The Heart of the Great Compassionate One: A Prayer for the Benefit of All Beings

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པས་ཡང་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཐིག་ལ

The Heart of the Great Compassionate One: A Prayer for the Benefit of All Beings

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པས་ཡང་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཐིག་ལ

BO
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པས་ཡང་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། ། ཐིག་ལེར་ ཐིག་ལེ་དག་གི་དོན། ། གཏན་ཕབ་ཡང་དག་གསལ་གསུངས་ན། ། བདག་གི་དབུས་སུ་རང་བྱུང་བས། ། དེས་ན་རང་བྱུང་བརྗོད་པར་བྱ། ། རང་བྱུང་ཞེས་བྱ་འབྱུང་ཆེན་གྱི། ། དོན་ནི་རྗེས་སུ་དཔག་བྱའི་ཕྱིར། ། འདི་ནི་རང་བྱུང་བཅོམ་ལྡན་འདས། ། གཅིག་པུ་ཉིད་ནི་ལྷག་པའི་ལྷ། ། ལྷག་པའི་ལྷ་ཞེས་བྱ་བ་ནི། ། གོང་དུ་གསུངས་པའི་ཁམས་རྣམས་སོ། ། དེ་རྣམས་དབུས་སུ་ཕུལ་བྱུང་ཆེ། ། ཞེས་བྱ་གཙོ་བོའི་གཟུགས་ཀྱིས་སོ། ། གསང་བ་མཆོག་ཏུ་དགྱེས་པ་ན། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། ཇི་ལྟ་བུར་ནི་བཅོམ་ལྡན་འདས། ། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། གཞན་དུ་ཇི་ལྟར་རྣམ་པ་འདིས། ། སྡོམ་པ་མཆོག་ཏུ་ཕན་པ་ལགས། ། གསང་བའི་སྒྲས་ནི་ཡོན་ཏན་ཅན། ། གསང་བའང་ཡོན་ཏན་དུ་ནི་གྲགས། ། རྡོ་རྗེ་ཅན་ནི་ཡོན་ཏན་ཅན། ། འཇིག་རྟེན་མཆོག་དགྱེས་སྨོད་པ་སྤངས། ། གསང་བའི་སྒྲ་ནི་ཀླ་ཀློའི་སྐད། ། ཕྱི་རོལ་རྗེས་སུ་བཙལ་བས་ཀྱང་། ། འདི་ནི་མངོན་སུམ་ཤེས་པར་བྱ། །
BO
རྗེས་དཔག་ཡོན་ཏན་ཅན་གྱི་སྒྲས། ། གང་ཚེ་སེམས་ནི་མི་མཐོང་སྟེ། ། སེམས་ཞེས་བྱ་བ་འདི་ཡང་ནི། ། ཡོན་ཏན་ཅན་དང་ཡོན་ཏན་གསུངས། ། གསང་བ་མཆོག་གི་དགྱེས་པ་ན། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། གསང་བ་འདི་ལ་ཆོས་ཉིད་གནས། ། དེ་ལ་ཐམས་ཅད་བདག་ཉིད་ནི། ། དེ་ནི་ཐམས་ཅད་རྣམ་པར་གནས། ། དེ་གང་སྟོང་པའི་རྡོ་རྗེ་ཅན། ། སྡུག་དང་ལྷན་ཅིག་དགའ་བའོ། ། གང་ཚེ་སེམས་ཀྱི་གཟུགས་ཀྱིས་ནི། ། སྔོ་སོགས་མིག་གིས་མི་དམིགས་ཤིང་། ། རྣ་སོགས་ཐོས་པར་མི་འགྱུར་བ། ། དེ་ཚེ་སེམས་ནི་ཇི་ལྟ་བུར། ། དེ་ཚེ་རྗེས་དཔག་ཇི་ལྟར་ལགས། ། འདི་ནི་སྣ་ཡིས་ མི་དམིགས་ན། ། དྲི་{བཟངས་,བཟང་}དབུས་སུ་གནས་སམ་ཅི། ། སེམས་ནི་ཕྱི་རོལ་མི་དམིགས་ཤིང་། ། དེ་བཞིན་ཉེ་བའི་ལོངས་སྤྱོད་མེད། ། རོ་ནི་མངར་དང་ཁ་ལ་མིན། ། དེ་བཞིན་དུ་ནི་རེག་བྱ་ཉིད། ། གསང་བ་མཆོག་གི་དགྱེས་པ་ན། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། གསང་བ་འདི་ནི་ཇི་ལྟ་བུར། ། རྗེས་སུ་དཔག་པས་བསམ་པར་བྱ། ། ཇི་ལྟར་ཡི་གེའི་དབྱིབས་སུ་ནི། ། ཕྱིན་པ་ཡི་ནི་ཡེ་ཤེས་ཉིད། ། གཞན་དུ་བཅོམ་ལྡན་སྒྲ་ཇི་ལྟར། ། ལྷ་ཞེས་བྱ་བ་ཇི་ལྟར་ལགས། ། སངས་རྒྱས་ཀུན་གྱི་ངེས་དོན་ཅི།
BO
། མཉམ་པར་སྦྱོར་བ་ཅི་ ཞེས་བགྱི། ། མཁའ་འགྲོ་མ་ནི་གང་གི་མིང་། ། དྲ་བ་ཇི་ལྟ་བུ་ཞིག་ལགས། ། སྡོམ་པ་ཞེས་བྱ་ཅི་ཞིག་བཤད། ། དེ་བཞིན་སྤྱད་པར་དཀའ་བ་ཉིད། ། ཁྱོད་ཀྱིས་འདོད་ཆགས་མེད་གསུངས་ཅི། ། ཆགས་བྲལ་མེད་པ་དེ་བཞིན་གཞན། ། དབུ་མ་ཞེས་བྱ་གང་གི་ མིང་། ། བུད་མེད་ཀུན་གྱི་སྒྱུ་མ་ཅི། ། སྟོང་ཉིད་གཟུགས་ཁམས་ལ་སོགས་པ། ། ཅི་ཞིག་བཤད་ཅིང་མཉམ་ཉིད་སྦྱོར། ། དང་པོ་རྣམ་པ་དྲུག་འགྱུར་དང་། ། སྣ་ཚོགས་པདྨར་བྲིས་སྐུ་དང་། ། ཨཱ་ལི་ཀཱ་ལི་ཕྱག་རྒྱ་ཆེ། ། དེ་ཉིད་མེད་སེམས་རྣལ་འབྱོར་དང་། ། དེ་ཉིད་ བཟང་པོ་ཇི་ལྟར་ལགས། ། རྣལ་འབྱོར་ཉིད་ལ་མཉམ་གཞག་དང་། ། ཕྱི་རོལ་དྲག་ཀྱང་ཡང་དག་བཤད། ། ཟླ་བ་ཉི་མ་རྫོགས་སངས་རྒྱས། ། འབྱུང་བ་ཇི་ལྟ་བུ་ཞིག་ལགས། ། བྲིས་པ་དང་ནི་མ་བྲིས་པའི། ། དཀྱིལ་འཁོར་ཇི་ལྟར་གཞག་པར་བགྱི། ། དེ་ བཞིན་སྔགས་དང་རྒྱུད་ཉིད་དང་། ། གསང་བའི་གནས་ནི་མི་འཚལ་ཞིང་། ། པདྨ་བཞི་ནི་ཁྱད་པར་དུ། ། བདག་དང་བདག་གི་ཇི་ལྟར་ལགས། ། དེ་བཞིན་སེམས་དང་སེམས་བྱུང་ཉིད། ། སེམས་ཀྱི་ངོ་བོ་ཡེ་ཤེས་གསུངས། ། དེ་བཞིན་རྣམ་པར་ཤེས་པ་ཉིད། ། རྒྱུ་དང་འབྲས་བུའི་དངོས་པོ་དང་། །
BO
དེ་བཞིན་ཆོས་དང་ཆོས་ཅན་ཉིད། ། ཆུ་བོའི་རྒྱུད་ནི་ཅི་ཞེས་བཤད། ། རྒྱ་མཚོ་ཡང་ནི་ཁྱད་པར་དུའོ། ། སྣ་ཚོགས་ཉིད་ནི་ཁྱོད་གསུངས་ན། ། མང་པོ་ཇི་ལྟར་འཐོབ་མི་འགྱུར། ། རྣམ་ཤེས་ཡེ་ཤེས་ཁྱོད་ཀྱིས་གསུངས། ། དེ་བཞིན་ བཅུད་ཀྱིས་ལེན་ཉིད་དང་། ། གཡོན་བརྐྱང་ལ་སོགས་ཅི་ལགས་དང་། ། གཞུ་ཡིས་རྣམ་རྒྱལ་དེ་བཞིན་གཞན། ། གཙོ་དང་གཙོ་མིན་སྒྲ་ཅི་ལགས། ། བརྟག་པ་ཡང་ནི་ཅི་ཞིག་གསུངས། ། བྱང་ཆུབ་ཆེན་པོའི་ཆོས་རྣམས་ནི། ། སུམ་ཅུ་རྩ་བདུན་ནང་གི་དང་། ། སྐུ་ལ་སོགས་པ་དེ་བཞིན་གཞན། ། ཉན་ཐོས་རྣམས་ཀྱིས་ཁྱོད་གསུངས་དང་། ། དེས་ཀྱང་དགོས་པ་ཅི་ཞིག་མཆིས། ། རྡོ་རྗེ་སེམས་དཔའ་བདེ་བ་ཆེའི། ། རྣམ་པའི་རྣལ་འབྱོར་གྱིས་ནི་ཅི། ། ཚངས་པ་དབང་ཕྱུག་ཁྱབ་འཇུག་ཀྱང་། ། དེ་བཞིན་ གསོལ་བ་ཅི་ཡི་དོན། ། འདོད་པའི་ལྷ་ནི་ཆུང་མར་བཅས། ། ལྷ་མོ་དཀའ་ཟློག་གཟུངས་{བཟངས་,བཟང་}མ། ། གོང་དུ་སྐྱབས་སུ་སོང་བ་ཉིད། ། གཉིས་གཉིས་སྦྱོར་བ་འདོད་མཛད་པ། ། འདི་ལྟར་སྦྱོར་བའི་འཐབ་མོ་དང་། ། དེ་ལ་གསང་བ་ཇི་ལྟ་བུ། ། རྡོ་རྗེ་ཅན་གྱིས་ རྫུན་པ་ཡི། ། ཕྱིས་ནི་ཚིག་ཏུ་སྨྲ་བར་མཛད། ། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་། །
BO
ཚངས་པ་ཁྱབ་འཇུག་དབང་ཕྱུག་དང་། ། ཟླ་བ་སྔར་གསུངས་གཞན་དུ་ནི། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། ཇི་ལྟར་རྡོ་རྗེ་ཅན་ཞི་བས། ། ཁྲོ་བོའི་གཟུགས་ ཅན་ཇི་ལྟར་ལགས། ། ཆོས་ཀྱི་སྐུ་ནི་ཇི་ལྟར་ལགས། ། ལོངས་སྤྱོད་རྫོགས་པ་ཅི་ཞིག་ལགས། ། སྤྲུལ་པ་རྡོ་རྗེ་ཉིད་འབྱུང་དང་། ། ཧེ་རུ་ཀ་ནི་ཇི་ལྟར་གསུངས། ། པདྨ་གར་དབང་ཇི་ལྟར་ལགས། ། གཤིན་རྗེའི་གཟུགས་སུ་ཇི་ལྟར་འགྱུར། ། དེ་བཞིན་དུ་ནི་རྟ་ མཆོག་ཉིད། ། ཇི་ལྟར་ཆོ་གས་ཅི་གསུངས་དང་། ། ལྷ་མོ་དེ་བཞིན་ཁྲོ་བོ་ཉིད། ། ཀླ་ཀློ་ཁྱོད་ཀྱིས་བཤད་པ་ནི། ། དེས་ཀྱང་དགོས་པ་ཅི་ཞིག་མཆིས། ། རེ་ཞིག་ལྷ་མོ་རྣམས་ཀྱི་ཚིག ། བཏུ་བར་བྱས་པ་ཇི་ལྟར་ལགས། ། སྔགས་ཀྱི་སྨྲ་པོས་འདི་དག་ནི། ། ཇི་ལྟར་རྡོ་ རྗེ་སེམས་ཁྱོད་ཀྱིས། ། ཐམས་ཅད་ཡང་དག་རྣམ་པར་ཤོད། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནས་གཟུང་སྟེ། དང་པོར་བརྩམ་པར་བྱས་ནས་འདིར་ཡང་རྗེས་སུ་འབྱུང་སྟེ། རིགས་ཀྱི་བུ་ཡང་བརྗོད་པར་བྱའོ། ། གསང་བའི་སྒྲས་ནི་བདུན་གྱི་རྣམ་པ་སྟེ་བདུན་པ་ཞེས་བྱ་བའི་དོན་ཏོ། ། བརྒྱད་པ་ནི་བརྗོད་དུ་མེད་པའི་མཚན་ཉིད་དོ། །
BO
གསང་བ་ཞེས་བྱ་བའི་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པ་སྟེ། དེ་བཞིན་གཤེགས་པ་ཉིད་དུ་གསུངས་སོ། ། དེ་བཞིན་ཉིད་དུ་རོ་གཅིག་ པ་ཉིད་ངོ་བོ་གཅིག་པས་དེར་གསང་བར་བྱུང་བའི་ཕྱིར་གསང་བ་སྟེ། ནམ་མཁའ་ཐམས་ཅད་དུ་ཁྱབ་པར་འགྲོ་བ་ནི་བཅོམ་ལྡན་འདས་ཀྱི་ཚད་དེ། དཔལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་དང་། རྡོ་རྗེའི་ལྷ་མོ་དང་ལྡན་པ་ནི་གནས་སོ། ། ཀྱེ་བཅོམ་ལྡན་ འདས་ཁྱད་པར་དུ་འཕགས་པའི་གནས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་སྟེ་ཡེ་ཤེས་དམ་པའི་ཡུལ་ལོ། ། དགྱེས་པ་ན་ཞེས་བྱ་བ་ནི་ཉམས་དགའ་བ་ན་སྟེ། དཔེ་ཐམས་ཅད་དང་བྲལ་བའོ། ། སྤྱན་ལ་ སོགས་པ་དང་ཡང་དག་པར་སྦྱོར་བས་དགའ་བར་བྱེད་པས་ཉམས་དགའ་བར་བྱེད་པའི་ཕྱིར་དགྱེས་པ་ནའོ། ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་དང་། ལྷ་མོ་ཐམས་ཅད་དང་མཉམ་པར་འགྲོ་བས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་ལྷ་མོ་ཐམས་ཅད་ཀྱི་བདེ་བ་ ཆེན་པོར་སྦྱོར་བ་ཐམས་ཅད་ཀྱི་བདེ་བ་དང་ལྡན་པ་འདི་ལས་འབྱུང་བའི་སྟོབས་ནི་གཞལ་དུ་མེད་དེ། ཕན་ཚུན་དུ་རབ་ཏུ་རངས་པས་དགའ་བར་བྱེད་ཅིང་།
BO
སྐྱེས་བུ་རྣམས་དང་དེ་རྣམས་ཀྱི་དགའ་བ་ནི་དགྱེས་པ་ནའོ། ། ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་བདག་ ཉིད་དེ། རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་ཀྱིས་གནས་གང་སྔར་གསུངས་པའོ། ། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གསུངས་ཏེ། ཐམས་ཅད་བདག་ཉིད་ཀྱིས་ནི་དེ་གསུངས་སོ། ། དེ་ལྟར་གྱུར་པས་ཐམས་ཅད་བདག་ཉིད་ཅེས་བྱ་བ་ འདིས་གནས་ཕུན་སུམ་ཚོགས་པ་གསུངས་སོ། ། ཇི་ལྟར་གསུངས་པའི་གནས་སུ་སོ་སོ་བསྐྱེད་པའི་རང་བཞིན་གྱིས་ཇི་སྙེད་བཙུན་མོའི་འཁོར་གྱི་དབུས་སུ་རྟག་ཏུ་བཞུགས་སོ་ཞེས་གསུངས་སོ། ། སངས་རྒྱས་དང་ཀུན་འདིས་སངས་རྒྱས་ཀུན་ཏེ། འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའོ། ། རྟག་པ་ལ་སོགས་པ་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བྱས་པའི་ཕྱིར་རམ། རང་བཞིན་གྱི་ཕྱིར་གནས་ནི་སངས་རྒྱས་ཀུན་དངོས་ཞེས་བྱ་སྟེ། སྒྱུ་འམ་རང་བཞིན་ལ་དངོས་པོའོ། ། སེམས་དཔའ་ནི་སེམས་ཅན་གྱི་ དོན་ལ་ནུས་པའི་ཕྱིར་རོ། ། རྡོ་རྗེ་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱིར་རོ། ། སེམས་དཔའ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བསྐྱོད་པའི་ཕྱིར་རོ། །
BO
བདེ་བ་ནི་སྔར་གསུངས་པའི་དགའ་བའི་སྦྱོར་བ་ལས་ཤིན་ཏུ་ལྡན་པར་ཞི་བའི་ཡིད་ ཀྱི་རང་བཞིན་གྱི་ཕྱིར་རོ། ། མཆོག་ནི་ཁྱད་པར་དུ་འཕགས་པ་སྟེ། བདེ་བའི་གོ་འཕང་འདི་རྣམས་ཀྱི་སེམས་དཔའ་འདི་རྣམས་ཀྱི་དོན་དམ་པའི་ཕུན་སུམ་ཚོགས་པ་གསུངས་སོ། ། འོན་ཀྱང་སངས་རྒྱས་ཀུན་དང་མཉམ་སྦྱོར་བ། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། ཞེས་བྱ་ བ་མི་འདོད་པའི་ཕྱིར་རོ། ། འོན་ཀྱང་གཞན་ཉིད་དུ་བརྗོད་པར་བྱ་བའི་ཕྱིར་དོགས་པ་བསུ་ནས་བཀའ་སྩལ་པ་འདི་ནི་ཞེས་བྱ་བ་ནི་གང་དེ་སྐད་དུ་རིགས་ཀྱི་བུ་དེ་ནི་གསུངས་པ་དེ་ཉིད། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། ཞེས་བྱ་བའི་ དོན་ཏོ། ། ལྷ་མོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང་། དཔལ་རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི་རྣལ་འབྱོར་རྫོགས་པ་ནི་སྐལ་བ་བཟང་པོ་སྟེ། རང་གི་བདག་ཉིད་ཀྱི་སྒྲུབ་བ་ཤིན་ཏུ་སྦྱོར་བ་དེ་ཉིད་མཆོག་ཏུ་འདོད་ཆགས་པ་དང་ལྡན་པའོ། ། སྐྱེས་བུ་མེད་པའི་གར་མཁན་ རང་གི་བཙུན་མོའི་འཁོར་གྱི་ནང་དུ་གནས་པའི་ཕྱིར་ཤིན་ཏུ་དོན་ལ་རྣམ་པར་མི་གཡེང་བས་ལྷ་མོ་རྣམས་དང་ཡང་དག་པར་སྦྱོར་བའི་བདེ་བ་མྱོང་བར་བྱའོ། །
BO
ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་ཏེ་ཞེས་པའོ། ། བརྟན་པ། རྟག་པ། མཆོག་ཏུ་ཡང་ཡིད་སྲུབ་པའོ། ། ཡང་ ན་བརྟན་པ་ནི་རྣམ་པར་རྟོག་པའི་རླུང་གིས་མི་གཡོ་བའི་ཕྱིར་རོ། ། གཞན་ཡང་མཐའི་མཐའ་ཇི་སྲིད་གནས་པའི་ཕྱིར་རྟག་པའོ། ། མཆོག་ཏུ་ཡིད་སྲུབ་པ་ནི་ལྷ་མོ་ཐམས་ཅད་ཀྱི་བདེ་བ་རྗེས་སུ་མྱོང་བའི་ཕྱིར་རོ། ། བརྟན་པ་དང་། རྟག་པ་དང་། མཆོག་ཏུ་ཡིད་སྲུབ་པ་ འདི་ནི་བརྟན་པ་དང་། རྟག་པ་དང་། མཆོག་ཏུ་ཡིད་སྲུབ་པའོ། ། སངས་རྒྱས་ཀུན་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ། ཡུལ་གྱི་རང་བཞིན་རྣམས་སོ། ། རང་གི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པས་ཅི་ཞིག་བྱེད་ཅེ་ན། འདི་ནི་རང་ གི་ལོངས་སྤྱོད་དང་། དེ་རྣམས་ཟ་བར་བྱེད་དོ། ། གཞན་དུ་ན་ནི་ཐ་དད་པའི་དངོས་པོ་ལ་རང་གིས་ཉེ་བར་ལོངས་སྤྱོད་པ་ཉིད་མ་ཡིན་ནོ། ། ཡེ་ཤེས་ཀྱི་རང་བཞིན་སོ་སོར་སྐྱེས་པ་ནི་རྒྱལ་བ་རྣམས་ཀྱིས་ཀྱང་ཤིན་ཏུ་མི་སྤོང་སྟེ། རྣམ་པ་སྣ་ཚོགས་པའི་རིམ་པའི་སྦྱོར་བ་འདོད་ ཆགས་ཀྱི་སྤྱོད་པ་ལ་སོགས་པའི་རང་བཞིན་ལས་གང་ཞིག་འདོད་ལས་གང་ཞིག་འདོད་ཆགས་ཀྱི་སྤྱོད་པ་དེ་རྣམས་ནི་རྡོ་རྗེ་སེམས་དཔའི་ཆོ་ག་འདོད་པའོ། །
BO
གང་ཞིག་རང་བཞིན་བཟང་པོ་དེ་རྣམས་ནི་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་འདོད་པའོ། ། དེ་ལྟར་ཞེ་སྡང་དང་། འདོད་ཆགས་དང་། སེར་ སྣ་དང་། ལེ་ལོ་ལ་སྤྱོད་པ་རྣམས་ཀྱིས་ཧེ་རུ་ཀ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་ཉི་མ་དང་། རྟ་མཆོག་གི་ཆོ་ག་འདོད་པར་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟ་དེ་ལྟར་འདོད་ཆགས་ལ་སྤྱོད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་ཇི་ལྟར་དཔལ་རྡོ་རྗེ་སེམས་ དཔའ་ལ་སོགས་པ་སྐྱེད་པར་འགྱུར་བ་བསྐྱེད་ནས། ཚོགས་ཀྱི་དཀྱིལ་འཁོར་རྣལ་འབྱོར་ལས་བསྐྱེད་དེ། རྣལ་འབྱོར་གྱི་གཏམ་གྱིས་སློབ་མ་འདུལ་བར་བྱེད་དོ། ། གཏམ་ནི་བརྗོད་པའོ། ། བཅོམ་ལྡན་འདས་གཏམ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། གསང་བ་ཞེས་བྱ་བ་ལ་སོགས་པའི་གཏམ་བརྗོད་པ་སྟེ། ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་དུ་བྱས་པའོ། ། དཔལ་རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ཉིད་ཀྱིས་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ལ་ཉེ་བར་སྤྱོད་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ ལ་སོགས་པ་བསྐྱེད་པའོ། ། རང་བཞིན་བརྗོད་པར་བྱ་སྟེ། བརྟན་པ་ཞེས་བྱ་བ་ནི་ཆོས་རི་རབ་ལྟར་བརྟན་པའོ། །
BO
དཔེར་ན་རི་རབ་རླུང་གིས་བཟློག་པར་དཀའ་ཞིང་རབ་ཏུ་གཏུམ་པས་ཀྱང་བསྐྱོད་པར་མི་ནུས་སོ། ། དེ་བཞིན་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ འདི་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། མུ་སྟེགས་ཅན་ངན་པའི་རྒོལ་བ་རབ་ཏུ་གཏུམ་ཞིང་རབ་ཏུ་འཇོམས་པས་རང་ལྷག་པར་འགྲོ་ཞིང་བསྐྱོད་པར་མི་ནུས་སོ། ། དུར་ཁྲོད་དུ་བཞུགས་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ དུ་རྒྱུ་ཞིང་རྣམ་པར་དག་པའི་སེམས་ཆོས་ཀྱི་སྒོ་དུ་མར་རྗེས་སུ་འཁོར་ཞིང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་འཁོར་བར་བཞུགས་པའོ། ། བརྟན་པ་ཞེས་བྱ་བ་ནི་གནས་པའི་ཕྱོགས་སོ། ། གཡོ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་ལས་གཟུང་སྟེ། དེ་ རྣམས་ནི་བཅོམ་ལྡན་འདས་ཀྱིས་ཤེས་པར་བྱའོ། ། ཇི་ལྟར་རྣམ་པར་དག་པའི་བདག་ཉིད་དེ་རྣམས་ཉིད་དེ་གཞན་དང་རྣམ་པ་གཅིག་པའི་ངོ་བོ་སྟེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྣམས་ལ་བཞུགས་སོ། ། སེམས་ ཅན་ཉིད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དེ། དངོས་པོའི་དོན་དམ་པ་ལ་གནས་པས་དེ་བཞིན་གཤེགས་པ་ཞེས་གསུངས་སོ། ། གཡོ་བ་ནི་སྤྲེའུ་ལྟ་བུ་སྟེ།
BO
གང་ཞིག་སེམས་ཅན་ཐམས་ཅད་ཀྱི་སེམས་བརྟན་པའི་ཕྱིར་སེམས་དཔའ་ཞེས་གསུངས་སོ། ། འཛིན་པའི་ཕྱིར་ཏིང་ངེ་འཛིན་ཏེ། ངེས་པར་འབྱེད་པས་རྡོ་རྗེ་ཉིད་དུ་འགྱུར་རོ། ། དེའི་ཕྱིར་སེམས་ཁོ་ན་གཡོ་བ་ཉིད་དུ་གསུངས་ཤིང་ཕྱི་རོལ་ལ་སོགས་པས་མ་ཡིན་ཏེ། དེ་རྣམས་ནི་གཅིག་དང་དུ་མས་དངོས་པོ་མེད་པའི་ཕྱིར་རོ། ། ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། ། དངོས་པོ་ཞེས་བྱ་བ་ནི་གནས་ཀྱི་དོན་ཏོ། ། སྲིད་པ་ཞེས་བྱ་བ་ནི་སྐྱེ་བའོ། ། བརྟན་པ་དང་གཡོ་བ་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའོ། ། དངོས་པོ་དང་ཐམས་ཅད་འདི་ནི་དངོས་པོ་ཐམས་ཅད་དེ། དེ་ནི་བརྟན་པ་དང་གཡོ་བ་ཐམས་ཅད་དངོས་པོ་དང་སྲིད་པའོ། ། བརྟན་པ་ དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་གང་གི་ཐམས་ཅད་ཀྱི་བདག་ཉིད་ཀྱི་རང་བཞིན་འདི་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་རྡོ་རྗེ་འདིས་བཀའ་སྩལ་ཏོ། ། རྡོ་རྗེ་སེམས་དཔའི་ ཐུགས་ཀྱི་ཆོས་ཉིད་ཀྱིས་བརྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དེ། འདིས་འདི་དག་བརྗོད་པར་འགྱུར་བའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་།
BO
མེ་ལོང་ལྟ་བུ་ལ་སོགས་པས་བསྡུས་པར་འགྱུར་བ་རྟག་པ་དང་། མི་བསྐྱོད་པ་ལ་སོགས་པའི་སངས་ རྒྱས་ལྔ་པོ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་བསྡུས་པར་འགྱུར་བའོ། ། ཀུན་གྱི་སྒྲས་ནི་ཡོངས་སུ་ཞེས་བྱ་བར་གཟུང་ངོ་། ། མཉམ་པར་སྦྱོར་བ་ནི་འདུ་བའོ། ། གང་དུ་ཞེ་ན། གསང་བར་ཏེ། ཐམས་ཅད་ཀྱི་ཆོས་ཀྱི་འབྱུང་གནས་ཀྱི་བདག་ཉིད་དུ་ཡིན་གྱི་གཞན་དུ་ནི་མ་ ཡིན་ནོ། ། གང་དང་ལྷན་ཅིག་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་སྟེ། དེ་དང་ཡང་དག་པའི་རང་གི་ངོ་བོས་སྤྲུལ་པ་ལ་སོགས་པའི་ཡན་ལག་དགུ་ཡིས་སོ། ། འོན་ཀྱང་ལོངས་སྤྱོད་རྫོགས་པ་ཅན་དུ་མཛད་པའི་སྐུ་གཅིག་གིས་ཐམས་ཅད་ནས་དེའི་བདག་ ཉིད་ཀྱི་ཆུ་དང་འོ་མ་ལྟ་བུར་འོང་བ་ཡོངས་སུ་འཛིན་ཏོ། ། དེ་ནས་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་གྱིས་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཀྱི་ནང་དུ་དེ་ཁོ་ན་སྐད་ཅིག་གིས་ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས་མཛད་པ་ལྟར་རྟོགས་ཤིང་ཤེས་སོ། ། དེ་བས་ན་སངས་རྒྱས་ ཐམས་ཅད་དང་། དེ་ལས་གཞན་པ་རྣམས་ཀྱི་ལྷན་ཅིག་ཡང་དག་པར་སྦྱོར་བ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའོ། ། མཉམ་པའི་དུས་ནི་དབྱེར་མེད་པའི་དུས་ཏེ།
BO
སྦྱོར་བའི་གནས་ཀྱིས་ཐམས་ཅད་ཀྱི་དེས་སེམས་ཙམ་དུ་སྙོམས་པར་ཞུགས་པས་གཅིག་ ཏུ་གྱུར་པའི་དངོས་པོས་ཕན་ཚུན་དུ་བསྡུས་པས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱིས་ཐམས་ཅད་དུ་འགྲོ་བའི་ཕྱིར་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་གསུངས་སོ། ། དེ་བས་ན་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བས་ནི་ཕྱོགས་བཅུའི་ནམ་ མཁར་འགྲོ་བ་ཡང་དག་པར་མཐོང་བ་འདི་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མར་གསུངས་སོ། ། དྲ་བའི་སྒྲས་ཀྱང་སྒྱུ་མའི་རྣམ་གྲངས་སུ་བལྟ་སྟེ། ཤིང་ལ་སོགས་པ་རྣམས་ལས་སྒྱུ་མའི་རྣམ་པར་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པ་ལྟར་མི་ བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལུས་མེད་ཀྱིས་འདུལ་བའི་སེམས་ཅན་མི་སྤོང་བའི་ཕྱིར་རོ། ། དཀར་མོ་ལ་སོགས་པའི་རྡོ་རྗེ་ལྷ་མོའི་གཟུགས་ལ་རེག་པའི་ཕྱིར་དེ་ཉིད་གྱུར་པས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་སྒྱུ་མའི་མཚན་ཉིད་ གྱིས་གང་ཞིག་ཟག་པ་མེད་པའི་བདེ་བས་ཡིད་ཞི་བའི་དེ་བཞིན་གཤེགས་པ་མང་པོར་འགྱུར་རོ། ། དེ་ནས་སྡོམ་པའི་སྒྲས་བརྗོད་པར་བྱ་སྟེ། སྃ་ཞེས་བྱ་བ་ནི་བདེ་བའོ། ། བར་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་དོན་ཏོ།
BO
། བུད་མེད་ཀུན་ནི་གོང་དུ་ གསུངས་སོ། ། སྒྱུ་མ་ནི་ཇི་སྐད་དུ་གསུངས་པ་སྟེ། སྒྱུ་མས་སྒྱུ་མའི་རང་བཞིན་དེས་ཞེས་བྱ་བའི་དོན་ཏོ། ། དེ་ཡང་རང་བཞིན་གྱིས་གྲུབ་སྟེ་གྲུབ་པ་རྫོགས་པའོ། ། ཇི་ལྟར་རང་གི་ངོ་བོ་ཡོངས་སུ་གྱུར་པ་ཞེ་ན། རང་རྣམས་དང་དེ་རྣམས་ཀྱི་གཟུགས་ཅན་ནི་རང་གི་ གཟུགས་ཅན་ཏེ། ཀུན་གཞི་དང་། ཉོན་མོངས་པ་ཅན་དང་། ཡིད་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་དེ་རྣམས་ཡོངས་སུ་གྱུར་པ་ནི་རང་གི་ངོ་བོས་ཡོངས་སུ་གྱུར་པའོ། ། བདག་མེད་པའི་ཏིང་ངེ་འཛིན་གྱི་སྒོམ་པས་མེ་ལོང་ལྟ་ བུ་དང་། མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་རང་བཞིན་ལ་གནས་ནས་ལྡོག་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། ། གང་གི་ཕྱིར་རང་གི་ངོ་བོ་ཡོངས་སུ་གྱུར་པས་བུད་མེད་ཐམས་ཅད་ཀྱི་སྒྱུ་མའི་རང་བཞིན་གྱི་དངོས་གྲུབ་ཡིན་ཏེ། དེའི་ཕྱིར་རྙེད་པ་ཀུན་ གྱི་བདེ་སྤྲོ་བས། ། བུད་མེད་ཐམས་ཅད་འགྲུབ་པར་འགྱུར། ། ཞེས་བྱ་བ་ཡིན་ནོ། ། སྣ་ཚོགས་དང་སྒྱུ་མ་ནི་སྣ་ཚོགས་སྒྱུ་མ་སྟེ། ཁ་དོག་དང་དབྱིབས་སྣ་ཚོགས་པ་ལས་ལྷ་མོ་ཐམས་ཅད་ལ་སོགས་པའི་གཟུགས་སོ། །
BO
དེའི་སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི་བཟུང་ ནས་བློ་ལ་གཞག་པར་བྱས་ནས་འདི་སྐད་བཀའ་སྩལ་པ། མཁའ་འགྲོ་མ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བཙུན་མོའི་འཁོར་གྱི་ནང་དུ་སོན་པའི་ཕྱོགས་བཅུའི་ནམ་མཁར་གང་ཞིག་འགྲོ་བ་འདི་ནི་སྒྱུ་མ་སྣ་ཚོགས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། ། འཇིག་རྟེན་ དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བསྟན་བཅོས་ཀྱི་ནང་དུ་རབ་ཏུ་གྲགས་པ་མི་གསལ་བའི་སྐད་ཀྱིས་རང་གི་བརྡར་བྱས་པ་ཞེས་བྱ་བའི་དོན་ཏོ། ། མཁའ་འགྲོ་མ་ལ་སོགས་པ་འདི་ནི་མདོར་བསྡུས་ནས་གསུངས་པ་ཡིན་ནོ། ། གང་གི་ཕྱིར་བུད་མེད་ཐམས་ཅད་ནི་བཅོམ་ ལྡན་འདས་ཀྱི་རྡོ་རྗེ་ལྷ་མོའོ། ། འཁོར་བར་བྱེད་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པ་བརྒྱད་ལ་གནས་ནས་ལྡོག་པའི་མཚན་ཉིད་ཀྱིས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒྱུ་མའི་རང་བཞིན་གྱིས་གྲུབ་ པའོ། ། དེའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ནི་སྣ་ཚོགས་སྒྱུ་མའི་རང་གི་ངོ་བོ་སྟེ། དེ་རྣམས་ཀྱི་སྒྱུ་མས་ནམ་མཁར་འགྲོ་བའི་བྱ་བ་སྟེ། དེ་ནི་གཟུགས་སྣ་ཚོགས་སུ་འགྱུར་ཏེ།
BO
དེའི་ཕྱིར་སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི་ནི་མཁའ་འགྲོ་མ་ཞེས་བྱ་བར་བརྗོད་ པར་བྱའོ། ། ཀླ་ཀློས་དེ་རྣམས་ཀྱི་ནམ་མཁར་འགྲོ་བ་འབའ་ཞིག་གིས་བྱ་བ་ནི་མཁའ་འགྲོ་མར་བརྗོད་པ་མ་ཡིན་ཏེ། དེ་སྐད་དུ། ནམ་མཁའ་ཀུན་དུ་སྤྱོད་གྲུབ་པ། ། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་ཞེས་དེའི་ཕྱིར་བཤད་དོ། ། ཀུན་ལས་ཞེས་བྱ་བ་ནི་ཕྱོགས་ བཅུའོ། ། སྣ་ཚོགས་དང་དེའི་ཕྱག་རྒྱ་ནི་སྣ་ཚོགས་ཕྱག་རྒྱ་སྟེ། སྤྱན་ལ་སོགས་པའི་ཕྱག་རྒྱའོ། ། གཟུགས་བརྙན་གྱི་རྣལ་འབྱོར་གྱིས་སེམས་ཅན་གྱི་ཁམས་ལ་ཕྱག་རྒྱས་འདེབས་པའི་ཕྱིར་དེས་ན་ཕྱག་རྒྱ་ཞེས་བརྗོད་དོ། ། སྣ་ཚོགས་ཞེས་བྱ་བ་ནི་ཐམས་ ཅད་ཀྱི་རང་བཞིན་ནམ། དཔལ་རྡོ་རྗེ་སེམས་དཔའ་ཐམས་ཅད་དང་། ཕྱག་རྒྱ་ནི་སྣ་ཚོགས་ཀྱི་ཕྱག་རྒྱའོ། ། ཀུན་ལས་སྣ་ཚོགས་སྡོམ་པ་ཡིས། ། ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པ་སྟེ། བདེ་བའི་མཆོག་གིས་ནམ་མཁའ་ཀུན་ཏུ་འགྲོ་བའི་ངོ་བོ་ནི་མཁའ་འགྲོ་མའོ། ། སངས་ རྒྱས་སྐད་དབྱིངས་ཞེས་བྱ་བ་ནི་སངས་རྒྱས་དཔལ་རྣམ་པར་སྣང་མཛད་ལ་གནས་ནས་མངོན་པར་ལྡོག་པ་ནི་རང་བཞིན་གྱི་ཁམས་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་།
BO
ཐུགས་ཀྱི་རང་བཞིན་གྱི་ཁམས་རྣམས་ནི། སངས་རྒྱས་ཀྱི་སྐད་ཀྱི་ དབྱིངས་ཀྱི་སྒྲས་བརྗོད་དེ། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ལ་གནས་ནས་མངོན་པར་ལྡོག་པའི་རྒྱུ་རྣམས་ནི་དེའི་རང་བཞིན་ཁམས་རྣམས་ཏེ་མཁའ་འགྲོ་མའི་སྒྲས་ནམ་མཁའ་ལ་འགྲོ་བའི་རང་བཞིན་དུ་བསྟན་ཏོ། ། དེ་བཞིན་དུ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་བདག་པོ་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་ཁམས་རྣམས་སུ་བལྟ་བར་བྱའོ། ། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སྤྱན་ལ་སོགས་པས་ཡོངས་སུ་བསྐོར་བའི་ནམ་མཁའ་ལ་འགྲོ་ བ་ཐམས་ཅད་རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི་མཁའ་འགྲོ་མ་དང་། དེ་སྐད་དུ་དཔལ་ཧེ་རུ་ཀ་ལ་དཀར་མོ་ལ་སོགས་པས་ཡོངས་སུ་བསྐོར་བའི་ནམ་མཁའ་ལ་འགྲོ་བ་ཐམས་ཅད་ཧེ་རུ་ཀའི་བདག་ཉིད་ཀྱི་མཁའ་འགྲོ་མ་དང་། དེ་སྐད་དུ་བདག་མེད་མའི་རྣལ་འབྱོར་དང་ལྡན་ པ་ལ་རྡོ་རྗེ་མ་ལ་སོགས་པས་ཡོངས་སུ་བསྐོར་བའི་ནམ་མཁའ་ལ་འགྲོ་བ་ཐམས་ཅད་དང་། བདག་མེད་པའི་བདག་ཉིད་ཀྱི་མཁའ་འགྲོ་མ་དང་།
BO
དེ་སྐད་དུ་ཡེ་ཤེས་དང་ལྡན་པ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པས་ཡོངས་སུ་བསྐོར་བའི་ནམ་མཁའ་ལ་འགྲོ་བ་ཐམས་ ཅད་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་མཁའ་འགྲོ་མ་དང་། དེ་ལྟར་སྒྲོལ་མ་དང་ལྷན་ཅིག་པདྨ་ཅན་དང་། པདྨའི་འཁོར་ལོ་དང་། གཤིན་རྗེའི་རྒྱལ་པོ་དང་། དེ་སྐད་དུ་རྟ་མཆོག་དང་། དེ་བཞིན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཉིད་དང་། གཞན་ཡང་ཡིད་ ལ་འདོད་པ་ཡང་རིགས་ཀྱི་རབ་ཏུ་དབྱེ་བས་ཕྱེ་བ་ལ་མཁའ་འགྲོ་མས་དེ་བཞིན་དུ་ཡོངས་སུ་བསྐོར་བ་ཉིད་དུ་བརྗོད་དོ། ། དེ་སྐད་དུ་སངས་རྒྱས་ཀུན་གྱི་མཁའ་འགྲོ་རྣམས་བསྟན་ནས། སྡོམ་པ་བཤད་པར་བྱ་བའི་ཕྱིར་བདེ་བ་ཞེས་བྱ་བ་ནི་གང་ཞིག་བཅོམ་ལྡན་འདས་དཔལ་རྡོ་རྗེ་ སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་མཉམ་པར་སྦྱོར་བས་གང་ཞིག་ཤིན་ཏུ་བདེ་བ་དང་ལྡན་པར་སྐྱེད་པར་བྱེད་དོ། ། དེ་ལས་ཅིར་འགྱུར་ཞེ་ན། མཆོག་ནི་ཁྱད་པར་དུ་འཕགས་པ་སྟེ། བདེ་བ་ཐམས་ཅད་ཀྱི་ཐབས་ཕུལ་དུ་བྱུང་བའི་ཕྱིར་རོ། ། དེ་ཉིད་ཀྱི་ཕྱིར་སྒྱུ་མ་ ཐམས་ཅད་ཀྱི་རབ་ཏུ་སྦྱོར་བ་སྟེ། དེ་ཡང་གཞན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་མཉམ་པར་སྦྱོར་བས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
BO
སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲ་བའི་རབ་ཏུ་སྦྱོར་བ་ཉིད་ཀྱིས་གང་ཞིག་བདེ་བ་བསྐྱེད་པ་དེ་ཉིད་ གང་གི་ཕྱིར་སྃ་གྱི་སྒྲས་བརྗོད་དོ། ། དེའི་ཕྱིར་དེའི་རྒྱུས་གང་ཞིག་བདེ་བ་མཆོག་ཁྱད་པར་དུ་འཕགས་པ་སྐྱེད་པར་བྱེད་པ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་དེའི་རྣམ་པར་དག་པ་སྒྱུ་མ་ལྟ་བུའི་ཆོས་རྣམས་ཐམས་ཅད་རྟོགས་པས་སྙིང་རྗེ་ཆེན་ པོ་སྐྱེའོ། ། སྟོང་མིན་ཞེས་བྱ་བ་ནི་ཁམས་གསུམ་དང་། འདོད་པ་ཀུན་ཏུ་སྤྱོད་པའི་ཡང་དག་པ་མ་ཡིན་པར་ཀུན་བརྟགས་པའི་དངོས་པོ་ཡིན་པའི་ཕྱིར་དེར་ཡང་དག་པ་མ་ཡིན་པར་ཀུན་བརྟགས་པའི་སྟོང་པ་མ་ཡིན་པས་དངོས་པོ་ཡིན་པའི་ཕྱིར་རོ། ། སྟོང་པ་མིན་པའང་ མིན་ཞེས་བྱ་བ་ནི་དོན་དམ་པར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དངོས་པོ་མེད་པ་སྟེ། གང་གི་ཡེ་ཤེས་ཀྱིས་གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་མངོན་སུམ་དུ་བྱས་པ་དེའི་ཡེ་ཤེས་ཀྱང་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དམིགས་པར་མི་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་དེ་སྐད་དུ་ཡང་དག་པའི་ཡེ་ཤེས་ཀྱི་དབུ་མར་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །
BO
དེ་ཡང་ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། ། ཞེས་གསུངས་ཏེ། དེ་ཉིད་ཀྱི་ཐབས་ཏེ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་རྗེའི་བདག་ ཉིད་ཀྱི་དམིགས་པ་ནི་སྙིང་རྗེའི་རང་བཞིན་ཏེ། དེ་ནས་མཛེས་པའི་སྙིང་རྗེ་ཐབས་ཞེས་བྱ་བ་ནི་ཤིན་ཏུ་སྙིང་རྗེ་ཡང་མཛེས་པའི་སྙིང་རྗེ་སྟེ། བཏང་སྙོམས་ཀྱིས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། ། དེ་ཉིད་ཐབས་ཏེ་གང་གི་ཤིན་ཏུ་སྙིང་རྗེ་དང་ལྡན་པའི་ཐབས་འདི་ནི་ མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཏེ། དཔལ་རྣམ་པར་སྣང་མཛད་དོ། ། ཅིར་གྱུར་པས་ཞེ་ན། ཆོས་དག་བྱུང་བ་ཞེས་བྱ་བར་སྦྱོར་རོ། ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་དག་གསལ་ཞེ་ན། ཤེས་རབ་ཅེས་བྱ་བ་ནི་ཆོས་རྣམས་སྒྱུ་མ་ལྟ་ བུར་རབ་ཏུ་རྣམ་པར་འབྱེད་པའི་རྣམ་པར་བརྟག་པར་བྱ་སྟེ། དེ་ཉིད་བདག་གི་ཕུན་སུམ་ཚོགས་པའོ། ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སོན་པ་སྟོན་པ་སྟེ། ཤེས་རབ་ཕ་རོལ་ཕྱིན་གསལ་བ། ། ཞེའོ། ། གང་གིས་ཞེ་ན། རྣམ་རྟོག་མེད་པར་ལྷག་མོས་བས་ཞེས་སོ། ཅི་མཛད་ ཅེ་ན། བརྟགས་པར་ནི་སྔོན་དུ་བདག་པོའི་ནུས་པ་ལས་ཞེས་བྱ་བར་དགོངས་སོ། ། ཅི་བརྟགས་ཞེ་ན།
BO
བརྟགས་པ་ཀུན་གྱིས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རང་དབང་དུ་སྒྱུ་མ་ལྟ་བུའི་ངོ་བོའོ། ། ཅིའི་མཚན་ཉིད་རྣམས་ལས་ཞེན། རྣམ་རྟོག་མེད་ པའི་ཆོས་རྣམས་ལ། ། སེམས་ཅན་དོན་ནི་ཡོངས་སུ་བརྟགས། ། ཞེས་པ་ནི་སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་རྒྱུར་བརྟགས་པའོ། ། དེ་བརྟགས་པས་ཅིར་འགྱུར་ཞེ་ན། སྒྲ་བརྙན་ལྟ་བུར་མཉམ་པ་ཉིད། ། ཅེས་བྱ་བ་ལ་སྒྲ་བརྙན་ཞེས་བྱ་བ་ནི་བྲག་ཅའི་སྒྲའོ། ། དེས་ དབྱངས་མཆོག་དང་མཉམ་ཞིང་མཉམ་པར་དབྱངས་ཀྱི་རྗེས་སུ་འགྲོ་བ་དང་སྒྲ་རྣམ་པར་རྟོག་པའི་ངོ་བོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་སྒྲ་བརྙན་ལྟ་བུར་མཉམ་ཞིང་དེ་དེ་ལྟར་གྱུར་པར་རྟོག་གོ། ། དེ་ཅི་ཞེ་ན། དེ་ནས་འདི་ནི་ཆོས་ངག་བྱུང་། ། ཞེས་བྱ་བ་ནི་དེ་ནས་དེའི་ཕྱིར་ ཆོས་ལས་ཆོས་ཀྱི་དོན་གྱི་ངེས་པའི་ཚིག་སོ་སོར་སྣང་བ་སོ་སོར་རིག་པ་ནི་བརྟགས་པའི་ངོ་བོ་སྟེ། དེ་ཉིད་ཀྱི་ཕྱིར་འདི་ནི་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གསུམ་གསལ་བར་བྱེད་པའོ། ། ངག་གི་ཆོས་ནི་ངག་གི་དབྱངས་ཞེས་བྱ་བའི་དོན་ནོ། ། དེ་དེ་ལྟར་ གྱུར་བ་ནི་ངག་འབྱེད་པ་སྟེ། ངག་གི་འདི་ནི་དེའི་དེ་བཞིན་དུ་བརྗོད་དོ། །
BO
དེ་ཡང་དག་པ་མ་ཡིན་པ་ལས་གྲུབ་པ་ནི་ཆོས་ངག་ལས་གྲུབ་པའི་ཕྱིར་རོ། ། ཐེག་པ་དང་ཆེན་པོ་དེ་ནི་ཐེག་པ་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། ། ཆེན་པོ་རྣམ་པ་བདུན་ དུ་སྦྱོར་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དག་ཏུ་གྲུབ་བོ། ། དེའི་ཕྱིར་ཆེས་ཁྱད་པར་དུ་འཕགས་པ་རྡོ་རྗེའི་ཐེག་པ་ཐེག་པ་ཆེན་པོ་ནི་སྐྱེ་བ་འདིར་སངས་རྒྱས་ལ་སོགས་པ་རབ་ཏུ་བསྒྲུབ་པའི་ཕྱིར་དེའི་ཡོན་ཏན་དམ་པར་གྱུར་པ་སྟོབས་དང་མི་འཇིགས་པ་ལ་སོགས་ པ་སྟེ། དེ་རྣམས་ཀྱི་ཚོགས་ནི་རྒྱས་པ་སྟེ། དེ་རྣམས་ཡོན་ཏན་དམ་པར་གྱུར་པས་སོ། ། དུས་གསུམ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་རོ། ། དམ་ཚིག་གསུམ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཐམས་ཅད་དོ། ། དེ་བཞིན་གཤེགས་པ་ཐམས་ ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། ། བསྟོད་པ་ཇི་ལྟ་བུ་ཞེ་ན། རྣམ་པར་རྟོག་པ་མེད་པ་རྣམ་པར་གྲོལ་བས་གཟུགས་བརྙན་ལ་སོགས་པའི་རིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་དོ། །
BO
གང་གི་ཕྱིར་བརྟན་པ་དང་གཡོ་བ་ལ་སོགས་པ་མ་ལུས་པ་ ལ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཁྱབ་ཅིང་བརྟན་པ་དང་གཡོ་བ་ལ་སོགས་པ་དེས་ཁྱབ་པས་ཁམས་གསུམ་རྣམ་པར་རིག་པ་ཙམ་སྟེ། དེའི་ཕྱིར་སྡོམ་པ་ལ་སོགས་པ་རྣམས་ལ་ལྷའི་རྣལ་འབྱོར་དུ་གསུངས་སོ། ། བཅོམ་ལྡན་འདས་གལ་ཏེ་ཅིའི་སླད་དུ་དེའི་རང་བཞིན་ཐམས་ ཅད་དེའི་རྣམ་པས་འཇིག་རྟེན་པས་དེ་རྟོགས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། ། ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་དངོས་པོས་སོ། ། བདག་ཉིད་ཀྱི་ཞེས་བྱ་བ་ནི་རང་གིའོ། ། རྣམ་ཤེས་ཕུང་པོར་ཞེས་བྱ་བ་ནི་གང་ཞིག་རྣམ་པར་ཤེས་པའི་ལུས་ལའོ། ། གནས་པ་ནི་རང་རིག་པའི་སེམས་ཀྱི་ངོ་བོ་སྟེ། དེའི་ཕྱིར་རྨོངས་པ་ནི་གཏི་མུག་གོ། ། སྐྱེས་བུ་ཐ་མ་ནི་རིག་པ་ཅན་ལ་སོགས་པའོ། ། རྟོགས་མི་ནུས་ཞེས་བྱ་བ་ནི་རྨོངས་པ་དང་བཅས་པས་ མི་ཤེས་སོ། ། བཅོམ་ལྡན་འདས་གལ་ཏེ་དེ་མི་འཚལ་ན་ཇི་ལྟར་དེ་རྣམས་ཀྱི་དེ་ཁོ་ན་འཚལ་བ་ལགས། བཀའ་སྩལ་པ། སེམས་དང་སེམས་བྱུང་སེམས་ཚུལ་བདག ། ཅེས་བྱ་བ་ནི་སེམས་ཅན་གྱི་སེམས་ཀྱི་ངོ་བོའོ། །
BO
སེམས་ཞེས་བྱ་བ་ནི་ཐམས་ཅད་དུ་དངོས་པོའི་ རང་བཞིན་དགེ་བའི་ཕུང་པོ་ལ་སོགས་པ་རིག་པར་བྱེད་པའི་བདག་ཉིད་ཅན་གྱི་འཚོ་བའོ། ། ཡེ་ཤེས་ཀྱི་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བ་སྟེ། དེ་ལ་ཁྱབ་འཇུག་གི་ཡེ་ཤེས་ཀྱི་བདག་ཉིད་སྐྱེས་བུའོ། ། ཤེས་བྱའི་རང་བཞིན་ཅན་ཞེས་བྱ་བ་ནི་ཤེད་བུ་དང་། ཤེད་ ལས་སྐྱེས་དང་། ཚོར་བ་པོ་དང་། བྱེད་པ་པོ་དང་། གནས་ཀྱི་དོན་དང་། རང་གི་ངོ་བོ་ཅན་དང་བྱེད་པ་པོ་ཉིད་དོ། ། དབང་ཕྱུག་ཏུ་སྨྲ་བ་རྣམས་ནི་ཆོས་རྣམས་ཀྱི་བྱེད་པར་དབང་ཕྱུག་འདོད་དོ་ཞེས་ཟེར་རོ། ། ཆོས་ཅན་དངོས་པོ་ཉིད་ཅེས་བྱ་བ་ནི་བདག་ཉིད་ཅན་དེ་ཉིད་གྲུབ་ པའི་མཐའ་ལས་བསོད་ནམས་ལ་སོགས་པའི་ཆོས་རྣམས་ཀྱི་བྱེད་པ་པོའམ། ཆོས་ཀྱི་ངོ་བོར་དབང་ཕྱུག་ཆེན་པོ་དབང་ཕྱུག་ཆེན་པོ་འདོད་དོ། ། དེ་རབ་ཏུ་བསྟན་པའི་དོན་དུ་འདིས་རྗེས་སུ་འགྲོ་བ་དང་ལྡོག་པར་གསུངས་པ་དང་། གཅིག་དང་དུ་མ་དག་དང་བསྒྲུབ་ པར་བྱ་བ་དག་དང་། ཆོས་ཅན་དག་དང་གཏན་ཚིགས་དང་། དཔེ་དག་བཀའ་སྩལ་པ། ཆོས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་དང་། དུ་མས་ཞེས་བྱ་བ་ནི་གལ་ཏེ་དུ་མ་ཉིད་བསྒྲུབ་པར་བྱ་བའི་རྒྱུར་བརྗོད་ན་དུ་མ་ཉིད་མི་བསྐྱེད་པའི་ཕྱིར་རོ། །
BO
འདིས་གཅིག་པ་ཉིད་བསྒྲུབ་པར་བྱ་ བའི་ཕྱིར་བརྗོད་པས་ཆུ་བོ་དང་རྒྱ་མཚོའི་གནས་ཀྱིས་གཉིས་ཀྱིའང་དཔེ་བརྗོད་དོ། ། འདིས་གཅིག་དང་དུ་མ་དག་གིས་བསྒྲུབ་པའི་ཕྱིར་དཔེར་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་དུ་མའི་ཆོས་ཀྱི་མཐར་བརྗོད་པའི་སེམས་ལ་སོགས་པའི་དངོས་པོ་དུ་མ་ནི་མང་པོ་ཉིད་དེ། གང་ གི་ཕྱིར་གཅིག་ལས་ལོག་པ་རྣམ་པ་སྣ་ཚོགས་པའི་རིམ་པ་འདིས་ཆོས་ནི་དུ་མས་ནི་ཞེས་པ་ནི་རྒྱུས་ཐམས་ཅད་མུ་སྟེགས་པའི་སེམས་ལ་སོགས་པའི་རྣམ་པ་དུ་མར་འདོད་དོ། ། ཅི་བཅོམ་ལྡན་འདས་དམིགས་ལགས་སམ། བཀའ་སྩལ་པ། ཆུ་བོའི་རྒྱུན་ནི་ཞེས་བྱ་ བའི་སྒྲས་ནི་ཉན་ཐོས་སོ། ། རྒྱ་མཚོ་ཞེས་བྱ་བ་ནི་རོལ་མཚོ་ལས་ཕྱི་རོལ་དུ་ཇི་ལྟར་ཆུ་བོ་སཱི་ཏ་དང་། སིནྡྷུ་དང་། གང་གཱ་ལ་སོགས་པའི་ཆུ་བོའི་རྒྱུན་འབབ་ཅིང་རབ་ཏུ་འཁོར་བ་འདི་ནི་སིནྡྷུའི་ཆུ་བོའོ། ། འདི་ནི་གང་གཱའི་ཆུ་བོ་ཞེས་སྣ་ཚོགས་ཉིད་དུ་དམིགས་པར་མི་འགྱུར་རོ། ། དེ་བཞིན་དུ་ཟབ་ཅིང་གཏིང་དཔག་དཀའ་བའི་ཆོས་ཀྱི་དབྱིངས་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་ཅན་རྣམས་ཀྱི་བདག་དང་འཚོ་བ་དང་། སྐྱེས་བུ་དང་གང་ཟག་ཅེས་བྱ་བ་སྣ་ཚོགས་ཉིད་དུ་འདོད་དོ། །
BO
བཅོམ་ལྡན་འདས་ཅི་འདིར་དེ་ཁོ་ན་ཉིད་དུ་མའི་རྣམ་པ་ཉིད་ལགས་སམ། བཀའ་སྩལ་པ། མ་ཡིན་ནོ། ། གང་ཞིག་འདིར་དེ་ཁོ་ན་ནི་གཅིག་ཏུ་མངོན་པར་འདོད་དེ། དེ་ཁོ་ན་ཉིད་དེའི་ངོ་བོ་གཅིག་པར་གཟུང་བ་ཉིད་དོ། ། གང་གི་ཕྱིར་གཅིག་དང་མང་པོ་ཉིད་ཅེས་བྱ་བ་ལ་སོགས་པ་ལས་མང་པོ་ཉིད་ཅེས་བྱ་བ་ནི་དེ་རྣམས་ཀྱི་སེམས་ལ་སོགས་པ་གང་ ཞིག་དུ་མ་རྣམ་པ་སྣ་ཚོགས་པ་དེ་ནི་དམ་པས་དམིགས་པར་མི་འགྱུར་ཞིང་རིགས་པས་རྟོགས་པར་མི་འགྱུར་རོ། ། གང་གི་ཕྱིར་དུ་མ་ཉིད་ནི་གཅིག་ལ་འཇུག་པ་སྟེ། དཔེར་ན་ཆུ་བོ་རྣམས་ཀྱི་དུ་མ་ཉིད་རྒྱ་མཚོར་འཇུག་པ་ལྟར། སེམས་དང་བདག་ལ་སོགས་པ་ཡོད་དོ་ ཅེས་བྱ་བར་རིགས་པས་རྟོགས་པར་མི་འགྱུར་ཞིང་། རིགས་པ་ཡོད་པ་དང་ལྡན་དུ་ཟིན་ཀྱང་སེམས་ལ་སོགས་པ་གང་གི་ཚེ་ཆོས་ཐམས་ཅད་བདག་མེད་པར་ཞུགས་པ་དེའི་ཚེའང་། དེ་རྣམས་ཀྱི་སྣ་ཚོགས་ཉིད་མི་འདོད་དོ། ། དཔེར་ན་རྒྱ་མཚོ་ལ་ཆུ་བོ་དུ་མ་ཉིད་ཞུགས་པའི་ སོ་སོར་སྣང་བའི་དངོས་པོ་མེད་དོ། ། དེ་བཞིན་དུ་དུ་མ་ཉིད་ཀྱི་དངོས་པོ་མེད་པའི་ཕྱིར། དེ་ཁོ་ན་ཉིད་གཅིག་པའི་རྣམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །
BO
དེ་དེ་ལྟ་བུའི་རྣམ་པས་གང་ལས་དེ་ཁོ་ན་ཉིད་རྙེད་པར་འགྱུར་བ་ལགས། བཀའ་སྩལ་པ། བླ་མའི་ཞལ་ལས་ཞེས་བྱ་ བ་ལ་བླ་མ་ནི་སྔགས་དང་། རྒྱུད་དང་མན་ངག་ཅན་ཏེ། གང་ཞིག་ཚིག་གིས་མན་ངག་རྙེད་པར་འགྱུར་རོ། ། དེའི་མན་ངག་ངེས་པར་བསྟན་པ་བཀའ་སྩལ་པ། ནང་གི་ཞེས་བྱ་བ་ནི་རྩ་མཛེས་པའི་སྤྱི་བོར་ཇི་ལྟ་བུའི་གཟུགས་ཀྱིས་རྣམ་པར་གནས་པ་དང་། ནམ་མཁའ་ལྔ་ ཡིས་བརྒྱན་པར་བྱས་པའོ། ། གསང་བའི་པདྨ་ནི་གསང་བའི་གནས་ཞེས་གསུངས་ཏེ། པདྨའི་ལྟེ་བར་རྩ་མཛེས་པའི་སྤྱི་བོའི་ཕྱོགས་སུ་ཁྲག་དང་། ཁུ་བ་དང་གཅི་བ་འཛིན་པའི་རྩ་ལྔ་ཡིས་མཛེས་པའི་ཕྱིར་སྤྱི་བོའི་ནམ་མཁའི་གནས་སུའོ། ། ཡང་ན་ཆུ་དང་། མེ་དང་། དབང་ཆེན་དང་། རླུང་དང་། བསིལ་བ་དང་། ཚ་བ་དང་། གཉིས་ཀྱིས་ཚ་བའི་མཚན་ཉིད་དང་། འདོད་ཆགས་ཀྱི་དཀྱིལ་འཁོར་གྱི་ནང་དུ་ཞུགས་པས་ནམ་མཁའི་ལྔ་པོ་འདི་རྣམས་ཀྱིས་བརྒྱན་པར་བྱས་པ་སྟེ། པདྨ་འབའ་ཞིག་གིས་བརྒྱན་པ་ནི་མ་ཡིན་ནོ་ཞེས་བཀའ་ སྩལ་ཏོ། ། གསང་བ་ཞེས་བྱ་བ་ནི་དོན་རྣམ་པ་བདུན་ཏེ། བརྒྱད་པ་ནི་བརྗོད་དུ་མེད་པའི་མཚན་ཉིད་དོ། ། གསང་བ་ཞེས་བྱ་བ་ནི་མི་གསལ་བའོ། ། དེར་གསང་བ་དེ་ཉིད་ཕྱོགས་ཡིན་ཏེ།
BO
དེ་ཁོ་ན་ཉིད་མདོར་བསྟན་པའོ། ། གསང་བ་ནི་ས་བོན་ལྔའོ། ། གསང་བ་ནི་དམ་ པའི་དངོས་པོ་སྦས་པའོ། ། གསང་བ་ནི་གསང་བའི་པདྨའོ། ། གསང་བ་ནི་ལྟེ་བའི་དགའ་བའོ། ། གསང་བ་ནི་ཐམས་ཅད་དུ་འགྲོ་བའོ། ། གསང་བ་ནི་བདེ་བ་ཐམས་ཅད་མཐའ་ཡས་པ་སྟེ། རྒྱུད་ཀྱི་གཞུང་གིས་བཤད་དོ། ། གསང་བ་ཡང་ནི་བྱང་ ཆུབ་སེམས། ། གཉིས་པ་ཐབས་དང་ཤེས་རབ་ཉིད། ། གསུམ་པ་ཡང་ནི་སྙིང་རྗེ་སྟེ། ། བཞི་པ་སྙིང་པོ་དམ་པ་ཉིད། ། ལྔ་པ་མཉམ་པ་ཉིད་དུ་གསུངས། ། དྲུག་པ་ཡང་ནི་བྱམས་པ་ཉིད། ། བདུན་པ་ཆོས་ཉིད་ཡེ་ཤེས་ཏེ། ། འདི་རྣམས་གནས་སུ་ཀུན་ཏུ་བཞུགས། ། བྱང་ཆུབ་སེམས་ནི་མ་སྐྱེས་པ། ། ཏིང་འཛིན་རྣམ་པ་སྣ་ཚོགས་མཆོག ། མིང་ནི་མཛེས་སྤྱིར་རྣམ་པར་བཤད། ། རྡོ་རྗེ་སེམས་དཔའི་དགའ་མ་དེ། ། མང་པོའི་གནས་སུ་གཅིག་པུ་སྟེ། ། དེ་ནི་ཤེས་རབ་ཕ་རོལ་ཕྱིན། ། ཀུན་མཁྱེན་ཀུན་འགྲོ་ཐམས་ཅད་པ། ། ཕྲ་སྙིང་ གསང་བའི་མཁའ་གྲོང་འགྲོ། ། སྒྱུ་མའི་གཟུགས་བརྒྱ་རིག་པའི་ཕྱིར། ། སངས་རྒྱས་ཀུན་གྱིས་འཆད་པར་བྱེད། ། མེ་ལོང་ལ་སོགས་དངོས་པོ་ཡིས། ། སྔགས་ནི་ལྔ་པོ་ཡང་དག་བཤད། ། ཤེས་རབ་ཕ་རོལ་ཕྱིན་པར་གསུངས། ། ཡི་གེ་དང་པོ་གཅིག་གྱུར་ པ། །
BO
མེ་ལོང་ལ་སོགས་བདེ་གཤེགས་ལྔ། ། དྲུག་པ་དཔལ་ལྡན་བདེ་ཆེན་པོ། ། དེ་ཡི་ཡང་ནི་ཡེ་ཤེས་གཞན། ། དྲུག་པ་སྟེང་དུ་གྲགས་པ་མེད། ། རྒྱུད་ནི་འབུམ་ཕྲག་ཆད་དུ་ནི། ། དྲུག་པ་ཡོད་པར་མ་གསུངས་སོ། ། རྡོ་རྗེ་སེམས་དཔའ་ལྟ་བུ་ཉིད། ། མི་ ཡི་འཇིག་རྟེན་ཡོད་མ་ཡིན། ། དེ་ཕྱིར་ང་ཡིས་ཁྱོད་ལ་བཤད། ། འདི་ཉིད་ཀྱི་ནི་ནང་སོན་པས། ། གཉིས་མེད་མཉམ་པ་ཉིད་དུ་གང་། ། སྔོན་དང་ཕྱི་མར་བཅོམ་ལྡན་འདས། ། དཔལ་ལྡན་རྡོ་རྗེ་སེམས་དཔས་གསུངས། ། འདི་ལ་སློབ་དཔོན་གྱིས་ཐམས་ཅད་དུ་འགྲོ་བའི་ ཡེ་ཤེས་ཇི་ལྟ་བུ་ལགས། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། གནས་ནི་རྣམ་པ་བཞི་རུ་གསུངས། ། བཞི་ནི་ཆ་དང་ཡང་དག་ལྡན། ། པདྨ་བཞི་ལ་རྣམ་པར་གནས། ། སྤྱི་བོ་མེད་སྙིང་པདྨར་གནས། ། ཁ་ཡི་པདྨའི་སྤྱི་བོར་གནས། ། ལྟེ་བའི་པདྨར་གནས་ པའི་སྒྲ། ། སྒྲ་མཐར་གསང་བའི་པདྨར་ནི། ། འགྲོ་དང་རྗེས་སུ་འོང་བར་བྱེད། ། ཐིག་ལེའི་སྦྱོར་བས་རབ་ཏུ་བསྐོར། ། ཁ་དོག་གནག་དང་དམར་བ་དང་། ། མདོག་དཀར་དེ་བཞིན་སེར་བ་ཉིད། ། ཆ་ནི་བཅོམ་ལྡན་ཐིག་ལེའི་གཟུགས། ། ཆ་ནི་ཤེས་རབ་ཆ་ཞེས་གསུངས། ། ལྷ་མོ་སྒྲ་ནི་རྣམ་ངེས་བསྟན། ། གང་དེ་རིག་མ་སྒྱུ་མ་ཆེ། །
BO
སྣ་ཚོགས་གཟུགས་ཅན་མཐའ་ཡས་མ། ། འབྱིན་ཅིང་སྡུག་དང་འཇིགས་དང་ཆགས། ། ཐིག་ལེའི་སྒྲ་ནི་ཡོངས་སུ་བསྐོར། ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། ། བཞི་སྟོང་གི་ནི་ཆོ་གས་ནི། ། ལུས་ཀྱི་ དེ་ཉིད་མི་ཤེས་པས། ། དེ་དག་ཐམས་ཅད་འབྲས་བུ་མེད། ། ཡིག་འབྲུ་རྣམས་ཀྱི་དང་པོ་ཨ། ། བརྟན་དང་གཡོ་བ་རྣམས་ལ་གནས། སྙིང་རྗེ་ཆེན་པོ་རེ་ག་བྱུང་། ། ཁ་ནི་འོག་ཏུ་ནམ་མཁའ་འབྱེད། ། ཐོག་མ་ཐ་མ་མེད་པའི་ལྷ། ། དེ་ཡི་སྤྱི་བོ་ངེས་པར་བསྟན། ། མཆོག་གི་དེ་ཉིད་འདི་དག་ནི། ། ལྷ་མོ་ང་ཡིས་རབ་ཏུ་ཕྱེ། ། འདི་ཉིད་ལས་ནི་ཐམས་ཅད་འབྱུང་། ། ཆོས་ཀྱི་དབྱིངས་ནི་བྲུྃ་དུ་བརྗོད། ། སྐྱེ་གནས་དབུས་སུ་རྣམ་པར་གནས། ། མཐར་ནི་སྭཱ་ཧཱ་ཞེས་བྱའི་ཕྱིར། ། བསྡུས་ནས་ཞེས་ནི་རྣམ་པར་བརྗོད། ། རུས་པ་རྐང་ དང་ཁུ་བ་ཉིད། ། ཕ་ལས་སྐྱེས་པ་གསུམ་དུ་གསུངས། ། པགས་པ་དག་ནི་ཤ་དང་ཁྲག ། མ་ལས་སྐྱེས་པ་གསུམ་ཞེས་བསྒྲགས། ། འདི་དག་ཙམ་དུ་གསུངས་པ་རྣམས། ། གོང་བུ་རྣམས་ནི་བསྡུས་པ་ཉིད། ། གཟུགས་དང་ཚོར་བ་འདུ་ཤེས་དང་། ། འདུ་བྱེད་ དང་ནི་རྣམ་ཤེས་ཉིད། ། སངས་རྒྱས་ལྔ་ཡིས་གཟུངས་བརྙན་དངོས། ། ཕུང་པོ་དག་ཅེས་བསྒྲག་པར་བྱ། །
BO
གཟུགས་དང་སྒྲ་དང་དྲི་དང་ནི། ། རོ་དང་ཡང་ནི་རེག་བྱ་ཉིད། ། ཆོས་ཀྱི་ཁམས་ཞེས་རྣམ་པར་བཤད། ། ཁམས་རྣམས་དང་ནི་སྐྱེ་མཆེད་རྣམས། ། འདི་རྣམས་ལས་ནི་བྱུང་བ་ཡི། ། ཁུ་བ་ལས་ནི་གོང་བུ་སྐྱེ། ། གོང་བུ་ལས་ནི་མི་རྣམས་འབྱུང་། ། ཡིད་ནི་ནམ་མཁའི་ཁམས་ཀུན་དུ། ། སྐྱེ་མཆེད་དང་ནི་ཁམས་རྣམས་དང་། ། དབང་པོ་ཕུང་པོ་འབྱུང་བ་དང་། ། ཁམས་རྣམས་ལས་ནི་བྱུང་བ་ཡི། ། དཀྱིལ་འཁོར་ ལུས་སུ་གསུངས་པ་སྟེ། ། དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། ། དཀྱིལ་འཁོར་ཡང་ནི་བྱང་ཆུབ་སེམས། ། དཀྱིལ་འཁོར་གསུམ་དུ་བརྟག་པར་བྱ། ། གང་ལ་གཙོ་བོ་ཀུན་སྤྱོད་པ། ། རྟག་པ་དུ་མར་ཀུན་དུ་གྱུར། ། ཕུང་པོ་རྣམ་པ་གཉིས་སུ་གསུངས། ། འབྱུང་བ་རིག་པར་རྟག་ཏུ་བརྟག ། མྱོས་བྱེད་དང་ནི་ལྕགས་ཀྱུ་ཉིད། ། ཞགས་པ་པདྨ་གཞུག་བྱེད་དང་། ། བཅིང་པ་ལྕགས་སྒྲོག་དྲིལ་བུ་ཡང་། ། ངེས་པར་བྱེད་པ་རུ་ནི་གསུངས། ། བཤང་བ་དཀར་པོ་ཞེས་བྱར་གསུངས། ། པདྨ་ཞེས་བྱ་ཁྲག་ཏུ་གསུངས། ། ཤ་ཞེས་བྱ་བ་མར་མེ་ཉིད། ། ཁུ་བ་ནམ་མཁའ་ཉིད་དུ་བརྗོད། ། ཐིམ་པའི་ཕྱིར་ནི་ལིང་གར་གསུངས། ། མེ་ཏོག་སྙིང་གི་བྷ་གར་བརྗོད། ། གླུ་ནི་ལངས་པ་ཉིད་ཀྱི་གླུ། །
BO
གར་ནི་མཉམ་པར་སྦྱོར་བ་ཉིད། ། རོ་ནི་ཤི་བར་བརྗོད་པ་ཉིད། ། ཁ་ནི་ཞལ་དང་བུག་པ་ ཉིད། ། སྙིང་པོ་རོ་བསྲེགས་དུར་ཁྲོད་དོ། ། མེ་ནི་བྱིན་ཟ་གསལ་བ་དང་། ། དེ་བཞིན་དུ་ནི་འབར་བའོ། ། བུར་ནི་གུ་གུལ་དུ་བརྗོད་པའོ། ། ནག་པོའི་འབྱུང་པོའི་ཉི་མ་ནི། མར་གྱི་ངོའི་བཅུ་བཞི་པའོ། ། གསེར་ཤིང་ནི་དྷ་རུ་རའོ། ། ཨ་ལྃ་ཀ་ནི་ལྡོང་རོས་སོ། ། མ་དུ་ ལུང་གཱ་ནི་ས་བོན་གང་བའོ། ། ཙི་ཏྲ་ཀ་ནི་ཙི་ཏྲ་ཀའོ། ། བ་ཙ་ནི་ཚིག་ཉིད་དོ། ། ཁྱིམ་བྱའི་སྒོ་ང་ཐམས་ཅད་ནི་ཁྱིམ་བྱའི་སྒོ་ངའི་དུམ་བུའོ། ། སྐྱ་བོ་ནི་དཀར་པོའོ། ། རྟ་གསོད་པ་ནི་ཀ་ར་བཱི་རའོ། ། ཉི་མའི་ལྗོན་ཤིང་ནི་ཨརྐའི་ཤིང་ངོ་། ། པེ་ཆག་པ་ནི་ཆག་པ་དང་སྲེག་ ཆགས་ཞེས་བྱ་བའི་དོན་ཏོ། ། སྡིག་པ་ནི་སྦྲུལ་ལོ། ། ཨ་ལྃ་ནི་རྔ་མའོ། ། ཀ་ལ་པ་ནི་ཆའོ། ། ཉིན་ཕྱེད་ཀྱི་འོ་མས་བྱུག་ཅིང་ཞེས་པ་ནི་ཡང་བསྒོས་པའོ། ། བཱ་ན་རི་ནི་ཀ་པིའོ། ། ཡུལ་ནི་ཀཙྪ་ར་བརྗོད་དོ། ། དེའི་བདག་ཉིད་ནི་ཐོད་ལོ་སྐོར་དང་སྤྲེའུ་དང་། ཁ་ཊི་ ཀ་ཉིན་ཕྱེད་ཀྱི་འོ་མའི་ནང་དུ་ཉི་མ་བདུན་དུ་གཞག་པར་བྱའོ། ། དེ་དག་དང་ཉིན་ཕྱེད་ཀྱི་འོ་མ་དག་དང་སྦྱར་བས་མགོ་བོའི་དབང་པོ་བྲི་བར་བྱའོ། །
BO
དུག་སྦྱིན་པར་འགྱུར་རོ་ཞེས་བྱ་བ་ནི་རེག་པ་ལས་སྐྱེད་པར་བྱེད་པའི་དོན་ཏོ། ། མ་ལ་ཡ་ལས་བྱུང་བ་ནི་ཙནྡན་ནོ། ། ནཱ་ག་ གེ་སར་ནི་ནཱ་གའོ། ། ནད་ཀྱི་དབང་པོ་ནི་རུ་རྟའོ། ། མྱོས་བྱེད་ཀྱི་འབྲས་བུ་ནི་ཚེར་མའི་འབྲས་བུའོ། ། ཛ་གུའི་ཡུལ་ནི་མྱོས་བྱེད་ཀྱི་སྤྲོ་བར་རྟོགས་པར་བྱའོ། ། ཏ་ཀ་ར་ནི་དྲིའི་ཏ་ཀ་རའོ། ། ལྡན་པ་ནི་སྦྱོར་བའོ། ། འབྲས་ཀྱི་ཆུ་ནི་ཀོ་ཤའོ། ། ཇི་སྙེད་པའི་དུག་སྣ་ ཚོགས་ནི་དུ་མའི་རྣམ་པའོ། ། འཇིག་པར་བྱེད་དོ་ཞེས་བྱ་བ་ནི་ཟད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། ། དེའི་ཉིན་པར་སྐྱེས་པ་ནི། དེའི་ཉིན་པར་ཤི་བའོ་ཞེས་བྱ་བའི་དོན་ཏོ། ། བྱིས་པ་ནི་བུ་ཆུང་ངོ་། ། རོ་ཙ་ནི་བཤང་བའོ། ། ཏ་ག་ར་ནི་ཀླུའི་ཤིང་བུའོ། ། སྙིང་པོའི་གནས་ ནི་བཅུག་པར་བྱས་པའོ། ། སྦལ་པ་ནི་སྙིང་པོ་ཅན་ནོ། ། སྤྲུལ་མགོ་གཉིས་པ་ནི་ལྟོ་འཕྱེ་མགོ་གཉིས་པའོ། ། ཁྲག་དང་ཚིལ་བུ་བསྐོལ་བ་ནི་སྣུམ་དུ་བརྗོད་དོ། ། བ་རུ་རའི་ཤིང་ནི་དེའི་འབྲས་བུའོ། ། ལག་པ་ནི་ཕྱག་གོ། ། དུག་གིས་ཟིན་པ་འཇིག་པར་བྱེད་དོ་ཞེས་བྱ་ བ་ནི་ཟིན་པ་འཕྲོག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། ། བ་ལང་གི་མར་ནི་བའི་མར་རོ། །
BO
རྡོ་རྗེ་ཅན་ནི་སྣུ་ཧིའི་འོ་མའོ། ། བརྷི་ནི་རྨ་བྱའོ། ། ཁྲག་ནི་རྨ་སྐྱེས་སོ། ། སྦྲུལ་མགོ་གཉིས་པའི་ཤ་ནི་ཤའོ། ། བ་ལ་ཀའི་རྩ་བ་ཆ་བདུན་པ་ནི་བདུན་གྱི་དུམ་བུའོ། ། ཨོཾ་བཛྲ་ཀ་ར་ཧཱུྃ་ ཕཊ། འབྱུང་པོ་འདུལ་བའི་སྒྲས་འབྱུང་པོ་མཐར་བྱེད་པ་ནི་འབྱུང་པོ་ཉིད་དུ་རབ་ཏུ་གྲགས་སོ། ། ལག་པ་གཡས་པར་བཏགས་ན་གདོན་ལས་ཐར་བར་བྱེད་དེ། གཞན་དུ་ནི་མ་ཡིན་ནོ། ། ལྟོ་འཕྱེའི་དབང་པོ་ནི་སྦྲུལ་གྱི་རྒྱལ་པོ་འོ། ། ཤུན་པ་ནི་བཤུས་པའོ། ། ལྟོ་འཕྱེའི་ དགྲ་ནི་རྨ་བྱ་སྟེ་དེའི་གཤོག་པའོ། ། ཁྭ་གཉིས་ནི་ཁྭའོ། ། ཉིན་མོ་འཇིགས་པ་ནི་འུག་པའོ། ། རྟ་ནི་འགྲོ་མགྱོགས་སོ། ། རྨིག་པ་ནི་རྐང་པའོ། ། ཁུང་བུ་ནི་བུག་པའོ། ། གཞག་པ་ནི་བཅུག་པའོ། ། སྦྲུལ་ནི་ལྟོ་འཕྱེའོ། ། གནོད་སྦྱིན་ནི་ཁྱིའོ། ། ཐོད་པ་ནི་རྨོད་ བྱེད་དོ། ། ཕག་ནི་ཕག་པའོ། ། མགོ་སྐྱེས་ནི་སྐྲའོ། ། མགྲིན་{རིངས་,རིང་}ནི་རྔ་མོའོ། ། དམར་པོ་ནི་ཁྲག་གོ། ། བྷལླ་ཏ་ཀ་ཉིད་དང་། སྟར་བུ་ནི་ཨྃལ་བེ་ཏ་ཉིད་དོ། ། ལག་སྐྱེས་ནི་སེན་མོའོ། ། ཁ་སྦྱོར་གྱི་མེ་ནི་ཁ་སྦྱར་གྱི་འཚེད་པའོ། ། བསྲེགས་པ་ནི་ཐལ་བར་བྱས་པའོ། ། ཨྃ་ཀོ་ཊ་ནི་ཀོ་ཊ་ནིའི་ཤིང་ངོ་། །
BO
དྲི་ཞིམ་པ་ནི་བ་གླང་ངོ་། ། ཨྃ་ཀོ་ཊའི་ས་བོན་བཏུས་པའི་མར་ཁུ་དེས་གྲུབ་པའི་མིག་སྨན་འོ་མ་དང་བསྲེས་པའི་མིག་སྨན་དེས་མིག་བྱུག་པར་བྱའོ། ། རྒྱལ་ནི་སྐར་མ་རྒྱལ་ལོ། ། ཨྃ་ཀོ་ཊའི་མར་ཁུའི་རྩིགས་མ་དང་། ཏ་ཀ་རའི་ འབྲས་བུ་དང་། ཨྃ་ཀོ་ཊའི་ས་བོན་གྱི་མར་ཁུ་དང་། གང་ཞིག་གཉིས་ཀའི་རྩིགས་མ་དག་གིས་མིག་བྱུགས་ན་ལྷའི་གཟུགས་སུ་འགྱུར་རོ། ། ཏ་ཀ་རའི་འབྲས་བུའི་མིག་སྨན་གྱིས་བྱུགས་ན་སྔར་གྱི་རང་བཞིན་དུ་འགྱུར་ཏེ། རང་གི་ངོ་བོ་ཉིད་ཅན་དུ་མཐོང་ངོ་། ། རི་བོང་ཅན་གྱི་ཆུ་ནི་སེ་བ་ལའོ། ། ཛ་ལུ་ཀ་ནི་པད་པ་ཉིད་དོ། ། སྦལ་པའི་མར་ཁུ་ནི་སྙིང་པོ་ཅན་གྱི་མར་ཁུའོ། ། བ་ཏ་ལའི་རྩ་བ་དང་ལྷན་ཅིག་གོ། ། དགེ་སྦྱོང་ནི་སྐྲ་བྲེག་པའོ། ། ཟླ་བ་ལས་བྱུང་བ་ནི་སེ་བ་ལས་བྱུང་བའོ། ། དུན་དྷུ་བྷ་ནི་སྦྲུལ་གདོང་གཉིས་པའོ། ། ཁྲག་ ནི་གཟུགས་འཛིན་པའོ། ། གོས་ཀྱི་ནང་དུ་གཞུག་པར་བྱས་ནས་ཁར་གཞུག་གོ། ། སྱེ་ནཱ་ཀ་ཞེས་བྱ་བའི་ཤིང་ངོ་། ། མར་སར་ནི་མར་དཀར་ཉིད་དོ། ། དམར་པོའི་བཙག་ནི་གསེར་གྱི་བཙག་གོ། ། དྲི་ངན་པ་ཞེས་བྱ་བ་ནི་སྨན་ནོ། ། མི་ན་ནི་ཉའོ། ། སྲིན་བུ་ནི་ཤིང་གི་ རྗེས་སུ་རྒྱུ་བའི་འབུ་སྲིན་ནོ། །
BO
ཀོ་ཀི་ལ་ནི་སྦྲང་བུའོ། ། བུ་རམ་ནི་གུ་ཌ་ཉིད་དོ། ། ཨ་རན་ལ་ནི་སིངས་པོའོ། ། སྐྱེ་བ་གཉིས་པ་ནི་བྲམ་ཟེའོ། ། བྱི་ལ་ནི་རྟུག་པ་སྦེད་པའོ། ། སྤྲེའུ་ནི་བཱ་ནཱ་རའོ། ། རང་འཚེད་པ་ནི་གཡུང་པོའོ། ། ཁྭའི་དགྲ་ནི་འུག་པའོ། ། ན་གུ་ལེ་ ནི་སྲེ་མོང་ཉིད་དོ། ། ཙ་ར་མོ་ནི་བྱི་ལའོ། ། འདི་དག་གི་ཕྱེ་མའོ། ། བ་གླང་ཚེ་ནི་ཅེ་སྤྱང་ངོ་། ། མ་ཏུ་ལུང་ག་ནི་ས་བོན་གང་བའོ། ། ཕུག་རོན་ནི་ཀ་པོ་ཏའོ། ། ཟངས་ཀྱི་གཙུག་པུད་ཅན་ནི་ཁྱིམ་བྱའོ། ། འདི་དག་གི་རྟུག་པ་བསྡུ་བར་བྱའོ། ། སྐྲའི་ལས་ཀྱི་མཐའ་ཞེས་ བྱ་བ་ནི་མགོ་རེག་གོ། ། པི་ཙུ་མརྡ་ནི་ནིམ་པའོ། ། གཏོར་ཟན་ནི་ཁྭའོ། ། དགའ་བ་དང་བཅས་པའི་དཀར་མོ་ནི་ཁྱི་མོ་དཀར་མོའོ། ། ནུས་པ་ནི་འབྱར་བའོ། ། མདའི་རྨ་ནི་སྦྲང་བུའོ། ། བསྣུན་པ་ནི་བརྡུངས་པའོ། ། རང་གི་ས་བོན་ནི་བདག་གི་རྫས་སོ། ། རྒྱལ་ནི་སྐར་མ་རྒྱལ་ ལོ། ། སྐྱེས་མ་ནི་བུད་མེད་དོ། ། སྐལ་བ་ངན་པ་གཟུང་བ་ནི་བླངས་པའོ། ། སྐྱེས་པའི་ཤིང་ནི་ཨ་མྲ་ལ་སོགས་པའོ། ། ཤིང་གི་ཡལ་ག་ནི་འདབ་མའོ། ། པི་ལུ་ནི་གླང་པོའོ། ། སྟེང་དུ་འདྲེན་པ་ནི་ལག་པས་འཛིན་པའོ། ། སྐྱེས་བུའི་མྱོས་བྱེད་ནི་རྫས་སོ། །
BO
ཀྲཱན་ཏ་ནི་ ཁྱབ་འཇུག་གནོན་པའོ། ། སྲ་བན་ཏི་ནི་ངུ་བའོ། ། ཨ་བ་ན་ཏ་ཛ་ཀི་ཀཱ་ནི་ཐལ་མོ་སྦྱར་བའོ། ། ཤི་ཁ་ནི་རྨ་བྱའི་གཙུག་ཕུད་དོ། ། མཁའ་འགྲོའི་བདག་པོ་ནི་ནམ་མཁའ་ལྡིང་གི་བདག་པོའོ། ། ལྷའི་བདག་པོ་སྦས་པ་ནི་དབང་པོ་སྦས་པའོ། ། བ་བླ་ནི་མན་ཤི་ལའོ། ། ལྡོང་ རོས་ནི་ལྡོང་རོས་ལྗང་གུའོ། ། ཨ་གྲཱ་ནི་བ་ཙཱའོ། ། བཅད་ནས་སྐྱེས་པ་ནི་དཱུར་བའོ། ། བཀྲ་ཤིས་ནི་རོ་ཙ་ནའོ། ། བྃ་ས་ཞེས་བྱ་བ་ནི་ལྟེ་བ་མངོན་པར་སར་པའོ། ། དབང་པོའི་ནས་ནི་ཀུ་ཏ་ཛའི་ས་བོན་ཏེ། ལ་ལ་དག་གི་ཀུ་ཏ་ཛའི་ས་བོན་ནོ། ། དཔལ་ཐམས་ཅད་ནི་མཛེས་པ་ དང་ལྡན་པའོ། ། ཨ་རུ་ཎཱ་ནི་ཙནྡན་དམར་པོའོ། ། དྲང་སྲོང་གི་བུ་ནི་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་བསྐྱེད་པའོ། ། རིའི་སྙིང་པོ་ནི་གཞན་གྱིས་མི་ཐུབ་པའོ། ། སྲོད་ནི་རྣ་བའི་མིག་སྨན་ནོ། ། རི་བོང་གིས་མཚན་པའི་ཚེར་མ་ནི་སེ་བ་ལའི་ཚེར་མའོ། ། སྦྲང་རྩི་ནི་སྦྲང་མའིའོ། ། སྦྲང་རྩི་ནི་ཡཥྚིའི་སྦྲང་རྩིའོ། ། དང་པོའི་མེ་ཏོག་ནི་དང་པོའི་ཟླ་མཚན་གྱི་ཁྲག་གོ། ། ལྕགས་གསུམ་ཞེས་བྱ་བ་ནི་གསེར་དང་དངུལ་དང་ཟངས་སོ། །
BO
སྔོན་པོ་གཉིས་ཀྱིས་ཉེ་བར་མཚོན་ཅིང་སྦྱར་བའི་ཨ་ཤོ་ཀའི་ཤིང་ནི་ཨ་ཤོ་ཀ་སྔོན་པོའོ། ། དེ་ ལས་བྱུང་བའི་མྱུ་གུ་ནི་ཨ་ཤོ་ཀ་སྔོན་པོ་ལས་བྱུང་བའི་མྱུ་གུའོ། ། ཉི་མ་ནི་ཟངས་ཏེ་ཤིན་ཏུ་དམར་བའོ། ། ཟླ་བ་ནི་དངུལ་ལོ། ། མེ་ནི་གསེར་རོ། ། བ་གླང་གི་གི་ཝང་ནི་བ་གླང་གི་གི་ཝང་ངོ་། ། ཨིང་གུ་དིའི་ཤིང་གི་མེ་ཏོག་ནི་ཨིང་གུ་དིའི་ལྗོན་ཤིང་གི་ཀུ་སུ་ས་སྟེ། ལྗོན་ཤིང་ གི་མེ་ཏོག་ཀུན་བསྡུས་པའོ། ། འགེགས་པ་ནི་སྐྱེས་པ་ཤི་བ་སྟེ། དེའི་མིག་དང་སྤུ་རྣམས་སོ། ། ཀ་གཉིས་པའི་ཟོས་པ་དང་ལྡན་པ་ནི་ཁྭས་ཟོས་པ་སྐྱུགས་པ་དང་ལྷག་མ་མ་ཟོས་པའོ། ། ཕའི་སྐྱེད་མོས་ཚལ་ནི་དུར་ཁྲོད་དོ། ། དེར་མཉེས་པ་ནི་ཟླ་མཚན་གྱིས་མྱོས་པའི་བུ་མོའི་རྫས་ བླངས་པའོ། ། ཨ་ཤོ་ཀ་ཡང་ཡིན་པ་སྔོན་པོ་ཡང་ཡིན་པ་དེ་ནི་ཨ་ཤོ་ཀ་སྔོན་པོའོ། ། དེའི་བྱང་ཕྱོགས་ཀྱི་ཁྭའི་ཚང་ནི་ཁྭའི་གནས་སོ། ། དེ་ལས་གང་ཞིག་བྱུང་བའི་མྱུ་གུ་དེ་ནི་ཨ་ཤོ་ཀ་སྔོན་པོའི་བྱང་ཕྱོགས་ཀྱི་ཁྭའི་ཚང་གི་མྱུ་གུའོ། ། ཕུག་རོན་གྱི་ཁོང་པར་སྲོ་ ཏ་ཨཉྫ་ན་བཅུག་ལ། འོན་ཀྱང་ཙི་ཏའི་མེས་བསྲེག་པར་བྱ་སྟེ། དེ་ནས་མིག་སྨན་འགྲུབ་པར་འགྱུར་རོ། །
BO
བྱི་ལ་དཀར་པོ་མ་ཡིན་པས་བསད་པ་ནི་བྱི་ལ་ནག་པོའི་ཁྲག་གིས་མི་སྣང་བར་བྱས་ཏེ་སྦེད་པ་སྐྱེད་པར་བྱེད་པའོ། ། ཏྲི་ཎའི་མྱུ་གུ་སར་པའི་ཚོགས་དེ་རྣམས་ནི་ཏྲི་ཎའི་མྱུ་གུ་ སར་པའི་ཚོགས་རྣམས་སོ། ། དེས་བཏེག་པའི་ས་ནི་ཏྲི་ཎའི་མྱུ་གུ་སར་པའི་ཚོགས་ཀྱིས་བཏེག་པའི་སའོ། ། དེའི་སྟེང་དུ་གནས་པའི་ས་དང་། མདའི་རྨ་དང་། ཏ་ལ་དང་ལྡན་པའོ། ། མདའི་རྨ་ནི་སྦྲང་བུའོ། ། ཏ་ལ་ནི་ལྡོང་རོས་སོ། ། དེ་དག་དང་ཡང་དག་པར་ལྡན་པ་ནི་ བཅས་པ་སྟེ། ས་རགྷ་དང་། ཏ་ལ་དང་ལྡན་པའོ། ། རྒྱལ་ལ་ཞེས་པ་ནི་རྒྱལ་གྱི་ཉི་མ་ལའོ། ། མིག་སྨན་ནི་གོང་དུ་གསུངས་པའོ། ། གང་ཞིག་སྔགས་དང་སྨན་གྱི་སྦྱོར་བས་ལེགས་པར་བྱས་ན་དེའི་སྦྱོར་བས་འགྲུབ་པར་འགྱུར་རོ། ། འདི་དག་ནི་རྣལ་འབྱོར་གྱི་རྒྱུད་ལས་ འོངས་པ་སྟེ། དེ་ནས་བྷ་གའི་དབུས་སུ་བསྒྲུབ་པར་བྱའོ་ཞེས་གསུངས་སོ། ། དང་པོར་ཕྱག་རྒྱ་བྱིན་གྱིས་བརླབས་ནས། ཕྱི་ནས་མིག་སྨན་གྱི་སྒྲུབ་པ་བཅུག་ཅིང་སྦྱོར་བས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་སྐྱེས་ཀྱི་བར་དུ་བསྒོམ་པར་བྱའོ། །
BO
གང་ཞིག་སྔགས་ཀྱི་སྒྲུབ་པ་དང་ བྲལ་བའི་མིག་སྨན་འདི་འབའ་ཞིག་གིས་ཞི་བའི་ལས་ལ་སོགས་པའང་བྱེད་དོ་ཞེས་གསུངས་སོ། ། མིག་མིག་སྨན་གྱིས་བྱུགས་ནས་ཞི་བ་ལ་སོགས་པའི་ལྟ་སྟངས་ཀྱིས་བལྟས་ན་ཞི་བ་ལ་སོགས་པར་འགྱུར་རོ། ། མིག་མིག་སྨན་གྱིས་བྱུགས་ནས་རྒྱལ་པོ་ལ་བལྟས་ན་རྒྱལ་པོའི་ མཆོད་པ་རྙེད་པར་འགྱུར་རོ། ། མིག་མིག་སྨན་གྱིས་བྱུགས་ནས་ཁྲོ་བོའི་ལྟ་བས་དགྲ་ལ་བལྟས་ན་དགྲ་ཟད་པར་འགྱུར་རོ། ། དེ་བཞིན་དུ་བགེགས་ཐམས་ཅད་ལ་ངེས་པར་བལྟས་ན་གདོན་ལ་སོགས་པའི་བགེགས་ཐམས་ཅད་ཡང་དག་པར་སྐྲོད་པར་བྱེད་དོ། ། འཆད་པར་ འགྱུར་བའི་སྔགས་ཀྱིས་མངོན་པར་བསྔགས་ཤིང་བཟླ་བར་བྱའོ་ཞེས་གསུངས་པའོ། ། བུད་མེད་ཀྱི་བྷ་གར་གུར་གུམ་བཅུག་ནས་ཕྱི་ནས་རང་གི་སྒྲུབ་པ་གཞུག་པར་བྱ་ཞིང་མཉམ་པར་སྦྱོར་བས་སྔགས་བཟླས་ཏེ་ཁྱད་པར་དུ་ཡང་བསྒྲུབ་པར་བྱའོ། ། དེའི་སྔགས་བརྗོད་པ་བཀའ་ སྩལ་པ། ཨོཾ་པྲ་སནྣ་ཏཱ་རེ། ཨ་མྲྀ་ཏ་མུ་ཁྃ། ཨ་མྲྀ་ཏ་ལོ་ཙ་ནེ། སརྦྦཱ་རྠ་སཱ་དྷ་ནི། སརྦྦ་སཏྭཱ་བ་ཤྃ་ཀ་ར་ཧཱུྃ་ཕཊ་ཧཱུྃ་སྭཱ་ཧཱ། ཨོཾ་ཏྲྀ་མུ་ཁེ་ཥ་ཌྜྷུ་ཛེ། དེ་བི་མཱ་ལ་ཀི་རཽ་དྲྀ་རཱུ་པི་ཎི་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཨྃ་ཨྃ་ཧ་ཧ་སྭཱ་ཧཱ།
BO
སྔོན་གྱི་བསྙེན་པ་འབུམ་ཕྲག་གཅིག་བཟླས་ནས། ཕྱི་ནས་མིག་སྨན་དང་ གུར་གུམ་ཡང་བསྒྲུབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། ། གུར་གུམ་དེས་དཔྲལ་བར་ཐིག་ལེ་བྱའོ་ཞེས་གསུངས་སོ། ། བུད་མེད་སྐལ་བ་བཟང་པོར་བྱེད་པ་བཀའ་སྩལ་པ། བྷ་ག་ཙནྡན་གྱིས་བྱུགས་པའི་སྟེང་དུ་བ་གླང་གི་གི་ཝང་གིས་བྲུྃ་བྲིས་ནས། བདག་པོ་དང་ལྷན་ཅིག་ སྦྱོར་བས་ཇི་སྲིད་མྱོས་བྱེད་མ་འོངས་ཀྱི་བར་དུའོ། ། དེ་ནས་བདག་པོ་དེ་བྲན་བཞིན་དུ་འགྱུར་རོ། ། ནྲྀ་པ་ནི་བུང་བའི་རྒྱལ་པོའོ། ། ཙི་ཏྲི་ནི་འདབ་མ་སྟོང་པའོ། ། མཚན་མོ་ནི་ཡུང་བའོ། ། བ་ཀུ་ཙི་ནི་ཨ་པ་ཀུ་ཙའོ། ། ཨུཏྤ་ལའི་སྙིང་པོ་ནི་ཨུཏྤལ་ཁ་མ་བྱེ་བའོ། ། ལྕགས་ཀྱི་དྲི་མ་ ནི་ལྕགས་ཀྱི་བཤང་བའོ། ། དྲི་ལ་སོགས་པ་ནི་གུ་གུལ་དང་སརྫ་ར་སའོ། ། ཁྲག་སེལ་བ་ནི་ལས་ཀྱི་ཁ་དོག་གོ། ། གསེར་གྱི་ཤིང་ནི་གསེར་གྱི་ལྗོན་ཤིང་ངོ་། ། ཌི་ཌྷ་པྲ་རོ་ནི་བཱ་ལཱའོ། ། སིནྷུ་པ་ར་ནི་ནིར་གུཎྜའོ། ། ཤྱཱ་མ་ནི་པྲི་ཡ་ཀུའོ། ། ཀེ་ཤ་རི་ནི་ནཱ་ག་གེ་སར་རོ། ། རིག་པ་འཛིན་པ་ནི་ཙམ་པ་ཀའོ། ། ནཱ་ག་ནི་པུ་ན་ན་གའོ། ། འཁོར་ལོ་འཐག་པ་ནི་ཨེ་ཌ་ཙིའོ། ། མཚན་མོ་སྤྱོད་པ་ནི་ཡུང་བའོ། །
BO
ཤི་ཁི་ནི་རྨ་བྱའི་གཙུག་པུད་དོ། ། པྲ་བ་ན་ནི་བལླ་ཀའོ། ། འབྱུང་པོའི་དགྲ་བོ་ནི་ནིར་གུན་ཏིའོ། ། བ་ར་ཧྲི་ད་ནི་བལླ་བྷི་དང་རྐུན་མའི་མེ་ཏོག་ ཏུ་བརྗོད་དོ། ། ཀ་རན་ལ་ནི་ཀ་ར་ཉྫའོ། ། མན་ཛ་རི་ནི་འདུལ་བར་བྱེད་པའོ། ། གསེར་གྱི་ཤིང་གི་ཤུན་པ་ནི་པགས་པའོ། ། གྷ་ན་ནི་མུསྟ་ཀའོ། ། མཚན་མོའི་ཤིང་ནི་སྐྱེར་པའི་ཤིང་ངོ་། ། ནད་ཀྱི་དབང་པོ་ནི་ཀུནྡའོ། ། སྲིད་པའི་རྡུལ་ནི་ཁྱིམ་གྱི་མེ་ཏོག་གོ། ། རྐུན་མ་ནི་ རྒན་པོ་གཞོན་པར་བྱེད་པའོ། ། ཀེཾ་སུ་ནི་དེའི་ཡོངས་སུ་སྨིན་པའི་འབྲས་བུའོ། ། དཀྱིལ་འཁོར་ལ་སོགས་པའི་སྒྲུབ་པ་དང་རབ་ཏུ་ལྡན་པ་ལ་ལྷའི་བུའི་བདུད་ལ་སོགས་པ་ཁ་ཅིག་འབྱུང་བ་ཚར་གཅད་པའི་ཕྱིར། མཚོན་ཆ་ཀུན་གྱི་ཕྱག་རྒྱ་ཆེ། ། འཁྲུལ་འཁོར་ འཕངས་དང་མ་འཕངས་དང་། ། དེ་བཞིན་ལག་པས་འཕངས་པ་ཉིད། ། འཕངས་པ་འཛིན་པར་བཅས་པ་དང་། ། ལག་པའི་འཐབ་མོ་ལྔ་པ་ཉིད། ། གཞུ་ཡི་རིག་བྱེད་རང་གྱུར་པས། ། ཕྱག་རྒྱ་རབ་ཏུ་གནས་པར་བྱ། ། དེ་ལ་སྦྱོར་འཕངས་མདའ་ལ་སོགས། ། མ་ འཕངས་བ་ནི་རལ་གྲི་སོགས། ། ལག་པས་གྲོལ་བ་འཁོར་ལོ་སོགས། ། འགྲོ་བ་འཛིན་བཅས་ཞགས་པ་སོགས། ། མཚོན་ཆ་ཐམས་ཅད་ཡོངས་སྤངས་ནས། །
BO
ལག་པའི་འཐབ་མོས་དགྲ་འདུལ་སོགས། ། དེ་བཞིན་བཅིང་བ་ཡང་དག་ལྡན། ། དཔལ་ལྡན་རྡོ་རྗེ་ སེམས་དཔའ་ཡིས། ། མཚོན་ཆའི་མཆོག་ནི་སྣ་ཚོགས་པའི། ། གནས་དག་དབྱིབས་ནི་རབ་བཤད་བྱ། ། རྣལ་འབྱོར་སྒྲུབ་ཐབས་ཤིན་ཏུ་མཛེས། ། སྦྱོར་དང་མྱུར་བར་གསོར་བ་དང་། ། དགུག་པ་དང་ནི་འཛིན་པ་ཉིད། ། གསལ་བ་རུ་ནི་གཏོང་བ་སྟེ། ། ས་ལ་མཉམ་ སྟབས་ཕྱག་རྒྱས་བཏབ། ། བཻ་ཤ་ཁ་སར་ཕྱག་རྒྱས་གདབ། ། དཀྱིལ་འཁོར་དེ་ཉིད་ཕྱག་རྒྱས་གདབ། ། གནས་ནི་གསུམ་དུ་གཡས་བརྐྱང་བས། ། དབྱིབས་ཀྱི་ཕྱག་རྒྱ་བཀའ་སྩལ་པ། ། མཐེ་བོ་དང་ནི་སོར་མོ་རྣམས། ། ལོང་བུའི་ནང་དུ་སྦྱར་བ་ཡིན། ། གང་ཞིག་ བརྟན་པར་སྦྱར་བ་ནི། ། མཉམ་པའི་རྐང་སྟབས་གནས་སུ་གསུངས། ། རྐང་པའི་སོར་མོ་ཕྱིར་བཞག་ནས། ། པུས་མོ་གཉིས་ནི་བསྲང་སྟེ་གཡོ། ། སོར་མོ་ཉི་ཤུ་རྩ་དྲུག་ཆད། ། གནས་ནི་བཻ་ཤ་ཁ་རུ་བརྗོད། ། ངང་པའི་གཤོག་པའི་དབྱིབས་སུ་ནི། ། པུས་མོ་གཉིས་ ནི་མཉམ་སྦྱར་བ། ། བར་དུ་ཡང་ནི་ཁྲུ་གཉིས་ཉིད། ། དེ་ནི་དཀྱིལ་འཁོར་རྐང་སྟབས་གསུངས། ། གང་ཡང་གཤོལ་གྱི་དབྱིབས་མཉམ་པར། ། པུས་མོ་བརླ་ཡི་གཡས་བསྲུངས་ན། ། གཡོན་ནི་བྱོལ་སོང་འགྲོ་བ་ཡིན། །
BO
འཁྱུད་ནས་བརླ་དང་རྗེ་ངར་གནས། ། མཐོ་ལྔ་རྣམ་པར་རྒྱས་ པ་ནི། ། གཡས་བརྐྱང་བར་ནི་དེ་རབ་གྲགས། ། དེ་ཉིད་རྣམ་པར་བཟློག་པ་ནི། ། དེ་ནི་གཡོན་བརྐྱང་བ་རུ་བརྗོད། ། ལྷོད་མིན་པ་དང་མཁྲང་བ་ཉིད། ། མཉེན་ཞིང་ཡན་ལག་བརྟན་པ་ཉིད། ། གང་ལས་སྐྱེ་མཆེད་རྣམ་པར་དག ། རང་གི་སྐུ་ཡི་ཕྱག་རྒྱ་མཛེས། ། རིམས་ཀྱི་ ནད་དང་དུག་གི་ནད། ། མཁའ་འགྲོའི་འཚེ་བ་གདོན་དག་ནི། ། འདིས་ནི་ཡན་ལག་ཀུན་བརྒྱན་པ། ། ཐམས་ཅད་དུ་ནི་ཟིལ་གྱིས་གནོན། ། གང་བའི་སྐྱེ་མཆེད་ཀྱི་ཕྱག་རྒྱའོ། ། རང་སྙིང་འགུགས་པའི་རྣལ་འབྱོར་གྱིས། ། ཤིན་ཏུ་མཛེས་པས་གཞུ་ཉིད་གཟུང་། ། གཡས་སུ་རབ་ཏུ་བསྒྱུར་བ་དང་། ། མདའ་ནི་བཅུག་ན་འགྲུབ་པར་འགྱུར། ། སྔོན་དུ་ལག་པ་མཉམ་བྱས་ནས། ། རྒྱབ་ཏུ་བཀུག་ནས་རིམ་པར་ནི། ། གང་ཞིག་དལ་གྱིས་དགུག་བྱ་ཞིང་། ། འགྲོ་བ་ཐམས་ཅད་དགུག་པར་བྱ། ། ཐམས་ཅད་དགུག་པའི་ཕྱག་རྒྱའོ། ། རྣ་བའི་སྐྱེ་མཆེད་དཀྱིལ་འཁོར་དུ། ། བཅུག་ནས་རིམ་པ་ཇི་ལྟ་བར། ། ཨོཾ་ནི་ཇི་སྲིད་རང་གི་ཁར། ། ཇི་སྲིད་དུ་ན་འཛིན་པའོ། ། དུས་སུ་ཨོཾ་ནི་ཟློས་གྱུར་པ། ། དེ་སྲིད་དུས་སུ་གཟུང་བར་བྱ། ། འཛིན་པ་ཡི་ནི་ཕྱག་རྒྱའོ། །
BO
རིམ་པ་ཇི་ལྟར་མཉམ་བཀུག་ནས། ། ཆོ་ ག་ཇི་བཞིན་གཟུང་བར་བྱ། ། དེ་ལ་ཅུང་ཟད་དྲང་བྱ་ཞིང་། ། ཡོངས་སུ་བཀང་ན་འགྲུབ་པར་འགྱུར། ། དགང་བའི་ཕྱག་རྒྱའོ། ། འཛུམ་ཞིང་མིག་གིས་བལྟ་བ་དང་། ། འབེན་ལ་ཁུ་ཚུར་གདབ་པར་བྱ། ། ལྟ་སྟངས་ཁུ་ཚུར་བཅུག་ནས་ནི། ། རབ་ཏུ་བཏང་ནས་མཆོག་འགྲུབ་ འགྱུར། ། གཞུ་ཡིས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། ། གྲུ་བཞི་རྣོན་པོ་ཟླུམ་པོ་དང་། ། དེ་བཞིན་མཆོག་ཏུ་བསྐོར་བ་ཉིད། ། གང་དུ་གཡས་ནས་བསྐོར་བྱ་ཞིང་། ། དེ་བཞིན་འོག་དང་སྟེང་དུ་འགྲོ། ། རིམ་པས་མནན་ཅིང་དྲག་མནན་པས། ། ཆོ་ག་བཅུས་མཆོག་ཕྱག་རྒྱ་ ཡིས། ། ཁམས་གསུམ་རྒྱལ་པོ་ཆེན་པོ་དང་། ། རྒྱལ་བའི་བདེ་བ་ཉེ་བར་སྤྱོད། ། དཔལ་ལྡན་འཇིག་རྟེན་གསུམ་རྒྱལ་ནི། ། ཕྱག་རྒྱ་བཅུག་ཅིང་མཉམ་བཅུག་དང་། ། དེ་བཞིན་གློག་ལྟར་བཅུག་པ་ཉིད། ། ཕྱག་རྒྱ་བཀུག་པའི་ཏིང་འཛིན་གྱིས། ། དེ་བཞིན་གློག་ལྟར་ བསྐོར་བ་ཉིད། ། འོག་ཏུ་མཉམ་པ་དེ་བཞིན་དུ། ། སྟེང་གི་ཕྱོགས་སུ་འགྲོ་བ་ཉིད། དེ་བཞིན་གཤེགས་འཛིན་ཕྱག་རྒྱ་ནི། ། གནས་གསུམ་དག་ཏུ་བསྒོམ་པར་བྱ། ། རྒྱན་ཐམས་ཅད་ཀྱི་ཕྱག་རྒྱའོ། ། ཀུན་དུ་ཀུན་ནས་ཐམས་ཅད་དང་། །
BO
རྣམ་ ཀུན་དུས་ཀུན་རང་གི་ནི། ། གཞུ་ཡི་རིག་བྱེད་ཕྱག་རྒྱ་འཛིན། ། ཡི་གེ་མཆོག་ནི་འགྲུབ་པར་འགྱུར། ། མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱའོ། ། སངས་རྒྱས་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། སྤྱན་གྱི་གཟུགས་སུ་གྱུར་པ་དང་། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ དང་ལྡན་པས་སྔགས་ཀྱི་ཡི་གེ་ལས་སྤྱན་ཕྱུང་སྟེ། ཟླ་བ་གང་བ་དང་། བུམ་པའི་ལག་པ་མའི་མ་མོ་འདོད་པར་བྱ་བ་དང་། དབང་བསྐུར་བར་བསམས་ན་ཞི་བ་སྐྱེ་བར་བྱེད་པ་ཡིན་ཏེ། ཤི་བ་རྣམས་ལ་སྲོག་སྦྱིན་པར་བྱེད་ཅིང་། གྲུབ་པ་འདོད་པ་ལ་དངོས་གྲུབ་སྦྱིན་པར་བྱེད་དོ། ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་དམ་ཚིག་ལ་སྐུལ་བར་བྱེད་པ་ནི་རྡོ་རྗེའི་དམ་ཚིག་སྐུལ་བར་བྱེད་པའོ། ། ཐུགས་ཀྱི་རྡོ་རྗེའི་སྐུ་གསུམ་འབར་བའི་མཆོག་གི་དམ་ཚིག་ནི་མཱ་མ་ཀཱིའི་མཚན་ཉིད་དེ། གང་དུ་ཏིང་ངེ་འཛིན་ལ་དེ་ནི་དེ་བཞིན་དུ་བརྗོད་དོ། ། རྡོ་རྗེའི་རིགས་ ཀྱི་སྔགས་ཀྱི་ཡི་གེ་དཀར་པོ་ཕྱུང་ནས། དེའི་ཚེ་བསྒྲུབ་བྱའི་ལུས་ལ་གང་བར་བསྒོམ་པར་བྱས་ན་སྡིག་པ་འཇིག་པར་བྱེད་པ་ཡིན་ནོ། ། ཞི་བ་ལ་མ་མོ་སྤྱན་དང་ལྡན་པ་ལྟ་བུར་བྱ་བ་དང་།
BO
རྒྱས་པ་ལ་ནི་རིན་པོ་ཆེའི་བུམ་པ་ནས་རིན་པོ་ཆེའི་ཆར་པ་འབྱིན་པར་བསམ་པར་ བྱའོ། ། འདོད་ཆགས་ཆེན་པོ་ལ་འོད་དཔག་ཏུ་མེད་པ་གང་གི་པདྨས་གཙེས་པ་དེའི་གར་གྱིས་ཕྱེ་བ་སྟེ། དེ་ལྟར་གྱུར་པའི་ཀུན་བྱེད་པ་ནི་རིགས་ཀུན་གྱི་བདག་ཉིད་ཅན་ནོ། ། གང་གི་ཀུན་བྱེད་པ་ནི་ཐམས་ཅད་བྱེད་པའོ། ། འདིས་ནི་བྱས་པའི་དེའི་དམིགས་པས་ཏིང་ངེ་ འཛིན་ལ་རྡོ་རྗེ་དམིགས་པར་དེ་བཞིན་དུ་བརྗོད་དོ། ། རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། ། པདྨ་ནི་འོད་དཔག་ཏུ་མེད་པ་སྟེ། སྔགས་ཀྱི་ཡི་གེ་གསེར་གྱི་ཁ་དོག་ལྟ་བུ་ཕྱུང་ནས་སྒྲུབ་པ་པོ་ལ་མངོན་པར་དབང་བསྐུར་བར་བྱེད་ན་རྒྱས་པ་ཆེན་པོ་སྐྱེད་པར་བྱེད་དོ། ། དེ་རྣམས་ཀྱི་སྤྲོ་ བ་དང་སྡུད་པར་བྱེད་པ་དག་སྒོམ་པར་བྱེད་ན་ཆོས་ཀྱི་མཛོད་འཕེལ་བར་བྱེད་དོ། ། རང་གི་སྙིང་གའི་པདྨའི་སྙིང་པོར་ནང་དུ་གནས་པས་བསྒྲུབ་བྱ་སྔགས་ཀྱི་ཡི་གེའི་ཕྲེང་བས་བྱིན་གྱིས་བརླབས་ཏེ། སྣ་ཚོགས་རྡོ་རྗེ་སྤྱི་བོར་བྱས་ནས་ཇི་ལྟ་བ་བཞིན་དུ་སྙོམས་པར་འཇུག་ པར་བྱེད་ན། བསྲུང་བ་ཆེན་པོ་བྱེད་པར་འགྱུར་རོ། ། ཐམས་ཅད་དབང་དུ་གྱུར་པས་རྣམ་པར་རྟོག་པ་མེད་པ་དང་།
BO
དབང་དུ་གྱུར་པ་ལ་སོགས་དེ་རྣམས་རྟོགས་པར་བྱེད་པ་དང་། སྐྱེད་པར་བྱེད་པ་དེ་ནི་དོན་ཡོད་རྡོ་རྗེ་ཅན་ཏེ། དེ་ཉིད་རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱིས་དགའ་ བར་བྱེད་པའོ། ། རྡོ་རྗེ་ནི་མི་ཕྱེད་པ་སྟེ། གང་དུ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པས་སྔགས་ཀྱི་ཡི་གེ་དམར་པོ་ཕྱུང་སྟེ། དེས་བསྒྲུབ་པར་བྱ་བ་དག་པར་བྱ་ཞིང་བཟླས་པ་བྱས་ན་མངག་གཞུག་པར་བྱེད་དོ། ། ཡེ་ཤེས་ཀྱིས་ཀུན་སྒྲོལ་བས་སྒྲོལ་མ་ཞེས་བྱ་བ་ནི་ཡེ་ ཤེས་འཇུག་པར་བྱེད་མ་ཅན་ནོ། ། དེའི་ཚེ་དམིགས་པའི་ཕྱིར་དེ་དེ་བཞིན་དུ་གསུངས་སོ། ། ཡེ་ཤེས་སྣ་ཚོགས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྣ་ཚོགས་ཏེ། རྡོ་རྗེ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་དེ་དག་ཉིད་ཀྱིས་གདུག་པ་རྣམས་འདུལ་བའི་དོན་དུ་སྟེ། དེ་རྣམས་ནི་གུར་ཉིད་དོ། ། མཛེས་པ་ནི་ཡན་ལག་དང་ཉིང་ལག་དམན་པ་མ་ཡིན་པའོ། ། སྲུབས་མེད་པ་ནི་དུམ་བུ་གཅིག་པའོ། ། སྲུབས་གཉིས་པ་ནི་དུམ་བུ་གཉིས་པ་སྟེ། འདི་དག་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། ། རྐང་པའི་རྗེས་ཀྱི་ས་རྡུལ་གྱི་ཆོ་ག་ཞེས་བྱ་བ་ནི་དེ་བརྗོད་ པ་ཡིན་ཏེ།
BO
གཤིན་རྗེ་མཐར་བྱེད་ཀྱི་རྣལ་འབྱོར་པ་ལྷ་མོ་བཞིའི་རྣལ་འབྱོར་དང་ལྡན་ཞིང་། དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་རྡུལ་གྱིས་དེའི་གཟུགས་བརྙན་བྱས་ནས་ཐོད་པའི་ནང་དུ་གཞུག་པར་བྱ་སྟེ། དེ་ཉིད་ལ་གཞུག་པ་དང་ བཅིང་བ་བྱས་ནས་རྐང་པ་གཡོན་པས་དེ་མནན་ཏེ། ཇི་སྲིད་ཁུགས་པར་གྱུར་པ་དེ་སྲིད་དུ་བསྐུལ་བ་དང་བཅས་པར་བཟླ་བར་བྱའོ། ། སྐུ་གསུམ་མི་ཕྱེད་བསྒོམ་པ་ཡིས་ཞེས་བྱ་བས་ནི་རང་གི་ལྷའི་ང་རྒྱལ་བརྟན་པར་བསྒོམས་པས་སོ། ། གཏི་མུག་ཆེན་པོའི་མཆོག་ནི་དོན་ཡོད་རྡོ་ རྗེ་ཅན་ཏེ། དེའི་ཡེ་ཤེས་ནི་རྡོ་རྗེ་རྩེ་མོ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཏེ། དེའི་ཕྱིར་རྡོ་རྗེ་བདུད་རྩིའི་ཁྲོ་བོ་ནི་གང་དུ་ཏིང་ངེ་འཛིན་ལ་དེ་དེ་བཞིན་དུ་བརྗོད་དོ། ། ཚོགས་ཀྱི་བདག་པོའི་རྐང་པར་བཅུག་པ་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་རྣལ་འབྱོར་དང་ ལྡན་པས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་རྡུལ་ལ་དེའི་གཟུགས་བརྙན་བོང་བུའི་གཅིན་གྱིས་བྱས་ནས་མི་དགེ་བའི་ཕྱག་རྒྱས་བྱས་ནས་རླུང་གི་དཀྱིལ་འཁོར་གྱི་འདབ་མ་ལས་སཱ་ལུ་བཏགས་པར་བྱས་པ་དང་།
BO
དུར་ཁྲོད་ཀྱི་སོལ་བས་བསྒྲུབ་བྱའི་མིང་གྲོ་གའི་ནང་དུ་ཆུད་པར་མངོན་ པར་བྲིས་ཤིང་། གཟུགས་བརྙན་ལྔ་རྒྱབ་ཏུ་བཞག་ནས་རྡོ་རྗེ་ལོག་པར་འདྲེན་པ་བཀུག་ནས་མཆོད་དེ། དེའི་རྐང་པ་དག་ཏུ་གཞུག་པར་བྱའོ། ། དེ་བྱའོ་ཞེས་བྱ་བ་ནི་དེ་སྲིད་དུ་སྔགས་ཀྱི་མཐར་ཧཱུྃ་བརྗོད་པར་བྱའོ། ། གང་གི་ཚེ་རླུང་གིས་བར་ཆད་དུ་གྱུར་པ་དེའི་ཚེ་གོང་དུ་ གསུངས་པའི་རིམ་པས་སྟོང་པ་ཉིད་དམིགས་ནས་བདག་ཉིད་དཔལ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྐྱེད་པ་བཀའ་སྩལ་པ། རླུང་གི་ཕྱོགས་སུ་དྲི་ནག་པོས་དཀྱིལ་འཁོར་གྲུ་བཞི་པར་ཐིག་ལེ་བདུན། ཡ་ཡིག་སོ་སོའི་ནང་དུ་བྱས་པ་ནི་དེའི་དབུས་སུ་ཐིག་ལེ་བདུན་པོ་ སྟེ། ཐིག་ལེ་བདུན་པོ་འདི་རྣམས་ལས་རླུང་ལྷ་བདུན་{རི་དགས་,རི་དྭགས་}ལ་ཞོན་ཞིང་མདོག་ནག་པོའོ། དེ་ལ་རང་གི་ས་བོན་ལས་བྱུང་བ་ནི་དེས་རང་གི་སྙིང་ག་ལས་བཏོན་པ་སྟེ། འཕགས་པ་མི་གཡོ་མགོན་ནམ། འདོད་པའི་རྒྱལ་པོས་བཀུག་ནས་ཞགས་པས་བཅིང་བར་བསམ་ པར་བྱའོ། ། དེ་ནས་ཁམ་ཕོར་གྱིས་ཞེས་བྱ་བ་ནི་ཧཱུྃ་སུྃ་ཧཱུྃ་ཞེས་བྱ་བ་ལས་རི་རབ་ཀྱི་གཟུགས་རྭ་བརྒྱད་དང་ལྡན་པ་བསྐྱེད་ནས། ཁ་འོག་ཏུ་ཕུབ་ནས་གཞག་པ་ནི་རྡོ་རྗེའི་འཆིང་བ་ཆེན་པོ་ཡིན་ནོ།
BO
། རང་གིས་སྔགས་བཟླས་པ་ནི་དེའི་ཐིག་ལེ་བདུན་སྔགས་ཀྱིས་སྦས་ནས་ དབུགས་ཀྱིས་གནས་པར་བྱའོ། ། དེའི་སྟེང་དུ་ཡང་ལྃ་གྱིས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོའོ། ། དེར་ཡང་རྩེ་ལྔ་པ་ཆེན་པོ་ལས་མཐའ་ཡས་པའི་འོད་ཟེར་ལས་ཁྲོ་བོ་འཇིགས་པར་སྤྲོ་བར་བྱ་ཞིང་། ཁྲོ་བོ་རྡོ་རྗེས་མནན་པར་བསྒོམ་པར་བྱའོ། ། དེའི་སྟེང་དུ་ རྐང་པ་གཡོན་པ་བཞག་ནས། འཕགས་པ་མི་གཡོ་མགོན་གྱི་སྔགས་བརྒྱ་རྩ་བརྒྱད་དུ་བཟླ་བར་བྱའོ། ། རྡོ་རྗེའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། འཕགས་པ་མི་གཡོ་མགོན་ཞབས་གཡས་བརྐྱང་བས་ཐམས་ཅད་གནོན་ཅིང་བཅོམ་ལྡན་འདས་ ཀྱི་སྔོན་དུ་ལག་ན་རལ་གྲི་དང་། ཞགས་པས་རླུང་བསྡིགས་པར་བསམ་པར་བྱ་སྟེ། དེ་སྐད་དུ་འཇིག་པའི་དུས་ཀྱི་རླུང་ཐམས་ཅད་ཀྱང་བཅིང་བ་བྱས་པར་འགྱུར་རོ། ། ཆར་དབབ་པའི་དོན་དུ་སྟོབས་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ནི་པདྨ་འདབ་མ་བརྒྱད་པ་བྲིས་ནས་དེའི་ འདབ་མ་བརྒྱད་ལ་མཐའ་ཡས་དང་། རིགས་ལྡན་དང་། ནོར་རྒྱས་ཀྱི་བུ་དང་། དུང་སྐྱོང་དང་། འཇོག་པོ་དང་། པདྨ་ཆེན་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་ཞེས་བྱ་བ་ནི་བདག་ཉིད་ཀྱི་རིམ་པ་ལས། སེར་པོ་དང་དཀར་པོའོ། །
BO
ཤ་ཥ་ས་ཧ་སྃ་སྭཱྃ་སྭྃ་སྭ་རང་གི་ས་བོན་ གྱིས་བྱིན་གྱིས་བརླབས་པའི་ཀླུ་བརྒྱད་པོ་རྣམས། སྙིང་པོ་བརྒྱད་དུ་གནས་པའི་སྔ་མ་བཀུག་ནས་མཆོད་དེ། འདིར་བཞུགས་པ་ཁྲོ་བོའི་སྐུ་འབར་བའི་ཚོགས་ཀྱི་བདག་ཉིད་ཧཱུྃ་ནྃ་ཧཱུྃ་ཞེས་མཆོག་ཏུ་བཟླས་པས། ཞབས་ཀྱི་འོག་ཏུ་ཀླུ་རྣམས་གཟེར་བར་སྒོམ་པར་བྱེད་ ན་ཆར་མཆོག་ཏུ་རབ་ཏུ་འབེབས་པར་འགྱུར་རོ། ། ཆར་བཟློག་པའི་དོན་བཀའ་སྩལ་པ། བདག་ཉིད་ཁྲོ་བོའི་གཟུགས་ཉི་མའི་མདོག་གི་འོད་ལྟར་ཤིན་ཏུ་དམར་བར་བསམས་ནས་རང་གི་ཁ་རུ་ཧཱུྃ་འབར་བའི་ལྕེ་ནམ་མཁའི་ཚད་འདིས་དྲལ་ཞིང་ཡོངས་སུ་གང་བ་ལས་ སྤྲིན་སྙིང་གའི་སྦུབས་ཀྱི་དབུགས་ཀྱིས་འགུགས་ཤིང་དབུགས་འབྱིན་པས་རས་བལ་གྱི་ཕུར་མ་ལྟར་གཏོར་བར་བྱེད་དོ། ། ཡང་ན་རང་གི་ཕྱག་རྒྱའི་ཚོགས་འབར་བར་བཏོན་པས་དྲལ་ཞིང་བཅད་ནས་ཧཱུྃ་གིས་མཆོག་ཏུ་བསྡིགས་པར་བྱའོ། ། དེ་གཞིག་པའི་དོན་བཀའ་ སྩལ་པ། མེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་རྟག་པའི་རྣལ་འབྱོར་དང་ལྡན་པས། རང་གི་དཔྲལ་བ་ནས་འཕགས་པ་མི་གཡོ་མགོན་རྃ་ལས་བྱུང་བ་བཏོན་ནས་མེའི་དཀྱིལ་འཁོར་ལ་གནས་པ་ཕྱག་དྲུག་པ་གཡོན་ཀྵིཾ་ལས་སྡིགས་མཛུབ་དང་།
BO
ཧཱུྃ་ལས་ ཞགས་པའི་ནང་དུ་བཅུག་པ་དང་། དྷྃ་ལས་གཞུའོ། ། གཡས་པ་ན་ཁྃ་ལས་རལ་གྲི་དང་ཧོ་ལས་མདའ་དང་། ཧཱུྃ་གིས་རྡོ་རྗེ་འཛིན་པར་བསམས་ནས། དེ་ཉིད་ཀྱི་འོད་ཟེར་གྱིས་ཁྲོ་བོ་དང་ལྷན་ཅིག་པས་བགེགས་ཐམས་ཅད་ཧཱུྃ་གི་སྒྲ་བསྒྲགས་པས་ འབར་བའི་རལ་གྲི་ལ་སོགས་པས་བསྣུན་པ་ལ་སོགས་པ་དང་། མདའ་འཕངས་ནས་ཕིགས་པས་སྐྱེས་པའི་བགེགས་གཞོམ་པར་བྱའོ། ། སྐྱེས་པའི་ཁྲག་ཆེན་པོ་ཅེས་བྱ་བ་ལ་སོགས་པ་ནི་རྐང་རྗེས་ཀྱི་རྡུལ་དང་། སྐྱེས་པའི་ཁྲག་གིས་བསྒྲུབ་པར་བྱ་བའི་གཟུགས་ བརྙན་བྱས་ནས། སྐྱེས་པའི་རུས་པའི་ཕུར་བུ་དག་ལ་འོད་ཟེར་ཅན་གྱི་སྔགས་ཉི་ཤུས་མངོན་པར་བསྔགས་ཏེ། མིག་ལ་ཕུར་པས་བཏབ་ནས་ཚོགས་ཀྱི་བདག་པོའི་ཁར་གཞུག་གོ། ། ཨོཾ་སུམྦྷ་རྡོ་རྗེ་གཏུན་ཤིང་དང་ཐོ་བས་དང་པོ་ཁ་དང་གཏུན་ཤིང་གིས་རྒྱབ་ཏུ་བརྡུང་བར་ བསམ་པར་བྱའོ། ། འབར་བ་གཞོམ་པའི་དོན་དུ་མིག་སྨན་གྱི་ཁ་དོག་ཅེས་བྱ་བ་ལ་སོགས་པས་ནི་ནམ་མཁའི་གནས་སུ་ཧཱུྃ་གཿཧཱུྃ་ཞེས་ནང་དུ་གཞུག་པར་བྱའོ། ། ཕུཿའི་ཡིག་འབྲུ་ལས་སྐྱེས་པ་ཀླུ་ནག་པོ་སྟོང་ཕྲག་གིས་བསྐོར་བའི་ནམ་མཁའ་ལྡིང་གིས་བཀའ་སྩལ་པར་ བྱའོ། ། ཇི་ལྟ་བ་བཞིན་དུ་བསྒོམས་ཏེ།
BO
ཨོཾ་བཛྲ་ནཱ་རཱ་ཡ་ན་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་བསྐུལ་ཏེ། དེས་བརྒྱ་བྱིན་ཡང་ཡིད་ཀྱིས་བསྐུལ་བར་བྱའོ། ། འདིའང་དེ་ཆར་གྱི་སྤྲིན་ལ་ཆར་གྱི་དོན་དུ་བཀའ་སྩལ་པར་བྱ་སྟེ། བཀའ་ཐོས་ན་ཡང་ཆར་འབེབས་པས་སྤྲིན་ཕྱིར་བཟློག་ པ་ནི་ཡིད་ཀྱིས་བསམ་པར་བྱེད་ན། ནམ་མཁའ་ལྡིང་གི་གཤོག་པས་ཟློག་པར་བྱེད་ཅིང་མཆུས་བསྣུན་པས་ཆུ་བོའི་མཚམས་བྱེད་དོ། ། རྡོ་རྗེ་ཕྱིར་བཟློག་པའི་དོན་བཀའ་སྩལ་ཏོ། ། སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པས་ནི་དགེ་བ་བྱེད་པའི་ཕྱིར་ཞི་བ་དང་། རྒྱས་པ་དང་། དབང་དུ་ བྱེད་པའི་མཚན་ཉིད་ལ་ནི་གཙུབས་པ་ལས་བྱུང་བའི་མེས་བྱའོ། ། མངོན་སྤྱོད་ལ་ནི་དུར་ཁྲོད་ཀྱི་མེས་བྱའོ། ། ཐབ་ཁུང་ཞེས་བྱ་བ་ནི་ཟླུམ་པོ་དང་། གྲུ་བཞི་དང་། ཟླ་བ་ཕྱེད་པ་དང་། གྲུ་གསུམ་མོ། ། དེ་ལྟར་ཐབ་ཁུང་གི་མཐའ་མར་དཀར་པོ་དང་། སེར་པོ་དང་། དམར་པོ་ དང་། ནག་པོར་པདྨ་རྣམས་ཀྱང་གཞག་པར་བྱའོ། ། དེ་ནས་དེའི་མདོག་ལྟར་གཙུག་ཏོར་དང་། ཆུ་སྐྱེས་དང་། རིན་པོ་ཆེ་དང་། རྡོ་རྗེ་འབར་བ་རྣམས་བྱའོ་ཞེས་བྱ་བའི་དོན་ཏོ། ། ལས་ཀུན་བྱེད་པ་བཟླས་པས་ནི་ཞེས་བྱ་བ་ནི་ཧཱུྃ་གིས་མངོན་པར་བསྔགས་པའོ། །
BO
གཡོན་ པའི་རྡོ་རྗེས་ཞེས་བྱ་བ་ནི་ལག་པ་གཡོན་པ་རྡོ་རྗེ་རྩེ་གསུམ་པ་ཅན་དུ་བྱས་པའོ། ། ལས་ཀྱི་འོད་ཀྱིས་རྣམ་པར་བརྒྱན་པ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱིས་ཅི་རིགས་པར་འོད་ཀྱིས་རྣམ་པར་སྤྲས་པའོ། ། འབར་བའི་རྣམ་པས་ཡོངས་སུ་ཐིམ་པར་བྱས་པའོ་ཞེས་བྱ་བ་ལ་ འབར་བ་ནི་ལྷའམ་འབར་བ་ནི་གཙིགས་པའི་གཟུགས་ཀྱིས་ཏེ། དེ་བཞིན་དུ་ཡེ་ཤེས་ཀྱི་རང་བཞིན་གྱི་ཆོ་ག་བསྒོམ་པར་བྱ་ཞིང་། ཨོཾ་དང་པོ་དང་། མཐར་སྭཱ་ཧཱ་ལས་མཆོག་ཏུ་གནས་ནས་ཞི་བ་དང་། རྒྱས་པ་དང་། དབང་ལའོ། ། མངོན་སྤྱོད་ལ་ཁྲོ་བའི་ཚིག་གིས་ཧཱུྃ་དང་ བཅས་པའི་ཕཊ་ཀྱིས་སྔགས་བཟླ་བར་བྱའོ། ཐོག་མ་དང་ཐ་མར་སྲེག་བླུགས་གང་བར་དབུལ་ལོ། ཁ་དགང་བ་ཞེས་བྱ་བའི་ཚིག་གིས་ནི་ལྷའི་ཞལ་གྱི་པདྨར་སྦྱིན་སྲེག་བྱའོ། ། བཤང་གཅི་ལ་སོགས་པའི་སྲེག་བླུགས་ལ་སྡིག་པ་ལ་སོགས་པའི་དོགས་པ་མི་བྱ་སྟེ། གང་ གི་ཕྱིར་དོན་དམ་པར་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཐམས་ཅད་རྣམ་པར་རྟོག་པ་ཙམ་མོ། ། དེ་ནས་དབང་པོ་གཉིས་སྙོམས་པར་ཞུགས་པས་ཀྱང་ལྷའི་ང་རྒྱལ་སྔོན་དུ་བྱ་བ་དང་། ཐབས་དང་ཤེས་རབ་རོ་གཅིག་པ་མངོན་དུ་བྱེད་ཅིང་ཟག་པ་མེད་པའི་ཡེ་ཤེས་སྐྱེད་པར་ བྱེད་པའོ། །
BO
སྐུ་ལ་སོགས་པ་ཡང་དག་པར་བསྟན་པར་བྱ་བ་བཀའ་སྩལ་པ། བུད་མེད་དང་ནི་སྐྱེས་པའི་ལུས། ལས་ནི་དུ་མས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་བསྟན་པ་ཞེས་བྱ་བས་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་མཚན་ཉིད་ཤེས་པའི་སྐྱེས་བུའོ། ། ཤ་དང་ རྐང་ལ་སོགས་པ་དག་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཏེ། འདིའི་ཕྱིར་བསྟེན་པར་བྱའོ། ། གང་ཡང་འདོད་ཆགས་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ནི། འདུ་བྱེད་འཕེལ་བ་བཤང་བ་དང་གཅི་བ་ལ་སོགས་པ་ལྔ་ཡོངས་སུ་འཛག་པ་ནི་ ས་ལ་སོགས་པ་འབྱུང་བ་བཞིའི་རང་བཞིན་རྫོགས་པའོ། ། བསྒོམས་པ་ལས་ཞེས་བྱ་ནི་བརྟགས་པ་དང་བྲལ་བའི་བློ་གྲོས་ཀྱིས་སོ། ། དེ་ནས་མཆོག་ཏུ་རབ་བཤད་བྱ། ། ཐམས་ཅད་ལས་ནི་སྣ་ཚོགས་མཆོག་ཅེས་བྱ་བ་ནི་ཇི་སྙེད་དུ་གྲུ་བཞི་པ་དང་། སྒོ་ བཞི་པ་དང་། སྒོ་སྐྱོང་བ་དང་ཡང་དག་པར་ལྡན་པའོ། ། ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་ཞེས་གསུངས་སོ། ། དེ་ནི་ནང་གི་དཀྱིལ་འཁོར་བསྟན་པར་བྱ་སྟེ། ཀུན་ལས་སྣ་ཚོགས་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་སངས་ རྒྱས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་དང་ལྡན་པའོ། །
BO
ཀུན་ལས་སྣ་ཚོགས་འཁོར་ལོ་ཅན་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་གོང་དུ་གསུངས་པའི་གནས་སུ་བཀོད་པས་དེའི་རྗེས་སུ་མཚམས་བཞི་པོ་རྣམས་སུ་དྲག་མོ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་བྱིན་ གྱིས་བརླབས་ནས། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དང་། རྡོ་རྗེ་ཐོ་བས་དེའི་སྔགས་བཟླས་ནས་བརྡུང་ཞིང་ལྟེ་བ་དང་། དྲག་མོ་ལ་སོགས་པའི་མཚམས་རྣམས་སུ་རིམ་པས་མཐའ་ཡས་དང་། རྣམ་པར་རྒྱལ་མ་ཞེས་བྱ་བ་ལ་སོགས་པའི་ཕུར་པས་བཏབ་སྟེ། དཀྱིལ་ འཁོར་བ་སྟ་གོན་ལ་གནས་པར་བྱའོ། ། དྲི་ལ་སོགས་པས་དཀྱིལ་འཁོར་གྱི་གནས་ཀྱི་ལྷ་ཐམས་ཅད་ཀྱི་གནས་སུ་རང་གི་ཧཱུྃ་དང་། དེའི་མཚན་དང་པོར་བཟླས་ནས་མངོན་པར་གཏོར་ཞིང་། དེ་ནས་སྔོན་དུ་ཚོགས་ཀྱི་དཀྱིལ་འཁོར་རང་གི་ལྷའི་འཁོར་ལོ་བཏོན་ཏེ། གནས་ ཇི་ལྟ་བར་བཞུགས་སུ་གསོལ་ནས་གསུངས་པའི་དགུག་པ་ལ་སོགས་པའི་བྱིན་གྱིས་བརླབས་པ་དང་པོར་བྱ་བ་དང་། རང་གི་སྔགས་དང་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཉེ་བར་བལྟས་ནས་དབང་བསྐུར་བ་དང་། མཆོད་པ་དང་། བསྟོད་པ་དང་། ཕྱག་འཚལ་ནས་ཉོན་མོངས་པ་ ཅན་གྱི་ཡིད་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱས་ནས་ཕྱོགས་སུ་གཏོར་མ་སྦྱིན་པར་བྱའོ། །
BO
ཇི་ལྟར་རེ་ཞིག་རྩ་བའི་བུམ་པ་ལ་སོགས་པའི་ལྷག་པར་གནས་པ་བྱས་ནས་སློབ་མ་སྟ་གོན་ལ་གནས་པར་བྱའོ། ། ཧཱུྃ་བཟླས་པའི་ཆུས་དང་པོར་སྙིང་གར་གཏོར་ནས། དེ་ཉིད་ཀྱིས་ རྡོ་རྗེ་དང་བཅས་པའི་ལག་པ་གཞག་པར་བྱ་ཞིང་། སྙིང་གར་རྡོ་རྗེ་རྩེ་ལྔ་པ་དང་། ཇི་སྲིད་སྤྱི་བོར་སྣ་ཚོགས་རྡོ་རྗེ་བསམ་པར་བྱའོ། ། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ཏེ། ཧཱུྃ་གིས་མངོན་པར་བསྔགས་པའི་སྲད་བུས་དཔུང་བ་བཅིངས་ནས་སོ་ཤིང་ལ་ སོགས་པ་དང་། དྲི་ལ་སོགས་པ་སྦྱིན་པར་བྱའོ། ། དེ་རྣམས་ལ་ཆོས་བསྟན་ཅིང་དཀྱིལ་འཁོར་གྱི་གནས་སུ་གཞུག་པར་བྱ་སྟེ། དེའི་འོད་ཟེར་རྣམས་ཀྱིས་གཤེགས་སུ་གསོལ་བར་བྱའོ། ། སྔར་བཞིན་ཡོངས་སུ་གྱུར་པས་ཞེས་བྱ་བ་ནི་མཆོད་པ་ལ་སོགས་པ་བྱེད་ པ་སྟེ། ཇི་ལྟར་འདི་སྐད་དུ་ལྷའི་འཁོར་ལོ་བཏོན་པ་དེ་བཞིན་དུ་ལྷའི་འཁོར་ལོ་དེར་ནང་དུ་བསྒོམ་པར་བྱ་ཞེས་བྱ་བ་ཇི་སྙེད་པའོ། ། གཞན་ཡང་དང་པོར་རྟོག་པའི་རྣལ་འབྱོར་དང་ལྡན་པས་མི་བསྐྱོད་པ་ལ་སོགས་པ་ཐུགས་ཀ་ནས་བཏོན་ནས་སྔོན་པོ་ལ་སོགས་པའི་ཁ་ དོག་དག་གི་སྲད་བུ་ལྔ་པོ་དེའི་བདག་ཉིད་དུ་བྱས་ཏེ། ཧཱུྃ་དལ་གྱིས་སྒྱུར་ཞིང་ཧཱུྃ་དེ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །
BO
དེ་ལྟར་རྡུལ་ཚོན་ཡང་ཇི་ལྟར་རྣལ་འབྱོར་འདི་ཉིད་དུ་གཞུག་པ་གསུངས་ལ། སངས་རྒྱས་ལྔས་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་ཕྱོགས་ཇི་ལྟ་བར་ཐིག་ གདབ་སྟེ། དང་པོར་སློབ་དཔོན་གྱིས་རྡུལ་ཚོན་བྲི་བར་བྱ་ཞིང་། ཕྱིས་ནི་སློབ་མས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། སེར་པོའི་རྡུལ་ཚོན་རྣམ་པ་ལྔའོ། ། གཉིས་པ་ལ་ནི་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་ གསུམ་མོ། ། གསུམ་པོའི་འཁོར་ལོ་ནི་རྡུལ་ཚོན་དཀར་པོས་སོ། ། འཁོར་ལོའི་ལྟེ་བ་སྣ་ཚོགས་འབར་ཞེས་བྱ་བ་ནི། སྣ་ཚོགས་པདྨར་བཞུགས་པའི་རྣམ་པར་སྣང་མཛད་ཆེན་པོ་བཞུགས་པར་བྱའོ། ། ཤར་ལ་སོགས་པའི་རེའུ་མིག་རྣམས་སུ་ནི་རྟག་པ་ལ་སོགས་པ་སྟེ་ ཕྱོགས་སུའོ། ། འཁོར་ལོའི་ཤར་ལ་སོགས་པའི་མཚམས་རྣམས་སུ་སྤྱན་ལ་སོགས་པའོ། ། འཕར་མ་གཉིས་པའི་ཤར་ལ་སོགས་པའི་ཕྱོགས་སུ་དྲག་མོ་ལ་སོགས་པའི་རྡོ་རྗེ་ལྷ་མོ་རྣམས་སོ། ། འཕར་མ་གསུམ་པའི་ཤར་ལ་སོགས་པའི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་ བྱམས་པ་ལ་སོགས་པ་བྲི་བར་བྱའོ། ། ཤར་གྱི་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའོ། ། མཚམས་རྣམས་སུ་ནི་མུར་ཛ་ལ་སོགས་པའོ། །
BO
དེ་ལྟར་དཀྱིལ་འཁོར་བྲི་བར་བྱའོ། ། ཇི་ལྟར་རེ་ཞིག་བུམ་པ་ལེགས་པར་བྱས་ན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། ། རྩ་བའི་བུམ་པ་ལ་ནི་དཀྱིལ་འཁོར་གྱི་བདག་པོའོ། ། བཞི་པ་ལ་ནི་སྤྱན་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ཀྱིས་སོ། ། ལྷ་ཐམས་ཅད་ཀྱི་རིགས་ཀྱི་དབྱེ་བས་ནི་བཞིའོ། ། དེ་ནས་བུམ་པ་སྒོར་གནས་པ་ལ་ལས་ཐམས་ཅད་པ་བཟླས་པས་བསང་གཏོར་བྱའོ། ། དེ་རྣམས་གོས་ ལ་སོགས་པས་བརྒྱན་པར་བྱས་ནས་བདག་པོའི་རྣལ་འབྱོར་དང་ལྡན་པས་ལེགས་པའི་རྣལ་འབྱོར་གྱིས་ལྷ་ཐམས་ཅད་ཀྱི་འཁོར་ལོ་རང་གི་བདག་ཉིད་ཀྱི་ནང་དུ་བསྒོམ་པར་བྱ་ཞིང་དེའི་ང་རྒྱལ་དང་ལྡན་པར་བྱའོ། ། མཆོད་ཡོན་གྱི་ཉེ་བར་སྤྱོད་པ་ཡོངས་སུ་བཟླས་ནས་སྒོ་མངོན་པར་ཕྱེ་ སྟེ། གནས་ཇི་ལྟ་བར་བུམ་པ་ལ་སོགས་པ་རྣམས་བཞག་ལ། དཀྱིལ་འཁོར་གྱི་ལྷ་རྣམས་སྔ་མ་བཞིན་དུ་ཕྱུང་ནས་རང་གི་གནས་སུ་འཁོར་ལོ་གཞུག་པར་བྱའོ། ། རང་གི་ལྷའི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར། རང་གི་ཕྱག་རྒྱ་རབ་ཏུ་བསྟན་པས་རང་གི་དབང་ གིས་དབང་བསྐུར་བའི་ཏིང་ངེ་འཛིན་ལ་གནས་པར་བསམས་ནས། སྒེག་མོ་ལ་སོགས་པའི་སྔོན་གྱི་མཆོད་པ་རྣམས་ཀྱིས་མཆོད་པ་དང་།
BO
རྔ་དང་གླིང་བུ་ལ་སོགས་པ་ཡིད་དུ་འོང་བའི་རང་གི་མཆོད་པའི་ཁྱད་པར་བྱིན་གྱིས་བརླབས་པའི་རིག་མ་རྣམས་ཀྱིས་ཐལ་མོ་སྦྱར་བས་ རྡོ་རྗེའི་གླུ་ལེགས་པར་སྦྱར་བ་གསུམ་དུ་བརྗོད་པས་ཕྱག་འཚལ་ཏེ། ཚིམ་པར་བྱ་བའི་དོན་དུ་གསུངས་པའི་སྦྱིན་སྲེག་བྱས་ནས་དེ་ནས་བཟོད་པ་གསོལ་བར་བྱའོ། ། དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་རང་གིས་གསོལ་བ་བཏབ་ནས་དང་པོ་ལ་སོགས་པ་བསྐྱེད་པར་བྱ་སྟེ། སློབ་ མ་ལ་སྣ་ཚོགས་པས་བརྒྱན་པར་བྱའོ། ། ཨོྃ་ལ་སོགས་པས་སྙིང་གར་སྐུ་ལ་སོགས་པའི་བྱིན་གྱིས་བརླབ་པའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། ། ཐལ་མོ་སྦྱར་བ་སྡིགས་མཛུབ་དཀྲིས་པའི་འཁོར་ལོའི་རྣམ་པས་ཧཱུྃ་བརྗོད་ཅིང་གནས་ལྔ་པོ་ཐམས་ཅད་དུ་བྱས་ཏེ། གདོང་ གོས་ཀྱིས་བཀབ་ནས་རྡོ་རྗེ་ལྷ་མོ་ལ་སོགས་པའི་ཕྱག་རྒྱས་བཟུང་བའི་མེ་ཏོག་དང་། ཧཱུྃ་ཉིད་ཀྱིས་གཞུག་ཅིང་སྤྱི་བོའི་ཚོགས་ཐམས་ཅད་བྱའོ། ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བས་བྱིན་གྱིས་བརླབས་ནས། དྲི་དང་མེ་ཏོག་ལ་སོགས་པས་བརྒྱན་པར་བྱ་སྟེ། ཇི་ལྟ་ བར་བུམ་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱའོ། ། དེ་བཞིན་གཤེགས་པ་རྣམས་ཀྱིས་མཆོད་ཡོན་དང་།
BO
ཕྱག་ན་བུམ་པ་བདུད་རྩི་བཟང་པོས་བཀང་བས་དེ་རྣམས་ཀྱིས་དབང་བསྐུར་བར་བལྟ་བར་བྱའོ། ། གཞན་ཡང་གོས་ལ་སོགས་པ་རྣམས་ཀྱིས་བརྒྱན་ཏེ། རྡོ་རྗེ་ ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བར་གྱུར་པ་དང་། མི་བསྐྱོད་པ་ལ་སོགས་པ་དུ་མའི་གཟུགས་ཡོངས་སུ་གྱུར་ནས་ཉེ་བར་ཐོད་པ་དང་། ཕྲེང་བ་དང་། རྡོ་རྗེ་དང་། བདག་པོ་དང་། རྡོ་རྗེ་མིང་གིས་དབང་བསྐུར་བ་དང་། གསེར་ལ་སོགས་པའི་ཐུར་མས་མི་ཤེས་པའི་ རབ་རིབ་བསལ་བ་དང་། མེ་ལོང་བླངས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཀྱིས་མཚན་ཉིད་རྣམས་བསྒྲག་པར་བྱའོ། ། དབྱངས་ཀྱི་དང་པོས་གླེགས་བམ་དང་། དང་པོའི་རྗེས་ཀྱི་དབྱངས་ཀྱིས་རྡོ་རྗེ་དྲིལ་བུ་དང་། བཀའི་གནང་ བ་སྦྱིན་པའི་དོན་དུ་རྐང་པ་བྱིན་གྱིས་བརླབ་ཅིང་། ལག་པ་གཡས་པར་རལ་གྲི་སྦྱིན་པར་བྱ་སྟེ། དེང་ནས་བཟུང་སྟེ་འཇིག་རྟེན་ལ་ཆོས་ཀྱི་འཁོར་ལོ་སྐོར་ཅིག ། སྐྱོབ་པ་ཞེས་བྱ་བ་ལ་སོགས་པ་ཡང་དག་པར་དམིགས་པར་བྱའོ། ། དེ་རིང་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་ པས་ནི་དམ་ཚིག་ཉེ་བར་བསྟན་ནས། བླ་མས་ཡོན་བླངས་ནས་ཞི་བའི་སྦྱིན་སྲེག་བྱའོ། །
BO
མཆོད་པ་དང་བསྟོད་པ་ལ་སོགས་པ་བྱས་ནས་ཧཱུྃ་ཞེས་བརྗོད་པར་བྱའོ། ། སེམས་དཔའི་རྡོ་རྗེ་ཅན་མུཿཞེས་བྱ་བས་ལྷའི་འཁོར་ལོ་གཤེགས་སུ་གསོལ་བར་བྱའོ། ། ཕུར་པ་བཏོན་ ནས་དེ་བཞིན་དུ་གསང་བའི་དཀྱིལ་འཁོར་ཉིད་གོང་དུ་གསུངས་པའི་ལག་པ་གཉིས་ཀྱིས་གཤེགས་སུ་གསོལ་བར་བྱའོ། ། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་རང་གི་གནས་ཉིད་དུ་ཁྱད་པར་དུ་འཕགས་པ་ནང་དུ་བསྒོམ་པར་བྱའོ། ། ཧཱུྃ་ཉིད་ཀྱིས་རྡུལ་ཚོན་དབྱི་བར་བྱ་ཞིང་བསྡུས་ནས་ ཆུའི་ནང་དུ་བླུག་པར་བྱའོ། ། ཁྲོ་བོས་ཁྲོ་བ་འཛིན་པའི་ཕྱིར་དཔལ་ཧེ་རུ་ཀ་འབྱུང་བ་བཀའ་སྩལ་པ། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ་ཞེས་བྱ་བ་ལ་སོགས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་དང་པོའི་རྣལ་འབྱོར་ཞེས་བྱ་བར་རིགས་ཀྱི་བུ་བསྒྲགས་པ་ཡིན་ནོ། ། སྲོག་ གཅོད་པ་ལ་སོགས་པའི་མི་དགེ་བ་བཅུ་ལ་སྤྱོད་པ་དང་། དམ་ཚིག་ཉམས་པ་དེ་རྣམས་ཀྱི་རྣམ་པར་དག་པ་བརྗོད་དེ། རྣམ་པར་དག་པ་ཞེས་བྱ་བ་ནི་དག་པའོ། ། སྒེག་ཅིང་ཞེས་བྱ་བ་ལ་སོགས་པའི་རོ་དང་ལྡན་པ་དང་། ། ཞལ་བརྒྱད་པ་ལ་ཞབས་བཞི་པ། ། ཕྱག་ནི་བཅུ་དྲུག་དག་ གིས་བརྒྱན། ། སྤྱན་ནི་ཉི་ཤུ་རྩ་བཞི་པར། བཅོམ་ལྡན་འདས་ཀྱིས་གསུངས་སོ།
BO
ཡང་དེ་ལྟར་རིམ་པ་འདིས་བཅོམ་ལྡན་འདས་ཞལ་བཞི་པ། ཕྱག་བཞི་ཡིས་ནི་རྣམ་པར་སྤྲས་པའོ། དེ་ལ་ཞལ་དང་པོ་ནི་དྲག་པོའོ། གཉིས་པ་གཡས་པ་ནི་བདེ་བས་རབ་ཏུ་ མྱོས་ཤིང་འཇིགས་པར་མཛད་པའོ། ། རྒྱབ་ཏུ་ཞལ་གསུམ་པ་ལ་ནི་རྨད་དུ་བྱུང་བའི་བཟའ་བའོ། ། གཡོན་དུ་ཞལ་སྒེག་པས་འོ་མཛད་པའོ། ། དེ་བཞིན་དུ་སྟེང་མའི་ཞལ་གཙིགས་པ་ཞེས་བྱ་བ་ནི་རྣམ་པར་མཛད་པའི་མཆོག་གོ། ། ཞལ་གསུམ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཡེ་ཤེས་སོ། ། མི་བསྐྱོད་པའི་གཟུགས་ཅན་གྱི་རྡོ་རྗེ་ཅན་ནི་དེ་བཞིན་དུ་ཕྱག་དྲུག་པའོ། ། རྒྱས་པར་འབྱུང་བ་ནི་ཕྱག་གཉིས་པ་ལ་ཞལ་གཅིག་པར་ཡང་བསྟན་པར་བྱ་ཞིང་གཡོན་པའི་ཕྲག་པར་ནི་མཆོད་ཕྱིར་ཐོགས་དག་པའི་སྦྱོར་བས་ རྡོ་རྗེ་དང་དྲིལ་བུ་དང་བཅས་པས་ཁ་ཊྭཱྃ་ག་གནས་པའོ། ། དེའི་ཕྱག་གཡས་པ་ན་བ་དན་རྩེ་གསུམ་པ་དང་ལྡན་པ་དང་། ། རྡོ་རྗེ་སུ་ཙི་ཀ་དང་། འབར་བའི་འཁོར་ལོའོ། ། ཕྱག་གཡོན་པ་ན་ཐོད་པ་སྙིང་རྗེ་ཆེན་པོས་གང་བ་ཡོངས་སུ་འཛིན་པའོ། ། ཕྱག་རྒྱ་ཆེན་པོའི་ཕྱེད་ཀྲུང་ གིས་ཟ་བ་ཞེས་བྱ་བ་ནི་སྟན་མཐོན་པོ་ལ་འདུག་པ་སྟེ། རྐང་པ་གཡོན་པ་ས་ལ་གཞག་པར་བྱ་སྟེ།
BO
དེའི་བརླ་ལ་གཡས་པའི་རྐང་པས་སེམས་དཔའི་སྐྱིལ་མོ་ཀྲུང་གི་སྦྱོར་བས་དགོད་དོ། ། དེའི་རྐང་པའི་མཐིལ་གྱིས་ཡང་གཡོན་པའི་བརླ་མཉམ་པར་སྦྱོར་བར་བྱེད་པའི་སྦྱོར་ བས་མནན་པར་བྱའོ། ། རིགས་ཀྱི་བུ་འདི་ནི་བཅོམ་ལྡན་འདས་ཀྱི་དྲག་པོའི་གདན་ལ་བཞུགས་པའི་སྐྱིལ་མོ་ཀྲུང་གི་ཕྱག་རྒྱའི་དཀྱིལ་འཁོར་བསྒྲུབ་པར་བྱ་བ་རབ་ཏུ་ཐོབ་པར་འགྱུར་ཏེ། གཡོན་པའི་བརླར་རྐང་པའི་དགོད་པས་མཉམ་པར་སྦྱོར་བར་བྱེད་པས་ཕྱེ་མར་བྱས་ནས་རབ་ཏུ་ རྒྱས་པར་ཁྲོ་བོའི་སྐུ་དེ་ནི་ཞལ་སྟེང་དུ་བསམས་ནས། དེར་བསྒྲུབ་པར་བྱ་བ་བཏུང་བར་བྱའོ། ། དེ་ཉིད་བཅོམ་ལྡན་འདས་ཀྱི་ཞལ་སྟེང་དུ་བསྒོམ་པར་བྱ་ཞིང་། ཞབས་གཡས་པས་དེ་བཞིན་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་སྦྱོར་བས་བུད་མེད་ཐམས་ཅད་ཇི་ལྟར་འདོད་པས་བླངས་ནས། བརླ་གཡོན་པ་བསྐྱོད་པས་དེ་རྣམས་དང་མཉམ་པར་སྦྱོར་བར་བྱའོ། ། ཡང་ན་ཞལ་གྱི་ཕྱག་རྒྱ་བསྒྲག་པར་བྱ་སྟེ། ཤར་གྱི་རེའུ་མིག་ལ་ནི་དཀར་མོའི་གདོང་ཞི་བའོ། ། གཡས་སུ་ཆོམ་རྐུན་མའི་གདོང་ནི་དྲག་མོའོ། ། རྒྱབ་ཏུ་རབ་ཏུ་རྨོངས་མ་ནི་བདེ་བའི་མྱོས་བྱེད་ཀྱིས་རབ་ཏུ་ རྨོངས་མའི་གདོང་ངོ་། ། གཡོན་དུ་རོ་ལངས་མ་ནི་རེངས་མའི་གདོང་མའོ། །
BO
མེའི་རེའུ་མིག་ལ་པུཀྐ་སཱི་ནི་གར་གྱི་གདོང་མའོ། ། བདེན་བྲལ་གྱི་རེའུ་མིག་ལ་ནི་གདོལ་པ་མོ་གཞན་གྱི་སྲོག་འཕྲོག་པའི་སྦྱོར་བས་ཐམས་ཅད་དུ་གུས་པ་དང་བཅས་པའི་གདོང་མའོ། ། རླུང་དུ་གྷསྨ་རཱིའི་ཤི་ བ་ཟ་བ་སྦྱོར་བའི་གདོང་མའོ། ། དབང་ལྡན་དུ་ཧེ་རུ་ཀ་ལྟ་བུར་བཅོམ་ལྡན་འདས་ཀྱི་གཟུགས་ཅན་མའོ། ། དཀར་མོ་ནི་ཞི་བའི་ལྟ་སྟངས་སོ། ། ཆོམ་རྐུན་མ་ནི་དྲག་མོའི་ལྟ་སྟངས་སོ། ། རབ་ཏུ་རྨོངས་མ་ནི་རབ་ཏུ་རྨོངས་པའི་ལྟ་སྟངས་སོ། ། རོ་ལངས་མ་ནི་ཤི་བ་སློང་བའི་ལྟ་སྟངས་སོ། ། པུཀྐ་སཱི་ནི་གར་གྱི་ལྟ་སྟངས་སོ། ། གདོལ་པ་མོ་ནི་སྟེང་དུ་ལྟ་བའོ། ། གྷསྨཱ་རཱི་ནི་འོག་ཏུ་གདན་ལ་ལྟ་བའོ། ། མེ་ཏོག་ལ་དཀར་མོ་གཟུགས་སུ་བསམས་ནས་གང་ལ་བྱིན་པ་དེ་ཕྱག་རྒྱས་འདེབས་པར་འགྱུར་རོ། ། གདུག་པ་ལ་ནི་ཆོམ་རྐུན་མའི་གཟུགས་སོ། ། ཆང་ལ་ནི་རབ་ཏུ་རྨོངས་མའི་ གཟུགས་སོ། ། ཆུ་ལ་ནི་རོ་ལངས་མའི་གཟུགས་སོ། ། ཤིང་གི་འཁྲིལ་ཤིང་ལ་ནི་པུཀྐ་སཱིའོ། ། རས་ལ་ནི་གཏུམ་མོའོ། ། མེ་ལ་ནི་གྷསྨ་རཱི་སྟེ་རྩེ་གཅིག་མའི་མཉམ་པར་སྦྱོར་བའི་བསམ་གཏན་གྱི་སྦྱོར་བས་ཀུན་ཏུ་གནས་སོ། །
BO
དེ་ནས་དཀར་མོ་དེའི་བསམ་གཏན་གྱིས་ཀྱང་ཕྱག་རྒྱས་གདབ་ པར་བྱའོ་ཞེས་སྦྱར་རོ། ། དེ་ལྟར་བྱ་བ་ཆོམ་རྐུན་མས་རྙིང་གནས་དྲངས་པའི་བསམ་གཏན་གྱིས་བསྒྲུབ་བྱའི་ལུས་ལ་ཞུགས་ཏེ་སྙིང་ནས་དྲང་ངོ་། ། རབ་ཏུ་རྨོངས་མའི་སྦྱོར་བས་བདེ་བས་རྨོངས་ཤིང་བསྒྲུབ་བྱ་རྨོངས་པར་བསམ་པར་བྱ་སྟེ། དེ་ལྟར་བདེ་བ་རབ་ཏུ་སྦྱིན་པས་རབ་ ཏུ་རྨོངས་པར་བྱེད་པའོ། ། རོ་ལངས་མའི་བསམ་གཏན་གྱིས་བདུད་རྩི་ཆུ་ཡིས་གཏོར་བས་ཤི་བ་སློང་བར་བྱེད་དོ། ། པུཀྐ་སཱིའི་རྣལ་འབྱོར་གྱིས་སེ་གོལ་གཏོགས་པས་གར་བྱེད་དོ། ། སྟེང་དུ་ཤིན་ཏུ་དབུགས་ཀྱི་བསམ་གཏན་གྱིས་ལྷན་ཅིག་གཅིག་ཏུ་གྱུར་པས་གདོལ་པ་མོས་གསོད་ པར་བྱེད་དོ། ། གདན་གྱི་བཟའ་བས་གྷསྨ་རཱིའི་བསམ་གཏན་དེས་བཟའ་བར་བྱའོ། ། དཀར་མོས་ནི་གཡོན་གྱི་ལྟ་སྟངས་ཀྱིས་བསྒྲུབ་བྱ་ལ་བལྟས་པས་ཕྱག་རྒྱས་འདེབས་པར་བྱེད་དོ། ། ཡིད་ཀྱིས་བསྒྲུབ་བྱའི་སྙིང་གར་ཞུགས་ཏེ། དེའི་སྙིང་གི་པདྨ་ལག་པ་གཡོན་པས་ འདོན་ཅིང་འགུགས་པར་བྱེད་དོ། ། ཆོམ་རྐུན་མས་ནི་སྙིང་ནས་འདྲེན་པར་བྱེད་དོ། ། རབ་ཏུ་རྨོངས་མས་ནི་ཡིད་ཀྱིས་སམ་མངོན་སུམ་དུའོ་བྱེད་པས་བདེ་བས་རབ་ཏུ་རྨོངས་པས་རབ་ཏུ་རྨོངས་པར་བྱེད་དོ། །
BO
རོ་ལངས་མ་ནི་ཡིད་ཀྱིས་སམ། དངོས་སུ་འཁྱུད་ནས་འཆི་བ་སློང་ བར་བྱེད་དོ། པུཀྐ་སཱིའི་རྣལ་འབྱོར་གྱིས་གར་བྱེད་པ་ནི་ཡིད་ཀྱིས་བསྒྲུབ་བྱ་དང་ལྷན་ཅིག་གཅིག་ཏུ་གྱུར་པས་རང་གིས་གར་བྱེད་དོ། ཡིད་ཀྱིས་བསྒྲུབ་བྱ་དང་ལྷན་ཅིག་གཅིག་ཏུ་གྱུར་པས་བདེ་བས་རྨོངས་པས་སྟེང་གི་ལྟ་སྟངས་བྱས་ཏེ། གཏུམ་མོའི་རྣལ་འབྱོར་གྱིས་གསོད་ པར་བྱེད་དོ། ། གྷསྨ་རཱིའི་རྣལ་འབྱོར་གྱིས་བསྒྲུབ་བྱ་ཁར་བཅུག་སྟེ་བཅའ་ཞིང་བཟའ་བར་བྱའོ། ། བཟའ་བར་བྱ་ཞེས་བྱ་བ་ནི་དགྲ་བོ་ཐམས་ཅད་ཤིན་ཏུ་རྟག་ཏུ་ཟོས་པ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། རྡོ་རྗེ་ཧཱུྃ་མཛད་ལ་ནི་འཇིག་རྟེན་གསུམ་སྒྲོལ་བ་ཞེས་བྱ་བའི་ མིང་རྙེད་པར་འགྱུར་ཏེ། དེ་ནི་རྡོ་རྗེ་སེམས་དཔའ་སྟེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་ནོ། ། དེ་ནས་གཞན་དུ་ཞེས་བྱ་བ་ནི་མཛེས་པ་དང་། སྙིང་རྗེའི་སྟོབས་ལ་སོགས་པའི་ཁྲོ་བོ་གཞན་ཐམས་ཅད་ཁྲོ་བོའི་རོ་གཅིག་པར་ཞེན་པའོ། ། བཅོམ་ལྡན་འདས་ ཁྲོ་བོའི་གཟུགས་ཀྱི་མཚན་ཉིད་ཅི་ལགས། གང་གི་དོན་དུ་གསུངས། ལུས་ལ་དམ་པར་ལྟ་བ་དང་།
BO
སྲོག་དང་གང་ཟག་ལ་སོགས་པ་བདག་ཏུ་འཛིན་པས་སྨྲས་པའི་བརྟགས་པ་ཐམས་ཅད་ཀྱི་མཐར་བྱེད་པ་གཤིན་རྗེའི་རྒྱལ་པོ་སྟེ། གསུམ་བྱེད་པ་དེ་རྣམས་ཀྱིས་བརྟགས་ པའི་འཁོར་ལོ་ལས་རྒྱལ་བ་ནི་བརྟགས་པ་ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཀྱི་དབང་ཕྱུག་ཡིན་ནོ། ། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་བཤད་པར་བྱ་སྟེ། གང་གི་ཕྱིར་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ནས་བཟུང་སྟེ་དེ་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱིས་ཐལ་བར་རླག་ པར་མཛད་དོ། ། འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ། འདོད་ཆགས་ཆེན་པོ་ནི་འདོད་ཆགས་རྡོ་རྗེ་སྟེ་དེའི་ངོ་བོ་ཅན་ནི་དེར་བརྗོད་པ་ཡིན་ནོ། ། ཡང་རྡོ་རྗེ་སེམས་དཔར་གྱུར་ནས་འདོད་ཆགས་ཅན་གྱི་རྡོ་རྗེར་འགྱུར་བའི་ཕྱིར་དཔྱིད་ལྟ་བུར་མེ་ཏོག་དྲི་ཞིམ་པོའི་ཕྲེང་བ་དང་། སྙིང་པོ་ལ་སོགས་པས་བརྒྱན་ པར་བྱ་བའི་ཕྱིར་དང་། མེ་ཏོག་གི་གཞུ་དང་མདའ་དང་ལྡན་པའི་ཕྱིར་ང་ནི་འདོད་པའོ། ། སྐུ་གསུམ་གྱི་མདའ་ནི་རྣམ་དགོད་པ་ཞེས་བྱ་བ་ནི་སྤང་ལེབ་ཀྱི་ཕུབ་ཀྱི་དབུས་སུ་ཡུྃ་ཁྃ་དང་།
BO
ཨོྃ་ལ་སོགས་པ་གསུམ་དགོད་པ་དང་མདའ་དང་ལྷན་ཅིག་བཙུན་མོའི་སྤྱི་བོར་རྫས་འདི་རྣམས་བསམ་ པར་བྱ་ཞིང་འཛག་པའི་དོན་དུ་པདྨའི་མཐར་གསུངས་སོ། ། གལ་ཏེ་འདོད་པ་ཞུ་བ་ནི་འདོད་པ་ཞུ་བ་ལྟ་བུའོ། ། པདྨ་ཞེས་བྱ་བ་ནི་སྙིང་པོ་སྟེ། ཨེ་བྃ་ལྟ་བུར་དབང་དུ་གྱུར་པས་འཛག་པའོ། ། འདི་སྐད་ལ་སོགས་མཐའ་ཡས་མཆོག ། སངས་རྒྱས་ཀུན་གྱི་སྡོམ་པ་མཆོག ། ཅེས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། ། དེ་ནས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཉིད་ཀྱིས་ འབྱུང་བ་ཡང་དག་པར་བཀའ་སྩལ་པ། ད་ནི་བདག་ལ་བཤད་དུ་གསོལ། སྣ་ཚོགས་བྲིས་སྐུ་བཀབ་པ་ཞེས་བྱ་བ་ནི་གདན་རྣམས་སུ་བརྗོད་དེ། དེ་རྣམས་ཀྱིས་ཡར་འཇུག་པ་ནི་དེའི་དོན་གྱི་རྣལ་འབྱོར་ཏེ། བྲིས་སྐུའི་འཇུག་པའི་རྣལ་འབྱོར་རོ། ། དེ་བས་ན་རང་འབྱུང་བར་བྱེད་དོ། ། ཡང་དག་པར་རབ་ཏུ་གསུངས་པ་ཞེས་བྱ་བ་ནི་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། ། པདྨའི་སྣོད་ཅེས་བྱ་བ་འདི་ནི་མིའི་ཐོད་པར་ཤེས་པར་བྱའོ། །
BO
ད་ནི་ཡང་ཁྱོད་ལ་བཙུན་མོའི་དཀྱིལ་འཁོར་གྱི་དབྱིབས་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཕོ་བྲང་ནི་ཟླུམ་པོའོ། ། ཧེ་རུ་ཀའི་ ཟླ་བ་ཕྱེད་པའི་དབྱིབས་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གྱི་དབྱིབས་ཞེས་བྱ་བའི་དོན་ཏོ། ། པདྨའི་རྣམ་པ་དང་། རིན་པོ་ཆེའི་རྣམ་པར་ཤེས་པར་བྱའོ། ། ཇི་ལྟར་འདོད་པ་ཞེས་བྱ་བ་ནི་ཇི་ལྟར་འདུན་པའོ། ། དེ་ལྟར་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེ་ དང་། རལ་གྲིའི་གདན་གྱི་དབུས་སུ་སྒྲུབ་པ་པོ་གང་འདོད་པ་དེ་ཉིད་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་བརྙན་ནོ། ། ཕྱི་ནས་རྟ་མཆོག་གི་གཟུགས་བརྙན་གཞུག་པར་བྱ་སྟེ། རྟ་མཆོག་གི་དཀྱིལ་འཁོར་དུ་གསུངས་པ་ཡིན་ནོ། ། ཇི་ལྟར་ཐོབ་པ་ཞེས་བྱ་བ་ནི་ཇི་ལྟར་རྙེད་པ་ ཞེས་བྱ་བའི་དོན་ཏོ། ། གང་ཉིད་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་སྐྱེས་པ་དེ་ཉིད་ཀྱི་ཡོ་བྱད་ཀྱིས་བྲི་བར་བྱའོ། ། དུས་ཇི་ལྟ་བར་ཞེས་བྱ་བ་ནི་ཞི་བར་འདོད་པས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་དབུས་སུ་གདན་དེ་བྲི་བར་བྱའོ། ། རྒྱས་པའི་དོན་དུ་རིན་པོ་ཆེའི་དཀྱིལ་འཁོར་ལ་ཉི་མ་ ཤར་བ་ན་བྲི་བར་བྱའོ། །
BO
མངོན་སྤྱོད་ཀྱི་ལས་རྣམས་ལ་ཉི་མ་ཕྱེད་དང་ནམ་ཕྱེད་ན་རྡོ་རྗེའི་དཀྱིལ་འཁོར་ལའོ། ། གཞན་པའི་ལས་ལ་པདྨའི་དཀྱིལ་འཁོར་ལ་ཉི་མ་བསྙུར་ནའོ། ། ཇི་ལྟར་བདེ་བ་ཞེས་བྱ་བ་ནི་དམ་ཚིག་དང་། དབང་བསྐུར་བ་ལ་དུས་ཀྱི་ངེས་པ་ཡོད་པ་མ་ཡིན་ནོ། ། ཤར་དང་། ལྷོ་དང་། བྱང་དང་། ནུབ་ཀྱི་ཕྱོགས་སུ་ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད་དུའོ། ། ཡོངས་སུ་གང་བའི་དབང་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་ཐམས་ཅད་དོ། ། སློབ་མ་མཆོག་འབྲིང་ཐ་མ་ཀུན། ། ཞེས་བྱ་བ་ནི་ཐ་མ་ལ་ནི་དཀྱིལ་འཁོར་གྱི་དབང་དང་། ཉིན་པར་གྱི་ཐིག་ལེའོ། ། འབྲིང་པོ་ལ་ནི་ཉ་ཕྱིས་ཀྱིས་སོ། ། གང་ཞིག་མཆོག་དེ་རྣམས་ལ་ནི་སངས་རྒྱས་གཅིག་པུའི་བདག་ཉིད་ཀྱིས་སྦྱིན་པར་བྱའོ། ། དུམ་བུ་གཅིག་པའི་མགོ་སྐྱེས་བྱ་བ་ནི་དུམ་བུ་གཅིག་པ་དང་། མགོ་བོའི་རྡོ་རྗེ་ནི་དུམ་བུ་གཅིག་པའི་མགོ་སྐྱེས་སོ། དུམ་བུ་གཅིག་པའི་ཐོད་པ་དུམ་བུ་གཅིག་པའི་བདག་ཉིད་ཀྱིས་དབང་ཡང་བྱའོ། ། མགོ་སྐྱེས་ཞེས་བྱ་བ་ནི་པདྨའི་སྣོད་དོ། ། དུམ་བུ་གཅིག་པ་ནི་དུམ་བུ་གཅིག་པ་སྟེ། མ་གས་པ་དང་མ་ཆག་པ་ཞེས་བྱ་བ་ཇི་སྙེད་པ་རྟོགས་པར་བྱའོ། ། ཀྃ་ནི་ཕུང་པོ་སྐྱོང་བར་བྱེད་པའི་ཕྱིར་ ཐོད་པའོ།
BO
། དེ་བཞིན་དུ་གསུངས་པ། སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ། ། པདྨ་གཅིག་བདག་དེ་བཞིན་ནོ། ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེའི་རིན་པོ་ཆེའི་དབང་ངོ་། ། དཔལ་ཧེ་རུ་ཀ་ནི་རྡོ་རྗེའི་དབང་ངོ་། ། འོད་དཔག་ཏུ་མེད་པའི་དབང་ནི་ནོར་བུའི་དབང་ དང་། དེར་བཟླས་པར་ཡང་བྱའོ། ། རིན་པོ་ཆེའི་ཕྱེད་པ་ནི་རྡོ་རྗེའི་དབང་ངོ་། ། སངས་རྒྱས་ཀུན་གྱི་སྐུ་ནི་ནོར་བུའི་དབང་དུ་ཤེས་པར་བྱའོ། ། རྟ་མཆོག་གི་ཡང་ངོ་། ། རྒྱུ་དང་འབྲས་བུའི་རང་བཞིན་གྱིས་མི་བསྐྱོད་པ་ནི་རྡོ་རྗེ་སེམས་དཔར་ཡང་ཤེས་པར་བྱའོ། ། ཐོད་པའི་ གདན་འདིའི་འབད་པས་བསྒྲུབ་པར་བྱ་བ་གང་ཞེ་ན། རང་བཞིན་ཉིད་དེའི་གྲུབ་པ་རབ་ཏུ་བྱུང་བས་རང་བཞིན་ལས་རབ་ཏུ་འབྱུང་བའི་ནུས་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྐབས་མེད་པའི་ངོ་བོའི་ཕྱིར་དེ་ཉིད་དུ་གྱུར་པའི་རབ་ཏུ་འབྱུང་བས་དེ་ནི་རང་བཞིན་གྱིས་གྲུབ་པའོ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་གྱི་གཟུགས་ཀྱི་རང་བཞིན་ལས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་དེ་ལྟར་གསུངས་པ་ཡིན་ནོ། ། དཔེར་ན་མེ་ནི་ཚ་བའི་རང་བཞིན་དུ་གྲུབ་པ་སྟེ།
BO
དེ་ལྟར་དེའི་ཡང་རབ་ཏུ་འབྱུང་བ་ཉིད་ལས་རང་བཞིན་རྣམ་པར་དག་པའི་ཕྱིར། དེ་ཉིད་ ཀྱི་བཟང་པོའི་བསམ་པའི་རྣལ་འབྱོར་བྱས་ནས་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་གཅིག་པའི་དངོས་པོས་དེ་ལྟར་གྱུར་པའི་རྣལ་འབྱོར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོགས་པར་བྱའོ། ། རང་གི་སྙིང་གའི་ཟླ་བར་ཧཱུྃ་བློས་བྲིས་ནས་དེ་བརྗོད་པར་བྱ་སྟེ། བདག་ ཉིད་ནམ་མཁའ་དང་མཉམ་པར་བསམ་པར་བྱའོ། ། དེ་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡང་ཟླ་བའི་དཀྱིལ་འཁོར་ཉིད་དོ། ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པར་ཧཱུྃ་ཡང་བསྒོམ་མོ། ། དེར་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ཅིང་དེར་ཡང་རྡོ་རྗེ་སེམས་དཔར་ བསྐྱེད་ནས་བཀུག་སྟེ། པདྨའི་གདན་ལ་བཞུགས་སུ་གསོལ་བ་དང་། ཇི་ལྟར་སྤྱན་ལ་སོགས་པའི་སྤྲུལ་པ་ཡང་བཞུགས་པར་བྱ་ཞེས་བྱ་བའི་དོན་ཏོ། ། དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་ཡང་རང་གི་རིགས་ཀྱི་འབྱུང་བའི་སྦྱོར་བ་ལ་བལྟ་བར་བྱ་ སྟེ། འདིས་ནི་ཡང་རབ་ཏུ་སྦྱོར་བས་གང་ཞིག་དེ་རྣམས་སྐྱེ་བ་དེ་ནི་ཉི་མ་དང་ཟླ་བ་འབྱུང་བ་ལྟ་བུའོ། །
BO
ཕྱིར་རོལ་དང་ནང་གི་བདག་ཉིད་ལས་ཡི་གེ་ལྔར་འགྱུར་བའི་ཕྱིར་ལྷ་མོ་ཐམས་ཅད་གཉིས་ལས་སྐྱེད་པ་དང་རྫོགས་པའོ། ། ལས་ཐམས་ཅད་རབ་ཏུ་རྒྱས་པར་འབྱུང་བའི་ཆོ་གའོ། ། ལ་ལ་ཞེས་བྱ་བ་ནི་མ་མཐོང་བའོ། ། རང་གི་སེམས་སོ་སོར་རྟོག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་སོ། ། བྱང་ཆུབ་ཏུ་བཏབ་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། ། དེའི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། ཇི་ལྟར་སེམས་དཔའ་ཡང་དག་པར་རྙེད་ནས་རྗེས་སུ་འབྲང་བའི་ཕྱིར་རྗེས་སུ་འགྲོ་ བའོ། ། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་སྒྲུབ་པར་བྱེད་པའི་མིང་པོ་གསུམ་གྱི་གཟུགས་ཀྱིས་གནས་པའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་དེ། དེ་ཉིད་སྣ་ཚོགས་ཀྱི་རྣམ་པར་འགྱུར་ཞིང་། རྡུལ་དང་། མུན་པ་དང་། སྙིང་སྟོབས་ཀྱང་སེམས་ཅན་གྱི་ དོན་དུ་འགྱུར་ཏེ། གང་ཞིག་རྣམ་པར་དག་པ་དེ་ནི་ཀུན་ཏུ་བཟང་པོའོ། ། དེ་བས་ན་བྱང་ཆུབ་ཀྱི་སྤྱོད་པ་འདི་ནི་ཇི་ལྟར་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། ། ཁབ་ནས་གསལ་བར་འབྱུང་བའམ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ དང་།
BO
དཔེ་བྱད་བཟང་པོ་བརྒྱད་ཅུ་རྫོགས་པ་སྟེ། བསོད་ནམས་ཀྱི་ཕུང་པོ་དེའི་ཉི་ཟེར་གྱི་རྡུལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་སོ། ། དེ་རྣམས་ཀྱི་རྡུལ་ནི་དཔེ་བྱད་བཟང་པོ་རྣམས་སོ། ། གསལ་བར་གྱུར་པ་དེ་གང་ཞེ་ན། གསལ་བ་ནི་ཁྱད་པར་དུ་ཡོན་ཏན་ལ་ སོགས་པ་འཛིན་པ་སྟེ། བྱང་ཆུབ་ཆེན་པོའི་མཆོད་པ་ནི་དེ་རྣམས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། ། བདུད་ཀྱི་གཟུགས་ཀྱིས་བྱང་ཆུབ་སེམས་དཔའ་སླུ་བ་ནི་སྐྱེས་པའི་བདུད་དེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་གསོད་པའི་ཕྱིར་བདུད་ནི་འདོད་ཆགས་རྡོ་རྗེའོ། ། བདུད་ བཞི་བཅོམ་པ་དང་ལྡན་ཞིང་བདུད་ལས་རྒྱལ་བར་ཁ་ཅིག་ཏུ་ཤཱཀྱ་ཐུབ་པར་གྱུར་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་དང་གང་ཟག་ཏུ་འཛིན་པ་ཚར་གཅད་པའི་ཕྱིར་ཐར་པ་རྣམ་པར་དག་པའོ། ། འཇིག་རྟེན་པའི་རྣལ་འབྱོར་པའི་གང་ཟག་ཚར་གཅད་པའི་ཕྱིར་དང་། ཉན་ཐོས་ དང་། རང་སངས་རྒྱས་ཀྱི་ཆོས་སུ་འཛིན་པ་ཚར་གཅད་པའི་ཕྱིར། དེ་ལྟར་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་ནས་ཇི་ལྟར་གྱུར་པ་ཡོངས་སུ་ཤེས་པའི་ཕྱིར་ཐར་པ་ཐམས་ཅད་རྣམ་པར་དག་པ་ཡིན་ཏེ།
BO
འདིའི་དོན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོ་ སྐོར་བར་མཛད་པའོ། ། བདག་ཏུ་ལྟ་བ་རྣམ་པ་དྲུག་ཅུ་རྩ་གཉིས་དང་། འདོད་ཆགས་རྣམ་པ་ཐམས་ཅད་དང་། དེའི་རྣམ་པར་དག་པ་སྟེ། དེ་ཁོ་ན་ལ་བདག་མི་དམིགས་པས་རང་བཞིན་མེད་པའི་ཕྱིར། དེའི་དོན་དུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་རྒྱལ་པོ་ནི་པདྨ་གར་གྱི་ དབང་ཕྱུག་ཡིན་ནོ། ། དགའ་ལྡན་གྱི་ལྷ་ཐམས་ཅད་ཀྱི་མཐར་ཐུག་པ་ལ་འཁོར་ལོ་དམ་པའོ། ། རྫུ་འཕྲུལ་གྱི་ཆོ་འཕྲུལ་སྣ་ཚོགས་པའི་མཆོག་ནི་ལྷའི་འཁོར་ལོ་དམ་པའོ། ། འདི་ལྟ་སྟེ་ཡང་ནི་རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ཀྱི་འདུས་པ་ཞེས་བྱ་བ་ལ་འདུས་པ་ནི། ཚོགས་པའོ། ། བདེ་བ་ཅན་ཞེས་བྱ་བ་ནི་མཆོག་གི་དགའ་ལྡན་ཏེ། རིགས་ཀྱི་བུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལྟ་བུའོ། ། དཔེར་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པས་བརྒྱན་པའོ། ། དེ་བཞིན་དུ་བཅོམ་ལྡན་འདས་པདྨ་གར་ གྱི་དབང་ཕྱུག་དང་། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་གཞལ་དུ་མེད་པས་ཀུན་ཏུ་བསྐོར་བས། དེ་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལྟ་བུ་སྟེ།
BO
དེའི་དོན་དུ་པདྨ་གར་གྱི་དབང་ཕྱུག་སྒྲོལ་བ་པོ་འབྱུང་བ་ཡིན་ནོ། ། སྦྱིན་པ་དང་། སྦྱིན་པ་པོ་ དང་། ལེན་པ་པོ་མི་དམིགས་པའི་སྦྱིན་པས་སེར་སྣ་སྤང་བའི་ཕྱིར་དོན་དམ་པར་རྣམ་པར་དག་པ་དེའི་དོན་དུ་སེར་སྣ་ཅན་གྱི་སེམས་ཅན་རྣམས་འཁོར་གསུམ་ཡོངས་སུ་དག་པའི་ཡེ་ཤེས་ཀྱིས་ཤིན་ཏུ་སྦྱིན་པ་ལ་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ཉི་མ་ལྟ་བུའི་ཕྱག་རྒྱ་ཆེན་པོ་ནི་ཉི་ མའི་ཕྱག་རྒྱའོ། ། ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི་ནམ་མཁའ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་སྙིང་པོ་བསྐྱེད་པའི་ཕྱིར་གང་གི་འདི་ནི་དེ་དེ་བཞིན་དུ་གསུངས་སོ། ། དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བར་བྱེད་པ་ནི་སེམས་ཅན་ཐམས་ ཅད་ཀྱི་རྣམ་པ་ཐམས་ཅད་དུ་འཁོར་ལོས་སྒྱུར་བ་ལ་སོགས་པར་གསོལ་བ་འདེབས་པ་དེ་རྣམས་ཀྱི་བསམ་པ་དེ་རབ་ཏུ་སྦྱིན་པས་ཐམས་ཅད་ཀྱི་བསམ་པ་སྐོང་བར་བྱེད་པ་སྟེ། དེའི་ཕྱིར་བཀའ་སྩལ་པ། ནམ་མཁའ་ལ་གླང་པོ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་རིན་པོ་ཆེ་ཐམས་ཅད་ཀྱི་ ཆར་འབེབས་པ་ཞེས་བྱ་བ་ནི་རིན་པོ་ཆེ་བདུན་གྱི་ཆར་འབེབས་པའོ། །
BO
དེའི་དོན་དུ་སྒྲོལ་མ་འབྱུང་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་ནོ། ། ཤིན་ཏུ་བརྩོན་འགྲུས་དམན་པ་ཞེས་བྱ་བ་ནི་ལེ་ལོ་ལ་སོགས་པའོ། ། སྟོབས་ཀྱི་རྣལ་འབྱོར་ནི་གྲགས་པའི་རྣལ་འབྱོར་ རོ། ། དེ་བས་ན་སྟོབས་ཀྱི་རྣལ་འབྱོར་གྱིས་རྣམ་པར་དག་པ་ནི་དྲག་ཤུལ་གྱི་རྣལ་འབྱོར་གྱིས་རྣམ་པར་དག་པའོ། ། བརྩོན་འགྲུས་ཀྱི་སྦྱོར་བས་ནི་དེའི་དོན་དུ་སྟོབས་ཀྱི་རྣལ་འབྱོར་རྣམ་པར་དག་པས་རྟ་མཆོག་འབྱུང་བ་ཡིན་ཏེ། ། རྟ་མགྲིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། དཔུང་ པ་བཞི་དང་ལག་པ་བཞི་ཞེས་བྱ་བ་འདི་ནི་ཕྱག་བརྒྱད་པ་ལྟ་བུའོ། ། ཞབས་བཞི་ཞེས་བྱ་བ་ནི་གཡོན་བརྐྱང་བའི་སྦྱོར་བའོ། ། དེ་ནས་གཡས་པའི་ཞབས་གཅིག་གིས་ནི་མིའི་དངོས་གྲུབ་ཀྱི་དཔལ་མོ་མནན་ཏོ། ། གཉིས་པས་ནི་ལྷ་མོ་ཤ་ཙི་དང་དགའ་མ་མནན་པའོ། ། གཡོན་གྱི་དང་ པོས་ནི་མིག་གསུམ་པ་དང་ཁྱབ་འཇུག་གོ། ། གཉིས་པས་ནི་ཚངས་པ་དང་འདོད་པའི་ལྷ་མནན་ནས་བཞུགས་སོ། །
BO
དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་རྟ་མཆོག་གིས་ནི་འཇིག་རྟེན་གསུམ་པོ་ལྷ་ཆེན་པོ་ལ་སོགས་པ་དེ་རྣམས་བསྡུས་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་ རྣམས་ཀྱིས་རྣམ་པར་བཏུལ་བ་གང་ཞིག་རྡོ་རྗེ་ཧཱུྃ་མཛད་ཀྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་བསྒྲལ་ནས། དེའི་དཀྱིལ་འཁོར་དུ་ལྷ་ཆེན་པོས་བླ་མ་ལ་དཀའ་ཟློག་མ་ཡོན་དུ་ཕུལ་ནས་ཕྱུང་བ་ནི་རིམ་པ་ཇི་ལྟ་བར་གྲུ་བཞི་སྒོ་བཞི་པར་ཐིག་གདབ་པར་བྱ་ཞིང་སྒེག་མོ་ལ་སོགས་པས་ ཡོངས་སུ་གང་བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། ། དཀྱིལ་འཁོར་གྱི་ཚད་གང་གིས་ཐིག་གདབ་པར་བྱ་ཞེ་ན། ནང་དུ་ཁྲུ་གང་ཞེས་བྱ་བ་ནི་དབུས་སུ་ཁྲུ་གང་སྟེ་དང་། ཕྱི་རོལ་དུ་ཁྲུ་གང་ཉིད་དང་། འཕར་མ་གསུམ་པ་ཁྲུ་གཉིས་པ་ཞེས་བྱ་བར་དགོངས་པའོ། ། ཟླ་བའི་ དཀྱིལ་འཁོར་ལྟ་བུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སྙིང་པོ་ཟླུམ་པོ་ཡིན་ནོ་ཞེས་བྱ་བར་བཅོམ་ལྡན་འདས་འཇིག་རྟེན་གསུམ་པོ་སྒྲོལ་བའི་དཀྱིལ་འཁོར་བཀའ་སྩལ་ཏོ། ། ད་ནི་མི་མཐུན་པའི་ཕྱོགས་ཀྱི་སྒོམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་སྒོམ་པ་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་ དང་པོར་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་སྲིད་པའི་རྒྱུའི་ཕྱིར་རོ། །
BO
རྨོངས་པ་ལས་བདེན་པ་བཞི་ལ་འཇུག་པའི་ཕྱིར་རོ། ། དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་ལུས་ལ་ཚུལ་བཞིན་མ་ཡིན་པ་སྒོམ་པ་སྟེ། དེ་ཡོངས་སུ་བརྟགས་པས་གང་ཞིག་སྡུག་བསྔལ་གྱི་བདེན་པ་ ལ་འཇུག་པའོ། ། དེའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་འདུ་བྱེད་ཀྱི་མཚན་ཉིད་ཀྱི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དེ་དང་ལྷན་ཅིག་ཟག་པ་མེད་པ་དང་བཅས་པའི་གནས་སྐབས་ཀྱི་སྡུག་བསྔལ་གང་ཞིག་ལྟ་བའི་ཕྱིར། ཚོར་ བ་ནི་སྲེད་པའི་རྒྱུའི་ཕྱིར་དེ་ཡོངས་སུ་བརྟགས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ། ། བདག་གི་དངོས་པོ་ལ་མངོན་པར་ཞེན་པའི་སེམས་དེ་ཡོངས་སུ་བརྟགས་པའི་ཕྱིར་འགོག་པའི་བདེན་པ་ལ་འཇུག་གོ། ། བདག་ཏུ་ལྟ་བ་གཅོད་པས་རྟོགས་པའི་ཕྱིར་ཆོས་ལ་བརྟགས་ པས་གང་ཞིག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ། ། དེ་ལྟར་དང་པོར་བདེན་པ་བཞི་ལ་འཇུག་པའི་ཕྱིར་དྲན་པ་ཉེ་བར་གཞག་པའི་བསྒོམ་པ་རྣམ་པར་གཞག་པར་བྱ་སྟེ། དེ་ནས་ ཡང་དག་པར་སྤོང་བའི་སྒོམ་པ་ཡོངས་སུ་ཤེས་ལ། གང་གི་ཕྱིར་མཐུན་པའི་ཕྱོགས་དང་།
BO
མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཐམས་ཅད་དུ་དེ་རྟོགས་ན་བརྩོན་འགྲུས་རྣམ་པ་བཞི་པོ་འདི་རབ་ཏུ་རྩོམ་མོ། ། དྲན་པ་ཉེ་བར་གཞག་པ་བསྒོམས་པས་མཐུན་པའི་ཕྱོགས་དང་ མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་ནས་མཐུན་པའི་ཕྱོགས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དང་། མི་མཐུན་པའི་ཕྱོགས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྣམ་པ་བཞི་ཡང་དག་པར་རབ་ཏུ་རྩོམ་སྟེ། སྡིག་པ་མི་ དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་རྒྱས་པར་གོང་དུ་གསུངས་སོ། ། ལས་ཉིད་ལ་གནས་པ་ཞེས་བྱ་བ་ནི་དེ་ལ་དོན་ཐམས་ཅད་ཡང་དག་པར་རྟོགས་པའི་ཕྱིར། སྐྱོན་ལྔ་སྤང་བ་དང་། འདུ་བྱེད་བརྒྱད་བསྟེན་པ་དེའི་ཕྱིར་ཡོངས་སུ་ཤེས་པས་བརྩོན་འགྲུས་ཀྱི་སྒོམ་ པས་སེམས་གནས་པའི་ལས་ཉིད་དོ། ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དོན་ཐམས་ཅད་ཡང་དག་པར་འཕེལ་བའི་རྒྱུའི་ཕྱིར་གནས་པ་ནི་འདིར་སེམས་ཀྱི་ཏིང་ངེ་འཛིན་དུ་རིག་པར་བྱའོ། ། དེ་ནས་ཡང་དག་པར་སྤོང་བའི་མཐར་རྫུ་འཕྲུལ་གྱི་རྐང་པ་དེ་ཡང་ལས་ཉིད་དེ། སྐྱོན་ ལྔ་སྤང་བ་དང་། འདུ་བྱེད་བརྒྱད་བསྒོམས་པས་རིག་པར་བྱའོ། ། སྐྱོན་ལྔ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
དེ་ལ་ལེ་ལོ་དང་། ཤེས་བཞིན་མ་ཡིན་པ་དང་། རྨུགས་པ་དང་། བྱིང་བ་དང་། རྒོད་པ་ཉིད་དེ། མངོན་པར་འདུས་མ་བྱས་པ་དང་། དེ་ ནས་མངོན་པར་འདུ་བྱ་བ་སྐྱོན་ལྔ་སྤང་བར་ལྔ་པོ་འདི་རྣམས་བརྗོད་དོ། ། དེ་ལ་བྱིང་བ་དང་། རྒོད་པས་སྐྱོན་གཅིག་བྱེད་དེ། མངོན་པར་འདུས་མ་བྱས་པ་ནི་བྱིང་བ་དང་རྒོད་པ་འཇུག་པའི་དུས་སུ་སྐྱོན་ནོ། ། མངོན་པར་འདུ་བྱས་པས་རབ་ཏུ་ཞི་བ་ལ་འདི་རྣམས་སྤང་བའི་ཕྱིར་ཇི་ ལྟར་སྤང་ཞིང་འདུ་བྱེད་བརྒྱད་རྣམ་པར་གཞག་ཅེ་ན། བཞི་ཡིས་ལེ་ལོ་སྤང་བའི་ཕྱིར་འདུན་པ་དང་། རྩོལ་བ་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དེ་རྣམས་ཡང་རིམ་པ་ཇི་ལྟ་བར་རིག་པར་བྱའོ། ། གནས་དང་དེ་ནས་གནས་པ་དང་། དེའི་མཚན་མ་དང་འབྲས་བུ་ཉིད་དེ་ གནས་ནི་འདུན་པའོ། ། གནས་པ་ནི་རྩོལ་བའོ། ། དེའི་གནས་འདུན་པའི་མཚན་མ་ནི་དད་པ་སྟེ། ཡིད་ཆེས་པ་དང་། དད་པ་དང་། འདོད་པའོ། ། དེའི་གནས་པ་སྩོལ་པའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ། འདུན་པ་དང་བཅས་པའི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གྱི་ ཁྱད་པར་རྟོགས་པར་བྱའོ། ། ལྷག་མ་སྤོང་བའི་འདུ་བྱེད་བཞི་ནི་དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་ཏེ།
BO
གྲངས་ཇི་ལྟ་བར་སྐྱོན་བཞིའི་གཉེན་པོའི་ཕྱོགས་སོ། ། དེ་ཡང་དྲན་པ་ལ་སོགས་པའི་རིམ་པ་དེ་བཞིན་དུ་རིག་པར་བྱ་སྟེ། དམིགས་ པ་ནི་རྨུགས་པ་མེད་པས་བྱིང་བ་དང་། རྒོད་པས་རྗེས་སུ་རྟོགས་པར་བྱ་ཞིང་། དེ་གཉིས་ཀྱི་མངོན་པར་འདུ་བྱེད་པ་ཞི་བ་ལ་ཤིན་ཏུ་སྦྱངས་པས་འབྱུང་ངོ་། ། དྲན་པ་ནི་དམིགས་པ་ན་རྨུགས་པ་མེད་པས་ཤེས་བཞིན་ཏེ། རྨུགས་པ་མེད་པར་གྱུར་ན་བྱིང་བ་དང་རྒོད་པ་རྗེས་སུ་རྟོགས་ སོ། ། མ་རྟོགས་པ་དེ་རྟོགས་པར་བྱ་བའི་དོན་ཏོ། ། མངོན་པར་འདུ་བྱེད་པའི་སེམས་ཀྱིས་བྱིང་བ་དང་། རྒོད་པ་ཞི་བ་ལ་དམ་པའི་ཤིན་ཏུ་སྦྱངས་པའི་སེམས་ཀྱིས་བཏང་སྙོམས་སོ། ། རྫུ་འཕྲུལ་གྱི་རྐང་པའི་མཐར་དད་པ་ལ་སོགས་པའི་དབང་པོ་ལྔ་པོ་དེ་རྣམས་ཀྱི་རྣམ་པར་ གཞག་པ་ཅི་ལྟར་དགོད་ཅེ་ན། ཐར་པའི་ཆ་དང་ལྡན་པ་གང་ཞིག་འདུན་པའི་རྣལ་འབྱོར་གྱི་བདག་པོ་དང་། དམིགས་པ་ན་རྨུགས་པ་མེད་པས་བརྗེད་པ་མེད་པའི་བདག་པོའོ། ། བདག་པོ་ཞེས་བྱ་བ་ནི་སྒྱུར་བར་བྱེད་པའོ། ། རྫུ་འཕྲུལ་གྱི་རྐང་པའི་ལས་ནི་སེམས་ཀྱི་འཇུག་པའོ། ། ཐར་པའི་ཆ་དང་ལྡན་པ་ནི་གང་ཞིག་དགེ་བའི་རྩ་བ་ལ་འདུན་པའི་བདག་པོ་དང་། རབ་ཏུ་སྦྱོར་བའི་བདག་པོ་དང་།
BO
དམིགས་པ་ནི་རྨུགས་པ་མེད་པའི་བདག་པོ་དང་། བརྗེད་པ་མེད་པའི་བདག་པོ་དང་། རྣམ་པར་འབྱེད་པའི་བདག་པོ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་དད་པ་ ལ་སོགས་པའི་དབང་པོ་ལྔ་པོ་རྣམས་རིག་པར་བྱའོ། ། དེ་ལ་ཟ་བ་པོ་དང་། བཟའ་བར་བྱ་བ་སྟོང་པ་བཀའ་སྩལ་པ། ནང་གི་སྐྱེ་མཆེད་རྣམས་ནས་བརྩམས་ཏེ། ཕྱི་རོལ་གྱི་བཟའ་བ་སྟོང་པ་ཉིད་དང་། དེའི་ལུས་ཀྱི་ཟ་བ་པོ་དང་། བཟའ་བ་དག་གང་ཞིག་བྱིན་གྱིས་ བརླབས་པའི་ལུས་དེའི་སྟོང་པ་ཉིད་ལའང་ལྟ་ཞིང་སྐྱོ་བས་འདུ་བྱེད་སྤོང་བར་བྱེད་དེ། དགེ་བ་མི་ཟད་པ་དང་། གང་ཡང་ཁྱད་པར་དུ་བལྟས་པས་ནང་དང་ཕྱི་རོལ་སྟོང་པ་ཉིད་དུ་གསུངས་སོ། ། རབ་ཏུ་གནས་པའི་དངོས་པོ་སྣོད་ཀྱི་འཇིག་རྟེན་རྒྱས་པའི་ཕྱིར་དེའི་སྟོང་པ་ཉིད་ ནི་ཆེན་པོ་སྟོང་པ་ཉིད་ཅེས་གསུངས་སོ། ། དེ་ཡང་ནང་གི་སྐྱེ་མཆེད་རྣམས་ལ་སོགས་པ་གང་གིས་སྟོང་པ་ཉིད་མཐོང་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། ། ཇི་ལྟར་དོན་དམ་པའི་རྣམ་པས་མཐོང་བ་དེའི་སྟོང་པ་ཉིད་ནི་ དོན་དམ་པ་སྟོང་པ་ཉིད་དོ། ། དེའི་དོན་དུ་ཡང་བྱང་ཆུབ་སེམས་དཔས་རབ་ཏུ་སྤྱོད་དོ། །
BO
དེའི་སྟོང་པ་ཉིད་ཀྱི་དོན་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བ་གཉིས་འཐོབ་པའི་དོན་དུ་དགེ་བའི་འདུས་བྱས་དང་། འདུས་མ་བྱས་གཉིས་སོ། ། རྟག་ཏུ་སེམས་ཅན་ལ་ཕན་པའི་ཕྱིར་དང་། སེམས་ཅན་ལ་ཤིན་ཏུ་ཕན་པའི་དོན་དུ་འཁོར་བ་མི་སྤང་བའི་ཕྱིར། དེའི་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། ། རྒྱུན་མི་འཆད་པར་འཁོར་བ་སྟོང་པ་ཉིད་དུ་མ་མཐོང་བས་སྐྱོ་སྟེ། འཁོར་བ་ཡོངས་སུ་སྤོང་ བར་བྱེད་ཀྱང་། གང་ཡང་དགེ་བ་མི་ཟད་པས་ན་ཁྱད་པར་དུ་ལྟ་བས་མྱ་ངན་ལས་འདས་པར་ཡང་མི་བྱེད་ཅིང་དེའི་སྟོང་པ་ཉིད་སྤོང་བར་ཡང་མི་བྱེད་དེ། འདི་ནི་བླང་བ་དང་དོར་བ་མེད་པ་སྟོང་པ་ཉིད་དོ། ། རིགས་ཀྱང་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ལ། རིགས་ནི་རང་བཞིན་ཏེ་ངོ་བོ་ཉིད་དོ། ། མཚན་དང་དཔེ་བྱད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། སྐྱེས་བུ་ཆེན་པོའི་མཚན་དང་། དཔེ་བྱད་དང་བཅས་པར་ཐོབ་པར་བྱ་བའི་ཕྱིར་དང་། དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་སྤྱོད་དེ། ཁྱད་པར་དུ་སྟོབས་དང་། མི་འཇིགས་པ་ལ་སོགས་པ་སྤྱང་ བའི་ཕྱིར།
BO
རེ་ཞིག་སྟོང་པ་ཉིད་བཅུ་བཞིར་རྣམ་པར་གཞག་པར་རིག་པར་བྱའོ། ། ཡང་འདིར་སྟོང་པ་ཉིད་གང་ཞེ་ན། ཆོས་དང་གང་ཟག་གི་དོན་དངོས་པོ་མེད་པ་སྟོང་པ་ཉིད་དེ། དེའི་ཕྱིར་དེ་ལས་བྱུང་བ་དོན་དམ་པའི་དངོས་པོ་ནི་དེར་དེ་སྟོང་པ་ཉིད་དང་། ཕ་རོལ་གྱི་ཆོས་དང་གང་ཟག་དངོས་པོ་མེད་པ་སྟོང་པ་ ཉིད་ལས་བྱུང་བའི་དོན་དམ་པའི་དངོས་པོའོ། དེར་ཇི་སྐད་གསུངས་པའི་ཟབ་པོ་ལ་སོགས་པ་སྟོང་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་ཏུ་མཚན་ཉིད་བཤད་པའི་དོན་དུ་གཞུང་གཉིས་ཀྱི་སྟོང་པ་ཉིད་རྣམ་པར་གཞག་པར་བྱ་སྟེ། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་དེ། ཆོས་དང་གང་ ཟག་ལ་ཡང་དག་པར་འཇུག་པ་དེའི་སྟོང་པ་ཉིད་ཇི་སྙེད་པ་ཡོངས་སུ་སྤང་བའི་དོན་དུ་རིམ་པ་ཇི་ལྟ་བ་དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་བར་བྱའོ། ། ཇི་ལྟར་སྒྲུབ་པ་རྣམ་པར་ཤེས་པར་བྱ་ཞེ་ན། གལ་ཏེ་འདི་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་ན་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། ། གལ་ཏེ་འདི་རྣམ་པར་དག་པར་མ་གྱུར་ན་བརྩམ་པ་འབྲས་བུ་མེད་པར་འགྱུར་རོ། ། གལ་ཏེ་ཆོས་རྣམས་ཀྱི་སྟོང་པ་ཉིད་བློ་བུར་གྱི་ཀུན་ནས་ཉོན་མོངས་པ་མ་སྐྱེས་པའི་ཕྱིར།
BO
མི་མཐུན་པའི་ཕྱོགས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་ན། ཀུན་ནས་ཉོན་མོངས་པ་དངོས་པོ་མེད་པའི་ཕྱིར་ འབད་པ་མེད་པ་ཉིད་དུ་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། ། དེ་ནས་མ་སྐྱེས་པའི་ཡང་མི་མཐུན་པའི་ཕྱོགས་ཀྱིས་རྣམ་པར་དག་པར་མ་གྱུར་ཏེ། ཐར་པའི་དོན་དུ་རྩོམ་པ་འབྲས་བུ་མེད་པར་འགྱུར་རོ། ། དེ་ལྟར་བྱས་ན་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཉོན་མོངས་པ་མེད་པ་ ཅན་མ་ཡིན་པ་དང་། དག་པ་དང་མ་དག་པ་ཉིད་སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་དེ་ཇི་ལྟར་ན་ཉོན་མོངས་པ་ཡང་མ་ཡིན་ཞིང་མ་དག་པ་ཡང་མ་ཡིན་ནོ། ། ཉོན་མོངས་པ་བློ་བུར་གྱི་ཕྱིར། ཇི་ལྟར་ཉོན་མོངས་པ་ཅན་མ་ཡིན་པའང་མ་ཡིན་ཞིང་། དག་པའང་མ་ཡིན་ནོ། ། དེ་ལྟར་སྟོང་ པ་ཉིད་ཀྱི་རབ་ཏུ་དབྱེ་བས་གསུངས་སོ། ། དེ་ལ་སྟོང་པ་ཉིད་ཀྱི་མདོར་བསྡུས་པའི་དོན་བསྒྲུབས་པ་ཡིན་ནོ། ། ཡང་གསུངས་པ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་ལ་སོགས་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བའོ། ། དེ་ལ་ཇི་ལྟར་འདོད་ཆགས་རྣམ་པར་ལྡོག་ཅེ་ན། གལ་ཏེ་དེ་དང་འགལ་བའི་ཕྱིར་རོ་ཞེ་ན།
BO
ཡིན་མོད་ཀྱི་གང་ཞིག་དེ་སྐད་དུ་འདོད་ཆགས་ཀྱི་བདག་ཉིད་དུ་བྱེད་པ་ན་འདོད་ཆགས་དང་བྲལ་བ་ཡིན་ནོ། ། དེ་བཞིན་དུ་གསུངས་པ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ཨེ་མ་ཧོ། ། སངས་རྒྱས་ ཐམས་ཅད་ཀྱི་འདོད་ཆགས་ཀྱི་ཡེ་ཤེས་ནི་རྙོག་པ་མེད་པ་སྟེ། འདོད་ཆགས་ཀྱིས་འདོད་ཆགས་དང་བྲལ་བ་བཅོམ་ནས་བདེ་བ་ཐམས་ཅད་སྦྱིན་པར་བྱེད་དོ། ། འདོད་ཆགས་ལ་སོགས་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མེད་པ་དང་བཅས་པ་སྟེ། གཞན་དུ་རྒྱུན་དུ་ཞུགས་པའི་འདོད་ཆགས་རྙེད་པ་ ཡིན་ན་དེའི་འདོད་ཆགས་ལ་སོགས་པ་ཡོངས་སུ་མི་སྤོང་བར་སྤྱོད་ན། འོན་ཏེ་རིམ་པའི་ཁྱད་པར་ལས་ཡོན་ཏན་གྱི་ཁྱད་པར་འབྱུང་བར་འགྱུར་རོ། ། དཔེར་ན་ཀེ་ཏ་ཀའི་མེ་ཏོག་དྲིའི་གླང་པོ་ཆེས་ཟོས་ན་གླ་རྩི་ལ་སོགས་པའི་དངོས་པོར་འགྱུར་རོ། ། གླང་པོ་ཆེ་ཕལ་པས་ཟོས་ན་ ལྕི་བའི་དངོས་པོར་འགྱུར་རོ། ། དེ་བས་ན་དེ་ལ་ཀེ་ཏ་ཀའི་མེ་ཏོག་གི་སྐྱོན་མ་ཡིན་ཏེ། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཡང་རྣམ་པར་དག་པའི་རིམ་པ་ལ་གནས་པས་བསམ་པའི་ཁྱད་པར་གྱི་སྦྱོར་བ་ལས། ཁྱད་པར་དུ་འཕགས་པ་ཉིད་ཀྱི་འབྲས་བུ་སྨིན་པར་བྱེད་དོ། །
BO
དཔེར་ན་འོ་མ་ལ་ སྦྲུལ་ལ་སོགས་པས་འཐུངས་ན་དུག་གི་དངོས་པོར་འགྱུར་རོ། ། གཞན་ཡང་སྐྱེས་བུས་འཐུངས་ན་བདུད་རྩིའི་དངོས་པོར་སྐྱེ་བར་འགྱུར་རོ། ། དེ་ལྟར་རིགས་ཀྱི་བུ་འདོད་ཆགས་ལ་སོགས་པ་བསམ་པའི་ཁྱད་པར་གྱི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མེད་པའི་ཕྱིར་སྦྱོར་བས་དངོས་པོ་ཁྱད་ པར་ཅན་གྱི་འབྲས་བུ་འབྱུང་བར་འགྱུར་རོ། ། གང་དང་གང་ཁྱད་པར་དུ་འཕགས་པའི་རྒྱུན་གྱི་དངོས་པོ་དང་ལྡན་པ་དེ་དང་དེའི་འབྲས་བུ་ཁྱད་པར་དུ་འཕགས་པ་འབྱུང་ངོ་། ། དཔེར་ན་ཀེ་ཏ་ཀ་ལ་སོགས་པ་དེ་རྣམས་ཀྱི་ཁྱད་པར་དུ་འཕགས་པའི་རིམ་པ་ལ་གནས་པ་འདོད་ ཆགས་ལ་སོགས་པའི་རང་བཞིན་རྣམ་པར་དག་པའོ། ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་ཡང་དག་པར་སྦྱོར་བའི་ཐིག་ལེ་ཞེས་བྱ་བ་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་ཀཱ་ཡསྠ་པ་ག་ཡ་དྷ་རའི་ཞལ་སྔ་ནས་དང་། བོད་ཀྱི་ལོཙྪ་བ་ དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ། སླད་ནས་ཀྱང་བོད་ཀྱི་ལོཙྪ་བ་གཞན་རྣམས་གཞན་གྱིས་བསྒྱུར་བ་ལ་ཟུར་མི་འདྲ་བར་བཅོས་ནས། རང་གི་མིང་བཅུག་ཅིང་གཞན་གྱི་མིང་འཕྱི་ བ་དེ་དག་དང་། མི་ཤེས་པ་དེ་དག་སུན་དབྱུང་བའི་ཕྱིར།
BO
སླད་ནས་ཀྱང་རྒྱ་གར་གྱི་རྒྱུད་བཞི་དང་། དགེ་སློང་ཤཱཀྱ་ཡེ་ཤེས་དེ་ཉིད་ཀྱིས་གཏུགས་ནས་བཅོས་ཏེ་གཏན་ལ་ཕབ་པའོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source