The Tantra the Questions of Subahu

Subāhuparipṛcchātantra · འཕགས་པ་དཔུང་བཟང་གིས་ཞུས་པ་ཞེས་བྱ་བའི་རྒྱུད

The Tantra the Questions of Subahu

Subāhuparipṛcchātantra

འཕགས་པ་དཔུང་བཟང་གིས་ཞུས་པ་ཞེས་བྱ་བའི་རྒྱུད

BO
༄༅༅། ། རྒྱ་གར་སྐད་དུ། ། ཨཱརྱ་སུ་བཱ་ཧུ་པ་རི་པྲྀཙྪཱ་ནཱ་མ་ཏནྟྲ། ། བོད་སྐད་དུ། ། འཕགས་པ་དཔུང་བཟང་གིས་ཞུས་པ་ཞེས་བྱ་བའི་རྒྱུད། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི། ཐུགས་རྗེས་རྩེ་གཅིག་ཡིད་གྱུར་བཞུགས་པ་ ལ། ། དབུང་བཟང་ཚུལ་བཞིན་གུས་པས་ཕྱག་འཚལ་ལོ། ། རིག་དང་གསང་སྔགས་ཚོགས་ཀུན་གྲུབ་པ་ཞུས། ། བདག་གིས་ས་སྟེངས་མི་རྣམས་བཟླས་བརྗོད་དང་། ། སྨྱུང་དང་ཡང་དག་སྡོམ་པ་མི་བཟད་པས། ། རབ་ཏུ་བསྒྲིམས་ཀྱང་གྲུབ་པ་མ་མཐོང་ན། ། ཡབ་གཅིག་ཅི་སླད་དཀའ་ ཐུབ་དོན་མ་མཆིས། ། གཙོ་བོ་གཟི་བརྗིད་ཉི་འོད་མེ་ལྟ་བུ། ། ཁྱོད་ཀྱིས་སྡིག་འཇོམས་དག་བྱེད་རྣམས་ཀྱི་མཆོག ། བདེན་པའི་གསུང་གིས་རབ་ཏུ་བཀའ་སྩལ་ན། ། ཇི་ལྟར་སྔགས་རྣམས་འབྲས་བུ་མ་མཆིས་འགྱུར། ། རབ་དང་འབྲིང་དང་དེ་བཞིན་ཐ་མ་རྣམས། ། བསྒྲུབས་ཀྱང་ གསང་སྔགས་འབྲས་བུ་མི་སྩོལ་ལ། ། བསྙེན་པས་ཅི་སྟེ་ཅུང་ཟད་འགྲུབ་མེད་ན། ། སྒྲུབ་པ་ཉོན་མོངས་ཁོ་ན་ཅི་རུང་ལགས། ། རྒྱལ་བས་ཡེ་ཤེས་ཞི་བ་གང་ཡིན་པ། ། དེ་ཡིས་འདི་དག་གསོ་བར་སྔོན་གསུངས་ན། ། གང་ལ་སྔགས་དང་རིག་པ་གྲུབ་མེད་པ། །
BO
དེ་དག་རྣམས་ཀྱང་ཅི་ལྟར་ གསོ་བར་བགྱི། ། ཐུགས་རྗེ་ལྡན་པས་འགྲོ་ལ་སྨན་སླད་དུ། ། ཁྱོད་ཀྱིས་གསང་སྔགས་སྣ་ཚོགས་བཤད་པ་རྣམས། ། དེ་དག་བཟླས་བརྗོད་སྦྱིན་སྲེག་བརྟུལ་ཞུགས་དང་། ། བསྙེན་ལ་སོགས་པས་མ་གྲུབ་ཅི་ལས་གྱུར། ། ཆོ་ག་ཉམས་མ་འོན་ཏེ་མཐུ་མ་མཆིས། ། དུས་ཀྱི་རང་ བཞིན་ལགས་སམ་སྡིག་པས་བསྒྲིབས། ། གསང་སྔགས་གཞན་དུ་གྱུར་ཏམ་འཆོལ་ལས་གྱུར། ། ཐམས་ཅད་མ་ལུས་བཅོམ་ལྡན་འདས་ཀྱིས་གསུངས། ། སྲས་ཀྱི་ཚིག་དེ་ངེས་པར་གསན་གྱུར་ནས། ། ཡུད་ཙམ་དགོངས་ནས་དཀྱུས་རིང་སྤྱན་ཕྱེ་སྟེ། ། ཕྱག་གིས་རྡོ་རྗེ་མེ་སྟག་ཟེར་ འཕྲོ་བ། ། གསོར་ནས་རྡོ་རྗེ་ཅན་གྱིས་འདི་སྐད་གསུངས། ། ཨེ་མའོ་ཟླ་བའི་འོད་ལྟར་ལྷམ་མེ་བའི། ། སྙིང་རྗེས་སེམས་ཅན་ཕན་ཕྱིར་ཁྱོད་འདྲི་བ། ། ཤིན་ཏུ་དྲི་མ་མེད་པའི་སེམས་འདི་ཡིས། ། བདེ་གཤེགས་སྲས་ནང་ཕ་རོལ་ཕྱིན་པར་གྱུར། ། བྱང་ཆུབ་སེམས་དཔའ་རང་གི་འདི་མ་ ཆགས། ། རང་གི་སྡུག་བསྔལ་རྣམས་ཀྱིས་མི་བརྫི་ཡང་། གཞན་གྱི་སྡུག་བསྔལ་རྣམས་ཀྱི་སྡུག་བསྔལ་ཏེ། ། དེ་དག་བདེ་བས་དགའ་དང་ལྡན་པར་གྱུར། ། བུ་ཁྱོད་རང་བཞིན་བཟང་པོ་འདི་ལྟ་བུས། ། གང་ཕྱིར་སེམས་ཅན་ཕན་ཕྱིར་ཁྱོད་འདྲི་བ།
BO
དེ་ཕྱིར་མྱུར་དུ་རྩེ་གཅིག་ ཡིད་བྱོས་དང་། ། གསང་སྔགས་མདོ་སྡེའི་ཚུལ་དུ་ངས་བཤད་དོ། ། གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ། ། དེ་ཡི་བརྟུལ་ཞུགས་དང་པོར་ངས་བཤད་དོ། ། དེ་ཡིས་བདེ་བར་གཤེགས་ལ་དད་བསྐྱེད་ནས། ། དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། ། སེར་སྣ་ དྲེགས་དང་རྒྱགས་པ་རྣམ་སྦངས་ཏེ། ། དཀོན་མཆོག་གསུམ་ལ་དད་པས་བསྙེན་བཀུར་བྱ། ། རྡོ་རྗེ་རིགས་ཞེས་བརྗོད་པ་རྒྱ་ཆེན་དང་། ། ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། ། ཚིག་རྩུབ་ཕྲ་མ་འཁྱལ་པ་སྨྲ་བ་དང་། ། གཞན་གྱི་བུད་མེད་བགྲོད་དང་བརྫུས་སྨྲ་དང་། ། རྐུ་དང་ གཞན་གྱི་སྲོག་གཅོད་གནོད་བྱེད་དང་། ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། རྨོགས་པ་གང་གིས་ལུས་དང་ངག་དང་ནི། ། དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས་བྱས་ཀྱང་། ། ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། ། དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། ། དཔེར་ ན་ས་དང་ཆུ་དང་དུས་ལྡན་ཡང་། ས་བོན་ཚིག་པ་མྱུ་གུ་མི་སྐྱེ་ལྟར། ། དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི། ། སེམས་ལ་དགེ་བའི་ཆོས་རྣམས་མི་སྐྱེའོ། ། དེ་ཕྱིར་ལོག་པར་ལྟ་བ་རྣམ་སྤངས་ལ། ། ཡང་དག་ལྟ་བ་ལ་ནི་བསྟེན་པར་གྱིས། །
BO
རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི། ། ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། ། ལྷ་དང་ལྷ་མིན་ཤ་ཟ་ཁྲག་འཐུང་བ། ། མཚན་མོ་རྒྱུ་བ་མི་བཟད་འཇིག་རྟེན་ན། ། སེམས་ཅན་རྣམས་ལ་གནོད་པ་བྱེད་ཅིང་རྒྱུ། ། བཟླས་བརྗོད་བརྩོན་པའི་སེམས་ནི་གཡེང་བར་བྱེད། ། དེ་དག་རྣམས་ཀྱི་གཉེན་པོར་གྱུར་པའི་ཕྱིར། ། ང་ཡི་ གསང་སྔགས་རིག་པའི་ཚོགས་མཐོང་ན། ། སྐྲག་པར་བྱེད་དོ་སྙམ་དུ་དོགས་སྐྱེས་པ། ། དེ་ཕྱིར་ཟློས་པའི་སེམས་ནི་གཡེང་བར་བྱེད། ། དེ་ལྟར་གནོད་བྱེད་དེ་དག་གཞོམ་པ་དང་། བདག་ཉིད་འབྱོར་བར་བྱ་ཕྱིར་ངས་གསུངས་པའི། ། དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ། ། དམ་ ཚིག་ཅི་བཞིན་བསོད་ནམས་དོན་དུ་བལྟ། ། སྣ་ཚོགས་པ་ཡི་གདོན་རྣམས་གནས་པ་ལ། ། གང་ཞིག་རྣམ་པ་སྣ་ཚོགས་ལས་བྱེད་པའི། ། དཀྱིལ་འཁོར་དེར་ནི་གནོད་བྱེད་གཞོམ་པའི་ཕྱིར། ། མི་ཡིས་རབ་ཏུ་བསྒྲིམས་ནས་འཇུག་པར་བྱ། ། གང་ཡང་རིག་པ་མཆོག་ཏུ་གསུངས་པ་ དང་། ། ཁྲོ་བོའི་དཀྱིལ་འཁོར་དུ་ཡང་འཇུག་པར་བྱ། ། དེར་ནི་དམ་ཚིག་སྣ་ཚོགས་ངས་བཤད་པ། ། སྡིག་པ་བསལ་ཕྱིར་རྒྱུན་དུ་བལྟ་བར་བྱ། ། རྡོ་རྗེ་རིགས་གཙོ་ཕོ་ཉ་མོ་ཡི་ཚོགས། ། རིག་པ་མང་པོས་བསྟེན་པའི་ལྷ་མོ་དེ།
BO
། ཟློས་པ་མཐོང་ན་བགེགས་རྣམས་ཕུང་བ་དང་། རྔམ་པ་འདོན་ ཞིང་ཤིན་ཏུ་སྐྲག་པར་འགྱུར། ། ཇི་ལྟ་ཇི་ལྟར་དཀྱིལ་འཁོར་མཐོང་བ་དང་། དེ་ལྟ་དེ་ལྟར་རྡོ་རྗེའི་རིགས་བསྟེན་དང་། རིག་པའི་ཚོགས་ལ་བསྟེན་པའི་བསོད་ནམས་ཀྱིས། ། དེ་ཡི་ལུས་ལ་མ་ལུས་བྱིན་རླབས་འཇུག ། མི་ཚུགས་རྡོ་རྗེའི་བདག་ཉིད་དེ་མཐོང་དང་། ། ས་ཕྱོགས་རྡོ་རྗེའི་མེ་ འབར་དེ་ཤེས་ནས། ། ལྷ་ཀླུ་ལྷ་མིན་གནོད་སྦྱིན་གྲུབ་པའི་རྣམས། ། བཟླས་བརྗོད་བྱེད་པས་སྐྲག་ནས་འབྱེར་བར་འགྱུར། ། ང་ཡི་དམ་ཚིག་མཐོང་བའི་བུ་དག་གིས། ། འཇིག་རྟེན་འཇིག་རྟེན་འདས་པས་བཤད་པ་ཡིན། ། གསང་སྔགས་དེས་ནི་མ་བསྒྲིམས་བཞིན་དུ་འགྲུབ། ། བགེགས་ རྣམས་ཐམས་ཅད་བརླག་པར་བྱེད་པར་འགྱུར། ། རིག་དང་དམ་ཚིག་མ་ཐོབ་སྙིང་རྗེ་མེ། ། དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། ། སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། ། ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། ། བསམ་པ་ཞན་ཅིང་ཉམས་ཀྱིས་མི་ལྕོགས་ པས། ། དཀྱིལ་འཁོར་དེ་ཀུན་བལྟ་བར་མི་ནུས་ནའང་། ། དེ་ལས་གང་ཡང་རུང་བའི་དཀྱིལ་འཁོར་ནི། ། གཅིག་ཙམ་ཞིག་ཀྱང་དད་པས་མཐོང་གྱུར་ན། ། གནོད་སྦྱིན་ཚོགས་དང་མཚན་མོ་རྒྱུ་བ་དང་།
BO
ས་བླའི་གདོན་རྣམས་ཀུན་དང་ཀླུ་དག་དང་། ལྷ་ལ་སོགས་དག་བགེགས་དང་ལོག་ འདྲེན་རྣམས། ། བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་ལྷ། ། དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། ། བརྟོན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། ། དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག ། སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པ་སྐྱེ། ། རྒྱལ་བ་ངས་གསུངས་སོ་སོ་ ཐར་པ་ཡི། ། ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། ། སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། ། ལྷག་མ་རྣམས་ནི་ཉམས་སུ་བླང་པར་བྱ། ། དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ནས། ། བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། ། དག་ཅིང་གྲོལ་བ་དང་ ནི་ལྡན་འགྱུར་བའོ། ། བཟླས་པས་སྐྱོན་མདོ་སྡེ་བཀླག་པར་བྱ། ། གཙང་ཞིང་དབེན་པས་ཡི་ཕྱོགས་སུ་ནི། ། འཇིམ་པ་འམ་ནི་བྱེ་མ་ལས་བྱས་པའི། ། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། ། སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། ། རིང་བསྲེལ་ཅན་གྱི་སྐུ་གཟུགས་མཆོད་ རྟེན་ལ། ། བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་དབུལ། ། གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང་། ། མཆོག་ཏུ་དད་པ་ཡིས་ནི་མཆོག་པར་བྱ། ། ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །
BO
རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། ། དེ་བཞིན་སྒྲུབ་པ་ཡི་ནི་གྲོགས་མེད་ན། ། ལུས་ཅན་ དངོས་གྲུབ་ཐོབ་པར་མི་འགྱུར་རོ། ། དེ་ནི་བློ་ལྡན་གཟུགས་བཟང་གཙང་སྦྲ་ཆེ། ། རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང་། སྤོབས་པ་ཆེ་ཞིང་དཔའ་ལ་དབང་པོ་དུལ། ། སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། ། བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་། ། བྲམ་ཟེ་དག་དང་ལྷ་གཞན་ མཆོད་མི་བྱེད། ། སྒྲིན་ཞིང་གཟོ་ལ་བྱས་པ་གཟོ་བ་དང་། ། དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། ། དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག ། རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ནལ། ། ཡོན་ཏན་ཕྱེད་དང་བཞི་ཆའམ་བརྒྱད་ཆ་ཅན། ། དེ་ལྟ་བུ་དག་སྔགས་པའི་གྲོགས་པོར་བསྟེན། ། འཕགས་པ་དབུང་བཟུང་གིས་ཞུས་པའི་ལེའུ་དང་པོའོ། ། ། ། རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང་། ། རྒྱལ་བ་སྔོན་ཆད་གང་ན་བཞུགས་བཞུགས་པའི། ། གནས་གང་བསོད་ནམས་ལྡན་ཞིང་ཡིད་དགའ་བ། ། ལྷ་དང་ལྷ་མིན་སོགས་པས་ཕྱག་འཚལ་མཆོད། ། གསོ་སྦྱོང་སྡོམ་པ་དག་དང་ལྡན་པ་ཡིས། ། བདག་ཉིད་དག་པར་བྱ་ཕྱིར་བསྙེན་པར་བྱ། ། དེ་ལྟ་བུ་དག་མ་རྙེད་གཞན་ཡང་ནི། ། ཆུ་བོ་ཆུ་ཀླུང་འབབ་ཆུ་མོད་པ་དང་།
BO
པདྨ་ཨུཏྤ་ལས་ནི་བརྒྱན་པའི་མཚོ། ། སྐྱེ་བོ་རྣམས་ཀྱང་ཤིན་ཏུ་མི་རྒྱུག ། དང་ཞིང་ཞིམ་པའི་ཆུ་ནི་མང་པ་དང་། མི་བཟད་ གདོན་རྣམས་ཀྱང་ནི་མི་གནས་པ། ། མེ་ཏོག་འབྲས་བུ་གཙང་མ་ཡོད་པ་དང་། སྨན་ལྗོངས་ལྗོན་ཤིང་སྣ་ཚོགས་དཀྲིགས་པ་དང་། ས་སྟེང་གནས་མལ་ཤིན་ཏུ་གཙང་བ་དང་། ། གང་ན་སྟག་གཟིགས་སེང་གེ་མེད་པ་དང་། ཡིད་འོང་མཉམ་ཞིང་ཚེར་མ་མེད་ པ་དག ། མི་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན། ། གྲོག་པོ་གྲོག་མཁར་ཐལ་བ་སྐྲ་ཤད་དང་། ། ཉལ་ཉིལ་སོལ་པ་ཚ་སྒོའམ་རྩོག་ཅན་སྤང་། ། དེར་ནིས་བརྐོས་སྦྱངས་ནས་གནས་བརྩིགས་པ། ། དྲོ་ལ་བརྟན་ཞིང་འཇིམ་པས་ཞལ་ཞལ་བྱ། ། ཤར་རམ་བྱང་ངམ་ནུབ་ཏུ་སྒོ་ གཏོད་ཅིང་། ། ལྷོ་ཕྱོགས་སུ་ནི་ནམ་ཡང་སྒོ་མི་གཏོད། ། དྲི་གཙང་ཁང་པ་དེ་ཡི་ཕྱོགས་གཅིག་ཏུ། ། རྒྱལ་པ་ལམ་མཆོག་རྣམ་པར་སྟོན་པ་ཡི། ། རས་ཀྱི་སྐུ་གཟུགས་ལས་ཕྱིར་བརྟན་པར་གདགས། ། ཡང་ན་ཤིང་གཟུགས་ལེགས་པ་མཆོད་ཕྱིར་བཞག ། ཐ་ག་པས་བཏགས་འཇམ་ ལ་སྙོམས་པ་དང་། ཐགས་བཟང་དེ་བཞིན་སྒྲ་ཤད་མེད་པ་དང་། ཁོ་ལག་ཆེ་ཞིང་མ་ཉམས་ཁ་ཚར་བཅས། ། རས་ཀྱི་གཟུགས་དེ་མི་ལ་དངོས་གྲུབ་སྟེར། ། གཙང་མའི་སྤོས་ཆུས་བཏབ་པ་དེ་ལ་ནི། །
BO
ཚོན་རྩི་སྦྱིན་མེད་སྣོད་གསར་བླུགས་པ་ཡིས། ། ཁྲུས་བྱས་གཙང་ལ་གསོ་སྦྱོང་བཟུང་ བའི་མི། ། མཁས་པས་བ་ལང་སྡུ་ཡིས་བྲི་བར་བྱ། ། ཕྲེང་བ་བདུག་སྤོས་མར་མེ་ལྷ་བཤོས་དང་། ། བྱུག་པ་དག་གིས་སྐུ་གཟུགས་ཆེར་མཆོད་དེ། ། ནུབ་ཕྱོགས་ཞལ་བསྟན་མི་གཡོ་བརྟན་པར་གདགས། ། དེ་ཡི་སྤྱན་སྔར་དགོས་གྲུབ་བརྩམ་པར་བྱ། ། གཙུག་ཕུད་བཞག་སྟེ་སྐྲ་ནི་བྲེགས་ནས་ སུ། ། འབྱུང་ཁུང་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། ། གོས་དཀར་དག་གམ་ཤིང་ལོ་འམ་གསོམ་འམ། ། ཟར་མའམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། ། ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པའི། ། དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང་། མ་ཆག་ཟླུམ་ཞིང་མ་གས་ རྨ་མེད་པ། ། ཡིད་དུ་འོང་བའི་ལྷུང་བཟེད་བཅང་བར་བྱ། ། ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ། ། བཟའ་བཏུང་མོད་ཅིང་དམངས་རིགས་མང་བ་དང་། འགྲོན་མ་མཆོད་བྱེད་ལེགས་པར་གནས་པའི་གྲོང་། ། བྲམ་ཟེ་ཕྱི་རོལ་སྐྱེ་བོ་མེད་པར་བསྟེན། ། ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས། ། རིགས་ཀྱིས་རློམ་ཞིང་སྙིང་རྗེར་མི་ལྡན་པ། ། དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། ། མཆོད་པ་མཐོང་ནས་གེགས་ཀྱང་བྱེད་པར་འགྱུར། །
BO
བྲམ་ཟེ་སངས་རྒྱས་པ་ལས་ཅི་ལྟར་དམན། ། སྨྲང་ལས་བྲམ་ཟེ་དག་ལ་དམངས་རིགས་རྣམས། ། བསྙེན་བཀུར་དང་ནི་མཆོད་ པར་འབྱུང་བས་ན། ། དམངས་རིགས་ཀྱིས་ཀྱང་གསང་སྔགས་ཅི་ལྟར་བཟླས། ། ལྷ་དང་འགྲོན་མཆོད་པ་དང་ལས་དྲུག་དང་། རྒྱལ་པོ་དང་ནི་མེ་ལྷ་བསྟེན་པ་དང་། བུ་ཡི་དོན་དུ་འགྲོ་བར་བྱ་བ་དག ། བྲམ་ཟེ་རྣམས་ཀྱི་ངེས་པར་འགྲུབ་པ་ཡིན། ། རྒྱལ་རིགས་རྗེའུ་རིགས་རྣམས་ ཀྱང་རང་གི་ལས། ། གྲུབ་པས་འདི་ལ་ཐེ་ཙོམ་མ་བྱེད་ཅེས། ། {བརྫུན་,རྫུན་}དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས། ། བདག་དང་གཞན་གྱི་སེམས་ནི་སྲེག་པར་བྱེད། ཡན་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། ། ཉི་མ་ཕྱེད་མཚམས་ཙུན་ཆད་བསླང་བར་བྱ། ། བྲམ་ཟེའི་དུས་ནི་ཕྱི་དྲོ་ཡི་ན་པས་ན། ། དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མོ་བྱ། ། དགེ་དང་མི་དགེ་ཤེས་པ་བཟུང་ན་ནི། ། བྲམ་ཟེ་དམངས་རིགས་དག་ལ་བྱད་པར་མེད། ། འོན་ཀྱང་འགྲོ་བའི་བློས་ནི་བྲམ་ཟེ་དང་། འདི་ནི་དམངས་རིགས་ཡིན་ཞེས་བརྟགས་པར་ཟད། ། བདེན་པའི་ལམ་དམིགས་དགེ་བའི་རྗེས་འབྲང་ན། ། དམངས་ རིགས་དག་ཀྱང་སྐྱེ་ཤི་མེད་པར་འགྲོ། ། ལོག་པའི་ལམ་ཞུགས་ཉེས་པར་སྤྱོད་ལྡན་ན། །
BO
བྲམ་ཟེ་ངག་ཡིན་མི་བཟད་དམྱལ་བར་ལྟུང་། ། ལུས་ཅན་ཤིན་ཏུ་དྲི་མ་ལྡན་པ་དག ། འདི་ན་གཞན་གྱིས་དག་པར་མི་འགྱུར་ཏེ། དེ་ནི་སྡིག་པ་རྣམ་པར་བསལ་བ་དང་། ། བསོད་ནམས་མ་ལུས་ ཡོངས་སུ་བཟུང་བས་བདག ། དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། ། ནད་པ་དག་ལ་སྨན་ནི་སྦྱིན་པར་ལྟར། ། དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག ། བསལ་ཕྱིར་རྒྱལ་བས་ཁ་ཟས་བཟང་བར་གསུངས། ། ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། ། བཀྲེས་སྐོམ་གདུངས་ པས་རག་གི་བུ་ཡི་ཤ། ། ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་བཞིན། ། ཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། ། མང་དུ་བླུགས་ན་རྩོལ་མེད་མཐོ་བ་དང་། དེ་བཞིན་ཉུང་ངུས་སྲང་ནི་དམའ་འགྱུར་ལ། ། རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར། ། ལུས་ཅན་ཁ་ཟས་དེ་ལྟར་ བཟའ་བར་བྱ། ། དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར། ། མི་ཡིས་ཀ་བ་བརྟན་པོ་བཙུགས་པ་ལྟར། ། དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་། ཤིང་རྟའི་མིག་བསྐུ་བཞིན་དུ་བཟས་བཟའ། ། འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཞེས། ། རྒྱལ་བས་ཆོས་ གཅིག་ཏུ་ནི་བཀའ་སྩལ་བས། ། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱས་ཏེ། ། སེམས་ནི་བཟང་བཏུང་ཚོགས་ལ་ཆགས་མི་བྱ།
BO
། དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དག ། བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། ། ལྷུང་བཟེད་དེ་དག་ལས་ནི་གཅིག་ཐོགས་ནས། ། གཉའ་ཤིང་གང་དུ་ལྟ་ཞིང་ བསོད་སྙོམས་སྤྱད། ། འཛུམ་ཞིག་འགྲོ་ལ་སྨྲ་ཞིང་ཟུར་མིག་ཅན། ། ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། ། བུད་མེད་གཟུགས་ནི་མཚོན་ཆ་འཇེབས་འདྲ་པས། ། སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད། ། ལྕགས་ཀྱི་ཐོག་ལྕགས་རབ་ཏུ་འབར་བ་ཡིས། ། མིག་ནི་རྣམ་ པར་བཀབ་པ་ཅེས་སླ་ཡི། ། ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། ། དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། ། གང་དུ་དགའ་བར་འགྲོ་ཞིང་འཛིན་མེད་ལ། ། སེམས་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ། ། རབ་དག་འབྲིང་ལ་སོགས་པ་སྦངས་ནས་སུ། ། མི་སྨྲ་བར་ནི་གཞན་གྱི་ཁྱིམ་དུ་ འགྲོ། ། གང་ན་བ་བཞོན་བེའུ་ཕྲུག་ཆུང་བ་དང་། ། གང་ན་སྐྱེས་བུ་ཆག་ནི་འཐུང་བ་དང་། ། གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང་། ། དེ་བཞིན་གང་ན་གཞོན་ནུ་རྩེ་བ་དང་། ། གང་ན་ཁྱི་ཟ་དགའ་སྟོན་བྱེད་པ་དང་། ། གང་ན་སྐྱེ་བོ་མང་པོ་འདུས་པ་དང་། དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས། ། དེར་ ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ། །
BO
བསོད་སྙོམས་ཅི་སྙེད་ཁྱེར་ཏེ་འོངས་ནས་ཀྱང་། ། དང་པོར་ཅི་ལྟར་བདེ་བར་བགོ་བར་བྱ། ། རྐང་བཀྲུས་གློ་བུར་པ་ལ་བྱིན་ནས་སུ། ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ། ། དུས་སུ་ཟོས་ནས་དུས་གསུམ་ཁྲུས་བྱས་ཏེ། ། ཕྲེང་བ་མར་མེ་བདུག་པ་བསྟོད་དང་ དྲི། ། ཤ་ཆང་མེད་པའི་ལྷ་བཤོས་ཕུན་ལ་ནས་སུ། ། ཀུ་སའི་ཁྲེས་ལ་འདུག་ནས་བཟླས་བརྗོད་བྱ། ། བདུག་པ་བྱུག་སྤོས་ལ་སོགས་མ་རྙེད་ན། ། དྲི་ཞིམ་མེ་ཏོག་སྣ་ཚོགས་དབུལ་བར་བྱ། ། སྤྲ་བ་ཨརྐ་བིལ་བ་བྲི་ཧ་ཏི། ། ཀུ་ཤ་དྲི་ངན་ཡིད་དུ་མི་འོང་སྦང་། ། འགྲེང་ངམ་འདུག་གམ་མ་ལོག་ ཉལ་བ་དང་། འགྲོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་པ་ན། ། རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དག ། རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ། ། འཕགས་པ་དབུང་བཟང་གིས་ཞུས་པའི་ལེའུ་གཉིས་པའོ། ། ། ། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། ། སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད། ། ཉོན་མོངས་རྣམ་གྲོལ་ཤེལ་དར་ཟླ་འདྲ་པའི། ། སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས། ། དཔེར་ན་དྲི་མེད་ཆུ་ནི་རྡུལ་ཚོགས་ཀྱིས། ། སྐད་ཅིག་དུ་ཡང་རྙོག་པར་བྱེད་པར་ལྟར། ། དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས།
BO
། འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོགས་པར་འགྱུར། ། པུ་ཏྲ་ཛི་དང་དུང་ཤེལ་རུ་རག་ཤ། ། ལུག་ཏང་པདྨའི་སྙིང་པོ་ཞ་ཉེ་ཟངས། ། ཁར་བའི་བགྲང་ཕྲེང་བརྒྱ་ནི་རྩ་བརྒྱད་པ། ། དེ་དག་ལས་ནི་བགྲང་ཕྲེང་གཅིག་བླངས་ཏེ། ། དེ་ནི་ལག་པ་གཡས་པས་བཟུང་བའམ། ། ལག་ པ་གཡོན་པས་བསྒྲིམས་ཏེ་མི་འཁྲུལ་བཟུང་། ། ཚར་རེ་ཕྱིན་ཅིག་ནོར་བུ་རེ་རེ་ནས། ། སྔགས་པ་ཡིས་ནི་རིམ་བཞིན་དྲང་བར་བྱ། ། འདུག་ནས་དབང་བོ་ཡང་དག་བསྡམ་པ་དང་། ། ལུས་ཀྱང་དྲང་ཞིང་བརྟན་པར་བཞག་ནས་སུ། ། ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པར་ཡང་། ། བསྒུལ་ ཞིང་གསང་སྔགས་ཅི་དགར་བཟླས་བརྗོད་བྱ། ། སེམས་ནི་གློག་དང་སྤྲིན་དང་རླུང་དང་མཚུངས། ། རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། ། སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ། ། གཡོ་ཞིང་འཕྱན་པ་ངེས་པར་འདུལ་བར་བྱ། ། གང་ཆེ་ཟློས་པའི་སེམས་ནི་ཞི་བ་ལ། ། བསྟེན་པས་གཉིད་ ཀྱིས་དྲན་པ་རྨོངས་གྱུར་ན། ། ལངས་ནས་བཅག་ཅིང་ཕྱོགས་སུ་བལྟ་བ་དང་། ། ཆུ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ། ། ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང་། ། མགོན་མེད་སྐྱབས་མེད་ཚེ་རབས་གཅིག་ནས་གཅིག ། ལུས་ཀྱི་ཁ་བརྒྱུད་རྗེས་སུ་རབ་འགྲོ་བ། །
BO
དེ་ཡི་རྗེས་སུ་དགེ་དང་མི་དགེ་ འབྲང་། ། ཚོལ་དང་མཛའ་བཤེས་དང་ནི་རྣམ་པར་བྲལ། ། མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས། ། ངན་པ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཅན། ། ཡུལ་རྣམས་ཀུན་དུ་སོང་ནའང་མེད་པ་མིན། ། ཤ་སྦྲང་ཚ་གྲང་བཀྲེས་དང་ངལ་ལ་སོགས། ། གང་དུ་སོང་ཡང་སྡུག་བསྔལ་ཉིད་ཡིན་པས། ། ཡུལ་ ལ་མངོན་དགའི་སེམས་ནི་འབྱུང་བ་ན། ། རྣམ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ། ། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང་། ། པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག ། བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། ། གཏི་མུག་ལ་ནི་རྟེན་འབྲེལ་ལན་ གྱིས་སོ། ། རེ་ཞིག་ན་ནི་དགྲ་ཡང་མདའ་བོར་འགྱུར། ། མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད། ། དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། ། བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། ། དེ་ལྟར་མཛའ་བཤེས་འགྱུར་བར་རིག་བྱ་སྟེ། ། བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། ། གཉེན་ ལ་དགའ་བའི་སེམས་ཀྱི་རྟོག་པ་དག ། བཟློག་ནས་དགེ་ལ་ཅི་བདེར་གཞག་པར་བྱ། ། དང་པོ་བཟླས་ནས་བཟླས་བརྗོད་ཟིན་བར་དུ། ། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཞིང་བ་དང་། བུད་མེད་མ་ནིང་ཁྱེའུ་བུ་མོ་དང་།
BO
སྔགས་འཆང་ནམ་ཡང་སྨྲ་བར་མི་བྱའོ། ། ཅི་སྟེ་དགོས་པ་ཡོད་ན་སྔགས་གཡོག་ དང་། ། བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། ། སྨྲས་ནས་ལུད་པ་བཤང་གཅི་བོར་ནས་ཀྱང་། ། ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། ། མེ་ཏོག་དྲི་སྣོད་མར་མེ་ཕུལ་བ་དང་། ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི། ། དགེ་བདེ་ཀུན་བླ་ན་མེད་པ་ཡི། ། སངས་རྒྱས་བྱང་ཆུབ་བླ་མེད་ མཆོག་ཏུ་བསྔོ། ། དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། ། ལན་ཚྭའི་རོར་ནི་གཅིག་ཏུ་གྱུར་པ་བཞིན། ། དེ་ལྟར་བླ་མེད་བྱང་ཆུབ་བསྡོས་པ་ཡིས། ། བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར། ། དཔེར་ན་སྐྱེས་བུ་ལ་ལ་འབྲས་བུའི་ཕྱིར། ། སཱ་ལུ་བསྐྱེད་ཀྱིས་སོག་མའི་ཕྱིར་མིན་ཡང་། ། སཱ་ལུ་རྙེད་ནས་བསྒྲིམ་པ་མེད་པར་ནི། ། སོག་མའི་ཕུང་པོ་ཞར་ལ་འབྱུང་བ་བཞིན། ། དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། ། བསོད་ནམས་བསྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང་། ། སོགས་མའི་ཕུང་པོ་དག་དང་མཚུངས་པར་ནི། ། མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། ། ཚེ་རིང་བ་འདི་ ལེགས་པར་འཐོབ་པ་དང་། ཆོས་བཞིན་སྒྲུབ་པའི་ཡུལ་དག་རྙེད་པའམ། །
BO
སྐྱོ་བ་མེད་པར་འགྱུར་ཞིང་འགྲོ་བ་ཡི། ། བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། ། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དག ། སེམས་ཀྱིས་འཇིག་རྟེན་ ཆོས་རྣམས་རབ་བཅོམ་སྟེ། ། སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། ། དཔེར་ན་རྒྱ་མཚོ་སྐད་ཅིག་ཙམ་པ་ཡང་ནི། ། མི་ཡི་རོ་དག་ལྷན་ཅིག་མི་གནས་ལྟར། ། དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ། ། སྔགས་པས་སྐད་ཅིག་ཙམ་ཡང་གནས་མི་བྱ། ། དཔེར་ན་རླུང་མེད་ཁང་བའི་ ནང་དུ་ནི། ། མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར། ། རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། ། སྟངས་དང་མཆོད་པ་དང་ནི་གར་བྱེད་དང་། གླུ་ལེན་རྔ་རྡུང་སྐྱེ་བོས་དཔྱས་འགྱུར་དང་། ལྷག་པའི་ང་རྒྱལ་འདྲིད་དང་ འདོད་ཚོན་དང་། རྒྱན་པོ་དག་ནི་འདུས་ལ་ལྟ་འདོད་དང་། དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང་། བསྟན་བཅོས་ངན་དང་སྙན་ངག་ཀློག་འདོན་དང་། ཆགས་དང་འཚིག་དག་དྲེགས་དང་རྒྱགས་པ་དང་། ཞེ་ལ་འཛིན་དག་ལེ་ལོ་གཡོ་སྒྱུ་སྤང་། ། ཤ་ཆང་ཀེའུ་དང་བཙོང་དང་ སྒོག་རྡོག་དང་། ། འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །
BO
འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། ། ངས་ནི་སྔགས་པ་ཁ་ཟས་དཀར་གསུམ་དང་། རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། ཞོ་དང་ནས་དང་འོ་མ་མར་དག་དང་། འབྲུ་མར་ ཚིགས་མ་དར་བ་འོལ་ཀོན་དང་། ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། ། ཤ་ཟ་སྲིན་པོ་དག་དང་གནོན་པོ་དང་། རོ་ལངས་དག་ནི་འཇིགས་བསྒྲུབ་པ་དང་། ལྟ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ། ། འབྲུ་མར་ཚིགས་མའི་བཟའ་བ་མཆོག་ཏུ་བསྔགས། ། དེ་ལྟར་བཟླས་ བརྗོད་བྱེད་པའི་སྒྲུབ་པ་པོས། ། ཉིན་གཅིག་བཞིན་དུ་བྱས་ནས་བཟླས་པ་ནི། ། ཕལ་ནས་ཆོ་ག་བཞིན་དུ་གཤེགས་སུ་གསོལ། ། ནུབ་མོ་ཀུ་ཤ་བཏིང་ནས་ཉལ་བར་བྱ། ། བྱམས་པ་སྙིང་རྗེ་དགའ་དང་བཏང་སྙོམས་ལྡན་པ་དང་། བདེ་གཤེགས་ཆོས་དང་དགེ་འདུན་བཅས་པ་དྲན་བྱས་ཏེ། ཤཱ་རིའི་བུ་དང་ང་ལ་ཐལ་སྦྱར་བཏུང་ནས་ཉལ། ། དེ་ལྟར་སྔགས་པ་སྡིག་པ་མཐའ་དག་ཟད་པར་བྱ། ། འཕགས་པ་དབུང་བཟང་གིས་ཞུས་པའི་ལེའུ་གསུམ་པའོ། ། ། ། སྒྲུབ་པ་པོ་ཡིས་ངེས་པར་བཅང་བ་ཡི། ། རྡོ་རྗེ་དེ་དག་གང་ཡིན་བཤད་པར་བྱ། ། སོར་བཅུ་བཅུ་གཉིས་བཅུ་ དྲུག་{བཅྭ་,བཅོ་}བརྒྱད་དང་། མཆོག་གི་ཚད་ནི་སོར་ཡང་ཉི་ཤུ་པའོ། །
BO
གསེར་གྱི་རྡོ་རྗེ་རིག་འཛིན་ཉིད་དང་ནི། ། ས་རྣམས་ཐོབ་པར་བྱ་ཕྱིར་རབ་ཏུ་ཤིས། ། རྒྱལ་པོའི་དོན་དུ་དངུལ་གྱི་མཆོག་ཡིན་ཏེ། ། ཟངས་ཀྱི་རིན་ཆེན་འབྱུང་བའི་ཀླུ་བསྒྲུབས་ལ། ། ལྷ་མིན་དབང་པོའི་ འཁྲུལ་འཁོར་གཞིག་པ་དང་། ཕུག་ཏུ་འགྲོ་ལ་རྡོ་ཡི་རྡོ་རྗེའི། ། དོན་ཀུན་བསྒྲུབ་པ་ལ་ནི་ལྕགས་གསུམ་གྱི། ། གསང་བའི་སྡེ་གཞོམ་པ་ལ་ལྕགས་ཀྱིའོ། ། གདོན་གཞན་ལ་ནི་སེང་ལྡེང་དཔལ་དང་ཙེ། ། ནད་མེད་ནོར་རྫས་ལ་ནི་བིལ་བའོ། ། གནོད་སྦྱིན་མོ་བསྒྲུབ་པ་ལམ་དུའི་ཤིང་། ། ཆོས་ཀྱི་དོན་དུ་ཤྭད་ལས་བྱས་ཤིས། ། གསལ་ཤིང་རྩེ་མོའི་དགྲ་རྣམས་གཞིག་པ་ལ། ། མི་རྣམས་བསད་པ་ལ་ནི་མི་རུས་ཀྱི། ། ཤེལ་ལས་བྱས་པ་མིག་འཕྲུལ་ཆེན་པོ་ལ། ། དབྱེ་ཕྱིར་ན་མི་པ་ལས་བྱས་རབ་ཏུ་ཤིས། ། གསང་ཅིང་བསྐམ་པ་ལ་ནི་བ་རུའི་ཤིང་། ། ཤ་ཟ་བསྒྲུབ་པ་ལ་ ཡང་རབ་ཏུ་ཤིས། ། ལྷ་དང་གནོད་སྦྱིན་དྲི་ཟ་བསྒྲུབ་པ་ལ། ། སྒྲོན་ཤིང་ལས་ནི་བྱས་པའི་རྡོ་རྗེའོ། ། ཅི་སྟེ་ཀླུ་ནི་དབང་དུ་བྱེད་འདོད་ན། ། དེ་ཚེ་ཀླུ་ཤིང་རྩ་བ་ལས་བྱས་པའོ། ། གཟུགས་བསྒྱུར་བ་ལས་ལས་བྱས་པ་སྟེ། ། རོ་ལངས་བསྒྲུབ་པ་ལ་ནི་ཀ་ཏ་མ་པའོ། ། བུན་ད་ཀ་དག་ར་ཛ་ཨརྐ་དང་། །
BO
ཨ་ཤྭད་ཤིང་གི་རྡོ་རྗེ་ནོར་གྱི་ཕྱིར། ། གླ་བ་ཨ་མྲ་ཤྲི་བར་རྣབ་ཡི། ཨོཾ་རྫུ་ལ་སོགས་བ་ལས་བྱས་བདག ། མི་རྣམས་གཡུལ་ལས་རྒྱལ་བར་བྱ་ཕྱིར་རོ། ། ཡིད་དུ་འོང་བའི་འདོད་པ་ཐོབ་བྱའི་ཕྱིར། ། ཙནྡན་དཀར་པོ་དང་ནི་དམར་པོ་སྟེ། ། དབྱིབས་ལེགས་འཛམ་ཞིང་མཉམས་རྨ་མེད་ པའི། ། རྡོ་རྗེ་རྩེ་ལྔས་བ་བཅང་བར་བྱ། ། དང་པོ་ཟློས་ཚེ་དེ་ནི་ཐོགས་ནས་སུ། ། བཟླས་བརྗོད་ཟིན་ནས་མྱུར་བ་ཁོ་ནར་ཡང་། ། དད་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱིས། ། མཆོད་ནས་རྡོ་རྗེ་རྒྱལ་བ་རི་ཞབས་དྲུང་བཞག ། ང་ཡི་རིགས་ཀྱི་གསང་སྔགས་སྒྲུབ་པ་པོས། ། རྡོ་རྗེ་མེད་ན་ འགྲུབ་པར་མི་འགྱུར་རོ། ། དེ་ལས་གཅིག་ཀྱང་རྙེད་པར་མ་གྱུར་ན། ། ཁུ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས། ། ལྡོང་རོས་གིའུ་ཝང་རལ་གྲི་ཨཉྫ་ན། ། སྤང་མ་བ་བླ་ཞགས་པ་ལི་ཁྲི་བཙག ། མར་དང་ཤུ་དག་འཁོར་ལོ་རྡོ་རྗེ་མདུང་། ། པགས་པ་གོ་ཆ་མདུང་ནི་རྩེ་གསུམ་ པ། ། རྫས་ནི་བཅུ་བདུན་བསྒྲུབས་པ་དེ་རྣམས་ཀྱིས། ། གྲུབ་པ་རྣམ་པར་གསུམ་རྣམས་ཐོབ་པར་བྱེད། ། རང་སྔགས་ཆོ་ག་ལྷག་པར་བཤད་པ་གང་། དེར་ཡང་གྲུབ་པ་རྣམས་པ་གསུམ་དུ་མཐོང་། །
BO
བགེགས་དང་ལོག་འདྲེན་གྲུབ་པར་མི་དགའ་བ། ། རིག་པའི་ཚོགས་རྣམས་ཀྱི་ནི་མདུན་ ནས་རྒྱུ། ། རིགས་འཛིན་བརྩེན་པའི་བདག་ཉིད་ཅན་དག་ལ། ། རྣམ་པ་སྣ་ཚོགས་གླགས་སྐབས་ཚོལ་ཞིང་རྒྱུ། ། བགེགས་ཀྱི་རིགས་ནི་རྣམ་པ་བཞི་ཡོད་དེ། ། ས་སྟེང་འདི་ན་འཁོད་པའི་བགེགས་རྣམས་ནི། ། རྣམ་པར་འཇིག་དང་ཝ་དང་ནེའུ་ལེ་དང་། དེ་བཞིན་སོ་གཅིག་པ་དང་ རིགས་རྣམས་བཞི། ། དེ་དང་དེ་ལས་འཕྲོས་པ་མཐའ་ཡས་སོ། ། ས་སྟེང་འཇིག་རྟེན་སྐྱོང་བཞི་གང་ཡིན་པ། ། དེ་དག་གཡོག་འཁོར་མྱ་ངན་མེད་པ་ཡིན། ། དེ་ཡི་གཡོག་འཁོར་བྱེ་བ་ཕྲག་བདུན་རྣམས། ། དེ་དག་གསང་སྔགས་སྒྲུབ་ལ་བགེགས་བྱེད་དོ། ། ཝ་ཡི་རིགས་ནི་བྱེ་བ་{བཅྭ་,བཅོ་}བརྒྱད་ དག། ། དབང་ཕྱུག་ཆེན་པོའི་འཁོར་ཏེ་དེ་རྣམས་ཀྱི། ། སྡེ་དཔོན་གླང་ཆེན་གདོང་སྟེ་སྟོབས་པོ་ཆེ། ། ས་སྟེང་མཐའ་དག་ཀུན་དུ་བགེགས་ཀྱང་བྱེད། ། སོ་གཅིག་རིགས་ཀྱི་སྡེ་དཔོན་གཙུག་འཕྱང་སྟེ། ། བྱེ་བ་དྲུག་ཅུའི་བགེགས་ལ་དབང་སྒྱུར་ཞིང་། ། ཚངས་དབང་ཁྱབ་འཇུག་ཉི་མ་ཟླ་བ་རླུང་། ། དེ་རྣམས་ཀྱིས་བཤད་སྔགས་ལ་བགེགས་བྱེད་དོ། ། ནེའུ་ལེའི་རིགས་གང་ཡིན་པ་རྒྱ་ཆེ་སྟེ། ། ཁྲི་ཕྲག་བྱེ་བ་ཐེར་འབུམ་ཕྲག་སྟོང་དང་། །
BO
དེ་དག་རྣམས་ནི་སྡེ་དཔོན་གཙུག་ནས་ཕྱུང་། ། ང་ཡི་རིགས་དང་སྔགས་ལ་བགེགས་བྱེད་དོ། ། དགའ་བྱེད་པདྨ་འདྲ་བར་དཀྱུས་རིང་མིག ། ལྔས་རྩེན་ སྔགས་རྒྱུད་ལ་ནི་བགེགས་ཀྱང་བྱེད། ། ནོར་སྤྱོད་བུ་ནི་གང་ཡིན་གང་པོ་ཕ། ། རང་གི་གསང་སྔགས་རྒྱུད་ལ་བགེགས་ཀྱང་བྱེད། ། སྒྲུབ་པ་པོ་ནི་འབྱོར་པར་མི་དགའ་བ། ། བརྩེ་མེད་རང་རང་རིགས་ལ་བགེགས་ཀྱང་བྱེད། ། རང་གི་གསང་སྔགས་གཟུགས་སུ་རྣམ་སྤྲུལ་ནས། ། ཕྲེང་བ་དང་ནི་ གཏོར་མ་མངོན་དུ་ལེན། ། ལྷ་ཡིས་ལོག་འདྲེན་ཀྱིས་བྱས་ཏེ་མཐོང་ནས། ། ཁྲོས་ཤིང་འཁྲུགས་ནས་ཕྱིར་ཡང་ཕྱོགས་པར་འགྱུར། ། སྔོན་ཆད་སེམས་ནི་འཇུངས་དང་རྨོངས་པ་ཡིས། ། ལྷ་ཡིས་ལོག་འདྲེན་འགེགས་ཀྱི་ལུགས་འདི་གཏོང་། ། ལུགས་འདི་ལྷ་དང་ཀླུ་དང་གྲུབ་པ་དང་། ། སུམ་ ཅུ་རྩ་གསུམ་ལྷས་ཀྱང་བཟློག་མི་ནུས། ། བགེགས་ཀྱིས་འཇིགས་སུ་རུང་བ་བྱས་པ་དག ། སྔར་བཤད་པས་ནི་དེ་དག་བཟློག་པར་བྱེད། ། བཟླས་བརྗོད་ཟིན་ནས་ལེགས་པར་བསྲུང་བ་དང་། དཀྱིལ་འཁོར་མང་བྱས་བསྒྲུབ་ལ་འཇུག་པར་བྱ། ། གཞན་དུ་མཆོད་པའི་ཆོ་ ག་མེད་པ་དང་། བཟླས་བརྗོད་སྦྱིན་སྲེག་ཆོ་ག་བྲལ་བའམ། ། གང་ཞིག་རྟག་ཏུ་སེམས་ནི་འདི་ལྟར་སེམས། །
BO
རིག་པ་གང་ཞིག་བདག་གིས་བཟླས་པར་བྱས། ། ཡུལ་དང་རྒྱལ་སོགས་གཏམ་ལ་ཆགས་པ་དེའི། ། ལུས་ལ་ཐོགས་པ་མེད་པར་རབ་ཏུ་འཇུག ། འདི་ལྟར་ཕན་ཚུན་དུ་ནི་འགྲོ་བ་ན། ། རིགས་པ་འདོན་པའི་སེམས་ནི་གཡེང་བར་བྱེད། ། དཔེར་ན་ཆུ་ནང་གྲིབ་མ་སྣང་བ་ལྟར། ། དེ་བཞིན་མི་ཡི་ལུས་ལ་འཇུག་པར་འགྱུར། ། འཁྲུ་ཚེ་གཞན་ལ་ཟློས་པ་ན་ཡང་གཞན། ། ཉལ་ན་གཞན་ཡིན་མེ་ཏོག་བདུག་པ་དང་། མར་མེ་འབུལ་བའི་ཚེ་ན་གཞན་ཡིན་ལ། ། སྦྱིན་སྲེག་བྱེད་ ཕན་ཡང་བགེགས་གཞན་འཇུག ། དཔེར་ན་ཉི་ཟེར་མེ་ཤེལ་བབ་པ་ཡི། ། རྐྱེན་གྱིས་མ་བསྒྲིབས་མེ་ནི་འབྱུང་བ་ལྟར། ། དེ་བཞིན་བགེགས་ཀྱང་ལུས་ལ་ཟུགས་གྱུར་ན། ། འདོད་ཆགས་མེ་ཆེན་ཀུན་དུ་སྐྱེད་པར་བྱེད། ། གཡོ་ཞིང་འགུལ་བ་ཞེས་ནི་བྱ་བའི་བགེགས། ། ཆུ་ནང་སྐྱེས་བུ་འཁྲུ་ བའི་ཚེ་ནའང་འཛིན། ། བཀྲེས་ཤིང་ལུས་ལ་སྙོམ་ཞིང་གཉིད་ཀྱང་ཚེ། ། དེ་བཞིན་ལུས་ལྕི་མཆོག་ཏུ་ཁྲོ་བར་འགྱུར། ། དེ་བཞིན་དྲི་ཟ་ཞེས་ནི་བྱ་བའི་བགེགས། ། དེ་ནི་དྲི་འབུལ་བ་ན་ལུས་ལ་འཇུག ། ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས། ། སྙོམ་ཞིང་བུད་མེད་ལ་ནི་ཆགས་པར་འགྱུར། ནག་པོ་གཟུགས་ཅན་ས་ནི་བརྟོལ་ནས་སུ། །
BO
བདུག་པ་རབ་ཏུ་འབུལ་བའི་ཚེ་ན་འཇུག། ། འཇུངས་དང་གཡོ་སྒྱུ་བྱེད་ཅིང་མི་སྲུན་ལ། ། འདོད་ཆེན་ཆེ་ལ་རབ་ཏུ་ཁུ་ཆུ་འཛག ། མར་མེ་གཙུག་ཕུད་གཅིག་པ་བགེགས་བྱེད་དེ། ། སྙིང་ག་ཚ་ཞིང་གཟེར་ཐབས་སེམས་ཉམས་བྱེད། ། འགྲེང་བའི་ཚེ་ན་ གཙུག་འཕྱང་འཇུག་འགྱུར་ཏེ། ། རིམས་དག་འཁྲུ་སྐྱུག་དྲག་པོས་འདེབས་པར་བྱེད། ། མེ་ཏོག་འབུལ་ཚེ་མེ་ཏོག་ཆེར་བཀོད་པ། ། རང་གི་གནས་སྐབས་རྙེད་ནས་ལུས་ལ་འཇུག ། རིམས་དག་ཆམ་པ་ལུས་ཚིགས་ན་བ་དང་། གྲོགས་པོ་དག་དང་རྣམ་པར་བྲལ་པར་བྱེད། ། བགེགས་ཀྱིས་ བརླམས་པ་ཕྱོགས་ན་ལས་མིན་ལམ་དུ་མཐོང་། ། སྤྱོད་པ་སྣ་ཚོགས་བྱེད་ཅིང་འདོད་ཆགས་རྣམས་ཀྱིས་གདུངས། ། བློ་བུར་སྨྲ་ཞིང་ཀློག་ལ་དོན་མེད་ཀུན་དུ་འཕྱན། ། དོན་དུ་སྒྲུབ་པ་རྣམས་ལ་སེམས་ཀྱང་ཡིད་གཉིས་བྱེད། ། སེམས་ནི་ལོག་པར་ལྟ་བས་ནོན་པས་ན། ། གསང་ སྔགས་མེད་ཅིང་མཐོ་རིས་ལྷ་ཡང་མེད། ། བསོད་ནམས་མེད་ཅིང་སྡིག་པ་ཅུང་ཟད་མེད། ། ཐར་པ་མེད་ཅིང་འཆིང་པའི་རྒྱུ་ཡང་མེད། ། སྐྱེ་བོ་དོན་མེད་ཉོན་མོངས་དཀའ་ཐུབ་ཆེས། ། སྣ་ཚོགས་འཁྱལ་བའི་ཚིག་འདི་རྟག་ཏུ་སྨྲ། ། སེན་མོས་རྩ་གཅོད་བོང་རྔོ་འཇིག་པ་དང་།
BO
མཚན་ མོ་སོ་ཡང་ཀྲིག་ཀྲིག་འཆའ་བ་དང་། བུ་མོ་བདག་འདོད་ཁྱོ་ནི་མི་རྙེད་ཅིང་། སྐྱེས་པ་བདག་འདོད་ཆུང་མ་གཞར་མི་རྙེད། ། དགོས་པའི་དོན་ནི་མི་འགྲུབ་མི་དགོས་འགྲུབ། ། གར་ཡང་འགྲོ་འདོད་གཉིད་མེད་མི་ཡང་བརླམས། ། དེ་བཞིན་སྟག་གཟིག་སེང་གེ་ཁྱི་དང་ཕག ། བོང་བུ་ རྔ་མོ་བྱི་ལ་ཤ་ཟ་ཝ། ། བྱ་རྒོད་འུག་པ་སྐྱ་མོ་མིའུ་ཐུང་ཧྲུལ། ། གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ། ། ཁྲོན་སྐམས་ཐོད་པ་རུས་གོང་ཕུང་པོ་དང་། ལྕགས་དང་རྡོ་ཁུང་མི་གཙང་ཁང་རུལ་དང་། ཁ་བཞིན་གྱུར་ཅིང་རལ་གྲི་མདུང་ཐོགས་པ། ། རྨི་ལམ་འདི་རྣམས་རྨིས་པའི་མི་ཡང་ བརླམས། ། བགེགས་དང་ལོག་འདྲེན་རྣམ་པར་གཞིག་བའི་ཕྱིར། ། བདུད་རྩི་ཐབ་སྦྱོར་དྲག་ཤུལ་ཐབས་ལས་སྦྱར། ། སྔགས་པ་དེ་ཡི་གསང་སྔགས་མ་ཞུགས་པ། ། བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོངས་མི་ཚུགས། ། ཕྱུགས་ལྷས་ཤིག་གཅིག་ལྷ་ཡི་ཁང་པའམ། ། ལམ་གྱི་ བཞི་མདོ་ཁང་སྟོང་ནགས་ཚལ་དུ། ། དཀྱིལ་འཁོར་གྲྭ་བཞི་ལྷམ་ཁྲུ་བཞིའི་ཚད། ། ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི། ། ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་བཟུང་། ། སྒོ་བཞི་པ་ལ་ཀུ་ཤའི་རྩྭ་ཡང་བཀྲམ། བཟའ་དང་ཤ་ཅག་ལ་ཕུག་ལ་སོགས་བཅས། །
BO
འབྲས་ཆན་ འབྲས་བུ་མང་པོའི་གཏོར་མ་སྦྱིན། ། བུམ་པ་དྨ་དམར་པོའི་མདོག་འདྲ་བ། ། ནག་པོ་ར་རི་མེད་ཅིང་རིན་ཆེན་བཅས། ། སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་བཞི། ། ལྡུམ་བུས་ཁ་བརྒྱན་རས་ཀྱིས་མགུལ་བ་དཀྲི། ། ལུས་དམར་པོ་དང་ཀཱི་ལི་ཀཱི་ལ་དང་། ། འགྲོ་ལྡིང་བ་ལ་སོགས་པས་བརྒྱ་ བཟླས་ཏེ། ། དཀྱིལ་འཁོར་འཁོར་ཡུག་ཏུ་ནི་གཞག་པར་བྱ། ། དེ་ནས་བྱུག་སྤོས་བདུག་སྤོས་ལ་སོགས་དབུལ། ། བགེགས་ཀྱིས་བརླམས་བ་ཤར་ཕྱོགས་ཁ་བསྟན་ཏེ། ། དཀྱིལ་འཁོར་གྱི་དབུས་བདེ་སྟན་ལ་བཞག ། བཟླས་བརྗོད་བྱེད་ཅིང་བུམ་པ་རེ་རེས་ བཀྲུ། ། འོན་ཏང་ལོག་འདྲེན་རྣམས་ལས་ཐར་བར་འགྱུར། ། སྒྲུབ་པ་པོ་ཡི་མི་ནི་འབའ་ཞིག་ལ། ། བགེགས་རྣམས་གཞིག་ཕྱིར་ཕན་པར་མ་ཟད་ཀྱི། ། རྒྱལ་པོའི་འཁོར་དང་བུད་མེད་བུ་མེད་དང་། བུ་མོ་དག་དང་རོལ་མོ་མཁན་རྣམས་དང་། བུད་མེད་ཕལ་དག་ཚོང་པ་རྣམས་ཀྱང་རུང་། ཞིང་པ་རྣམས་དང་དབུལ་ཞིང་ཕོངས་པ་དང་། གདོན་གྱིས་ཟིན་ཅིང་རིམས་ཀྱིས་བཏབ་པ་དང་། བུས་པའི་གདོན་དང་མེ་ཏོག་འབྲས་བུ་འཕྲོག ། རྨི་ལམ་སྨྱོ་དང་སེམས་ནི་གཡེངས་པ་དང་། དུག་ཀྱང་སེལ་ཏེ་ཁྲུས་འདིས་དག་པར་བྱེད། །
BO
འཕགས་པ་དབུང་བཟང་གིས་ ཞུས་པའི་ལེའུ་བཞི་བའོ། ། ། ། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་པར་བྱེད། ། དེ་བས་མི་ཡིས་གསང་སྔགས་འགྲུབ་མི་འགྱུར། ། ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར། ། དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གསལ། ། དཔེར་ན་ས་ཆུ་དུས་དང་རྣམ་ བྲལ་བའི། ། སྣོད་གནས་འབྲས་བུ་མེ་ཏོག་མྱུ་གུ་མེད། ། དེ་དང་མ་བྲལ་མྱུ་གུ་ལོ་མ་དང་། སྡོང་བུ་དག་དང་མེ་ཏོག་འབྲས་བུ་སྐྱེ། ། ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། ། གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡིས། ། གསང་སྔགས་ དངོས་གྲུབ་རྒྱ་ཚན་མི་སྟེར་རོ། ། དཔེར་ན་དབྱར་གྱི་དུས་ན་ཆར་སྤྲིན་དག ། སྐྱེ་བོའི་སྐལ་བཞིན་ཆར་པ་ལེགས་པར་འབེབས། ། དེ་བཞིན་མི་ཡི་སྐལ་བ་གཟིགས་ནས་ནི། ། འདོད་པ་བཞིན་དུ་གསང་སྔགས་དངོས་གྲུབ་སྩོལ། ། ཡུལ་དང་དུས་དང་ཆོ་ག་ལས་རྣམས་དང་། ། སྡིག་པ་སྦྱང་ཞིང་ བསོད་ནམས་བསག་པ་དང་། གུས་དང་བཟླས་བརྗོད་ཀུན་ལ་གཟིགས་ནས་ནི། ། དེ་དག་གསང་སྔགས་འབྲས་བུ་རྣམ་པར་སྩོལ། ། ཇི་ཙམ་སྡིག་པ་མང་པོས་རབ་གང་ཞིང་། ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་། ཇི་སྲིད་ཆོ་ག་མེད་པར་བཟླས་བྱས་པ། །
BO
དེ་སྲིད་ སྔགས་པས་དངོས་གྲུབ་མི་ཐོབ་པོ། ། ཆོ་ག་ཉམས་སམ་བར་བཅད་སྔགས་གཞན་བཟླས། ། བཟླས་པ་བཏང་ངམ་གཞན་ལ་བྱིན་གྱུར་ན། ། དུས་གསུམ་མཆོད་པ་ལ་ནི་བརྩོན་བྱས་ནས། ། སླར་ཡང་འབུམ་ཟླས་བསྒྲུབ་ལ་འཇུག་པར་བྱ། ། སྟོང་ཕྲག་བཅུའམ་བརྒྱད་དམ་བདུན་ནམ་ བཞི། ། བཟླས་མཐར་དེ་ལ་མར་གྱིས་སྦྱིན་སྲེག་བྱ། ། ཡང་ནམ་གྲུགས་ནས་སམ་ཏིལ་ནག་གམ། ། ཡུངས་ཀར་མར་དང་བཅས་པའི་སྦྱིན་སྲེག་བྱ། ། འཛམ་བུ་མ་དུ་བླག་ཤ་པ་ལ་ཤ ། ཨུ་དུམ་སེང་ལྡེང་ཨ་ཤྭད་ཨ་པ་མར། ། ཨརྒ་ཨ་ཤོ་ཀ་དང་ར་རྫ་ཀ། ། ནྱ་གྲོ་བིལ་བ་ཨ་མྲ་ཤ་མི་ཡི། ཡམ་ཤིང་གཞོན་ནུ་སོར་ནི་བཅུ་གཉིས་པ། ། བཙལ་ནས་ཞོ་མར་སྦྲང་རྩི་ལ་བཏགས་ནས། ། རྟག་ཏུ་མེ་ལ་སྦྱིན་སྲེག་བྱ་བར་བྱ། ། དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་ཐོབ། ། གཞན་གྱི་གསང་སྔགས་ཀྱིས་ནི་གསང་སྔགས་གང་། བཅད་དམ་བཅིངས་མ་མནན་པར་གྱུར་ཀྱང་རུང་། ། དེ་ ཡི་གཟུགས་བརྙན་ས་ལ་བྱས་ནས་སུ། ། ང་ཡི་ཞབས་དྲུང་མངོན་དུ་ཕྱོགས་བཞག་སྟེ། ། སྔགས་པས་ཀཱི་ལི་ཀཱི་སོགས་སྙིང་པོ་རྣམས། ། མར་དང་འོ་མས་དེ་ཡི་གཟུགས་བརྙན་བཀྲུ། ། དེ་ལྟར་ཞག་བདུན་བྱས་པས་གསང་སྔགས་དག ། བཅིངས་པ་དང་ནི་མནན་ལས་གྲོལ་བར་འགྱུར། །
BO
མཆོད་པ་ལ་སོགས་ཆོ་གར་ལྡན་ཡང་ནི། ཅི་སྟེ་གསང་སྔགས་འབྲས་བུ་མི་སྟེར་ན། ། དའི་གཟུགས་དུག་དང་སྐེ་ཚེས་བྱུགས་ནས་སུ། ། ཀཱི་ལི་ཀཱི་ལ་འགྲོ་ལྡིང་ལ་སོགས་པས། ། སྔགས་ཀྱིས་དེ་ལ་ཡུངས་མར་ཚ་སྦྱར་བས། ། ཞག་བདུན་དས་གསུམ་སྦྱིན་སྲེག་ལས་བྱས་ན། ། གསང་ སྔགས་འོངས་ནས་རྨི་ལམ་དག་ཏུ་ནི། ། ཆོ་ག་ཉམས་དང་ཡི་གེ་ལྷག་ཆད་སྟོན། ། སྔོན་གྱི་སྔགས་ལུགས་འཆང་བས་བསྟན་མོད་ཀྱི། ། ཇི་ལྟར་རྒྱ་མཚོ་དུས་ལས་མི་འདའ་བཞིན། ། སྔགས་ཀྱིས་གཞན་གྱི་གསང་སྔགས་མི་བསྣན་ཅིང་། བཅིང་དང་གཅད་པ་ནམ་ཡང་མི་བྱའོ། ། དཔེར་ན་བྱམས་པའི་མི་ཡིས་མི་གཞན་ལ། ། ཆེ་གེ་མོ་ཡི་ཁྱིམ་འདིར་ཕྱིན་ཅད་ཁྱོད། ། བལྟ་བའི་ཕྱིར་ཡང་འགྲོ་བར་མི་བྱ་ཞེས། ། རིགས་པའི་ཚིག་གིས་རྣམས་པར་བསྟན་པ་དང་། དེས་ཀྱང་དེ་ཡི་ཚིག་དེ་མཉན་ནས་སུ། ། ཁྱིམ་དུ་སྨྲ་དང་བལྟ་ཕྱིར་མི་འགྲོ་བ། ། དེ་བཞིན་སྔགས་པས་ གང་ཡང་རུང་བའི་སྔགས། ། བཟླས་ནས་གཞན་གྱི་གསག་སྔགས་བསྣན་མི་བྱ། ། གསང་སྔགས་གཅད་དང་བཅིང་བ་མི་བྱ་ཞིང་། ། ཡི་གེ་ལྷག་ཆད་གསང་སྔགས་མི་སྦྱིན་ནོ། ། ལས་རྣམས་སྤྱད་པ་གཞན་དུ་བསྒྱུར་མི་བྱ། ། གནས་རྣམས་གཟིར་བར་ནམ་ ཡང་མི་བྱའོ། །
BO
དབབ་དང་བཅས་དང་བརྡེག་དང་རྨོངས་བྱ་དང་། ། ཡན་ལག་མི་གཞིག་རིགས་ཀྱང་མི་བརླག་ཅིང་། ། སྔགས་པས་ཀླུ་དང་གདོན་ལ་སོགས་པ་རྣམས། ། གཞན་དུ་བསྐྲད་པར་ནམ་ཡང་མི་བྱའོ། ། དགར་དང་བསྐྲད་པ་དང་ནི་གསང་པ་དང་། ། བྱིས་པ་གདོན་ ཟིན་ནམ་ཡང་མི་གསོ་ཞིང་། ། རྒྱ་མོ་ས་མདའ་རྙི་དང་འདོལ་བུ་ཡིས། ། སེམས་ཅན་གནོད་པ་ནམ་ཡང་མི་བྱའོ། ། དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། ། སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས། ། བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི། ། ཡན་ལག་རྫོགས་ པའི་ལྷ་དང་སེམས་སྟོབས་སོ། ། གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཤེས་ཟེར། ། གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། ། གཞན་ནི་རྫས་དང་ལྷ་དག་སྔགས་ཡིན་ཟེར། ། ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་སྨྲ། ། འགྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱད་དང་ལྔ། ། དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས། ། སྔགས་རིག་རང་རང་བློ་ཡིས་རྣམ་པར་འཆད། ། སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ། སྒྲུབ་པོ་གང་ཞིག་རང་གི་ཡོན་ཏན་རྫོགས། ། བརྩོན་འགྲུབས་མཆོག་དང་ཡང་དག་ལྡན་པ་དང་། ། གཞན་གྱི་རྙེད་པ་དག་ལ་ཕྲག་དོག་མེད། །
BO
འདོད་ལ་མ་ཆགས་ལུས་ཀྱི་ཉོན་མོགས་བཟོད། ། གུག་སྐྱེད་ཀླད་ཀོར་ཚེག་ཙང་ཟུར་ཕྱིན་ལ། ། གསང་སྔགས་དང་ཅིང་ཤིན་ཏུ་ཆོ་གར་བཅས། ། སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡི། ། གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ། ། ཅི་ལྟར་{རི་དགས་,རི་དྭགས་}རྒྱལ་པོ་བཀྲེས་པ་ དག། ། མཐུ་སྟོབས་ཆེན་པོས་གླང་ཆེན་གསོད་པ་དང་། ། དེ་བཞིན་སྦྱང་ཀི་ཕག་དང་{རི་དགས་,རི་དྭགས་}དང་། ཝ་རྣམས་ཀྱང་ནི་མྱུར་དུ་གསོད་པ་ལྟར། ། དེ་བཞིན་སྔགས་བ་སེང་གེའི་ཚུལ་གྱིས་སུ། ། རབ་དང་འབྲིང་དང་ཐ་མའི་ལས་རྣམས་ལ། ། བརྩོན་འགྲུས་ཆེན་པོ་དང་ནི་ལྡན་པ་དང་། ། འབད་ པ་མཆོག་རྣམས་ཀྱིས་ཀྱང་བསྟེན་པར་བྱ། ། རྫ་རྔའི་སྒྲ་དང་དུང་དང་རྔ་སྒྲ་དང་། ཤིན་ཏུ་འཇིགས་བྱེད་སྐྱེ་པོའི་སྒྲ་དག་དང་། གད་རྒྱངས་བཤུགས་གླུ་དག་དང་གླུ་གར་དང་། གླིང་བུ་པི་ཝང་རྫ་རྔ་ཆེན་པོའི་སྒྲ། ། བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང་། བུད་མེད་རྒྱན་གྱི་སིལ་ འཁྲོལ་སྒྲ་རྣམས་དང་། ཤ་སྦྲང་ཚ་གྲང་རླུང་གི་གནོད་པ་ཡིས། ། མི་ཡི་སེམས་ནི་གཡེང་ཞིང་གཡོ་བར་བྱེད། ། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། སྒྲ་ཆེར་མི་དབྱུང་ཧ་ཅང་ཆུང་བའང་མིན། །
BO
སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན། ། གུག་སྐྱེད་ཀླད་ཀོར་ ཚེག་རྣམས་ཉམས་པར་མིན། ། ཅི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི། ། རྒྱུན་མི་འཆད་པར་འབབ་པར་འགྱུར་པ་ལྟར། ། དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས། ། བསོད་ནམས་ལུས་ཅན་ལ་ནི་འཕེལ་བར་འགྱུར། ། ལེ་ལོ་འདོད་ཆགས་མི་དགར་ལྡན་པའི་ སེམས། ། གང་དག་གང་དུ་གཡོ་ཞིང་རྒྱུ་བ་དག ། དེ་དང་དེ་ནས་མྱུར་དུ་བཟློག་ནས་ནི། ། གསང་སྔགས་ཡི་གེ་མཆོག་ལ་ལེགས་པར་སྦྱར། ། སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང་། ། ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། ། དེ་ཚེ་དམིགས་ལ་གནས་པ་ཐོབ་པ་སྟེ། ། སེམས་ ནི་ལས་སུ་རུང་བར་འགྱུར་བར་ངེས། ། རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། ། ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེད། ། དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་འཐོབ། ། ལུས་སྦངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། ། ལས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས། ། དེ་ཚེ་བཟླས་བརྗོད་ཐོགས་པ་མེད་པར་འགྱུར། ། ཚེ་རབས་གཞན་དུ་གང་དང་གང་བྱས་པའི། ། སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱང་། ། བཟླས་པས་སྡིག་པ་མ་ལུས་བྱང་གྱུར་ནས། །
BO
དང་པའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། ། དེ་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ་ ཡིས། ། ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས་གསུངས། ། སེམས་ནི་དང་བས་ལྷ་མིའི་བདེ་བ་དང་། མཐོ་རིས་དག་ནི་བྱང་གྲོལ་ཐོབ་པར་འགྱུར། ། སེམས་ཀྱི་སྐྱོན་གྱིས་དུད་འགྲོར་སྐྱེ་བ་དང་། སེམས་དམྱལ་གནས་སིར་མི་སྡུག་དབུལ་པོར་འགྱུར། ། སེམས་ནི་རབ་ཏུ་དང་པར་གྱུར་བའི་ མིས། ། ས་ཆུ་མེ་རླུང་སྐྱེ་རྒ་ན་འཆི་སོགས། ། བར་དང་ཐ་མ་གནོད་བ་ཀུན་བྲལ་བ། ། རྣམ་གྲོལ་བདེ་ཞིང་ཞི་འཐོབ་བར་འགྱུར། ། གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། ། བདེ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་འབྲེལ། ། ཉོན་མོངས་དུག་བཅས་རྣམ་པར་ འཇིག་འགྱུར་བ། ། དང་བའི་སེམས་ཀྱིས་ཐོབ་པར་འགྱུར་བ་ཡིན། ། འདོད་རྒྱལ་ལས་ལས་མ་བྱུང་དུས་ལས་མིན། ། རང་བཞིན་དབང་ཕྱུག་ལས་ཀྱང་བྱུང་བ་མིན། ། རྒྱུ་མེད་ཅན་མིན་སྐྱེས་བུས་མ་བྱས་ཀྱང་། ། ལས་དང་ཉོན་མོངས་པ་ལས་སེམས་ཅན་བྱུང་། ། གཟུགས་ནི་འབྱུང་བ་ ཆེན་པོ་བཞི་དང་ལྡན། ། དེ་ནིས་བདག་མིན་བདག་ཀྱང་གཟུགས་མ་ཡིན། ། གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། ། གཟུགས་ནི་སྟོང་པའོ་ཕུང་བཞིའང་རིག་པར་གྱིས། །
BO
གཟུགས་ནི་དབུ་བ་དག་དང་འདྲ་བ་སྟེ། ། ཚོར་བ་ཆུ་བུར་བཞིན་དུ་རྟག་པ་མེད། ། དེ་ལྟར་མཐོང་པ་ ལྟ་བ་བཟང་པོ་ཡིན། ། གང་ཞིག་གཞན་གུར་དེ་ནི་ལྟ་ངན་གསུངས། ། དེ་ལྟར་ཟློས་པའི་གསང་སྔགས་ཉེ་གྱུར་ན། ། མཚན་མོ་ཉལ་ནི་རྨི་ལམ་འདི་དག་མཐོང་། ། ཁང་{བཟངས་,བཟང་}ལྗོན་ཤིང་རྒྱལ་མཚན་སེང་གེ་རྟ། ། རི་བོ་ཤིང་རྟ་སྒྲ་ལྡན་སྤྲིན་དང་ཀླུ། ། སྟག་དང་སེང་གེ་གླང་ཆེན་ཁྱུ་མཆོག་ ལ། ། རྨི་ལམ་ན་ནི་དགའ་བས་ཞོན་པ་དང་། མེ་ཏོག་ཕྲེང་བ་གོས་དང་དྲི་རྣམས་དང་། ཤ་ཆང་ཉ་དག་འབྲས་བུ་གླེགས་བམ་དང་། ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང་། ། ཤིང་རྟ་གང་བའམ་བ་བཞོན་བེའུ་ཕྲུག་ཅན། ། གདུགས་དཀར་རྔ་ཡབ་ལྷམ་དང་རལ་གྲི་དང་། ། བསིལ་ཡལ་གསེར་གཡུ་ཅན་དང་ཕྲེང་བ་དང་། ནོར་བུ་མུ་ཏིག་ཉ་ཕྱིས་དུང་དང་དངུལ། ། བུད་མེད་གཟུགས་བཟང་ཡིད་འོང་ཕུ་མོ་དང་། ། རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན། ། མལ་སྟན་དཀར་པོ་བཏིང་བརྙེད་པ་དང་། ། ཐོ་རངས་ཁར་ནི་ཆུ་པོ་ཆུ་ཀླུང་དང་། ། འབབ་ ཆུའམ་རྒྱ་མཚོ་དང་ནི་རྫིང་བུ་དང་། ལུ་མ་ལ་ནི་འཐུང་ངམ་རྒྱལ་རྨི་དང་། དེ་བཞིན་ཁྲག་གིས་ལུས་ནི་ཁྲུས་བྱེད་དང་།
BO
ལྷ་ཁང་མཆོད་རྟེན་གདུགས་དང་རྒྱལ་པའི་གཟུགས། ། བྱང་ཆུབ་སེམས་དཔའ་མཆོག་དང་རང་སངས་རྒྱས། ། ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མ། ། དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་། མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་། མི་དང་མི་མཆོག་ཕྱུག་ཅིང་འབྱོར་པའི་བུ། ། ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང་། གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང་། ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་། ། ས་ཡི་ནང་འགྲོ་ས་བོན་འཐུང་བ་དང་། མེ་ལ་རྫི་ཞིང་ཤ་ནི་ཟ་བ་དང་། ལུས་ཀྱི་ནང་དུ་མེ་ནི་ཞུགས་པ་མཐོང་། ། རྨི་ལམ་བཟང་པོ་འདི་དག་མཐོང་བ་དང་། དེ་དག་རིང་པོར་མི་ཐོགས་འགྲུབ་པར་འགྱུར། ། ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་། ། སྐད་ཅིག་གིས་ཀྱང་ཕྱིར་ ཕྱིར་ཉེ་བར་འགྱུར། ། འཕགས་པ་དབུང་བཟང་གིས་ཞུས་པའི་ལེའུ་ལྔ་པའོ། ། ། ། དངོས་གྲུབ་ཉེན་ཟློས་ལ་དགའ་བ་དང་། ། སེམས་ནི་སྡིག་ལ་ནམ་ཡང་དགའ་མི་འགྱུར། ། བཀྲེས་སྐོམ་ཚ་གྲང་རླུང་དང་ངལ་བ་ཡི། ། སྡུག་བསྔལ་དྲག་པོས་གདུངས་ཀྱང་གཡོ་ མི་འགྱུར། ། སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག་སྦུར་དང་། སྡིག་སྦྲུལ་རྐང་བརྒྱ་བ་དང་སྤྲུལ་དང་དྲེད། ། ཤ་ཟ་སྲུལ་པོ་རྣམས་ཀྱང་དེ་དག་གི། །
BO
ལུས་དང་གྲིབ་མ་ལ་ཡང་མི་འགོང་ངོ་། ། ཚིག་ནི་གཟུང་བར་འོས་ཤིང་ཡིད་གཞུངས་ལ། ། སྙན་དངགས་དག་ནི་དྲི་བ་རྣམས་ལ་མཁས། ། ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང་། ལུས་ཀྱི་ན་དང་དྲི་མ་མེད་པར་འགྱུར། ། སྐྱེས་བུས་མཐོང་ངམ་ཐོས་པར་གྱུར་ཀྱང་རུང་། ། མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར། ། བུད་མེད་འདོད་ལྷའི་མདས་ཕོག་པ་རྣམས་ཀྱིས། ། འདོད་ལ་ལོངས་སྤྱོད་ཕྱིར་ནི་འབོད་བར་ འགྱུར། ། གང་ཚེ་མཁས་པས་ལྷ་དང་གནོད་སྦྱིན་དང་། ། དྲི་ཟ་ལྷ་ཡི་བུ་མོའི་གཟུགས་དང་སྒྲ། ། མིས་ནི་དགའ་བའི་ཡིད་ཀྱིས་མཐོང་ཐོས་ན། ། དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། ། ལུས་ནི་དྲི་མེད་དག་པར་རིག་པ་དང་། ། གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། ། ཉིན་ཞག་གཅིག་གམ་ གཉིས་སམ་གསུམ་དུ་ནི། ། ཁ་ཟས་སྤངས་ཤིང་སྨྱུང་བར་གནས་པ་ཡིས། ། ཉི་ཞག་དེ་དག་འདས་པར་བྱས་ནས་སུ། ། རང་གི་འབྱོར་ཕྱིར་བསྒྲུབ་ལ་འཇུག་པར་བྱ། ། གསུང་དེ་དབུང་བཟང་གིས་ཐོས་སླར་གསོལ་པ། ། ཟས་ཀྱིས་མི་བདག་ཅེས་ནི་སྔར་གསུངས་ན། ། མཆོད་འོས་ ཁྱོད་ཀྱིས་ལུས་དག་བགྱི་ཕྱིར་ཡང་། ། ཅི་སླད་སྨྱུང་བ་མི་བཟད་བགྱི་བར་གསུངས། །
BO
སྲིད་པའི་མཐར་ཕྱིན་བདེ་བར་གཤེགས་པ་ཡིས། ། ཤིང་རྟའི་མིག་བསྐུ་བཟའ་བའང་ཅི་ཕྱིར་གསུངས། ། རྡོ་རྗེ་ཅན་གྱིས་དཔུང་བཟང་ཚིག་གསན་ནས། ། འབྲུག་སྒྲ་ཟབ་འདྲའི་ གསུང་གིས་བཀའ་སྩལ་བ། ། བུ་གཅིག་ལུས་དག་བྱ་ཕྱིར་སྨྱུང་བྱ་བར། ། བདེ་གཤེགས་འདི་ན་ནམ་ཡང་མི་གསུང་ཡང་། ལུས་འདི་མི་གཙང་བགས་པ་ཤ་ཁྲག་རྐང་། ཀླད་རྒྱ་རྒྱུ་མ་མཆེར་མཆིན་མཁའ་མ་ཞག ། མཁྲིས་པ་བད་ཀན་ཁུ་བ་ཕྱིས་དང་། གཅིན་སྣབས་བ་སྤུ་སྐྲ་ དང་རུས་པ་དང་། ། མིག་དང་རྣ་བ་སྣ་དང་ཁ་དང་ནི། ། བཤང་སྒོ་མཚན་དང་བུ་ག་དགུ་པོ་ཡི། ། རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ། ། འཛག་བའི་རྒྱུན་ནི་རྟག་ཏུ་འབྱུང་བ་ཡིན། ། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་། ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན། ། ཅི་བཞིན་ ལས་ཀྱི་རྗེས་འབྲང་མི་ཡི་ལུས། ། ཐམས་ཅད་ལྡན་པའི་གཟུགས་ལ་གནས་པ་ཡི། བཤང་གཅི་སྣབས་དང་མཆིལ་མ་བད་ཀན་དང་། ། འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས། ། དྲི་མ་ཟད་ནས་མི་ཡི་ལུས་དག་ན། ། རང་གི་འབྱོར་ཕྱིར་བསྒྲུབ་ལ་བདེ་བར་འཇུག ། འདོད་ཆགས་ ཀྱིས་ནི་གདུངས་པར་གྱུར་ན་ཡང་། ། ལུས་ཀྱི་ཕན་ལག་འདི་དག་ཐམས་ཅད་ལ། ། དྲན་བ་རྩེ་གཅིག་མངོན་དུ་བྱས་ནས་ནི། །
BO
ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག ། དེ་ལྟར་རག་གིས་ངེས་པར་བརྟགས་པ་ན། ། ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི། ། འདོད་ཆགས་རྩ་ནས་ ཡོང་ཡེ་ཞི་འགྱུར་ཏེ། ། ཉི་མས་མུན་ནག་གཏན་ནས་བསལ་བ་བཞིན། ། ཕན་ཡོན་དེ་ཡིས་གསང་སྔགས་ཉེ་བསྙེན་ནས། ། རང་གི་ལུས་ལ་ཉེ་བར་རིགས་པ་དང་། ཡར་གྱི་ཚེས་བརྒྱད་དམ་ནི་བཅུ་བཞི་ལ། ། ཡང་ན་བཅོ་ལྔ་ལ་ནི་བཟླས་བརྗོད་བྱ། ། ལྷ་ཡི་གནས་ཀྱིས་ངག་བསྟར་བའི་ ཕྱིར། ། ས་དང་ལྕི་བར་བསྲེས་ལ་སོགས་པས་བྱུག ། དད་པས་བདེ་གཤེགས་ཀུན་ལ་ཕྲེང་བ་དང་། ལྷ་བཤོས་མེ་ཏོག་དྲི་དང་རམ་མེས་མཆོད། ། དེ་ནས་རྡོ་རྗེ་འཛིན་པ་དང་འཁོར་མཛོད། ། དེ་ནས་གསང་སྔགས་ལྷ་ལ་དབུལ་བར་བྱ། ། བསྟོད་འོས་སངས་རྒྱས་རྣམས་ལ་བསྟོད་ནས་ སུ། ཕྱིར་ཞིང་བྱང་ཆུབ་སེམས་ཀྱང་དྲན་བྱས་ཏེ། ། སེམས་ཅན་སྐྱེ་རྒ་ན་བས་གཟིར་བ་ལ། ། ཅི་ལྟར་རིགས་པར་སྙིང་རྗེའང་བསྒོམ་པར་བྱ། ། འདུས་ཆེན་མདོ་སྡེ་བཀླག་པའམ་བཀྲ་ཤིས་ཀྱི། ། ཚིགས་སུ་བཅད་པའམ་ཆོས་ཀྱི་འཁོར་ལོ་མཆོག ། དེ་བཞིན་གཤེགས་ པའི་གསག་པའམ་སྒྲོན་མཆེ། ། ངང་ཡང་རུང་བ་གཅིག་ནི་རིམ་བཞིན་བཀླག ། དེ་ནས་བླ་འོག་ཕྱོགས་རྣམས་བཅིངས་ནས་སུ། །
BO
ལུས་ལ་གོ་ཆ་བགོ་བར་བྱས་ནས་ནི། ། གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས། ། གཅིག་ཅིག་ཚོན་རྩི་རྣམས་ཀྱིས་བྲི་བར་བྱ། ། རྡོ་རྗེ་ མེ་ཆུ་རླུང་དང་མདུང་ཐུང་དག ། རིམ་བཞིན་དཀྱིལ་འཁོར་འདིར་ནི་བྲི་བར་བྱ། ། ར་བར་བྲིས་བས་ལྷ་དང་ལྷ་མིན་དང་། སྡང་བའི་བདག་ཉིད་སེམས་ནི་མྱོས་པར་འགྱུར། ། སེང་གེའི་གདན་གྱིས་མངོན་པར་བསྔགས་པའི་སྟན། ། དེ་ནི་དཀྱིལ་འཁོར་དབུས་སུ་གཞག་པར་བྱ། ། བདག་ ཉིད་བསྲུང་བ་བྱས་ཏེ་དེར་འདུག་ནས། ། རྫས་བླངས་མྱུར་དུ་བཟླས་བརྗོད་བྱས་ནས་ནི། ། བདུག་པའི་སྦྱིན་སྲེག་སྟོང་ཡང་སྦྱིན་སྲེག་བྱ། ། དེ་ནས་དེ་ནི་དྲི་ཆུས་བཀྲུས་ནས་སུ། ། བགེགས་མང་རྣམས་ཀྱང་རབ་ཏུ་བསལ་བྱས་ནས། ། བྱང་ཆུབ་ཤིང་ལོ་གསུམ་གྱི་སྟེང་དུ་བཞག ། བཞི་ ཡིས་བཀབ་ནས་ཅི་སྲིད་གྲུབ་པ་ནི། ། རྣམ་གསུམ་མཐོང་གི་བར་དུ་གསང་སྔགས་བཟླས། ། དྲོ་དང་དུད་འཐུལ་མེ་བཞིན་འབར་བའམ། ། རིམ་བཞིན་བཟློག་ནས་འབྱུང་ནའང་འགྲུབ་པར་གསུངས། ། དྲོ་བས་འགྲོ་བ་ཐམས་ཅད་དབང་འགྱུར་ཏེ། ། དུ་བ་འཐུལ་བས་ལུས་ནི་མི་སྣང་འགྱུར། ། འབར་བས་མཁའ་ལ་ཤིན་ཏུ་འགྲོ་འགྱུར་ཏེ། ། མི་ཡི་ལུས་ནི་ལྷ་ལྟར་གསལ་བར་འགྱུར། །
BO
ཅི་ལྟར་ལུས་ལ་གྲང་བ་འཇུག་པ་དང་། ཅི་ལྟར་མངལ་དུ་དྲི་ཟ་འཇུག་པ་དང་། ཉི་ཟེར་མེ་ཤེལ་ཞུགས་ནས་མེ་འབྱུང་ལྟར། ། དེ་བཞིན་དངོས་གྲུབ་ལུས་ལ་འཇུག་པར་འགྱུར། ། མར་མེ་མཆེད་ ཅིང་ཤིན་ཏུ་འབར་བ་དག ། སྣུམ་ཞིང་དཀྱུས་རིག་གསེར་གྱི་མདོག་ལྟར་དང་། འབྲུ་མར་ཟད་ཀྱང་འབར་བར་གྱུར་ན་ནི། ། དེ་ཚེ་སྔགས་པ་དངོས་གྲུབ་ཐོབ་འགྱུར་ཏེ། ། དེ་དག་རྫས་ལས་བྱུང་བའི་དངོས་གྲུབ་བོ། ། མིས་ནི་རི་མོའི་སྐུ་གཟུགས་འགུལ་བའམ། ། ཕྲེང་བ་སྨིན་མ་མིག་དང་རྔ་ཡབ་ བམ། ། གལ་ཏེ་རྒྱན་རྣམས་གཡོ་བར་གྱུར་པའམ། ། མཁའ་ལས་མེ་ཏོག་ཆར་རམ་རྫི་ཆར་འབབ། ། ས་ནི་མྱུར་དུ་གཡོ་བར་གྱུར་པའམ། ། ལུས་ནི་མི་སྣང་མཁའ་ལས་ཚིག་ཏུ་ནི། ། བུ་གཅིག་དམ་པ་ཅི་འདོད་སློངས་ཤིག་ཅེས། ། ལྷ་ཡི་རྔ་སྒྲས་ལུས་ཀྱི་བ་སྤུ་ལྡང་། ། རྒྱན་གྱི་ཆར་ཆེན་རབ་ཏུ་འབབ་བའམ། ། ཅི་སྟེ་མཁའ་ལ་ལྷ་དག་ལྷ་མིན་དང་། ། གསང་སྔགས་གཟུགས་ནི་མངོན་དུ་མཐོང་ན་འགྲུབ། ། མ་ཉམས་མེ་ཏོག་དབྱིག་དང་ཆུར་བསྲེས་ཤིང་། ། བསྟོད་དང་བཅས་པར་མཆོད་ཡོན་རྒྱུན་སྤྲིང་ནས། ། རྩེ་གཅིག་སེམས་ཀྱིས་མགོ་བཏུང་ ཕྱག་བྱས་ཏེ། ། དད་དང་འབད་པའི་རྗེས་མཐུན་མཆོག་སླང་ངོ་། །
BO
མཆོག་ཐོབ་ནས་ནི་དགའ་བས་ཕྱག་བྱས་ཏེ། ། དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ། ། གསང་སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ། ། གསང་སྔགས་ཀུན་ལ་ཚུལ་ནི་འདི་ཡིན་ནོ། ། གང་ཞིག་སེམས་ སྟོབས་མཆོག་དང་ལྡན་པ་དེས། ། འདིར་ནི་འཇིགས་དང་བཅས་པའི་ལས་ཀྱང་བྱ། ། སེམས་སྟོབས་ཆུང་བའི་མི་ལ་ཤ་ཟ་ཡིས། ། གླགས་མཐོང་ནས་ནི་ཕུང་བར་བྱེད་པར་འགྱུར། ། དཔའ་བོས་གོ་བགོས་མཚོན་ཆའི་ཐབས་མཁས་པས། ། ཆས་པའི་གླང་ཆེན་མཆོག་ཞོན་གཞུ་ཐོགས་ ཏེ། ། མདའ་འཕེན་མཐུ་དང་ལྡན་པ་གཅིག་པུས་ཀྱང་། ། དགྲ་བོའི་ཚོགས་ཀུན་ལས་ནི་རྒྱལ་བར་ནུས། ། དེ་བཞིན་སེམས་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱི། ། གོ་བགོས་ལེགས་བསྲུངས་གླང་ཆེན་ཞོན་ནས་སུ། ། གསང་སྔགས་གཞུ་ཐོགས་བཟླས་བརྗོད་མདའ་འཕེན་པས། ། འབྱུང་པོ་ལ་སོགས་ མཚན་མོ་རྒྱུ་ལས་རྒྱལ། ། སྒུར་པོ་ཡན་ལག་ལྷག་ཆད་ཐུང་ངུ་དང་། ། དེ་བཞིན་རིང་པོ་ཡང་ན་སྦོམ་པོའམ། ། སྨད་པའི་མངལ་ནས་སྐྱེས་པ་མ་ནིང་ངམ། ། རྣམ་པ་དེ་འདྲའི་རོ་དག་སྤང་བར་བྱ། ། མ་ཞུ་བ་དང་རིམས་དྲག་ཚད་པ་དང་། འཁྲུ་སྐྱུག་བཅིངས་དང་ཆུ་དང་གསལ་ཤིང་དང་། ། སྦྲུལ་ གྱིས་གསང་དམ་དུག་གིས་ཤི་བའམ། །
BO
བདག་ན་སྦྲུལ་སོགས་མཐོང་དམིགས་བསད་བ་ལ། ། ཡན་ལག་ཚང་ཞིང་བ་བཞིན་མ་སྨད་པ། ། ལུས་ལ་རྨ་མེད་སྐྱེས་བའི་རོ་མཐོང་ན། ། རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས། ། ཉིན་པར་ཐོག་ཐག་ཏུ་ནི་བསྲུང་བར་བྱ། ། དུར་ཁྲོད་ཁང་སྟོང་དང་ནི་ཤིང་གཅིག་ དང་། ། བཞི་མདོ་འབབ་ཆུ་དག་གམ་ཆུ་ཀླུང་ངམ། ། མཚོ་འམ་རྒྱ་མཚོ་འམ་ནི་རི་བོ་ལ། ། སྐད་ཅིག་གིས་ཀྱང་རོ་ལངས་འགྲུབ་པར་འགྱུར། ། གང་ཡང་རུང་བའི་གནས་གཅིག་བརྟགས་ནས་ནི། ། ས་དང་ལྕི་བ་ལ་སོགས་བྱུག་པར་བྱ། ། གཙང་མ་དེར་ནི་དཀར་ནག་དམར་པོའམ། ། ཚོན་རྩ་སྣ་ཚོགས་རྣམས་ཀྱིས་དམ་ཚིག་བྲི། ། གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས། ། བསམས་ནས་འདོད་པ་གང་ཡང་རུང་པ་གཅིག ། དད་པ་ཆེན་པོས་རིགས་ཀྱི་ཡུམ་གྱི་མཆོག ། ཟློས་ཤིང་རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། ། འཇིགས་པ་མེད་པའི་གཡོག་གིས་ངེ་བླངས་ ནས། ། ཁྱེར་ནས་འོངས་ཏེ་ཀུ་ཤའི་སྟེང་བཞག་སྟེ། ། སྐྲ་དང་ཁ་སྤུ་རྣམས་ཀྱང་བྲེགས་ནས་སུ། ། དེ་ཡི་མོད་ལ་འབྲུ་མར་དག་གིས་བསྐུ། ། དེ་ནས་བུམ་པ་ཞབས་མི་གནག་པ་བཞི། ། གཙང་མའི་ཆུས་བཀང་ཁྲུས་རྩིས་སྦྱར་ཏེ་བཀྲུ། ། དེ་ནས་གོས་དཀར་ཕྲུགས་ཅིག་བསྐོན་ནས་སུ། །
BO
དེ་ནས་དཀྱིལ་འཁོར་དབུས་སུ་རྩྭ་སྟན་དང་། མ་ཉམས་མེ་ཏོག་སྟེང་དུ་རོ་བཞག་ཅིང་། ། རོ་ཡི་མགོ་བོ་ཤར་རམ་བྱང་དུ་བསྟན། ། དྲི་ཡིས་བྱུག་ཅིང་བདུག་པས་བདུག་པར་བྱ། ། ཕྲེང་བས་གདགས་ཤིང་མེ་ཏོག་སིལ་མས་གཏོར། ། ཤད་པ་ཉ་ཤམ་པ་བུ་ཏིལ་བསྲེས་པའི། ། ཁུར་བ་ལ་སོགས་ ཅི་སྙེད་བུངས་བསྐྱེད་དེ། ། འབྱུང་བོ་ཀླུ་དང་ཤ་ཟག་ནོད་སྦྱིན་དང་། འདྲེ་ལ་བླ་འོག་ཕྱོགས་སུ་སྦྱིན་པར་བྱ། ། གྲོགས་པོ་མཆོག་ལྡན་བདག་ཉིད་བསྲུང་བྱ་སྟེ། ། རྩེ་གཅིག་སེམས་ཀྱིས་གསང་སྔགས་བཟླས་བརྗོད་བྱ། ། རོ་ནི་ལྡང་དུ་ཉེ་བའི་ཚེ་ན་ནི། ། འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་ འབྱུང་། གཙུག་ཏོར་རྒྱལ་པོའི་སྔགས་གྱིས་ཐལ་བའམ། ། མ་གྲུགས་ཡུང་ཀར་སོགས་ལ་བསྔགས་ནས་སུ། ། གཏོར་ནས་ཕྱོགས་བཞི་དག་ནས་འོང་བའི་བགེགས། ། གསང་སྔགས་མཐུ་ཡིས་དེ་དག་འབྱོར་བར་འགྱུར། ། དེ་དག་ཞི་བར་བྱ་ཕྱིར་ཁྲོ་བོ་ནི། ། བདུད་རྩི་ཐབ་སྦྱོར་དྲག་ཤུལ་ ལས་ཅན་སྦྱར། ། བགེགས་རྣམས་བཅོམ་པས་དེ་ནས་རོ་དེ་ཡང་། གསང་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར། ། གང་ཞིག་གསང་སྔགས་ཆོ་གཞི་བ་མོ་ལས། ། མཐོང་བ་དེ་ནི་ཐོགས་མེད་ངེས་པར་འགྲུབ། །
BO
གལ་ཏེ་རོ་དེ་ལངས་པར་གྱུར་པ་ལས། ། དེ་ཡི་གསང་སྔགས་ཆོ་ག་མི་ ཤེས་ནའང་། ། གསང་སྔགས་གཞན་དུ་བསྟན་པའི་ཆོ་ག་ཡིས། ། ལངས་པ་དེ་ལ་རང་གིས་དངོས་གྲུབ་བླངས། ། གཏེར་གྱི་ཕྱོགས་དང་ཕུག་ཏུ་འགྲོ་བ་དང་། རལ་གྲི་ཨཉྫ་བཞོན་པ་མང་ག་གཞུག་དང་། འབྱུང་ཁུང་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། ། མཁའ་ལ་འགྲོ་བའི་དངོས་གྲུབ་རབ་ཏུ་སྟེ། ། བསྲུང་བའི་སྟོབས་མེད་སྔགས་ཀྱི་སྟོབས་མེད་དང་། དཀའ་ཐུབ་སྟོབས་མེད་སེམས་སྟོབས་མེད་པ་ཡི། ། བློ་ཞན་གང་ཞིག་རོ་ལངས་དངོས་གྲུབ་ཚོལ། ། དེ་ནི་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད། ། འཕགས་པ་དབུང་བཟང་གིས་ ཞུས་པའི་ལེའུ་དྲུག་པའོ། ། ། ། མི་གང་མི་ཡི་ཤ་ནི་འཚོང་འདོད་དེས། ། མར་གྱི་ངོ་ལ་དུར་ཁྲོད་སོང་ནས་སུ། ། ཤིང་རྡོ་མཚོན་དང་དུག་དང་དབྱུག་ཏོ་སྨན། ། བགེགས་ལ་སོགས་པས་ཤི་བར་གྱུར་པ་ཡི། ། བྱིན་པ་བརླ་དང་སྐེ་དང་མགོ་བོ་དག ། འཇིགས་པ་མེད་པས་མཚན་ མོ་བླངས་ནས་སུ། ། གཏུབས་ཏེ་ཀོང་བུའམ་གྱོ་དུམ་གསར་པ་དང་། གཙང་མ་དེར་ནི་མི་ཉུང་བཞག་བྱས་ལ། ། ལུས་ལ་ཁྲག་གི་ལག་རྗེས་བྲིས་ནས་སུ། ། རྒྱུ་མས་མགོ་དང་མགྲིན་པ་དཀྲི་བར་བྱ། ། ལུས་ལ་མི་སྦགས་སར་པ་བགོས་ནས་ཀྱང་། །
BO
ལག་གཡོན་ཤས་བཀང་གྱོ་མོ་ ཐོགས་ནས་སུ། ། ཁྲག་གིས་བསྐུས་པའི་རལ་གྲི་ལག་གཡས་ཀྱིས། ། རབ་ཏུ་བསྒྲིམས་ནས་དེ་ནི་ཐོགས་ནས་ཀྱང་། ། སྒྲ་ཆེར་བོད་ཅིང་ཚིག་ཏུ་ཤ་འདི་དག ། ཁྱེད་ཅག་སུ་ཞིག་ཉོ་བར་བྱེད་འདོད་ཅེས། ། ཤར་དང་ནུབ་དང་ལྷོ་དང་བྱང་ཕྱོགས་སུ། ། མྱུར་དུ་བསྐོར་ཅིང་ཤིན་ཏུ་བརྗོད་པར་ བྱ། ། ཅི་སྟེ་ལུས་ནི་སྣང་ངམ་མི་སྣང་བར། ། ཚིག་གིས་ཁྱོད་ནི་ནོར་རམ་རིག་པའམ། ། བཅུད་ཀྱིས་ལེན་པའམ་གྲོང་ངམ་རྒྱལ་སྲིད་དམ། ། ཕུག་ཏུ་འགྲོ་བའམ་ཅི་འདོད་ཅེས་ཟེར་ན། ། སྔར་ནི་གང་ཞིག་སེམས་ཀྱིས་བསམས་པའི་དོན། ། དེ་ཉིད་སྨྲ་ཡི་གཞན་ནི་སྨྲ་མི་བྱ། ། རིག་པ་མང་ པོ་བསྟེན་པའི་དུར་ཁྲོད་འདིར། ། དོན་འདིའི་ཕྱིར་ནི་སྡུག་བསྔལ་དྲག་པོ་ཡིས། ། བདག་ཀྱང་གདུངས་བཞིན་འོངས་ཀྱིས་འདི་ཉིད་ན། ། ཡོད་ན་ཤ་འདི་ཁྱེར་ལ་བདག་ལ་བྱིན། ། ཅི་སྟེ་སྲང་ལ་བཅལ་ཏེ་མ་གང་ན། ། རང་གི་ཤ་ཡིས་དེ་ནི་དགང་བར་བྱ། ། གལ་ཏེ་དུར་ཁྲོད་འདི་ནི་ སྟོང་པ་སྟེ། ། ནོར་མེད་བུ་ཁྱོད་གཞན་དུ་སོང་ཤིག་ཅེས། ། མཚན་མོ་རྒྱུ་བས་དེ་སྐད་བསྒོ་ན་ནི། ། དེ་ལ་བདག་ནི་གང་དུ་འགྲོ་ཞེས་དྲི། ། ལན་ཐོབ་དེ་ཉིད་རང་གིས་བརྟགས་ནས་སུ། །
BO
ཤ་དེ་བོར་ནས་དེ་ནས་འགྲོ་བར་བྱ། ། ཤ་ཡི་ཆོ་ག་གང་ཞིག་ངས་གསུངས་པ། ། གསང་སྔགས་མ་བཟླས་པ་ཡིས་བསྟེན་མི་བྱ། ། རིགས་མཆོག་གཙུག་ཏོར་སྟོབས་ཆེན་ལ་སོགས་པས། ། དུར་ཁྲོད་དུ་ནི་བསྲུང་བ་རངས་གསུངས་སོ། ། གསང་སྔགས་དྲག་པོ་གང་ཞིག་ཤ་ཟ་བ། ། དེ་ལ་དུར་ཁྲོད་མི་ཤའི་སྦྱིན་སྲེག་བྱ། ། རལ་གྲིས་སོར་གཉིས་སོར་གསུམ་ཙམ་ དག་ཏུ། ། གཏུབས་ནས་མེ་ལ་སྦྱིན་སྲེག་སྟོང་དུ་བྱ། ། མེ་ཏོག་མཉམས་འབྲས་ཡོས་ཤ་ཁྲག་ཉ། ། ཆང་དང་སྦྲང་རྩི་བུ་ར་མ་ཆང་དང་ཏིལ། ། བདུག་པ་ཕྲེང་བ་བྱུག་པ་མར་མེ་ཆན། ། ལྷ་བཤོས་གཏོར་མ་དུར་ཁྲོད་གཏོར་བར་བྱ། ། དབབ་དང་བསྐྲད་དང་གཉིད་ཀྱིས་མྱོས་བྱ་དང་། ། དམག་གཞོམ་གྲོང་ཁྱེར་ཕུང་བར་བྱ་བ་དང་། ། ཤ་ཟ་མ་མོ་དྲག་མོ་སྲིན་མོའི་ཚོགས། ། གནོད་སྦྱིན་རྣམས་ལ་མི་ཤའི་སྦྱིན་སྲེག་བྱ། ། མི་ཡི་ཤ་ནི་རྙེད་པར་མ་གྱུར་ན། ། བ་གླང་ཤ་ཡི་སྦྱིན་སྲེག་དེ་བཞིན་ཤིས། ། མ་ཧེའི་ཤ་འམ་ཁྱི་ཤ་མར་བསྲེས་ལ། ། ཚེས་གྲངས་དག་ལ་སྨྱུང་བྱས་སྦྱིན་ སྲེག་བྱ། ། གནོད་སྦྱིན་མོ་ཡ་ཆོ་ག་ཞིབ་མོར་ནི། ། གསང་སྔགས་མཉེས་བྱས་གྲུབ་པ་འདི་རྣམས་སྟེར། ། མ་དང་སྒྱུག་མོ་སྲུ་མོ་གྲོགས་མོ་དང་། །
BO
བུ་མོ་ཆུང་མ་མནའ་མར་གྲུབ་པར་འགྱུར། ། མ་དང་སྒྱུག་མོ་སྲུ་མོ་གང་ཡིན་དེ། ། ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག ། ཡིད་ འོང་གྲོགས་མོ་བུ་མོ་གྲུབ་པ་འབྲིང་། ། ཆུང་མ་མནའ་མ་གྲུབ་པ་ཐ་མར་བསྒྲགས། ། དུས་གསུམ་དུ་ནི་མེ་ཏོག་ཕྲེང་བ་དྲི། ། མར་རམ་འབྲུ་མར་མར་མེ་ཙནྡན་དང་། ། ཨ་ཀར་དྲི་ཞིམ་བདུག་པས་མཆོད་པ་དང་། ། གཏོར་མ་སྣ་ཚོགས་རྟག་ཏུ་མཚན་མོ་སྦྱིན། ། གནོད་སྦྱིན་མོ་ནི་དགའ་ ནས་མངོན་ཕྱོགས་ནས། ། རྙེད་པ་རྙེད་ཅིང་ས་བོན་འབྱུང་བར་བྱེད། ། འདོད་ཆགས་ཟིལ་གྱིས་ནོན་པའི་བུད་མེད་དག ། གནོད་པ་བྱེད་པ་ངེས་པར་གནས་པར་འགྱུར། ། བསམས་ན་ཕུང་བར་ཡང་ནི་འགྱུར་བ་ཉིད། ། བུད་མེད་གནོད་པ་བྱེད་ཚེ་འགྲོ་མི་བྱ། ། རྙེད་པ་མང་ཉུང་ལ་ཡང་ འདོད་མི་སྐྱེད། ། སྔགས་པས་མཚན་མོ་ཁུ་བ་དགག་བྱས་ནས། ། བརྩོན་འགྲུས་རབ་ཏུ་བསྐྱེད་དེ་བསྒྲུབ་པར་བྱ། ། སེམས་རྨོངས་གང་གིས་གཞན་དུ་བརྩམ་བྱས་ན། ། གནོད་སྦྱིན་མོས་ནི་མྱུར་དུ་ཕུང་བར་བྱེད། ། ཤ་ཟའི་གནོད་སྦྱིན་མ་ལའང་དེ་ཉིད་དེ། ། དེ་ལས་ ཆོ་ག་ལྷག་པ་འདི་རྣམས་བྱ། ། ཤ་ཆང་ལ་ཕུག་ཚོད་མ་ཅུང་པེང་དང་། ། ནས་ཆ་ནམ་ཤ་ཆན་དང་འབྲས་ཆན་ཉ། །
BO
གཏོར་མ་དེ་དག་ཀུན་དུ་བདུག་པ་དབུལ། ། གནས་ནི་ཁ་སྟོང་དག་གམ་དུར་ཁྲོད་ཤིས། ། མེ་ཏོག་ཤིར་ཤ་ཀུན་དུར་ཨརྐ་དང་། ། བིལ་བ་འབྲི་ཧ་ཀུ་ཤ་ར་རྫ་ཀ ། ཨ་ གས་ཨུཏྤལ་ཨ་ཏ་རུ་ཤ་ཀ ། སེའུ་ཅན་མྱ་ངན་ཚང་སོགས་མེ་ཏོག་དབུལ། ། ཀླུ་ལ་བུ་ར་མ་འོ་མ་མར་སྦྱར་བའི། ། བདུག་པ་དྲི་ཞིམ་ཨ་ཀར་ཙནྡན་དྲི། ། ཕྲེང་བ་མེ་ཏོག་དྲི་ཞིམ་སྣ་ཚོགས་དང་། ། འབྲས་ཆན་ཞོ་དང་འབྲས་ཡོས་འབྲས་བུ་དབུལ། ། བ་དན་སྔོན་པོ་བུམ་པ་སྔོན་པོ་ དང་། ། གོས་ཀྱང་སྔོན་པོ་ལྷ་བཤོས་གཏོར་མ་དྲི། ། ཕྲེང་བ་མེ་ཏོག་བྱུག་པ་སྔོན་པོ་དག ། ཅི་སྙེད་བྲང་གིས་འགྲོ་བ་རྣམས་ལ་དབུལ། ། མཐེ་བོང་མེ་ལོང་རལ་གྲི་ཆུ་དང་ཤེལ། ། མར་མེ་ས་གཞི་ལྕགས་དང་ནམ་མཁའ་དང་། ། ལྷུང་བཟེད་ནོར་བུ་དག་དང་མེ་འབར་བ། ། འདི་ལ་ གསལ་བར་སྟོན་པ་རྟག་ཏུ་འབྱུང་། ། འདས་པ་དང་ནི་མ་འོངས་ད་ལྟར་བྱུང་། ། མཐོ་རིས་ས་སྟེང་དུས་དང་མི་ལྡན་ཡང་། ། ལྷ་དང་ལྷ་མིན་དགེ་དང་མི་དགེ་བའི། ། ལས་རྣམས་ཐམས་ཅད་གསལ་བར་སྟོན་པར་རྟོགས། ། ཆོ་ག་ཉམས་པའམ་ཡང་ན་ཕྱེད་བཟླས་པའམ། ། ཡི་གེ་ ཆད་དམ་ཡི་གེ་ལྷག་པའམ། ། བཟླས་བརྗོད་མ་བྱས་དད་པ་མེད་པ་དང་། ། མཆོད་པ་མེད་ཅིང་ས་གཞི་མི་གཙང་དང་། །
BO
སྤྲིན་གྱི་ཚོགས་ཀྱིས་ཉི་ཟེར་བསྒྲིབས་པ་དང་། ། བྱིས་པ་ཡན་ལག་ཉམས་ཤིང་ལྷག་པ་དང་། ། དེ་ལྟ་བུ་ལ་མི་ཡི་གསལ་སྟོན་པ། ། འབབ་པར་མི་འགྱུར་དགོས་ པ་ཡོང་མི་སྟོན། ། གསལ་སྟོན་དབབ་ཕྱིར་སྔོན་དུ་ཆོ་ག་བཞིན། ། བཟླས་ཤིང་ཚེས་གྲངས་བཟང་ལ་སྔགས་པ་ཡང་། ། སྨྱུང་བྱས་དགོངས་ཀར་ས་དང་ལྕི་བ་ཡིས། ། བ་ཀོ་ཙམ་གྱིས་ས་གཞི་ལེགས་པར་བྱུག ། བྱུག་སྤོས་དང་ནི་མེ་ཏོག་བདུག་སྤོས་དང་། ། ལྷ་བཤོས་མར་མེ་དག་ ཀྱང་ཕུལ་ནས་སུ། ། བྱིས་པ་གཞོན་ནུ་སྟ་གོན་གནས་པར་བྱ། ། དེ་ནས་ནང་པར་ཆོ་ག་འདི་ཀུན་བྱ། ། ཁྲུས་བྱས་ལུས་ལ་གོས་དཀར་གཙང་བགོས་ཏེ། ། ཤར་ཕྱོགས་ཁ་བལྟས་ཀུ་ཤའི་སྟན་སྟེང་དུ། ། འདུག་ནས་གསང་སྔགས་རྗེས་སུ་དྲན་པར་བྱ། ། མེ་ལོང་ཐལ་བ་གཙང་ མས་ལན་བདུན་ནམ། ། བརྒྱད་དམ་ཡང་ན་བཅུར་ནི་ཕྱིས་ནས་སུ། ། རྩེ་གཅིག་སེམས་ཀྱིས་གསང་སྔགས་ཟློས་བཞིན་དུ། ། བུས་པ་གཞོན་ནུ་ནུབ་ཏུ་ཁ་བསྟན་ནས། ། ལྷ་ཡི་མིག་གིས་བལྟས་ན་འདས་པ་དང་། ། ད་ལྟར་དང་ནི་མ་འོངས་མཐོང་བར་འགྱུར། ། མེ་ལོང་ཞེས་བྱའི་ཆོ་ ག་མཐའ་དག་ནི། ། རལ་གྲི་གསལ་བར་སྟོན་ལ་སྦྱར་བར་བྱ། ། མཐེ་བོ་རྒྱ་སྐྱེགས་ཁུ་བས་བསྐུས་ནས་སུ། །
BO
འབྲུ་མར་དྲི་ཞིམ་དག་གིས་བསྐུ་བར་བྱ། ། བུམ་པ་གཙང་མ་ཆུས་བཀང་མི་གཡོར་བཞག ། ས་བཅགས་ལྷུང་བཟེད་ནོར་བུ་ཆུ་ཡིས་དགང་། ། སྐུ་གཟུགས་ལ་ནི་བྱུག་ སྤོས་མེ་ཏོག་དབུལ། ། དེ་ནས་བུ་ས་པ་གཞོན་ནུས་བལྟ་བར་བྱ། ། གསལ་བར་སྟོན་དང་རྨི་ལམ་ལ་སོགས་པས། ། དངོས་གྲུབ་བརྟགས་ཏེ་དེ་ནས་བཟླས་བརྗོད་བྱ། ། གལ་ཏེ་ཡིད་ཆེས་པར་ནི་མ་གྱུར་ན། ། དེ་ནས་རིག་སྔགས་མི་གདུག་བཟླས་བརྗོད་བྱ། ། ང་ཡི་གསང་སྔགས་དག་པ་གང་ ཡང་རུང་། ། གསོ་སྦྱོང་བྱས་ནས་ནན་ཏན་བཟུང་ནས་སུ། ། རྒྱལ་བའི་རིང་བསྲེལ་མཆོད་རྟེན་དྲུང་དུ་བཟླས། ། ཡང་ན་སྐུ་གཟུགས་མཉམས་སྤྱན་སྔར་བཟླས། ། ལུས་དང་ངག་ཡིད་ལག་པ་མིག་དང་ནི། ། སྨིན་མཚམས་ཡན་ལག་རྣམ་པར་གཡོ་བ་དག ། རབ་ཏུ་བསྡམས་ནས་དེ་ལ་ ཡིད་གཞོལ་ཞིང་། ། བྱམས་ལ་གནས་ཤིང་ཀུ་ཤའི་ཁྲེས་ལ་འདུག ། ཇི་སྲིད་དུ་ནི་རྩེ་གཅིག་གནས་འགྱུར་པ། ། དེ་སྲིད་བར་དུ་འབུམ་མམ་ཉིས་འབུམ་བཟླས། ། ང་ཡི་གསང་སྔགས་ཧུྃ་ཞེས་བྱ་བ་འདིས། ། ཤིང་ལའང་འབབ་ན་མི་ལ་སྨོས་ཅི་དགོས། ། དེ་ནས་དབབ་པའི་སྣོད་རྣམས་བརྟག་ པར་བྱ། ། བུ་མོ་གཞོན་ནུ་ལོ་བཅུ་འམ་བཅུ་གཉིས་པ། ། བཅུ་འམ་བརྒྱད་དམ་བདུན་ནམ་བཞི་འམ་གསུམ། །
BO
ཡང་ན་ཁྱེའུའང་རུང་སྟེ་གཉིས་སམ་ལྔ། ། ཚིགས་རུས་རྩ་མི་མངོན་ཞིང་གཟུགས་བཟང་བ། ། ཡན་ལག་རྫོགས་ཤིང་མིག་ད་ཀྱུས་རིང་ལ་དཀར། ། ཁ་བཞིན་ཟླ་འདྲ་མཆེ་བ་མཉམ་ ལ་རྣོ། ། སོར་མོ་ཐགས་བཟང་མཛེས་ལ་ལོང་བུ་ནུབ། ། ལྟེ་བ་ཟབ་ཅིང་མཛེས་ལ་ནུ་མཇིང་ལེགས། ། བ་སྤུ་རེ་རེ་སྐྲ་ཡང་གནག་ལ་སྟུག ། ལྟོ་བ་མི་འོ་གཉེར་མ་གསུམ་དང་ལྡན། ། མདོག་ཀྱང་བཟང་ཞིང་མངའ་བྱད་དང་ཡང་ལྡན། ། གང་ལ་ཡིད་དགའ་ལྟ་བ་ བརྟན་པར་འགྱུར། ། ལྟ་བས་ཀྱང་ནི་ངོམས་པར་མི་འགྱུར་དང་། ། ལྷ་གཞན་དག་ལ་མི་ཕྱོགས་དབབ་པའི་སྣོད། ། ཚེས་གྲངས་བཟང་ལ་ཉིན་ཞག་གཅིག་ཏུ་ནི། ། སྨྱུང་བ་བྱས་པས་བདུག་སྤོས་ཕྲེང་བ་དང་། ། ཙནྡན་མེ་ཏོག་མར་མེ་རྣམས་ཀྱིས་མཆོད། ། བཟའ་དང་འབྲས་ཆན་ ལ་སོགས་གཏོར་མ་མང་། ། ལྷ་དང་ལྷ་མིན་གནོད་སྦྱིན་རྣམས་ལ་སྦྱིན། ། དབབ་པའི་སྣོད་རྣམས་ཁྲུས་བྱས་གོས་དཀར་བསྐོན། ། ཤར་ཕྱོགས་ཁ་བལྟས་རྒྱན་ནི་རྣམ་པར་སྤངས། ། བྱུག་སྤོས་མེ་ཏོག་ལ་སོགས་དེ་ལ་སྦྱིན། ། བདུག་པས་བདུག་ཅིང་གསང་སྔགས་བཟླས་བརྗོད་བྱ། ། ཧཱུྃ་གི་གསང་སྔགས་ཐོག་མར་བཟླས་ནས་སུ། ། གྲིཧྞ་ཨ་བེ་ཤ་ཞེས་བརྗོད་པར་བྱ། ། མིག་ནི་གདང་ས་ཤིང་འཛུམས་པར་མི་བྱེད་ན། །
BO
རྫོགས་པར་གྱུར་པར་ཤེས་པར་བྱས་ནས་སུ། ། འཇིགས་པ་མེད་པར་དེ་ཚེ་དྲི་བྱ་བ། ། མཆོད་ཡོན་དང་ནི་བདུག་པ་ཕུལ་ནས་སུ། ། རིག་པ་མཆོག་ གི་གསང་སྔགས་དྲན་བྱས་ནས། ། ཕྱག་འཚལ་ནས་ནི་ལྷ་ཕྱོགས་གང་ཡིན་དྲི། ། དུས་གསུམ་དག་གི་བདག་གི་དགོས་པ་གང་། ། དེ་ནི་ལེགས་པར་དགོངས་ལ་བཀའ་སྩོལ་ཅིག ། བདེ་དང་སྡུག་བསྔལ་དངོས་གྲུབ་ཐོབ་མི་ཐོབ། ། ཤེས་ནས་དེ་ཡང་དེ་བཞིན་བཟུང་ནས་སུ། ། དེ་མ་ཐག་ ཏུ་སླར་ཡང་གཏང་བར་བྱ། ། མི་གདུག་སྔགས་བཟླས་ཆོ་ག་འདི་རྣམས་ཀྱིས། ། དབབ་པའི་སྣོད་ལ་མི་ཡིས་ཕེབས་གྱུར་གྱི། ། གང་ཞིག་བླུན་པས་གཞན་དུ་བརྩམས་ན་ནི། ། དེ་ནི་མི་རྣམས་ཀུན་གྱིས་དཔྱས་པར་འགྱུར། ། ཞི་ཞིང་གཞུངས་ལ་རྒྱ་ཆེ་ད་ཀྱུས་ཀྱང་རིང་། ། བརྟན་ཞིང་གཟི་ ཆེན་མདངས་ལྡན་དམར་བར་སྣང་། ། འཛུམས་ཞིང་འབྱེད་མེད་ལྷ་ཡི་མིག་དང་འདྲ། ། དབབ་པའི་སྣོད་ལ་ལྷ་བབས་དེ་ལྟར་འགྱུར། ། མིག་ནི་རབ་ཏུ་དམར་ཞིང་ཟླུམ་པོར་འདུག ། བགྲད་ཅིང་རབ་ཏུ་མི་སྡུག་འཇིགས་འཇིགས་ལྟ། ། འཛུམས་པ་མེད་ཅིང་འཇིགས་མེད་བལྟ་བ་ན། ། སྲིན་ པོ་ལྟོ་འཕྱེ་གནོད་སྦྱིན་བབས་པའི་མིག ། གལ་ཏེ་བབས་པའི་སྣོད་ནི་མི་གཏོང་ན། །
BO
ཤིན་ཏུ་བཀྲ་ཤིས་ཚིགས་བཅད་བརྗོད་པའམ། ། སྟོབས་པོ་ཆེའམ་དགོད་མའམ་ལྕགས་ཀྱུ་བཟླས། ། ཡང་ན་རབ་ཏུ་འདུས་པའི་མདོ་སྡེ་བཀླག ། སེང་གེ་གདན་གྱི་ཨརྐའམ་པ་ལ་ཤའི། ། ཡམ་ཤིང་མར་གྱིས་བསྐུས་པ་བརྒྱ་ཡང་བསྲེག ། མ་གྲུགས་ཏིལ་ནི་སྦྲང་རྩི་འམ་མར་གྱིས་བསྐུས། ། གཏུམ་པོས་སྦྱིན་སྲེག་ཉི་ཤུ་རྩ་གཅིག་བྱ། ། སྔ་མ་བཞིན་དུ་གསང་སྔགས་ཆོ་ག་དག ། དམ་ཚིག་ཅི་བཞིན་མ་ལུས་སྦྱར་ན་ནི། ། བདག་གི་ཡིད་དང་མཐུན་པའི་དངོས་གྲུབ་ ཐོབ། ། སྔགས་པ་ཡུན་རིང་ཉོན་མོངས་མི་འགྱུར་རོ། ། འཕགས་པ་དབུང་བཟང་གིས་ཞུས་པའི་ལེའུ་བདུན་པའོ། ། ། ། སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་ལམ་ནི། ། ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་དག ། རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། ། སོ་ སོ་སོ་སོར་ཡང་དག་བསྟེན་པར་བྱ། ། ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང་། ། དེ་བཞིན་འདིས་ནི་ཐར་པ་མྱུར་དུ་ཐོབ། ། རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དག ། འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། ། ངོམས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ ཀྱིས། ། གུས་པར་དགེ་བའི་བསོད་ནམས་གང་བསགས་པའང་། ། བདེ་གཤེགས་གསུངས་པའི་བདེན་པའི་ལ་མ་དམིགས་ན། །
BO
དགེ་བའི་ལམ་དེ་ཡང་དག་བསྐྱེད་པ་ཡིན། ། ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། ། ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང་། ། སྨན་དང་མལ་ སྟན་ངན་ངོན་ཙམ་གྱིས་ཀྱང་། ། ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ། ། བདག་ལ་བསྟོད་པ་ན་མས་ཀྱང་མི་བྱ་ཞིང་། ། སེམས་ཅན་གཞན་ལ་སྨད་པར་མི་བྱའོ། ། སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་དག ། བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། ། བུད་མེད་ མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། ། སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད། ། མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོ་འམ། ། བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང་། ། གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི། ། གོང་མོ་སྲེག་པ་འུག་པ་སྐྱེས་པ་དང་། ། བུད་མེད་བུ་ མོ་བྱིས་པར་ལུག་སོགས། ། ཐབ་མོ་འགྱེད་པ་མི་བལྟ་མི་བྱའོ། ། ཡུལ་སའི་གཏམ་དང་མི་དབང་བསྟན་པ་དང་། ། དམག་དང་གྱད་དང་ན་ཆུང་གཏམ་དག་དང་། ། སྒྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ། ། འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ། ། སྔགས་པ་གསང་སྔགས་བཟླས་པ་མནོས་པ་ནི། ། གྲོང་དང་གྲོང་ཁྱེར་ཁྱིམ་དང་གཙུག་ལག་ཁང་། ། མཆོད་རྟེན་བསྟི་གནས་རི་དང་དཀའ་ཐུབ་གནས། །
BO
ཀུན་དགའ་ལུ་མའམ་རྫིང་བུར་འགྲོ་མི་བྱ། ། སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན། ། ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་ ངམ། ། རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང་། ། ནགས་ཚལ་སྟོང་པ་དང་ནི་ཡུལ་སྟོང་དང་། ། གནས་གང་རུང་བར་སྔགས་པས་གནས་ཤིང་བཟླས། ། ཡང་ན་གནས་ནི་ངེས་པར་མ་བྱས་ན། ། ཟླ་བ་བརྒྱད་པོ་འདི་ཡི་དུས་དག་ཏུ། ། གནས་འདི་གང་ཡང་རུང་བ་ཞིག་ཏུ་བསྟེན། ། མཚོ་དང་ཤིང་དང་ རི་བོའམ་དགོན་པའི་གནས། ། མཚེའུ་དང་ཁང་པ་གནས་སམ་ཆུ་ངོགས་སུ། ། དགུན་དཔྱིད་ཟླ་བ་རྣམས་ལ་གནས་བྱས་ནས། ། སྔགས་པས་དབྱརོ་ནི་གཅིག་ཏུ་གནས་བྱས་ཏེ། ། ཅི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ། ། ཚུལ་ཞུགས་གནས་གཞན་མི་འགྲོར་གསུངས་པ་ བཞིན། ། དེ་བཞིན་བཅོམ་ལྡན་འདས་ཀྱིས་བསྔགས་པ་ཡང་། ། ཟླ་བ་གསུམ་དུ་གཅིག་ཏུ་གནས་པར་གསུངས། ། སྔགས་པས་དབྱར་ནི་བ་སྒྲུབ་ལ་མི་འཇུག་པར། ། བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདས་པར་བྱ། ། དབྱར་འདས་དང་ནི་གསང་སྔགས་གཟི་བསྐྱེད་པས། ། བདག་ཉིད་ བསྲུང་བྱས་བསྒྲུབ་ལ་འཇུག་པར་བྱ། ། མེ་ཐབ་ཟླུམ་པོ་གྲུ་གསུམ་གྲུ་བཞི་དང་། ། པདྨ་ལྟ་བུར་བྱ་ཞིང་དབྱིབས་ལེགས་ཤིང་། ། འཇམ་ཞིང་ཤིན་ཏུ་མཉམ་པར་བྱས་ནས་སུ། །
BO
དེ་དག་ས་དང་ལྕི་བས་ལེགས་པར་བྱུག ། ཟླུམ་པོ་དབང་ཐང་བསྐྱེད་དང་ནོར་དགུག་དང་། ། སྤྱན་དྲང་ ཞི་བའི་ཆོ་ག་བྱ་བར་ཤིས། ། གྲུ་གསུམ་དུ་ནི་དགར་བསྐྲད་བསད་པ་དང་། ། གཤེད་བྱེད་ལ་སོགས་དྲག་པོའི་ལས་ཀྱང་བྱ། ། གྲུ་བཞི་པར་ནི་ཀླུ་དང་གསང་བ་པའི། ། སྲོག་བསྐམ་པའམ་ཡན་ལག་གཞིག་པར་བྱ། ། པདྨའི་དབྱིབས་སུ་བུད་མེད་བུ་མོའི་གྲོང་། ། ཡུལ་འཁོར་འཐོབ་ པའམ་དོན་ཀུན་བསྒྲུབ་པར་ཤིས། ། མེ་ཐབ་ལྕི་བ་གཙང་མས་བྱུགས་ནས་ཀྱང་། ། ཐ་མ་ཐོག་ཏོག་ཀུ་ཤ་དགྲམ་པར་བྱ། ། དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་དང་། ། ཡུམ་ལའང་དད་པས་ཕྲེང་བ་བདུག་པ་དང་། ། དྲི་དང་མཉམས་མེ་ཏོག་ཅི་སྙེད་པས། ། ཆོ་ག་བཞིན་ དུ་ལེགས་པར་མཆོད་པར་བྱ། ། ཡམ་ཤིང་མང་པོ་ཐབ་ཀྱི་དྲུང་བཞག་སྟེ། ། རླུང་ཡབ་ཀྱིས་ནི་མེ་ཡང་སྤར་བྱས་ནས། ། སངས་རྒྱས་རྣམས་ལ་ཕྱག་བྱས་ཁྲོ་བོ་ནི། ། བདུད་རྩི་འཁྱིལ་པས་མཉམས་པདྨ་འམ། ། མ་གྲུགས་ཏིལ་ནག་ལས་ནི་བདུན་ནམ་བརྒྱ་ད། ། བཅུ་འམ་ཉི་ ཤུར་བསྲེག་བླུགས་མེ་ལ་བསྲེག ། ཀུ་ཤ་བཏིང་ངམ་ཁྲེས་སམ་རྩྭ་སྟན་ལ། ། འདུག་ནས་ཤར་ཕྱོགས་ཁ་བསྟན་རྫས་རྣམས་ནི། ། མར་དང་སྦྲང་རྩི་འོ་མ་ལ་བཏགས་ནས། །
BO
རང་གི་གསང་སྔགས་བསྒྲུབ་ཕྱིར་སྦྱིན་སྲེག་བྱ། ། མེ་ཡི་མཚན་མ་ཉེ་བར་བརྟག་པ་ནི། ། མེ་སྟག་ དུ་བ་མེ་ལྕེ་སྒྲ་རྣམས་ལ་ས། ། གྲུབ་པ་དང་ནི་མི་གྲུབ་ཐམས་ཅད་ཀྱང་། ། སྔགས་ཀྱིས་བྱིན་བརླབས་མེ་ནི་སྟོན་པར་བྱེད། ། དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་དང་ས། ། མེ་ལྕེ་རབ་ཏུ་ཆེ་ལ་གཡས་སུ་འཁྱིལ། ། ཁ་དོག་འཇའ་འདྲ་ཡང་ན་དཀར་ཡང་རུང་། ། ཡང་ན་བྱི་རུ་བ་ཅག་ པའི་ཁ་དོག་འདྲ། ། ཤིན་ཏུ་སྣུམ་ལ་མེ་ལྕེ་སྒབ་ནས་འཕྲོ། ། རབ་ཏུ་འབར་བ་ཉི་མའི་འོད་ཟེར་འདྲ། ། དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་ཀྱང་འདྲ། ། དཔལ་བེའུ་དང་ནི་པདྨ་བླུགས་གཟར་འདྲ། ། མེ་ལྕེ་ཏྲི་ཤུལ་རྡོ་རྗེ་རལ་གྲི་འདྲ། ། ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ། ། རྫ་ རྔ་རྔ་ཆེན་དང་ནི་གླིང་བུའི་སྒྲ། ། དུ་བ་མེ་ལྕེ་དྲི་ཞིམ་མེ་སྟག་བཟང་། ། ཡང་ནམ་སྤར་བར་ནི་འབར་འགྱུར་ན། ། དེ་ཚེ་དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། ། དུད་པ་ཆེ་ཞིང་མེ་སྟག་རྒོད་པ་དང་། ། འབར་བར་དཀའ་ཞིང་ཅུང་ཟད་ཅུང་ཟད་འབར། ། མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་ མེད། ། རྩུབ་གནག་སྤྲིན་དང་པ་ལ་ཤ་ཡི་མདོག ། གསལ་ཤིང་འདྲ་ཞིང་ཞིབ་མའི་གཟུགས་ཀྱང་འདྲ། །
BO
ཕྱུགས་ཀྱི་མགོ་འདྲ་སྐྲ་ཡང་རབ་ཏུ་རྩུབ། ། མེ་ལྕེ་འཕྲོ་བས་སྦྱིན་སྲེག་བྱེད་པ་ཚིག ། མི་རོའི་དྲི་ང་དངོས་གྲུབ་མེད་པ་སྟོན། ། མེ་ལྕེའི་མཚན་མ་འདི་འདྲ་མཐོང་ནས་ཀྱང་། ། སྟོབས་ པོ་ཆེ་ཡི་མར་གྱིས་སྦྱིན་སྲེག་བྱ། ། བྱིན་པ་དག་དང་མཆན་ཁུང་སྤུ་རྣམས་ནི། ། ལག་པས་ཀྱང་ནི་བཏོག་པར་མི་བྱ་ཞིང་། ། མེ་ཡས་མི་བསྲེག་སྤུ་གྲིས་བྲག་མི་བྱ། ། སྤུ་མེད་བྱ་ཕྱིར་སྨན་གྱིས་མི་བྱུག་གོ། ། ཇི་ལྟར་རལ་གྲི་སོ་ལ་འཛིན་པའི་མིས། ། ལེགས་ པར་མ་བཟུང་ལག་པ་ཆོད་པ་ལྟར། ། དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན། ། འབྲས་བུ་མེད་དམ་ཡང་ན་ཕུང་བར་འགྱུར། ། མི་ནི་ཚུལ་ཁྲིམས་གཙང་སྦྲ་མི་ལྡན་ཡང་། ། གསང་སྔགས་ལྷ་ནི་དེ་ལ་གནོད་མི་མཛད། ། ལྷ་ཡི་འཁོར་དུ་གྱུར་པ་གང་ཡིན་རྣམས། ། མི་ ཡི་གླགས་མཐོང་ནས་ནས་ནི་ཕུང་བར་བྱེད། ། བ་སྒྲུབ་པ་ཀུན་ལ་དང་པོ་ཁོ་ནར་ནི། ། ལྷ་བཤོས་གཏོར་མ་ཕལ་ཆེར་དབུལ་བར་བྱ། ། སྔགས་པའི་ལས་གྲུབ་ནས་ཀྱང་དུས་ཀུན་དུ། ། རང་གི་ཉམས་ཀྱིས་ཅི་སྙེད་དབུལ་བར་བྱ། ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། ། ནམ་མཁའ་ ལྡིང་དང་འདབ་བཟང་ལུས་སྲུལ་པོ། ། དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །
BO
གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། ། བུ་སྨད་གཡོག་འཁོར་ཚོགས་དང་བཅས་རྣམས་ལ། ། བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། ། ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། ། གནས་ནས་ཕན་གདགས་ཕྱིར་ནི་འདིར་སྤྱོན་ཅིག ། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། ། དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། ། ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། ། རི་བོ་ཀུན་ལ་གང་དག་གནས་པ་དང་། ། ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། ། རིན་ཆེན་ གནས་ན་ལྷག་པར་གང་གནས་དང་། ། མཚོ་དང་རྫིང་དང་ལྟེང་ཀ་ཆུ་ངོགས་དང་། ། གཡའ་ཆུ་སིལ་མ་ཅན་ན་གང་གནས་དང་། ། གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པའམ། ། ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། ། གཙུག་ལག་ཁང་དང་མཆོད་རྟེན་གནས་དག་གམ། ། དཀའ་ ཐུབ་གནས་སམ་གླང་ཆེན་བྲེས་དག་གམ། ། རྒྱལ་པོའི་ད་ཀོར་ཁང་དག་ན་གང་གནས་དང་། ། ལམ་སྲང་འདུན་ས་དང་ནི་བཞི་མདོ་དང་། ། གང་དག་ལམ་པོ་ཆེ་དང་ཤིང་གཅིག་དང་། ། དུར་ཁྲོད་ཆེན་པོའམ་ནགས་ཚལ་ཆན་པོ་དང་། ། སེང་གེ་དྲེད་དང་ག་ཅན་གཟན་གནས་དག་ དང་། ། འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། ། གང་དག་གླིང་མཆོག་རྣམས་ན་གནས་པ་དང་། །
BO
ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། ། རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། ། ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་། ། བསྟོད་དང་གཏོར་མ་མར་མེ་ གུས་འབུལ་བ། ། འདི་དག་བཞེས་ནས་བཏུང་ཞིང་བསྣམས་ནས་སུ། ། ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། དེ་ལྟར་གདོན་ལ་མཆོད་པ་བྱས་ནས་སུ། ། དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་བྱ། ། དབང་བདག་འབྱུང་པོའི་བདག་པོར་བཅས་པ་ཡིས། ། གཏོར་མ་ཕུལ་ བ་འདི་དག་བཞེས་སུ་གསོལ། ། མེ་དང་གཤིན་རྗེ་སྲིན་པོ་ཆུ་བདག་དང་། ། རླུང་དང་ལུས་ངན་འབྱུང་པོ་གདོན་དང་བཅས། ། སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། ། ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། ། རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། ། སོ་སོ་སོ་སོར་ གཏོར་མ་ཕུལ་བ་རྣམས། ། རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། ། རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། ། རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། ། ནང་མི་དཔུང་བཅས་དམག་དང་ཐབས་ཅིག་ཏུ། ། མེ་ཏོག་དྲི་དང་གཏོར་མ་བྱུག་པར་བཅས། ། འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། ། བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། ། དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ། །
BO
གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེའི། ། དངོས་གྲུབ་མྱུར་ཞིང་ཤིན་ཏུ་བགེགས་ཀྱང་མེད། ། ཡིད་དུ་འོང་བའི་འདོད་ པའང་ཐོབ་པར་འགྱུར། ། འཕགས་པ་དབུང་བཟང་གིས་ཞུས་པའི་ལེའུ་བརྒྱད་པའོ། ། ། ། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་། ། མཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང་། ། དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ། ། ནམ་ཞིག་མི་དག་སྐུ་ མཚལ་འབྱིན་བྱེད་པ། ། ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། ། རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བ་ཤད། ། གཏི་མུག་ཅན་གྱིས་སྡིག་པ་གཅིག་བྱས་ཀྱང་། ། ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། ། མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད། ། ཉོན་ མོངས་ཟད་པའི་མ་ནི་སུན་འབྱིན་དང་། ། སློབ་པ་གསོད་ཅིང་དགེ་འདུན་མངའ་བ་ལ། ། གང་ཞིག་འདོད་པས་མང་ཉུང་རྐུ་འཕྲོག་པ། ། མཚམས་མེད་ཉེ་ལྔར་དེ་བཞིན་གཤེགས་པས་གསུངས། ། ཚུལ་ཉམས་མི་ནི་གང་ཞིག་འདི་བྱེད་པ། ། བསྐལ་པའི་བར་དུ་མནར་ མེད་སྡུག་བསྔལ་མྱོང་། ། གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོང་མི་ཐོབ། ། གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག ། ཆུད་གསོན་པ་དང་མེས་ནི་སྲེག་པ་དང་། ། བསམ་པ་ངན་པས་ཆུར་ནི་འདོར་བ་དང་།
BO
། ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བའམ། ། བསླབ་ཚིག་མ་ལུས་ པས་ནི་བརྒྱན་པ་ཡི། ། དགེ་སློང་དག་གམ་དགེ་སློང་མ་གསོད་དང་། ། དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དང་། ། ངན་པའི་སེམས་ཀྱིས་ལྷ་ཁང་བསྲེགས་ཀྱང་རུང་། ། མི་ཡི་ཡུལ་ན་སྡིག་པ་འདི་བྱས་པ། ། དཀའ་བ་སྤྱོད་པར་ལྡན་ཡང་གྲུབ་མི་ཐོབ། ། གང་ཞིག་དཀོན་མཆོག་ གསུམ་ལ་གནོད་པ་ཡི། ། བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང་། ། བདག་ཉིད་ངན་པས་དམྱལ་བར་བ་ཅོས་པར་འགྱུར། ། དེ་ནས་ཤི་ནས་ལས་ཀྱི་དབང་གིས་ཡང་། ། རིགས་ངན་མི་ཡི་ནང་དུ་སྐྱེ་བ་འཐོབ། ། འདི་དག་ངས་ནི་ཁྱོད་ལ་མདོར་བཤད་དོ། ། གང་ཞིག་བྱང་ཆུབ་ སེམས་ནི་བླངས་པ་ལས། ། རྨོངས་པས་འཇིག་རྟེན་ལྷ་ཚོགས་ཕྱག་བྱས་ན། ། དེ་དག་དེ་ལ་མི་དགར་གྱུར་ནས་སུ། ། དེ་ཡི་གསང་སྔགས་དངོས་གྲུབ་ཉམས་པར་བྱེད། ། གང་གི་ཚེ་ན་སེམས་ནི་དང་བ་ཡིས། ། མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པས། ། དེ་ནི་ཕྱིན་ཅད་ལྷ་དང་ལྷ་ མིན་དང་། ། འཇིག་རྟེན་མ་ལུས་རྣམས་ཀྱིས་ཕྱག་བྱར་འོས། ། མིས་ནི་མངོན་པར་མཐོ་བ་མ་ལུས་པའི། ། བསླབ་པ་མཐའ་དག་བླངས་པར་གྱུར་པ་དང་། ། སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང་། །
BO
དཀོན་མཆོག་གསུམ་གྱི་རྒྱུད་དུ་སྙིང་ནས་སྐྱེས། ། གང་ཞིག་མི་བཟད་ལས་བྱེད་ ཐུབ་པ་གསོད། ། རིག་སྔགས་གཅོད་དམ་གནོད་པར་བྱེད་པའམ། ། བསམ་པ་ངན་པས་གསང་སྔགས་ཚོགས་མི་མཆོད། ། དོན་མེད་བཞིན་དུ་སེན་མོས་རྩྭ་གཅོད་དང་། ། རྐང་པས་རྐང་པ་ཉེད་པར་བྱེད་པ་དང་། ། ཕྱུགས་ལ་སོགས་པའི་ཚོགས་ཀྱི་སྣ་འབུགས་དང་། ། འཕགས་པའི་ དགེ་འདུན་ལ་ནི་མི་གུས་པ། ། འབྱུང་པོར་བྱིན་པའམ་ལྷ་ཡི་གཏོར་མ་འམ། ། ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ། ། འདོད་ཆགས་ཟིལ་གྱིས་གནོན་པའི་དུད་འགྲོ་དང་། ། བུད་མེད་བགྲོད་བྱ་མིན་པར་འགྲོ་མི་བྱ། ། གླང་ཆེན་མི་གདུལ་སྦྲུལ་ཡང་མི་གཟུང་ཞིང་། ། རྟ་རྒྱུག་གློ་ རྡེབས་ལྕག་གིས་གཞུ་མི་བྱ། ། ལས་དེ་རྣམས་དང་ལྡན་པར་གྱུར་པ་དེའི། ། དངོས་གྲུབ་ནམ་ཡང་འབྱུང་བར་མི་འགྱུར་རོ། ། སེམས་ཅན་ནད་ཀྱིས་གདུངས་དང་སྡུག་བསྔལ་ལ། ། རྟག་ཏུ་བྱམས་པ་ཡང་ནི་ཡིད་ལ་བྱ། ། དཔེར་ན་ནམ་མཁའ་མཐའ་ཐུག་མེད་པ་ལ། ། འདོམ་གྱིས་ གཞལ་བས་མཐའ་རྟོགས་མི་ནུས་ལྟར། ། དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། ། ཕན་དང་གནོད་པ་བྱས་པའི་མཐའ་མི་རྟོགས། ། རྒྱ་དང་རྙི་དང་བོང་རྒྱ་འཛོལ་བུ་ཡིས། །
BO
ཁྱི་ལ་སོགས་པས་སེམས་ཅན་གསོད་པ་དང་། ། བྱ་རོག་ལ་སོགས་གཟེབ་ཀྱིས་བཅིང་བྱས་ན། ། འདི་དང་ཕ་རོལ་དུ་ཡང་གྲུབ་མི་ཐོབ། ། བདུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས། ། རྐང་པས་མི་རྫི་མགོ་ལ་གདགས་མི་བྱ། ། བཀྲེས་པས་གདུངས་ཀྱང་དེ་དག་རྣམས་ལ་ནི། ། ཕུལ་བའི་ལྷ་བཤོས་རྣམས་ཀྱང་བཟའ་མི་བྱ། ། འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་། ། དྲག་པོ་རླུང་ལ་སོགས་ལ་ཕྱག་མི་བྱ། ། དེ་ཡིས་བཤད་པའི་ཆོས་ལ་བསྟེན་མི་བྱ། ། དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད། ། དེ་རྣམས་ཆོས་ལའང་ངན་སེམས་མི་བྱ་ཞིང་། ། དེ་ཡི་སྤྱོད་ལ་ནམས་ཀྱང་དགའ་མི་བྱ། ། དེ་དག་བསྟོད་པ་མི་གདོན་སྔགས་མི་བཟླས། ། སྦྱིན་པ་བྱིན་ཚེ་ སྙིང་རྗེ་བསྐྱེད་ནས་སྦྱིན། ། བདེ་བར་གཤེགས་པ་རྣམས་ཀྱིས་བརྟེན་པ་ཡི། ། གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ། ། རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས། ། དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། ། ཇི་ལྟར་ཟླ་བ་ཚེས་ལ་མི་རྣམས་ནི། ། ཕྱག་འཚལ་ཉ་ལ་ ལུས་ཅན་ཕྱག་མི་འཚལ། ། དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ། ། ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན། ། འཇིག་རྟེན་ཀུན་གྱི་མངོན་མཐོང་བསླབ་པ་ཅན། །
BO
སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་དུ་ནི། ། སྐྱེ་བ་ལེན་པ་དེ་ལ་ཅི་ཡི་ཕྱིར། ། བུ་གཅིག་བདག་ཉིད་ཀུན་དེར་ ཕྱག་མི་བྱ། ། སྐྱེས་བུ་བསམ་ཡས་རྨད་བྱུང་རྫུ་འཕྲུལ་ཅན། ། དེ་ལ་མི་ངན་གང་ཞིག་མི་འདུད་པ། ། དེ་ལ་རྒྱལ་བ་ཐམས་ཅད་ཐུགས་ནུར་ནས། ། དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ལོ། ། དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི། ། ཡིད་འོང་ཕྱི་ནས་འབྲས་ བུར་གྱུར་པ་ལྟར། ། སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས། ། འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས། ། གང་ཞིག་རང་བཞིན་ཆགས་དང་རྣམ་བྲལ་ཡང་། ། བརྩེ་ལ་སྙིང་རྗེ་ཁྲོ་ལ་ཁྲོ་བ་དང་། ། འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། ། བྱང་ཆུབ་ཚུལ་གནས་ དེ་ལ་ཕྱག་འཚལ་ལོ། ། གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། ། འགྲོ་བ་ཀུན་དང་ཅི་ལྟར་མཐུན་པ་ཡི། ། གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། ། སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། ། འཕགས་པ་དབུང་བཟང་གིས་ཞུས་པའི་ལེའུ་དགུ་པའོ། ། ། ། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། ། གསང་སྔགས་རིག་སྔགས་སྣ་ཚོགས་དང་། ། འབུམ་ཕྲག་ལྔ་དང་བྱེ་བ་ཕྲག་གསུམ་དག ། རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས། །
BO
ངས་ནི་གསང་བ་པ་རྣམས་གཞོམ་པ་དང་། ། དབུལ་བའི་སྡུག་བསྔལ་བསལ་བར་བྱ་ བའི་ཕྱིར། ། དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ་ཡི། ། གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད། ། ཕོ་ཉ་བཅུ་དང་རིག་པའི་རྒྱལ་པོ་བདུན། ། དེ་བཞིན་ཕྱག་བརྙན་དྲུག་ཅུ་རྩ་བཞི་དང་། ། ང་ཡི་སྙིང་པོ་དམ་པ་བརྒྱད་རྣམས་དང་། ། ཁྲོ་བོ་དྲག་པོ་བདུད་རྩི་ཐབ་སྦྱོར་དང་། ། རིག་ པ་མཆོག་ལ་སོགས་པ་མཐུ་བོ་ཆེ། ། རིག་པའི་བདག་པོ་གསང་སྔགས་རྗེས་འབྲང་བཅས། ། དེ་སྙེད་རྡོ་རྗེའི་རིགས་ནི་གང་ཡིན་པ། ། དེར་ནི་འདི་དག་ང་ཡིས་རྒྱ་ཆེར་བཤད། ། སྤྱན་རས་གཟིགས་ཀྱིས་གསང་སྔགས་བྱེ་བ་ཕྲག ། གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད། ། དེ་ ཡི་རིག་སྔགས་བདག་པོ་རྟ་མགྲིན་དང་། ། དེ་ཡི་མིང་ཅན་དཀྱིལ་འཁོར་དམ་པ་གསུངས། ། བཅུ་གཉིས་ཕྱག་དང་ཕྱག་དྲུག་པ་དང་ནི། ། ཐོར་ཚུགས་ཅོད་པན་འདོད་པ་འབྱོར་བྱེད་དང་། ། ཞལ་བཞི་དོན་ཡོད་ཞགས་པར་བདུན་བསྟན་འདི། ། ས་སྟེང་གསང་སྔགས་ཉི་མ་བདུན་ལྟར་འབར། ། དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ། ། མི་ལ་མཆོག་སྦྱིན་འཇིག་རྟེན་གསུམ་གྱིས་འདུད། ། སྒྲལ་མ་དཀར་མོ་གོས་དཀར་སྤྱན་མ་དང་། །
BO
རྣམ་གཟིགས་རལ་པ་གཅིག་མ་དཀར་ཤམ་དང་། ། གྲགས་ལྡན་ཁྲོ་གཉེར་ཅན་དང་འདི་དག་རྣམས། ། པདྨའི་རིགས་ཀྱི་རིག་ སྔགས་རྒྱལ་མོ་མཆོག ། དེ་དག་དཀྱིལ་འཁོར་སྣ་ཚོགས་གཟུགས་ཅན་དང་། ། ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན། ། རྒྱས་པའི་གསང་སྔགས་རྒྱུད་དུ་འོག་པག་ཅན། ། རིག་པའི་དབང་ཕྱུག་གསང་སྔགས་བདག་པོར་བསྒོམ། ། དེ་ཡ་གསང་སྔགས་མི་ལ་གྲུབ་མཆོག་སྟེར། ། དེ་ལ་ལྔས་རྩེན་ཡང་ནི་མངོན་པར་དགའ། ། གནོད་སྦྱིན་དབང་ཕྱུག་དེ་དག་རྟག་མཐུན་པས། ། དེ་ཡི་བཀའ་ཡིས་གསང་སྔགས་ཚོགས་རྣམས་བཤད། ། ལྔས་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། ། དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ། ། ནོར་གྱི་བདག་པོས་སྟོང་ཕྲག་སུམ་ཅུ་སྟེ། ། གང་པོ་ཕ་ཡིས་ཀྱང་ནི་འབུམ་བཤད་དོ། ། ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ། ། དད་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས་བཤད། ། ཁ་ཅིག་ང་ཡི་རིགས་སུ་གཏོགས་པ་སྟེ། ། ཁ་ཅིག་ཀྱང་ནི་པདྨོའི་རིགས་སུ་གཏོགས། ། ཁ་ཅིག་ནོར་གྱི་རིགས་སུ་གཏོགས་པ་ཡིན། ། གཞན་ ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམ། ། ནོར་སྤྱོད་ཅེས་བྱ་ནོར་གྱི་རིགས་སུ་གསུངས། ། ང་ནི་རྡོ་རྗེའི་རིགས་ཞེས་རབ་ཏུ་བསྟན། །
BO
སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ། ། རིགས་བཞི་པ་ནི་འདིར་ཡང་ལྔས་རྩེན་ཡིན། ། གསང་སྔགས་མདོ་སྡེར་ངས་བཤད་གང་ཡིན་ཏེ། ། བཞི་པོ་ འདིར་ནི་རྣམ་པར་སྦྱར་བར་བྱ། ། གཞན་ཡང་འདི་ན་ཁ་ཅིག་གནས་མེད་པར། ། བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམ་པ། ། མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང་། ། འབྱོར་པ་འདོད་པའི་མིས་ནི་རྣམ་པར་སྦྱར། ། ལམ་འདི་ཉིད་དུ་ཞུགས་པའི་སྔགས་པས་ནི། ། ཡིད་དང་ མཐུན་པའི་དངོས་གྲུབ་ཐོབ་པར་འགྱུར། ། སྲིད་གསུམ་ནང་ན་རྒྱལ་བ་དཀོན་མཆོག་སྟེ། ། དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས། ། དེ་ཡི་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ། ། སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ། ། འདི་གསུམ་བསོད་ནམས་རྣམ་འཕེལ་རྒྱུ་ཡིན་པས། ། དངོས་ གྲུབ་འདོད་པས་གསང་སྔགས་མགོ་ལ་གདོན། ། བསོད་ནམས་ཆེད་དང་ལོག་འདྲེན་རྨོངས་བྱའི་ཕྱིར། ། ཕྱག་ན་རྡོ་རྗེ་གཏུམ་མཆོག་ཕྱག་འཚལ་ཞེས། ། གསང་སྔགས་རྣམས་ཀྱི་མགོ་ལ་སྦྱར་བྱ་བར། ། གནོད་སྦྱིན་མགོན་པོ་ངས་ནི་བཤད་པ་ཡིན། ། ནོར་ གྱི་རིགས་དང་པདྨའི་རིགས་ལ་ཡང་། ། རང་གི་གསང་སྔགས་བདག་པོར་ལྡན་པར་བྱ། ། བདེ་བར་གཤེགས་མིན་ཉན་ཐོས་ལམ་ཞུགས་དང་། །
BO
རང་རྒྱལ་རྣམས་ཀྱི་ལམ་ལ་གནས་པ་དང་། ། དད་པ་མེད་ཅིང་ཚུལ་འཆོས་འཇུངས་པ་ཡིས། ། ང་ཡི་རྡོ་རྗེ་ནམ་ཡང་བཅང་མི་བྱ། ། གང་ཞིག་ཐེག་ པ་མཆོག་ལ་སྡང་བ་དང་། ། བདུད་ཀྱིས་བཤད་པ་ཡིན་ཞེས་ཟེར་བ་དང་། ། རྨོངས་པ་ང་ལ་གནོད་སྦྱིན་ཞེས་སྨྲ་དང་། ། བྱང་ཆུབ་སེམས་དཔའ་ལ་ནི་མི་འདུད་པའི། ། དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་། ། དགེ་བསྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས། ། ང་ཡི་རིགས་ཀྱི་གསང་སྔགས་ བཟླས་བརྗོད་ན། ། དེ་དག་རྣམས་ཀྱི་ལུས་ནི་མྱུར་དུ་འཇིག ། གང་ཞིག་ང་རིགས་རྗེས་སུ་འབྲང་བའི་གདོན། ། འབྱུང་པོ་གནོད་སྦྱིན་ཀླུ་དང་ཤ་ཟ་ཡིས། ། ང་ཡི་སྔགས་བརྗོད་རྡོ་རྗེ་ཐོགས་པ་དག ། མཐོང་ན་ཁྲོས་ནས་ཕུང་བར་བྱེད་པར་འགྱུར། ། གང་ཞིག་ཐེག་མཆོག་རྒྱ་ཆེན་ཀློག་པ་དང་། ། དེ་ལ་དད་ཅིང་དེ་ཉིད་འཆད་པར་སྤྲོ། ། བརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ། ། དེ་ལ་ང་ཡི་གསང་སྔགས་མཆོག་སྦྱིན་མཛད། ། ངས་ནི་འགྲོ་ལ་ཕན་ཕྱིར་སངས་རྒྱས་པའི། ། གསང་སྔགས་ཡངས་ཤིང་རྒྱས་པར་བཤད་པ་ཡིན། ། དེ་ནས་གཞན་ཡང་འཇིག་རྟེན་པ་བསྡུས་ནས། ། ཞར་ལ་བཤད་པ་འདི་དག་ཁྱོད་ཀྱིས་ཉོན། ། དྲག་པོ་ཡིས་ནི་བྱེ་བ་ཕྲག་བཅུ་བཤད། །
BO
ནོར་ལྷའི་བུས་ནི་སྟོང་ཕྲག་སུམ་ཅུ་སྟེ། ། ཚངས་པ་ཡིས་ནི་སྟོང་ཕྲག་དྲུག་ཅུ་ཉིད། ། ཉི་མས་ཀྱང་ནི་འབུམ་ཕྲག་གསུམ་བཤད་དོ། ། ནམ་མཁའ་ལྡིང་གིས་སྟོང་ཕྲག་{བཅྭ་,བཅོ་}བརྒྱད་དེ། ། གཏུམ་བྱེད་མས་ ནི་སྟོང་ཕྲག་བརྒྱད་བཤད་དོ། ། མེ་ཡིས་ཀྱང་ནི་བརྒྱ་ཕྲག་བདུན་ཉིད་དེ། ། ཕུར་བུ་གསུམ་པ་ཡས་ནི་སྟོང་བཤད་དོ། ། ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ལྔ་སྟོང་སྟེ། ། མཚན་མོ་རྒྱུ་དབང་སྟོང་ཕྲག་བཅུ་གཉིས་བཤད། ། འགྲོ་ལ་ཕན་ཕྱིར་འཇིག་རྟེན་བདག་པོ་བཞིས། ། འབུམ་ཕྲག་བཞི་ནི་ རབ་ཏུ་བཤད་པ་ཡིན། ། ལྷ་མིན་དབང་པོས་འབུམ་ཕྲག་གཉིས་ཉིད་དེ། ། ལྷ་ཡི་དབང་པོས་ཀྱང་ནི་འབུམ་ཕྲག་གསུམ། ། གསང་སྔགས་ཕྱག་རྒྱ་སྣ་ཚོགས་ཆོ་གར་ལྡན། ། སོ་སོའི་གཞུང་གི་དཀྱིལ་འཁོར་རྣམས་དང་བཅས། ། རང་སྔགས་མདོ་སྡེའི་རྗེས་འབྲང་དད་བསྐྱེད་ན། ། མ་བསྒྲིམས་བཞིན་ དུ་ཐེ་ཚོམ་མེད་པར་འགྲུབ། ། དེ་ལས་བཟློག་ན་དངོས་གྲུབ་མི་ཐོབ་ལ། ། སྡུག་བསྔལ་མང་པོ་ཡང་ནི་འཐོབ་པར་འགྱུར། ། འཕགས་པ་དབུང་བཟང་གིས་ཞུས་པའི་ལེའུ་བཅུ་པའོ། ། ། ། བཅུད་ཀྱིས་ལེན་དང་གཏེར་དང་ཕུག་འགྲོ་དང་། ། ནོར་བསྒྱུར་འབྱུང་ཁུང་སྔགས་དང་གསེར་ བསྒྱུར་རྩི། །
BO
རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ། ། བརྒྱད་པོ་བསྟན་པ་ཡོངས་སུ་བསྒྲགས་པ་ཡིན། ། སྔགས་དང་ཕུག་ཏུ་འགྲོ་དང་བཅུད་ཀྱིས་ལེན། ། སྡིག་པ་སྤོང་བར་བྱེད་པས་མཆོག་ཏུ་བསྟན། ། རིན་ཆེན་དང་ནི་གཏེར་དང་འབྱུང་ཁུང་འབྲིང་། ། གསེར་བསྒྱུར་རྩི་དང་ནོར་བསྒྱུར་ ཐ་མའོ། ། མི་ནི་སེམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན། ། དཀའ་ཐུབ་ཀྱིས་ཕྱུག་དང་པོར་བསྟན་པའི་སྣོད། ། རྡུལ་ཤས་ཆེ་བ་ལ་ནི་འབྲིང་པོར་གསུངས། ། ཐ་མ་ལ་ནི་མུན་པ་ཅན་གྱིས་བསྟེན། ། གང་ཞིག་མཆོག་ཏུ་བསྟན་པ་བསྟེན་འདོད་པ། ། དེས་ནི་ཐ་མར་བསྟན་པ་རྣམ་པར་སྤང་། ། གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས། ། གདུངས་ན་འབྲིང་པོ་ལ་ནི་བསྟེན་པར་བྱ། ། ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང་། ། ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང་། ། ཐོས་མང་མདངས་བཟང་གཅིག་ཏུ་ཡིད་གཞུངས་དང་། ། དབང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་འཐོབ། ། ཆགས་ ལ་རྣམ་བྲལ་དགེ་ལ་དགའ་བ་དང་། ། རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་དང་། ། སྡིག་པ་སྤངས་ཤིང་བཟླས་བརྗོད་ལྡན་པ་ཡི། ། མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད། ། རྡོ་རྗེ་མཚོན་མེ་གནམ་ལྕགས་མཐུ་འདྲ་བའི། །
BO
གསང་སྔགས་མི་ཡི་འཇིག་རྟེན་མཆོག་སྦྱིན་མཛད། ། འཇིག་རྟེན་ འདི་དང་ཕ་རོལ་ཉིད་ན་ཡང་། ། སྡུག་བསྔལ་སེལ་ཅིང་སྡིག་འཇོམས་གཞན་མེད་དོ། ། གང་ཞིག་དཔག་བསམ་ལྗོན་པའི་ཤིང་ལྟ་བུར། ། ལ་ལར་དངོས་གྲུབ་ལ་ལར་བསོད་ནམས་དང་། ། གཞན་ལ་གཟུགས་སྟོབས་ཆེ་དང་བདེ་བ་དག ། ཡིད་མཐུན་འབྲས་བུ་འདོད་པའི་མི་ལ་སྩོལ། ། གསང་ སྔགས་སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ནས། ། གང་ཞིག་སྡུག་བསྔལ་གང་ཞིག་འཇིགས་སྐྲག་པའམ། ། རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པའི། ། འགྲོ་བའི་ཚོགས་ཆེན་མཐའ་དག་སྐྱོབ་པར་མཛད། ། གང་ཞིག་ཡུལ་དང་ཁྱིམ་ལ་བསྟེན་ཀྱང་རུང་། ། དཀའ་ཐུབ་མཉམས་རྩེ་གཅིག་སེམས་ཀྱིས་ནི། ། ཉིན་གཅིག་བཞིན་དུ་ཅུང་ཟད་སྔགས་བཟླས་ན། ། དེ་ཡི་གསང་སྔགས་དུས་ཤིག་ན་ནི་འགྲུབ། ། ཆོ་ག་བཞིན་དུ་དང་པོ་འབུམ་བཟླས་ནས། ། དེ་ནས་སྔགས་པ་བསྒྲུབ་ལ་འཇུག་པར་བྱ། ། དེས་ན་དངོས་གྲུབ་མྱུར་དུ་འཐོབ་འགྱུར་ ལ། ། གསང་སྔགས་ཆོ་གས་ཡུན་རིང་ཉོན་མི་མོངས། ། ལུས་ལ་ས་ཡིས་དྲིལ་ཕྱིས་བྱས་ནས་སུ། ། ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་སུ། ། ཅི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། ། བྱུང་ནས་ཤར་རམ་བྱང་དུ་ཁ་བལྟས་ནས། །
BO
ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ། ། པུས་མོ་ཕྱི་རོལ་དུ་ ནི་བསྟན་བྱས་ཏེ། ། བར་དུ་ལག་བཞག་ཙོག་ཙོག་པོར་འདུག་ནས། ། སྒྲ་མེད་དབུ་བ་མེད་པས་ཉེ་རེག་བྱ། ། ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང་། ། མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། ། སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང་། ། སྦྲིད་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ། ། རབ་བྱུང་སྐྱེས་ པ་བུད་མེད་གཞོན་ནུ་དང་། ། གཞོན་ནུ་མ་དང་རྒན་པོ་བྲམ་ཟེ་རྣམས། ། དེ་ལ་ནམ་ཡང་སྔགས་པས་རེག་མི་བྱ། ། སྔགས་པས་དེ་དག་རྣམས་ལ་མི་བསམ་མོ། ། བརྒྱ་ལ་དེ་དག་རྣམས་ཀྱིས་རེག་གྱུར་ཏམ། ། སྒྲུབ་པོས་དེ་དག་རྣམས་ལ་རེག་གྱུར་ན། ། སླར་ཡང་ཁྲུས་དང་འཐོར་འཐུང་ བྱས་ནས་སུ། ། དེ་ནས་ཕྱིར་ཡང་བཟླས་ལ་འཇུག་པར་བྱ། ། གཙང་སྦྲ་ལ་དང་ཟློས་དགའ་སྙིང་རྗེ་ཅན། ། རྟག་ཏུ་ལེན་པ་ལས་ནི་ལོག་པ་དང་། ། སློང་མོའི་ཟས་ཟ་ལྷ་ཡི་ལས་བརྩོན་པ། ། དེ་ཡི་ལུས་ལ་གསང་སྔགས་འཇུག་པར་འགྱུར། ། འགའ་ཡིས་བུད་མིད་གོས་དང་ནོར་རྣམས་ དང་། ། བཞོན་པ་རྒྱན་དང་བྱུག་པ་བཟའ་བཏུང་དང་། ། མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན། ། དེ་ལ་བསྒྲུབ་ལ་གནས་པས་མི་བླང་ངོ་། ། ས་ཕུང་བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། །
BO
གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན། ། ཡང་ན་ས་དང་ཆུ་ཡིས་ཅི་སྲིད་དུ། ། དྲི་མ་དྲི་བྲལ་དེ་སྲིད་ བར་དུ་བྱ། ། སོས་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། ། མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེགས་ལྟར། ། བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། ། བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་སྲེག ། ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། ། གདུངས་ན་བཟི་བརྗིད་ མི་བཟོད་འཇུ་བ་བཞིན། ། ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། ། གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། ། མུན་ནག་དམག་ལ་མར་མེ་ཕྱུང་བ་ཡིས། ། མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། ། ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན། ། བཟླས་བརྗོད་ མར་མེས་མྱུར་དུ་སེལ་བར་བྱེད། ། ཅི་སྟེ་བཟླས་བརྗོད་པ་ནི་སྦྱིན་སྲེག་གིས། ། གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་ན། ། འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་པའམ། ། ཡང་ན་ཆུ་འགྲམ་བྱེ་མ་ལ་ཡང་གདབ། ། དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། ། བྱས་པ་གང་ ཡིན་དེ་ནི་ཟད་གྱུར་ན། ། དེས་ནི་གསང་སྔགས་མཐུ་ཡིས་འདི་ཉིད་དུ། ། མཐོང་བའི་ཆོས་ལ་གསང་སྔགས་འབྲས་བུ་འཐོབ། །
BO
སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། ། དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། ། རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། ། གསང་སྔགས་དང་ནི་ལེ་ལོ་ མེད་པའོ། ། ཅི་ལྟར་མི་དབང་ཡན་ལག་བདུན་ལྡན་པ། ། སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། ། དེ་བཞིན་སྔགས་པའང་ཡན་ལག་འདི་བདུན་དང་། ། ལྡན་ན་དངོས་གྲུབ་དམ་པའང་ཐོབ་པར་འགྱུར། ། དང་པོ་བཟླས་བརྗོད་ཕལ་ཆེར་བྱས་ནས་སུ། ། དེ་ཡི་འོག་ཏུ་འདིར་ནི་སྦྱིན་སྲེག་བྱ། ། སྦྱིན་སྲེག་དག་གིས་གསང་སྔགས་མཆོག་མྱུར་སྕོལ། ། ཡིད་དུ་འོང་བའི་འདོད་པའང་སྦྱིན་པ་མཛད། ། གང་གིས་དཔག་ཚད་བརྒྱ་ཡི་ཕ་རོལ་ནས། ། གསང་སྔགས་མཐུ་ཡིས་བུད་མེད་བཀུག་ཀྱང་ནི། ། བུད་མེད་མ་ཡིན་གནོད་སྦྱིན་བུ་མོ་སྟེ། ། དེ་གཟུགས་ཆ་བྱད་ཀྱིས་ནི་སྔགས་པ་བསྟན། ། འདོད་པའི་དོན་ཕྱིར་བསྒྲུབ་པ་གང་ཡིན་དེ། ། གྲུབ་ནའང་གནོད་སྦྱིན་བུ་མོས་སྦྱིན་པར་བྱེད། ། དེ་ནི་བུད་མེད་དེ་ཡ་ལུས་སུ་ཡང་། ། སྤྲུལ་ནས་མཚན་མོ་འདོད་པ་བསྟེན་པར་བྱེད། ། ཅི་ལྟར་མི་དག་འདོད་ཕྱིར་བུད་མེད་ལ། ། བསྟེན་ཕྱིར་མི་ཡི་ནོར་ནི་ཟད་འགྱུར་ལྟར། ། དེ་བཞིན་གནོད་སྦྱིན་ མོའམ་བྲན་མོ་དག །
BO
གསང་སྔགས་མཐུས་བཀུག་བསྟེན་པར་བྱེད་པའོ། ། གཞན་གྱི་ཆུང་མར་ཡིད་ལ་བཞག་ནས་སུ། ། གང་ཞིག་དེ་ལ་འདོད་གདུངས་བསྟེན་བྱེད་པ། ། མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ། ། འདོད་པ་སྤྱད་པས་སྡིག་པ་མང་པོ་འཐོབ། ། རྒྱལ་བ་ལ་དད་གཞན་ལ་ཕན་བརྩོན་པའི། ། ལྷ་ཀླུ་ལྷ་མིན་གནོད་སྦྱིན་དྲི་ཟ་དང་། ། གྲུབ་པར་བཅས་པ་སྔགས་བཤད་གང་ཡིན་པ། ། དེ་དག་རྒྱལ་བའི་ཉན་ཐོས་རང་སངས་རྒྱས། ། དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས། ། མ་འོངས་སེམས་ཅན་མགོན་སྐྱབས་ མེད་རྣམས་ལ། ། རབ་ཏུ་གཟིགས་ནས་བྱིན་གྱིས་བརླབ་པ་མཛད། ། དེ་དག་འབྲས་བུ་རབ་དང་འབྲིང་དང་ནི། ། ཐ་མར་དབྱེ་བས་རྣམ་པ་གསུམ་དུ་བསྟན། ། མཁའ་ལ་འགྲོ་དང་དཔལ་གྱི་ཕུག་ཏུ་འཇུག ། འདོད་དགུའི་གཟུགས་ཅན་མི་སྣང་རྣམ་པ་དང་། ། གནོད་སྦྱིན་བུ་མོའི་ཁྱོ་དང་ བཅུད་ཀྱིས་ལེན། ། མིག་འཕྲུལ་སྒྱུ་མ་མཚན་མོ་རྒྱུ་བ་སྟེ། ། དེ་དག་མཆོག་ཡིན་འབྲིང་ནི་ས་བདག་གོ། ། གྲོང་དང་ནོར་དང་དབྱེ་དང་དགུག་པ་དང་། ། དགར་དང་བསྐྲད་པ་དང་ནི་གསད་པ་དང་། ། ཀླུ་ཡི་གདོན་གྱིས་ཟིན་པ་གསོ་བ་དང་། ། གང་ཡང་འདི་ལྟ་བུ་དང་མཐུན་པའི་ལས། ། དེ་ནི་མཁས་ པས་ཕྲན་ཚེགས་ཡིན་པར་བསྟན། །
BO
བྱེ་བྲག་ཏུ་ནི་ཀླུ་དང་གནོད་སྦྱིན་དང་། ། བྱིས་པ་གདོན་གྱིས་ཟིན་དང་གང་དག་ཏུ། ། ལུས་ཅན་རྣམས་ལ་ངོ་མཚར་སྣ་ཚོགས་དག ། སྟོན་པར་བྱེད་པ་ཕྲ་མོའི་ཕྲན་ཚེགས་ཡིན། ། བྱབ་དང་ཁུ་ཚུར་ཐལ་ལྕག་སྐྲ་དྲང་དང་། ། རྣ་བར་བཟླས་དང་དབབ་དང་བསྐྲད་ པ་དང་། ། གསད་དང་བཅིང་ལ་སོགས་པས་ཚར་གཅད་དང་། ། བོད་དང་རིག་པའི་གོས་དང་སྔགས་གོས་དང་། ། རྡོག་པས་བསྣུན་དང་རྣམ་པར་བསྐྱོད་པ་དང་། ། མིག་ཏུ་དུག་སོང་ལྟར་ནི་གཞུག་པ་དང་། ། ཁབ་ཀྱི་གཟུགས་དང་ཁབ་ཅིང་སྐྱུག་ཏུ་གཞུག ། ཕུ་ཞེས་བུད་དང་ཡན་ལག་ གཞིག་པ་དང་། ། བྲང་གིས་འགྲོ་བདག་ཀྱང་དགུག་པ་དང་། ། ཕྱིར་ཡང་བཅིང་དང་མནན་པར་བྱ་བ་དང་། ། རྨོངས་དང་བྱད་དང་དུག་ཟར་གཞུག་པ་དང་། ། དུག་ནི་གཞན་ལ་སྤོ་བར་བྱ་བ་དང་། ། ལྕགས་ཀྱུར་ལྡན་པས་དྲང་བར་བྱ་བ་འམ། ། ལུས་ལ་ཞེན་པའི་དུག་ནི་བསླང་བའམ། ། ཟོས་ པར་བཟའ་དང་ཟོས་པ་བཅད་པ་དང་། ། ས་བཅིང་བ་དང་ཕོ་ཉ་གཏང་བ་དང་། ། བསྐྲད་པ་དང་ནི་ཀླུ་ལ་བསྟན་པ་དང་། ། དུང་དང་རྫ་རྔའི་སྒྲས་ནི་བསླང་བ་སྟེ། ། རྣམ་པ་འདི་དག་དུག་གི་རྒྱུད་དུ་བཤད། ། ས་ཡི་སྟེང་ན་སྦྲུལ་ནི་བརྒྱད་ཅུ་དག ། གཞན་ལ་གནོད་པར་བྱེད་ཅིང་རྣམ་པར་ འཁྱམ། །
BO
དེ་དག་རྣམས་ལས་ཉི་ཤུ་གདེངས་ཀ་ཅན། ། འཁྱིལ་པ་དྲུག་དང་དུག་མེད་བཅུ་གཉིས་དང་། ། དེ་བཞིན་སྦྲུལ་ནི་ཁྲོ་བོ་བཅུ་གསུམ་སྟེ། ། སུམ་ཅུ་གང་ཡིན་རིགས་དེའི་ནང་དུ་གཏོགས། ། སྦལ་པའི་མགོ་དང་སྡིག་པ་ཁ་བརྒྱད་དང་། ། རྣམ་པར་དབྱེ་ན་རབ་ཏུ་མང་པོ་ཡོད། ། གཅིན་རྟུག་ཁ་ཆུ་རེག་དང་མཐོང་བ་དང་། ། མཆེ་བ་བཙུགས་པ་ལས་ནི་དུག་ཀྱང་གཏོང་། ། དེ་ལས་དུག་གི་རྒྱུད་ལ་མཁས་པ་ཡིས། ། རབ་འབྲིང་ཐ་མ་གསུམ་དུ་རྣམ་པར་ད་བྱེ། ། དུག་མོད་ཁྲ་བའི་དབང་བསྒྱུར་སྐྲག་པ་དང་། ། དེ་བཞིན་སྔངས་པའམ་བཀྲེས་པའི་ཟས་ཕྱིར་རམ། ། ཤ་ཁོན་ཡོད་པའམ་གཤིན་རྗེས་བསྟན་པའམ། ། ལུས་ལ་བརྫིས་ན་དེ་དག་ཟ་བར་བྱེད། ། ཟོས་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། ། མཆེ་བས་ཟིན་དང་སོས་བཅད་བཏབ་པའོ། ། གང་དུ་མཆེ་བ་གཅིག་གིས་ཁྲག་ཕྱུང་རྗེས། ། དེ་ནི་དུག་ཆུང་པས་ནི་ཟིན་པར་བཤད། ། གང་དུ་མཆེ་བ་ གཉིས་ཀྱིས་བཏབ་ནས་སུ། ། ཁྲག་དག་བྱུང་བར་གྱུར་པ་ཟོས་པའོ། ། གལ་ཏེ་མཆེ་བ་གསུམ་གྱིས་ཤ་བཅད་ན། ། དེ་ནི་བཅད་པར་གྱུར་པ་ཡིན་ཞེས་བསྟན། ། གང་དུ་མཆེ་བ་བཞི་ཡས་བཏབ་ནས་སུ། ། སྦྲུལ་གྱིས་ལུས་ནི་ཟོས་པར་གྱུར་པ་དེ། ། བཏབ་ནས་ཟས་པ་ཡིན་ཞེས་བཤད་ པ་སྟེ། །
BO
དེ་ནི་སྨན་རྣམས་ཀྱིས་ཀྱང་བཟློག་པར་དཀའ། ། མེ་ཡ་རང་བཞིན་གནད་རྣམས་འདྲ་ལ་བའི་དུག ། མཚོན་དང་མེ་དང་གཟི་བརྗིད་མཚུངས་པ་དང་། ། ཇི་ལྟར་སྔགས་ཀྱིས་རབ་ཏུ་ཞི་འགྱུར་བ། ། དེ་ལྟར་སྨན་པས་སྦྱོར་བས་མི་ནུས་སོ། ། ཅི་ལྟར་མེ་ཕུང་ཆེན་པོས་བུད་ཤིང་ལ། ། ངེས་པར་བསྲེགས་ལ་ཆུ་འབབ་སྐད་ཅིག་གིས། ། ཞི་བར་གྱུར་པ་དེ་བཞིན་དུག་དག་ནི། ། མེ་ཕུང་ལྟ་བུར་སྔགས་ཀྱིས་ཞི་བར་བྱེད། ། དུག་གི་མཐུ་སྟོབས་ཤེས་ནས་ར་བ་བསྒྲིམས་ནས། ། གསང་སྔགས་ཆོ་ག་བཞིན་བཟླས་བསྒྲུབས་ན་ནི། ། སྦྱོར་བ་འདིས་ནི་དུག་ཀྱང་འཕྲོག་པར་བྱེད། ། བ་ལང་ཁྱུ་ན་སེང་གེ་ཇི་ལྟ་བར། ། དུག་ཅན་སྦྲུལ་དང་དོགས་མེད་ལྷན་ཅིག་རྩེ། ། ལྷ་ཀླུ་ལྷ་མིན་གནོད་སྦྱིན་གྲུབ་པ་དང་། ། དྲི་ཟ་འབྱུང་པོ་མཚུན་དང་གསང་བ་དང་། ། {ཡི་དགས་,ཡི་དྭགས་}ཤ་ཟ་དང་ནི་ལུས་སྲུལ་པོ། ། སྨྱོ་བྱེད་མདངས་འཕྲོགས་པ་དང་གྲིབ་ནོན་དང་། ། ས་ཡི་སྟེང་ ན་གདོན་ནི་སྣ་ཚོགས་པ། ། མི་ཡེ་ཤ་ཆིལ་ཟ་ཞིང་ཁྲག་ཀྱང་འཐུང་། ། མྱ་ངན་འདོད་གདུངས་ཁྲོ་བས་ཉམ་ཐག་པའི། ། གླགས་སྐབས་རྙེད་ནས་ལུས་ལ་འཇུག་པར་བྱེད། ། དེ་དག་རྣམས་ཀྱིས་ཟིན་པའི་མི་འཕྱན་ཅིང་། །
BO
གླུ་ལེན་གར་བྱེད་དགོད་དང་ཁྲོ་བ་དང་། ། དགའ་ཞིང་རྔམ་པ་ཆེ་ལ་ སྨྲ་འདོད་དང་། ། སྤྱོད་པ་སྣ་ཚོགས་བྱེད་ཅིང་ལྷ་རྣམས་དང་། ། ལྷ་མིན་ལྟར་འཆོས་སྐྱེ་བོའི་བཞད་གད་བྱེད། ། གཏོར་མ་འདོད་པའམ་རྩེད་མོ་བྱེད་འདོད་པས། ། གསད་པའི་དོན་དུ་ལུས་ལ་འབབ་ཅིང་འཇུག ། གསང་བ་པ་རྣམས་གཞིག་ཕྱིར་རིག་པའི་མཆོག ། མཐུ་ཆེན་མཆོག་སྦྱིན་རྡོ་རྗེ་ལྕགས་ ཀྱུ་འམ། ། གཞན་ཡང་ང་ཡི་རིགས་བྱུང་རིག་པའམ། ། ཁྲ་བོ་བདུད་རྩི་ཐབ་སྦྱོར་སོགས་པས་གསོ། ། ཅི་ལྟར་རིག་སྔགས་འཛིན་པའི་མི་དག་ལ། ། གདོན་རྣམས་འཇིགས་པར་གྱུར་པ་དེ་ལྟར་ནི། ། མེ་མིན་རླུང་མིན་གྲོང་ཁྱེར་སུམ་བརྩེགས་དག ། འཇོམས་བྱེད་ག་ཟ་ཆེན་ཉི་མ་མེས་པོ་དང་། ། ཆུ་ བདག་མ་ཡིན་ལྷ་མིན་རྣམས་ཀྱིས་མིན། ། ནོར་བདག་མ་ཡིན་གནོད་སྦྱིན་རྒྱལ་པོས་མིན། ། ལྷག་མ་མཁའ་ལྡིང་བྱ་ཡི་རྒྱལ་པོ་དང་། ། ས་སྲུང་བུ་ཞོན་ཁྱེར་འཇིགས་རྣམས་ཀྱིས་མིན། ། འབྱུང་པོའི་རིགས་སྔགས་འདིར་ནི་ཀུན་མཐོང་དང་། ། གདོན་གྱིས་སྤྱོད་པ་མ་ལུས་ཤེས་ནས་སུ། ། ཕྱི་ནས་གདོན་རྣམས་དོགས་མེད་བཏུལ་ནས་ནི། ། གདོན་གྱིས་མི་འཇིགས་སླར་ཡང་ཚུགས་མི་འགྱུར། །
BO
རིགས་གསུམ་འཕེལ་དང་སྲིད་གསུམ་མཐར་ཕྱིན་དང་། ། ཉེས་པ་གསུམ་སྤངས་ལམ་གསུམ་ཐུགས་ཆུད་དང་། ། དེ་ཡི་སྲས་དང་དེའི་ལམ་རྗེས་འགྲོ་བའི། ། ལྷ་དང་ལྷ་མིན་སོགས་པས་ བཤད་པའི་སྔགས། ། བདག་ཉིད་ཆེན་པོའི་མུན་པ་སེལ་བ་ཡི། ། གསང་སྔགས་ཀྱིས་ནི་བྱིན་གྱིས་བརླབས་དེ་ལ། ། འཇིག་རྟེན་ལྷ་ཚོགས་རྣམས་ཀྱིས་བསྔགས་པ་ཡི། ། གསང་སྔགས་མཐུ་ཡིས་དེ་ལ་བསྐྱོད་དུ་མེད། ། རྡོ་རྗེ་འཆང་གི་གསུང་ཐོས་ལྷ་རྣམས་དང་། ། ཚངས་སོགས་ལྷ་ མིན་གནོད་སྦྱིན་གྲུབ་པ་དང་། ། རིག་འཛིན་ཀླུ་དང་གནོད་སྦྱིན་དྲི་ཟ་དང་། ། གསང་བ་པ་དང་མཚུན་དང་འབྱུང་པོ་རྣམས། ། དད་པས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ། གུས་པས་ཐལ་མོ་སྦྱར་ནས་ཆིག་གསོལ་པ། ། ཀྱེ་མའོ་སྲོག་ཆགས་རྣམས་ལ་ཐུགས་རྗེར་ལྡན། ། ཀྱེ་ མའོ་ཁྱོད་ཀྱི་སྤྱོད་པ་སྣ་ཚོགས་པས། ། ཁ་ཅིག་གིས་ནི་རྡོ་རྗེ་འབར་བར་མཐོང་། ། གཞན་གྱིས་ད་བྱིག་ཏོ་གཞན་གྱིས་འཁོར་ལོ་ཅན། ། དེ་བཞིན་གཞན་གྱིས་རྩེ་གསུམ་ཞགས་པ་ཅན། ། གཞན་གྱིས་རལ་གྲི་གཞུ་དང་བེ་ཅོན་དང་། ། འཇིགས་པའི་གཟུགས་ཅན་མཚོན་ཆ་ཀུན་ཐོགས་ དང་། ། གཞན་དག་གིས་ནི་ཞི་བ་ཉིད་དུ་མཐོང་། ། དུ་མའི་སྐུ་མངའ་དམིགས་མེད་སྐུ་མངའ་བར། །
BO
ལྷ་དང་གནོད་སྦྱིན་གྱིས་མཆོད་དེ་ལ་འདུད། ། ལྷ་མིན་ལྷ་ཡིས་ཞབས་ལ་ཕྱག་བགྱིས་པ། ། བྱང་ཆུབ་སེམས་དཔའ་མཆོག་ལ་ཕྱག་འཚལ་འདུད། ། རིག་པའི་དབང་ཕྱུག་གཞུ་འགེངས་ ཁྱོད་ལ་འདུད། ། ཁྱོད་ལ་བདག་ཅག་ཐམས་ཅད་ཕྱག་འཚལ་འདུད། ། ཁྱོད་ལ་བདག་ཅག་དེང་ནས་སྐྱབས་སུ་མཆི། ། ཁྱོད་ཀྱིས་ཅི་སྐད་གསུངས་པ་དེ་བཞིན་དུ། ། མི་ཡིས་ལེགས་པར་སྤྱད་པ་བགྱིས་ན་ནི། ། དེ་དག་མྱུར་དུ་དབུལ་བའི་མུན་བསལ་ནས། ། ཉི་མ་བཞིན་དུ་ཤིན་ཏུ་འབར་ བར་འགྱུར། ། ཡན་ལག་མི་ཉམས་སེམས་ཀྱང་མི་ཉམས་ཤིང་། ། ནད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ། ། ཁྱོད་ལ་དང་བའི་མིས་ནི་ཐོབ་པར་འགྱུར། ། དེ་སྐད་ཀུན་གྱིས་ཚིག་ཏུ་སྨྲས་ནས་ཀྱང་། ། རྡོ་རྗེ་འཛིན་ལ་ཡང་ཡང་ཕྱག་འཚལ་ཏེ། ། གཞལ་མེད་ཐེག་པར་མངོན་དུ་ཞུགས་ནས་ ཀྱང་། ། ཅི་ལྟར་འོངས་པའི་ནམ་མཁའི་ལམ་ལ་དོང་། ། ལྷ་རྣམས་དོང་ནས་ཕྱག་ན་རྡོ་རྗེ་ཡིས། ། དབུང་བཟང་ལ་ནི་ཚིག་ཏུ་ཡང་གསུངས་པ། ། ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱིས། ། ཁྱོད་ཀྱིས་འཇིག་རྟེན་འདིར་ནི་གྲགས་པར་གྱིས། ། དེ་སྐད་གསུངས་ནས་དབུང་བཟང་དེ་ཡིས་ནི། ། ལངས་ཏེ་གུས་པར་རབ་ཏུ་ཕྱག་འཚལ་ནས། །
BO
གཙང་བྱེད་སྡིག་འཇོམས་དཔལ་ཡོན་ལྡན་པ་འདི། ། མི་ཡི་འཇིག་རྟེན་ཁམས་འདིར་བསྒྲགས་པར་བགྱི། ། འཕགས་པ་དབུང་བཟང་གིས་ཞུས་པའི་ལེའུ་བཅུ་གཅིག་པའོ། ། ། ། འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་རྫོགས་{སྷོ,སོ}། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source