The Complete Instructions on the Goddess

ལྷ་མོ་བཞིས་ཡོངས་སུ་ཞུས་པ།

The Complete Instructions on the Goddess

ལྷ་མོ་བཞིས་ཡོངས་སུ་ཞུས་པ།

BO
༄༅། ། རྒྱ་གར་སྐད་དུ། ཙ་ཏུརྡེ་བཱི་པ་རི་པྲྀཙྪ། བོད་སྐད་དུ། ལྷ་མོ་བཞིས་ཡོངས་སུ་ཞུས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། ལྷ་མོ་བཞི་དང་མཉམ་ལྡན་ཞིང་། ། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ། ། ཤིན་ཏུ་དགའ་བའི་སྦྱོར་ཆེན་ལ། ། རྡོ་རྗེ་སེམས་དཔའ་ཆེར་བཞུགས་ཏེ། ། འོད་ཟེར་འཆང་ཞིང་འཁྲིགས་པ་ཡི། ། གསང་ཆེན་ཆོས་ཀྱི་འབྱུང་ གནས་ལ། ། བྱང་ཆུབ་སེམས་ནི་འཕྲོས་ནས་སུ། ། ཆོས་ཀྱི་དབྱིངས་ནས་ཞུ་མཛད་དོ། ། ཞུ་བའི་དངོས་པོ་དེ་མཐོང་ནས། ། ལྷ་མོ་སྤྱན་མས་ཡོངས་ཞུས་པ། ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། ། ཚིག་འདི་དག་ནི་གསོལ་པ་སྟེ། ། ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི། ། གང་ལས་སྐྱེ་བར་འགྱུར་བ་ལགས། ། དང་པོ་ཇི་ལྟར་འོང་བ་ཡིན། ། དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས། ། ཡན་ལག་མེད་པ་གང་དེ་ནི། ། ཡན་ལག་དང་བཅས་འགྱུར་ནས་སུ། ། ལུས་དངོས་འགྱུར་བ་ཇི་ལྟར་ལགས། ། མིག་དང་རྣ་བ་སྣ་དང་ནི། ། དེ་བཞིན་ལྕེ་དང་ལུས་ དང་ཡིད། ། དབང་པོ་ཕུང་པོའི་དངོས་རྣམས་དང་། ། ཁམས་རྣམས་སུ་ནི་འཇུག་པ་ཡང་། ། མ་རིག་བག་ཆགས་སྲེད་པ་ཡིས། ། བཅིངས་པའི་ཉོན་མོངས་འདོད་ཆགས་སོགས། ། རྣམ་པར་ཤེས་པ་སྣ་ཚོགས་པ། །
BO
ཇི་ལྟར་དངོས་སུ་འདུས་པ་ལགས། ། དངོས་པོ་མེད་ པ་བསྒོམས་པའི་གཟུགས། ། གཟུགས་སོགས་སྤྱོད་ཡུལ་མཚན་ཉིད་རྣམས། ། རང་བཞིན་མེད་ཅིང་དམིགས་མེད་ལ། ། དམིགས་པ་དང་བཅས་ཇི་ལྟར་ལགས། ། དེ་དག་ངོ་མཚར་ཆེན་པོ་ནི། ། བདག་གི་ཐེ་ཚོམ་ལྷས་བཀའ་སྩོལ། ། དེ་ལྟར་ ཞུས་མ་ཐག་ཏུ་ནི། ། བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། ། ཤེས་རབ་ཟབ་པ་ཟད་མེད་ནི། ། ཉོན་ཅིག་སྤྱན་མ་བཤད་པར་བྱ། ། དཔྱད་དུ་མེད་ཅིང་ཤེས་བྱ་མིན། ། དེ་བཞིན་དཔྱད་མཁན་གྱིས་ཤེས་དཀའ། ། སངས་རྒྱས་ཀུན་གྱི་གསང་ཆེན་ནི། ། ནམ་ མཁའ་ནམ་མཁའི་སྤྱོད་ཡུལ་ལོ། ། མི་ཤེས་མུན་པས་བསྒྲིབས་པས་ན། ། ཉན་ཐོས་རྣམས་ཀྱིས་ཤེས་པ་མིན། ། སྤྱོད་ཡུལ་བག་ཆགས་ཤེས་མཁན་ནི། ། རང་སངས་རྒྱས་སུ་སྤྲུལ་པ་སྟེ། ། དེ་དག་ཀུན་གྱིས་ཀྱང་མི་ཤེས། ། ཤེས་མེད་སོ་སོའི་སྐྱེ་གནས་དང་། ། མ་འོངས་པ་དང་འདས་པ་དང་། ། ད་ལྟར་བྱུང་བའི་དུས་གསུམ་ལ། ། བྱོལ་སོང་བག་ཆགས་ལས་བྱུང་བའི། ། དུད་འགྲོ་{ཡི་དགས་,ཡི་དྭགས་}སྐྱེ་བ་རྣམས། ། དེ་ཀུན་གྱིས་ཀྱང་མི་ཤེས་ཏེ། ། སངས་རྒྱས་སྤྱོད་ཡུལ་གསང་ཆེན་ནོ། ། སྙིང་པོ་ཤིན་ཏུ་སྙིང་པོའི་མཆོག ། གང་དེ་ ཀུན་བདག་ལ་གནས་པའི། །
BO
སངས་རྒྱས་ཀུན་གྱི་གསང་ཆེན་ནི། ། ལྷ་མོ་ཁྱོད་ལ་བཤད་པར་བྱ། ། བྱང་ཆུབ་སེམས་དག་འོད་གསལ་བ། ། ཟླ་བ་ཤེལ་དང་མཉམ་པའི་འོད། ། དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། ། ཡུངས་ཀར་ཆེ་བའི་ཚད་ཙམ་མོ། ། དེ་ཡི་དབུས་ སུ་བཞུགས་པའི་ལྷ། ། མི་གསལ་གསལ་བའི་གཟུགས་ཅན་ཏེ། ། ཕྱེད་ཚད་ཙམ་གྱི་ཕྲ་མོའི་མཆོག ། ཡིད་ཀྱི་དངོས་པོའི་ཐིག་ལེའི་གཟུགས། ། རྟག་ཏུ་སྙིང་གི་དབུས་གནས་པ། ། འོད་ཟེར་ཆེན་པོ་འབར་བ་ཅན། ། ཇི་སྙེད་དགུ་བའི་བར་དུ་ནི། ། དཔྲལ་བར་ལ་ གནས་རྐང་མཐིལ་བར། ། ཐིག་ལེ་དེ་ཁོ་ནར་བསྡུས་ཏེ། ། ལྟེ་བའི་དབུས་སུ་རྣམ་པར་གནས། ། ཆ་ཤས་ལྔ་པ་ཙམ་ཡིན་ཏེ། ། བཅུ་གཉིས་ཀྱི་ནི་ཐ་མ་ལ། ། ཆ་ཤས་དྲུག་གིས་མཚན་པ་ཉིད། ། ང་རོ་ཐིག་ལེས་བརྒྱན་བྱེད་པ། ། རྡོ་རྗེ་ཁོང་ནས་ཕྱུང་ནས་སུ། ། ས་ བོན་སྐྱེ་གནས་དབུས་བཞག་སྟེ། ། ཆོས་ཀྱི་དབྱིངས་ནི་ཞུ་བར་བྱེད། ། དེ་ནི་རིམ་པར་སྐྱེད་བྱེད་ན། ། སྒོ་དགུ་ལ་ནི་ཀུན་དུ་འགྲོ། ། ཁྱབ་ཅིང་ཁྱབ་གནས་འགྲོ་ཀུན་ལ། ། མི་གཡོ་ལ་སོགས་གཡོ་དང་བཅས། ། ཚངས་སོགས་ལྷ་དང་ལྷ་མིན་གྱི། ། གཞི་ནི་དེ་ལས་གྱུར་ བའོ། ། གང་ལས་གཙོ་བོར་སྐྱེད་བྱེད་པ། ། ས་དང་ནམ་མཁའ་དེ་ཞེས་གསུངས། །
BO
ཇི་སྲིད་ལུས་ལ་གནས་པའི་བར། ། དེ་ཡིས་ལས་དང་ལས་མིན་བྱེད། ། དགེ་དང་མི་དགེ་བསམ་པ་ཡང་། ། བྱ་བའི་ལས་ཀུན་བྱེད་པ་ཡིན། ། སྦྱོར་བ་རྟག་ཏུ་དེ་གསུངས་ཏེ། ། མཆོད་ པ་བསྒོམ་པར་གསུངས་པ་ཡིན། ། གང་ཚེ་ལས་ཀྱི་ལུས་ཞིག་ན། ། དེ་ཚེ་དེ་ཡི་རང་མཐུ་ཡིས། ། དེ་འདྲའི་ལུས་སུ་དེ་འགྱུར་ཏེ། ། གང་གིས་གཡོ་དང་མི་གཡོ་ཁྱབ། ། ནམ་མཁའ་མཉམ་པ་ཉིད་འདྲ་བ། ། དེ་ནི་གནས་པར་ཤེས་པར་བྱ། ། བཅུ་ཡི་གཉིས་མཐའ་ཚིག་ གི་དོན། ། གང་གིས་རྟག་ཏུ་བསྒོམ་བྱས་ན། ། དེས་ནི་དངོས་གྲུབ་རྒྱས་པ་ཡིས། ། རྡོ་རྗེ་འཛིན་པར་བདག་ཉིད་འགྱུར། ། སོ་དང་མཆུ་དང་རྐན་དང་ལྕེ། ། མགུལ་གནས་གང་ལ་ཡོད་པ་ནི། ། གང་ལ་དེ་ནི་ཡིག་འབྲུ་ཉིད། ། དེ་ནི་ཟད་དང་གནས་ཕྱིར་རོ། ། བརྗོད་པ་མེད་ ཅིང་ཐེ་ཚོམ་པ། ། སྒྲ་ཡིག་རྣམ་པར་སྤངས་པ་ནི། ། རང་གི་ཕྱི་ནང་དེ་བཞིན་ཉིད། ། བྱང་ཆུབ་སེམས་ནི་འདིར་གསུངས་སོ། ། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོ་སྤྱན་མས་ཡོངས་སུ་ཞུས་པའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་ལྷ་མོ་མཱ་མ་ཀཱིས། ། རྡོ་རྗེ་ ཅན་ལ་འདི་ཞུས་ཏེ། ། བྱང་ཆུབ་སེམས་ཀྱི་རིམ་པ་ཡི། ། ཁ་སྙིང་ལྟེ་བ་གསང་བ་ལ། ། འགྲོ་དང་ཕྱིར་འོང་བསྟན་པ་ནི།
BO
། རྡོ་རྗེ་ཆེན་པོས་བཀའ་སྩལ་འཚལ། ། ཆ་ཤས་རྣམ་པ་དུ་ཞིག་གསུངས། ། གནས་ཀྱི་རྣམ་པ་བསྒྱུར་བ་དུ། ། ཁ་དོག་རྣམ་པ་དུ་ཞིག་གསུངས། ། དེ་བཞིན་གདན་ཡང་ཇི་ལྟར་འཚལ། ། རྡོ་རྗེ་ཅན་གྱིས་བཀའ་སྩལ་བ། ། ཆ་ཤས་བཞི་དང་མཉམ་ལྡན་ཞིང་། ། པདྨ་བཞི་ལ་ཡང་དག་གནས། ། སྙིང་གའི་པདྨ་ལ་གནས་གནག ། ཁ་ཡི་པདྨ་ལ་གནས་དཀར། ། ང་རོ་ལྟེ་བའི་པདྨར་གནས། ། གསང་བའི་པདྨ་ང་རོ་ མཐའ། ། སྟབས་ཀྱི་མཐའ་རུ་འགྲོ་བྱེད་པས། ། ཐིག་ལེའི་སྦྱོར་བར་རབ་ཏུ་གནས། ། སྣོམ་བྱེད་པ་དང་ཐོས་བྱེད་པ། ། དེ་ཚེ་མཐོང་བྱེད་ཟ་བྱེད་པ། ། རེག་པར་བྱེད་ཀྱང་དེ་ཁོ་ནས། ། བདེ་དང་སྡུག་བསྔལ་ཚོར་བྱེད་པའོ། ། གང་ལས་བཞད་བྱེད་བཟའ་བྱེད་པ། ། དེ་བཞིན་ཆོ་ངེ་དང་ངུ་བ། ། འབྱེད་པ་གཅོད་པ་དེ་ཁོ་ནས། ། ཆོ་ག་རྣམ་པ་མང་པོ་ཤེས། ། རྒྱལ་བོ་དོན་ཡང་བྱེད་པར་འགྱུར། ། དབང་ཕྱུག་དོན་ཡང་བྱེད་པར་འགྱུར། ། བྲམ་ཟེ་རྒྱལ་པོ་རྗེའུ་རིགས་དང་། ། དམངས་རིགས་སྨད་པའི་རིགས་རྣམས་དང་། ། བུད་མེད་དུ་མ་སྤྲུལ་ པར་བྱེད། ། དུད་འགྲོ་{ཡི་དགས་,ཡི་དྭགས་}སྐྱེ་བ་དང་། ། གཟུགས་ཅན་རྣམས་དང་གཟུགས་མེད་དང་། ། དེ་བཞིན་འདོད་པའི་སྲིད་རྣམས་ལས། །
BO
འབྱུང་བ་ཐམས་ཅད་སྐྱེད་བྱེད་མ། ། དེ་ཉིད་ཁོ་ན་རྫུ་འཕྲུལ་གནས། ། མོ་གཟུགས་དང་ནི་ཕོ་ཡི་གཟུགས། ། བདེ་བ་ཆེན་པོ་གོ་འཕང་གནས། ། དེ་ལྟར་དེ་བཞིན་ཉིད་ཤེས་པ། ། དམ་པའི་ཡིག་འབྲུ་ཤེས་པ་གང་། ། དེས་ནི་གསང་ཆེན་ཤེས་པ་སྟེ། ། གང་དེས་བདག་ཉིད་ཀུན་གནས་པ། ། ཁ་དོག་མེད་ཅིང་ཁ་དོག་དམར། ། ཁ་དོག་དཀར་དང་སེར་བ་ཡི། ། ཐིག་ལེའི་གཟུགས་སུ་བསྒྱུར་བ་འདི། ། འགྲོ་དང་ཕྱིར་འོང་རྣམ་ པར་བསྟན། ། གང་དེ་རིག་པ་རྫུ་འཕྲུལ་ཆེ། ། མཐའ་ཡས་བཅས་པ་སྣ་ཚོགས་གཟུགས། ། སྐྱེ་དང་བསྡུས་དང་འཇིག་པ་ལ། ། ཐིག་ལེའི་གཟུགས་སུ་རབ་གནས་སོ། ། གང་གི་བརྒྱད་ཁྲི་རྩ་བཞིའི་ཆོས། ། སྟོང་ཕྲག་བརྒྱ་རུ་ཤེས་ན་ཡང་། ། དེ་ཡིས་དེ་ཉིད་མི་ཤེས་ཏེ། ། དེ་དག་ ཀུན་ཀྱང་འབྲས་མེད་དོ། ། བཅུ་གཉིས་ལྔ་ཡི་ལྔ་པ་ཡང་། ། བརྒྱད་ཀྱི་མཐའ་རུ་འབྱུང་བ་འདུས། ། སྒྲ་ཡིག་དང་པོ་ཡི་གེ་ཨ། ། ལྔ་པ་ཡིས་ནི་ཡང་དག་བརྒྱན། ། སྙིང་རྗེ་ཆེན་པོ་ལས་བྱུང་བ། ། ཁ་མར་བལྟས་པའི་དྲུག་པས་བཏགས། ། གདོད་མ་མཐའ་མ་མེད་པའི་ལྷ། ། དེ་ ནི་སྤྱི་བོར་བསྟན་པ་ཡིན། ། དེ་དག་གསང་ཆེན་དམ་པ་ཡིན། ། ལྷ་མོ་བདག་གིས་རབ་བསྟན་ཏོ། །
BO
ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོ་མཱ་མ་ཀཱིས་ཞུས་པ་སྟེ་ལེའུ་གཉིས་པའོ། ། ། ། དེ་ནས་ལྷ་མོ་གོས་དཀར་མོས། ། ཡན་ལག་ཀུན་གྱིས་བཏུད་ནས་སུ། ། ཐལ་ མོ་སྙིང་གར་སྦྱར་བྱས་ཏེ། ། རྡོ་རྗེ་སེམས་དཔའ་ལ་གསོལ་པ། ། ཆོས་ཀྱི་དབྱིངས་ཀྱི་བསྡུ་བ་དང་། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ། རང་བཞིན་ཉིད་ནི་ཇི་ལྟར་ལགས། ། ལྷ་ཡི་དབང་ཕྱུག་ཁྱོད་ལ་ཞུ། ། གང་གིས་འོད་ཀྱི་གོང་བུར་བསྡུ། ། རྡོ་རྗེ་སེམས་དཔའ་ཇི་ལྟར་ ལགས། ། གསུངས་ཤིག་དེ་ཉིད་ཡིག་འབྲུའི་ཚིག ། འདུས་པ་གསུངས་པ་ཇི་ལྟར་ལགས། ། ཆུ་ཁམས་དང་ནི་མེ་ཡི་ཁམས། ། ཇི་ལྟར་རོ་ནི་མཉམ་པོར་འགྱུར། ། མ་ལས་སྐྱེ་བ་གསུམ་ཙམ་དང་། ། དེ་བཞིན་ཕ་ལས་སྐྱེ་བ་གསུམ། ། དེ་དག་དྲུག་སོགས་གོང་བུ་ལས། ། ཇི་ལྟར་མི་རྣམས་སྐྱེ་བ་ལགས། ། སངས་རྒྱས་གཟུགས་ནི་བདག་མི་འཚལ། ། ཐུབ་པ་ཆེན་པོས་བཀའ་སྩལ་མཛོད། ། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ། ། གསང་བ་ཤིན་ཏུ་གསང་གྱུར་པ། ། ཉོན་ཅིག་ལྷ་མོ་བཤད་པར་བྱ། ། སྐྱེ་གནས་དབུས་སུ་རྩ་གཉིས་ནི། ། གཡོན་ དང་དེ་བཞིན་གཡས་པ་སྟེ། ། གཡོན་དུ་བྱང་ཆུབ་སེམས་ཞེས་བྱ། ། གཡས་སུ་དེ་བཞིན་རཀྟའོ། ། དེ་གཉིས་ཕྲད་ནས་གཅིག་འགྱུར་བ། །
BO
ཆོས་ཀྱི་དབྱིངས་ནི་འདུས་པ་ཡིན། ། མུན་པ་སྐུ་སྟེ་རྡུལ་གསུང་གཟུགས། ། ཐུགས་ཀྱི་རང་བཞིན་སྙིང་སྟོབས་ཏེ། ། རྔུལ་ནི་རཀྟ་བྱང་ ཆུབ་སེམས། ། མུན་པ་དེ་བཞིན་སྐྱེད་པ་ཡིན། ། རྡོ་རྗེ་པདྨ་མཉམ་སྦྱར་ནས། ། རང་བཞིན་མཉམ་པའི་རོར་འགྱུར་རོ། ། དྲི་ཆེན་ཆུ་དང་ཤེལ་མེ་ཏོག ། དེ་བཞིན་ལྔ་བ་བྱང་ཆུབ་སེམས། ། བདུད་རྩི་ལྔ་དངོས་གོང་བུར་བསྡུས། ། དེ་ལས་རྡོ་རྗེ་འདིར་གསུངས་སོ། ། ཆ་ཤས་ གཉིས་པ་དང་ལྡན་པ། ། དེ་བཞིན་དགུ་པ་ཡང་ཡིན་ནོ། ། དེ་སྐད་གསུངས་པ་དེ་ལ་ནི། ། སུམ་ཅུ་དང་ནི་བཅུ་དང་ནི། ། དེ་བཞིན་ལྔ་པའི་ས་བོན་ཏེ། ། ཆ་ཤས་གཉིས་པ་ལྔ་ཡིས་ནི། ། དྲུག་གིས་བཏགས་པ་དེས་བྱུང་བ། ། དེ་ནི་ཐིག་ལེར་གསུངས་པའོ། ། ཆོས་ཀྱི་ དབྱིངས་ཀྱི་ཡིག་འབྲུ་བྲུྃ། ། སྐྱེ་གནས་པདྨ་ལ་གནས་པ། ། དེ་ཉིད་ས་བོན་སྭཱ་ཧཱཾ་མཐའ། ། འདུས་པ་ལ་ནི་ཤེས་པར་བྱ། ། ཆུ་ཁམས་ཕ་ལས་སྐྱེ་ཞེས་བྱ། ། མེ་ཡི་ཁམས་ནི་མ་ལས་སྐྱེས། ། ཤ་དང་ཁྲག་དང་པགས་བ་ཡང་། ། མ་ལས་སྐྱེས་པ་ཞེས་བཤད་དོ། ། ཚིལ་ དང་རྐང་དང་ཁུ་བ་ནི། ། ཕ་ལས་སྐྱེས་ཞེས་བཤད་པ་ཡིན། ། གོང་བུར་ཡང་དག་འདུས་པ་ནི། ། དེ་དག་ཙམ་དུ་བཤད་པ་ཡིན། །
BO
གཟུགས་དང་ཚོར་བ་འདུ་ཤེས་དང་། ། དེ་བཞིན་འདུ་བྱེད་རྣམ་ཤེས་རྣམས། ། སངས་རྒྱས་དངོས་པོ་ལྔ་ཡི་གཟུགས། ། ཕུང་ པོ་ཞེས་བྱར་བཤད་པའོ། ། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོ་ན་བཟའ་དཀར་མོས་ཞུས་པ་སྟེ་ལེའུ་གསུམ་བའོ། ། ། ། དེ་ནས་བཞད་པའི་ཞལ་འགྱུར་ཏེ། ། ལྷ་མོ་སྒྲོལ་མ་བཅོམ་ལྡན་མས། ། རྡོ་རྗེ་སེམས་དཔའ་ལ་ཞུས་པ། ། ཆོས་ཀྱི་དབྱིངས་ ཀྱི་སྒྲུབ་པ་ནི། ། གསུངས་ཤིག་རྡོ་རྗེ་ཅན་ཆེན་པོ། ། རྫས་རྣམས་སྒྲུབ་པར་བཀའ་སྩལ་འཚལ། ། དེ་བཞིན་རིག་པའི་སྔགས་རྣམས་ཀྱང་། ། དཀྱིལ་འཁོར་རྣམས་ནི་བརྟག་པ་དང་། ། སྦྱིན་སྲེག་སོ་སོར་བྱ་བ་དང་། ། དེ་བཞིན་མཆོད་པའི་ཆོག་ཡང་། ། ཁྱད་པར་དུ་ ཡང་བཀའ་སྩལ་འཚལ། ། དེ་ལྟར་ལྷ་མོས་ཞུས་མ་ཐག ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། ཆོས་ཀྱི་དབྱིངས་ཀྱི་སྒྲུབ་ཐབས་ནི། ། ཉོན་ཅིག་ལྷ་མོ་བཤད་པར་བྱ། ། གཟུགས་དང་སྒྲ་དང་དྲི་དང་ནི། ། དེ་བཞིན་རོ་དང་རེག་ལ་སོགས། ། ཁམས་{བཅྭ་,བཅོ་}བརྒྱད་པོ་ དེ་དག་ཀྱང་། ། ཆོས་ཀྱི་དབྱིངས་ཞེས་བྱ་བའོ། ། དེ་དག་ཉིད་ལས་བྱུང་བ་ནི། ། བྱང་ཆུབ་སེམས་ཞེས་ཤེས་པར་བྱ། ། བྱང་ཆུབ་སེམས་ལས་གོང་བུ་སྐྱེ། ། གོང་བུ་ལས་ཀྱང་ཡིད་སྐྱེད་དོ། །
BO
ཡིད་ལས་ནམ་མཁའི་ཁམས་ཀྱང་ནི། ། ཁམས་རྣམས་དང་ནི་སྐྱེ་མཆེད་ རྣམས། ། དབང་པོ་ཕུང་པོ་འབྱུང་བ་རྣམས། ། དེ་ལྟར་དབྱིངས་སུ་བསྡུས་པ་སྟེ། ། བསྡུ་བ་དེ་ནི་བསྟན་བྱས་པ། ། ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ཡིན། ། དེ་བས་ནན་ཏན་ཐམས་ཅད་ཀྱིས། ། སྒྲུབ་པ་ཡང་དག་སྤྱད་པར་བྱ། ། ཇི་ལྟར་ཀ་ལ་པ་ཞེས་དངོས་ཀྱིས། ། བསྒྲུབ་ པར་བྱ་བ་རབ་ཏུ་བརྟག ། ཆོས་དབྱིངས་སྒྲུབ་པ་བཤད་ནས་སུ། ། རྫས་བརྒྱད་ཡན་ལག་སྒྲུབ་པ་བཤད། ། རིལ་བུ་མིག་སྨན་དངོས་གྲུབ་དང་། ། ས་འོག་རལ་གྲིའི་དངོས་གྲུབ་དང་། ། ནམ་མཁར་འཕུར་དང་མིག་སྨན་དང་། ། འཆི་བ་མེད་དང་ནད་འཇོམས་དང་། ། མི་དང་གླང་པོ་ཆེ་དང་རྟ། ། གླང་དང་ཁྱི་དང་བོང་བུ་དང་། ། རྔ་མོ་མ་ཧེ་སྤྱང་གི་རྣམས། ། ཆ་ནི་མཉམ་པོར་བྱ་བའོ། ། མཐེ་བོང་ཚིགས་ཚད་ཙམ་དུ་ནི། ། ཤིན་ཏུ་མཉམ་པར་བཞག་ནས་སྦྱར། ། དྲི་ཆེན་ཆུ་དང་རཀྟ་དང་། ། བྱང་ཆུབ་སེམས་ནས་ཚད་ཙམ་ནི། ། སྔགས་ བཟླས་ནས་ནི་སྦྱར་བྱས་ཏེ། ། བྱིན་གྱིས་བརླབས་ཀྱང་བྱ་བའོ། ། ཕྱག་འཚལ་དང་ནི་ཡི་གེ་ཨཱཿ། ། དབུས་སུ་དེ་བཞིན་ཧཱུྃ་བྱས་ཏེ། ། འབར་བའི་ཧཱུྃ་ཡིག་འབར་བྱེད་པ། ། དགུ་པོ་དེ་ནི་རབ་ཏུ་བསྒྲུབ། །
BO
ལན་ནི་ཉི་ཤུ་རྩ་གཅིག་ཏུ། ། སྔགས་བཟླས་ནས་ནི་བྱེ་མར་བཏགས། ། ཡུངས་ཀར་ལྔ་ཡི་ཚད་ཙམ་དུ། ། ལྔ་དང་ལྔ་ནི་འབྱོར་པར་བྱ། ། ཚེས་བརྒྱད་དང་ནི་བཅུ་བཞི་ལ། ། རིལ་བུ་རྣམས་ནི་བྱས་ནས་སུ། ། པདྨའི་སྣོད་ལ་བཞག་བྱས་ཏེ། ། སྟོང་ཕྲག་བརྒྱར་ནི་བཟླ་བར་བྱ། ། མཚམས་བཞི་ལ་ནི་བསྒོམ་བྱས་ནས། ། ཉིན་དང་མཚན་དུ་བཟའ་ བར་བྱ། ། དེ་ནས་བསྐལ་པའི་མཐའ་བར་ཡང་། ། དངོས་གྲུབ་རྒྱས་པར་འགྲོ་བ་སྟེ། ། གཟི་བརྗིད་མདངས་དང་སྟོབས་བརྩོན་འགྲུས། ། ལྔ་པ་ལ་ནི་སྨོན་ལམ་ཡང་། ། མངོན་པར་ཤེས་པ་ལྔ་ཐོབ་པ། ། རིལ་བུ་ཆེན་པོ་ཟོས་ཕྱིར་རོ། ། རྫས་ཀྱི་སྒྲུབ་པ་རྣམས་ རྫོགས་ནས། ། རིག་པའི་སྔགས་རྣམས་བདག་ལ་སྩོལ། ། ཡི་གེ་ཨེ་དང་བྃ་ཡིག་དང་། ། ལྃ་ཡིག་དབུས་སུ་ཡང་དག་གནས། ། དང་པོའི་མདོག་ནི་དམར་པོ་སྟེ། ། གཉིས་པ་ཡི་ནི་མདོག་དཀར་བ། ། གསུམ་པ་ཁ་དོག་སེར་བ་རྣམས། ། བྷ་གའི་དབུས་སུ་ བསྒོམ་པར་བྱ། ། འཁོར་ལོ་ལྟར་ནི་བསྐོར་བ་ནི། ། ཉིན་ཕྱེད་དང་ནི་མཚན་བྱེད་ལ། ། རིག་པ་དེ་ནི་རབ་འབྱོར་ན། ། དེ་ནི་སྐད་ཅིག་ཁོ་ནར་འགྲུབ། ། ལྷ་མོ་ལྷ་མིན་བུ་མོ་དང་། ། མི་ཡི་བུ་མོ་རྣམ་པ་བཞི། ། ས་ཡི་དཀྱིལ་འཁོར་ཀུན་དུ་ནི། །
BO
སྔགས་ཀྱིས་ བཀུག་ནས་སྤྱད་པར་བྱ། ། བསྒོམ་པ་དེ་བཞིན་རིག་པའི་སྔགས། ། བདག་གིས་བཤད་པ་ཟིན་བྱས་ཏེ། ། དཀྱིལ་འཁོར་རྣམས་ནི་བཤད་པར་བྱ། ། དགའ་མ་སེམས་ཀྱིས་རྩེ་གཅིག་ཉོན། ། དཀྱིལ་འཁོར་ལུས་ཞེས་གསུངས་པ་སྟེ། ། དཀྱིལ་འཁོར་བྷ་གར་བསྟན་ པ་ཡིན། ། དཀྱིལ་འཁོར་བྱང་ཆུབ་སེམས་དང་ནི། ། དཀྱིལ་འཁོར་གསུམ་དུ་བཏགས་པ་ཡིན། ། བཏགས་པ་རྣམས་ཀྱང་འདུས་པ་སྟེ། ། གང་དུ་གཙོ་བོ་སྐྱེད་བར་བྱེད། ། ཕུང་པོ་རྣམས་ནི་སངས་རྒྱས་གསུངས། ། འབྱུང་བ་རིག་མར་ བཏགས་པའོ། ། ཆགས་པ་ལྕགས་ཀྱུ་ཁོ་ན་སྟེ། ། ཞགས་པ་པདྨར་ཆུད་བྱེད་པ། ། ཁ་ཕྲད་པ་ནི་སྒྲོག་ཡིན་པར། ། སྒྲ་བསྒྲགས་པ་ནི་དྲིལ་བུར་བཤད། ། སྤོས་ནི་དྲི་ཆེན་ཞེས་གསུངས་ཏེ། ། མེ་ཏོག་རཀྟ་ཞེས་འདོད་དོ། ། མར་མེ་ཤ་རྣམས་ཁོ་ན་ཡིན། ། དྲི་ནི་བྱང་ཆུབ་སེམས་ཞེས་འདོད། ། སྒེག་མོ་ལིངྒར་བསྟན་པ་སྟེ། ། ཕྲེང་བ་བྷ་ག་ཁོ་ན་ཡིན། ། དབྱངས་མ་དབུགས་སུ་བསྟན་པ་དང་། ། གར་མཁན་མ་ནི་རྣལ་འབྱོར་ཏེ། ། བཅོམ་ལྡན་འདས་ཀྱིས་བཟང་པོར་གསུངས། ། དེ་རྟོགས་བ་ནི་སྐལ་བཟང་ཡིན། ། རྟོགས་པ་དེ་རྣམས་བྱམས་པ་སོགས། ། དེ་ལྟར་ནང་གི་བདག་ཉིད་གསུངས། །
BO
དཀྱིལ་འཁོར་གཞན་ནི་སྔོན་བཤད་ཟིན། ། སྦྱིན་སྲེག་ལས་ནི་བཤད་པར་བྱ། ། ཉོན་ཅིག་སྦྱིན་སྲེག་རྣམ་པ་བཞི། ། སྦྱིན་སྲེག་ཕྱི་དང་ནང་གསུངས་ཏེ། ། ཕྱི་ནི་སྔོན་དུ་བསྟན་པ་ ཡིན། ། ཉོན་ཅིག་ཁྱོད་ཀྱིས་ནང་གི་ནི། ། པདྨ་བཞི་རྣམས་འབྱོར་པ་ནི། ། ལུས་ཀྱི་དབུས་སུ་ཉེ་བར་གནས། ། མེ་དང་དེ་བཞིན་རླུང་དང་ནི། ། དབང་ཆེན་དང་ནི་ཆུ་དེ་བཞིན། ། རླུང་གིས་མེ་ནི་འབར་བྱས་ཏེ། ། ཆུ་ཡིས་ཡོངས་སུ་སྨིན་པར་བྱེད། ། དབང་ཆེན་ དཀྱིལ་འཁོར་ལས་བྱུང་བ། ། གང་དུ་མེ་ནི་བསྐྱོད་པའོ། ། ར་ཡིག་མངོན་སྤྱོད་ཡི་གེ་སྟེ། ། ཡ་ཡིག་དབང་གི་ལས་ཁོ་ན། ། ལ་ཡིག་རྒྱས་པར་འགྱུར་བ་སྟེ། ། བ་ཡིག་ཞི་བ་ཞེས་གསུངས་སོ། ། གང་ཞིག་ཟས་དང་བཏུང་བ་ནི། ། དེ་དག་ཐམས་ཅད་ཆུ་ ལ་སྟེ། ། པདྨ་ར་ཀྵཿཡིག་ཁ་མར་ལྟ། ། སྙིང་གི་པདྨར་བཙུད་པར་བྱ། ། ལྟེ་བའི་པདྨར་འགྲོ་ཕྱི་རོལ། ། ཁ་སྦྱོར་ཚུལ་གྱི་སྦྱོར་བ་ཡིས། ། གསང་བའི་པདྨར་འགྲོ་མ་ཐག ། ཐལ་བར་མཐའ་རུ་རྣམ་པར་བསྟན། ། དེ་ལྟར་སྦྱིན་སྲེག་བདག་བཤད་པ། ། ཉིན་དང་ཉིན་དུ་བྱ་བ་སྟེ། ། རྟག་པར་རྒྱུན་དུ་ཟས་ཟོས་ན། ། ཚེ་འདི་ཁོ་ནར་འགྲུབ་པར་འགྱུར། ། རྒས་པ་མེད་ཅིང་ནད་ཀྱང་མེད། །
BO
འཆི་བ་མེད་ཅིང་འབྲས་རྣམས་མེད། ། དེ་ནི་གློ་བུར་འཆི་བ་མེད། ། འཚེ་བ་ཐམས་ཅད་ཟད་འགྱུར་ཞིང་། ། རྨི་ལམ་ངན་ ཡང་ཞི་བར་འགྱུར། ། བཟང་པོ་བསྐལ་པར་གསོན་བ་སྟེ། ། སེམས་ཅན་ཐམས་ཅད་དགའ་བར་སྨྲ། ། མཐོང་བ་ཙམ་གྱིས་སྐུལ་བྱེད་དོ། ། སྦྱིན་སྲེག་ལས་རྣམས་བཤད་བྱས་ནས། ། ལྷ་མོ་མཆོད་པ་བསྟན་པར་བྱ། ། དྲི་དང་ཕྲེང་སོགས་གོས་རྣམས་དང་། ། སྤོས་མེ་ཟས་དང་ལྷ་བཤོས་ཀྱིས། ། དབང་པོ་གཉིས་ནི་རབ་འབྱོར་ནས། ། བདག་ལ་མཆོད་པ་རྣམས་ནི་བྱ། ། བདག་ནི་ཐམས་ཅད་སངས་རྒྱས་ཉིད། ། སངས་རྒྱས་ཀུན་གྱི་གནས་ཡིན་ཏེ། ། དེ་བས་ནན་ཏན་ཐམས་ཅད་ཀྱིས། ། རྣལ་འབྱོར་པས་ནི་ རྟག་ཏུ་མཆོད། ། གང་ཞིག་འགའ་ཡང་བྱ་བའི་ལས། ། རྣལ་འབྱོར་པ་ཡིས་མཆོད་པར་བསྒོམ། ། ཟས་དང་བཏུང་བ་དེ་བཞིན་གོས། ། དེ་བཞིན་དྲི་དང་ཕྲེང་ཁོ་ནས། ། རིག་མ་བཞི་ཡིས་རྣམ་བརྒྱན་པའི། ། བདག་ནི་ལྷ་ཉིད་བསམ་པར་བྱ། ། དེ་ལྟར་ བཤད་ནས་རྡོ་རྗེ་དེ། ། ཅང་མི་གསུང་བར་དངོས་པོར་བཞུགས། ། དེ་ནས་ལྷ་མོ་བཞི་རྣམས་ཀྱིས། ། ཕྱག་གིས་ཐལ་མོ་སྦྱར་གྱུར་ཏེ། ། རབ་ཏུ་ཞལ་ནི་རྣམ་བཞད་ནས། ། རབ་ཏུ་དང་བའི་སེམས་ཀྱིས་ནི། ། རྣམ་པར་མི་རྟོག་པ་ཐོབ་སྟེ། །
BO
ཅང་མི་གསུང་ བར་བཞུགས་གྱུར་ཏོ། ། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ལྷ་མོ་སྒྲོལ་མས་ཞུས་པའི་ལེའུ་སྟེ་བཞི་པའོ། ། ། ། ཐམས་ཅད་ཀྱི་གསང་བའི་མཆོག་དམ་པ་གསང་ཆེན་ཞེས་བྱ་བའི་རྒྱུད། ལྷ་མོ་བཞིས་ཡོངས་སུ་ཞུས་པ་དཔལ་ཨོ་ཌྱན་གྱི་ཡུལ་ནས་ བྱུང་བ་རྣལ་འབྱོར་མ་ཆེན་མོའི་དེ་ཁོ་ན་ཉིད་རྫོགས་{སྷོ,སོ}། ། ། ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་བཤད་ནས་གཏན་ལ་ཕབ་པ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source
ལྷ་མོ་བཞིས་ཡོངས་སུ་ཞུས་པ། — Reader · Sutraya