The Ganapati Tantra

ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ།

The Ganapati Tantra

ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ།

BO
༄༅༅། ། རྒྱ་གར་སྐད་དུ། མ་ཧཱ་ག་ན་པ་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། ། དེ་ནས་དཔལ་ལྡན་ཚོགས་བདག་ཆེ། ། ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས། ། གཟུགས་བརྙན་ མཎྜལ་གྲུ་བཞིར་བཞག ། ཟླ་བ་དྲུག་ཏུ་མཆོད་པར་བྱ། ། ལྷ་ཡི་འཁོར་ལོས་སྒྱུར་བ་དང་། ། ཚེ་འདི་ཉིད་ལ་སྐལ་བ་མཉམ། ། བསོད་ནམས་ཆེན་པོ་ཐོབ་པར་འགྱུར། ། ལོངས་སྤྱོད་ལྷ་དང་མཉམ་པ་དང་། ། ཚེ་ཡང་རིང་བའི་མཆོག་ཏུ་འགྱུར། ། མི་ལ་སོགས་པ་དབང་དུ་འགྱུར། ། ལྷ་ཡི་བུ་ཡང་བྲན་བཞིན་འགྱུར། ། བདག་གི་བསྒོ་བ་ཉན་པར་འགྱུར། ། ཀླུ་ཡང་དེ་ཡི་བསྒོ་བ་ཉན། ། བྲན་བཞིན་ལས་རྣམས་བྱེད་པར་འགྱུར། ། ལྷ་ཡི་ལོངས་སྤྱོད་མངའ་རིས་ལས། ། འདོད་པའི་ལོངས་སྤྱོད་འབྱུང་བར་འགྱུར། ། དངོས་གྲུབ་སྒྲུབ་པའི་སྐལ་བ་ཅན། ། གདུལ་བྱའི་དབང་གི་སྐུ་སྤྲུལ་པ། ། ལྷ་ཆེན་ཚོགས་བདག་ཆེན་པོས་བྱ། ། དངོས་གྲུབ་དམ་པ་མཆོག་སྒྲུབ་ན། ། མཐུ་སྟོབས་ཕུན་སུམ་ཚོགས་ལྡན་ཞིང་། ། ལོངས་སྤྱོད་ཡིད་བཞིན་འཕེལ་བར་བྱེད། ། འཇིག་རྟེན་ཕན་མཛད་ལྷ་ཡི་ལྷ། ། གང་གིས་མཆོད་པ་དངོས་གྲུབ་ ཡིན། །
BO
ལྷ་ཆེན་ཚོགས་ཀྱི་བདག་པོའི་རྒྱུད་ལས་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་དབེན་པའི་གནས་སུ་ནི། ། དཀྱིལ་འཁོར་གྲུ་བཞི་དག་བྱ་སྟེ། ། བ་ཡི་ལྕི་བས་ལེགས་པར་བྱུག ། འཇམ་ཞིང་མཉེན་ལ་དབུས་མཐོ་བའི། ། དབུས་སུ་ཚོགས་བདག་སྐུ་གཟུགས་བཞུགས། ། མེ་ཏོག་དཀར་པོས་དེ་ལ་གཏོར། ། བདག་ཉིད་གཅེར་བུར་བྱུང་བྱས་ཏེ། ། ལོག་འདྲེན་གཟུགས་ཀྱིས་ཡང་དག་མཆོད། ། བ་ར་ཏ་ཀ་ཟླ་བ་དྲུག ། ཉིན་རེ་བཞིན་དུ་དུས་གསུམ་དུ། ། གསང་སྔགས་བརྒྱ་ནི་རྩ་བརྒྱད་བཟླས། ། ཡིད་ལ་རེ་བ་ཐམས་ཅད་རྫོགས། ། བསམ་པ་ཐམས་ཅད་འགྲུབ་པར་འགྱུར། ། ཨོཾ་ནི་བཀྲ་ཤིས་དཔལ་དང་ལྡན། ། གསང་སྔགས་མགོ་ལ་གཞག་པར་བྱ། ། ཡིད་བཞིན་ནོར་བུ་ལྟ་བུ་ཡི། ། དངོས་གྲུབ་སྟེར་བྱེད་ཡི་གེ་ཡང་། ། དེ་འོག་གྲལ་ལ་གཞག་པར་བྱ། ། ཉི་མ་ ལྟ་བུའི་ཡི་གེ་ཡང་། ། དེ་ཡི་རྗེས་ལ་བཀླག་པར་བྱ། ། དེ་བཞིན་གཤེགས་པའི་མཚན་དང་པོ། ། ཡི་གེ་མཆོག་ནི་བླང་བར་བྱ། ། གསལ་བྱེད་ཡི་གེ་དང་པོ་ཡང་། ། དེ་ཡི་མཇུག་ཏུ་བརྗོད་པར་བྱ། ། རིན་ཆེན་ཡི་གེ་སྭཱ་ཞེས་བྱ། ། ལས་ཀྱི་ཡི་གེ་ཧཱ་ཞེས་བྱ། ། དངོས་གྲུབ་འདོད་ པས་གསང་སྔགས་བཟླས། །
BO
ལྷ་ཆེན་དངོས་གྲུབ་སྒྲུབ་པའི་རྒྱུད་ལས་ལྷའི་དངོས་གྲུབ་ཀྱི་གསང་སྔགས་བསྟན་པའི་ལེའུ་སྟེ་གཉིས་པོའོ། ། ། ། དེ་ནས་ཚོགས་ཀྱི་བདག་པོ་བཤད། ། ཚོགས་ཀྱི་བདག་པོ་སྐུ་མདོག་དཀར། ། གླང་པོ་ཆེ་ཡི་མགོ་བོ་ཅན། ། མཆེ་བ་ཡ་གཅིག་ཆག་པ་དང་། ། ཕྱག་གཡས་ལ་ཕུག་བསྣམས་པ། བྱི་བའི་གདན་ལ་བཅིབས་པ། རིན་པོ་ཆེས་སྐུ་བརྒྱན་པ། ཟླ་བ་ཚེས་པས་དབུ་བརྒྱན་པ། འོད་གསལ་བ། འོད་ཟེར་འཕྲོ་བ། མདོག་བཟང་བ། ཁ་དོག་བཟང་བ། གསུས་པ་ཆེ་བ། རྒྱན་གྱིས་ སྤུད་པའོ། ། དངོས་གྲུབ་སྒྲུབ་པའི་རྒྱུད་ལས་ཚོགས་ཀྱི་བདག་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་སྐར་མ་རྒྱལ་གྱི་ཉིན་པར་མེ་ཏོག་དཀར་པོ་བླངས་ཏེ། ཚོགས་ཀྱི་བདག་པོའི་སྐུ་གཟུགས་བྲིས་ཏེ། ཁ་དོག་དཀར་པོ་གླང་པོ་ཆེའི་དབུ་ཅན། ཕྱག་གཡས་ ན་ལ་ཕུག་བསྣམས་པ། གཡོན་ན་རིན་པོ་ཆེའི་ནོར་བུ་བསྣམས་པ། གསུས་པ་ཆེ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བ་དང་བྱི་བའི་ཁྲི་ལ་བཞུགས་པ་མཁས་པས་བྱའོ། ། དེ་ལ་དཀྱིལ་འཁོར་གྱི་དབུས་སུ་བདག་ལ་ཞལ་ཕྱོགས་པར་བཞག་ལ། བདག་ཉིད་ལོག་ འདྲེན་གྱི་གཟུགས་ཀྱིས་ཡང་དག་པར་མཆོད་དོ། །
BO
ཚོགས་ཀྱི་བདག་པོ་ཞལ་གཅིག་ཕྱག་བཞི་པ་སྒྲུབ་པའི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་དབང་ལྡན་གྱི་མཚམས་སུ་ཚོགས་ཀྱི་བདག་པོ་དཀར་པོ་གླང་པོ་ཆེའི་མགོ་ཅན། བྱི་བ་ལ་ཞོན་པ། མིག་གསུམ་པ། ཟླ་བ་ཕྱེད་པ་ འཛིན་པ། གཡས་ན་ལ་ཕུག་དང་དགྲ་སྟ་འཛིན་པ། གཡོན་པ་ཏྲི་ཤཱུལ་དང་ཐོད་པ་འཛིན་པའོ། ། ལག་པ་གཡོན་པ་ཁུ་ཚུར་བཅངས་པའི་མཛུབ་མོ་དང་གུང་མོ་བརྐྱང་ལ་མཛུབ་མོ་བཀུག་ལ་གུང་མོའི་ཚིགས་སུ་བཟུང་བར་བྱ་བ་ནི་ཚོགས་ཀྱི་བདག་པོའི་ཕྱག་རྒྱའོ། ། ཚོགས་ ཀྱི་བདག་པོའི་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ལྔ་པའོ། ། ། ། དེ་ནས་གསང་སྔགས་བསྟན་པ་ནི། ། ཨོཾ་ནི་དཔལ་ལྡན་མགོ་ལ་བཞག ། དེ་ནས་ཡིད་བཞིན་ནོར་བུ་ནི། ། རིན་པོ་ཆེ་ཡི་ཡི་གེ་བྲི། ། སྡེ་ཚན་གསལ་བྱེད་དང་པོ་ཡང་། ། དེ་ཡི་རྗེས་སུ་བྲི་བར་བྱ། ། དེ་བཞིན་གཤེགས་པའི་ མཚན་དང་པོ། ། དབྱངས་ཡིག་བརྒྱད་པས་མཛེས་པར་བྱ། ། གསལ་བྱེད་དང་པོའི་ཡི་གེ་ཡང་། ། བློ་ཡིས་བླངས་ཏེ་ཡིད་ཀྱིས་བྲི། ། སྡེ་ཚན་གསུམ་པས་གསུམ་པ་ལ། ། དང་པོའི་བཞི་པ་སྦྱར་བར་བྱ། ། སྡེ་ཚན་བདུན་པའི་གསུམ་པ་ལ། ། གསུམ་པའི་དང་པོས་ འོག་ཏུ་སྦྱར། ། ཡིད་བཞིན་ནོར་བུའི་ཡི་གེ་ལ། །
BO
བཞི་པའི་ལྔ་པ་ཟླ་ལ་བཞག ། དབྱངས་ཡིག་གསུམ་པས་བརྒྱན་པར་བྱ། ། བཞི་པའི་གསུམ་པས་དེ་ནས་བརྗོད། ། དངོས་གྲུབ་བསྒྲུབ་པའི་ཡི་གེ་ནི། ། དེ་ཡི་རྗེས་ལ་བྲི་བར་བྱ། ། གསང་སྔགས་དྲག་པོའི་ཡི་གེ་ཡང་། ། ཀུན་གྱི་མཐར་ནི་བརྗོད་པར་བྱ། ། གསང་སྔགས་འདི་ཡི་དངོས་གྲུབ་ནི། ། འཇིག་རྟེན་དབང་ཕྱུག་ཉིད་ཀྱིས་བྱིན། ། དགོས་པ་ཐམས་ཅད་གྲུབ་པར་འགྱུར། ། ཚོགས་བདག་ཆེན་པོའི་གསང་སྔགས་བསྟན་པའི་ལེའུ་སྟ་དྲུག་པའོ། ། ། ། དེ་ནས་གཞན་ཡང་གསུངས་ པ་ནི། ། དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡི། ། མཚན་གྱི་གསང་སྔགས་ཞེས་བྱ་བའི། ། དངོས་གྲུབ་བསྒྲུབ་པའི་སྙིང་པོ་ནི། ། དཔལ་དང་ཡཾ་གི་ཡི་གེ་སྟེ། ། ཨོཾ་ཞེས་བྱ་བ་མགོ་ལ་བཞག ། ཡིད་བཞིན་ནོར་བུའི་ཡི་གེ་ལས། ། ཉི་མའི་ཡི་གེ་འོག་ཏུ་སྤྲས། ། དབྱངས་ ཡིག་དྲུག་པའི་འོག་ཏུ་སྦྱར། ། ཐིག་ལེ་ནཱ་དས་བརྒྱན་པར་བྱ། ། མཚན་གྱི་དང་པོའི་ཡི་གེ་ནི། ། དེ་ཡི་རྗེས་ལ་བརྗོད་པར་བྱ། ། བཞི་པའི་ལྔ་པ་དེ་ནས་སྦྱར། ། ལྔ་པའི་དང་པོ་བྲི་བར་བྱ། ། དེ་བཞིན་གཤེགས་པའི་མཚན་དང་པོ། ། འབྱུང་བ་རླུང་གི་ཡི་གེ་ཡང་། ། དབྱངས་ ཡིག་བརྒྱད་པས་བརྒྱན་པ་ནི། ། དེ་ཡི་རྗེས་ལ་བྲི་བར་བྱ། །
BO
ཞི་བའི་ཡིག་འབྲུ་གཉིས་པ་ཡང་། ། ཀུན་གྱི་མཐར་ནི་བརྗོད་པར་བྱ། ། མཚན་གྱི་གསང་སྔགས་ཞེས་བྱ་བ། ། འདོད་པ་ཐམས་ཅད་གྲུབ་བྱེད་ཡིན། ། མཚན་གྱི་གསང་སྔགས་བསྟན་པའི་ལེའུ་སྟེ་བདུན་ པའོ། ། ། ། དེ་ནས་གཞན་ཡང་བཤད་པར་བྱ། ། སྐར་མ་རྒྱལ་གྱི་ཉིན་པར་ནི། ། མེ་ཏོག་དཀར་པོའི་རྩ་བ་བླང་། ། ཙནྡན་དཀར་པོ་དག་ལས་ནི། ། ཚོགས་ཀྱི་བདག་པོའི་སྐུ་གཟུགས་ནི། ། མཐེ་བོང་གི་ནི་ཚད་ཙམ་བྱ། ། གསུས་པ་ཆེལ་ཕྱག་བཞི་པ། ། མཁས་ པས་བྱས་ཏེ་ལེགས་པར་བྱ། ། རིན་པོ་ཆེ་ཡི་སྣོད་དུ་གཞུག ། དཀར་ཆེན་མངོན་པར་གསལ་བའི་ཚེ། ། ནང་གི་ཆ་རིས་སྐུ་ཁྲུས་གསོལ། ། གསལ་ཞིང་དང་ས་ལ་ཡིད་དུ་འོང་། ། དྲི་དང་ལྡན་པའི་བུམ་པ་ཡི། ། མེ་ཏོག་དཀར་པོའི་དྲི་ཡི་ནི། ། འདག་ ཆལ་ལྡན་པས་ཁྲུས་བྱའོ། ། དེ་ནས་དེ་མ་ཐག་ཏུ་ནི། ། དཀྱིལ་འཁོར་དབུས་སུ་སྤྱན་དྲངས་ལ། ། མེ་ཏོག་དཀར་པོ་དབུལ་བར་བྱ། ། ལ་ཕུག་ལ་དུར་བཅས་པ་ཡི། ། གཏོར་མ་ཆེན་པོའང་དེ་ནས་དབུལ། ། སྤོས་དང་དྲི་དང་མར་མེ་དང་། ། ལྷ་བཤོས་དག་གིས་མཆོད་ པར་བྱ། ། གསང་སྔགས་འདི་ལ་ཕུག་དང་། ། ལ་དུ་དང་། ཆུ་དང་། དཀར་གསུམ་གྱི་གཏོར་མས་ཚོགས་ཀྱི་བདག་པོ་ལ་ཕུལ་ཏེ།
BO
སྤོས་དང་མེ་ཏོག་རྣམས་ཀྱང་དབུལ། དེ་ལྟར་བྱས་ན་ཕྱིས་བགེགས་བྱེད་པར་མི་ནུས་སོ། ། ཚོགས་ཀྱི་བདག་པོ་མཆོད་པའི་ལེའུ་སྟེ་བརྒྱད་ པའོ། ། ། ། དེ་ནས་ལ་ཕུག་ཅེས་བྱ་བ། ། རོ་བརྒྱད་ལྡན་པའི་ཡུངས་མ་སྟེ། ། ཟས་རྣམས་ཀུན་གྱི་མཆོག་ཀྱང་ཡིན། ། རོ་མཆོག་བརྒྱད་དང་ལྡན་པ་ཡིན། ། ཁ་དང་སྐྱུར་དང་བསྐ་བ་དང་། ། མངར་དང་ཚ་དང་ལན་ཚྭའི་རོ། ། བཞུན་དང་བྲོ་མཆོག་ཆེ་བ་ཡིན། ། ནད་སྣ་ བརྒྱད་ཀྱི་གཉེན་པོ་ཡིན། ། མཁྲིས་པ་བད་ཀན་འདུས་པ་དང་། ། ཁྲག་དང་ཆུ་སེར་མ་ཞུ་བ། ། རླུང་དང་རིམས་ནད་ཀུན་ལ་ཕན། ། འདི་འདྲ་བྱུང་བའི་ཁ་ཟས་མེད། ། ལྷ་རྣམས་ཀུན་གྱི་མཆུ་ཡང་འགུལ། ། དངོས་གྲུབ་འགྲུབ་པའི་ཞལ་ཟས་ཡིན། ། ཚོགས་ཀྱི་ བདག་པོ་མཆོད་པར་བྱ། ། ལ་དུ་ཞེས་བྱའི་ཞལ་ཟས་ནི། ། མངར་གསུམ་འབྲས་བུ་གསུམ་པ་ནི། ། དེ་བཞིན་ཞིམ་པའི་སྤོས་ཀྱིས་བྲན། ། བག་ཟན་གྱི་ནི་རིལ་བུ་བྱ། ། འོ་མ་མར་དུ་བཙོས་བྱས་ལ། ། ཚོགས་པའི་གཏོར་མ་ཆེན་པོ་བྱ། ། མར་དང་ཁུར་བ་མངར་གསུམ་ དང་། ། མཐུན་པའི་ཞལ་ཟས་སྣ་ཚོགས་ཀྱིས། ། ཚོགས་བདག་ཆེན་པོ་མཆོད་པར་བྱ། ། དེ་ལྟར་ཚོགས་ཀྱི་བདག་པོ་ལའོ། །
BO
ཚོགས་ཀྱི་བདག་པོའི་སྐུ་གཟུགས་ལག་པ་གཡས་པའི་མཐིལ་དུ་བཞུགས་ལ། སེམས་གཞན་དུ་མ་ཡེངས་པར་བཟླས་བརྗོད་འབུམ་བྱས་ ལ། ལ་ཕུག་ལ་སྔགས་ཀྱིས་བཏབ་སྟེ་ཚོགས་ཀྱི་བདག་པོ་མཆོད་ན་ཚེ་འདི་ཉིད་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བསོད་ནམས་མཉམ་པར་འགྱུར་རོ། ། མེ་ཏོག་དཀར་པོས་མཆོད་ན་རྒྱལ་པོ་ལ་སོགས་པས་ཕམ་པར་མི་འགྱུར་རོ། ། རྒྱལ་པོ་ལ་སོགས་པ་སྒྲུབ་པར་འགྱུར་རོ། ། རྒྱལ་པོ་དང་བློན་པོ་ལ་སོགས་པ་བདག་གི་དབང་དུ་འདུས་པར་འགྱུར་རོ། ། དངོས་གྲུབ་སྒྲུབ་པའི་ཞལ་ཟས་བསྟན་པའི་ལེའུ་སྟེ་དགུ་པའོ། ། ། ། དེ་ནས་ཆོ་ག་བཤད་པར་བྱ། ། དངུལ་ཞེས་བྱ་བའི་རིན་ཆེན་ལ། ། ཚོགས་བདག་ཆེན་པོའི་གཟུགས་བྱས་ཏེ། ། ཡིད་བཞིན་ ནོར་བུ་ལག་ན་ཐོགས། ། དཀྱིལ་འཁོར་ཆེན་པོ་ཁྲུ་གང་ཚད། ། རིན་ཆེན་མེ་ཏོག་དཀར་པོ་དགྲམ། ། གསང་སྔགས་འབུམ་དུ་བཟླས་བྱས་པས། ། ནད་དང་སྡུག་བསྔལ་ཞི་བར་འགྱུར། ། ཤེལ་དང་དུང་ལས་ཆོགས་བདག་སྐུ། ། མཁས་པས་ཇི་ལྟར་འབྱོར་པར་བྱ། ། སྡུག་ བསྔལ་ཐམས་ཅད་སེལ་བར་འགྱུར། ། རིན་ཆེན་ཤེལ་ལས་ཚོགས་བདག་སྐུ། ། མཐེ་བོང་གི་ནི་ཚད་ཙམ་བྱ། ། སེ་ན་པྲ་ཞེས་བྱ་བའི་སྔགས། ། རིག་པ་འབུམ་དུ་བཟླས་བྱས་ཏེ། །
BO
ཤེལ་གྱི་སྐུ་དེ་ཁྲུས་བྱས་ནས། ། སྐར་མ་རྒྱལ་གྱི་ཉིན་པར་ནི། ། བདག་ཉིད་ཤར་དུ་ཁ་བལྟས་ ནས། ། གོས་དཀར་གྱོན་ཏེ་ཁྲུས་བྱས་ལ། ། ཐལ་སྦྱར་ཡིད་ཀྱིས་གསོལ་བ་གདབ། ། བདག་ལ་གནོད་པའི་བགེགས་གང་ཡིན། ། ཤེལ་གྱི་སྐུ་དེ་མེ་ལོང་སྟེང་། ། མི་གཡོ་མི་འགུལ་རབ་ཏུ་བཞུགས། ། བདག་ཉིད་ཁྲུས་བྱས་ཤར་དུ་བལྟ། ། ཛ་ར་པ་དང་རྐུན་མ་ནི། ། གང་ ཡིན་མེ་ལོང་ནང་དུ་འབྱུང་། ། དེ་ཚེ་དེ་ཡི་ངོས་ཟིན་འགྱུར། ། ཚོགས་བདག་ཤེལ་གྱི་སྐུ་དེ་ནི། ། མཆོད་པ་རབ་གསལ་ལེགས་བྱས་ལ། ། ནཱ་ག་ཀུ་རུ་ཞེས་བྱ་བའི། ། རིག་པ་འབུམ་དུ་བཟླས་བྱས་ན། ། ནད་དང་སྡུག་བསྔལ་གྱིས་ཉེན་ལ། ། སྐུ་དེ་བསྟན་པ་ཙམ་གྱིས་ ནི། ། ནད་རྣམས་ཐམས་ཅད་སོས་པར་འགྱུར། ། སྡུག་བསྔལ་ལས་ཀྱང་ཐར་བར་འགྱུར། ། ཞི་བ་ཆེན་པོའི་ཆོ་ག་ཡིན། ། རིན་ཆེན་གསེར་ཞེས་བྱ་བ་ལ། ། ཚོགས་བདག་ཆེན་པོའི་སྐུ་བྱས་ཏེ། ། རྒྱལ་གྱི་ཉིན་པར་མིག་ཕྱེ་ནས། ། མཆོད་པ་རབ་ཏུ་གནས་པ་བྱ། ། བ་ ར་ཞེས་བྱའི་གསང་སྔགས་ནི། ། འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས། ། སྐུ་གཟུགས་བཞུགས་པའི་ཁྱིམ་དེར་ནི། ། ནོར་རྣམས་ཐམས་ཅད་འཕེལ་བར་འགྱུར། ། གསེར་གྱི་ཚོགས་བདག་མཐོང་བ་ཡིས། །
BO
བགེགས་རྣམས་ཐམས་ཅད་ནོར་འབུལ་ འགྱུར། ། བགེགས་ཀྱིས་གནོད་པ་མི་ནུས་ཏེ། ། རྒྱལ་པོ་བཞིན་དུ་མཆོད་པར་འགྱུར། ། གསེར་གྱི་ཚོགས་བདག་གནས་པ་ཡི། ། ས་ཕྱོགས་རིན་ཆེན་ཆར་པ་འབེབས། ། གསེར་གྱི་ཚོགས་ཀྱི་བདག་པོ་ལ། ། བགེགས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས། ། ནོར་རྣམས་ ཐམས་ཅད་འབུལ་བ་ཡིན། ། བདག་ཉིད་ཕུན་སུམ་ཚོགས་པར་འགྱུར། ། ཚོགས་ཀྱི་བདག་པོའི་སྐུ་གཟུགས་མཆོག ། བྱས་པའི་ཡོན་ཏན་རྣམས་ལ་ནི། ། གནོད་སྦྱིན་རྣམས་ཀྱིས་གཏེར་ཁ་འབྱེད། ། སྐྱེ་བ་འདི་དང་ཕྱི་མ་ལ། ། རྟག་ཏུ་ཡོ་བྱད་འཕེལ་བར་འགྱུར། ། ནོར་གྱི་བདག་པོ་རྣམ་ཐོས་བུས། ། རྒྱལ་པོ་བཞིན་དུ་བསྙེན་བཀུར་བྱེད། ། དེ་ནས་དཔལ་ལྡན་ཚོགས་བདག་གི། ། སྐུ་གཟུགས་དཀྱིལ་འཁོར་གྲུ་བཞིར་གཞག ། བྷ་ག་ཞེས་བྱའི་གསང་སྔགས་ནི། ། བཟླས་པ་འབུམ་དུ་བྱས་པ་ཡིས། ། ཚེ་དེ་ཉིད་ལ་དངོས་གྲུབ་ ནི། ། ཅི་འདོད་པ་ནི་སྦྱིན་པར་མཛད། ། ལྷ་ཡི་རྒྱལ་པོའི་མངའ་ཐང་ནི། ། སྒྲུབ་པ་པོ་ལ་སྩོལ་བར་མཛད། ། ཤིན་ཏུ་ཐུགས་རྗེའི་བདག་ཉིད་པས། ། དཔལ་ལྡན་ཚོགས་བདག་ཐུགས་རྗེ་ཅན། ། ཐུགས་རྗེའི་ཕུང་པོས་དབུལ་བ་སྐྱོབ། ། ནོར་ལྷ་ཆེན་པོའི་བདག་ཉིད་ འདི། །
BO
དར་རམ་རས་ལ་ལེགས་བྲིས་ཏེ། ། རྒྱལ་གྱི་ཉིན་པར་སྤྱན་ཕྱེ་ནས། ། གང་གི་ཁྱིམ་དུ་བཞུགས་པ་དེའི། ། ས་ཕྱོགས་དེ་ནི་བཀྲ་ཤིས་འགྱུར། ། ཟངས་ལ་ཚོགས་བདག་ཆེན་པོའི་སྐུ། ། མཁས་པས་ལེགས་པར་བཟོ་བྱས་ཏེ། ། ཙནྡན་དམར་པོས་བྱུགས་ པའི་སར། ། མཎྜལ་སྟེང་དུ་ལེགས་པར་བཞག ། བནྡུ་ཀ་ཡི་མེ་ཏོག་དང་། ། པདྨ་རཱ་ག་རིན་ཆེན་དང་། ། མེ་ཏོག་དམར་པོ་ཀུན་གྱིས་མཆོད། ། བྲཾ་ཞེས་བྱ་བའི་རིག་སྔགས་བཟླས། ། རྒྱལ་པོའི་བུ་མོ་དབང་དུ་འགྱུར། ། ལྷ་ཡི་བུ་མོ་ཀླུ་མོ་དང་། ། མིའམ་ཅི་ཡི་བུ་མོ་དང་། ། བྲམ་ཟེའི་བུ་མོ་མཚན་ལྡན་མོ། ། མཆོག་ཏུ་གཟུགས་བཟང་གུས་པར་འགྱུར། ། བྲན་མོ་བཞིན་དུ་བསྒོ་བ་ཉན། ། དེ་ལ་སོགས་པ་མཐའ་ཡས་མཆོག ། སྐུ་གཟུགས་དག་ལ་བརྟེན་ཏེ་འགྲུབ། ། མཆོད་པ་ཙམ་གྱིས་འབྱུང་བ་ཡིན། ། གཞན་ཡང་ཚོགས་བདག་ཆེན་པོའི་ སྐུ། ། རིན་པོ་ཆེ་ཡི་རྒྱུ་ལས་བྱས། ། དཀྱིལ་འཁོར་སྟེང་དུ་བཞུགས་བྱས་ཏེ། ། རཏྣ་སིདྡྷི་ཞེས་བྱ་བའི། ། རིག་པ་འབུམ་དུ་བཟླས་པར་བྱ། ། ས་འོག་གཏེར་རྣམས་སྟོན་པར་འགྱུར། ། ཅི་དགའ་བར་ཡང་སྤྱོད་པར་འགྱུར། ། ཚོགས་བདག་ཆེན་པོའི་རྒྱུད་ལས་རྒྱལ་པོ་ལ་ སོགས་པ་སྒྲུབ་པའི་ལེའུ་སྟེ་བཅུ་པའོ། ། ། །
BO
དེ་ནས་དཔལ་ལྡན་ཚོགས་བདག་ཆེ། ། དྲག་པོ་ཆེན་པོ་དྲག་ཤུལ་ཅན། ། སངས་རྒྱས་ཐུགས་ལ་བྱོལ་སོང་དབུ། ། གླང་ཆེན་གཞོན་ནུས་ཞལ་བརྒྱན་པ། ། སྤྱན་གསུམ་མཆེ་བ་བཞི་དང་ལྡན། ། ཕྱག་བཞི་ཞབས་བཞི་ ཀླུ་ཆེན་ལྡན། ། དང་པོ་མཆེ་བ་དཀར་པོ་འཛིན། ། དེ་འོག་ཞགས་པ་གཡོན་པ་ན། ། དགྲ་སྟ་ཁ་ཊྭཱཾ་རྩེ་གསུམ་འཛིན། ། མཐིང་ག་གསུས་པ་ཆེ་བའོ། ། དེ་ལྟ་བུ་ཡི་ཚོགས་བདག་སྐུ། ། ཁར་བ་ཁྲོ་ཆུ་དག་ལ་བྱ། ། རྒྱལ་གྱི་ཉིན་པར་རབ་ཏུ་གནས། ། དེ་ནས་བསྒོམ་ཞིང་ བསྒྲུབ་པ་ནི། ། དཀྱིལ་འཁོར་བྱ་བའི་ས་བརྟག་པ། ། ལེའུ་ཚེ་དགུ་པའི་དཀྱིལ་འཁོར་བྲི། ། སྒོ་དང་སྒོ་ཁྱུད་ལྡན་པར་བྱ། ། དབུས་སུ་པདྨ་འདབ་བརྒྱད་ལ། ། ཚོགས་བདག་ཆེན་པོས་བསྒྲུབ་བྱ་མནན། ། ཟླ་བའི་གདན་ལ་ཡུམ་དང་ནི། ། གཉིས་སུ་མེད་པ་དགོད་པར་བྱ། ། དེའི་མིང་ཨརྩི་ཀ་རི་སྟེ། ། རྡོ་རྗེ་ཕག་གདོང་མ་ཞེས་བྱ། ། དགྲ་སྟ་བནྡ་ལག་ན་ཐོགས། ། ཁྲག་གིས་བཀང་བ་གཙོ་ལ་སྟོབས། ། ཤར་གྱི་ལེའུ་ཚེ་སེར་པོ་ལ། ཁམས་གསུམ་གྱི་བདག་པོ་ལ་ཕུག་དང་གྲི་འཛིན་པའོ། ། ལྷོ་ཕྱོགས་ཀྱི་ལེའུ་ཚེ་སྔོན་པོ་ལ། གནོད་ སྦྱིན་ཆེན་པོ་རྡོ་རྗེ་མཆུ།
BO
མ་ཧེ་དེ་བའི་གདོང་ཅན་དབྱུག་ཏོ་དང་ཐོ་བ་འཛིན་པ་ནག་པོའོ། ། ནུབ་ཕྱོགས་ཀྱི་ལེའུ་ཚེ་དམར་པོ་ལ། གནོད་སྦྱིན་གྱི་རྒྱལ་པོ་སྤྲིན་གྱི་བདག་ཅེས་བྱ་བ་དམར་པོ་ཆུས་གང་བའི་སྤྲིན་ཕུང་དང་ཞགས་པ་འཛིན་པའོ། ། བྱང་ཕྱོགས་ཀྱི་ལེའུ་ཚེ་ལྗང་ གུ་ལ་གནོད་སྦྱིན་གྱི་བདག་པོ་ནོར་གནས་ཞེས་བྱ་བ་ལྗང་གུ་དབྱུག་ཐོ་དང་རིན་པོ་ཆེའི་ཁ་ཊྭཱྃ་ག་ཐོགས་པའོ། ། བྱང་ཤར་གྱི་ལེའུ་ཚེ་དཀར་པོ་ལ་བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀ་གླང་པོའི་གདོང་མདུང་རྩེ་གསུམ་པ་དང་ལ་ཕུག་ཐོགས་པ་ནག་པོའོ། ། ཤར་ལྷོའི་ལེའུ་ ཚེ་དམར་པོ་ལ་{ཡི་དགས་,ཡི་དྭགས་}ཀྱི་བདག་པོ་དྲག་པོ་ཞེས་བྱ་བ་དགྲ་སྟ་དང་། ཐོད་པའི་རིལ་པོ་ཐོགས་པ་ནག་པོའོ། ། ལྷོ་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་སྤྲིན་གྱི་སྒྲོན་མ་ཞེས་བྱ་བ་སྤྲིན་ཕུང་དང་གློག་གི་འོད་དུ་བཅས་པ་ལག་གཉིས་ཀྱིས་ཐོགས་པའོ། ། བྱང་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་བགེགས་ ཀྱི་རྒྱལ་པོ་ལོག་འདྲེན་སྣ་ཡོན་ཞེས་བྱ་བ་གླང་པོ་ཆེའི་སྣ་ཙན་རྩེ་གསུམ་དང་ཐོད་པ་སྐམ་པོའི་ནང་དུ་ལ་ཕུག་དང་ཤས་བཀང་བ་ཐོགས་པའོ། ། ལྷ་རྣམས་ལ་ཀླུའི་རྒྱལ་པོ་བརྒྱད་བཀའ་ཉན་པ་ནི་ཀླུའི་རྒྱལ་པོ་ཨ་བ་ལ་དང་། བ་རུ་ཎ་དང་། དུང་སྐྱོང་དང་།
BO
འཇོག་པོ་དང་། རིགས་ལྡན་དང་། མཐའ་ཡས་དང་། པདྨ་དང་། པདྨ་ཆེན་པོ་རྣམས་སོ། ། ཤར་གྱི་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། ལྷོ་སྒོར་འཕགས་སྐྱེས་པོ། ། ནུབ་སྒོར་སྤྱན་མི་བཟང་། བྱང་སྒོར་རྣམ་ཐོས་སྲས་རྣམས་སྐུ་མདོག་དཀར་བ་དང་། སྔོ་བ་དང་། དམར་ བ་དང་། ལྗང་གུར་ཤེས་པར་བྱའོ། ། ལག་ན་ནོར་བུ་རིན་པོ་ཆེ་རེ་རེ་རལ་གྲི་རེ་རེའོ། ། འདི་རྣམས་ཀྱི་ཆུང་མ་ནི་མི་བྲིའོ། ། འདི་ལྟར་བྲིས་པའི་བྱང་ཤར་དུ་གསད་པའི་དཀྱིལ་འཁོར་གྲུ་གསུམ་ལ། དེའི་ནང་དུ་དགྲ་བོའི་གཟུགས་སྦྲ་ཚིལ་ལས་བྱས་པ་རིད་པ། གནག་པ། སྐྲ་ཟེང་བ། ཏིལ་མར་གྱིས་བྱུགས་ཏེ། སྙིང་གར་མིང་རུས་བྲིས་ལ་གཞུག་གོ། ། དེའི་སྐེར་རོ་སྐྲ་ལས་བྱས་པའི་ཐག་པ་གདགས་སོ། ། དེ་ལྟར་བྱས་ནས་གནོད་སྦྱིན་ཆེན་པོ་བརྒྱད་ལ། ལ་དུ་དང་། ལ་ཕུག་དང་བཅས་པའི་གཏོར་མ་དང་། གནོད་སྦྱིན་ཆེན་པོ་ བརྒྱད་ལ་ཉ་ཤ་དང་སྒོག་བཙོང་དུ་སྦྱར་བའི་དམར་གྱི་གཏོར་མ་རེ་རེ་བཤམ། ཀླུ་ཆེན་པོ་བརྒྱད་ལ་གཏོར་མ་ཆེ་བ་གཅིག་དང་། རྒྱལ་པོ་ཆེན་པོ་བཞི་ལ་རེ་རེ་བྱ། གལ་ཏེ་མ་འབྱོར་ན་ཆེ་བ་གཅིག་བྱ། ལྷ་བཤོས་རེ་རེ་དབུལ་བར་བྱའོ། ། གཞན་ཡང་དྲག་པོའི་རྫས་ སྤྱང་ཀིའི་ཐོད་པ་དང་།
BO
ཟི་ར་ནག་པོ་དང་། སྐེ་ཚེ་དང་། ཡུངས་ཀར་དང་། ཡུངས་ནག་གཞག་པར་བྱའོ། ། ཚོགས་བདག་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་གཞན་ཡང་བཤད་པར་བྱ། ། བསྒོམ་པའི་རིམ་པ་འདི་ལྟ་བུ། ། མ་ བྱུང་འབྱུང་བར་མི་འགྱུར་བས། ། ཤིན་ཏུ་གསང་སྟེ་བསྒྲུབ་པར་བྱ། ། ཡ་ཡི་རང་བཞིན་སྟོང་པ་ལས། ། སྣང་བ་རང་བཞིན་ཧཱུྃ་དང་ནི། ། ཡ་ཚོགས་བརྒྱད་པའི་ས་བོན་འབྱུང་། ། མིང་གི་སྔགས་ལས་རབ་ཏུ་བསྐྱེད། ། ཁྲོ་བོའི་སྤྲུལ་པས་སྟོང་གསུམ་བཀང་། ། འོད་བསྡུས་ཐོག་མའི་ཧཱུཾ་ལ་འདུས། ། ཚོགས་ཀྱི་བདག་པོ་ཆེན་པོ་དེ། ། འགྲོ་བའི་དོན་དུ་བཞེངས་པ་ནི། ། ཁྲོ་བོ་ཆེན་པོ་འཇིགས་པའི་གཟུགས། ། ཡུམ་དང་འཁོར་ཡང་རྫོགས་པར་བསྐྱེད། ། ཕུཿབརྒྱད་ཀླུ་བརྒྱད་སེམས་དཔའི་ཚུལ། ། རྒྱལ་པོ་དེ་བཞིན་ཁྲོ་ བོའི་ཚུལ། ། ཡི་གེ་བྷཻ་དང་མིང་ལས་བསྐྱེད། ། འོད་ཟེར་ཚུལ་གྱིས་སྤྱན་དྲངས་ལ། ། ཛཿདང་ཛཿཡི་འཕྲོ་འདུ་དང་། ། ཧཱུྃ་དང་ཧཱུཾ་གི་གསང་སྔགས་དང་། ། ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ལ། ། ནུས་པའི་མཐུ་དང་ལྡན་པར་བྱ། ། མཆོད་དང་གཏོར་མ་བསྟབ་ པར་བྱ། ། བ་ལིཾ་གྲྀཧྞ་ཁ་ཡི་སྔགས། ། སྙིང་པོ་དག་དང་སྤེལ་བར་བྱ། །
BO
བསྒོམ་པའི་རིམ་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་གསང་སྔགས་རྒྱལ་པོ་ནི། ། དབྱངས་ཡིག་གསལ་བྱེད་དག་ལ་བཏུ། ། དང་པོ་བཞི་པ་དེ་རྗེས་བྲི། ། བཞི་པའི་ལྔ་པ་གྲལ་ལ་ བཞག ། ཡིད་བཞིན་ནོར་བུ་ཡི་གེ་དང་། དེ་ཡི་རྗེས་སུ་བསམ་པར་བྱ། ། དེ་བཞིན་གཤེགས་པའི་མཚན་དང་པོ། ། དེ་ཡི་རྗེས་སུ་བརྗོད་པར་བྱ། ། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན། ། དགུག་པའི་ཡི་གེ་དག་དང་ནི། ། འབྱུང་བ་རླུང་གི་ཡི་གེ་ལ། ། དབྱངས་ཡིག་གཉིས་པ་སྦྱར་བ་ཡིས། ། རྒྱལ་བའི་རྒྱལ་པོ་ཞེས་བྱའོ། ། ཡིད་བཞིན་ནོར་བུའི་ཡི་གེ་ལ། ། དབྱངས་ཡིག་གཉིས་པ་སྦྱར་བར་བྱ། ། ཉི་མ་ཡི་ནི་ཡི་གེ་དང་། ། བཞི་པའི་ལྔ་པ་དེ་ནས་བྲི། ། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན། ། གཉིས་པའི་བཞི་པའི་ ཡི་གེ་ལ། ། དབྱངས་ཡིག་བཞི་པས་བརྒྱན་པར་བྱ། ། ལྔ་པའི་བཞི་པའི་ཡི་གེ་ལ། ། གསུམ་པའི་ལྔ་པ་སྦྱར་བར་བྱ། ། བཞི་པའི་དང་པོའི་ཡི་གེ་ལས། ། དབྱངས་ཡིག་བཞི་པས་བརྒྱན་པར་བྱ། ། འབྱུང་བ་རླུང་གི་ཡི་གེ་ལ། ། དེ་ཡི་འོག་ཏུ་སྦྱར་ བར་བྱ། ། རིན་པོ་ཆེ་ཡི་ཡི་གེ་དང་། ། ལས་ཀྱི་ཡི་གེ་མཐའ་མར་བརྗོད། ། ཚོགས་བདག་ཆེན་པོའི་རྩ་བའི་སྔགས། །
BO
འདོད་པ་ཐམས་ཅད་སྒྲུབ་བྱེད་ཡིན། ། གནོད་སྦྱིན་བརྒྱད་ཀྱིས་གསང་སྔགས་ནི། ། ཡ་ཞེས་བྱ་བ་ལ་སོགས་པ། ། ཡ་ཡ་ཞེས་བྱ་ལ་སོགས་ དང་། ། བྃ་ཞེས་བྱ་བ་ལ་སོགས་དང་། ། བི་ན་ཡ་ཀ་ཞེས་བྱ་བ་ལ་སོགས་པ་དང་། བྷཻ་ར་ཞེས་བྱ་བ་ལ་སོགས་པ་དང་། ། ཧཱུྃ་ཞེས་བྱ་བ་དང་། ཏྲི་ཞེས་བྱ་བ་སྟེ་བརྒྱད་ལ་ཧཱུཾ་དང་ཕཊ་ཀྱིས་མཐའ་བརྟེན་པས་སྲོག་གི་སྙིང་པོའོ། ། ཀླུ་ཡི་སྔགས་ནི་མིང་ལས་བསྐྱེད། ། ཨོྃ་དང་ ཧཱུྃ་ཕཊ་ལྡན་པར་བྱ། ། རྒྱལ་པོ་ཆེན་པོའི་གསང་སྔགས་ནི། ། བྷཻ་ཞེས་བྱ་བ་དང་། བྷི་ཞེས་བྱ་བ་དང་། བྷ་ཞེས་བྱ་བའི་སྔགས་སུ་འགྱུར་རོ། ། གནོད་སྦྱིན་ཆེན་པོ་རྣམས་ཀྱི་གསང་སྔགས་འབྱུང་བའི་ལེའུ་སྟེ་བཅུ་གསུམ་པའོ། ། ། ། བསྒྲུབ་བྱ་དགུག་པའི་སྔགས་ ནི། ། ཡ་དང་ཀྵ་དང་ཀ་དང་ལ། ། མ་དང་ཧཱ་དང་བྷཻ་ར་བྷེ། ། ཏྲི་དང་རཱ་དང་ཙ་དག་གིས། ། ཤ་ཏྲཱུྃ་ནྲྀ་ཛ་ནི་ཛ་ཞེས། ། ལན་གྲངས་མང་དུ་བཟླས་པར་བྱའོ། ། གནོད་སྦྱིན་བརྒྱད་ཀྱི་གསང་སྔགས་ཀྱིས། ། དགྲ་བོའི་བླ་རྡོ་བླང་བར་བྱ། ། དེ་ནས་བླ་རྡོ་བསྲེག་པར་བྱ། ། དེ་ནས་བླ་རྡོ་མནན་ པར་བྱ། ། སྦད་པའི་གསང་སྔགས་རྒྱལ་པོ་ནི། ། ཡ་དང་ཀྵ་དང་ཀ་དང་ལ། ། མ་དང་ཧཱ་དང་བྷེ་ར་བྷེ། །
BO
དེ་བ་ཡཀྵ་ཡ་མ་དང་། ནཱ་ག་ནཱ་ག་ཐུམ་རིལ་ཡང་། ། ཆེ་གེ་དགྲ་བོ་ཐུམ་རིལ་ཡ། ། ཡ་ཡ་ཞེས་ཀྱང་བསྐུལ་བར་བྱ། ། དེ་ནས་བསད་པའི་གསང་སྔགས་ནི། ། མ་ དང་ཧཱ་དང་བྷེ་ར་བྷེ། ། ཡཀྵ་ལ་སོགས་གོང་དང་མཐུན། ། དེ་རྗེས་འདི་སྐད་བརྗོད་པར་བྱ། ། ནཱ་ཤ་ཡ་ན་ལན་གཉིས་སོ། ། ཤ་ཡ་ཙཱུར་ན་ཙཱུ་ར་ཡ། ། ནཱ་ག་ཡ་ཀ་ཏྲ་མཱ་ར་ཡ། ། ཧ་ན་ཙ་ཀྲ་རིམ་པ་གཉིས། ། བི་ན་ཡ་ག་ཛ་བྷིནྡྷི། ། ཏནྟ་ཀ་ར་དེ་ནས་བརྗོད། ། ཆེ་གེ་ མོ་མཱ་ར་ཡ་ཞེས་པ། ། ཧཱུྃ་ཧཱུྃ་ཕཊ་ཕཊ། དྲག་པོས་བསད་པ་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་ཡང་ནི་དྲག་པོའི་སྔགས། ། ཨོཾ་བྷི་གྷཱ་བྷི་བ་བྷྱི་སརྦ་བིདྱཱ་བི་ཤ་ཡ་ཧྲྀ་ད་མི་ཏ་ཡ། ཧཱུྃ་ཙི་ཏུ་བ་ཏུ། ཏྲྃ་པྲ་མ་རུ་ཏཱ་ཡ། ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། པ་ཙ་པ་ཙ། བྷྲཧྨ་བྷྲཧྨ། བྷྲཧྨ་ཡ་བྷྲཧྨ་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཁར་པའམ་ཡང་ན་ཟངས་དག་ལ། ། ལོག་འདྲེན་ཆེན་པོའི་གཟུགས་བྱས་ལ། ། དེ་ལ་རབ་གནས་མཆོད་པ་བྱ། ། དགྲ་བོའི་གཟུགས་བརྙན་འོག་ཏུ་གཞུག ། ཚོགས་ཀྱི་བདག་པོའི་སྟན་དུ་བྱ། ། དགྲ་དེ་འཆི་བར་ཐེ་ཚོམ་མེད། ། ཡང་ནི་ སྦྱོར་བའི་ལས་རྣམས་ནི། ། དགོས་པ་ཆེན་པོ་འདི་གསུངས་སོ། །
BO
ཚོགས་ཀྱི་བདག་པོའི་སྐུ་ཙནྡན་ནམ་རིན་པོ་ཆེ་ལས་བྱས་ཏེ། རབ་གནས་བྱས་ལ་མཆོད་པ་ཕུལ་ཏེ། ། སེར་བ་གཅོད་པར་འདོད་ན་སེར་བའི་བདག་པོ་རླུང་ལྷ་དང་ཆུ་ལྷའི་གཟུགས་བྱས་ཏེ། སྤྲིན་གྱི་ གཟུགས་དང་། འབྲུག་གི་གཟུགས་བྱས་ལ་ཚོགས་ཀྱི་བདག་པོའི་གདན་དུ་མནན་པར་བྱའོ། ། བདག་ཉིད་ཀྱིས་ཀྱང་མནན་པར་བསམས་ཏེ། ཧི་ཀ་ཙནྡྲ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་སེར་བ་ཆོད་པར་འགྱུར་རོ། ། ཡུངས་ཀར་ཡང་ཕྱོགས་སུ་ གཏོར་བར་བྱའོ། ། སེར་བ་འབེབས་པར་འདོད་ན། ཆུ་དང་སྤྲིན་གྱི་མཎྜལ་མངོན་པར་བྲིས་ཏེ། ཚོགས་བདག་ཆེན་པོ་འབྲུག་ལ་ཞོན་པར་བསྒོམས་ཏེ། བདག་གི་བཀའ་ཉན་པར་བསམ། གསང་བའི་རྫས་སུ་བྱ་བ་ལ། ལྕགས་ཕྱེ་གསེར་ཕྱེ་ཟངས་ཕྱེ་རྣམས། གནམ་ཆུ་འབྲས་ཀྱི་ཕྱེ་སྦྲུས་ཏེ། སེར་བ་ཅི་ཙམ་འདོད་པའི་དབྱིབས་ཆེ་ཆུང་བྱས་ལ་ཁྲག་གིས་བྱུགས་ལ་བདུན་དང་བདུན་ཕྲག་མང་དུ་བྱས་ཏེ། ཀ་ཀ་ཀི་ཀུའི་ཐོད་པའི་ནང་དུ་བླུགས་ཏེ། སྤྲིན་གྱིས་དགབ་པར་བྱའོ། ། ཀ་ཀའི་ཐོད་པ་ལ་སྔགས་བྲི་བར་བྱའོ། ། རིམ་ པ་གསུམ་མོ། ། རྟེན་གྱི་རྫས་ཀྱང་གཞག་པར་བྱའོ། ། བྲུྃ་བྲུྃ་བྷ་རི་ཤ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་འབུམ་ཕྲག་གཅིག་བཟླས་པ་དང་།
BO
ཀ་ཀའི་ཐོད་པའི་ནང་དུ་སེར་བ་དངོས་སུ་གསུམ་མམ་བདུན་ནམ་བརྒྱད་བྱུང་བ་དང་། དགྲའི་ཡུལ་དུ་བསྐྱལ་ཏེ་སྔགས་ བཟློག་ནས་བཟླས་པས་འབབ་བོ། ། གལ་ཏེ་མ་བབས་ན་ཚོགས་ཀྱི་བདག་པོའི་སྐུ་དབུ་ཐུར་ལ་བསྟན། ཞབས་གྱེན་ལ་བསྟན་པ་དགྲ་བོའི་ཡུལ་གྱི་དབུས་སུ་སྦའོ། ། མོད་ལ་སེར་བ་འབབ་སྟེ། བྱ་ཀ་ལནྡ་ཀའི་སྒོ་ང་ཙམ་དང་། དབྱིབས་དམར་པོ་ ཤ་བའི་རླིག་འབྲས་ཙམ་པ་ཡུན་རིང་པོར་འབབ་བོ། ། ལོ་ཏོག་འཇོམས་པའི་སྔགས་ནི་བྲུྃ་ཞེས་པས་བྱའོ། ། དེ་གཅོད་པར་འདོད་ན་ནི་སྐུ་དང་ཀ་ཀི་མ་ཕྱུང་བ་ལ་ཉི་མ་རེ་རེར་འབབ་པས་དབྱུང་བར་བྱའོ། ། ཚོགས་ཀྱི་བདག་པོའི་སྐུ་ལ་མཆོད་པ་འབུལ་བར་བྱའོ། ། གསང་སྔགས་ཀྱང་དབུ་ཞབས་མ་ནོར་བར་རིན་པོ་ཆེའི་ཕྲེང་བ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། ། སྐུ་ཁྲུས་གསོལ་བ་བདག་གི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་གསོལ་ལོ། ། དེ་ལ་སོགས་པ་མཐའ་ཡས་མཆོག ། ཚོགས་ཀྱི་བདག་པོས་བྱེད་པ་ཡིན། ། ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས། ། ཕྱག་འཚལ་དཔལ་ལྡན་ཚོགས་བདག་ཆེ། ། ཕྱག་འཚལ་དཔལ་ལྡན་ཞི་ཁྲོ་ཆེ། ། དངོས་གྲུབ་འབྱུང་བའི་རྒྱུད་ལས་ཚོགས་ཀྱི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། །
BO
ཚོགས་ཀྱི་བདག་པོའི་ རྒྱུད་དངོས་གྲུབ་འབྱུང་བ་ཞེས་བྱ་བ་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱིཛྙཱ་ནས། འཇིག་རྟེན་དངོས་གྲུབ་ཆེད་དུ་ནི། ། རྒྱ་གར་ཡུལ་ནས་བསྣམས་ནས་བྱོན། ། རྒྱལ་བའི་འབྱུང་གནས་གཏད་པ་ཡིན། ། རྒྱུད་འདི་བསམ་པ་འགྲུབ་པ་ཡིན། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source