། རྒྱལ་སྲས་རྣམས་ཀྱི་བཀོད་པ་ནི། ། རིགས་ནི་ལྔ་པོ་བྱ་བ་ཡིན། ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། ། ཡེ་ཤེས་རྒྱ་མཚོ་རྣམ་པར་བསྒོམ། ། བདག་ཉིད་ཟླ་བའི་ནང་གནས་པར། ། བརྟུལ་ཞུགས་ཅན་གྱིས་སྙིང་གར་བསྒོམ། ། ཆུ་དེ་སྦྱོར་བར་གྱུར་པ་ནི། །
BOམཱ་མ་ཀཱི་ར་ནི་ཡོངས་སུ་བརྟག ། ཞི་བ་རྡོ་རྗེ་འཛིན་འདོད་པས། ། བསྡུ་བ་དེ་ཡང་རབ་ཏུ་བྱ། ། རིན་ཆེན་རང་བཞིན་ མཆོད་རྟེན་ནི། ། འོད་ཟེར་སྣ་ཚོགས་རྣམས་ཀྱིས་བརྒྱན། ། ཡེ་ཤེས་རྒྱ་མཚོ་དུས་གསུམ་པ། ། གནས་དེ་རུ་ནི་བསམ་བྱ་བ། ། བློ་ལྡན་བ་སྤུའི་བུ་ག་ལས། ། ཇི་ལྟ་ཇི་ལྟར་སྤྲོ་བར་བྱ། ། རྣལ་འབྱོར་རྣལ་འབྱོར་མཆོག་གཞོལ་བས། ། མཆོད་པའི་སྤྲིན་ནི་དེས་སྤྲོ་བྱ། ། གོས་དཀར་པདྨར་ཡང་དག་དགོད། ། རྣམ་ལྔ་གཅིག་ལ་རྣལ་འབྱོར་མ། ། མེ་ཡི་སྦྱོར་བ་བཤད་པ་ནི། ། དེ་ཡང་མི་གསལ་ཞི་ལ་གནས། ། སྒྲོལ་མར་ཨུཏྤལ་ཉིད་གྱུར་པ། ། རླུང་སྟེ་སྦྱོར་བ་ལྔ་པའོ། ། འཇུག་དང་གནས་དང་སྐྱེ་བ་དང་། ། དེ་བཞིན་ལྡང་བའི་མིང་ཅན་ནོ། ། དེ་ཉིད་རྣམ་པ་གསུམ་བྱས་པས། ། རྡོ་རྗེ་གསུམ་གྱི་དམ་ཚིག་གནས། ། དེ་ནས་བློ་ལྡན་གྱིས་དབུལ་བ། ། ལྷ་རྣམས་ཀྱི་ཡང་དངོས་མེད་ཉིད། ། དེ་ནས་དེ་བཞིན་གཤེགས་པ་མཆོག ། ཁྱབ་བདག་རྣམ་སྣང་ཆེན་པོ་ལས། ། མེ་ཏོག་དགོངས་པ་ཐོས་ནས་ནི། ། རྡོ་རྗེ་ཅན་གྱིས་ཐུབ་ཆེན་ཞུས། ། མེ་དང་རླུང་དང་དབང་ཆེན་དང་། ། ཆུ་རུ་ཡོངས་སུ་བརྟགས་པ་ཡིན། ། རེ་རེའང་དང་ པོ་སྦྱོར་ཞེས་བྱ། ། མེ་ཏོག་དེ་ལྔ་གསུམ་དུ་བཤད།
BO། བྱ་རྒོད་མེ་ཏོག་ཟ་བ་དང་། ། བུང་བ་ཤ་ཟ་ཞེས་ཟེར་ཞིང་། ། མེ་ཏོག་འདི་ཡི་དགོངས་པ་ནི། ། མ་འོངས་སྐྱེ་བོས་མི་ཤེས་སོ། ། མ་རྟོགས་པས་ནི་དེ་རྣམས་ཀྱི། ། དངོས་གྲུབ་རིང་དུ་གནས་པར་འགྱུར། ། འདི་ལྟར་བདག་ནི་སྐལ་མིན་ ཞེས། ། སྨྲ་ཞིང་དེ་རྣམས་བདག་ཉིད་སྨོད། ། དེ་ལྟར་བདག་ཉིད་སྨད་པས་ན། ། སངས་རྒྱས་ཐམས་ཅད་སྨད་པར་འགྱུར། ། སངས་རྒྱས་ཐམས་ཅད་སྨད་གྱུར་པས། ། མི་ལས་འདས་ནས་གཞན་དུ་འགྲོ། ། གཙོ་བོ་སངས་རྒྱས་ནང་ན་མིན། ། ཕྱི་རོལ་ན་མིན་གཉིས་གར་མིན། ། ཚོགས་པ་ལས་ ཀྱང་མ་ཡིན་ཏེ། ། རྐྱེན་གྱིས་འགྲོ་བ་དག་ལ་གནས། ། དེ་བཞིན་དེ་བཞིན་གཤེགས་སངས་རྒྱས། ། ལུས་ལ་གསང་སྔགས་འདི་ཉིད་ལས། ། གསང་སྔགས་འགྲུབ་པར་དཀའ་བའི་རྒྱུས། ། དེས་ནི་བདག་དང་དེ་དག་སྨོད། ། དེ་རྣམས་རྗེས་སུ་གཟུང་བའི་ཕྱིར། ། དགོངས་པ་དེ་ནི་བཤད་དུ་གསོལ། ། རང་གི་ངོ་བོ་མ་འཚལ་ན། ། མཁས་པ་དག་ནི་ཉམས་པར་འགྱུར། ། དེ་ནས་བཅོམ་ལྡན་སྣ་ཚོགས་པས། ། གསང་བའི་བདག་པོ་ལ་གསུངས་པ། ། ཉིན་དང་མཚན་མོའི་དབྱེ་བ་ཡིས། ། མེ་ཏོག་དོན་ནི་བཤད་པར་བྱ། ། པདྨ་ཨུཏྤལ་ཉིན་མོར་བཤད། ། ཛཱ་ཏི་མཚན་མོ་ཡིན་ཞེས་བཤད། །
BOལྔ་ཡི་བདག་ཉིད་གསུམ་དང་གཅིག ། གཉིས་ལྔ་གཅིག་དང་གསུམ་དུ་འགྱུར། ། དེ་ཡི་ཐབས་ནི་ཉིན་མོར་བཤད། ། མཚན་མོ་ཤེས་རབ་ཅེས་བཤད་དོ། ། ཉིན་དང་མཚན་མོའི་དབྱེ་བ་ཡིས། ། མཇུག་ཏུ་འབྱུང་བ་ཉིད་དུ་འགྱུར། ། དེ་གཉིས་དབུས་ཀྱི་སྦྱོར་བ་གང་། ། དགོངས་པས་ཡོངས་སུ་ བརྟགས་པ་ཡིན། ། དེ་ནི་སངས་རྒྱས་སྙིང་པོར་འགྱུར། ། དེ་བས་ལྷ་ཚོགས་ཀྱིས་དེ་མིན། ། རྣལ་འབྱོར་པ་དང་སྔགས་པ་རྣམས། ། དགོངས་པའི་ཆོས་ལ་རབ་བརྩོན་བྱ། ། དགོངས་པ་བྱིན་རླབས་རྒྱུ་ཡིས་ནི། ། དེ་རྣམས་ཀྱིས་ནི་འགྲུབ་པར་འགྱུར། ། གང་ཞིག་རླུང་ནི་བཅུར་གྲགས་པ། ། དེ་ནི་པདྨ་ ཨུཏྤལ་མིང་། ། དེ་ཉིད་ཅེས་གྲགས་རྡོ་རྗེ་གསུམ། ། ཛཱ་ཏི་གཅིག་པུ་གསུམ་དུ་འདོད། ། ཀརྞི་ཀ་དང་མ་ལི་ཀ། ། ཡུཀ་ཏི་ཀ་ར་བཱི་ར་ནི། ། {གོ་རིམས་,གོ་རིམ་}བཞིན་དུ་སྤྱན་སོགས་ཏེ། ། ས་ལ་སོགས་པར་འདིར་སྦྱར་རོ། ། དངོས་མེད་གོ་འཕང་ལ་བཀོད་པས། ། ལྷ་རྣམས་ཀྱི་ནི་སྐུར་སྦྱོར་བས། ། གཅིག་ཏུ་ སངས་རྒྱས་ཀུན་མཉེས་པའི། ། མཆོད་པ་ཆེན་པོར་དེ་འགྱུར་རོ། ། ལྔ་པོའི་བདག་ཉིད་ཡང་དག་བཞག ། ལྔ་བཅུ་དག་ནི་གཉིས་འགྱུར་བྱ། ། དེ་ཉིད་གསུམ་སྦྱོར་འཁོར་ལོ་ནི། །
BOདཔག་ཚད་བརྒྱ་ཡི་དཀྱིལ་འཁོར་རོ། ། དེར་ནི་མཁས་པས་རྟག་པར་ནི། ། རིགས་རྣམས་རབ་ཏུ་དགོད་པར་བྱ། ། པདྨ་ འཁོར་ལོ་རྡོ་རྗེ་དང་། ། དེ་བཞིན་ཨུཏྤལ་རྟག་ཏུ་བསྒོམ། ། དཔག་ཚད་བཞི་པོ་སྦྱོར་གཅིག་པ། ། དཔག་ཚད་བརྒྱ་ཁྱོན་དེ་ཉིད་གསུམ། ། བྱམས་པ་ལ་སོགས་གྲུ་བཞིར་གྱུར། ། མཛེས་པ་ཕུང་པོས་བརྒྱན་པ་ཡིན། ། གྲུ་བཞི་དེ་ནི་རིགས་སུ་གྱུར། ། ཞི་བ་སྦྱོར་བ་གཅིག་མིང་ཅན། ། མཆོད་རྟེན་ ཡེ་ཤེས་སེམས་རང་བཞིན། ། གསལ་ཞིང་རང་བཞིན་དྲི་མ་མེད། ། རིགས་རྣམས་མཆོད་ཕྱིར་དེ་ཉིད་ནི། ། ཤེས་རབ་ཅན་གྱིས་གནས་བསྒོམ་མོ། ། མངོན་ཤེས་ལྔ་ཡི་གནས་འདོད་རྣམས། ། དེ་ཡི་མཆོད་པ་རྒྱ་མཚོ་གསལ། ། རིན་ཆེན་ཡེ་ཤེས་སྤྲོ་བདག་ཉིད། ། གོས་ནི་བསྡུ་པ་ཞེས་བྱའོ། ། མཆོད་ པ་མཆོག་རྣམས་དེ་དག་གིས། ། བྱང་ཆུབ་འདོད་པས་མཆོད་པར་བྱ། ། ཤེས་རབ་ཅན་གྱིས་མཆོད་མཆོག་ལས། ། ལྷ་རྣམས་རྟག་ཏུ་མཉེས་པར་བྱ། ། སྦྱོར་གཅིག་དེ་ལས་ཡང་དག་བྱུང་། ། རིན་ཆེན་འབྱུང་གནས་ན་ཆུང་ཡིན། ། དགའ་མགུ་ཡང་དག་ལྡན་པ་ཡི། ། དངོས་གྲུབ་ཤིན་ཏུ་གྲུབ་པའི་ཕྱིར། ། ང་རྒྱལ་ལ་སོགས་བདུན་ཞེས་བྱ། ། རིན་ཆེན་ཐམས་ཅད་དབུལ་བར་བྱ། །
BOཆོས་དང་རྫོགས་ལོངས་སྤྱོད་ལས་བྱུང་། ། རིན་ཆེན་བདུན་གྱི་ནོར་དེ་ནི། ། དེས་བཀང་པ་ཡི་ཞིང་འདི་ནི། ། ཤེས་རབ་ཐབས་ཅིག་ལས་བྱུང་བའི། ། དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། ། ཞིང་དེ་ཉིན་རེ་དབུལ་བར་ནི། ། ནམ་མཁའ་མཐའ་ཡས་རྣལ་འབྱོར་པའི། ། སྦྱིན་པའི་ཕ་རོལ་ཕྱིན་འདིར་འགྱུར། ། སངས་རྒྱས་དཀྱིལ་འཁོར་དབུས་སུ་དེ། ། ཕྱག་རྒྱའི་བདག་པོར་མཉམ་བཞག་སྟེ། ། འདོད་ཆགས་བློ་ལྡན་སངས་རྒྱས་ལ། ། རེག་པར་ཡང་དག་སྦྱོར་བ་དབུལ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། བཀོད་པའི་དཀྱིལ་འཁོར་དམ་པ་བསྒོམ། ། བདག་ཉིད་དེ་བཞིན་གཤེགས་པའི་སྐུ། ། ཡུལ་དང་དབང་པོ་སུན་འབྱིན་པ། ། དངོས་མེད་གཅིག་པར་ཡང་དག་འབྱུང་། ། ཡུལ་དང་དབང་པོ་ཞེས་བྱ་བའི། ། བཤང་གཅི་ཇི་ལྟ་ཇི་ལྟ་བར། ། དེ་ཉིད་མཆོད་པ་རྣམས་ཀྱིས་མཆོད། ། སྐལ་བཟང་ཞིང་ནི་ མཛེས་པ་ཡི། ། བུད་མེད་གཟུགས་བཟང་རྙེད་པ་དང་། ། གསང་སྔགས་ཡི་གེའི་གནས་འབྱུང་བས། ། རྣལ་འབྱོར་མ་དེ་བྱིན་བརླབས་ལ། ། བྱས་ནས་གཉིས་མེད་སྦྱོར་གཅིག་པུ། ། རང་གི་ལུས་ཀྱི་ནང་དུ་གཞུག ། སྤྱན་སོགས་ཇི་ལྟ་ཇི་ལྟ་བར། ། བྱིན་གྱིས་བརླབས་ པའི་གནས་བཀོད་དེ། །
BOམིག་བཟང་དག་བའི་བྱ་བ་ཡི། ། རང་བྱུང་ཁུ་བ་བླངས་ནས་མཆོད། ། གང་ཞིག་དེ་ལྟར་རྟོགས་པ་དེ། ། བླངས་པས་རྡོ་རྗེ་འཆང་བར་འགྱུར། ། ས་ལ་སོགས་པའི་དཀྱིལ་འཁོར་གང་། ། སྤྱན་ལ་སོགས་པར་རབ་བརྟགས་པ། ། དེ་ནི་འཇུག་སོགས་སྦྱོར་བ་ཡང་། ། དེ་ནི་ ཁུ་བ་ཟ་བར་འགྱུར། ། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ། ། རྡོ་རྗེ་ཡེ་ཤེས་ཅན་གསང་གི། ། གསང་སྔགས་དངོས་གྲུབ་བྱེད་པའི་མཆོག ། རིན་ཆེན་ཀུན་གྱི་འབྱུང་གནས་མཆོག ། དགོངས་པ་ལུང་བསྟན་ལ་གནས་ནས། ། གང་ཞིག་སེམས་ནི་བཟོད་ གྱུར་པ། ། དེ་ནི་ཇི་བཞིན་ཉིད་དུའང་བྱེད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། རྡོ་རྗེ་གསུང་གི་གསང་བ་ལས། ། བཤང་གཅིའི་དམ་ཚིག་ཅེས་བྱ་བའི། ། ལེའུ་བརྒྱད་པ་ཡིན་པར་བཤད། ། ། ། དེ་ནས་དེ་བཞིན་གཤེགས་མཆོག་གཙོ། ། ཐམས་ཅད་ནམ་མཁའ་ མི་འགྱུར་ཆེ། ། སངས་རྒྱས་དབང་བསྐུར་སྤྱོད་པའི་མཆོག ། གཟུགས་དོན་དབང་ཕྱུག་དམ་པ་ཡིན། ། རྡོ་རྗེ་གསུམ་ཉིད་ལོངས་སྤྱོད་པ། ། རྡོ་རྗེ་མི་ཕྱེད་གསུམ་དཀྱིལ་འཁོར། ། སངས་རྒྱས་ཡེ་ཤེས་སྦྱོར་གཅིག་པའོ། ། གསང་བ་ཉམས་ནི་དགའ་བར་བཤད། ། ནམ་མཁའི་དབྱིངས་ ཀྱི་དབུས་གནས་པར། །
BOསངས་རྒྱས་དཀྱིལ་འཁོར་བསྒྲུབ་པར་བྱ། ། རྡོ་རྗེ་རྩེ་གཅིག་རྡོ་རྗེ་ཡང་། ། བསྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ། ། འོད་འཕྲོ་མང་པོ་འབར་བ་དང་། ། འོད་ཟེར་སྣ་ལྔས་རབ་ཏུ་གང་། ། དུས་གསུམ་སངས་རྒྱས་ཡང་དག་བྱུང་། ། བསྒོམས་ལ་རྡོ་རྗེས་ཕྱེ་མར་བརླག ། རྡོ་རྗེ་གསུམ་གཅིག་ལོངས་སྤྱོད་ནི། ། རྡོ་རྗེས་ཕྱེར་བརླགས་མེད་གྱུར་པའི། ། ཐུགས་ཀྱི་དངོས་གྲུབ་བྱེད་བསམ་གཏན། ། བསྒོམས་ན་མྱུར་དུ་ཐོབ་པར་འགྱུར། ། རྡོ་རྗེ་མཆོག་ཅེས་བྱ་བ་ཡི། ། རྡོ་རྗེ་གསང་བ་འདི་ལྟ་བུ། ། རྡོ་རྗེས་རྡོ་རྗེ་འཛིན་པ་ནི། ། སེམས་ཅན་ཐམས་ཅད་བསད་ན་ནི། ། དེ་ནི་མྱུར་བར་མི་བསྐྱོད་པའི། ། རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། ། ཞེ་སྡང་རིགས་ཆེན་དེ་ཉིད་ཀྱིས། ། ཞིང་དེ་འགེངས་པར་བྱེད་པར་འགྱུར། ། དེ་ནས་དགོངས་པ་ཆོས་གཅིག་པུ། ། གཙོ་བོ་ཀུན་མཁྱེན་ཐམས་ཅད་རིག ། དམ་ཚིག་དེ་ཉིད་གསུངས་པ་ཡི། ། མགོན་ལ་ཕྱག་ན་རྡོ་རྗེས་གསོལ། ། འདི་ལྟར་དངོས་མེད་མཆོག་གྱུར་པ། ། ཁྱོད་ནི་ཆོས་རྣམས་སྟོན་མཛད་པ། ། འཇིག་རྟེན་པ་དང་འགལ་ཚིག་གིས། ། མགོན་ཁྱོད་ཅི་ཕྱིར་སྟོན་པར་མཛད། ། གང་ཞིག་དེ་བཞིན་ཉིད་དངོས་གཅིག །
BOདུས་གསུམ་འབྱུང་བའི་སངས་རྒྱས་རྣམས། ། ཆོས་སྐུ་གཅིག་པུ་ལས་འཁྲུངས་པ། ། ཇི་ལྟར་རྡོ་ རྗེས་ཕྱེ་མར་བརླག ། དེ་ནི་ཕྱེར་བརླགས་གྱུར་པ་ལས། ། ཇི་ལྟར་ཡང་དག་སེམས་འགྲུབ་འགྱུར། ། ཆོས་སྐུ་གཅིག་པུ་ལས་བྱུང་ལས། ། ལྷག་པ་ཞེས་བྱ་གྱུར་ནས་སུ། ། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། ། ཕྱེ་མར་བརླག་པར་ཇི་ལྟར་ནུས། ། ཕྱེར་བརླག་བྱེད་པས་དངོས་མེད་པས། ། ཕྱེ་མ་ཉིད་ཀྱང་ཁྱད་པར་དུ། ། སངས་རྒྱས་སྔགས་དོན་རྣལ་འབྱོར་པ། ། ནུས་པ་བསམ་མི་ཁྱབ་ལྡན་ལ། ། དེ་འདྲ་བར་ནི་ཕྱེར་བརླག་པར། ། སྔགས་པ་གཞན་གྱིས་མི་ནུས་སོ། ། སེམས་ཅན་གྱིས་ནི་སེམས་ཅན་བཞིན། ། སངས་རྒྱས་སངས་རྒྱས་ཕྱེར་བརླགས་པས། ། འདི་གཉིས་ཁྱད་པར་མེད་དོ་ ཞེས། ། མ་འོངས་སྐྱེ་བོ་སྨྲ་བར་འགྱུར། ། སངས་རྒྱས་གཅིག་པུ་མཐར་ཐུག་པ། ། མིན་ཞེས་མི་རྣམས་ངེས་སྨྲ་ཞིང་། ། གང་ཞིག་སངས་རྒྱས་ཀྱིས་གསུངས་བཞིན། ། རབ་ཏུ་སྤང་བར་བྱེད་པར་འགྱུར། ། ཐེག་བཟང་བསྒྲུབས་ན་འཚང་རྒྱ་བ། ། དགོངས་པའི་བུམ་པ་བཟང་པོ་མཆོག ། དེ་ནི་བཅོམ་ ལྡན་མྱུར་སྦྱོར་བས། ། མི་བསྐྱོད་ཞིང་དུ་སྐྱེ་འགྱུར་རམ། ། སེམས་ཅན་འཁོར་བར་འཁོར་གྱུར་པ། ། དེ་ཚེ་ཞེ་སྡང་ཆེ་སྐྱེ་འམ།
BO། སྙིང་རྗེས་གསད་པར་བྱའོ་ཞེས། ། སྔགས་པ་རྣམས་ནི་དེ་མི་སྤོང་། ། འདས་ཚེ་སྟོན་པར་གྱུར་པ་དང་། ། ད་ལྟར་རྗེས་སུ་སྟོན་མཛད་དང་། ། མཉེས་བྱ་མ་འོངས་ སངས་རྒྱས་རྣམས། ། སངས་རྒྱས་བྱང་ཆུབ་སྩོལ་བའོ། ། མི་བསྐྱོད་གཟུགས་ཅན་རྡོ་རྗེ་ཡིས། ། དེ་རྣམས་ཇི་ལྟར་གཞོམ་པར་བགྱི། ། དེ་ཉིད་སྣ་ཚོགས་དོན་ལྡན་ཚིག ། དེ་རྣམས་ཀྱིས་ནི་ཇི་ལྟར་རྟོགས། ། གང་ཞིག་ཤེས་པས་རྒྱལ་སྲས་རྣམས། ། དགོངས་པའི་དོན་ལ་རྟོག་མེད་ འགྱུར། ། མ་འོངས་སྐྱེ་བོའི་དོན་དུ་ནི། ། དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། ། དེ་ནས་རྡོ་རྗེ་འཛིན་སྨྲ་བའི། ། འགྲོ་ལ་ཕན་པའི་ཚིག་གསན་ནས། ། དེ་ནས་གཙོ་བོ་རྡོ་རྗེ་འཆང་། ། ཁྱབ་བདག་གིས་ནི་སླར་གསུངས་པ། ། ལེགས་སོ་བུ་ཁྱོད་ཆེར་ལེགས་ཏེ། ། ཀུན་དུ་བཟང་པོ་ཁྱོད་ལེགས་ སོ། ། དགོངས་པས་བཤད་པའི་དོན་དུ་ནི། ། ཁྱོད་ཀྱིས་ང་ལ་གང་དྲིས་པ། ། གསུངས་དོན་ཇི་ལྟ་ཇི་ལྟ་བར། ། དེ་ནི་ང་ཡི་བཤད་པར་བྱ། ། ཕུང་སོགས་ཡན་ལག་གང་གྱུར་པ། ། སངས་རྒྱས་སེམས་ཅན་རབ་བརྟན་ཞིང་། ། སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡང་། ། དབྱེ་བ་སྣ་ཚོགས་རབ་ཏུ་བརྟན། ། འཁོར་ བ་མི་བསྐྱོད་མིང་ཅན་ཏེ། །
BOདེ་སྔགས་རྡོ་རྗེ་ཞེས་བྱ་བ། ། མི་གསལ་རྡོ་རྗེ་ཞེས་བཤད་དེ། ། དངོས་མེད་གཅིག་པུ་རྡོ་རྗེ་ཉིད། ། དེས་བཤིག་པ་ནི་བསད་པ་སྟེ། ། སངས་རྒྱས་སེམས་ཅན་ཁྱད་པར་དུ། ། སྣ་ནི་ཚོགས་ཀྱི་དབང་པོ་ཡི། ། ཁ་ནི་རང་བཞིན་ཉིད་དུ་གཡོ། ། རྣལ་འབྱོར་པ་ཡི་ལག་གྱུར་པ། ། འགྲོ་བ་རླུང་གི་མིང་ཅན་ནོ། ། མི་བསྐྱོད་རྡོ་རྗེའི་སྤྱོད་པ་ཉིད། ། ལག་ཏུ་རྡོ་རྗེ་བཞག་ནས་ནི། ། དེ་ཚེ་མྱུར་ལ་སོགས་བྱ་བ། ། ཀླུ་ཡི་རང་བཞིན་སྣ་ཚོགས་ཉིད། ། ཕུང་སོགས་བརྟགས་པའི་སངས་རྒྱས་རྣམས། ། སྐུ་གསུང་ཐུགས་ལས་ཡང་དག་བྱུང་། ། དེ་ཡི་ཡན་ལག་ཕུང་པོར་བཤད། ། དེ་ ནི་ཕྱེར་གྱུར་བསད་པ་ཡིན། ། འདི་ནི་ཞེ་སྡང་རིགས་ཡིད་འོང་། ། མི་བསྐྱོད་ཡེ་ཤེས་རྡོ་རྗེ་ཉིད། ། དེ་བཞིན་སྐྱེ་བ་དམ་པ་ཡིན། ། དངོས་གྲུབ་ཆེན་པོ་དེས་ཐོབ་འགྱུར། ། དེ་ནས་དཔལ་ལྡན་བདེ་ཆེན་པོ། ། ཡེ་ཤེས་ཐར་པ་རབ་སྒྲུབ་པ། ། རང་བཞིན་དག་གིས་གོས་མེད་པ། ། བྱང་ཆུབ་སྤྱོད་པ་ རབ་བསྒྲུབས་པས། ། ཕྱག་ན་རྡོ་རྗེ་འོད་ཆེན་པོ། ། གསང་བ་གསུམ་གྱི་གཙོ་བོ་ལ། ། བོས་ནས་ཡང་དག་རྫོགས་སངས་རྒྱས། ། སྒྲུབ་པའི་དམ་ཚིག་དེ་ཉིད་གསུངས། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །
BOརྡོ་རྗེ་དཀྱིལ་འཁོར་དམ་པ་ལ། ། རྣམ་པར་སྣང་མཛད་བསྒོམ་བྱ་ཞིང་། ། སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། ། རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། ། རྡོ་རྗེ་གཟུགས་ནི་རྣམ་པར་བསྒོམ། ། རྡོ་རྗེ་གསུམ་མཉམ་སྦྱོར་བ་ཡིས། ། རྫས་རྣམས་ཐམས་ཅད་དབྲོག་པར་བྱ། ། ཤེས་དང་དབང་པོ་ལྡོག་པར་འགྱུར། ། རྣམ་སྨིན་དངོས་པོ་མེད་པ་ཡི། ། དེ་ཉིད་འཕྲོག་པའི་རྡོ་རྗེ་ དང་། ། སངས་རྒྱས་ཐམས་ཅད་རབ་བསྒྲུབ་པའི། ། རིན་ཆེན་རྡོ་རྗེ་མཆོག་སྦྱོར་བ། ། རྒྱལ་བའི་སྲས་སུ་འགྱུར་བ་དང་། ། ནོར་གྱི་རྒྱ་མཚོས་གང་བ་ཡི། ། ཡིད་བཞིན་ནོར་བུ་འདྲ་བར་འགྱུར། ། འདི་ནི་གཏི་མུག་རིགས་དེ་ཉིད། ། དམ་ཚིག་ཡིན་པར་ཡོངས་སུ་བསྒྲགས། ། རིགས་ཀུན་རྒྱ་ མཚོ་ཤེས་བྱ་སྟེ། ། དེ་ལས་ཐུབ་པའི་སྐྱེས་མཆོག་འགྱུར། ། དེ་ནས་བདག་པོ་བཅོམ་ལྡན་འདས། ། འདོད་ཆགས་ཐར་པར་རབ་འཇུག་པ། ། གསང་བ་དག་པ་གནས་མེད་པ། ། དཀྱིལ་འཁོར་མཆོག་ནི་བཀའ་སྩལ་ཏོ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། རིན་ཆེན་དཀྱིལ་འཁོར་ བསྒོམ་པར་བྱ། ། དཔག་མེད་ཆོས་ནི་རྣམ་བསྒོམས་ཏེ། ། སངས་རྒྱས་ཀུན་གྱིས་རབ་ཏུ་དགང་། ། བུད་མེད་ལྟ་བུར་སྦྱོར་བ་ཡང་། །
BOཏིང་ངེ་འཛིན་གྱི་སྦྱོར་བ་ཡིས། ། ཐམས་ཅད་དེ་རུ་བསྒོམ་པར་བྱ། ། འདི་ནི་རྡོ་རྗེ་ཚུལ་མཆོག་ཡིན། ། དངོས་མེད་བསམ་པའི་སྦྱོར་བ་ཡིས། ། གསལ་མི་གསལ་ལ་ཡང་ དག་སྦྱོར། ། ཆོས་དང་རྫོགས་ལོངས་སྤྱོད་སྦྱོར་བ། ། གསང་སྔགས་ཀྱིས་སྤྲུལ་དབང་པོ་གཉིས། ། སྦྱོར་བ་བཞི་ཡི་སྦྱོར་བ་ཡིས། ། དབང་པོ་གཉིས་ནི་རབ་སྦྱོར་བའི། ། སྙོམས་ཞུགས་སྦྱོར་བ་དེ་ཡིས་ནི། ། དེ་དག་ཐམས་ཅད་ཉེ་བར་སྤྱོད། ། སྐུ་གསུམ་མི་ཕྱེད་སྔགས་རྣམས་ཀྱི། ། འདི་ནི་བསྒོམ་པ་ མཆོག་དེ་ཡིན། ། དེ་ཉིད་དམ་ཚིག་སྦྱོར་བ་འདི། ། འདོད་ཆགས་རིག་གཅིག་བསྒོམ་པའོ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། འདོད་ཆགས་ཆེན་པོའི་ཚུལ་མཆོག་སྟེ། ། སྔགས་པ་རྣམས་ཀྱིས་ཉིན་རེ་ཞིང་། ། རབ་ཏུ་འབད་པས་བསྒོམ་པར་བྱ། ། དེ་ནས་གསང་དབང་རྡོ་རྗེ་གསུམ། ། རྡོ་རྗེ་སྔགས་དོན་ སྒྲུབ་པ་པོ། ། བདག་མེད་ཡེ་ཤེས་ལས་བྱུང་བས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། ། དོན་ཡོད་རྡོ་རྗེ་རྣམ་བསྒོམས་ཏེ། ། སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། ། རྡོ་རྗེ་ཚིག་གི་{བརྫུན་,རྫུན་}སྨྲ་བ། །
BOརྒྱལ་བ་ ཐམས་ཅད་སླུ་བ་སྟེ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། ནམ་མཁའི་གསུང་ནི་དྲི་མེད་པའོ། ། གང་ཞིག་{བརྫུན་,རྫུན་}དུ་སྨྲ་བཤད་པ། ། {བརྫུན་,རྫུན་}དེ་ཉིད་ནི་དམ་པ་སྟེ། ། དཔའ་བོ་གང་ཞིག་སྒོམ་བྱེད་པ། ། དེ་ནི་རྒྱལ་བའི་མཆོག་ཏུ་འགྱུར། ། གསང་བའི་ཡེ་ཤེ་དམ་པ་སྟེ། ། སངས་རྒྱས་དངོས་གྲུབ་བྱེད་ པའི་མཆོག ། དམ་ཚིག་འགུགས་པར་གང་གྱུར་པའི། ། རིགས་ཀྱི་དམ་ཚིག་ལ་འཇུག་པའོ། ། ཀུན་དུ་ཀུན་ནས་འབད་པ་ཡི། ། ཇི་བཞིན་དོན་དུ་འདྲ་བྱས་ཏེ། ། སོ་སོར་རྟོག་པའི་སྦྱོར་བ་ཡིས། ། དེ་ནི་དངོས་གྲུབ་རྒྱ་ཆེན་ཐོབ། ། དེ་ནས་བཅོམ་ལྡན་སྣ་ཚོགས་པ། ། མི་ཕྱེད་རྡོ་རྗེ་གསུམ་ རྒྱལ་བདག ། རྡོ་རྗེའི་དངོས་གྲུབ་རབ་སྟོན་པས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། དེར་ནི་དཀྱིལ་འཁོར་བསྒོམ་པར་བྱ། ། སངས་རྒྱས་སྐུ་རུ་རབ་བརྟགས་པའི། ། དམ་ཚིག་དེ་ནི་ཡང་དག་བཤད། ། དཀོན་མཆོག་དཔལ་ནི་རབ་བསྒོམས་ ཏེ། ། གཟུགས་རྣམས་ཀུན་གྱི་ས་འདི་གང་། ། ཕུང་པོ་ལ་སོགས་གྲངས་མཉམ་པའི། ། སངས་རྒྱས་ཀུན་གྱིས་ཐམས་ཅད་དུ། ། རྩུབ་པའི་ངག་ལ་སོགས་པ་ནི། ། ས་རྣམས་དམན་པ་ཞེས་བྱ་བའི། །
BOབསྒོམས་ན་དངོས་གྲུབ་ཐོབ་འགྱུར་ཞེས། ། བཅོམ་ལྡན་ཐུབ་པས་དེ་སྐད་གསུངས། ། དེ་བཞིན་ གཤེགས་པ་ཀུན་བཀོད་པ། ། སྣ་ཚོགས་གཟུགས་ཅན་འོད་པོ་ཆེ། ། བསམ་པས་དཔལ་ལྡན་གཅིག་པུ་ཉིད། ། དཔག་ཏུ་མེད་པར་གྱུར་པ་ཡིན། ། དེ་ནས་གང་ཞིག་དམ་ཚིག་སོགས། ། ཆོས་དབྱིངས་རྡོ་རྗེ་གསུམ་ཉིད་ནི། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ། དམ་ཚིག་རྡོ་རྗེ་དཔལ་ལ་ སོགས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། ངོ་མཚར་རྨད་དུ་གྱུར་ནས་ནི། ། ཚིག་ལམ་རྡོ་རྗེ་ཞེས་བྱ་འདི། ། དེ་ནི་དེ་རྣམས་རྗོད་པར་བྱེད། ། ཅི་འདི་མགོན་པོ་བཅོམ་ལྡན་འདས། ། དེ་བཞིན་གཤེགས་པ་ཀུན་གྱི་བདག ། གང་ཞིག་ཁམས་གསུམ་ལས་འདས་ཤིང་། ། འཇིག་རྟེན་ཐམས་ ཅད་ལས་འདས་པ། ། དེ་བཞིན་གཤེགས་པ་ཀུན་མཆོག་དང་། ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི། ། འཁོར་གྱི་དཀྱིལ་འཁོར་དབུས་སུ་ནི། ། ངོ་མཚར་ཆེ་བའི་ཚིག་གི་ལམ། ། གཙོ་བོས་ཡང་དག་རྡོ་རྗེའི་ཚིག ། དགོངས་པས་ཅི་སླད་གང་གསུངས་ཞེས། ། བརྗོད་ཀྱིས་མི་ལང་བ་ཡི་ཡང་། ། བརྗོད་མི་ལང་བ་རྣམས་ཀྱིས་གསོལ། ། དེ་ནས་དེ་བཞིན་གཤེགས་ཀུན་གྱིས། ། བརྗོད་ཀྱིས་མི་ལང་བ་ཡི་ཡང་། ། བརྗོད་ཀྱིས་མི་ལང་གྲངས་ཀྱིས་ནི། །
BOརི་རབ་རྡུལ་ཕྲན་དང་མཉམ་པའི། ། དེ་བཞིན་གཤེགས་པ་ཐམས་ཅད་དང་། ། དམ་ཚིག་རྡོ་རྗེ་དཔལ་སོགས་པའི། ། བྱང་ཆུབ་སེམས་དཔའ་ སེམས་ཆེན་ལ། ། དངོས་མེད་ལས་བྱུང་གསལ་བ་གསུངས། ། དམན་དང་སྨད་པའི་འདུ་ཤེས་ནི། ། རྒྱལ་བའི་སྲས་རྣམས་མ་སྐྱེད་ཅིག ། ཅི་ཕྱིར་ཞེ་ན་དེ་བཞིན་གཤེགས། ། འབྱུང་བ་གང་འདི་སྤྱོད་མཆོག་ཡིན། ། འདི་ལྟར་སྔགས་ཀྱི་སྤྱོད་མཆོག་འདི། ། རྣམ་པར་དག་ཡིན་རིགས་ཀྱི་བུ། ། སངས་རྒྱས་མཉམ་མེད་འབྱུང་འགྱུར་འདི། ། གསང་བའི་སྔགས་དོན་སྤྱོད་པ་ཉིད། ། འདི་ལྟར་དཔེར་ན་རིགས་ཀྱི་བུ། ། ནམ་མཁའ་ཀུན་བུ་སོང་བ་སྟེ། ། ཆོས་རྣམས་ཀུན་ཀྱང་དེར་རྟོགས་ཤིང་། ། རབ་དབྱེའི་སྦྱོར་བར་གྱུར་པ་ཉིད། ། འདོད་པའི་ཁམས་ན་མི་གནས་ཤིང་། ། དེ་ནི་གཟུགས་ཀྱི་ཁམས་ མི་གནས། ། དེ་བཞིན་གཟུགས་མེད་ཁམས་ནའང་མིན། ། འབྱུང་བ་བཞི་ལ་དེ་མི་གནས། ། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་། ། དེ་ལྟར་དོན་གྱི་དབང་མཁྱེན་ནས། ། དགོངས་པའི་དབང་གིས་རྒྱལ་བ་རྣམས། ། དེ་བཞིན་གཤེགས་རྣམས་དགོངས་ཉིད་ཀྱིས། ། ཆོས་རྣམས་སྟོན་པར་མཛད་པ་ཡིན། ། དེ་བཞིན་དུ་ནི་ཁྱེད་རྣམས་ཀྱིས། ། མདོར་ན་ཁོང་དུ་ཆུད་པར་བྱ། །
BOཡང་དག་བྱང་ཆུབ་དོན་རྣམས་ཀྱིས། ། ནམ་མཁའི་ངེས་ཚིག་སྦྱོར་བས་ནི། ། དེ་བཞིན་གཤེགས་པའི་སྦྱོར་བྱུང་བའི། ། དམ་ཚིག་རྗེས་སུ་རིག་པར་བྱ། ། འདི་ལྟར་དཔེར་ན་རིགས་ཀྱི་བུ། ། གཙུབ་ཤིང་གཙུབ་སྟན་བཅས་པ་དང་། ། སྐྱེས་བུའི་ལག་པ་བསྐྱོད་པ་ཡི། ། རྐྱེན་ལས་དུ་བ་འབྱུང་བར་འགྱུར། ། དེ་ནས་མེ་ཡང་འབྱུང་མོད་ཀྱི། ། གཙུབ་ཤིང་ལ་སོགས་རེ་རེ་ནས། ། འདི་ལྟར་སོ་སོར་བརྟགས་ན་གོ། ། མེ་དེ་གང་ནའང་མི་གནས་སོ། ། བྲག་ཅ་དང་ནི་གཟུགས་བརྙན་དང་། ། སྒྱུ་མ་དང་ནི་སྨིག་རྒྱུ་དང་། ། དེ་བཞིན་ཆུ་ཟླ་རྨི་ ལམ་སྟེ། ། ཆོས་རྣམས་ཐམས་ཅད་དེ་དང་འདྲ། ། མགོན་པོ་པི་བང་སྒྲ་ལྟ་བུ། ། རྐྱེན་དོན་ལས་ཚིག་ཡང་དག་བྱུང་། ། དེ་བཞིན་འགྲོ་འོང་གནས་པ་རྣམས། ། ཅུང་ཟད་ཙམ་ཡང་ཡོད་མ་ཡིན། ། གནས་མེད་གནས་པའི་སྦྱོར་བ་ཡིས། ། གནས་པ་ནམ་མཁའི་མཚན་ཉིད་ཡིན། ། དེས་ ན་ཁྱེད་ཀྱིས་རྡོ་རྗེ་ཡི། ། དམ་ཚིག་རྗེས་སུ་རིག་པར་བྱ། ། དེ་ལྟར་ཆོས་རྣམས་དངོས་མེད་ཅེས། ། གསང་བའི་དེ་ཉིད་དོན་མཁས་པས། ། རྣམ་པར་སྨིན་པ་ལྡོག་བྱའི་ཕྱིར། ། ཕུང་པོ་དེ་བཞིན་གཤེགས་པར་ཤེས། ། དེ་ནས་བྱང་ཆུབ་སེམས་དཔའ་རྣམས། ། ངོ་མཚར་རྨད་དུ་གྱུར་ནས་ ནི། །
BOདམ་པ་ཡིས་ནི་མིག་གདངས་ཏེ། ། ཚིག་ནི་འདི་སྐད་ཅེས་གསོལ་ཏོ། ། ཆོས་འདི་ངོ་མཚར་རྨད་བྱུང་སྟེ། ། ནམ་མཁའ་དང་ནི་མཚུངས་པ་ཡི། ། མི་རྟོག་རྣམ་པར་དག་པ་ཡང་། ། ཀུན་རྫོབ་ཏུ་ནི་བཤད་པར་མཛད། ། དམ་ཚིག་ཆེན་པོ་ཡང་དག་གནས། ། དགོངས་པ་ལུང་ སྟོན་མཆོག་ལ་ནི། ། གང་ཞིག་ཡིད་འོང་བཟོད་གྱུར་པ། ། དེ་ནི་དེ་བཞིན་སྤྱོད་པ་ཡིན། ། མཆོག་དུ་དག་པའི་དེ་ཉིད་དོན། ། གསང་བ་ཆེན་པོ་ཞེས་བྱ་བ། ། དམ་ཚིག་ཚུལ་ནི་ཡང་དག་བཤད། ། ལེའུ་དགུ་པ་རྫོགས་པ་ཡིན། ། ། ། དེ་ནས་དེ་བཞིན་གཤེགས་པ་ཀུན། ། རྡོ་རྗེ་ གསུམ་འབྱུང་བཅོམ་ལྡན་འདས། ། སླར་ཡང་དགོངས་པ་འདུས་ནས་ནི། ། བླ་མ་ཆེན་པོ་བཅོམ་ལྡན་འདས། ། དམ་ཚིག་རྡོ་རྗེ་དེ་ཉིད་གནས། ། མངོན་པར་བྱང་ཆུབ་དེད་དཔོན་ཉིད། ། སྐུ་དང་གསུང་ཐུགས་གཙང་གཙོ་ལ། ། བཏུད་དེ་དེ་བཞིན་གཤེགས་པས་གསོལ། ། སྙིང་པོ་སྔགས་ནི་ཀུན་ བསྡུས་པ། ། གསང་བ་ཡང་དག་རྡོ་རྗེ་གསུམ། ། དངོས་གྲུབ་ཆེན་པོའི་ཚུལ་གྱི་མཆོག ། དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། ། དེ་བཞིན་གཤེགས་པ་ཀུན་ཡེ་ཤེས། ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ། ། གསུང་གཅིག་དུ་མའི་རྣམ་པར་རྟོག ། ཡང་དག་བསྡུས་དོན་དེ་བཞིན་གཤེགས། །
BOདེ་ནས་བདག་པོ་བཅོམ་ལྡན་འདས། ། ཉོན་མོངས་ཀུན་གྱི་རྒྱ་མཚོ་གཙོ། ། འབར་བ་དྲག་པོ་སྤྱན་ཡངས་པས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། སྐུ་ལ་སོགས་པའི་རྡོ་རྗེ་གསུམ། ། སྐུ་དང་གསུང་ཐུགས་བསྒོམ་པ་ནི། ། མཉམ་ཞིང་རྣམ་པར་མི་རྟོག་པ། ། དམིགས་པ་མེད་ཅིང་གནས་མེད་ པའོ། ། དེ་ནས་མགོན་པོ་བཅོམ་ལྡན་འདས། ། རང་བཞིན་དག་པའི་དེ་བཞིན་གཤེགས། ། ཕ་རོལ་ཕྱིན་པ་སྔགས་ཚུལ་གྱི། ། རྡོ་རྗེ་ཞེས་བྱའི་ཏིང་འཛིན་ལ། ། དཔའ་བོ་ཆེན་པོ་སྙོམས་ཞུགས་ཏེ། ། དེ་བཞིན་གཤེགས་ཀུན་ལ་གསུངས་པ། ། གང་ཕྱིར་སངས་རྒྱས་བཅོམ་ལྡན་འདས། ། དེ་བཞིན་གཤེགས་པ་ཀུན་འདི་ན། ། མགོན་པོ་མི་བསྐྱོད་ལ་སོགས་པའི། ། དེ་བཞིན་གཤེགས་པ་དུ་མ་དང་། ། རིག་པ་བྱེ་བ་ཁྲག་ཁྲིག་ནི། ། བརྒྱ་སྟོང་དུ་མ་ཞེས་བྱ་དང་། ། སེམས་ཅན་དོན་བྱ་ལ་རོལ་དང་། ། མཆོག་ནི་དེ་རྣམས་སྟོན་པར་མཛད། ། ཕྱོགས་བཅུའི་འཇིག་ རྟེན་ཁམས་མཆོག་ཏུ། ། འདོད་པའི་ཡོན་ཏན་ལྔར་ལྡན་པས། ། རོལ་ཅིང་དགྱེས་པར་གྱུར་པ་དང་། ། ཡོངས་སུ་སྤྱོད་པ་ཡོད་ཀྱང་ནི། ། སྔགས་སྤྱོད་པ་ལ་བརྩོན་རྣམས་ལ། ། ཀྱེ་མ་དཔའ་བོ་དེ་བཞིན་གཤེགས། ། རང་གཙོ་གསང་སྔགས་སྤྱོད་ཚུལ་མཆོག །
BOཆོས་བདག་མེད་པའི་རང་བཞིན་ ཅན། ། འདི་དག་རྫོགས་པར་གྱུར་སྙམ་ནས། ། སྤྱན་རས་ཀྱིས་ནི་འཚོ་མི་མཛད། ། དེ་ལྟར་རྣམ་པར་དཔྱད་པའི་དོན། ། གསང་སྔགས་བརྟུལ་ཞུགས་སྤྱོད་རྣམས་ལ། ། ཡང་དག་པར་ནི་བྱིན་བརླབས་ཕྱིར། ། དེ་ནི་སྟོན་པར་མཛད་འདི་ཡིན། ། དེ་ནས་དེ་བཞིན་གཤེགས་པ་མཆོག ། ཐུབ་ལ་ ཕྱག་ན་རྡོ་རྗེས་གསོལ། ། མགོན་པོ་དེ་བཞིན་གཤེགས་དེ་རྣམས། ། སོ་སོ་སྐྱེ་བོར་གྱུར་པ་ལ། ། དངོས་པོ་མེད་ཅིང་དམིགས་སུ་མེད། ། ནམ་མཁའི་ཁམས་དང་མཉམ་གྱུར་ནས། ། འདོད་པའི་ཡོན་ཏན་ལྔར་ལྡན་ནས། ། ཇི་ལྟར་དེ་རྣམས་རོལ་པར་མཛད། ། དེ་རྣམས་ཕྱོགས་བཅུའི་འཇིག་ རྟེན་དུ། ། ངེས་པར་གྱུར་པའི་འཁོར་རྣམས་དང་། ། སེམས་ཅན་དོན་གྱི་བྱ་བ་ཀུན། ། འདོད་པས་སྟོན་པར་མཛད་པ་ཡིན། ། མགོན་པོ་འདོད་པའི་ཡོན་ཏན་རྣམས། ། སྦྱིན་སོགས་དྲུག་ཅེས་བྱ་བར་འབྱུང་། ། ཐམས་ཅད་དག་ཀྱང་དེ་ཉིད་འགྱུར། ། ཕ་རོལ་ཕྱིན་པར་ མཉམ་བཞག་ཉིད། ། དེ་ལྟར་ཕ་རོལ་ཕྱིན་འབྱུང་བའི། ། འདོད་པའི་ཡོན་ཏན་ལྔ་དང་ལྡན། ། འགྲོ་བའི་དོན་གྱི་བྱ་བ་ཡང་། ། འདོད་པ་ལྔ་པོ་འདི་ཡིས་མཛད། ། འདི་རྣམས་ཀྱིས་ནི་མགོན་པོ་འདི། ། མི་བསྐྱོད་ལ་སོགས་རྒྱལ་བ་རྣམས། །
BOརོལ་ཅིང་དགྱེས་པར་མཛད་པ་ དང་། ། འགྲོ་བའི་དོན་ཀྱང་མཛད་གྱུར་ཅིང་། ། འཇིག་རྟེན་པ་དང་འགལ་བྱ་རྣམས། ། དེ་ཡང་དེ་བཞིན་མཛད་གྱུར་པ། ། དག་པ་རྡོ་རྗེའི་ཚིག་མཆོག་འདི། ། དེ་རྣམས་ཀྱིས་ནི་རྟོགས་པར་འགྱུར། ། ཕྱག་བྱར་འོས་པའི་རིག་པ་ནི། ། ངེས་པར་ལྡན་པ་ངེས་པར་འདོད། ། ཡོད་མེད་ལ་ སོགས་བྱེད་པ་ནི། ། གཉིས་འགྱུར་མཚན་མ་ཅན་དུ་འགྱུར། ། ཕྱོགས་བཅུ་ལམ་དུ་ཆོས་གསུངས་པ། ། གང་ཞིག་འཇིག་རྟེན་ཕུང་པོ་ལྔ། ། ཁམས་ལ་སོགས་པར་མཚོན་པ་གང་། ། གཟུགས་སོགས་ཞེས་བྱའི་མིང་ཅན་ཡིན། ། འདི་ནི་ཡན་ལག་ཐམས་ཅད་ནི། ། བྱ་བ་ཉན་ཐོས་ཐེག་པའོ། ། དེ་ཉིད་རྐྱེན་གྱི་ཐེག་པ་སྟེ། ། ཚིག་དེ་སྟོན་པར་མཛད་པ་འདི། ། གང་ཞིག་རྡོ་རྗེ་ཐེག་པར་གནས། ། དེ་བཞིན་ཇི་བཞིན་སྒྲ་རུ་འཛིན། ། ཤེས་རབ་ཕ་རོལ་ཕྱིན་པ་ལ། ། ངེས་པར་འབྱུང་བའི་ཚུལ་གསུམ་པོ། ། ཆོས་སྐུ་ངོ་བོ་ལ་སོགས་པ། ། མཁའ་དབྱིངས་མཐའ་ཡས་རྣལ་འབྱོར་པ། ། གནས་མེད་གནས་པར་སྦྱོར་བ་ཡིས། ། འགྲོ་བའི་སྙིང་དུ་རྣམ་རོལ་པ། ། ཞི་བ་གཅིག་ལ་གནས་པའི་མགོན། ། འཁོར་བ་དང་ནི་ཅིག་ཤོས་སྤངས། ། སྔགས་ལས་ཡང་དག་འབྱུང་བ་དེ། ། མི་བསྐྱོད་ལ་སོགས་པར་བརྟགས་རྣམས། །
BOདངོས་མེད་གནས་ལ་གནས་པས་ན། ། སྒྲུབ་པ་པོ་རྣམས་གཟིགས་མི་ འགྱུར། ། གསང་སྔགས་རྐྱེན་གྱི་སྦྱོར་བ་ཡིས། ། དེ་ནི་རྫོགས་ལོངས་སྤྱོད་གཟིགས་འགྱུར། ། བཅོམ་ལྡན་གསང་བ་གསུངས་པ་འདི། ། དོན་དེ་འཚལ་བར་མ་གྱུར་པས། ། རྣམ་རྟོག་དུ་མའི་ཀུན་རྟོག་ལས། ། ཆོས་ཉིད་དེ་ཡིས་ཤེས་མི་འགྱུར། ། ཇི་སྐད་གསུངས་པ་མི་ཤེས་པས། ། ཕྱི་དུས་སྐྱེ་བོ་ ལ་ལ་སྨྲ། ། འཇིག་རྟེན་པ་རྣམས་དྲང་བྱའི་ཕྱིར། ། གསང་བར་གྱུར་པ་བསྟན་དུ་གསོལ། ། དེ་ནས་བཅོམ་ལྡན་སྣ་ཚོགས་པས། ། ལག་ན་རྡོ་རྗེ་གྲགས་པ་ཆེ། ། དགོངས་པའི་དོན་ནི་རྟོགས་གྱུར་པ། ། བུ་ཁྱོད་ཤེས་རབ་ཆེན་པོ་ལེགས། ། གང་ཞིག་ཤེས་པས་མ་འོངས་པའི། ། སྐྱེ་བོ་རྣམ་པར་ མི་རྟོག་འགྱུར། ། ཚིག་གཅིག་ལ་ཡང་སྣ་ཚོགས་དོན། ། ཡང་དག་བསྡུས་ནས་ཁྱོད་ཀྱིས་བཤད། ། དེ་ནས་དམ་པ་བཅོམ་ལྡན་འདས། ། བླ་མ་ཀུན་མཁྱེན་ཐམས་ཅད་རིག ། སྐྱེས་བུ་དམ་པ་དེ་དག་ལ། ། སྤྱན་རས་ཀྱིས་ནི་འཚོ་བྱའི་ཕྱིར། ། རྡོ་རྗེ་གསུམ་གྱི་གསང་བ་འདི། ། དེ་བཞིན་ གཤེགས་པ་ཀུན་གྱི་མཆོག ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ། གསང་བ་ཡི་ནི་མཆོག་གི་གནས། ། སྙིང་པོ་སྔགས་རྣམས་ཐམས་ཅད་ཀྱི། །
BOབསྐུལ་བ་གཅིག་པུ་ཞེས་བྱ་བ། ། དེ་བཞིན་གཤེགས་ཀུན་གསང་གཅིག་པུ། ། མཆོག་ལས་མཆོག་ཏུ་གསུངས་གྱུར་པ། ། སྐུ་གསུང་ཐུགས་ཀྱི་ཡང་དག་ རྟོགས། ། དམ་ཚིག་ལ་ནི་དམིགས་པ་དང་། ། རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགས། ། དམ་ཚིག་ལ་ནི་དམིགས་པ་དང་། ། ཆོས་འཛིན་པ་ཡི་སྐུ་གསུང་ཐུགས། ། དམ་ཚིག་ལ་དམིགས་དེ་བཞིན་ནོ། ། ཉིད་སྐུ་གསུང་ཐུགས་རྡོ་རྗེ་ལས། ། ཚིག་ལ་ངེས་པར་བརྗོད་པ་ནི། ། དེ་ཉིད་སྔགས་སུ་ཡང་དག་བསྡུས། ། སྣ་ཚོགས་གསུང་བ་གཟུགས་གཅིག་པུ། ། ཡི་གེ་ཧཱུྃ་ནི་གཅིག་གསུངས་ལ། ། དེ་ནས་ཡི་གེ་ཨོཾ་གསུངས་ཏེ། ། དེ་བཞིན་མགོན་པོས་ཡི་གེ་ཨཱཿ། ། སྭཱ་ནི་དེ་བཞིན་བཞི་པ་ཡིན། ། ཧཱ་ཡང་འདོད་ལྷར་གྱུར་པ་སྟེ། ། དེ་ནི་འདི་ལྟར་སངས་རྒྱས་ལྔ། ། ཧཱུྃ་ཨོཾ་ཨཱཿསྭཱ་དེ་བཞིན་ཧཱ། ། འདི་ནི་གསུངས་པ་ཙམ་གྱིས་ ནི། ། སངས་རྒྱས་སྲས་དང་བཅས་པ་ཀུན། ། རབ་ཏུ་འདར་ཞིང་བརྒྱལ་བར་གྱུར། ། དེ་རྣམས་གཉིས་མེད་སྦྱོར་ལ་གནས། ། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། ། ཞི་བའི་སྦྱོར་བར་ཆོས་གཅིག་པའི། ། རྣམ་པར་མི་རྟོག་ཆོས་གཅིག་སྐྱེས། ། དེ་ནས་བཅོམ་ལྡན་འདས་དེ་ཡང་། ། དེ་བཞིན་གཤེགས་ཀུན་ བདག་པོ་ཡིས། །
BOདེ་ཡི་བྱིན་བརླབ་སྦྱོར་དོན་དུ། ། དམ་ཚིག་འདི་དག་བཀའ་སྩལ་ཏོ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། དཀྱིལ་འཁོར་བཀོད་པ་ཞེས་བྱ་བ། ། རེ་རེའང་གསུམ་གྱི་སྦྱོར་བ་ཡིས། ། བསྒོམ་པའི་སྦྱོར་བ་བསྒོམ་པར་བྱ། ། བྱེ་བྲག་གསུམ་པོ་གཅིག་བརྟགས་པའང་། ། བཀོད་པ་མི་གསལ་བ་ཉིད་དོ། ། ཟླ་བའི་དབུས་གནས་ཡི་གེ་ཧཱུྃ། ། རང་གི་གཟུགས་གཅིག་རབ་ཏུ་བརྟག ། རྡོ་རྗེ་འོད་ཟེར་རབ་འབར་བ། ། རྣམ་པར་འཕྲོ་བ་བསམ་པར་བྱ། ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། ། སྙིང་ལ་དེ་ཡིས་རྣམ་བསྒོམས་ནས། ། དཔལ་ལྡན་དེ་ཉིད་སྐད་ཅིག་དེར། ། རྡོ་རྗེ་གསུམ་གྱི་རྡོ་རྗེ་འཛིན། ། རྡོ་རྗེ་སེམས་དཔའ་དབང་ཆེན་གཙོ། ། འདི་ནི་ཀུན་མཆོག་ཆེན་པོར་སྐྱེ། ། རང་གི་སྔགས་ཀྱིས་བསྐྱེད་བྱ་བ། ། སྔགས་ཀྱི་ཆོ་ག་དམ་པའོ། ། སྙིང་པོ་རང་གི་རྡོ་རྗེ་སྔགས། ། རྡོ་རྗེ་བསྡུས་པ་ཞེས་བཤད་དོ། ། རང་སྔགས་ཚུལ་ལས་བྱུང་བའོ། ། སྐྱེས་བུའི་གཟུགས་སུ་ བསྒོམ་པར་བྱ། ། སྦྱོར་བ་བཞི་པོ་སྦྱོར་གཅིག་པུས། ། གནས་བཞི་དག་ཏུ་དེ་དགོད་དོ། ། ཁ་དོག་གསུམ་པོ་ཞལ་གསུམ་ལྟའི། ། དེ་ཉིད་གསུམ་གཅིག་རྣམ་བསྒོམ་ཞེས། ། བཅོམ་ལྡན་འདས་མཆོག་ནམ་མཁའ་ནི། །
BOརྡོ་རྗེ་དམ་ཚིག་གཙོ་བོས་གསུངས། ། དེ་ནས་དེ་བཞིན་གཤེགས་པ་ མཆོག ། ཞི་བའི་བདག་ཉིད་ཐུབ་པ་ཆེ། ། གཙོ་ལ་ཕྱག་ན་རྡོ་རྗེ་ཡིས། ། གསང་བ་འདི་ནི་སླར་ཞུས་པ། ། ཧཱུྃ་ཨོཾ་ཨཱཿདང་སྭཱ་ཧཱྃ་ཞེས། ། དེ་ནས་འདི་ནི་གསུངས་གྱུར་པས། ། སངས་རྒྱས་སྲས་དང་བཅས་པ་ཀུན། ། དེ་ནས་རབ་འདར་བརྒྱལ་གྱུར་ཅིང་། ། རྡོ་རྗེ་སེམས་དཔའ་རྗེས་དྲན་པ། ། ཐུབ་ཆེན་ དེ་འདིར་ཇི་ལྟ་བུར། ། མགོན་པོ་དེ་ནི་ཕྱི་དུས་ན། ། ཇི་སྐད་གསུངས་པ་མི་རྟོག་པ། ། གཅིག་པུ་མཁའ་མཉམ་སངས་རྒྱས་དང་། ། བྱང་ཆུབ་སེམས་དཔའ་མཐུ་ཆེན་རྣམས། ། རབ་ཏུ་འདར་ཞིང་བརྒྱལ་གྱུར་ཅེས། ། བྱིས་པ་རྣམས་ཀྱིས་མི་རྟོགས་སོ། ། ལན་བརྒྱ་སྟོང་དང་བྱེ་བ་ཡི། ། གྲངས་ དག་ཏུ་ནི་སྟོན་མཛད་ཅིང་། ། སྟོན་པ་སྣ་ཚོགས་སྟོན་མཛད་ཀྱང་། ། འདར་ཞིང་བརྒྱལ་བར་དེ་མ་གྱུར། ། མ་འོངས་དུས་ནའང་འབྱུང་འགྱུར་བ། ། མི་མཁས་པ་ཡི་ང་རྒྱལ་ཅན། ། བླ་མའི་ལུང་ནི་བླངས་ནས་སུ། ། རྟགས་ནི་རང་ཉིད་འཛིན་པར་བྱེད། ། དེ་ནི་སྔགས་དོན་གསུངས་པ་ཡི། ། མཚན་ཉིད་གསང་འདི་ མི་ཤེས་པར། ། སྔགས་དོན་དེ་ཉིད་མཁས་པ་ཡི། ། གཞན་རྣམས་ལ་ནི་མི་སྙན་སྒྲོགས། ། འཁྲུལ་པ་ཅུང་ཟད་ཙམ་མཐོང་ན། །
BOབཞད་གད་དག་ནི་བྱེད་པར་འགྱུར། ། རེག་ན་དུག་དང་མཚུངས་པ་ཡི། ། མི་དེ་ཞི་བར་མི་འགྱུར་རོ། ། གང་ཞིག་ཡིད་ནི་རིན་ཆེན་འདྲའི། ། འགྲོ་ལ་ཕན་པའི་ སྔགས་པ་རྣམས། ། འདི་ནི་མ་འོངས་དུས་སུ་ཡང་། ། དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། ། དེ་རྣམས་ཡང་དག་བསྡུ་བའི་ཕྱིར། ། སྐད་ཅིག་རྗེས་གསུང་གྲུབ་དོན་དུ། ། སྦྱོར་བར་དགོངས་པའི་བསམ་པ་ཅན། ། བཅོམ་ལྡན་འདི་ནི་བཤད་དུ་གསོལ། ། དེ་ནས་སྟོན་པ་བཅོམ་ལྡན་འདས། ། འགྲོ་ ཕན་ཕྱག་ན་རྡོ་རྗེ་ལ། ། དེ་ལྟར་སྦྱོར་བ་ཡང་དག་སྦྱོར། ། བསྒོམ་པའི་དངོས་པོ་རྟོག་བྱེད་པ། ། དབང་པོ་ཉི་མ་ཐུབ་པ་ཉིད། ། གང་ཞིག་ཕྱོགས་བཅུར་གནས་པ་རྣམས། ། སྲས་བཅས་སངས་རྒྱས་ཞེས་བྱ་བའི། ། དེ་བཞིན་གཤེགས་པ་ཐམས་ཅད་གྱུར། ། ཕུང་པོ་ལ་སོགས་གྲངས་མཉམ་པའི། ། ལུས་ལས་སྐྱེས་ཏེ་ཡོད་པ་འདི། ། སྟོང་པའི་རྐྱེན་དུ་སྦྱོར་བ་ལས། ། སངས་རྒྱས་སྲས་དང་བཅས་འགྱུར་འདོད། ། སྔགས་དེ་སྔགས་པ་སངས་རྒྱས་དེ། ། བདག་ཉིད་དེ་སྲས་ཡང་དག་སྦྱོར། ། ཞི་སོགས་མཉམ་པའི་སྦྱོར་བ་ལས། ། ཞི་བའི་བདེ་བ་དེ་ནས་བརྩམ། ། བདག་ཉིད་རང་བཞིན་གྱིས་ དག་ཅིང་། ། རང་བཞིན་དྲི་མ་མེད་བྱས་ལ། ། དལ་དང་མྱུར་དང་གནས་པ་ཡི། །
BOསྣ་ཚོགས་དེ་གཅིག་དག་ལ་བཞུགས། ། ཡིད་དམན་རིམ་ལ་སོགས་པས་ཀྱང་། ། སྦྱོར་བ་དེ་ཉིད་དག་ལ་གནས། ། དེ་ནས་དབང་པོ་མེད་གྱུར་པ། ། གང་ཚེ་ཞི་བའི་བདེ་གཅིག་པུ། ། རང་བཞིན་དག་པའི་སྦྱོར་བ་སྟེ། ། དེ་ཡི་ཆོས་ནི་ལྟ་བ་པོ། ། དེ་ནས་རྫོགས་ལོངས་སྤྱོད་པའི་སྔགས། ། སངས་རྒྱས་ཐམས་ཅད་འཇམ་ལས་བྱུང་། ། གང་ཕྱིར་དང་ནི་ཟློ་གྱུར་པ། ། ཡི་གེ་ཧཱུྃ་གི་གསང་སྔགས་ལྔ། ། དེ་ཚེ་སྙིང་ལས་རབ་འདར་ཞིང་། ། དབང་པོ་ཐམས་ཅད་བརྒྱལ་བར་འགྱུར། ། གང་ཡང་ཕུང་སོགས་ཡན་ལག་ནི། ། སྲས་བཅས་སངས་རྒྱས་ཐམས་ཅད་དེ། ། དེ་ཉིད་ཀྱི་ནི་གྲངས་མཉམ་པའི། ། རྣལ་འབྱོར་པ་ཡི་ལུས་རབ་འདར། ། ཉེ་བར་མཚོན་སོགས་ཚིག་རྣམས་ནི། ། ཕུང་པོ་ལ་སོགས་བཤད་པ་གང་། ། སངས་རྒྱས་སྲས་བཅས་པར་གྱུར་ཏེ། ། དེས་ནི་བརྒྱལ་ཞིང་འདར་བར་འགྱུར། ། དེ་གཉིས་ལ་ནི་སྙོམས་ འཇུག་པ། ། སངས་རྒྱས་ཐམས་ཅད་སྲས་དང་བཅས། ། རྡོ་རྗེ་སེམས་དཔའ་ཉིད་དྲན་ཏེ། ། དེ་སྔགས་བདག་ཉིད་དངོས་ལས་བྱུང་། ། དེ་འདིར་མཆོག་ཏུ་བཤད་པ་ཡིན། ། རྡོ་རྗེ་གསང་བ་རྨད་བྱུང་བ། ། ཕྲ་མོའི་སྙིང་གང་དབུས་གནས་པ། ། དཀྱིལ་འཁོར་རྣམ་པར་བསམ་པའོ། ། དེ་ཡི་ དབུས་གནས་ཞི་བ་ཡི། །
BOགོ་འཕང་མཆོག་ནི་བསམ་པར་བྱ། ། དེ་ཧཱུྃ་ཞེས་བྱའི་འོད་པོ་ཆེ། ། དེ་ཡོངས་གྱུར་པའི་རྡོ་རྗེ་ནི། ། འདི་ནི་མཆོག་གྱུར་རྩེ་ལྔ་པ། ། རྣལ་འབྱོར་པ་ཡི་རྟག་ཏུ་བསྒོམ། ། རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས། ། རྡོ་རྗེ་གསུམ་ནི་བསམ་པར་བྱ། ། དེ་ཡི་སྙིང་གར་བསྡམས་ནས་ ནི། ། ལྷ་རྣམས་རབ་ཏུ་བསྐུལ་བར་བྱ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། རྡོ་རྗེ་ཐམས་ཅད་རབ་བསྒྲུབ་པའོ། ། འཁོར་ལོ་པདྨའི་རིགས་སོགས་པའང་། ། རོལ་མོ་འདི་ནི་དམ་པ་སྟེ། ། རྡོ་རྗེ་ལྕགས་ཀྱུ་རྣམ་བསྒོམས་ནས། ། སྙིང་ག་རུ་ནི་བསྐུལ་བར་འགྱུར། ། རྡོ་རྗེ་ཡི་ནི་ཚུལ་མཆོག་ འདི། ། ཞག་བདུན་བར་དུ་བྱས་ནས་ནི། ། ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་། ། རྡོ་རྗེ་གསུམ་པོ་ཡང་དག་བསྒྲུབ། ། ཕུང་པོ་ལ་སོགས་སངས་རྒྱས་གང་། ། དེ་ནི་དངོས་པོ་མེད་ལྟ་བ། ། དེ་ཉིད་མཆོག་གི་གསང་སྔགས་ཀྱིས། ། སྐྲག་པ་རྣམ་སྨིན་མཐོང་བ་ལ། ། སྐྲག་པ་མི་རྣམས་འདི་དག་ སྟེ། ། གསང་སྔགས་གཉིས་མེད་སྦྱོར་གཅིག་བྱུང་། ། མཐོང་བས་སྐྲག་སྟེ་མཆོག་སྟེར་ཅིང་། ། འདི་དག་འདི་ཉིད་བརྟགས་པ་ཡིན། ། ཞི་བ་གཅིག་བུའི་སྦྱོར་བ་ལས། ། སྔགས་ལུས་རྫོགས་པ་ཉིད་གྱུར་ནས། །
BOཡིད་ལ་མགུ་ཞིང་དགའ་གྱུར་པའི། ། དངོས་གྲུབ་རྒྱ་ཆེན་སྟེར་བར་འགྱུར། ། ཕུང་པོ་ལ་བརྟགས་སངས་རྒྱས་དང་། ། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། ། སྔགས་ཀྱི་སྦྱོར་བའི་དོན་བསྒྲུབ་པས། ། རྨོངས་པས་འདའ་བ་བྱས་ནས་ནི། ། དེ་ཡི་སྲོག་ནི་དེར་ཟད་འགྱུར། ། ཞི་བ་ཉིད་ཀྱི་སྦྱོར་གཅིག་ལས། ། འདི་ནི་འཇིག་རྟེན་འདས་པ་མཆོག ། དེ་ལས་ བཟློག་པ་འཇིག་རྟེན་པའོ། ། དེ་ནས་བདག་པོ་བཅོམ་ལྡན་འདས། ། འཇིག་རྟེན་གསུམ་གཙོ་སྟོན་པ་པོ། ། འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། གང་ཞིག་སྔགས་ཀྱི་སྐྱེས་བུར་བཤད། ། རྡོ་རྗེ་གསུམ་གྱི་ཡེ་ཤེས་གཟུགས། ། དེ་ནི་དབང་པོ་གཉིས་སྦྱོར་ པའི། ། གཅིག་པར་བསྒོམ་པ་རྟག་ཏུ་བྱེད། ། བདག་དམིགས་སེམས་ཅན་ཡོད་མིན་པའི། ། སྔགས་ཀྱི་དབང་པོ་རྣམ་བསྒོམ་པ། ། དབང་པོ་གཉིས་སྦྱོར་བཟང་པོ་སྟེ། ། དངོས་པོ་ཐམས་ཅད་རྣམ་བརྟགས་པའོ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། སྔགས་ཀྱི་དམ་ཚིག་མཆོག་བསྒོམ་པའོ། ། རང་གཟུགས་རྡོ་རྗེ་ཡང་དག་སྦྱོར། ། རིག་མ་དབང་ཕྱུག་བདག་ཀྱང་བསྒོམ། ། གཉིས་མེད་གཉིས་སུ་མེད་ཆགས་པ། ། ལྟ་བ་དམ་ཚིག་དཀྱིལ་འཁོར་རོ། །
BOགསང་བ་ཞེས་བྱ་དེར་སྦྱར་བ། ། དེ་ཉིད་མཉམ་པའི་བདག་ཉིད་དོ། ། དེ་ནས་སྟོན་པ་བཅོམ་ལྡན་འདས། ། ཐམས་ཅད་དབང་བསྐུར་དམ་པ་ནི། ། མི་ཕྱེད་རྡོ་རྗེ་གསུམ་གྲུབ་པ། ། གསང་བའི་དགོངས་པ་བཀའ་སྩལ་ཏོ། ། ནམ་མཁའ་མཐའ་ཡས་སྦྱོར་བ་ཡིས། ། ཕུང་པོ་བདག་ཉིད་མི་དམིགས་པ། ། ཆོས་ཀྱི་དབྱིངས་ལ་སོགས་པའི་རིམ། ། བུད་མེད་དེ་ནི་རྒྱ་ཆེན་འགྱུར། ། རབ་ཏུ་སྦྱོར་བ་འདི་ཡིས་ནི། ། འགྲོ་བའི་བུད་མེད་ཅེས་བྱ་བ། ། གསང་ སྔགས་དེ་ཉིད་དོན་གསང་ཉིད། ། དེ་ནི་གསང་བས་ཉེ་བར་སྤྱོད། ། དེར་ནི་ཡིད་འོང་སངས་རྒྱས་རྣམས། ། བྱེ་བ་གྲངས་མེད་རྡོ་རྗེ་འཛིན། ། སྔགས་རིག་དམ་པ་སྤྲོ་འོ་ཞེས། ། དེར་ནི་བཅོམ་ལྡན་གཙོ་བོས་གསུངས། ། བྱང་ཆུབ་སེམས་དཔའི་དམ་ཚིག་ནི། ། སྟོན་པ་འདིར་ནི་བླ་མ་ཆེར། ། འཇིག་རྟེན་པ་ལ་འདིར་བཤད་དེ། ། འཇིག་རྟེན་འདས་པ་ཟློག་པའོ། ། ནམ་མཁའ་ལྟ་བུའི་བྱང་ཆུབ་ནི། ། འདི་ཡིས་ཤིན་ཏུ་ཐོབ་པར་འགྱུར། ། བྱང་ཆུབ་སེམས་ཀྱི་ཡོན་ཏན་མཚོ། ། རྡོ་རྗེ་སེམས་དཔའ་མཆོག་དེས་འཐོབ། ། དགོངས་པ་ལུང་བསྟན་གསང་བ་ལ། ། གང་ཞིག་སེམས་ ནི་དད་གྱུར་པ། ། གསང་བ་འབད་དེ་ཡང་དག་བསྲུང་། ། དེ་ནི་རྟག་ཏུ་ལེགས་པར་བྱེད། །
BOརྡོ་རྗེ་གསུམ་གྱི་གསང་བ་ལས། ། དེ་བཞིན་གཤེགས་པ་ཀུན་གྱི་ཡང་། ། དེ་ཉིད་བསྐུལ་བ་ཞེས་བྱ་བ། ། ལེའུ་བཅུ་པ་ཡིན་པར་བཤད། ། ། ། དེ་ནས་སྟོན་པ་བཅོམ་ལྡན་འདས། ། རྡོ་ རྗེ་གསུམ་མཆོག་མཆོག་གསོལ་པ། ། དེ་བཞིན་གཤེགས་པ་ཀུན་མཆོག་གཅིག ། ཉི་ཤུ་རྩ་ལྔ་མཆོག་ཅེས་བྱའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། དེ་བཞིན་གཤེགས་ཀུན་རྡོ་རྗེ་ཡི། ། སྔགས་རིག་སྐྱེས་བུ་ཞེས་བྱ་བའི། ། ལེའུ་འདི་ནི་བཀའ་སྩལ་ཏོ། ། སྔགས་མཆོག་དེ་ནི་ཕྱག་ རྒྱ་ཆེ། ། རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྒོམ། ། རྟོགས་དང་བྲི་བ་འཐོབ་པའི་ཕྱིར། ། རྡོ་རྗེ་ཡེ་ཤེས་དག་གིས་ཀྱང་། ། ཚངས་པ་ལ་སོགས་ཡང་དག་བཤད། ། ཡེ་ཤེས་སྙིང་པོ་དམ་པ་སྟེ། ། རྡོ་རྗེ་གསུམ་སོགས་བཤད་གྱུར་པ། ། སྐུ་ཡི་རྡོ་རྗེ་འཐོབ་བྱེད་པའོ། ། ཨ་དང་ཟུང་ནི་གསུང་རྡོ་རྗེ། ། བྱང་ ཆུབ་བདག་མེད་འཐོབ་བྱེད་པའོ། ། ཧཱུྃ་ནི་རྡོ་རྗེ་གསུམ་མཐའ་ཉིད། ། སྐུ་གསུང་ཐུགས་ནི་འཐོབ་བྱེད་པའོ། ། དེ་ནི་འཇུག་སོགས་གནས་ཉིད་དང་། ། ལྡང་པ་དག་ཏུ་རབ་ཏུ་བཤད། ། ཉི་ཤུ་ལྔ་སོགས་མིང་ཅན་གྱི། ། སྐྱེས་བུའི་གཟུགས་སུ་འདི་འགྱུར་རོ། ། དེ་བས་རེ་རེའང་གསུམ་ཉིད་དེ། །
BOརྡོ་རྗེ་ གསང་སྔགས་ཉིད་དུ་འགྱུར། ། བརྗོད་མེད་ས་བོན་བརྒྱད་པ་ལས། ། དེ་ནི་ནམ་མཁའ་ལས་བརྒྱར་འགྱུར། ། བརྒྱ་ཕྱེད་རླུང་ནི་གཅིག་པུ་ལ། ། དེ་ལས་ངེས་པར་ཉི་ཤུ་ལྔ། ། སྐྱེས་བུ་ཉིད་དུ་བྱུང་བ་ན། ། མགྲིན་བཅུ་ཞེས་བྱའི་མིང་ཅན་དང་། ། སྒྲ་སྒྲོགས་གསོད་པའི་དགའ་བྱེད་འགྱུར། ། དེ་ནས་ ཚངས་པ་གཅིག་ཉིད་གྱུར། ། ཚངས་པ་ཁྱབ་འཇུག་དྲག་པོ་སྟེ། ། འཇུག་པ་ལ་སོགས་རིམ་དུ་བཤད། ། འདི་དག་བསྙེངས་མེད་དེ་གཅིག་པུ། ། དེ་ནི་ཞི་བ་དངོས་མེད་ཉིད། ། དེ་ལས་ཀྱང་ནི་ཡང་དག་འབྱུང་། ། ལོངས་སྤྱོད་རྫོགས་སྐུ་དམ་པའོ། ། དེ་ནས་སྔགས་གཅིག་སྤྲུལ་པ་ལས། ། འགྲོ་བའི་ དོན་གྱི་བྱ་བར་འགྱུར། ། མཚམས་དང་སྐྱེ་མཆེད་ནོར་ལྷའོ། ། ཟླ་བ་ཟུང་གཅིག་རིག་བྱེད་དེ། ། དེ་ལ་སོགས་པའི་གྲངས་གྱུར་རྣམས། ། དེ་ནི་རིག་པའི་སྐྱེས་བུར་གནས། ། འདི་རྣམས་ལས་གཅིག་བཟུང་ནས་ནི། ། སངས་རྒྱས་རོལ་མོ་བསྟན་པར་བྱ། ། རྡོ་རྗེ་སེམས་དཔའ་དེ་ཉིད་འདི། ། ནམ་ མཁའ་རྡོ་རྗེ་དབུས་སུ་བསམ། ། དཀྱིལ་འཁོར་བརྒྱན་པ་ཞེས་བཤད་པ། ། ཡི་གེ་ཧཱུྃ་ནི་དེས་བསམ་མོ། ། རྡོ་རྗེ་སྤྲིན་ནི་སྤྲོ་བསྐྱེད་པའི། ། དེ་བཞིན་གཤེགས་པ་དྲུག་གི་སྐུ། །
BOདེ་དབུས་གནས་པའི་རྣལ་འབྱོར་པར། ། བསྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ། ། སྔགས་རྣམས་ཀུན་ གྱི་གཙུག་ཏོར་ནི། ། སྔགས་ཀྱི་སྐྱེས་བུ་གསང་བ་པ། ། གཅིག་པུ་ཉིད་ནི་བདག་པོར་གྱུར། ། སྔགས་སྤྱོད་དོན་ནི་སྒྲུབ་པ་པོ། ། ཆོས་འཁོར་ལོ་གཅིག་འཁོར་ལོ་མཆོག ། རྒྱལ་དང་རྨད་བྱུང་ཆེ་གཙུག་ཏོར། ། ལུས་དང་རྣམ་པར་རྒྱལ་དེ་བཞིན། ། བྱ་བ་མཆོག་ཏུ་ཡང་དག་བཤད། ། སྦྱོར་དང་བྱ་བ་ གཉིས་མེད་བཞིན། ། སྦྱོར་བ་འབའ་ཞིག་ཉིད་ལ་འདི། ། བྷཱུྃ་ནི་གཙུག་ཏོར་ཡིན་པར་བསྟན། ། ཡེ་ཤེས་རྡོ་རྗེ་སྙིང་པོ་འདི། ། དུས་སྦྱོར་གཅིག་གི་མིང་ཅན་ནོ། ། ནམ་མཁའི་ཁམས་དང་མཉམ་ཉིད་ལྡན། ། སྔགས་ཀྱི་སྐྱེས་བུ་དངོས་གྲུབ་སྩོལ། ། རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། ། ཨོྃ་ ཞེས་བྱ་བ་དེ་རུ་བསྒོམ། ། ཕྲ་མོའི་དཀྱིལ་འཁོར་དབུས་གནས་པར། ། ཡི་གེ་ཨཱཿནི་རྣམ་པར་བསྒོམ། ། ཆོས་ཀྱི་དཀྱིལ་འཁོར་སྦྱོར་བ་ལའང་། ། ཡི་གེ་ཧཱུྃ་ནི་དེ་རུ་བསྒོམ། ། ཡི་གེ་བྲུྃ་ནི་གནས་མིང་ཅན། ། རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ། ། གསང་བའི་དམ་ཚིག་འདི་ཉིད་དེ། ། རྡོ་རྗེ་གསུམ་ འབྱུང་བཀའ་སྩལ་ཏོ། ། སྙིང་པོ་དུས་གསུམ་སངས་རྒྱས་ཀྱི། །
BOརྡོ་རྗེ་གསུམ་ནི་མཉེས་བྱེད་མཆོག ། སྐུ་དང་གསུང་ཐུགས་ཐོག་མ་མཐའ། ། ཨོྃ་ཨཱཿཧཱུྃ་གི་གྲངས་དང་མཉམ། ། སངས་རྒྱས་སྐུ་མཆོག་གསུང་གི་ལམ། ། ཐུགས་ཀྱི་ཡེ་ཤེས་འཇིངས་སུ་བྱ། ། རང་ཉིད་འདོན་པ་ཉིད་དུ་ནི། ། རེ་རེ་ཞིང་ནི་ཡང་དག་བཤད། ། སྔགས་ཀྱི་སྐྱེས་བུའི་སྦྱོར་བ་ཡང་། ། རྒྱུ་ཡི་བདག་ཉིད་མིང་ཅན་ཡིན། ། བྱང་ཆུབ་ཚུལ་མཆོག་འདི་ཡིན་ཏེ། ། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། ། རྡོ་རྗེ་ཡེ་ཤེས་སྤྲུལ་པ་སྟེ། ། སངས་རྒྱས་འབྲས་བུ་ཐོབ་བྱེད་པའོ། ། སྔགས་ཀྱི་རིག་པ་ཞེས་ བསྒྲགས་པ། ། འདི་ནི་སངས་རྒྱས་སྐྱེས་བུ་ཡིན། ། རྡོ་རྗེ་གསུམ་མཉམ་མི་ཕྱེད་པ། ། རྫོགས་པ་ལ་སོགས་བསྒོམ་པ་ཡི། ། དེ་བཞིན་གཤེགས་ཀུན་རྡོ་རྗེ་ནི། ། གསུམ་པོ་ཡེ་ཤེས་རྡོ་རྗེ་སྩོལ། ། བྱིན་རླབས་དཔལ་ཆེན་ཞེས་བྱ་བའི། ། དམ་ཚིག་ཏིང་འཛིན་གྱུར་པ་ཡིན། ། རྣམ་ པར་དབེན་དང་ཅི་རིགས་པའི། ། སྟན་དག་ལ་ནི་སྦྱོར་བ་བཞི། ། རིག་པའི་སྐྱེས་བུར་ཡང་དག་སྦྱོར། ། བརྟུལ་ཞུགས་ཅན་གྱིས་ཀུན་དུ་བརྩམ། ། ཐབས་དང་ཤེས་རབ་ཉི་ཟླ་ཕྱེད། ། ཐུན་གཅིག་ཏུ་ནི་རབ་ཏུ་བརྟག ། དེ་ཡི་ཕྱེད་ཉིད་ཟླ་ཕྱེད་ཀྱིས། ། རྡོ་རྗེ་གསུམ་ནི་ངེས་པར་འགྲུབ། །
BOའཇིག་རྟེན་ འདས་པའི་རང་བཞིན་ཉིད། ། འཇིག་རྟེན་པའི་ཡང་ཕྱིན་ཅི་ལོག ། རྡོ་རྗེ་གསུམ་སྦྱོར་སྩོལ་དངོས་གྲུབ། ། གྲུབ་པར་འགྱུར་བར་ཐེ་ཚོམ་མེད། ། ནམ་མཁའི་རྡོ་རྗེ་དབུས་གནས་པར། ། ཕྲ་མོའི་དཀྱིལ་འཁོར་བསམ་པར་བྱ། ། རང་གི་སྔགས་ཀྱི་དམ་ཚིག་དུས། ། བསྐྱེད་པ་ཡི་གེ་ཨོྃ་བསྒོམ་བྱ། ། སྦྱོར་བ་ བཞི་ཡི་གཏན་ཚིགས་གང་། ། སྙིང་པོར་ཡོངས་སུ་བརྟགས་པ་ཡིན། ། སྣ་རྩེ་དང་ནི་རྩ་བ་ཉིད། ། སྤྱི་བོ་མཐའ་ནི་དགའ་ལྡན་གནས། ། གཅིག་དང་གསུམ་གྱི་དངོས་པོར་འགྱུར། ། དག་པའི་གནས་ཀྱི་གྲོང་ཁྱེར་བ། ། ཕྱེད་པོས་གསུམ་གྱི་མིང་ཅན་ནི། ། རིགས་ཀྱི་དབྱེ་བ་རྡོ་རྗེ་གསུམ། ། སྣ་ཡི་རྩེ་མོ་སྦྱོར་བ་ཡིས། ། རྡོ་རྗེ་གསུམ་སྦྱོར་བརྟུལ་ཞུགས་ཅན། ། མཱ་མ་ཀཱི་དང་གོས་དཀར་མོ། ། སྒྲོལ་མ་གཏོགས་པ་སངས་རྒྱས་སྤྱན། ། འོད་ཟེར་ལྔ་ཡི་སྤྲིན་ཆེན་པོ། ། རྣམ་པར་སྣང་མཛད་གཉིས་མེད་གནས། ། རྡོ་རྗེ་རྣམ་སྣང་དེ་ལས་ནི། ། དངོས་གྲུབ་རྒྱ་ཆེན་གསོལ་བར་འགྱུར། ། སངས་རྒྱས་སྐུ་ཡི་འོད་འདྲ་བ། ། སྐད་ཅིག་དེར་འགྲུབ་རྣལ་འབྱོར་པ། ། ཡེ་ཤེས་ལྔ་པོ་བསྟེན་ནས་ནི། ། རྡོ་རྗེ་བསྐལ་པ་གསུམ་དུ་གནས། ། ཡེ་ཤེས་འདས་དང་མ་འོངས་དང་། །
BOད་ལྟར་བྱུང་བ་རྡོ་རྗེ་གསུམ། ། དེ་འདིར་བསྐལ་པར་བརྟགས་གྱུར་པ། ། གྲངས་མེད་ཅེས་བྱ་དེ་ཉིད་དོ། ། སྐུ་ཡི་ གསང་བ་དེ་ཉིད་འདི། ། འཇིག་རྟེན་འདས་པའི་རིམ་པར་གསུངས། ། ཞི་བའི་བདེ་ལས་ཤེས་བྱ་བ། ། རང་མྱོང་སྦྱོར་བ་གཅིག་ལས་དེ། ། སྐུ་ཡི་གསང་བ་མཆོག་འདི་ནི། ། དེ་བཞིན་གཤེགས་པ་ཀུན་གྱིས་གསུངས། ། རྡོ་རྗེ་འོད་ཟེར་བཀོད་པ་ཡི། ། ཏིང་འཛིན་ཡང་དག་བཀའ་སྩལ་ཏོ། ། ཨ་དང་ ཨུ་ནི་ལྐོག་མའི་དབུས། ། རྐན་གྱི་སྟེང་གི་མིང་ཅན་ནོ། ། ཨི་དང་ཙ་ནི་ལག་གཡོན་ཉིད། ། ཨུ་དང་མུ་ནི་གཡས་པར་བརྟག ། རི་ཛུ་འདི་ནི་གསང་བར་དགོད། ། ལི་ཏི་རྐང་པ་ཅིག་ཤོས་ལ། ། དཀྱིལ་འཁོར་གཅིག་ནི་དེ་ཉིད་དོ། ། དཀྱིལ་འཁོར་ལྔ་ལས་རྒྱལ་གྱུར་པ། ། ཧ་ནི་ལུས་སྐྱེས་ གཙུག་ཏོར་དང་། ། གཅོད་ནི་གསུམ་པོ་གཅོད་པ་ཅན། ། ཡོན་ཏན་བཞི་ཡི་བཞི་པོ་དེ། ། ལྔ་པོའི་ལྔ་པར་དེ་འགྱུར་རོ། ། ནམ་མཁའི་རྡོ་རྗེ་གཅིག་ཕྱེད་སྦྱོར། ། དེ་ནི་འོད་ཟེར་ལྔར་འགྱུར་རོ། ། རིག་པ་ཆེན་པོ་དེ་ཉིད་འདི། ། ཆ་ཞེས་བྱ་བར་དེ་ཡོངས་བསྒྲགས། ། དུས་ཅན་བདག་ ཉིད་སྦྱོར་དབང་པོ། ། དེ་ཡི་རང་སྦྱོར་གཟུགས་ཅན་གཅིག ། ཨ་ནི་ཐབས་འགྱུར་སྦྱོར་བ་ནི། །
BOདབང་པོ་གཉིས་པོ་གཅིག་ཏུའོ། ། ནམ་མཁའི་རྡོ་རྗེ་དབུས་གནས་པར། ། ཆོས་ཀྱི་དཀྱིལ་འཁོར་མཆོག་བསམ་པ། ། རང་སྔགས་སྐྱེས་བུ་བསམས་ནས་ནི། ། ཨཱཿནི་ངག་གི་ལམ་དུ་བཞག ། ཁ་ དོག་ལྔ་ཡི་ཀུན་ནས་ནི། ། བརྒྱན་པའི་རྡོ་རྗེ་ཆེན་པོ་དག ། འཇིག་རྟེན་དབང་ཕྱུག་མཆོག་བསྒོམས་པས། ། དམ་ཚིག་ཡེ་ཤེས་བསྒོམ་པར་བྱ། ། གསུང་གི་དམ་ཚིག་སྤྲོས་པར་བཤད། ། ཁྱབ་བདག་མི་ཟད་རྟག་པ་སྟེ། ། ཐོག་མཐའ་མེད་པའི་མཐར་ཐུག་པ། ། ཞི་བ་མྱ་ངན་འདས་ཞེས་བྱ། ། ཆོས་ཀྱི་གསུང་ལས་རྣལ་འབྱོར་དབང་། ། རྡོ་རྗེ་ཆོས་དང་འདྲ་བར་འགྱུར། ། ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། ། རྡོ་རྗེ་གསུམ་གྱི་བསྐལ་པར་གནས། ། གསུང་གི་གསང་བ་འདི་ཉིད་ནི། ། དེ་བཞིན་གཤེགས་པ་ཀུན་གྱིས་གསུངས། ། དམ་ཚིག་འབྱུང་བ་ཞེས་བྱ་བ། ། ཏིང་ངེ་འཛིན་དུ་ཡོངས་སུ་ བསྒྲགས། ། ནམ་མཁའ་རྡོ་རྗེ་དབུས་གནས་མཆོག ། རྡོ་རྗེའི་དཀྱིལ་འཁོར་དམ་པ་ནི། ། དེ་ནི་རང་སྔགས་སྐྱེས་བུ་དག ། ཧཱུྃ་ནི་སེམས་ལ་གནས་རྫོགས་བྱ། ། དམ་ཚིག་ཆེན་པོ་དེ་ཉིད་ཅན། ། ཁ་དོག་རྣམ་ལྔ་བསྒོམ་པར་བྱ། ། རྡོ་རྗེ་ཀུན་དང་རྒྱལ་བའི་གནས། ། ཡེ་ཤེས་རྡོ་རྗེ་དག་གིས་ བྱ། ། སྟོན་པ་རྡོ་རྗེའི་ཐུགས་འདྲ་བ། །
BOཡང་དག་ཡེ་ཤེས་ཡོན་ཏན་མཚོ། ། ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། ། རྡོ་རྗེ་བསྐལ་པ་གསུམ་དུ་གནས། ། ལྐོག་མ་རྐན་དང་དེ་ནས་མཆུ། ། སྤྱི་བོ་ས་ཡི་མིང་ཅན་ཏེ། ། རྡོ་རྗེ་གསུམ་ཐུགས་གསང་བ་གཅིག ། དེ་ནི་ཧྃ་ལ་ཞུགས་པ་ཡིན། ། དེ་བཞིན་ གཤེགས་ཀུན་ཡེ་ཤེས་ནི། ། དམ་ཚིག་རྡོ་རྗེ་ཞེས་བྱ་བ། ། རྡོ་རྗེ་ཡེ་ཤེས་གཅིག་ལས་བྱུང་། ། ཏིང་འཛིན་གསང་བར་བཤད་པ་ཡིན། ། ཡེ་ཤེས་དཀྱིལ་འཁོར་དབུས་གནས་པར། ། རྡོ་རྗེ་ཆེན་པོར་བསམས་ནས་ནི། ། ལུས་ཀུན་ལ་ནི་ཁྃ་དམིགས་ན། ། རྡོ་རྗེ་ཡེ་ཤེས་སྐྱེ་བར་འགྱུར། ། དངོས་ པོ་མེད་དོན་གསལ་བྱེད་པ། ། ཁྃ་ཉིད་ཀྱིས་ནི་ཐམས་ཅད་བཤད། ། རླུང་གི་རྐྱེན་དང་ཀུན་སྦྱོར་ལས། ། ཁྃ་དུའང་འགྲོ་བར་གྱུར་པ་ཡིན། ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། ། ཡང་དང་ཡང་དུ་མཆོད་པ་དང་། ། རྡོ་རྗེ་གསུམ་གྱི་དམ་ཚིག་གནས། ། གཉིས་མེད་ལྷུན་གྱི་ངོ་བོ་ཉིད། ། སངས་རྒྱས་དེ་ བཞིན་ཉིད་སྦྱོར་བ། ། སོ་སོ་རུ་ནི་ཡང་དག་གནས། ། ནམ་མཁའི་རྡོ་རྗེ་དམ་ཚིག་ཆེ། ། ཆོས་རྣམས་དེས་ནི་མི་གཟིགས་སོ། ། སངས་རྒྱས་ཀུན་ནི་གཉིས་མེད་དང་། ། མི་སྣང་འདི་ཡི་དམ་ཚིག་ཡིན། ། དངོས་པོ་མེད་པའི་གནས་ཐོབ་ན། །
BOསངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། ། སྐུ་གསུང་ཐུགས་ ལས་ཡང་དག་བྱུང་། ། མི་སྣང་རྡོ་རྗེ་གསུམ་འདི་ཡིན། ། དེ་ཡི་བཀོད་ཕྲེང་ཞེས་བྱ་བ། ། ཏིང་ངེ་འཛིན་ནི་ཡང་དག་གསུངས། ། མ་འདྲེས་པ་ཡི་ཆོས་བདག་ཉིད། ། སྐུ་དང་ལྡན་པའི་འོད་པོ་ཆེ། ། རྡོ་རྗེ་དཀྱིལ་འཁོར་དབུས་གནས་པའི། ། རང་སྔགས་སྐྱེས་བུར་བསམ་པར་བྱ། ། ཧྃ་ནི་རྡོ་རྗེ་བཞིར་ བཤད་པ། ། སྙིང་ག་རུ་ནི་ཡང་མཛེས་པ། ། རྟག་ཏུ་སྦྱོར་བས་གཞུག་པ་ནི། ། འོད་ཟེར་རྣམ་པར་བསྒོམ་པར་བྱ། ། སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི། ། འཇམ་པའི་དམ་ཚིག་རྡོ་རྗེ་ཅན། ། ས་བཅུར་རབ་ཏུ་གནས་ན་ནི། ། དགོངས་དོན་དེ་ཚེ་ཀུན་དུ་བྱུང་། ། ཡེ་ཤེས་ཉིད་ནི་ཟླ་བ་འདི། ། བྱང་ཆུབ་ སེམས་དཔའ་རྡོ་རྗེ་ཅན། ། སྣང་བ་ཅན་ཞེས་བྱ་བ་ཡི། ། ཏིང་ངེ་འཛིན་ནི་ཡང་དག་བཤད། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། ཐླྷཱྀཾ་ནི་འབར་བའི་འོད་བཟང་བ། ། མཚོན་ཆ་མཆོག་ནི་རྡོ་རྗེ་ཡིས། ། རྡོ་རྗེ་སྐུ་དང་འདྲ་བར་འགྱུར། ། འདི་ནི་རྡོ་རྗེ་མཁའ་འདྲ་སྦྱོར། ། དམ་ཚིག་བཀོད་པའི་གནས་ གྱུར་པ། ། ཏིང་འཛིན་དམ་ཚིག་མི་སྣང་བའི། ། ཐླྷཱྀཾ་ནི་ཡང་དག་འབྱུང་བ་བཤད། ། སངས་རྒྱས་མངོན་པར་ཤེས་གནས་པ།
BO། དམ་ཚིག་ཏུ་ནི་ཡང་དག་བཤད། ། མངོན་ཤེས་ལྔ་དང་འདྲ་བ་འདི། ། དེ་ནི་སྐྱེས་བུ་མཆོག་ཏུ་འགྱུར། ། སངས་རྒྱས་མངོན་ཤེས་མཆོག་སྒྲུབ་པ། ། འདི་ནི་དམ་པ་ ཡིན་པར་བཤད། ། དེ་ཡི་དངོས་གྲུབ་ཐམས་ཅད་ཀྱི། ། དངོས་གྲུབ་ཆེན་པོ་བསྒྲུབ་པའི་མཆོག ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། ། སངས་རྒྱས་དགོངས་པའི་མཆོག་བསྒོམས་ལ། ། ཡི་གེ་ཨོྃ་ནི་བསྒོམ་པར་བྱ། ། རྡོ་རྗེ་གསུམ་གྱི་ གསང་བ་འདི། ། ཡི་གེ་ཨོཾ་ནི་མི་ཟད་གཙོ། ། འདི་ནི་མི་ཕྱེད་སྦྱོར་བ་ཡིས། ། བསྒོམས་པས་མི་བསྐྱོད་འདྲ་བར་འགྱུར། ། མི་བསྐྱོད་པ་ཡི་དམ་ཚིག་མཆོག ། དེ་སྐུ་བྱང་ཆུབ་རྡོ་རྗེ་ཅན། ། ཏིང་ངེ་འཛིན་དུ་ཡང་དག་བཤད། ། དེ་ནི་སྐྱེས་བུ་དམ་པ་ཡིན། ། མི་བསྐྱོད་མཚུངས་པའི་སྐུ་དང་ ནི། ། གསུང་ཐུགས་རྩེ་གཅིག་འཛིན་པ་ལས། ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། ། རྡོ་རྗེ་ཅན་གྱིས་མཆོད་པར་འགྱུར། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། སངས་རྒྱས་དཀྱིལ་འཁོར་བརྒྱན་པ་བསམ། ། ནམ་མཁའི་རྡོ་རྗེ་རབ་བསྒོམས་ཏེ། ། དེ་ནས་རྡོ་རྗེ་རྣམ་པར་བསྒོམ། ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །
BOདཀོན་མཆོག་དཔལ་དང་འོད་འདྲ་ཞིང་། ། དཀོན་མཆོག་གསུམ་དཔལ་མཚུངས་པ་ཡི། ། བཅོམ་ལྡན་དཀོན་མཆོག་དཔལ་འདྲ་ཞིང་། ། སྐུ་གསུང་ཐུགས་སྦྱོར་རྡོ་རྗེ་ཡིས། ། ཡེ་ཤེས་གསང་བའི་གནས་སུ་འགྱུར། ། ཏིང་འཛིན་དཔག་མེད་ལས་བྱུང་ པ། ། རྡོ་རྗེ་ཡེ་ཤེས་འཛིན་དེ་འགྱུར། ། ལོངས་སྤྱོད་དམ་ཚིག་ཅེས་བྱ་བ། ། རིན་ཆེན་རྡོ་རྗེ་གཅིག་ཏུ་འབྱུང་། ། དེ་ཉིད་གསུམ་གསང་དགོངས་པ་ལས། ། རིན་ཆེན་རྡོ་རྗེ་དེ་གནས་འགྱུར། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། སངས་རྒྱས་དཀྱིལ་འཁོར་བསམ་པར་བྱ། ། འཇིག་རྟེན་དབང་ ཕྱུག་རབ་བསྒོམས་ལ། ། དེར་ནི་ཆོས་ཀྱི་ཨོྃ་བསྒོམ་མོ། ། ཆོས་ཀྱི་ཨོྃ་ནི་དེ་ཚེ་ཡང་། ། རྡོ་རྗེ་གསུམ་མཉམ་སྦྱོར་བ་ཡིས། ། རྡོ་རྗེ་དཔག་མེད་འདྲ་བ་ནི། ། བཅོམ་ལྡན་དཔག་མེད་རྡོ་རྗེ་ཅན། ། ལུས་དང་ངག་སེམས་རྡོ་རྗེ་ཡིས། ། དཔག་མེད་ཚེ་དང་འདྲ་བར་འགྱུར། ། ཐེག་པ་ཆེན་པོ་ལམ་གྱི་མཆོག ། འགྲོ་བའི་དོན་ནི་རབ་སྒྲུབ་པ། ། ཡེ་ཤེས་རྒྱ་མཚོ་དཔལ་དང་ལྡན། ། འགྲོ་དོན་གཅིག་ཏུ་འབྱུང་བར་འགྱུར། ། དོན་ཡོད་པ་ཡི་དམ་ཚིག་མཆོག ། སེམས་ཅན་དོན་ནི་སྒྲུབ་གྱུར་པ། ། འོད་ཟེར་ཡེ་ཤེས་མཆོག་ཅེས་བྱའི། །
BOཏིང་ངེ་འཛིན་དུ་ཡང་དག་བཤད། ། སེམས་ཅན་ཁམས་ནི་མ་ལུས་ པའི། ། ལོངས་སྤྱོད་ཀུན་དུ་འགྱུར་བ་ཡི། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། ། དེ་ནི་རྣམ་སྣང་རྡོ་རྗེར་བཤད། ། འོད་ཟེར་དེར་ནི་རབ་ཏུ་བསྒོམ། ། རྣམ་པར་རྒྱལ་བའི་ཡི་གེ་ཨོཾ། ། འོད་ཆེན་དེར་ནི་རབ་ཏུ་བསྒོམ། ། དེ་ནས་འདི་ནི་རྡོ་ རྗེ་གསུམ། ། རྣམ་པར་སྣང་མཛད་འདྲ་བར་འགྱུར། ། དེ་ནི་བཅོམ་ལྡན་མགོན་པོས་བཤད། ། རྣམ་སྣང་རྡོ་རྗེ་ཅན་དེ་ཡིན། ། རྡོ་རྗེ་གསུམ་གཉིས་མེད་སྦྱོར་ལས། ། རྣམ་པར་སྣང་མཛད་འདྲ་བའི་འོད། ། དེ་ཉིད་ཡེ་ཤེས་རྫོགས་བྱང་ཆུབ། ། རྡོ་རྗེ་སྐུ་གསུམ་སྒྲུབ་པ་པོ། ། སྐུ་དང་གསུང་ ཐུགས་རྫོགས་བྱང་ཆུབ། ། དེ་ལ་དམིགས་པའི་རྡོ་རྗེ་ཅན། ། ཏིང་འཛིན་ཞི་བ་ཉིད་སྦྱོར་བ། ། འགྲོ་བའི་དོན་ནི་རབ་སྒྲུབ་པའོ། ། ཚེག་གཅིག་ལ་ནི་སྣ་ཚོགས་དོན། ། སྔགས་ཀྱི་དེ་ཉིད་གསལ་གྱུར་པའོ། ། དེ་ནས་དེ་བཞིན་གཤེགས་མཆོག་ལ། ། དེ་ནས་གསང་བའི་བདག་པོ་ནི། ། གསང་ དགོངས་རྡོ་རྗེ་ཞེས་བྱ་བ། ། ཐུབ་པ་ཆེ་ལ་སླར་ཡང་ཞུས། ། ཨོྃ་ཨཱཿཧཱུྃ་ནི་གསུམ་ལ་སོགས། ། བྷྲཱུྃ་སོགས་ཐོག་མར་གནས་པ་ཡིས། །
BOསྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ། སྔགས་ཀྱི་སྐྱེས་བུར་དེ་འགྱུར་རོ། ། ཨོྃ་ནི་རྣམ་སྣང་རྡོ་རྗེར་འགྱུར། ། ཨཱཿནི་འཇིག་རྟེན་དབང་ཕྱུག་གཙོ། ། ཧཱུྃ་ནི་རྡོ་རྗེ་སེམས་ དཔར་བཤད། ། སྐྱེས་བུ་རྡོ་རྗེ་ཅན་དུ་འགྱུར། ། བྷྲཱུྃ་ནི་གནས་ཀྱི་མཆོག་ཏུ་འགྱུར། ། ཁྃ་ནི་ངེས་པར་མི་སྣང་བ། ། ཧྃ་ནི་འཇམ་དཔལ་ཡང་དག་བཤད། ། ཀྵྃ་ནི་རྡོ་རྗེ་བཀོད་ཅེས་བྱ། ། རྡོ་རྗེ་སེམས་དཔའ་རིན་པོ་ཆེ། ། འཇིག་རྟེན་དབང་ཕྱུག་དངོས་གྲུབ་སྩོལ། ། དེ་བཞིན་མགོན་པོ་རྣམ་སྣང་ མཛད། ། ཨོྃ་ལ་སོགས་པ་ཨཱ་ལས་སྐྱེས། ། ཨོྃ་ཨཱཿཧཱུྃ་ནི་དེ་ཉིད་གསུམ། ། རྣམ་སྣང་རྡོ་རྗེ་ཅན་གྱུར་པ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གྲགས། ། ཤིན་ཏུ་རྣམ་པར་ངེས་པར་བཤད། ། གསང་སྔགས་དཀྱིལ་འཁོར་རྣལ་འབྱོར་པ། ། ལྔ་པ་བཅོ་ལྔར་ཡང་དག་བཤད། ། ཁྲག་གི་སྦྱོར་བ་ལས་བྱུང་ བ། ། གསང་སྔགས་སྐྱེས་བུ་ཞེས་བྱ་བ། ། གསང་སྔགས་ཆེན་པོའི་སྦྱོར་བ་ཡང་། ། ཏིང་འཛིན་སྐྱེས་བུ་དམ་པ་ཡིན། ། སྣ་ཚོགས་སྔགས་དོན་དེ་ཉིད་འགྱུར། ། ཕྱག་རྒྱ་གཅིག་པར་དཀྱིལ་འཁོར་ཏེ། ། དེ་དག་གསང་བར་བཤད་པ་ནི། ། དགོངས་པ་གཅིག་ལས་ཡང་དག་འབྱུང་། ། དགའ་ བ་གཅིག་ཅིང་དགའ་བའི་མིང་། །
BOདེ་དག་ཇི་ལྟར་རྟོགས་པར་འགྱུར། ། མགོན་པོ་རྐྱེན་དང་བྲལ་བའི་མི། ། པི་ཝང་སྒྲ་ནི་མཆིས་མ་ལགས། ། དེ་བཞིན་ཕྱག་རྒྱ་མེད་པར་ནི། ། གསང་སྔགས་དངོས་གྲུབ་མི་འབྱུང་ངོ་། ། བརྡ་གསུམ་གྱི་ནི་དེ་ཉིད་འདི། ། གང་གི་དོན་དུ་རབ་གསུངས་པ། ། ལག་པའི་སྦྱོར་བས་རབ་བསྒྲུབ་པའི། ། ཕྱག་རྒྱ་ཇི་ལྟར་གནས་པར་མཛད། ། སྔགས་དང་ཕྱག་རྒྱ་སྦྱོར་བ་ནི། ། ཕྱག་རྒྱ་གཅིག་པུའི་སྦྱོར་བ་དང་། ། གསང་སྔགས་གཅིག་པུས་མི་འགྲུབ་ཅེས། ། ཁྱོད་ནི་ཆོས་རྣམས་སྟོན་པར་མཛད། ། འདི་ནི་སྔགས་སྦྱོར་གཅིག་པུ་ལས། ། ཕྱག་རྒྱ་བསྟན་པར་མ་མཛད་ན། ། གསང་སྔགས་གཅིག་སྐྱེས་དངོས་གྲུབ་ནི། ། འཇིག་རྟེན་པ་རྣམས་ཇི་ལྟར་བསྒྲུབ། ། སྔགས་ལ་དམིགས་པའི་སྦྱོར་གྱུར་དང་། ། ལྷ་རྣམས་ཀྱི་ཡང་སྦྱོར་ལས་བྱུང་། ། འགྲོ་བའི་དོན་ནི་རབ་བསྒྲུབ་པ། ། ཡིད་བཞིན་ནོར་བུ་ལྟ་བུར་འགྱུར། ། འཇིག་རྟེན་ འདས་པ་ཞེས་བྱ་དང་། ། ཡང་ན་ཤིན་ཏུ་འཇིག་རྟེན་འདས། ། མགོན་པོ་འཇིག་རྟེན་པ་རྣམས་ཀྱི། ། ཇི་ལྟར་འགྲོ་ལ་དེ་ཕན་འགྱུར། ། སྤྱན་དྲང་བ་དང་གཤེགས་སུ་གསོལ། ། འདིར་ནི་ཇི་ལྟར་ལེགས་པར་བརྗོད། ། གང་གིས་འདིར་ནི་དངོས་གྲུབ་འགྲུབ། །
BOལྷ་རྣམས་མངོན་ཕྱོགས་ ཇི་ལྟ་བུ། ། འདི་དག་མ་འོངས་སྐྱེ་བོ་ཡིས། ། གང་ཞིག་ཤེས་ན་ཡང་དག་པར། ། ངེས་པར་རྣམ་རྟོག་མེད་འགྱུར་བ། ། མི་ཡི་སྐྱེས་བུ་འདི་དག་གསུངས། ། དེ་ནས་མགོན་པོ་བཅོམ་ལྡན་འདས། ། དགོངས་པའི་གསང་བ་དམ་པ་སྟེ། ། ཕྱག་རྒྱའི་ངེས་པ་འཇིག་རྟེན་པའི། ། ཕྱག་ན་རྡོ་རྗེ་ ལ་གསུངས་སོ། ། རྣམ་རྟོག་སྣ་ཚོགས་ལྕགས་ཞེས་བྱ། ། ཉེས་པ་གསུམ་ཚོགས་བདག་ཉིད་ལས། ། གསང་སྔགས་སྐྱེས་བུའི་སྦྱོར་བ་ཡིས། ། དེ་ནི་མི་མཆོག་ངག་ཏུ་འགྱུར། ། གསེར་འགྱུར་རྩི་ཡི་རྣམ་པ་ཡིས། ། ལྕགས་ནི་གསེར་དུ་བྱེད་པ་ཡིན། ། དེ་བཞིན་སྔགས་ཀྱི་དེ་ཉིད་ཀྱིས། ། མི་ནི་བདེར་གཤེགས་བྱེད་པ་ཡིན། ། ངེས་བྱས་སྦྱོར་བའི་གསང་སྔགས་ནི། ། ཞི་བདེ་དངོས་གྲུབ་སྟེར་བར་འགྱུར། ། ཕྱག་རྒྱ་མེད་པའི་སྔགས་གཅིག་པུས། ། སྔགས་ཀྱི་སྐྱེས་བུར་འགྱུར་བ་ཡིན། ། དངོས་མེད་པ་ལས་ཡང་དག་སྐྱེས། ། སྔགས་ཀྱི་སྐྱེས་བུ་འབྱུང་བ་སྟེ། ། འདི་ནི་ཕྱག་རྒྱ་ཆེན་པོ་ སྟེ། ། འགྲོ་བའི་དོན་ནི་རབ་སྒྲུབ་པའོ། ། སྤྱན་དྲང་བར་ནི་བཞུགས་པ་ཡིས། ། མྱུར་བ་ཡིས་ནི་གཤེགས་སུ་གསོལ། ། གནས་པ་ཡིས་ནི་དེ་བསྒྲུབ་པའོ། ། ཡིད་རྟོན་དངོས་གྲུབ་དམ་པ་ཡིན། །
BOདེ་ནི་སྐྱེས་བུའི་སྦྱོར་བ་ཡིས། ། ཕྱག་རྒྱ་ཆེ་དང་གཅིག་བསྒྲུབ་ལས། ། མྱུར་བ་ལ་སོགས་ གསུམ་ལྡན་པ། ། དེ་ནི་ཕྱག་རྒྱ་ཡིན་པར་བཤད། ། འབད་དེ་བླ་མས་སློབ་མ་ཡི། ། རྣ་བའི་དྲུང་དུ་བཤད་པར་བྱ། ། མྱུར་བ་དང་ནི་འཇུག་པ་དང་། ། གནས་པའི་རྗེས་སུ་སྦྱོར་བ་རྣམས། ། སྤྱན་དྲང་བ་དང་གཤེགས་སུ་གསོལ། ། འདི་དག་ཕྱག་རྒྱར་ཡང་དག་གྱུར། ། སྒྲུབ་པ་ལ་ནི་མྱུར་ལ་ སོགས། ། ཅི་རིགས་པ་ནི་ངེས་པར་སྦྱར། ། ཕུང་པོ་ལ་སོགས་ཆོས་རྣམས་ཀུན། ། སྟོང་ཞིང་རྟེན་འབྲེལ་ལས་བྱུང་བ། ། མཐོང་ཞིང་དེ་བཞིན་སྦྱོར་བ་ལས། ། ཆོས་ཀྱི་སྐུར་ནི་དེ་གནས་འགྱུར། ། འདིར་ནི་གསང་སྔགས་སྦྱོར་འགྱུར་མེད། ། ཕྱག་རྒྱའང་ཆོས་སྐུ་འདི་ཉིད་ཡིན། ། དེ་ལྟ་ ན་ཡང་འགྲོ་བའི་དོན། ། ཡིད་བཞིན་ནོར་བུ་ལྟ་བུར་བྱེད། ། འོན་ཏེ་རྡོ་རྗེ་འཛིན་གང་ཞིག ། སྦྱོར་བ་གསུམ་དང་ལྡན་པའི་མི། ། སྤྱན་དྲང་བ་དང་གཤེགས་སུ་གསོལ། ། དེ་བཞིན་དུ་ནི་གནས་གྱུར་པའོ། ། ཉེ་བའི་ཚིག་ནི་སྤྱན་དྲང་བ། ། རིང་ནས་ལག་པར་རབ་ཏུ་སྦྱོར། ། དེ་བཞིན་གསང་ སྔགས་དེ་ཉིད་ཀྱང་། ། གཉི་ག་ལ་ནི་ཡང་དག་སྦྱོར། ། རིགས་ཀྱི་དབྱེ་བ་སྦྱོར་བ་ཡིས། ། ཕྱག་རྒྱ་བུད་མེད་ཡིན་པར་བཤད།
BO། སེམས་ཀྱི་རྐྱེན་སྦྱོར་བདག་ཉིད་ནི། ། འཇིག་རྟེན་པར་ནི་རབ་ཏུ་བརྟག ། རང་གི་མཚན་མར་ཡང་དག་སྦྱོར། ། རིགས་ཀྱི་དབྱེ་བའི་སྦྱོར་བ་ཡིས། ། ཕྱག་རྒྱས་ས་ གསུམ་ལ་གནས་པ། ། ས་འོག་ཀླུ་ཡི་བུ་མོ་ཡང་། ། བརྟུལ་ཞུགས་ཅན་གྱི་སེམས་ཀྱིས་དགུག ། གཞུག་པའི་རིམ་པ་ཉིད་དང་ནི། ། དེ་རྣམས་གནས་པའི་སྦྱོར་བ་ཉིད། ། དངོས་མེད་དེ་ཉིད་གཅིག་པུ་ཡིས། ། འགྲོ་བ་ཐམས་ཅད་དགུག་པར་བྱ། ། གཞན་ཡང་གསང་བ་པོ་ཡི་མཆོག ། སེམས་ཀྱི་རྒྱན་ནི་ཉིད་ལྟོས་དང་། ། དངོས་མེད་བྱང་ཆུབ་འཐོབ་པ་ལ། ། གསང་སྔགས་མེད་ཅིང་ཕྱག་རྒྱ་མེད། ། འཇིག་རྟེན་ན་ནི་རྟོག་ཅི་སྙེད། ། དུས་གསུམ་དུ་ནི་ཀུན་འབྱུང་བ། ། དེ་ནི་དངོས་མེད་སེམས་གཅིག་ལས། ། རྣལ་འབྱོར་པས་ནི་སྐད་ཅིག་རྟོགས། ། བྱང་ཆུབ་ཀུན་རྫོབ་མ་ཡིན་ ལ། ། དེ་ལས་གཞན་དུའང་རྙེད་མི་འགྱུར། ། གཉི་ག་ལས་མིན་གཞན་ལས་མིན། ། མུན་པའི་སྒྲོན་མ་མཚུངས་པར་འགྱུར། ། སེམས་ཅན་བསམ་པའི་དབང་གིས་སྔགས། ། གསང་བ་འདི་ནི་རབ་སྟོན་ཏེ། ། དེ་ནི་སྒྲུབ་དང་བསྒྲུབ་བྱ་དང་། ། རྣམ་པར་མི་རྟོག་བརྟགས་པའོ། ། སེམས་ཅན་ཀུན་གྱི་ལོངས་སྤྱོད་དུ། ། སྔགས་ཀྱི་སྐྱེས་བུ་རབ་ཏུ་གནས། །
BOནམ་མཁའ་མཉམ་པའི་སྦྱོར་བ་ནི། ། རྣམ་པར་དབེན་པར་རབ་ཏུ་བརྟག ། གསལ་དང་མི་གསལ་ཡང་དག་ལྡན། ། ཀླུང་དང་འབབ་ཆུ་ལ་སོགས་ཡིན། ། མྱ་ངན་འདས་པ་གནས་སྦྱོར་བ། ། དུར་ཁྲོད་ ལ་སོགས་པ་ཡི་མིང་། ། འདི་ནི་སྔགས་རིག་མཆོག་རྣམས་ཀྱི། ། བསམ་གཏན་བསྡུས་ལས་སྤྱོད་པའོ། ། འཇིག་རྟེན་འདས་པ་དེ་ཉིད་འདིར། ། འཇིག་རྟེན་པ་ནི་བཟློག་པའོ། ། མི་བསྐྱོད་ཡེ་ཤེས་ལ་སོགས་པ། ། རྡོ་རྗེ་ནམ་མཁའི་དཀྱིལ་དུ་བསམ། ། མངོན་ཤེས་ལྔ་ཡི་སྦྱོར་བ་ཡིས། ། སངས་རྒྱས་མཆོག་གི་གནས་སུ་བསྒོམ། ། རྡོ་རྗེ་མངོན་ཤེས་རྡོ་རྗེ་ཆེ། ། དམ་ཚིག་མཆོག་ཏུ་བཀའ་སྩལ་ཏོ། ། རྡོ་རྗེ་ཆེན་པོ་རབ་མཛེས་པ། ། རྩེ་ལྔ་པ་ལ་དེ་བཞིན་འཁོར། ། རང་བཞིན་ལྔ་རུ་སྦྱོར་བ་ཡིས། ། མངོན་ཤེས་ལྔ་པོར་འགྱུར་བ་ཡིན། ། མངོན་ཤེས་ལྔ་ཡི་ཏིང་འཛིན་ལ། ། གནས་ ནས་བླ་ན་མེད་པ་བརྟག ། གཙོ་བོ་མེ་སྟག་མང་པོ་འཁྲུག ། རང་སྔགས་འཁོར་ལོ་བསྒོམ་པར་བྱ། ། རྡོ་རྗེ་ལ་ནི་རབ་དགོད་པས། ། རྡོ་རྗེ་མངོན་ཤེས་སྐྱེ་བར་འགྱུར། ། ནམ་མཁའི་རྡོ་རྗེ་དབུས་གནས་པར། ། འཁོར་ལོ་རྡོ་རྗེ་འབར་འོད་འདྲ། ། སངས་རྒྱས་འཇུག་པར་རབ་བསྒོམས་ན། ། སངས་རྒྱས་མཆོག་དང་འདྲ་བར་འགྱུར། །
BOསངས་རྒྱས་དཀྱིལ་འཁོར་དབུས་གནས་པར། ། ལུས་ལ་རྣམ་པར་སྣང་མཛད་གཞག ། སྙིང་གར་ཡི་གེ་ཨོྃ་བསམས་ན། ། སྔགས་ལ་མངོན་ཤེས་བསྒོམ་པར་འགྱུར། ། འགོག་པ་རྡོ་རྗེ་གྱུར་པའི་སེམས། ། ནམ་ཞིག་བདག་ཉིད་བདག་ ལས་སྐྱེས། ། སངས་རྒྱས་ཀུན་མཆོག་འབྱུང་བ་ཡི། ། དཔལ་ལྡན་ཡིད་བཞིན་ནོར་བུར་འགྱུར། ། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། ། དེར་ནི་མི་བསྐྱོད་རབ་ཏུ་བསྒོམ། ། ཧཱུྃ་ནི་སྙིང་གའི་ཟླ་གནས་པར། ། བསམས་ལ་སེམས་ནི་དེ་རུ་བཞག ། སངས་རྒྱས་དཀྱིལ་འཁོར་ དབུས་གནས་པར། ། ཚེ་དཔག་མེད་པ་རབ་ཏུ་སྦྱོར། ། ཨཱཿནི་སྙིང་གའི་ཐིག་ལེར་གནས། ། བསམས་ལ་རྡོ་རྗེའི་ཡང་དག་བཞག ། འདི་ནི་དགོངས་པའི་མཆོག་གི་མཆོག ། རྡོ་རྗེ་མི་ཕྱེད་གསུམ་སྦྱོར་སྐྱེས། ། འགོག་པའི་དམ་ཚིག་ཡེ་ཤེས་ཏེ། ། སངས་རྒྱས་དངོས་གྲུབ་ཆེར་འབྱུང་ བའོ། ། ནམ་མཁའི་རྡོ་རྗེ་དབུས་གནས་པར། ། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། ། སྐུ་གསུང་ཐུགས་ཀྱི་ཡི་གེ་ཨོྃ། ། བསམས་ན་བསྐལ་པ་གཅིག་ཏུ་གནས། ། ནམ་མཁའི་རྡོ་རྗེ་དབུས་གནས་པར། ། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། ། ལུས་དང་ངག་སེམས་ཡི་གེ་ ཨཱཿ། ། བསམས་ན་བསྐལ་པ་དག་ཏུ་གནས། །
BOམཁའ་དབྱིངས་རྡོ་རྗེ་དབུས་གནས་པར། ། རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། ། ལུས་དང་ངག་སེམས་ཡི་གེ་ཧཱུྃ། ། བསམས་ན་དེ་ནི་བསྐལ་པར་གནས། ། བཅོམ་ལྡན་བདག་པོ་རྡོ་རྗེ་གསུམ། ། དམ་ཚིག་རྟོགས་པས་དེ་སྐད་གསུངས། ། དགུ་མཐའ་ཅན་གྱི་ཡི་གེ་འདི། ། སྔགས་ཀྱི་སྐྱེས་བུ་མཆོག་ཏུ་འགྱུར། ། བརྗོད་དུ་མེད་ཅིང་མིང་མེད་ལ། ། ཤེས་དང་ཤེས་བྱ་རྣམ་སྤངས་པའང་། ། ཀུན་རྫོབ་ལ་ནི་ལེགས་གནས་ནས། ། ཚིག་གི་སྔགས་སུ་འདི་བརྗོད་དོ། ། རྡོ་རྗེ་གསུམ་གྱི་རྡོ་རྗེ་ཅན། ། རྣལ་འབྱོར་འདིར་འགྱུར་ཕྱིན་ ཅད་ནི། ། གང་ཞིག་ཀློག་གམ་སེམས་ཀྱང་རུང་། ། རྡོ་རྗེ་ཡེ་ཤེས་ལྟ་བུར་འགྱུར། ། ཇི་ལྟར་གསང་བའི་རྒྱལ་དབང་པོ། ། དགོངས་པ་ལུང་སྟོན་འདི་གྱུར་པ། ། སངས་རྒྱས་ཀུན་གྱིས་དེ་ལུང་བསྟན། ། ཁྱད་པར་དུ་ཡང་བྱིན་གྱིས་རློབ། ། ཀློག་ཅིང་སྒོམ་དང་ལྡན་པར་ནི། ། བྲིས་ནས་གང་དུ་ འཇོག་གྱུར་པ། ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི། ། རིགས་སྐྱེས་རྒྱལ་བའི་སྲས་སུ་འགྱུར། ། ཁམས་གསུམ་ཐམས་ཅད་བཅོམ་ནས་ནི། ། མྱུར་བར་དེ་བཞིན་གཤེགས་འགྱུར་ཞིང་། ། འཁོར་ལོས་སྒྱུར་བའི་བུ་བཞིན་དུ། ། བྱང་ཆུབ་མྱུར་དུ་དེས་འཐོབ་བོ། །
BOཁམས་གསུམ་སྐུ་དང་གསུང་ ཐུགས་ཀྱི། ། སྔགས་པའི་ཡན་ལག་གྱུར་པ་ནི། ། སངས་རྒྱས་འདུས་ལ་བརྟེན་པ་ཡིས། ། དེ་ནི་དངོས་པོ་མེད་པར་འཇོམས། ། དངོས་མེད་གཅིག་ཏུ་རྫོགས་ལོངས་སྤྱོད། ། ཕུང་སོགས་ཡན་ལག་དོན་ལས་བྱུང་། ། བདེ་གཤེགས་སེམས་ཅན་སྤངས་པ་ནི། ། སྔགས་པ་སྔགས་ལས་ གྱུར་པ་ཡིན། ། ཇི་ལྟར་ནམ་མཁའ་རང་མཚན་ཉིད། ། སྐད་ཅིག་ཀྱང་ནི་འདོར་མི་བྱ། ། དེ་བཞིན་སངས་རྒྱས་ཐམས་ཅད་ཀྱང་། ། རིགས་ལས་སྐྱེས་པ་བྱིན་གྱིས་རློབ། ། དགོངས་ལ་ལུང་སྟོན་ལ་གནས་ནས། ། གསང་བའི་རིན་ཆེན་ཡང་དག་བསྲུང་། ། མིག་གཟུགས་རང་གི་ངོ་བོ་ཉིད། ། སྤྱོད་པ་ཅི་དགའ་བྱེད་པར་འགྱུར། ། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། ། གསང་བའི་དགོངས་པའི་མིང་ཅན་ཏེ། ། སྐུ་དང་གསུང་ཐུགས་གསང་བ་དང་། ། གསང་སྔགས་དམ་ཚིག་དེ་ཉིད་བྱུང་། ། དེ་ནི་རིག་པ་སྐྱེས་བུ་མཆོག ། བཅུ་གཅིག་པར་ནི་ཡང་དག་བཤད། ། རས་ནི་ བྲིས་དང་མཚུངས་པར་འབྱུང་། ། འཐོབ་པའི་ཕྱིར་ནི་ལེའུར་གྱུར། ། དེ་ནས་དཔལ་ལྡན་རྣམ་སྣང་མཛད། ། བསྐྱེད་པ་ཡེ་ཤེས་བླ་མ་གཙོ། ། དེ་ཉིད་དམ་ཚིག་མཆོག་གྱུར་པ། ། རྡོ་རྗེ་གསུང་གིས་བཀའ་སྩལ་ཏོ། ། མཁའ་དང་མཚུངས་ཤིང་མི་རྟོག་ལ། །
BOརང་བཞིན་གྱིས་ནི་དམ་ཆོས་ཅན། ། དངོས་མེད་ཤིན་ཏུ་དྲི་མེད་ལ། ། དམ་ཚིག་གཅིག་ཏུ་གྱུར་ཀྱང་ནི། ། གར་དང་གླུ་དང་རོལ་མོ་དང་། ། དགོད་དང་སྒེག་པས་རབ་མཛེས་པས། ། འཇིག་རྟེན་སངས་རྒྱས་གར་མཁན་གྱིས། ། རོལ་མོ་འདི་དག་རབ་ཏུ་བསྒོམ། ། གཞོན་ནུས་བསྒྲུབས་པའི་སེམས་ཅན་ནི། ། ཇི་ལྟ་ཇི་ལྟར་སྟོན་པ་ བཞིན། ། གར་སོགས་རྩེད་མོས་བྱང་ཆུབ་ནི། ། མྱུར་དུ་དེ་ཉིད་ལས་འཐོབ་འགྱུར། ། འདོད་པའི་ཡོན་ཏན་ལྔར་ལྡན་པ། ། དེ་ཡི་མིང་ནི་ཡིད་ལྡན་པ། ། དཀོན་མཆོག་གསུམ་ལ་སྐྱབས་སུ་གནས། ། ལྷུན་གྱིས་གྲུབ་པའི་སངས་རྒྱས་འགྱུར། ། སེམས་ཅན་གང་འདི་མཐོང་བ་དང་། ། ཐོས་ཤིང་རིག་པར་གྱུར་པ་ནི། ། དེ་ནི་ཨུ་དུམ་ཝཱ་ར་ཡི། ། མེ་ཏོག་འདྲ་བར་གྱུར་པ་ཡིན། ། སེམས་ཅན་ཀུན་གྱི་གཙོ་བོ་འདི། ། གསུང་གི་རྡོ་རྗེ་ཆོས་ཉིད་སྐྱེས། ། གཅིག་དང་དུ་མ་ལས་གྲོལ་བ། ། རྟེན་འབྱུང་གསལ་བར་བྱེད་པ་ཡིན། ། དེ་ནས་གསང་བའི་བདག་མཆོག་དེ། ། ཆོས་ཀྱི་ དེ་ཉིད་རབ་སྟོན་པ། ། ཐུབ་ཆེན་རྣམ་པར་སྣང་མཛད་ལ། ། ཐལ་མོ་སྦྱར་བ་བྱས་ནས་ཞུས། ། མགོན་པོ་དེ་ཉིད་བསྡུས་པ་ལས། ། རོལ་མོ་འདིར་ནི་གྱུར་པ་དང་། ། འཇིག་རྟེན་པ་དེ་གར་བྱེད་པ། །
BOགསུངས་ཏེ་མ་འོངས་སྐྱེ་བོ་ནི། ། ཆོས་དབྱིངས་དེ་ནི་གར་མིན་ན། ། གཙོ་བོ་ཇི་ལྟར་གར་བགྱིད་ ལགས། ། རྨོངས་པའི་འཇིག་རྟེན་རྒྱང་པན་གར། ། གསང་མཐོན་མྱོས་པས་བསྐུལ་བ་ཡིན། ། ཆོས་དབྱིངས་དེ་ནི་གླུ་མིན་ན། ། གཙོ་བོ་ཇི་ལྟར་གླུ་ལེན་འགྱུར། ། རྨོངས་པའི་འཇིག་རྟེན་རྒྱང་པན་གླུ། ། གསང་མཐོན་མྱོས་པས་བསྐུལ་བ་ལགས། ། ཆོས་དབྱིངས་དེ་ནི་རོལ་མོ་མིན། ། གཙོ་བོ་ཇི་ལྟར་རོལ་མོར་འགྱུར། ། འཇིག་རྟེན་རྒྱང་ཕན་རྨོངས་རོལ་མོ། ། གསང་མཐོན་མྱོས་པས་བསྐུལ་བ་ལགས། ། ཆོས་དབྱིངས་དེ་རྒོད་མ་ལགས་ན། ། གཙོ་བོ་ཇི་ལྟར་རྒོད་པར་འགྱུར། ། རྨོངས་པའི་འཇིག་རྟེན་རྒྱང་པན་རྒོད། ། གསང་མཐོན་མྱོས་པས་བསྐུལ་བ་ལགས། ། ཆོས་དབྱིངས་དེ་སྒེག་མ་ལགས་ན། ། གཙོ་བོ་ཇི་ལྟར་སྒེག་པར་འགྱུར། ། རྨོངས་པའི་འཇིག་རྟེན་རྒྱང་པན་སྒེག ། གསང་མཐོན་མྱོས་པས་བསྐུལ་བ་ལགས། ། དེ་ལྟར་རྣམ་པ་མང་པོ་ལ། ། གཞན་རྣམས་ཀྱང་ནི་སྦྱོར་བྱེད་ཅིང་། ། བཟའ་དང་མིན་ལས་སྦྱོར་བ་ཡིས། ། རྣལ་འབྱོར་པ་ནི་བདག་ཡིན་སྙམ། ། རྡོ་རྗེ་ཡི་ནི་ཚིག་མཆོག་འདི། ། ཡོད་མེད་རབ་ཏུ་ཞི་བ་ཉིད། ། དེ་ཡི་རང་བཞིན་གཅིག་སྦྱོར་བདག །
BOཡང་དག་མཆོག་བསྡུས་དེ་ཉིད་མཆོག ། དེ་ནས་དེ་ཉིད་ཡང་དག་གཟུང་། ། རྣལ་འབྱོར་རིགས་མཆོག་རྣལ་འབྱོར་པ། ། དེ་ཉིད་གསུམ་ མཉམ་ཉིད་སྦྱོར་བ། ། སངས་རྒྱས་ཀྱི་ནི་རོལ་མོ་སྟོན། ། སྣ་ཚོགས་ཚུལ་གྱིས་རྣམ་དགོད་པས། ། ནོར་ཅན་མིང་ནི་ཉམས་ལ་སོགས། ། གཅིག་པུའང་དཔག་མེད་དངོས་བཤད་པའི། ། གར་གྱིས་སྐྱེ་དགུ་དགའ་བར་བྱེད། ། རྫོགས་པའི་བྱང་ཆུབ་སོགས་དངོས་གྲུབ། ། སྣ་ཚོགས་ཁྱེད་ཀྱིས་ གསུངས་པ་རྣམས། ། སེམས་ཞི་བ་ཡི་རྣལ་འབྱོར་པ། ། དེ་རྣམས་ལྷུན་གྱིས་གྲུབ་པར་འགྱུར། ། མགོན་པོ་ཤེས་རབ་འདི་སྲིད་དུ། ། ཐབས་ཀྱིས་མཆིལ་པར་ཉེ་བར་སྦྱོར། ། སྔགས་ཀྱི་གཟན་གྱི་སྦྱོར་བ་ཡིས། ། ཁྱེད་ནི་འཇིག་རྟེན་པ་རྣམས་འཛིན། ། བཤད་དུ་ཟིན་ཀྱང་མི་ རིག་པ། ། དགོངས་པའི་གསང་བ་དམ་པ་ནི། ། གཞན་རྣམས་ལ་ནི་སྟོན་མཛད་པ། ། ངོ་བོ་ཉིད་ནི་གཞན་མིན་པའོ། ། ཕྱི་རོལ་སྔགས་དོན་དངོས་གྲུབ་ནི། ། དེ་ཉིད་དུ་ནི་ཚོལ་མོད་ཀྱི། ། འགལ་བའི་རྗེས་འཇུག་ཆོས་ཉིད་ཅན། ། དེར་ཡང་འགྲུབ་པར་འགྱུར་མ་ཡིན། ། དེ་ རྣམས་གསང་བ་མི་སྲུང་ཞིང་། ། སྲེད་པ་ཡིས་ནི་སྟེན་པར་བྱེད། ། བཅོམ་ལྡན་འདས་གསུང་གསང་བ་ནི། །
BOགསང་མཆོག་ཚིག་གིས་སྒྲོགས་པར་བྱེད། ། ཁྱོད་བཀའ་ལས་འདས་དམན་པ་རྣམས། ། སྔགས་ཀྱི་ནུས་པ་རྣམ་སྤངས་པ། ། འཇིག་རྟེན་པ་རྣམས་སྡང་འགྱུར་ ཞིང་། ། དེ་རྣམས་འགྲུབ་པར་འགྱུར་མ་ཡིན། ། སྲེད་པའམ་དད་པ་དག་གིས་ཀྱང་། ། རྐྱེན་དང་དེ་བཞིན་ཉན་ཐོས་རྣམས། ། གསང་བ་ལ་ནི་སྨིག་རྒྱུ་བཞིན། ། རིགས་སྐྱེས་གཞན་ཡང་ལྟུང་བར་འགྱུར། ། མགོན་པོ་དེ་ནི་དེར་གནས་ཤིང་། ། ཉམས་ཤིང་བློ་གྲོས་དམན་པར་ གནས། ། དེ་ནས་ཚིག་མིན་གྱུར་པར་འབྱུང་། ། ཚིག་གི་བདུད་རྩི་སྦྱོར་བ་ལས། ། ཆོས་ཀྱི་ཚུལ་འདི་ཐོས་པ་དང་། ། ཕྱི་ནས་འཇིགས་ཤིང་སྐྲག་པར་འགྱུར། ། བྱང་ཆུབ་སེམས་དཔའ་ལྷུང་འགྱུར་པར། ། བདག་ཉིད་ཆེ་དེ་བྱེད་པར་འགྱུར། ། དེ་བཞིན་བྱང་ཆུབ་འགྱུར་བ་དང་། ། སྔགས་ པ་རྣམས་ཀྱང་གསང་བ་ལགས། ། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། ། གསང་བ་མདོ་སྡེ་རྣམ་སྨྲ་བ། ། གདོང་གཡོགས་པ་ཡི་སྦྱོར་བ་ཡིས། ། དེ་ཚེ་ཚིག་གིས་རིག་སྐྱེས་པ། ། གསང་སྔགས་ལ་སོགས་ཆོས་རྣམས་ལ། ། དད་པ་རྣམས་ནི་སྐྱེད་མི་བྱེད། ། ལོག་པས་མཁས་པའི་ང་ རྒྱལ་ནི། ། བྱིས་པ་ཕྱི་ནས་བྱེད་པར་འགྱུར། ། ཨ་ཡི་དོག་པའི་རས་འདི་ནི། ། སྦྱོར་བཤེས་རྣམས་ཀྱི་འདི་མ་ཡིན། །
BOདེ་རྣམས་དད་པས་རྗེས་འཇུག་པ། ། གཏམ་དག་ཀྱང་ནི་བྱེད་པར་འགྱུར། ། སྒྱུ་ནི་གཡོ་ཡི་ཚུལ་གྱིས་ན། ། རྒྱལ་པོ་རྣམས་ནི་སླུ་བར་བྱེད། ། སྟེང་དུ་གཡོགས་ པ་དག་གིས་ནི། ། བརྒྱད་གཉིས་པ་ཡི་ཚུལ་དུ་བྱེད། ། དེ་ནི་མ་སྐྱེས་པ་ཡི་བདག ། རས་ཀྱི་རྒྱུ་མེད་པ་ཉིད་ནི། ། ཨཱཿཡི་དོག་རས་ཉིད་རྒྱལ་པོའི། ། ཡང་དག་དངོས་གྲུབ་བྱེད་པའི་མཆོག ། དམ་པའི་སྐྱེ་བ་ཉིད་མཐོང་ན། ། དེ་ནི་ལོངས་སྤྱོད་ལམ་སྐྱེད་མིན། ། དེ་བས་སྐྱེ་བོ་མེད་ གཅིག་པུ། ། བྱ་བའི་སེམས་ནི་རབ་ཏུ་འཇུག ། དེར་ནི་མཆེ་བ་ཅན་མིང་འགྲོ། ། དེ་ལ་བཙལ་བ་འབའ་ཞིག་ཡིན། ། རྒྱལ་པོ་དངོས་གྲུབ་ཆེན་པོའི་རས། ། བར་ཆད་ཤིན་ཏུ་མང་པོ་པ། ། བྱ་བ་དེ་ནི་རྣམ་པར་འཇོམས། ། སྒྲིབ་པ་མེད་པའི་རྣལ་འབྱོར་ཅན། ། དེས་ནི་ཚིག་དེ་ ཐོས་པ་དང་། ། རྒྱལ་པོའི་བར་དུ་ཡིད་དགའ་ཞིང་། ། དངོས་གྲུབ་ཆེན་པོའི་རིགས་མཆོག་ལས། ། སུ་ཞིག་བདག་ནི་ཟློག་པར་བྱེད། ། རས་ཀྱི་བར་ཆད་བྱེད་པ་དག ། དེ་ལ་ཆད་པས་གཅད་པར་བྱ། ། འདི་ལ་འཇིགས་པའི་སེམས་འོར་ལ། ། སྐྱེ་བོ་མེད་པར་ཁྱེད་ཀྱིས་ནི། ། རྒྱལ་རིགས་དག་གམ་རིགས་{བཟངས་སམ,བཟང་ངམ}། ། གང་ཞིག་མི་སྲུན་རིགས་ཅན་རྣམས། །
BOདོག་པ་མེད་པ་རས་འཇིག་པ། ། དེ་དག་ཐམས་ཅད་བརླག་པར་བྱ། ། དེ་ནས་རྒྱལ་པོ་སྦྱིན་པ་ནི། ། རྒྱུད་ཀྱི་སློབ་དཔོན་བདག་ཉིད་ཆེ། ། རིན་ཆེན་རིན་ཐང་མེད་ལྔ་སོགས། ། བདེ་བ་ཀུན་གྱི་འབྲས་བུའོ། ། འདི་ཡིས་གདོང་ནི་གཡོགས་ནས་སུ། ། རྒྱལ་པོ་འབྲས་བུ་ལོངས་སྤྱོད་ཅིག ། ཨཱཿཡི་དོག་པ་རས་དེ་བྱིན། ། ཇི་ལྟར་སྐྱེ་བཞིན་རྒྱལ་པོ་བྱས། ། རིན་ཆེན་རིན་ཐང་མེད་བླངས་རྣམས། ། འདི་ནི་ཇི་ལྟར་བཞག་ནས་སུ། ། དེ་ནས་དེ་ནི་མི་སྣང་བ། ། རྒྱུན་ཅན་གྱིས་ནི་དེ་ཚེ་བྱས། ། དེ་ལ་ སོགས་པའི་སྣ་ཚོགས་ཚིག ། རིགས་སྐྱེས་པ་ལ་དེ་རྣམས་སྨྲ། ། རང་ཉིད་འཇིགས་ཤིང་གཞན་རྣམས་ཀྱང་། ། སྐྲག་པར་བྱེད་ཅིང་ཐེ་ཚོམ་མེད། ། དེ་ནས་དེ་བཞིན་གཤེགས་བདག་པོ། ། འབྱིན་པ་སྟོན་པ་མངའ་བདག་གཙོ། ། ཕྱག་ན་རྡོ་རྗེ་གོ་བྱེད་པ། ། སྙན་པའི་གསུང་གིས་བཀའ་ སྩལ་པ། ། རྡོ་རྗེ་རྡོ་རྗེ་ཆེན་པོ་ལེགས། ། རྡོ་རྗེ་ཐལ་མོས་སྟོན་པར་བྱེད། ། རྡོ་རྗེ་འདི་ནི་ཞུས་གྱུར་པ། ། དེ་ཉིད་བསྡུས་པ་དམ་པའོ། ། རྡོ་རྗེ་ཐལ་མོ་དེ་ཉིད་འདི། ། ལུང་བསྟན་བྱ་ཡིས་དེ་ཉོན་ཅིག ། དེ་ཉིད་གསུམ་དུ་གྱུར་པ་དེ། ། རྡོ་རྗེ་ཐལ་མོར་ཡོངས་སུ་བརྟག །
BOདེ་ཉིད་གསུམ་ནི་ལྷ་ གསུམ་སྟེ། ། ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། ། དེ་རུ་ང་ནི་ལྷ་གསུམ་འགྱུར། ། ཨོཾ་ཨཱཿཧཱུྃ་དང་གྲངས་མཉམ་པའི། ། གསང་སྔགས་འཇུག་པ་ཐམས་ཅད་ནི། ། སྣ་ཚོགས་ལུས་ཅན་གཅིག་མིང་ཅན། ། ཞི་བ་ཉིད་ནི་གང་དུ་སྟོན། ། དེར་ནི་ང་ཡང་གནས་པ་ཡིན། ། དཔྲལ་ཡོན་དེ་ལ་བཞིན་མི་སྡུག ། དེ་ཡི་སྐྱེས་བུ་མིང་ལྡན་མིང་། ། དེ་རྣམས་ལག་པའི་དབུས་ནས་ནི། ། ཐིམ་སོགས་ཇི་བཞིན་གྲངས་སུ་བཤད། ། ལག་པ་གཡོན་ནི་དྲག་པོར་གྱུར། ། གཡས་པ་དེ་བཞིན་ཁྱབ་འཇུག་སྟེ། ། གཉིས་པ་སྦྱོར་བར་ཚངས་པ་ཡིན། ། དེ་བས་ ཡོན་ཏན་གསུམ་བདག་དང་། ། རིག་དང་མཆོད་སྦྱིན་སྙན་ཚིག་སྟེ། ། རིག་བྱེད་དེར་གྱུར་གསུམ་དུ་བཤད། ། སྲིད་སྲུང་ཞི་བ་ང་ཡིན་ཏེ། ། མཐར་ནི་འགྲོ་བ་གནས་པ་ཡིན། ། ལག་པ་གཉིས་པ་འདི་དག་ནི། ། བཞི་པོའི་ཕྱེད་ཕྱེད་རྣམ་བརྒྱད་པ། ། ཕྱེད་པོའི་ཚམ་གྱི་ཧཱུྃ་མཆོག་ནི། ། རབ་ཏུ་ཞི་བར་རབ་ཏུ་བསྒྲགས། ། ཉི་མ་ཟླ་བ་མི་རྣམས་དེར། ། སོ་སོར་ཡོངས་སུ་བསྒྲགས་པ་ཡིན། ། ཡི་གེ་ཕྱེད་ཙམ་མཆོག་གྱུར་པ། ། ཤིས་པ་ཞི་བ་སྐྱོན་མེད་པ། ། ཡོན་ཏན་ཨོྃ་དང་ཡི་གེ་ཕྱེད། ། ཨོྃ་ཞེས་གསལ་བར་བརྗོད་པ་ཡིན། །
BOསྣ་ཡི་རྩེ་མོར་ཡང་དག་ ལྡན། ། གཙུག་མཐའ་དང་ནི་ལག་པ་གནས། ། ཉི་མ་ཟླ་བའི་སྦྱོར་བ་ལས། ། ཡེ་ཤེས་མེ་ནི་ངེས་པར་སྐྱེ། ། ལྕེ་དང་རྐན་གྱི་མཚན་མ་ནི། ། སྦྱོར་ལས་ཐར་བར་དེ་བཤད་དེ། ། ཨཱཿ། འོག་ཏུ་ཨཱཿདང་ཡང་དག་ལྡན། ། དེ་སྟེང་ཡི་གེ་ཨཱཿཉིད་དེ། ། ཐད་ཀ་རུ་ནི་མ་བཤད་དེ། ། ཁྱོད་ ནི་ཡིག་ཕྱེད་ཞི་བ་ཉིད། ། ཡི་གེ་ཨོྃ་ནི་ཚངས་པ་སྟེ། ། ཨཱཿནི་ཁྱབ་འཇུག་ཡིན་པར་བཤད། ། ཧཱུྃ་ནི་རླུང་དུ་གྱུར་པ་ཡིན། ། དེ་ཉིད་དྲག་པོ་ཞེས་བྱའོ། ། ཞི་བའི་ཕྱེད་ཕྱེད་ཞེས་བྱ་བ། ། དེར་ནི་བདག་ཡོངས་བསྒྲགས་པ་ཡིན། ། གནས་དང་འཕོ་དང་སྐྱེ་བ་དང་། ། གཞན་གྱི་ལུས་ལས་ ཡང་དག་འཕོ། ། ཡེ་ཤེས་རང་ཉིད་མེད་ཡིན་ཏེ། ། ཁྱབ་པར་འཛིན་པ་དེ་བཞིན་ནོ། ། རལ་གྲི་ལ་སོགས་དངོས་གྲུབ་དེར། ། བྱང་ཆུབ་ཕྱི་རོལ་ཉིད་འགྲུབ་འགྱུར། ། གཉིས་པོ་འདི་དག་གནས་པ་ཡི། ། རྣམ་དག་འདི་དག་རབ་ཏུ་བརྟག ། ཚངས་པ་ལ་སོགས་པ་རྣམས་དེར། ། མ་འོངས་པ་རྣམས་སྒོམ་པར་འགྱུར། ། དེ་ནི་མཐོ་རིས་སོགས་འགགས་པས། ། དེ་བཞིན་འགྱུར་བ་སེལ་བ་ཡིན། ། རྣལ་འབྱོར་པ་རྣམས་སྲོག་སྤངས་ནས། ། གཉིས་སྤྱད་པར་ནི་རྣམ་པར་གནས། ། ཤིན་ཏུ་སྦྱོར་གཅིག་གྱུར་སོང་བས། །
BOའཇུག་འགྱུར་བ་ནི་དྲག་པོ་ཡིན། ། ནམ་ མཁའ་དགག་པའི་སྦྱོར་བ་ཡང་། ། ཚངས་པར་གཞོལ་བའི་བདག་ཉིད་ཅན། ། མངལ་གྱི་གཟུགས་གྱུར་ཁྱབ་འཇུག་སྟེ། ། དེ་ཡི་དབུས་ན་དབུས་བཟུང་བ། ། སྤུ་ཡི་ཆ་ནི་སྟོང་ལས་གཅིག ། ཞི་དེ་རྣམ་པར་མི་རྟོག་ཉིད། ། ཐར་པ་གཅིག་པུར་དེ་སྟོན་བྱ། ། ཐར་པའི་ངོ་བོ་ཉིད་ མ་ཡིན། ། དེ་ལྟ་བས་ན་འདི་ལོག་བྱ། ། ཞི་བ་ཉིད་ནི་སྒྲོགས་པའོ། ། སྟོན་པ་དེ་རྣམས་ཕྱེ་ནས་ནི། ། ཞི་བའི་ཆོས་རྣམས་སྨྲ་བར་འགྱུར། ། ཐབས་ཆེན་དེ་བཞིན་ཤེས་རབ་དག ། འདི་འདྲ་མཐོང་བར་མི་འགྱུར་རོ། ། ཚངས་ལ་སོགས་པའི་ལྷ་རྣམས་ཀུན། ། ཁྱོད་ཀྱི་ཐལ་ མོ་དག་ལ་གནས། ། དེ་རྣམས་ཕྱག་རྒྱ་སྟོན་བྱེད་ཅིང་། ། སྔགས་ནི་བྱེ་བ་མཐའ་ཡས་པ། ། འདི་ཉིད་དུ་ནི་ཉི་ཟླ་དང་། ། སྦྱིན་སྲེག་ལས་ཅན་མེ་དང་ནི། ། ལོ་དང་ཟླ་བའི་སྦྱོར་བ་དང་། ། རྟག་ཏུ་འཆར་དང་འཕེལ་འགྲིབ་དང་། ། དེ་ཉིད་གསུམ་གྱི་སྦྱོར་སྐྱེས་འདི། ། དེ་ཉིད་གཅིག་པུ་རྣམ་ པར་གནས། ། ཞི་བ་ཉིད་ཀྱི་སྦྱོར་ཆོས་ལ། ། དེ་ཡང་གཅིག་དང་དུ་མ་སྤངས། ། ཁྱེད་ཀྱི་ཐལ་མོ་ལས་བྱུང་བ། ། དེ་བས་དེ་ནི་འདའ་མི་བྱ། ། དེ་བཞིན་གཤེགས་ཀུན་སྤངས་འགྱུར་བས། ། དེ་ནི་སྤང་བར་མི་བྱ་ཞིང་།
BO། འདི་དག་དངོས་མེད་ལ་ལྟོས་པས། ། རྣལ་འབྱོར་པ་ནི་ མཆོག་ཏུ་འདོད། ། གཞན་དུ་རྣམ་རྟོག་ཉིད་ལས་ནི། ། དངོས་གྲུབ་འབྲས་བུའི་སྣོད་མི་འགྱུར། ། དེ་བས་ཐལ་མོ་སྦྱར་བ་འདི། ། སེམས་ཅན་རྗེས་བཟུང་དམ་པ་ཡིན། ། མ་བསྡུས་པ་ཡི་སེམས་ཅན་རྣམས། ། བསྡུ་བའི་དོན་དུ་ཁྱོད་ཀྱིས་བྱ། ། སྨད་བྱ་འོན་པ་ལྐུགས་པ་དང་། ། དེ་བཞིན་ལོང་བར་གྱུར་པ་དང་། ། གང་ཞིག་འཕྱེ་བོ་ལ་སོགས་གྱུར། ། དེ་རྣམས་ལ་ནི་ཕན་ཕྱིར་བྱ། ། དེ་ལ་སོགས་པ་མདོར་བསྡུས་པ། ། དེ་ནི་ཁྱེད་ཀྱི་ཐལ་མོར་གནས། ། དེ་ནི་འཇིག་རྟེན་འདས་གཙོར་གྱུར། ། དེ་ཉིད་བསྡུས་པའི་རྒྱུ་ཅན་ནོ། ། དེ་ནི་ནང་མིན་ཕྱི་མ་ཡིན། ། གཉིས་ མིན་གཞན་གྱི་རྒྱུ་ལས་མིན། ། ཕྱག་རྒྱ་ཚོགས་པ་ལས་སྐྱེས་མིན། ། འཇིག་རྟེན་རྐྱེན་ལས་བྱུང་བ་མིན། ། རྡོ་རྗེ་ཐལ་མོ་བསྡམས་པས་ན། ། མིང་ནི་རྡོ་རྗེ་ཐལ་མོར་གྱུར། ། སེམས་ཅན་རྣམས་ཀྱིས་རྟོགས་དཀའ་བའི། ། སྙིང་པོ་རྟོགས་པར་བྱ་བའི་མཆོག ། ཕྱག་རྒྱ་འདི་ལྟ་བུ་ འདི་ཡིན། ། ཕྱི་ནང་གཉིས་ཀྱི་མིང་ཅན་ནོ། ། མི་བསྐྱོད་རིན་ཆེན་དཔག་མེད་དེ། ། དངོས་གྲུབ་རྣམ་སྣང་དེ་བཞིན་གཤེགས། ། འདི་དག་ལག་པ་གཡས་པ་ཡི། །
BOམཐེའུ་ཆུང་ལ་སོགས་རྣམས་ལ་གནས། ། གཉིས་པོར་གཅིག་འགྱུར་དགེ་འདུན་ཏེ། ། དེ་འདི་སྐྱབས་ནི་ གསུམ་ཡིན་ཏེ། ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། ། གཅིག་དང་གསུམ་དུ་བརྟགས་པ་ཡིན། ། ཕན་ཚུན་བཅིངས་པའི་རྡོ་རྗེ་ཉིད། ། ཤེས་རབ་ཐབས་ཀྱི་གནས་མཐོང་ཡིན། ། ཐལ་མོ་བཅིངས་པ་ཙམ་གྱིས་ཀྱང་། ། སངས་རྒྱས་ཐམས་ཅད་ཉིད་ཐོབ་འགྱུར། ། སྐྱབས་གསུམ་དང་ནི་དེ་ཉིད་གསུམ། ། རྡོ་རྗེ་གསུམ་དང་རྣམ་ཐར་གསུམ། ། ཞལ་གསུམ་མདོག་གསུམ་སྤྱན་གསུམ་དང་། ། ལྷ་གསུམ་དང་ནི་ཁམས་གསུམ་དང་། ། དུས་གསུམ་དམ་ཚིག་མཆོག་གསུམ་དང་། ། ཚུལ་གསུམ་དཀྱིལ་འཁོར་གསུམ་དུ་འགྱུར། ། སྦྱོར་བ་ གསུམ་དང་ལམ་གསུམ་སྟེ། ། ཇི་སྲིད་རྟོགས་པའི་འདོད་པ་རྣམས། ། དེ་ནི་ཐལ་མོར་སྦྱོར་འདི་ཡིན། ། འདོད་ནོར་ཡོན་ཏན་གསུམ་གྱི་མཆོག ། རིམ་དང་བསླབ་པ་སྟེར་བ་དག ། མ་འོངས་སྐྱེ་བོས་འཐོབ་པར་འགྱུར། ། དེ་ཉིད་དུ་ནི་དེར་འགྱུར་ན། ། གཅིག་དང་དུ་མ་རྣམ་པར་སྤངས། ། ཆོས་བཤད་བཤད་པ་དངོས་མེད་པ། ། འགྲོ་བ་རྐྱེན་གྱིས་ཡང་དག་སྡུད། ། འདི་ནི་མཁར་ལྟར་རང་བཞིན་གཅིག ། གནས་མེད་གནས་པ་ཞེས་བྱ་བ། ། བསྡུ་བར་བྱས་པར་གྱུར་པས་ཀྱང་། །
BOསྐུ་གསུམ་དོན་གྱི་ཆོས་ཉིད་དོ། ། འདི་ནི་ཐོག་མཐའ་མེད་པ་སྟེ། ། དངོས་པོ་མེད་ཅིང་ གནས་མེད་པ། ། མཐའ་མེད་ཟད་པ་མེད་པར་འགྱུར། ། སྐུ་གསུམ་དག་ནི་རྐྱེན་ལས་ནི། ། རྣམ་པའི་འཇུག་པའི་ཡེ་ཤེས་ཏེ། ། དེ་ལས་སངས་རྒྱས་སྙིང་པོར་གྱུར། ། ཧཱུྃ་གིས་སེམས་ཅན་ཡང་དག་འབྱིན། ། སངས་རྒྱས་སྐུར་ནི་རབ་ཏུ་བརྟག ། ཨོཾ་ནི་ཐམས་ཅད་སྡུད་པ་སྟེ། ། ཨཱཿནི་གནས་པ་པོར་འགྱུར་རོ། ། གཅིག་པུ་རྣམ་གསུམ་དེ་བཞིན་ལྔ། ། གསལ་དང་མི་གསལ་སྦྱོར་བ་ནི། ། རྟེན་འབྲེལ་ཆོས་ཉིད་འདི་ཡིན་ཏེ། ། དེ་ཉིད་ཀྱི་ནི་སྔགས་བཤད་པའོ། ། ཟློས་དང་བསམ་གཏན་རྣམ་བྲལ་བར། ། དེ་ཡི་ལྷུན་གྲུབ་འབྲས་བུ་སྟེར། ། རང་བཞིན་ གྲུབ་པ་འདི་ཡིན་ཏེ། ། འདོད་པའི་བཟླས་པར་དེ་བཤད་དོ། ། རྣལ་འབྱོར་པ་ལ་དེ་གསལ་ཏེ། ། བྱིས་རྣམས་དེ་ལ་ཕྱིན་ཅི་ལོག ། རྐྱེན་ལས་བྱུང་བ་དེ་ཉིད་གསུམ། ། དངོས་པོ་མེད་པར་དེ་བཤད་དོ། ། དེ་ཉིད་བསྡུས་པ་བཤད་པ་ནི། ། ཡིད་མིན་པ་ཡི་བཟླས་པར་གྱུར། ། ཡིད་རྟོན་ གཅིག་ནི་མདོར་བསྡུས་ལས། ། {རིངས་,རིང་}དང་ངལ་དང་གནས་པ་རྣམས། ། ཞི་བའི་ཆོས་ཉིད་ལ་སྐྱེ་སྟེ། ། ནམ་མཁའི་དབྱིངས་དང་མཉམ་པར་ཐིམ། །
BOདངོས་པོ་མེད་པའི་དེ་ཉིད་འདི། ། རྟེན་འབྱུང་ཆོས་ཞེས་བྱ་བ་ཡིན། ། ལོངས་སྤྱོད་རྫོགས་པའི་བསྡུས་དེ་གྱུར། ། སྤྲུལ་པ་བསམ་ མི་ཁྱབ་ཅེས་དབེན། ། སྡུད་པ་པོར་ནི་གང་གྱུར་པ། ། དེ་ཡང་ཕུལ་དུ་གྱུར་པའི་མིང་། ། རྡོ་རྗེ་ལ་སོགས་ཡང་དག་སྦྱར། ། སེམས་ཅན་རྣམས་ནི་དེ་སྦྱོར་བྱེད། ། དམ་ཚིག་ལ་སོགས་སྔོན་དེ་ནི། ། དེ་ཉིད་ཀྱིས་ནི་རྡོ་རྗེར་སྦྱར། ། སེམས་ཅན་དགོངས་པའི་སྦྱོར་བ་ཡིས། ། དེ་ཡི་ཆོས་རྣམས་ སྟོན་པར་བྱེད། ། རྣམ་པ་དགུ་པོ་ཐོག་མཐའ་ཅན། ། སྡུད་པ་པོ་རྣམས་བྱས་པ་ཡིན། ། གསང་སྔགས་དེ་ཉིད་གནས་དགོད་པས། ། སེམས་ཅན་རྣམས་ནི་དེར་འཇོག་སྟེ། ། གསོལ་བ་འདེབས་དང་ཕྱག་འཚལ་དང་། ། འཇིག་རྟེན་རྣམས་ལ་གསོལ་བ་དེང་། ། རྫོགས་སངས་ རྒྱས་རྣམས་མཉེས་བྱེད་དེ། ། ཁྱོད་ཀྱི་ཐལ་མོར་གནས་པ་ཡིན། ། གང་ཞིག་སེམས་ཅན་སངས་རྒྱས་གྱུར། ། དེ་བཞིན་གཉིས་མེད་ཆོས་ཉིད་ཅན། ། གནས་མེད་གནས་པའི་སྦྱོར་བ་ཡིས། ། ཐམས་ཅད་སངས་རྒྱས་རྣམས་གནས་སོ། ། སྣ་ཚོགས་མཚོན་པ་དེ་ཉིད་དོ། ། མཐོང་བ་གསལ་བྱེད་ཐལ་མོ་ཡིན། ། དེ་བས་དེ་རྣམས་མགུ་གྱུར་པ། ། ཆོས་ཀྱི་དེ་ཉིད་རྐྱེན་ལས་སོ། ། རྒྱུ་མེད་རང་གི་དེ་ཉིད་འདི། །
BOཁྱེད་ཀྱི་ཕྱག་རྒྱའི་སྦྱོར་ལས་བྱུང་། ། གང་ཞིག་ཤེས་པས་འདོད་འགྲུབ་པའི། ། དངོས་གྲུབ་དེས་ནི་ཐོབ་པར་གྱུར། ། ཨཱཿཉིད་དེར་ནི་མི་གསལ་ བའི། ། རྒྱུ་ལས་སྦྱོར་བར་གྱུར་པ་ཡིན། ། དོག་པར་དེ་ནི་ཡོངས་བཤད་དེ། ། དངོས་པོ་མེད་པར་རས་ཀྱི་མིང་། ། འཕགས་པ་གཤིན་རྗེ་གཤེད་བསྒོམས་ལ། ། གཞོན་ནུའི་གཟུགས་སུའང་བསྒོམ་པར་བྱ། ། དོག་པ་དེ་ཡི་རས་དོན་ལས། ། མི་སྣང་བ་ལ་སོགས་ གྲུབ་ཅིང་། ། ཡིད་བཞིན་ནོར་བུ་འདྲ་བའི་མཆོག ། འགྲོ་བའི་དོན་གཅིག་ཡང་དག་བྱུང་། ། ཨཱཿཡི་དོག་རས་མཚོན་པས་ནི། ། འཇིག་རྟེན་པ་ལ་དགོངས་པས་བཤད། ། འདི་ནི་ཆོས་དང་རྫོགས་ལོངས་སྤྱོད། ། སྤྲུལ་པས་དེ་ནི་གསུམ་དུ་འགྱུར། ། བྱིས་པ་རྟོག་པར་བྱ་བའི་ ཕྱིར། ། དེ་ནི་རྣམ་པ་ལྔར་ཡང་འགྱུར། ། ཐ་མལ་བྱིས་པའི་ཆོས་རྣམས་གང་། ། རྣམ་ལྔ་གཅིག་པའི་རྣལ་འབྱོར་པ། ། དེ་ཡང་ཤིན་ཏུ་ལྡན་སེམས་ཅན། ། སེམས་ཅན་སོགས་ལ་རྣམ་པར་གནས། ། རྟག་པ་ལྟར་ནི་སོ་སོར་སྣང་། ། འགྲོ་བ་དུས་གསུམ་མཚན་ཉིད་གཅིག ། སྐྱེ་བ་མེད་ལས་སྐྱེས་པས་ན། ། གཅིག་དང་དུ་མ་རྣམ་སྤངས་པའོ། ། ཤེས་འདོད་དེ་ཚེ་སྔགས་པ་ནི། ། འགྲོ་བ་བྱིས་པ་དེ་ཚེ་སྤྱོད། །
BOདེ་ནས་གསང་སྔགས་གྲུབ་འགྱུར་བ། ། རྣམ་པར་མི་རྟོག་ཅིག་ཤོས་ཉིད། ། ཡ་ཡི་སྡེ་སོགས་གནས་བྱས་ཏེ། ། སྔགས་ནི་ན་ རི་བྲི་བར་བྱ། ། རང་གི་སྡེ་བཅས་གནས་དག་ནི། ། ཡི་གེ་ཨ་བཞིན་སྔོན་འགྲོ་བ། ། སོ་སོ་གཞན་པའི་བཞི་པ་ནི། ། ཨི་ཨུ་དང་ནི་རིང་པོར་བཅས། ། ཨ་ཨཻ་ཨཽ་ཨུ་ཡ་སྟེ་མཐའ། ། བཞི་པོ་དང་བཅས་ཟླུམ་པོར་བྲི། ། བསམ་གྱིས་མི་ཁྱབ་སྦྱོར་ལྡན་པའི། ། འགྲོ་བ་མཉམ་ བཞག་བསྐྱེད་པ་ཡིན། ། འདི་དག་རང་སྐྱེས་གནས་གཟུགས་ཀྱི། ། ཆུ་ཡི་ཡི་གེར་ཞུགས་པར་འགྱུར། ། དེ་ནས་གཞོན་ནུའི་གཟུགས་ཉིད་ཀྱང་། ། རྣམ་པར་བསྒོམས་པས་སྐྱེ་བར་འགྱུར། ། ཆ་བཅས་དབང་གནས་སྔགས་པ་ནི། ། བླ་མེད་དངོས་གྲུབ་ཐོབ་པར་འགྱུར། ། ནཱ་ག་ཡི་ནི་གྲངས་བཞིན་དུ། ། སྐུད་སོགས་སྦྱོར་ལ་གང་གནས་པ། ། ཉི་ཤུ་ཡི་ནི་སྔོན་མ་ཡང་། ། དེ་ནི་རས་ཏེ་བཞི་པའང་ཡིན། ། སྔོན་མེད་ཆ་ལུགས་གཟུགས་ཀྱིས་ནི། ། ཁམས་གསུམ་དག་ནི་ལྟ་བར་འདོད། ། འགྲོ་བའི་དོན་ནི་བྱེད་གྱུར་པའམ། ། མཉམ་ཉིད་ཡེ་ཤེས་ དེ་ཉིད་ལས། ། ཡོན་ཏན་གསུམ་ནི་བརྡ་བྱས་པ། ། ཡོན་ཏན་མེད་པའི་ཡོན་ཏན་མིང་། ། གཞོན་ནུའི་སྤྱོད་པའི་ལུས་ཀྱི་མིང་། ། ལྟ་བ་འདི་ནི་བར་སྐྱེས། །
BOདེ་ནི་སྒོ་གླེགས་མཐའ་ཡིན་ཏེ། ། ཨི་ཨུ་དང་ནི་རིང་པོར་བཅས། ། ཡི་གེ་གསུམ་བཅས་ཐིག་ལེར་ལྡན། ། ཚེག་ དྲག་མཐའ་ཡི་རིང་སྡེ་ཅན། ། ཡི་གེ་ཨ་ནི་ཡིག་སྦྱོར་བའང་། ། བཅུ་གཅིག་པར་ཡང་གྱུར་པ་ཡིན། ། དེ་ཉིད་རིང་པོ་རིང་བའི་མཐས། ། བཅུ་གཉིས་པ་ཡི་གྲངས་སུ་འགྱུར། ། དེ་ཉིད་ཡི་གེ་ཨུར་སྦྱོར་ལས། ། ཡི་གེ་ཨོྃ་ཞེས་བརྗོད་པ་ཡིན། ། སྔ་མའི་རི་མོའི་སྦྱོར་བ་ཡིན། ། མིང་ནི་བཅུ་བཞི་པར་འགྱུར་རོ། ། ཅི་སྟེ་ཨ་ལས་སྔགས་པས་ནི། ། ཨཱཿཉིད་དུ་ནི་བལྟ་བར་བྱ། ། དེ་བཞིན་ཨ་ཡི་སྦྱོར་བ་ལས། ། ཡི་གེ་ཨ་ནི་ཅི་འདོད་པར། ། ཇི་བཞིན་གྲངས་ཀྱིས་ཡང་དག་བལྟ། ། རེ་རེའང་ཨ་ཡི་སྦྱོར་བས་བསྒོ། ། ཨི་རྀ་ལྀ་ཨུའི་ཚོགས་ལས་ཀྱང་། ། སྔགས་པ་ཡ་ར་ལ་ཝའི་གཟུགས། ། ལྐོག་མ་མཁའ་དང་བར་དང་ནི། ། རྐན་དང་སྤྱི་བོར་གང་གནས་པ། ། གང་ཚེ་ཨཱ་ཀའི་སྡེ་གྲངས་ལས། ། ཨ་ཡི་ཁ་ཡི་རྒྱབ་ན་གནས། ། ཨི་ཚན་ཕྲག་པ་ལག་པ་དང་། ། ཚིགས་རྣམས་ལ་ནི་དེ་བཞིན་ནོ། ། དཔུང་པ་དང་ནི་ལག་པ་ དང་། ། ལག་པ་གཡོན་པར་རབ་ཏུ་བརྟག ། དཔྱི་དང་བརླ་དང་བྱིན་པ་དང་། ། རྐང་པ་གཡས་གཡོན་དེ་བཞིན་ནོ། ། གཟུགས་དེ་ཡི་ནི་གྲངས་མཉམ་པས། ། ཏ་ཚན་ཤིན་ཏུ་དངོས་གྲུབ་སྟེར།
BO། ཨུ་ཚན་དེ་བཞིན་དབུས་དང་ནི། ། ལག་པ་རུ་ནི་ཡོངས་སུ་བཤད། ། རྐང་པ་ཡང་ནི་རི་ཏིའི་ཚན། ། འདས་པའི་ཚུལ་དུ་བཞུགས་པ་ཡིན། ། དེ་བཞིན་ཉིད་ཀྱི་སྦྱོར་ལྡན་པའི། ། སྔགས་པ་རྣམས་ཀྱིས་ཤིན་ཏུ་མཐོང་། ། ལྷུན་གྱིས་གྲུབ་པའི་དངོས་གྲུབ་པ། ། མེ་ཏོག་གིས་མཛེས་ཕྲེང་བ་བཞིན། ། རང་རྒྱུད་ཀྱིས་ནི་ནང་ཉིད་དུ། ། ལྷ་མཆོག་ དག་ནི་བྱ་བ་ཡིན། ། དགོངས་པ་ལ་སོགས་རྣམ་པ་ཀུན། ། དེ་ཉིད་ལས་ནི་བདག་འགྲུབ་འགྱུར། ། ཚ་བའི་གཞི་བཞི་སྡེ་སྦྱོར་བས། ། མཁས་པ་ཡིས་ནི་སྒོ་རྣམས་བྱ། ། ཀ་ཙ་ཊ་ཏ་པ་ཚན་ཡང་། ། དབུས་དང་ཤར་ལ་སོགས་སྔོན་འགྲོ། ། འགྲོ་ལ་ཕན་པའི་འདོད་ པ་ཡང་། ། མ་སྤེལ་བར་ནི་མཐོང་བ་ཡིན། ། ཐམས་ཅད་ཀྱང་ནི་རྫོགས་ཡི་གེ། ། ཡི་གེ་ཧཱ་ཡིས་མཆོད་པར་བྱ། ། སྣ་ཚོགས་པ་ནི་འབྱིན་བྱེད་ཅིང་། ། འགྲོ་བ་དུས་གསུམ་གཅིག་པའི་དངོས། ། ཡི་གེ་ཨ་ནི་ལུས་སུ་བྱ། ། ལྷག་མ་རྣམ་པ་དང་བཅས་པ། ། མཚམས་མེད་ལྔ་ ཡི་སྦྱོར་བ་ལས། ། སྔགས་པ་འགྲོ་བ་ཕན་པར་སྟོན། ། ཤ་ཐོག་མཐར་གནས་སྔགས་ལས་སྐྱེ། ། དབང་བསྐུར་གསུམ་པོ་སྤྱི་ལས་སྐྱེ། ། གཟུགས་མེད་རྟོགས་པའི་ཆོས་རྣམས་ནི། ། སྐད་ཅིག་གཅིག་གིས་ངེས་སྦྱོར་གྱུར། །
BOདེ་ཚེ་དཀྱིལ་འཁོར་མེད་བྱས་པ། ། འཇིག་རྟེན་ པ་ཡི་ཆོས་དགར་འགྱུར། ། ཨ་ཀུ་ཧ་གནས་བྱང་ཕྱོགས་གནས། ། ཡོད་པ་ཉིད་ཀྱང་དུས་གསུམ་འདས། ། གང་དང་གང་ནས་བྱུང་བ་ཡི། ། གསང་སྔགས་བསམ་གྱིས་མི་ཁྱབ་གསུངས། ། དེ་དང་དེ་ནི་བཞུགས་གྱུར་པ། ། རང་གི་མཚན་མ་ཅིག་ཤོས་ཉིད། ། གཟུགས་ མེད་འདི་ལ་གནས་ཡོད་པ། ། ཆ་ནི་གསུམ་ཞེས་བྱ་བར་འགྱུར། ། སྟེང་འོག་ཕྱོགས་ཀྱི་ཆ་རྣམས་སུ། ། དངོས་མེད་པ་ནི་རྣམ་པར་གནས། ། དངོས་པོ་གཅིག་གྱུར་མཐོང་བ་དང་། ། འགྲོ་བཅས་ཚངས་པ་འགྲོ་བདག་ཉིད། ། ཚངས་པའི་གནས་པ་བཞི་པོ་ལས། ། སྨོན་ལམ་ལ་སོགས་བསྒོམ་བྱ་བའོ། ། འགྲོ་དོན་གཏོགས་འདོད་པ་ཡི་ཡོན་ཏན་གྱུར་བདག་ལ། ། དགྱེས་པའི་བདེ་མཆོག་དགའ་བའི་འདོད་པ་མཛོད། ། སྔོན་ཆད་མཛད་པའི་སྨོན་ལམ་རབ་མཆོག་དགོངས་ནས་ནི། ། ཐུབ་པ་རྡོ་རྗེའི་ཚིག་མཆོག་རྣམ་པར་དབྱེ་བར་གསོལ། ། ནོར་ བུ་རིན་ཆེན་དག་གིས་རྣམ་བརྒྱན་སྐུ་ཡི་མཆོག ། འགྲོ་བའི་དོན་བྱེད་སྲིང་མོ་བདག་ལ་བརྟེན་པར་མཛད། ། ལྷག་པའི་སྙིང་རྗེ་ལས་བྱུང་རབ་མཆོག་ལྡན་པའི་སྐུ། ། བདག་ནི་ཡོངས་སུ་བཟུང་ལ་ཆོས་རྣམས་དོན་ཡོད་མཛོད། ། སྲིང་མོས་ཀྱང་ནི་ཁྱད་པར་དུ། །
BOདེ་ལྟར་བསྐུལ་བ་ ཙམ་གྱིས་ནི། ། དེ་ནས་ཡོངས་སུ་འཛིན་མཛད་དེ། ། རིག་པའི་པདྨ་དཔལ་དུ་མཛད། ། ཤིན་ཏུ་སྙན་ཅིང་ཡིད་འོང་དབྱངས་ཀྱིས་ནི། ། ཕན་བས་མྱུར་དུ་འགྲོ་བ་གཉིས་མེད་འདིར་སྣོད་གྱུར། ། བླ་མ་བདག་ནི་གལ་ཏེ་གསོན་པར་མཆིས་བཞེད་ན། ། དགའ་བ་ལས་བྱུང་ཆོས་དགའ་ བདག་ལ་དགྱེས་པར་མཛོད། ། འགྲོ་བ་དང་ནི་འོང་དང་གནས་པ་ཙམ་འདི་ནི། ། ནམ་ཡང་ལྟོས་པར་གྱུར་པ་དག་གི་མངའ་བ་ལགས། ། ཀུན་དུ་སོང་བའི་བདག་ཉིད་ཅན་གྱི་དམ་ཚིག་སྟོན། ། འདོད་པའི་ཡོན་ཏན་རྣམས་དང་ཁྱེད་བདག་འདོད་པ་མཛོད། ། དགོངས་པའི་ཡེ་ཤེས་ རྡོ་རྗེ་ཡིས། ། སངས་རྒྱས་ཡོན་ཏན་གཅིག་ལ་བཞུགས། ། བཟླས་བརྗོད་སྦྱིན་སྲེག་དེ་བཞིན་ཁྲུས། ། དཀྱིལ་འཁོར་ཡོངས་སུ་བརྟགས་པ་མཛད། ། འདོད་པ་མེད་ཅིང་ཆགས་ལ་ཞི། ། དེ་ཡང་དོན་དམ་དག་གྱུར་ཡིན། ། སྤྱོད་དུས་དེ་བཞིན་སྔགས་པ་ནི། ། བཟླས་བརྗོད་ དངོས་པོ་མེད་པ་ཡིན། ། བསྙེངས་པ་ཡང་ནི་ཡིད་བཟང་ལྡན། ། མདའ་དང་རིག་བྱེད་ཡོན་ཏན་དང་། ། ཟུང་དང་ཟླ་དཀྱིལ་རྣལ་འབྱོར་པ། ། དབྱངས་ཀྱི་ཡི་གེ་གཞག་པར་བྱ། ། ཧ་ཡི་སྡེ་ཚན་ཀ་སྡེ་དང་། ། བཅུ་གཉིས་ཕྱེད་ཕྱེད་དག་ཏུ་སྦྱར། ། གཤིན་རྗེའི་གཤེད་ཀྱི་གཟུགས་ འདི་ནི།
BO། ཉི་མའི་དཀྱིལ་འཁོར་དག་ལ་དགོད། ། དེ་ནས་སྔགས་པ་མདུན་འདུག་སྟེ། ། དགོངས་པའི་དོན་གྱིས་བརྟག་པར་བྱ། ། ཕུང་པོ་ཁམས་ལ་སོགས་བལྟ་བ། ། བརྡ་ལས་ཇི་ལྟར་ལུས་ཡིན་བཞིན། ། མ་བྱིན་ལེན་པ་བྱང་ཆུབ་སེམས། ། ཀུན་རྫོབ་བསྟན་པ་རྫུན་སྨྲ་ བ། ། ཕུང་པོ་སྲོག་ཆགས་གྱུར་པ་སྟེ། ། ཚངས་པའི་གནས་བཞི་བུད་མེད་ཡིན། ། མི་སྦྱིན་ཚིག་དང་རྐང་པ་སྟེ། ། དེ་བཞིན་རྟེན་པ་ཉིད་ཀྱང་ནི། ། དུས་གསུམ་སྦྱོར་བ་གཅིག་པུ་རུ། ། སྔགས་པ་ཡིས་ནི་དེ་བྱའོ། ། བཤང་བ་ཞེས་ནི་ཡུལ་ལ་བཤད། ། གཅི་བ་ཞེས་ནི་ དབང་པོ་ཡིན། ། དེ་དག་ཟ་བར་བཤད་པ་ནི། ། མ་སྐྱེས་གཅིག་པུར་མཐོང་བའོ། ། ཁྲག་གི་པགས་པར་ཡང་དག་བཤད། ། ས་བོན་ལུས་ཞེས་བྱ་བ་ཡིན། ། རྐང་ནི་སེམས་ཀྱི་ཀུན་རྟོག་པ། ། ཟ་བ་དངོས་མེད་གྱུར་པའོ། ། སྨོན་ལམ་དབང་གིས་འདི་རྣམས་ནི། ། བི་མུ་ར་ཤུ་པ་ས་འདི། ། ལྷ་རྣམས་སྦྱོར་བའི་ཆོས་ཉིད་དུ། ། བདུད་རྩི་ཞེས་ནི་བརྗོད་པ་ཡིན། ། དགོངས་པ་ཡིས་ནི་བཤད་པ་ལ། ། བྱིས་པ་རྣམས་ནི་ཡི་གེར་རྟོག ། རྡོ་རྗེ་ཐེག་ལ་གནས་ཁྱོད་ཀྱང་། ། ཆོས་ཉིད་དེ་ཡང་མི་ཤེས་སོ། ། རྟོག་པ་ཀུན་ལས་རྣམ་འདས་པས། ། ཆོས་ཀྱི་དབྱིངས་ཏེ་མཁའ་དང་མཚུངས། །
BOདེ་འདྲ་འཇིག་རྟེན་རྒྱང་པན་པ། ། མཐོན་པོའི་གསང་གིས་རྟོག་པར་བྱེད། ། ཡི་གེ་གང་གིས་མི་གང་ཞིག ། འགྲོ་ལ་གསལ་བར་རྟོག་བྱེད་པ། ། འགྲོ་དོན་གཅིག་པའི་སྦྱོར་བ་ལས། ། དེ་ཉིད་ཀྱི་ནི་དེ་ཉིད་མཐོང་། ། གང་ ཞིག་རྣམ་སྨིན་སྨིན་པ་ཡི། ། སེམས་ནི་དངོས་གྲུབ་ལ་གཞོལ་བ། ། རྫོགས་ལོངས་སྤྱོད་པའི་སྐུར་སྦྱོར་ལས། ། དངོས་པོ་མེད་པ་ཉིད་དུ་བྱུང་། ། བདག་ཉིད་བསམ་གྱིས་མི་ཁྱབ་གཟུགས། ། ཀུན་རྫོབ་དོན་གྱི་གཉེན་པོར་འབྱུང་། ། སྤྲུལ་པའི་ལུས་ལས་སྔགས་པས་ནི། ། སྒྱུ་མ་ བཞིན་དུ་སྟོན་པར་བྱེད། ། གསང་བའི་དངོས་པོ་དེ་ཉིད་འདི། ། འཇམ་དཔལ་ཡེ་ཤེས་དམ་པའོ། ། རྡོ་རྗེ་གསུམ་གནས་སྦྱོར་བ་ཡིས། ། བསྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ། ། ནམ་མཁར་རྟོགས་པའི་རྣལ་འབྱོར་ལ། ། ཕུང་པོ་དགོན་པ་ཆེན་པོར་འདོད། ། གནས་ མེད་གནས་པའི་སྦྱོར་བ་ཡིས། ། དེ་བཞིན་ཉིད་གནས་ས་ཕྱོགས་ཡིན། ། ལོངས་སྤྱོད་རྫོགས་པའི་དཔག་བསམ་ཤིང་། ། དངོས་གྲུབ་སྣ་ཚོགས་མེ་ཏོག་ལྡན། ། སྤྲུལ་པའི་འབྲས་བུ་ཤིན་ཏུ་མཛེས། ། ཡང་དག་རྫོགས་པའི་བྱང་ཆུབ་རི། ། དངོས་མེད་ དབེན་པ་ཉམས་དགའ་བ། ། རྡོ་རྗེ་ཞེས་བྱ་དེས་བསྒྲུབ་བྱ། །
BOཕུང་སོགས་ཡན་ལག་ཐམས་ཅད་དེ། ། སངས་རྒྱས་འབྱུང་བ་དངོས་གྲུབ་གྱུར། ། སྔགས་འདོན་པར་ནི་གང་གྱུར་པ། ། བསྡུས་པ་སྔགས་ནི་གཅིག་པུ་པ། ། ལུས་སོགས་རྡོ་རྗེ་གསུམ་ལ་ནི། ། རྡོ་རྗེ་ འཇམ་པ་བསྒོམ་པར་བྱ། ། ལུས་ལ་སོགས་པ་རྡོ་རྗེ་གསུམ། ། དེ་ཉིད་གསུམ་ནས་སྤྲོ་བར་བྱ། ། རྡོ་རྗེ་གསུམ་དང་ལུས་སྦྱོར་ལས། ། འཇམ་པའི་རྡོ་རྗེ་འདྲ་བར་འགྱུར། ། ནམ་མཁའ་མཐའ་ཡས་ཡང་དག་རྟོག ། སེམས་སྦྱོར་བ་ནི་དཔག་ཚད་ཡིན། ། ལྔ་བཅུ་ གཉིས་གྱུར་གང་ཡིན་པ། ། བརྒྱ་བརྒྱ་པ་ནས་མངོན་ཕྱོགས་ལ། ། ཅི་རིགས་གཅིག་པའི་ཡང་དག་རྟོགས། ། སྣ་ཚོགས་རྡོ་རྗེ་འབར་གཅིག་སྩོལ། ། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། ། འབར་བའི་རྡོ་རྗེ་སྣང་བ་ཡིས། ། ས་ལ་སོགས་པ་བརྒྱན་པ་ནི། ། དེ་ནི་སྣང་བ་ཞེས་བཤད་དོ། ། ཚངས་པ་དབང་པོ་ལ་སོགས་ལྷ། ། དད་པས་དེ་ལ་ཕྱག་ཀྱང་བྱེད། ། འདི་ནི་མི་སྣང་བྱེད་པ་སྟེ། ། ཏིང་འཛིན་འཇམ་པའི་རྡོ་རྗེ་ཉིད། ། རྣམ་པར་སྨིན་པ་ལྡོག་གྱུར་ཅིང་། ། ཇི་སྐད་གསུངས་པ་འགྲུབ་པར་འགྱུར། ། ཕུང་པོ་ལ་ སོགས་གྲངས་མཉམ་པར། ། མི་བསྐྱོད་ལ་སོགས་རབ་ཏུ་བརྟག ། བཤང་གཅི་སྦྱངས་ལས་དེ་གྱུར་པ། ། གང་ཞིག་དམ་ཚིག་ཅེས་བྱའོ། །
BOདམ་ཚིག་ཅེས་བྱ་དེ་དག་མཆོག ། མི་ཕྱེད་རྡོ་རྗེ་གསུམ་འབྱུང་བས། ། དཀོན་མཆོག་གསུམ་ནི་མཉམ་བྱས་ཏེ། ། བདག་མེད་པ་ཡང་བསྒོམ་པར་བྱ། ། དཀོན་མཆོག་གསུམ་ནི་ལྕགས་གསུམ་ཡིན། ། བདག་མེད་ཅེས་བྱ་ཁ་ཡིན་ཏེ། ། གང་འདི་རྣམ་རྟོག་གཅིག་ཉིད་དུ། ། བཅུག་པ་རིལ་བུ་ཡིན་པར་འདོད། ། སངས་རྒྱས་རྣམས་ཀྱིས་མི་བྱེད་པའི། ། སྒོམ་པ་སེམས་ཀྱི་ དམ་པའོ། ། དེ་ལྟར་དེ་ཉིད་ཤེས་བསྒོམས་ན། ། སྐད་ཅིག་གིས་རྣམ་རྡོ་རྗེར་འགྱུར། ། འཁོར་ལོ་འོད་འཕྲོ་མཚུངས་པར་གྱུར། ། རང་གི་སྔགས་ཀྱིས་རྣམ་བསྒོམས་ནས། ། སངས་རྒྱས་ཀུན་གྱི་གནས་བསྒོམས་ན། ། སངས་རྒྱས་འདྲ་བར་འགྱུར་བར་བཤད། ། སུམ་ཅུ་རྩ་དྲུག་གནས་སྦྱོར་བའི། ། རི་རབ་ཀྱི་ནི་རྡུལ་ཕྲན་རྣམས། ། དེ་སྙེད་དེ་ཡི་རྗེས་འབྲང་རྣམས། ། དམ་ཚིག་རྡོ་རྗེ་ཞེས་བྱ་བའོ། ། གནས་ནི་ལྷ་ཡི་སྦྱོར་བ་སྟེ། ། སྣ་ནི་རི་རབ་ཅེས་བྱའོ། ། བདག་ཉིད་ཆེན་པོ་སུམ་ཅུ་བདུན། ། ནམ་མཁར་སྤྲོ་བ་བསམ་མི་ ཁྱབ། ། འཇམ་པའི་རྡོ་རྗེ་བདག་པོ་སྟེ། ། འདི་དག་འཁོར་དུ་གྱུར་པ་ཡིན། ། འཇིག་རྟེན་པ་ཡི་རང་ངོ་བོ། ། ཕྱི་ཡི་རི་རབ་བརྟག་པ་ཡིན། ། དམ་ཚིག་རྡོ་རྗེ་ཞེས་བྱ་བའི། །
BOའཁོར་ལོའི་ཏིང་ངེ་འཛིན་ཅེས་བྱ། ། འཁོར་ལོ་དངོས་གྲུབ་རྙེད་སླ་བ། ། སྐད་ཅིག་ སྦྱོར་བས་བསྒྲུབ་པའོ། ། རྡོ་རྗེ་ཆེན་པོ་རང་སྔགས་ཀྱིས། ། དཀྱིལ་འཁོར་དབུས་སུ་རབ་བསྒོམས་ན། ། རྡོ་རྗེ་ཀུན་གྱི་གནས་མཆོག་སྟེ། ། ཐུགས་ཀྱི་རྡོ་རྗེ་འདྲ་བར་འགྱུར། ། རི་རབ་སུམ་ཅུ་རྩ་དྲུག་གི། ། རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། ། དེ་སྙེད་བུད་མེད་དེ་ཡི་ ནི། ། གསུམ་འགྱུར་གནས་སུ་འགྱུར་བ་ཡིན། ། ཁམས་གསུམ་གྱི་ནི་རྡོ་རྗེ་ཆེ། ། དྲུག་པོ་ཡིས་ནི་ཕྱག་བྱས་འགྱུར། ། རྡོ་རྗེ་དམ་ཚིག་ཅེས་བྱ་བའི། ། ཏིང་འཛིན་འདི་ནི་ཡང་དག་བཤད། ། པདྨ་ཆེན་པོ་འདབ་བརྒྱད་པ། ། རང་སྔགས་རྡོ་རྗེ་ལས་བྱུང་བ། ། ཆོས་རྣམས་ཀུན་གྱི་གནས་བསྒོམས་ན། ། རྡོ་རྗེ་ཆོས་དང་འདྲ་བར་འགྱུར། ། སུམ་ཅུ་རྩ་དྲུག་གནས་སྦྱོར་བའི། ། རི་རབ་རྡུལ་ཕྲན་གྲངས་སྙེད་ཀྱི། ། སངས་རྒྱས་རྡོ་རྗེ་མཆོག་གི་ནི། ། དཀྱིལ་འཁོར་ལ་བདག་བདག་ཉིད་འཇོག ། གོས་མེད་མཉམ་ཉིད་ཡེ་ཤེས་ ཀྱི། ། རྡོ་རྗེ་པདྨོ་གྲུབ་བཅས་སྦྱིན། ། སོ་སོར་རྟོག་པ་ཞེས་བྱ་བའི། ། ཏིང་ངེ་འཛིན་ནི་ཡང་དག་བཤད། ། ཤིན་ཏུ་གྲངས་མེད་བསྐལ་པར་ནི། ། གྲངས་ཀྱི་མིང་གིས་གནས་པར་ནི། །
BOགནས་ཤིང་སྒོམ་པར་བྱེད་པ་ཡིན། ། དེ་ཡི་ཡེ་ཤེས་ལྔར་ལྡན་པ། ། སངས་ རྒྱས་ཀུན་གྱི་དགོངས་པ་ནི། ། འཇིག་རྟེན་ཕན་ཕྱིར་གསུངས་པ་རྣམས། ། ཕྱོགས་བཅུའི་སངས་རྒྱས་མཐའ་ཡས་པའི། ། ཡོན་ཏན་གསུམ་ནི་ཡོངས་སུ་བསྟེན། ། འོད་ཟེར་ལྔ་ཡི་མདོག་འདྲ་བའི། ། རང་སྔགས་ལས་བྱུང་རལ་གྲི་ནི། ། བློ་ཅན་ ལག་པ་དེ་བཞག་ན། ། རྡོ་རྗེ་རིག་པ་འཛིན་པར་འགྱུར། ། རང་གི་སྔགས་ཀྱི་ཁོང་ཆུད་འདི། ། ཧོ་ཧོ་ཧཱུྃ་དེ་ཁམས་གསུམ་པ། ། པདྨ་སྤངས་པའི་ཚངས་པ་ཆེར། ། རྣལ་འབྱོར་པ་དེ་འགྱུར་བ་ཡིན། ། ཁམས་གསུམ་ཀུན་གྱིས་ཆེར་མཆོད་ཅིང་། ། ཚངས་པ་ལྷ་ མིན་ཕྱག་བྱས་པ། ། སྟོང་གསུམ་མི་ཡི་མཆོག་གཅིག་པུ། ། དཔག་ཆེན་པོ་ཡི་ཚངས་པར་འགྱུར། ། ཐུགས་ཀྱི་རྡོ་རྗེ་མཆོག་བསྒོམས་པས། ། དངོས་གྲུབ་ཇི་ལྟར་འདོད་པ་དག ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། དེ་ནི་དེ་མ་ཐག་ཏུ་འཐོབ། ། རང་གི་རྡོ་རྗེ་ཏིང་ འཛིན་འདི། ། དངོས་མེད་གཅིག་པུ་ཡང་དག་བྱུང་། ། བྱང་གྲོལ་ལ་ཡང་དེ་མི་གནས། ། རལ་གྲི་ཁ་དང་འདྲ་བར་འགྱུར། ། ཨོྃ་ནི་རི་ལ་བུ་ཙ་ན་ཀའི། ། འབྲུ་ཚད་ཙམ་དུ་བསམས་ནས་ནི། ། དབུས་སུ་རང་གི་ལྷ་ཡི་གཟུགས། ། བསམས་ཏེ་ཁར་བཅུག་རྣམ་བསྒོམས་ ན། །
BOབྱང་ཆུབ་ཡེ་ཤེས་འོད་པོ་ཆེར། ། བློ་ལྡན་དེ་མ་ཐག་དེ་འགྱུར། ། འཛམ་བུའི་ཆུ་བོའི་གསེར་མདོག་གམ། ། ཉི་མ་འཆར་བའི་མདོག་འདྲ་བའི། ། ཙ་ན་ཀ་ཡི་འབྲུ་ཚོད་ཙམ། ། ཡི་གེའི་དམ་པ་ཨཱཿབསམ་མོ། ། དེ་ཡི་དབུས་སུ་ལྷ་ཡི་གཟུགས། ། ཁར་ བཅུག་ནས་ནི་རྣམ་བསྒོམས་ན། ། བྱང་ཆུབ་ཡེ་ཤེས་འོད་པོ་ཆེ། ། དེ་ནི་དེ་མ་ཐག་ཏུ་འགྱུར། ། འཛམ་བུའི་ཆུ་བོའི་གསེར་མདོག་དང་། ། ཉི་མ་འཆར་ཀའི་མདོག་འདྲ་བའི། ། ནམ་མཁའི་དབུས་ན་གནས་པ་ཡི། ། ཙ་ན་ཀ་ཡི་འབྲུ་ཚོད་ཙམ། ། ཡི་གེ་ཧཱུྃ་ནི་ རྣམ་བསམས་ཏེ། ། དབུས་སུ་རང་གི་ལྷ་བསམས་ན། ། ཁར་བཅུག་ནས་ནི་རྣམ་བསམས་ན། ། རྡོ་རྗེ་སེམས་དཔའ་འོད་པོ་ཆེ། ། དཔལ་ལྡན་དེ་མ་ཐག་ཏུ་འགྱུར། ། འཛམ་བུའི་ཆུ་བོའི་གསེར་མདོག་དང་། ། ཉི་མ་འཆར་ཀའི་མདོག་འདྲ་བའི། ། རྣམ་པར་སྣང་ མཛད་མཁའ་དབྱིངས་ཀྱི། ། དཀྱིལ་འཁོར་དབུས་སུ་རབ་བསྒོམས་ལ། ། ལག་ཏུ་འཁོར་ལོ་རྣམ་བསྒོམས་ན། ། འཁོར་ལོའི་རིག་པ་འཛིན་པར་འགྱུར། ། རྡོ་རྗེའི་སྐུ་མདོག་སྦྱོར་བ་ཡང་། ། འདི་ནི་ཡེ་ཤེས་མཆོག་སྒྲུབ་པའོ། ། འཁོར་ལོ་ཆེན་པོའི་རིགས་ བསྒོམས་ཏེ། ། ཡེ་ཤེས་རྡོ་རྗེ་དག་གིས་བྱ། ། འཛམ་བུའི་ཆུ་བོའི་གསེར་མདོག་གམ། །
BOཉི་མ་འཆར་ཀའི་འོད་འདྲ་བའི། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། རྡོ་རྗེ་མི་ཕྱེད་རབ་བསྒོམས་ཏེ། ། ལག་ཏུ་རྡོ་རྗེ་བསྒོམས་ན་ནི། ། རྡོ་རྗེའི་རིག་པ་འཛིན་ པར་འགྱུར། ། རྡོ་རྗེ་མཆོག་གི་བསྒྲུབ་པ་འདི། ། རྡོ་རྗེ་སྐུ་ཡི་སྦྱོར་བ་ལས། ། རྡོ་རྗེ་རིགས་ཀྱི་མཆོག་བསྒོམ་པ། ། ཡེ་ཤེས་རྡོ་རྗེ་དག་གིས་བྱ། ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། ། རིན་ཆེན་ལ་ནི་རིན་ཆེན་བསྒོམ། ། དེ་ཉིད་ལག་ཏུ་ལེགས་བཞག་ན། ། རིན་ཆེན་རིག་པ་འཛིན་པར་འགྱུར། ། རིན་ཆེན་མཆོག་གི་བསྒྲུབ་པ་འདི། ། རིན་ཆེན་སྐུ་ཡི་སྦྱོར་བ་ལས། ། རིན་ཆེན་རིགས་ཀྱི་མཆོག་བསྒོམ་པ། ། ཡེ་ཤེས་རྡོ་རྗེ་དག་གིས་བྱ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། ཚེ་དཔག་མེད་པ་རབ་བསྒོམས་ ལ། ། ལག་ཏུ་པདྨ་བསྒོམས་ན་ནི། ། པདྨའི་རིག་པ་འཛིན་པར་འགྱུར། ། པདྨ་མཆོག་གི་བསྒྲུབ་པ་འདི། ། པདྨའི་སྐུར་ནི་སྦྱོར་བ་ལས། ། པདྨའི་རིགས་ཆེན་བསྒོམས་པ་ནི། ། ཡེ་ཤེས་རྡོ་རྗེ་དག་གིས་བྱ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ། དོན་ ཡོད་མཆོག་ནི་རབ་བསྒོམས་ལ། ། ལག་ཏུ་རལ་གྲི་རབ་བསྒོམས་ན། ། རལ་གྲིའི་རིག་པ་འཛིན་པར་འགྱུར། །
BOདམ་ཚིག་མཆོག་ནི་འདི་བསྒྲུབ་པ། ། སྐུ་ཡི་དམ་ཚིག་སྦྱོར་བ་ལས། ། དམ་ཚིག་རྡོ་རྗེ་རིགས་བསྒོམས་པ། ། ཡེ་ཤེས་རྡོ་རྗེ་དག་གིས་བྱས། ། བསྒྲུབ་བྱ་རྡོ་རྗེའི་དབྱེ་བ་ཡིས། ། མདུང་ཐུང་རྡོ་རྗེ་ལྕགས་ཀྱུ་སོགས། ། སྐུ་གསུང་ཐུགས་ཀྱི་བསྒྲུབ་པ་ཡིས། ། བསམ་གཏན་ཉིད་ཀྱིས་བསྒྲུབ་པར་འགྱུར། ། དམ་ཚིག་ཆེན་པོ་འབྱུང་བ་ཡི། ། དམ་ཚིག་དངོས་གྲུབ་ཅེས་བྱ་བའི། ། མི་ཕྱེད་རྡོ་རྗེ་གསུམ་དབང་ཕྱུག ། སྣ་ཚོགས་བཅོམ་ལྡན་འདས་ཀྱིས་གསུངས། ། སྡུག་བསྔལ་དང་ནི་ཀུན་འབྱུང་ཉིད། ། འགོག་དང་ལམ་ནི་བཞི་པོ་ནི། ། ལམ་གྱི་བཞི་མདོར་ཡང་དག་བཤད། ། སྒྲུབ་པ་པོ་ནི་གནས་མིང་ཅན། ། ཤིང་གཅིག་དྲུང་དུ་ཡང་དག་རྟོག ། ཆོས་ དང་རྫོགས་ལོངས་སྤྱོད་མིང་ཅན། ། སྣ་ཚོགས་མཚན་གཅིག་ཡང་དག་དགོད། ། མཚན་མ་རྐྱེན་གྱི་གཟུགས་ཅན་ནོ། ། འབྱིན་དང་རྔུབ་པ་ཉིད་དང་ནི། ། གནས་པ་ཡིས་ནི་ཉེར་མཛེས་པ། ། ཡིད་རྟོན་པ་ཡི་མཉམ་སྦྱོར་ལ། ། རབ་ཏུ་ཞི་བའི་ཞི་གནས་སུ། ། དུས་གསུམ་རྟོག་པ་གཅིག་ལས་འདས། ། རྡོ་རྗེ་ལྕགས་ཀྱུ་ཁྱད་པར་དུ། ། སྒྲུབ་པ་པོ་ནི་རྟག་ཏུ་བསྒྲུབ། ། སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་ནི། ། སྦྱོར་གསུམ་རྡོ་རྗེ་ཅན་བསམ་པ། །
BOསྐུ་གསུང་ཐུགས་ཀྱི་ལྕགས་ཀྱུའོ། ། སངས་རྒྱས་ཡེ་ཤེས་བློ་ཅན་གྱི། ། མི་གསལ་ གསལ་བར་ཡང་དག་ལྡན། ། དེ་བཞིན་ཉིད་ཀྱི་ངོ་བོ་ལས། ། འགྲོ་བ་ཐམས་ཅད་དགུག་པར་བྱ། ། རླུང་གི་དཀྱིལ་འཁོར་མཆོག་གནས་པ། ། སངས་རྒྱས་དགུག་པ་དམ་པ་ཡིན། ། གནས་མེད་གནས་པའི་སྦྱོར་བ་ཡིས། ། དེ་ཉིད་སྔགས་དོན་རྣལ་འབྱོར་པས། ། འགྲོ་བ་འདོད་པའི་ལོངས་སྤྱོད་ཀྱང་། ། མི་གསལ་སྦྱོར་བས་སྦྱོར་བར་བྱེད། ། གང་ཡང་དམ་ཚིག་ཕྱོགས་རྣམས་ནི། ། མཁའ་དབྱིངས་དབྱེ་བས་གནས་པ་རྣམས། ། དེ་ཉིད་རྡོ་རྗེ་བཀུག་ནས་ནི། ། སྔགས་རིག་པས་ནི་སྤྱད་པར་བྱ། ། ནམ་མཁའི་ཁམས་ནི་དགུག་པ་ འདི། ། དམ་ཚིག་ཆེན་པོ་རྡོ་རྗེ་ཅན། ། སྔགས་ཀྱི་དེ་ཉིད་གཅིག་སྦྱོར་ལས། ། ལྕགས་ཀྱུ་དེ་རྣམས་འགྲུབ་པར་འགྱུར། ། དམ་ཚིག་རྣམས་ནི་དགུག་པའི་མཆོག ། རྒྱལ་གནས་ལྕགས་ཀྱུ་བསམས་ནས་ནི། ། རྣམ་པར་སྣང་མཛད་འཁོར་ལོ་ཆེ། ། རྡོ་རྗེ་པདྨ་ལ་སོགས་བྱ། ། མེ་ལོང་ལྟ་བུའི་སྔགས་པས་ནི། ། སངས་རྒྱས་སྐུ་ནི་རྣམ་པར་བསྒོམ། ། ལག་ཏུ་སྐུ་དང་གསུང་ཐུགས་ཀྱི། ། ལྕགས་ཀྱུ་ལ་སོགས་རབ་ཏུ་བསྒོམ། ། དེ་ནི་སྦྱོར་བ་འདི་ཉིད་ཀྱིས། ། དེ་ཉིད་ལས་ནི་ལྷ་རྣམས་དགོད། །
BOདེ་ནི་ དེ་མ་ཐག་ཏུ་ཡང་། ། དངོས་གྲུབ་ཀུན་སྟེར་ལས་བྱེད་འགྱུར། ། སྐུ་དང་གསུང་ཐུགས་ཐམས་ཅད་ནི། ། མཚན་ཉིད་གཅིག་པར་བསྒོམ་པར་བྱ། ། ལྕེ་ཡི་རྡོ་རྗེ་སྦྱོར་བ་ཡིས། ། གསུང་གི་རྡོ་རྗེ་དེ་མཉམ་བསྒོམ། ། བརྟུལ་ཞུགས་ཅན་གྱིས་ཕྱི་ནང་གཉིས། གསང་བའི་རྡོ་རྗེ་མཆོག་མཆོད་དོ། ། དངོས་མེད་དམ་ཚིག་སྦྱོར་བ་ཡིས། ། ཇི་ལྟ་ཇི་ལྟར་རབ་བསྒྲུབ་པ། ། དམ་ཚིག་གསུམ་གྱི་རྣལ་འབྱོར་པའི། ། དེ་ནི་ཡང་དག་ཡིན་པར་བཤད། ། གསང་བའི་སྙིང་པོ་བསྡུས་པ་ཡི། ། དངོས་གྲུབ་ཀུན་གྱི་མཆོག་ཏུ་འདོད། ། བཅོམ་ལྡན་དམ་ཚིག་ཆེན་པོ་ཡི། ། རྣལ་འབྱོར་པས་ནི་དེ་སྐད་གསུངས། ། དེ་ནས་ཕྱག་ན་རྡོ་རྗེ་ནི། ། གོ་བྱེད་གསང་བ་ཡང་དག་གསུངས། ། གང་ཞིག་ཤེས་ན་རྣལ་འབྱོར་པའི། ། མཉམ་གཞག་མཆོག་ནི་ཐོབ་འགྱུར་བའི། ། གསང་དབང་དེ་ཉིད་ དམ་པ་ཡི། ། དེ་ནི་དེ་ཡིས་ཡང་དག་བཤད། ། རྣལ་འབྱོར་ཆེན་པོ་གཅིག་བདག་ཉིད། ། ནམ་མཁའ་དང་ནི་མཉམ་པའི་གནས། ། བྱས་ན་དམ་ཚིག་ཡང་དག་པ། ། ཤ་ཆེན་ལ་ནི་ཡང་དག་སྦྱར། ། དངོས་མེད་པ་ཡི་ཤ་ཆེན་གྱི། ། དམ་ཚིག་ མཆོག་ལ་གནས་ནས་ནི། ། བློ་ལྡན་བདག་ཉིད་སྒོམ་པ་ནི། ། རྡོ་རྗེ་དངོས་གྲུབ་ལོངས་སྤྱོད་སྟེར། །
BOརྫོགས་ལོངས་སྤྱོད་ཡུལ་བཤང་བ་ཡིན། ། དེ་ཉིད་ཡེ་ཤེས་དབང་པོ་གཅི། ། དམ་ཚིག་འདི་དག་ཉིད་ཀྱིས་ནི། ། རིག་པ་འཛིན་པའི་གཙོ་ བོར་འགྱུར། ། ལོངས་སྤྱོད་རྫོགས་ཕུང་ལས་བྱུང་བ། ། གླང་པོའི་ཤར་ནི་དེ་རབ་བརྟག ། དམ་ཚིག་གཅིག་ཏུ་ལེགས་སྦྱོར་ལས། ། མངོན་ཤེས་ལྔ་དག་ཐོབ་པར་འགྱུར། ། དབང་པོ་གཉིས་ནི་རྟ་ཤ་སྟེ། ། དངོས་མེད་དེ་ཉིད་ལས་སྦྱོར་ལས། ། དམ་ཚིག་གཅིག་ཏུ་ལེགས་སྦྱོར་ན། ། མི་སྣང་གནས་ཀྱི་མཆོག་ཏུ་འགྱུར། ། ཕུང་སོགས་ཡན་ལག་གང་གྱུར་པ། ། དངོས་མེད་དེ་ནི་ཁྱི་ཤ་ཡིན། ། དམ་ཚིག་གཅིག་ཏུ་ཡང་དག་སྦྱོར། ། དངོས་གྲུབ་ཐམས་ཅད་རབ་བསྒྲུབ་པའོ། ། རྫོགས་ སངས་རྒྱས་སྤྱན་བ་ལང་ཤ། ། ཁྲོ་བོའི་རྒྱལ་པོ་འགྲུབ་པར་འགྱུར། ། དམ་ཚིག་གཅིག་ཏུ་ཡང་དག་སྦྱོར། ། རྡོ་རྗེ་དགུག་པའི་དམ་པའོ། ། འདི་ནི་འཇིག་རྟེན་པར་གྱུར་ལས། ། དགོངས་པས་ཅིག་ཤོས་བཟློག་པ་ཡིན། ། ཤ་ ཆེན་དང་ནི་བཤང་གཅི་དང་། ། གླང་པོ་རྟ་ཁྱི་བ་ལང་དག ། མི་རྟོག་གཅིག་པའི་སྒྲུབ་པ་ཡིས། ། དམ་ཚིག་གཅིག་ཏུ་དེ་འགྲུབ་འགྱུར། ། བསྟན་པས་འདི་ནི་སྒྲུབ་པ་ནི། ། སྔགས་ཀྱི་ལོངས་སྤྱོད་རྣལ་འབྱོར་པ། ། རྡོ་རྗེ་སྦྱོར་བའི་གསང་བ་ཡིས། །
BOསྒྲུབ་པ་ འདི་དང་ལྡན་པར་འགྱུར། ། དེ་ནི་སངས་རྒྱས་བྱིན་རློབ་ཅིང་། ། རྣམ་ཀུན་རྡོ་རྗེ་ཅན་གསུམ་དང་། ། སྙིང་གར་ཡེ་ཤེས་དམ་ཚིག་དང་། ། དབུ་རྒྱན་ལ་ནི་རྡོ་རྗེ་འཛིན། ། སངས་རྒྱས་ཐམས་ཅད་ཚིམ་འགྱུར་བའི། ། འདི་ནི་དམ་ཚིག་སྡོམ་པའོ། ། དངོས་ གྲུབ་ཐམས་ཅད་སྟེར་བའི་མཆོག ། དམ་ཚིག་མཆོག་འདིས་རབ་ཏུ་བྱ། ། དམ་ཚིག་ཀུན་གྱི་དམ་པ་སྟེ། ། རྡོ་རྗེ་ཟས་ཀྱི་ཏིང་འཛིན་ཏོ། ། དེ་ནས་འགྲོ་ལ་ཕན་པའི་མགོན། ། གཙོ་བོ་རྣམ་སྣང་ཆེན་པོ་ལ། ། གསང་བའི་དགོངས་པ་དམ་པ་ནི། ། རྡོ་རྗེ་ འཛིན་པས་སླར་ཡང་ཞུས། ། གང་ཞིག་སྤྱི་བོར་བརྟགས་པ་ནི། ། གཅིག་པུ་ཉིད་དུ་གྱུར་པ་དེས། ། རི་རབ་སུམ་ཅུ་རྩ་དྲུག་ཏུ། ། མུ་སྟེགས་རྣམས་ཀྱིས་འཚལ་མི་འགྱུར། ། རང་གི་བསྟན་བཅོས་བརྡ་ཡིས་ནི། ། ཕྱི་རོལ་པ་དེ་རྣམ་རྟོག་ལ། ། ཏིང་འཛིན་བརྟགས་ པ་འདི་དག་ཀྱང་། ། འདི་ལ་རང་གི་ངོ་བོ་མེད། ། ཚངས་སྒོ་མཛོད་ཀྱི་རྒྱུད་ལས་ནི། ། རི་རབ་གཅིག་དང་བཅས་པར་བཤད། ། བྱིས་པ་མཆོག་ནི་རྨོངས་བྱེད་པ། ། གསུང་འདི་སྐྱེ་བོ་ལྟུང་བར་འགྱུར། ། དེ་ནས་བཅོམ་ལྡན་བདག་པོ་འདིས། ། རྡོ་ རྗེ་ཅན་ལ་སླར་གསུངས་པ། ། ལེགས་སོ་རྡོ་རྗེ་ལེགས་པ་ཆེ། །
BOསྐྱེས་བུ་དམ་པ་ཁྱོད་ལེགས་པ། ། རྐྱེན་དང་ཉན་ཐོས་ཐེག་པ་དང་། ། འདིར་ནི་ང་ཡིས་གསལ་བཤད་པ། ། སངས་རྒྱས་ཀྱིས་བཤད་ཡེ་ཤེས་དག ། ཐེག་པ་ཆེན་པོ་མི་མཐོང་ངོ་། ། ཚད་ ཡོད་པ་དང་ཡོངས་ཆད་པའི། ། རང་གི་ལུས་ལ་གང་བཤད་དེ། ། ཡེ་ཤེས་དེ་རྣམས་དྲི་མེད་འདོད། ། ཁྲོན་པའི་རུས་སྦལ་ཞེས་བྱའོ། ། ནམ་མཁའ་དང་ནི་མཉམ་ཡེ་ཤེས། ། རྡོ་རྗེ་ཐེག་པ་བླ་མེད་པ། ། མཆོག་སྦྱིན་ང་ནི་ཁྱེད་བཞིན་དུ། ། རྒྱ་ཆེན་དེ་ཡིས་མི་ མཐོང་ངོ་། ། རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ། ། དེ་ཡིས་ཡང་དག་མ་མཐོང་བས། ། རང་གི་ལུང་ནི་ཚད་མ་ཡིས། ། གཞན་ཡོད་པ་ནི་མིན་ཞེས་སྨྲ། ། ཐེག་པ་ཆེན་ལ་གསང་བ་རྣམས། ། སྲང་ལ་བཅལ་ཏེ་དེ་སྨྲ་བ། ། དེ་རྣམས་སྔོན་བཞིན་གསལ་མིན་ཞེས། ། ང་ཡི་ཚིག་ལས་བལྟས་ཏེ་སྨྲ། ། དེ་ཉིད་རྗེས་སུ་བཟུང་བའི་ཕྱིར། ། རྫོགས་སངས་རྒྱས་པ་བསྒོམ་པ་རྣམས། ། གང་གིས་ཤེས་ན་རྟོག་མེད་འགྱུར། ། གསང་བ་དགོངས་པས་གསུངས་པ་ཡིན། ། སྔགས་ཀྱི་དེ་ཉིད་དོན་བྱང་ཆུབ། ། སྣ་ཚོགས་དངོས་གྲུབ་ འབྲས་བུ་སྟེ། ། དགོངས་ན་ཇི་ལྟ་ཇི་ལྟ་བར། ། དེ་ནི་ང་ཡིས་ཡང་དག་བཤད། ། དམ་ཚིག་རྡོ་རྗེ་ལྕེ་ལ་ནི། ། རྡོ་རྗེ་ཅན་གྱིས་ཧཱུྃ་བསམས་ཏེ། །
BOརྣལ་འབྱོར་པས་ནི་བདུད་རྩི་ལྔ། ། ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། ། ཨཱཿདང་ཨོྃ་གྱི་གསང་བ་དག ། འདི་ ནི་རྡོ་རྗེ་གསུམ་མཆོག་སྟེ། ། འདི་ལྟ་བུ་ཡི་སྦྱོར་བ་ཡིས། ། རྡོ་རྗེ་སེམས་དཔའི་འོད་ཆེན་འགྱུར། ། འདི་ནི་རྡོ་རྗེའི་བདུད་རྩི་ཡི། ། ཕྲེང་འགྱུར་དམ་ཚིག་རྡོ་རྗེར་བཤད། ། རྡོ་རྗེ་སེམས་དཔའ་ཡང་དག་འབྱུང་། ། ཏིང་ངེ་འཛིན་ནི་བཤད་པ་ཡིན། ། རྡོ་རྗེ་གསུམ་ གྱི་དམ་ཚིག་མཆོག ། སྐུ་གསུང་རྡོ་རྗེ་ཅན་དུ་འགྱུར། ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི། ། ཡིད་བཞིན་ནོར་བུའི་རྒྱ་མཚོ་ཆེ། ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། ། སངས་རྒྱས་སྐུ་དང་འདྲ་བར་འགྱུར། ། རྡོ་རྗེ་དམ་ཚིག་དངོས་གྲུབ་མཆོག ། རྡོ་རྗེ་བདག་ཉིད་དེ་སྣང་བྱེད། ། གངྒཱའི་ཀླུང་གི་བྱེ་མ་སྙེད། ། སངས་རྒྱས་ཞིང་ནི་ཐམས་ཅད་དུ། ། གྲུབ་ནས་འདི་ནི་དེར་སྦྱོར་བའི། ། རིག་པ་འཛིན་པར་དེ་འགྱུར་རོ། ། སྐུ་ཡི་རྡོ་རྗེ་བསྒོམ་བདག་ཉིད། ། གྲུབ་མཆོག་དམ་ཚིག་ལ་གནས་པ། ། མི་སྣང་གྱུར་ པ་ཀུན་གྱི་མཆོག ། སྟོང་ཁམས་དག་ནི་སྣང་བར་བྱེད། ། ལྷ་ཡི་བུ་མོ་མཆོག་ཕྲོགས་ནས། ། སངས་རྒྱས་རྣལ་འབྱོར་མ་ལེགས་སྦྱོར། ། གངྒཱའི་བྱེ་སྙེད་ཅེས་བྱ་བའི། །
BOརྫོགས་པའི་སངས་རྒྱས་མ་ལུས་ཀུན། ། དཔེ་དེ་དང་ནི་ གྲངས་གཅིག་པ། ། སངས་རྒྱས་དུས་གསུམ་རྣམ་སྤངས་པ། ། ལག་ཏུ་སྐྱུ་རུ་ར་བཞག་བཞིན། ། རྡོ་རྗེ་མིག་གིས་དེ་མཐོང་འགྱུར། ། སངས་རྒྱས་ཞིང་ནི་གང་དག་ཏུ། ། སྒྲ་གྲག་པ་ནི་ཇི་སྙེད་པ། ། རྣ་བ་ལ་གནས་མ་ནོར་བར། ། སྐད་ཅིག་གིས་ནི་ དེ་ཀུན་ཐོས། ། གངྒཱའི་བྱེ་སྙེད་ཞིང་དག་ན། ། སྐུ་ལ་སོགས་པ་གསུམ་གྱིས་མཚན། ། སེམས་ཞེས་བཤད་པའི་སྒོམ་པ་མཆོག ། སེམས་ཅན་རྣམས་ཀྱི་དེ་ཉིད་རིག ། བསྐལ་པ་གངྒཱའི་བྱེ་སྙེད་དུ། ། སངས་རྒྱས་རྡོ་རྗེའི་མཆོག་གིས་འགེངས། ། རྡོ་རྗེ་བསམ་མི་ཁྱབ་སྔོན་འགྲོ། ། རང་གི་རྣ་བ་སེམས་བཅས་པས། ། གངྒཱའི་བྱེ་མའི་མིང་ཅན་གྱི། ། གནས་ཀྱི་དངོས་གྲུབ་བཤད་པ་ཡིན། ། སངས་རྒྱས་རྣམས་ཀྱི་མངོན་ཤེས་ནས། ། འདི་ནི་ཡང་དག་བཀའ་སྩལ་ཏོ། ། མངོན་ཤེས་དྲུག་ནི་དོན་ གྲུབ་པའི། ། དེ་ནི་སངས་རྒྱས་འདྲ་བར་འགྱུར། ། གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། ། འཁོར་རྣམས་ཀྱིས་ནི་རབ་མཛེས་པས། ། སྐུ་སོགས་རྡོ་རྗེ་གསུམ་འདི་ནི། ། འཇིག་རྟེན་ཁམས་རྣམས་ཀུན་ཏུ་སྤྱོད། ། ཡིད་རྟོན་བདེ་གཅིག་བསྟེན་པ་སྟེ། ། དེ་ ཉིད་གསུམ་མཉམ་གཉིས་མེད་པ། །
BOབསྟེན་ཏེ་དམ་ཚིག་གཅིག་གྱུར་པ། ། ཡེ་ཤེས་ཉེ་བར་སྒྲུབ་པའོ། ། ཡིད་རྟོན་མཉམ་པའི་སྦྱོར་བ་ལས། ། སྒྲུབ་པ་ཡི་ནི་དམ་ཚིག་འགྱུར། ། འབྲས་བུ་མངོན་སུམ་བྱས་སྦྱོར་བ། ། སྒྲུབ་པ་ཆེན་པོ་བཞི་པའོ། ། རྐྱེན་དང་ཉན་ཐོས་མདོ་སྡེ་པ། ། འདི་དང་ལྡན་པ་རབ་ཏུ་བསྔགས། ། སེམས་ལ་དམིགས་དང་འདིར་སྦྱོར་བ། ། སྐད་ཅིག་གིས་ཀྱང་དེ་འགྲུབ་འགྱུར། ། བསྙེན་པའི་དམ་ཚིག་སྦྱོར་གཅིག་དང་། ། ཉེ་བར་བསྒྲུབ་པར་གང་གྱུར་དང་། ། སྒྲུབ་པའི་དམ་ཚིག་ ཉིད་དང་ནི། ། སྒྲུབ་པ་ཆེན་པོ་བཞི་པ་ཡིན། ། འདི་ལ་ཡང་དག་འཇུག་འགྱུར་པ། ། ཇི་ལྟ་ཇི་ལྟར་འཇིག་རྟེན་སོགས། ། ས་དང་ཤིང་གི་རིན་ཆེན་སོགས། ། ལྷ་ཉིད་དུ་ནི་རབ་ཏུ་བརྟག ། ཆོས་ཀྱི་དབྱེ་བས་ཤེས་པར་བྱ། ། རྡོ་རྗེ་ཡེ་ཤེས་སྒྲུབ་པ་པོ། ། བསྟེན་ པའི་དམ་ཚིག་ཡང་དག་སྦྱོར། ། བྱང་ཆུབ་མཆོག་ནི་རྣམ་པར་བསྒོམ། ། གཟུགས་དང་སྒྲ་དང་དེ་བཞིན་དྲི། ། རོ་དང་རེག་བྱ་ཆོས་རྣམས་ལ། ། དངོས་གྲུབ་མཆོག་ནི་རྣམ་དཔྱད་པ། ། དེ་ནི་ཉེ་བར་སྒྲུབ་པར་འགྱུར། ། སྔགས་པ་གང་ཡིན་བསྒོམས་ནས་ནི། ། བསྐུལ་བར་སྒྲུབ་པར་བྱེད་པ་ཡིན། ། རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །
BOདེ་ནི་སྒྲུབ་པ་ཆེན་པོར་འདོད། ། བསྙེན་པ་རྡོ་རྗེ་བདུད་རྩི་གང་། ། སྔགས་པས་ཀུན་དུ་བརྟག་པར་བྱ། ། དངོས་གྲུབ་འདོད་པས་གནས་པ་ནི། ། དབུ་རྒྱན་ལ་ནི་མཆོག་གང་བསམ། ། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། ། དེ་ཉིད་གསུམ་གསང་ཡང་དག་འབྱུང་། ། སྔགས་ཀྱི་དེ་ཉིད་དོན་གཉེར་བའི། ། སྒྲུབ་པ་པོས་ནི་དབེན་པ་བསྟེན། ། སྣ་ཚོགས་ལུང་གི་ཡང་དག་རྟོག ། སྔགས་ནི་དགོན་པ་ཆེན་པོར་འདོད། ། དེ་ཡི་དཔག་བསམ་ ཤིང་ལོངས་སྤྱོད། ། ས་ཕྱོགས་ཞེས་ནི་ཡོངས་སུ་བསྒྲགས། ། མཁའ་དང་མཉམ་པའི་སྦྱོར་བ་ནི། ། རྣམ་པར་དབེན་པ་ཆེན་པོར་བཤད། ། རི་འོར་རྫོགས་པའི་སངས་རྒྱས་དང་། ། དེ་རིགས་དངོས་མེད་ལས་བྱུང་བའོ། ། དེ་འདྲའི་དབེན་པའི་མཚོན་པ་རུ། ། དེར་ནི་འོད་ཆེན་རྣམས་གནས་ཏེ། ། གནས་མེད་པ་ཡི་སྦྱོར་བ་ཡིས། ། རྟག་ཏུ་དངོས་གྲུབ་འཐོབ་པར་འགྱུར། ། བཅོམ་ལྡན་རྡོ་རྗེ་སྒྲུབ་པ་ནི། ། ཆེན་པོས་དེ་སྐད་བཀའ་སྩལ་ཏོ། ། དགོན་པ་ཆེན་པོའི་ས་ཕྱོགས་སོགས། ། འཇིག་རྟེན་པ་རྣམས་སྨྲ་བ་གསལ། ། བསྙེན་ པ་སྐུ་ཡི་བརྟུལ་ཞུགས་མཆོག ། བློ་དང་ལྡན་པས་རྡོ་རྗེ་བཞིས། ། རྡོ་རྗེ་གསུམ་གཉིས་མེད་སྦྱོར་བས། ། བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར།
BO། མེ་ལོང་ཞེས་བྱ་དགོན་པ་ཆེ། ། རིན་ཆེན་ཞེས་བྱ་དབེན་པའོ། ། ཆེན་པོ་ཞེས་བྱ་འོད་དཔག་མེད། ། དོན་ཡོད་པར་ནི་ རི་འོར་ཡིན། ། ཆུ་ངོགས་དག་པའི་ཆོས་ཀྱི་ཆ། ། གནས་ལྔ་དག་ཏུ་རབ་ཏུ་བརྟག ། ཇི་སྲིད་དོན་ནི་སྦྱོར་བ་བཞིས། ། ཡི་གེ་ཨོཾ་ནི་སྡོམ་པར་འགྱུར། ། ཇི་ལྟར་ནམ་མཁའི་མཚན་ཉིད་གཅིག ། རང་གི་མཚན་ཉིད་འདོར་མི་བྱེད། ། དེ་བཞིན་དེ་ཉིད་ གསུམ་བཞིའི་ཕྱེད། ། ཡི་གེ་ཨོཾ་གཅིག་སྡོམ་པའོ། ། གནས་མེད་གནས་པ་ཞེས་བྱ་བའི། ། ཨོཾ་གཅིག་གིས་ནི་འགྲོ་ལ་ཁྱབ། ། དེ་ཉིད་མི་གསལ་སྦྱོར་དབང་པོ། ། གཙོ་བོ་རང་ཉིད་བཟློག་པ་ཡིན། ། ལ་ལ་གླང་པོ་སྤངས་ནས་ནི། ། རྗེས་ལ་དབྱིབས་ནི་ཚོལ་ བར་བྱེད། ། དེ་བཞིན་མ་འོངས་སྔགས་པ་ནི། ། ཨོཾ་ལས་སྡོམ་པ་གཞན་དུ་འདོད། ། གཅིག་གཉིས་གསུམ་དང་བཞི་དང་ལྔ། ། དུས་ཐུབ་དེ་བཞིན་ནོར་ཅན་དང་། ། ཕན་ཚུན་སྦྱོར་ནས་བརྗོད་པ་ལས། ། བསམ་མི་ཁྱབ་པའི་གྲངས་སུ་འགྱུར། ། བཅོམ་ལྡན་གཅིག་ ཀྱང་དུ་མ་སྟེ། ། ཚིག་ཏུ་བརྗོད་པ་རྣམ་པར་སྤངས། ། བརྡ་ཙམ་དུ་ནི་ཨོཾ་ཞེས་བྱ། ། དངོས་མེད་སྦྱོར་བའི་ཆོས་ཉིད་ཡིན། ། ཆོས་དང་ལོངས་སྤྱོད་སྤྲུལ་པ་སྟེ། ། སྐུ་གསུམ་དུ་མ་ཡང་དག་བཤད། །
BOགསུམ་པོ་ཡང་དག་འཛིན་པས་ནི། ། དེས་ན་ཨོཾ་ནི་སྡོམ་པ་ཡིན། དང་པོ་གཅིག་པུ་མི་བསྐྱོད་དགོད། ། དེ་ཉིད་སྡོམ་པར་གྱུར་པ་ཡིན། ། བརྡ་རུ་བརྗོད་པ་སྣ་ཚོགས་པ། ། བསམས་ནས་སྡོམ་པ་ཀུན་དུ་བཤད། ། མི་ཕྱེད་ནམ་མཁའི་སྦྱོར་བ་ཡིན། ། བསམ་དང་གདོན་དང་རྣམ་པར་བྲལ། ། རྟེན་འབྲེལ་རིག་ལས་ཡང་དག་འབྱུང་། ། རྗེས་བཅས་ཞེས་བྱ་དེ་ བསྒོམ་བྱ། ། རྟག་ཏུ་འབྱུང་བའི་ཡེ་ཤེས་ཞིག ། མིག་ལ་སོགས་པ་བདུན་བརྒྱ་ལ། ། གཡས་དང་ཅིག་ཤོས་ཟླ་ཕྱེད་དེ། ། ཤེས་རབ་ཐབས་ཀྱང་སྒྲུབ་པའོ། ། འདི་དག་ཟུང་གྱུར་ཟླ་བ་སྟེ། ། རྡོ་རྗེ་མིང་ཅན་ཕྱེད་དང་གཉིས། ། དེ་ནི་སྦྱོར་བ་འདི་ཉིད་ཀྱིས། ། དངོས་གྲུབ་མྱུར་དུ་འཐོབ་པར་ འགྱུར། ། ཞག་ནི་མི་ཐུབ་ཟླ་ཕྱེད་དང་། ། ཟླ་གཅིག་ཟླ་བ་ཕྱེད་གཉིས་མིན། ། འཇིག་རྟེན་པ་ཡི་ཞག་དབྱེ་བས། ། རྒྱ་ཆེར་ངས་ནི་བཤད་པ་ཡིན། ། གསང་བ་མཆོག་ལས་བྱུང་བ་ནི། ། ཟླ་བ་ཕྱེད་ཀྱིས་སྒྲུབ་པར་གསུངས། ། དེ་ཉིད་ཉེ་བར་འགྱུར་བཤད་པའི། ། སྡོམ་པའི་ཡུལ་ནི་དམ་ པ་ཡིན། ། གང་ཚེ་ཤེས་རབ་ཐབས་ཡེ་ཤེས། ། དེ་བཞིན་ཉིད་ཤེས་ལས་བྱུང་བ། ། སངས་རྒྱས་སྐུ་འཛིན་དཔལ་དང་ལྡན། ། རྡོ་རྗེ་མི་ཕྱེད་འོད་པོ་ཆེ། །
BOབྱང་ཆུབ་སྐད་ཅིག་གིས་སྦྱོར་བ། ། རྡོ་རྗེ་སྐུ་ནི་བྱེད་པར་འགྱུར། ། སྲོག་ལ་སོགས་དང་གྲངས་མཉམ་པའི། ། བདག་མེད་ཕྱོགས་ བཞུགས་སངས་རྒྱས་རྣམས། ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། ། རྡོ་རྗེ་བྱིན་རླབས་མཛད་པར་འགྱུར། ། འདས་དང་མ་འོངས་སངས་རྒྱས་དང་། ། གང་ཞིག་ཕྱོགས་བཅུར་བཞུགས་པ་རྣམས། ། ཆོས་སྐུ་མཆོག་གི་རྣལ་འབྱོར་པ། ། སངས་རྒྱས་དེ་རྣམས་བྱིན་གྱིས་རློབ། ། འདས་པ་རྣམས་ནི་ཆོས་སྐུ་ཡིས། ། བསམ་མི་ཁྱབ་པའི་ཕྱོགས་ན་བཞུགས། ། སྔགས་མཆོག་བསམ་གྱིས་མི་ཁྱབ་པས། ། མ་འོངས་རྣམས་ཀྱིས་བྱིན་གྱིས་རློབ། ། སངས་རྒྱས་གསུམ་ལ་དབྱེ་བ་ནི། ། ཅུང་ཟད་ཙམ་ཡང་ཡོད་མ་ཡིན། ། འོན་ཀྱང་དངོས་མེད་ལས་བྱུང་བའི། ། སྔགས་པ་རྣམས་ལ་བྱིན་གྱིས་རློབ། ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། ། མི་ཕྱེད་རྡོ་རྗེ་གསུམ་བསྒོམས་ལ། ། སྐུ་ནི་ཇི་ལྟ་བར་འཚམ་པ། ། དེ་ལྟར་བྱིན་གྱིས་རློབ་པར་མཛད། ། རིག་དང་མ་རིག་ཡང་དག་ལྡན། ། སྲོག་ལ་སོགས་ཏེ་བཅུ་གཉིས་བཤད། ། དུས་ཀྱི་ཉིས་ འགྱུར་ལམ་ལ་སོགས། ། དེ་ཉིད་ཟླ་བ་ལ་སོགས་འགྱུར། ། ཟླ་བ་ལ་སོགས་གྲངས་མཉམ་པས། ། ཉི་མ་བཅུ་གཉིས་མིང་ཅན་ཡིན། །
BOཁྱབ་འཇུག་དེ་ཉིད་དབྱེ་བ་ཡིས། ། ལམ་རྩོམ་པ་ནི་བརྟགས་པ་ཡིས། ། དེ་ཉིད་དུ་ནི་སྒྲུབ་པ་མཆོག ། སྡོམ་པ་ཡུལ་ཞེས་བཤད་པ་ཡིན། ། སྔགས་དང་ དངོས་མེད་དེ་བྱེད་པ། ། མགལ་མེ་འཁོར་ལོ་བསྐོར་དང་མཚུངས། ། རྟོག་པ་ལས་བྱུང་དེ་འདི་ནི། ། དངོས་མེད་པ་ནི་བསྒོམ་པས་སོ། ། མ་འོངས་པ་ཡི་སྐྱེ་བོ་ནི། ། ལྷ་ཡི་གཟུགས་ལ་འདུད་པར་བྱེད། ། མིག་དང་དེ་བཞིན་རྣ་བ་སྣ། ། ལྕེ་དང་དེ་བཞིན་ལུས་ངག་དང་། ། པགས་པ་རྐང་པར་ཡང་ དག་ལྡན། ། འཛིན་པ་དག་ནི་མི་ནུས་པ། ། ལྟ་དང་ཉན་དང་དྲི་དང་རོ། ། རེག་བྱ་རྣམས་ནི་དངོས་མེད་པ། ། རང་བཞིན་སེམས་མེད་གྱུར་པ་ཡི། ། འཇིམ་གཟུགས་སངས་རྒྱས་སྐུ་ཅན་ཏེ། ། འོན་ཀྱང་འགྲོ་བའི་བླ་མའི་སྐུ། ། སངས་རྒྱས་བྱིན་གྱི་བྱིན་རླབས་ཀྱིས། ། དེ་བཞིན་སྔགས་སྦྱོར་བདག་ ཉིད་ཅན། ། དངོས་མེད་རྡོ་རྗེའི་སྐུ་ཉིད་ཡིན། ། ཤིང་དང་ས་དང་རིན་ཆེན་སོགས། ། རང་གི་ལྷ་ཡི་གཟུགས་བྱས་ལ། ། རང་གི་ཆོས་ནི་སྤངས་ནས་སུ། ། ཚིག་གི་ལམ་དེ་སྟོན་པར་བྱེད། ། སྐུ་གསུང་ཐུགས་དང་ལྡན་པ་མཆོག ། ཆོ་འཕྲུལ་དེ་འདྲ་ག་ལས་བྱུང་། ། དེ་ ནས་དད་སོགས་ཡང་དག་པས། ། སླར་ཡང་དེ་ལ་གསོལ་འདེབས་ཀྱང་། །
BOགསོལ་བ་འདེབས་པ་ཙམ་གྱིས་ནི། ། དེ་དང་འདྲ་བར་ག་ལ་འགྱུར། ། ཕྱི་རོལ་ཆོས་ལ་གང་ཞིག་དགའ། ། ལྷ་རྣམས་ཐམས་ཅད་སྤོང་བ་ཡིན། ། དེ་ལྟར་སྐུ་ལས་སྐུ་བྱུང་བ། ། དཔལ་ལྡན་ཆོས་འདིའང་ གསུམ་གྱི་ལམ། ། བྱིན་རླབས་པ་དག་ལོངས་སྤྱོད་ན། ། གསུང་གི་རྡོ་རྗེ་ཅན་དུ་བྱེད། ། འདས་དང་མ་འོངས་སངས་རྒྱས་རྣམས། ། ཕྱོགས་བཅུ་ན་ནི་གང་བཞུགས་པ། ། བྱུང་དང་འབྱུང་འགྱུར་དེ་རྣམས་ནི། ། མི་ཕྱེད་གསུམ་གྱི་ལམ་དུ་འགྱུར། ། ཡིད་རྟོན་བདེ་བ་ཞི་བདག་ ཉིད། ། དེ་བཞིན་ཉིད་ཤེས་ལམ་བྱུང་བ། ། ཡི་གེ་གཅིག་ནི་གསུམ་དྲུག་འདི། ། རང་ཉིད་འགྲོ་བའི་ཁར་བརྗོད་དོ། ། དེ་ཡི་བྱིན་གྱིས་བརླབ་པའི་གནས། ། རྡོ་རྗེ་མི་ཕྱེད་རྡོ་རྗེ་ཅན། ། གང་གཞན་སངས་རྒྱས་ཀྱིས་གསུངས་དང་། ། འགྲོ་བའི་སྒྲར་ནི་འདི་གྱུར་ཏེ། ། དུས་གསུམ་བཞུགས་ པའི་སངས་རྒྱས་རྣམས། ། རྡོ་རྗེ་མི་ཕྱེད་གསུམ་རྣལ་འབྱོར། ། གསུང་གི་རྡོ་རྗེ་མི་ཕྱེད་པ། ། རྡོ་རྗེ་ཅན་མཆོག་དེ་བྱིན་རློབ། ། འཇུག་པ་གནས་པའི་སྦྱོར་བ་དང་། ། ལྡང་བ་དང་ནི་ཡང་དག་ལྡན། ། གསུང་གི་རྡོ་རྗེ་དངོས་མེད་པ། ། དེ་ནི་སངས་རྒྱས་བྱིན་གྱིས་རློབ། ། ཇི་ལྟར་འཁོར་ལོས་སྒྱུར་ རྒྱལ་ནི། །
BOཚིག་གི་ལམ་གྱིས་ལས་བྱེད་འཇུག ། གསུང་བྱིན་བརླབས་པས་སྔགས་པ་ནི། ། དེ་བཞིན་དོན་ཡོད་ཉིད་དུ་བྱེད། ། དེར་ནི་ཡང་དག་བཤད་པ་འདི། ། སྒྲུབ་པ་ཆེན་པོ་ཞེས་བྱའོ། ། སངས་རྒྱས་དེ་རྣམས་བྱིན་རློབ་པ། ། སྡོམ་པ་ཡུལ་གྱི་དམ་པའོ། ། རྡོ་རྗེ་ཐུགས་ནི་ འཛིན་རྒྱལ་པོ། ། དེ་ནི་བདག་ལ་བྱིན་རློབ་མཛད། ། མི་ཕྱེད་རྡོ་རྗེ་གསུམ་སྦྱོར་བས། ། ནམ་མཁའི་ཁམས་དང་མཉམ་པའི་གནས། ། གང་ཞིག་བྱུང་དང་འབྱུང་འགྱུར་བའི། ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། ། དེ་ཡི་བྱིན་གྱིས་བརླབ་པའི་གནས། ། ལམ་ གསུམ་ལས་ནི་བྱུང་བ་མཛད། ། སྐུ་ཡིས་སྟོན་པར་མཛད་པ་མཆོག ། རང་སངས་རྒྱས་ནི་བསྒོམ་པ་ཡིན། ། མདོ་སྡེ་པ་དང་ཉན་ཐོས་ཀྱིའང་། ། སྨྲ་བ་སྒྲུབ་པ་པོར་གྱུར་ཡིན། ། སེམས་ནི་རྣལ་འབྱོར་ལྡན་མཆོག་གི། ། འགྲོ་བའི་དོན་ནི་རབ་སྒྲུབ་པའོ། ། འགྲོ་འོང་གནས་དང་བྲལ་བ་ ནི། ། རྡོ་དང་ས་ནི་དབྱིག་བྱེད་པ། ། ལུས་ལ་སོགས་པ་མཚོན་པ་ཡིས། ། འོན་ཀྱང་དེ་ནི་གསུང་དུ་འགྱུར། ། སེམས་དང་ལུས་དང་མི་ལྡན་པའི། ། དེ་བཞིན་ཉིད་ནི་འགྲོ་དོན་ཅན། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཅིག ། གྱུར་ཀྱང་སོ་སོར་བསྟན་པ་ཡིན། །
BOསངས་རྒྱས་རྡོ་རྗེ་ཆོས་ དག་གམ། ། དེ་བཞིན་རྡོ་རྗེ་སེམས་དཔའང་རུང་། ། སྐུ་གསུང་ཐུགས་ཀྱི་སངས་རྒྱས་སོགས། ། རྡོ་རྗེ་གསུམ་པོ་མི་ཕྱེད་བརྟག ། དེ་འདས་རྨོངས་པའི་བདག་ཉིད་ཅན། ། སོ་སོར་རྟོག་པ་འགག་པར་འགྱུར། ། སྐུ་ལ་སོགས་པའི་གྲངས་མཉམ་པ། ། སངས་རྒྱས་ཀྱང་ནི་གང་རྟོག་ གྱུར། ། སྟོང་པ་ཉིད་དུ་སྦྱོར་བ་ཡང་། ། དེ་ནི་གསལ་བར་ཐེ་ཚོམ་མེད། ། སྣ་ཚོགས་སྦྱོར་གྱུར་སྔགས་རྣམས་ནི། ། གང་ཞིག་སྟོང་པར་མངོན་དུ་བྱེད། ། འདས་པ་དག་ནི་དེ་ཐམས་ཅད། ། རྨོངས་པའི་བདག་ཉིད་དེ་འགས་འགྱུར། ། ཉན་ཐོས་རང་སངས་རྒྱས་རྣམས་ཀྱི། ། བྱང་ཆུབ་ བསྡུས་ནས་བཤད་པ་ཡིན། ། འཇིག་རྟེན་པ་ཡི་གང་བཤད་པ། ། མདོར་བསྡུས་པ་ནི་འདི་ཡིན་ནོ། ། སངས་རྒྱས་ཡང་ན་རྡོ་རྗེ་ཆོས། ། ཡང་ན་རྡོ་རྗེ་སེམས་དཔའང་རུང་། ། རྨོངས་པས་འདི་ལས་འདས་ན་ནི། ། དེ་ནི་འགས་པར་ཐེ་ཚོམ་མེད། ། དགོངས་པ་ལུང་བསྟན་ལ་གནས་ ནས། ། གསང་བ་དམ་པ་ཡང་དག་བསྲུངས། ། ལྷུན་གྱིས་གྲུབ་པའི་སྦྱོར་བ་ཡིས། ། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། ། སྐུ་ལ་སོགས་པའི་གསང་བ་མཆོག ། རྡོ་རྗེ་སྦྱོར་བ་ཞེས་བྱ་བའི། ། དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི། །
BOལེའུ་བཅུ་གཉིས་གསུངས་ པ་ཡིན། ། ། ། དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་པ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། །