BO༄༅༅། ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་གུ་ཧྱཱ་ལྃ་ཀཱ་ར་བྱཱུ་ཧ་ཏནྟྲ་རཱ་ཛཱ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། བླ་མ་དང་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་ གུས་པས་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ ཤེས་ཕྱག་རྒྱ་ཆེན་པོའི་དམ་ཚིག་གི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེའི་སྐུ་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་རིན་པོ་ཆེ་ཆེན་པོའི་ཅོད་པན་གྱི་རྩེ་མོའི་གཙུག་ཕུད་ཀྱིས་དབང་བསྐུར་བ་བརྙེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཆེན་པོ་དང་ལྡན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ལས་སྣ་ཚོགས་པ་ཆེན་པོ་དང་།
BOདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་མཆོད་པ་ཆེན་པོ་ སྤྲོ་བའི་དམ་ཚིག་གི་གསང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ཆེན་པོ་དམ་ཚིག་གི་དེ་ཁོ་ན་ཉིད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་གསང་བ་ཆེན་པོའི་སྙིང་པོ་དང་། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་མངའ་བདག་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀུན་ཏུ་བཟང་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་དཔེ་ མེད་ཅིང་མི་མཉམ་པ་དང་མཉམ་པ་ནམ་མཁའ་ལྟ་བུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རིགས་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་པ་གཉིས་སུ་མེད་པར་གྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ དང་ཐུགས་རྡོ་རྗེ་ཡེ་ཤེས་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལ་དགའ་བ་དང་།
BOདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ལྷག་པའི་ལྷའི་སྙིང་པོ་མཛེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་རྒྱན་ ཆེན་པོ་བཀོད་པའི་དཀྱིལ་འཁོར་ཆེན་པོའི་སྙིང་པོ་ལ་ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེ་ཡེ་ཤེས་ཆེན་པོ་འབའ་ཞིག་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའང་འདི་ལྟ་སྟེ། སྒོ་མཐའ་ཡས་པ་ཞེས་བྱ་བའི་རྡོ་རྗེ་ཡུམ་ཆེན་མོ་དང་། ནམ་མཁའི་སྒོ་ ཞེས་བྱ་བའི་རྡོ་རྗེ་ཡུམ་ཆེན་མོ་དང་། ཨ་བོ་ཛའི་སྒོ་ཞེས་བྱ་བའི་རྡོ་རྗེ་ཡུམ་ཆེན་མོ་དང་། འགྱུར་བ་མེད་པའི་སྒོ་ཞེས་བྱ་བའི་རྡོ་རྗེ་ཡུམ་ཆེན་མོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བའི་རྡོ་རྗེ་ཡུམ་ཆེན་མོ་དང་། གཞན་ཡང་མ་ལུས་ཤིང་ལུས་པ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་ རྡུལ་ཕྲ་རབ་དང་མཉམ་པའི་བརྩོན་འགྲུས་དང་ལྡན་པའི་རྡོ་རྗེ་བཙུན་མོ་སྟོང་ཕྲག་བརྒྱ་ལའང་འདི་ལྟ་སྟེ། མདའི་མཚོན་ཆའི་ལག་ཅེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། དབང་ཕྱུག་ལ་ལྟ་བའི་རིམ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། ཉེ་བར་ཞི་བའི་བཞིན་རས་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་།
BOགྱེན་ དུ་བལྟ་བའི་བཞིན་རས་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། འདོད་པའི་ཟླ་མཚན་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། བརྡ་སྤྲོད་པ་མ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། འབྲི་བའི་སྒོ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། རོལ་བ་དང་ལྡན་པ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། འདོད་པའི་མཆོག་ཅེས་ བྱ་བའི་རྡོ་རྗེ་བཙུན་མོ་དང་། དབང་ཕྱུག་གི་བདེ་བའི་སྒོ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། དམིགས་པའི་སྒོ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། བྲང་ལས་སྐྱེས་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་སྟེ། དེ་དག་ལ་སོགས་པ་རྡོ་རྗེ་བཙུན་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏོ། ། གཞན་ ཡང་དཔག་ཏུ་མེད་པའི་རྡོ་རྗེ་ཕོ་ཉ་མོ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ཡང་འདི་ལྟ་སྟེ། སྙིང་སྐུལ་བར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་ཕོ་ཉ་མོ་ཆེན་མོ་དང་། གདུག་པ་ཐམས་ཅད་འགུགས་པ་ཞེས་བྱ་བའི་རྡོ་རྗེ་ཕོ་ཉ་མོ་ཆེན་མོ་དང་། རྗེས་སུ་མཉེས་པ་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་ཕོ་ཉ་ མོ་ཆེན་མོ་དང་། ཁྲག་འགུགས་པ་ཞེས་བྱ་བའི་རྡོ་རྗེ་ཕོ་ཉ་མོ་ཆེན་མོ་དང་།
BOཐམས་ཅད་འཕྲོག་པ་ཞེས་བྱ་བའི་རྡོ་རྗེ་ཕོ་ཉ་མོ་ཆེན་མོ་ལ་སོགས་པའོ། ། གཞན་ཡང་འཇིག་རྟེན་གྱི་ཁམས་རྒྱས་པའི་རྡོ་རྗེ་སྒོ་སྲུང་མ་ཆེན་མོ་རྣམས་དང་ཡང་ཐབས་ཅིག་སྟེ། དེའང་འདི་ལྟ་སྟེ། རྡོ་རྗེ་འབེབས་ པ་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུང་མ་ཆེན་མོ་དང་། དམ་ཚིག་གསུམ་ལྡན་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུང་མ་ཆེན་མོ་དང་། འཇིག་པའི་ཡན་ལག་ཅན་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུང་མ་ཆེན་མོ་དང་། ཐོག་མ་པ་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུང་མ་ཆེན་མོ་དང་། གདུལ་དཀའ་འདུལ་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུང་མ་ཆེན་ མོ་ལ་སོགས་པའོ། ། གཞན་ཡང་མི་མཉམ་པ་དང་མཉམ་པའི་རྡོ་རྗེ་བྲན་མོ་ཆེན་མོ་རྣམས་དང་ཡང་ཐབས་ཅིག་སྟེ། དེའང་འདི་ལྟ་སྟེ། སྐུ་གསུང་ཐུགས་ཐམས་ཅད་རྡོ་རྗེས་འཆིང་བ་མ་ཞེས་བྱ་བའི་རྡོ་རྗེ་བྲན་མོ་ཆེན་མོ་དང་། འཇིགས་པའི་མེའི་གདོང་ཞེས་བྱ་བའི་རྡོ་རྗེ་བྲན་མོ་ཆེན་མོ་ དང་། གཙིགས་ཤིང་རྣམ་པར་འགྱུར་བའི་གདོང་ཞེས་བྱ་བའི་རྡོ་རྗེ་བྲན་མོ་ཆེན་མོ་དང་། འཇིག་རྟེན་གསུམ་འཆིང་བ་ཞེས་བྱ་བའི་རྡོ་རྗེ་བྲན་མོ་ཆེན་མོ་དང་། བསྐལ་པར་གནས་པ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་བྲན་མོ་ཆེན་མོའོ། །
BOགཞན་ཡང་དཔེ་མེད་པའི་རྡོ་རྗེ་རོལ་པ་མོ་ཆེན་མོ་རྣམས་ དང་ཡང་ཐབས་ཅིག་སྟེ། དེའང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དགྱེས་པ་ཞེས་བྱ་བའི་རྡོ་རྗེ་རོལ་པ་ཆེན་མོ་དང་། ཀུན་ནས་འབེབས་པ་ཞེས་བྱ་བའི་རྡོ་རྗེ་རོལ་པ་ཆེན་མོ་དང་། འཇིག་རྟེན་གསུམ་རབ་ཏུ་འཇོམས་པ་ཞེས་བྱ་བའི་རྡོ་རྗེ་རོལ་པ་ཆེན་མོ་ དང་། རབ་ཏུ་དགའ་བའི་རྗེས་སུ་འགྲོ་བ་ཞེས་བྱ་བའི་རྡོ་རྗེ་རོལ་པ་ཆེན་མོ་དང་། ཐམས་ཅད་དགའ་བར་བྱེད་པ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་རོལ་པ་ཆེན་མོ་ལ་སོགས་པའོ། ། གཞན་ཡང་ནམ་མཁའི་ཁམས་ཐམས་ཅད་རྒྱས་པར་གང་བའི་རྡོ་རྗེའི་ཡབ་རྣམས་དང་ཡང་ཐབས་ཅིག་སྟེ། དེའང་འདི་ལྟ་སྟེ། འདོད་པའི་དབང་ཕྱུག་ཅེས་བྱ་བའི་རྡོ་རྗེའི་ཡབ་ཆེན་པོ་དང་། མཁའ་འགྲོའི་རྡོ་རྗེ་དབང་ཕྱུག་དང་། དྲིའི་དབང་ཕྱུག་དང་། སྟུག་པོ་བཀོད་པ་དང་། ཟླ་བའི་འོད་དང་། འདུན་པ་སྲེལ་དང་། སྐྱེ་བོ་ཡོངས་སུ་དོར་བ་དང་། ལེགས་པར་སྦྱངས་པ་དང་། འདོད་པའི་ རྡོ་རྗེ་དང་། གདུང་བ་སྐྱེད་པ་དང་། འདུལ་བར་བྱེད་པ་དང་། གདུག་པ་ཐམས་ཅད་སེལ་བར་བྱེད་པ་དང་། དེ་ཁོ་ན་ཉིད་ཀྱི་མགོན་པོ་དང་། གནས་པ་པོ་དང་། བརྩེ་བ་ཅན་དང་།
BOཆོས་འཆང་དང་། བསྐྱོད་པ་པོ་དང་། སྦོ་བ་པོ་དང་། འཆིང་བ་པོ་དང་། སྐོར་ བ་པོ་དང་། དེ་དག་ལ་སོགས་པ་རྡོ་རྗེ་ཡབ་རྣམས་སོ། ། གཞན་ཡང་མཐའ་ཡས་པའི་རྡོ་རྗེ་ཕོ་ཉ་མོ་འཕྲོག་པའི་རྡོ་རྗེ་བྲན་པོ་རྡོ་རྗེའི་ཚོགས་དང་ཐབས་ཅིག་སྟེ། དེའང་འདི་ལྟ་སྟེ། རྡོ་རྗེ་རླུང་ཞེས་བྱ་བ་དང་། རྡོ་རྗེ་མེ་དང་། རྡོ་རྗེ་མི་འཁྲུགས་པ་དང་། རྡོ་རྗེ་ཆུ་དང་། གཞན་ ཡང་རྡོ་རྗེ་རྒྱལ་པོ་ཆེན་པོ་བཞི་ལ་འདི་ལྟ་སྟེ། ཞི་བར་བྱེད་པ་དང་། རྒྱས་པར་བྱེད་པ་དང་། དབང་དུ་བྱེད་པ་དང་། མི་ཤེས་པ་ཐམས་ཅད་ཟད་པར་བྱེད་པ་སྟེ། དེ་དག་ལ་སོགས་པའོ། ། གཞན་ཡང་མཆོག་ཏུ་རྒྱ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་རབ་ཏུ་གནས་པའི་མཆོད་པ་དང་ ལྡན་པ་བཅོམ་ལྡན་འདས་སྟོན་པ་རྟག་པ་མཆོག་གི་མངའ་བདག་སྟེ། ཀུན་ཏུ་བཟང་པོའི་སྐུ་ཡི་ནི། ། འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་སྤྲོས། ། བཅོམ་ལྡན་རྡོར་འཛིན་ལེགས་པར་བཞུགས། ། གསང་བ་རྒྱན་གྱི་སྦྱོར་བས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ སྐྱེད་པར་བྱེད་པའི་ཡུམ་གསང་བའི་རྡོ་རྗེ་འདུས་པ་ཐོབ་སྟེ།
BOདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང་ལྷན་ཅིག་ཏུ་དགའ་བའི་བདེ་བ་རྗེས་སུ་བྱུང་སྟེ་འཁོར་དང་བཅས་པ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ། རྡོ་རྗེའི་གླུ་འདིས་མངོན་པར་བསྟོད་ནས་ཞུ་བ་ཞུས་པ། སངས་ རྒྱས་ཀུན་དོན་ཁྱོད་ཕྱག་འཚལ། ། རྡོ་རྗེ་འབྱུང་བ་ཁྱོད་ལ་འདུད། ། ཐུགས་ཀྱི་རིན་ཆེན་མཆོག་ཁྱོད་འདུད། ། ཆོས་ཀྱི་བློ་གྲོས་ཁྱོད་ལ་འདུད། ། ཆོས་རྣམས་ཀུན་མཆོག་ཁྱོད་ལ་འདུད། ། སྣ་ཚོགས་དགོངས་པ་ཁྱོད་ལ་འདུད། ། དམ་ཚིག་མཆོག་གི་མཆོག་ཁྱོད་འདུད། ། རྡོ་རྗེ་ སེམས་དཔའ་ཕྱག་འཚལ་འདུད། ། གྲགས་པ་ཆེན་པོ་བདག་ཅག་ནི། ། མགོན་པོ་ཁྱོད་ལ་ཞུ་བ་ཞུ། ། སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཡུམ། ། དཀྱིལ་འཁོར་གྱི་ནི་དཀྱིལ་འཁོར་མཆོག ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ རྡོ་རྗེའི་ཡུམ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྣམས་དེ་སྐད་མ་སྨྲ་ཞིག །
BOའཇིག་རྟེན་ཐམས་ཅད་ལ་ཁྱབ་པའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདི་ལ་མ་འོངས་པའི་སེམས་ཅན་རྣམས་དད་པར་མི་འགྱུར་ཞིང་རང་གི་སེམས་ཡོངས་ སུ་སུན་འབྱིན་ལ་དེས་མ་མཐོང་བའི་ཆོས་ལ་མ་དད་པས་རང་གི་སེམས་ཡང་དག་པར་སུན་ཕྱུང་སྟེ། མནར་མེད་པ་རྣམས་སུ་སྐྱེས་ནས་བསྐལ་པ་སྟོང་ཕྲག་མང་པོར་མནར་མེད་པའི་སྡུག་བསྔལ་རྗེས་སུ་འབྱུང་བར་འགྱུར་རོ། ། དེ་བརྒྱ་ལམ་ན་མནར་མེད་པའི་སྡུག་བསྔལ་ལས་གྲོལ་ཏེ། མི་རྣམས་ སུ་སྐྱེས་པར་གྱུར་ཀྱང་རྣམ་པར་འགྱུར་བའི་བཞིན་དུ་འགྱུར་རོ། ། བརྗེད་ངས་པ་རྣམས་དང་། བློ་གྲོས་ཆུང་བ་རྣམས་དང་། ཁྱི་དང་། བྱ་རོག་དང་། བྱི་ལ་དང་། ཕག་དང་། སྟག་དང་། གླང་པོ་ཆེ་དང་། སེང་གེའི་ང་རོ་འདྲ་བདག་ཏུ་འགྱུར་རོ། ། དེ་དང་འདྲེ་བར་མི་བྱ་ཞིང་ བལྟ་བར་མི་བྱའོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་ཡུམ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་དེ་རྣམས་ཀྱི་མནར་མེད་པའི་སྡུག་བསྔལ་ཟད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། གང་གིས་འདིའི་མིང་གཟུང་ན་ཡོངས་སུ་ཟད་པར་འགྱུར་རོ། །
BOབསོད་ནམས་དེའི་རྒྱུས་དེའི་ལས་ཀྱི་སྒྲིབ་པ་ཟད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་འགྱུར་རོ། ། དེ་ནས་དེ་དག་ཡིད་དགའ་བ་སྐྱེས་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བསྟན་དུ་གསོལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུས་དཀྱིལ་འཁོར་ཆེན་པོའི་རྒྱལ་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་གང་མ་འོངས་པའི་སེམས་ཅན་རྣམས་ཀྱིས་དྲན་པ་ཙམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་ འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་བཟང་པོ་ཆེན་པོ་འོད་འཕྲོ་བ་གསལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དམ་པ་འདི་བཀའ་སྩལ་པ། དཀྱིལ་འཁོར་ ཀུན་གྱི་ཡུམ་གྱུར་པ། ། སྟོང་ཉིད་ཡེ་ཤེས་ཉིད་དུ་བཤད། ། ཅི་ཞིག་ང་ཡིས་བསྟན་པར་བྱ། ། རྟོག་པ་ཐམས་ཅད་རྣམ་པར་སྤངས། ། སེམས་ཅན་རྣམས་ལ་ཕན་བཞེད་པ། ། གང་ཞིག་ཅུང་ཟད་བསྟན་པར་བྱ། ། དེ་ཀུན་སྒྱུ་མས་སྒྱུ་མའོ། ། འགྲོ་ བ་སྒྱུ་མ་ལྟ་བུར་ཤེས། ། དེས་ན་སྒྱུ་མ་ལྟ་བུ་ཡིས། ། སྒྱུ་མ་ལྟ་བུའི་དཀྱིལ་འཁོར་བྱ།
BO། ནམ་མཁའི་ཁམས་ཀྱིས་ཁྱབ་པ་ཡི། ། ཐམས་ཅད་ཡུམ་གྱིས་ཡང་དག་འཁྲུགས། ། ཕྱི་རོལ་ཡང་ནི་བརྟག་པར་བྱ། ། གསང་བའི་དཀྱིལ་འཁོར་ཡུམ་རྣམས་ཀྱིས། ། དབེན་ཞིང་ དགའ་བའི་གནས་སུ་ནི། ། ཡིད་ཀྱི་ལེགས་པར་འདུས་བྱས་པ། ། ནམ་མཁའ་ལ་ནི་ཐིག་གིས་གདབ། ། ཐོག་མར་དེ་ཡིས་དམ་པས་སོ། ། དེ་ནས་རྣལ་འབྱོར་ཆེན་པོས་ཐིག ། གསང་བའི་ཡུམ་གྱི་དཀྱིལ་འཁོར་རོ། ། མུ་ཁྱུད་དག་གི་རྣམ་མདུན་དུ། ། ཀུན་ནས་ཡོངས་ སུ་བསྐོར་བར་བྱ། ། དབུས་ཀྱི་ཆ་རུ་དཀྱིལ་འཁོར་ནི། ། འཁོར་ལོ་ལྟ་བུར་བྲི་བར་བྱ། ། ཀུན་ནས་བརྒྱད་གཉིས་མཛེས་པ་ནི། ། དཀྱིལ་འཁོར་བཞི་ཡི་དབུས་སུའོ། ། འཁོར་ལོའི་ལྟེ་བའི་དབུས་སུ་ནི། ། པདྨ་ཟེའུ་འབྲུ་ལྡན་པ་བྲི། ། མཚམས་དང་མཚམས་སུ་འདབ་མ་ནི། ། ཇི་ལྟ་ བ་བཞིན་བསྙེམས་བཅས་པས། ། སྲད་བུ་ལྔ་ཡིས་ཡང་དག་འཁྲུགས། ། སྲད་བུ་བཞི་ཡིས་ཉེ་བར་སྤྲས། ། སྒོ་བཞི་དང་ནི་ཡང་དག་ལྡན། ། རྟ་བབས་སེང་གེ་དག་གིས་བརྒྱན། ། གདུགས་དང་རྒྱལ་མཚན་བ་དན་སོགས། ། བླ་རེས་སྟེང་དུ་བྲེས་པ་དང་། ། རིན་ཆེན་རྡོ་རྗེས་ པད་ལྡན་སྔོན། ། དཔག་བསམ་ཤིང་གི་ལྕུག་མས་ཁྱབ། ། བུམ་བཟང་རིན་ཆེན་ལྡན་པའི་མཆོག ། རྒྱན་ཕྲེང་གླང་པོ་ལྡན་པ་ནི།
BO། ཕྱི་རོལ་གནས་ཏེ་ལེགས་པར་བྲིས། ། རྟོག་དང་མི་རྟོག་རྣམ་སྤངས་ཏེ། ། དཀྱིལ་འཁོར་རྒྱལ་པོའི་དབུས་སུ་ནི། ། གསང་བ་རྒྱན་གྱི་རྡོ་རྗེ་བྱ། ། མཉམ་པར་གཞག་ཅིང་སྤྲོ་བ་ཡིས། ། སེམས་ཀྱིས་བྲི་བ་ཉིད་དུ་བྱ། ། དེ་ནས་ལྷ་མོ་ཞལ་བཞི་མ། ། ཤེས་རབ་ཕ་རོལ་ཕྱིན་དགེ་བ། ། ཕྱག་བཞི་པ་ལ་སྤྱན་ཡངས་མ། ། ཕྱག་གཉིས་ཀྱིས་ནི་ཆོས་འཆད་ཅིང་། ། བཞི་པའི་གཡས་པར་རྡོ་རྗེ་སྟེ། ། གཡོན་པ་པདྨས་རྣམ་པར་བརྒྱན། ། དཀར་དང་དམར་པོ་ཆེར་སྔོ་བ། ། སྔོ་བསངས་རིན་ཆེན་མཆོག་མཛེས་འོད། ། གཙུག་ན་རིན་ཆེན་གཙུག་ཏོར་ཆེ། ། གཙུག་རྒྱན་ཅོད་པན་དམ་པ་ཅན། ། སྐལ་བ་ཆེན་པོ་འོད་ལྡན་མ། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། ། གོས་ཀྱིས་སྟོད་ནི་ལེགས་བསྒྲིབས་པ། ། བཞིན་གྱི་དཀྱིལ་འཁོར་འཛུམ་བཅས་ཤིང་། ། སྣ་ཚོགས་གོས་ནི་ལེགས་གྱོན་པ། ། དབུ་མའི་ཞལ་རས་གསེར་གྱི་འོད། ། ཞབས་གཉིས་དབུས་སུ་འཁོར་ལོ་སྟེ། ། མདུན་ན་རིན་ཆེན་བདུན་གནས་པ། ། པདྨ་མཆོག་ལྡན་སེང་གེའི་ཁྲི། ། ཟླ་བ་རྡོ་རྗེ་འཛིན་པའི་གདན། ། ཉི་ མའི་དཀྱིལ་འཁོར་འོད་འཕྲོ་བ། ། རྒྱབ་ཏུ་ཉི་མའི་དཀྱིལ་འཁོར་ནི། ། དཔའ་བོ་དེ་ཡིས་བྲི་བར་བྱ། །
BOའདི་ཡི་མདུན་དུ་བྲི་བྱ་བ། ། དཔའ་བོ་མཐའ་ཡས་པ་ཡི་ཞལ། ། སྟོང་ཕྲག་དུ་མའི་ཕྱག་ལྡན་མ། ། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། ། རྒྱན་རྣམས་ཀུན་གྱིས་ རྣམ་པར་བརྒྱན། ། ཕྱག་གིས་རྡོ་རྗེ་པདྨ་འཆང་། ། སྣ་ཚོགས་ཕྱག་རྒྱས་ཕྱག་གཞན་དཀྲིགས། ། གཙུག་ལྡན་དར་གྱི་ཅོད་པན་ཅན། ། དབུ་རྒྱན་པདྨའི་བཞིན་རས་མ། ། ཟླ་བའི་དཀྱིལ་འཁོར་དག་ལ་བཞུགས། ། དེ་འོད་ཉི་མ་ལྟ་བུའི་འོད། ། དཔའ་བོའི་རྣལ་འབྱོར་ལྡན་པ་ཡི། ། དཔའ་བོ་དེས་ནི་བྲི་བར་བྱ། ། རྡོ་རྗེ་སེམས་དཔར་བདག་བསྒོམས་ཏེ། ། དེར་ནི་བསྙེམས་པས་འགྲོ་བར་བྱ། ། དཔའ་བོས་ལྷོ་རུ་བྲི་བྱ་བ། ། གཤིན་རྗེའི་འདབ་མ་མཛེས་པ་ལ། ། མཆོག་སྦྱིན་ནམ་མཁའ་དགེ་མ་ཡང་། ། རིན་ཆེན་ཁྲི་ལ་ལེགས་པར་བཞུགས། ། བཞིན་རས་སྔོ་ ལ་སྤྱན་དཀར་བ། ། འཛུམ་བཅས་ནོར་བུའི་འོག་པག་ཅན། ། མགུལ་རྒྱན་རིན་ཆེན་ཕྲེང་བ་མཆོག ། རྐང་གདུབ་གདུ་བུ་རིན་པོ་ཆེ། ། ཡིད་བཞིན་ནོར་བུའི་ལག་པ་ཅན། ། སྦྱིན་པའི་ཕ་རོལ་ཕྱིན་དགོངས་མ། ། དེ་ནས་བློ་ལྡན་རབ་སོང་སྟེ། ། ནུབ་ཏུ་ཡང་ནི་དེ་བཞིན་དུ། ། དཔལ་ དང་ལྡན་པས་ལེགས་པར་བྲི། ། ཆུ་ལས་སྐྱེས་མ་ཡིད་འཕྲོག་མ། ། དམར་པོའི་གོས་འཛིན་དག་པ་མ། །
BOགཙུག་ན་ཅོད་པན་གྱིས་སྤྲས་མ། ། སྦྲུལ་རྒྱན་སྣ་ཚོགས་ལུས་ཅན་མ། ། དར་དང་རིན་ཆེན་གྱིས་བཀླུབས་མ། ། པདྨ་འབྱེད་པའི་སྦྱོར་བ་ཡི། ། ཕྱག་གི་ལོ་འདབ་དང་ལྡན་ པས། ། ཟླ་བའི་གདན་ལ་ཡང་དག་བཞུགས། ། ཉི་མ་དུ་མའི་སྣང་བ་ཅན། ། ཇི་ལྟར་རིགས་པ་བྲི་བར་བྱ། ། དེ་ནས་བྱང་དུ་ཕྱིན་ནས་སུ། ། སོང་སྟེ་དཔའ་བོས་བྲི་བྱ་བ། ། མི་གཡོ་བཞིན་རས་གྲགས་ཆེན་མ། ། མར་གད་འབར་བ་མཚུངས་པ་མོ། ། དཀར་ པོའི་དར་གྱིས་ཡང་དག་བཀླུབས། ། གཙུག་ན་ནོར་བུ་ཅོད་པན་བཟང་། ། གཙུག་རྒྱན་སྣ་ཚོགས་དག་གིས་སྤྲས། ། རྡོ་རྗེ་དྲིལ་བུའི་ལག་བཀྲ་མ། ། སྣ་ཚོགས་རྒྱན་དང་གོས་ལྡན་པས། ། ཟླ་བའི་གདན་ལ་ཡང་དག་བཞུགས། ། འོད་ཀྱིས་གཏམས་པའི་དཀྱིལ་འཁོར་མཆོག ། དེ་ནས་ མཚམས་ཀྱི་འདབ་མ་ལ། ། མེ་ཏོག་བདུག་པ་དྲི་ལྡན་མ། ། རྡོ་རྗེ་སྣང་བྱེད་དག་པ་མའི། ། མཆོད་པ་སྔགས་རིག་པ་ཡིས་བྲི། ། གཟུགས་སྒྲ་དྲི་དང་རོ་དང་རེག ། རང་གི་བདག་པོའི་ཕྱོགས་སུའོ། ། འདབ་མ་འདབ་མར་ཐམས་ཅད་དུ། ། བཞད་དང་སྒེག་དང་དབྱངས་ཆེན་མོ། ། གར་གྱི་ཕྱག་རྒྱ་གྲགས་ཆེན་པོ། ། སྔགས་པས་འབད་དེ་བྲི་བར་བྱ། ། པདྨ་ལས་སྐྱེས་འདབ་མ་ལ། ། ཐམས་ཅད་དུ་ནི་འགྲུབ་པ་བྲི། །
BOསྒོ་རྣམས་དག་ནི་ཐམས་ཅད་ལ། ། སྒོ་སྐྱོང་བ་ནི་རྣམ་བཞི་དང་། ། ཕྱི་རོལ་དུ་ཡང་ལྷ་ལ་སོགས། ། མིང་ནི་ཡང་དག་བྲི་བར་བྱ། ། དེ་ནས་ཁྲུས་ བྱས་ལུས་བྱུགས་ལ། ། མེ་ཏོག་བདུག་སོགས་ཀྱིས་བདུགས་ཏེ། ། སྣ་ཚོགས་གོས་ནི་རབ་གྱོན་ལ། ། མེ་ཏོག་ཕྲེང་དང་གོས་ཀྱིས་བརྒྱན། ། གཙུག་ཕུད་ཅོད་པན་དང་ལྡན་ཞིང་། ། མཛེས་པའི་དར་གྱིས་ཡང་དག་བཀླུབས། ། རྡོ་རྗེ་དྲིལ་བུ་ལག་པར་ལྡན། ། སྦྱོར་བ་བཟང་པོའི་རྣམ་ གཞག་གིས། ། དེ་ནས་ཐམས་ཅད་དགུག་པར་བྱ། ། རྡོ་རྗེ་མ་མོ་དཀའ་ཐུབ་ཆེ། ། བཟློག་དང་རྣལ་མའི་ཕྱག་རྒྱ་ཡིས། ། རྡོ་རྗེ་སེམས་དཔའ་བཟླས་ནས་སུ། ། རྡོ་རྗེའི་སྦྱོར་བས་གར་བྱ་ཞིང་། ། ལན་གསུམ་དུ་ནི་གཡས་བསྐོར་བས། ། རྡོ་རྗེ་མ་མོའི་དཀྱིལ་འཁོར་རྣམས། ། དམ་ ཚིག་ལྡན་པ་ཐམས་ཅད་བྱོན། ། གླུ་དབྱངས་ཀྱི་ནི་རྒྱལ་པོས་བསྐུལ། ། རང་གི་སློབ་མའི་ཚོགས་གར་གྱིས། ། དྲེགས་པ་ཡིས་ནི་གཡས་དང་གཡོན། ། འགྱིང་བ་དང་ནི་འདུད་པར་བྱ། ། འདིར་གཤེགས་འདིར་གཤེགས་སེམས་ཅན་དོན་མཛད་བརྩོན་པ་པོ། ། སེར་སྣ་མི་མངའ་ སངས་རྒྱས་ཚོགས་མཆོག་མཐའ་དག་དང་། ། བདེ་གཤེགས་དམ་པའི་ཡུམ་གྱུར་སྲིད་པའི་སྐྱེད་པ་པོ། །
BOཕ་རོལ་དོན་མཛད་དུས་ལ་དེ་རིང་བབ་པ་ལགས། ། ཞེས་སོ། ། དེ་ནས་དེ་དག་རང་ཉིད་ཀྱིས། ། རྫུ་འཕྲུལ་རྣམ་པར་འཕྲུལ་པས་བྱོན། ། མཚན་མ་དག་ནི་བཟང་པོ་ རྣམས། ། དཀྱིལ་འཁོར་དག་ཏུ་བལྟ་བར་བྱ། ། རང་ངམ་གཞན་ལ་འབབ་སོགས་པའི། ། མཚན་མ་ཇི་ལྟར་མཐོང་བ་ན། ། དེ་ཚེ་ངེས་པར་མ་མོ་ནི། ། བདེ་གཤེགས་ཐུགས་ཀྱི་དགོངས་པར་བྱོན། ། དེ་ནས་མཆོད་ཡོན་ཞབས་བསིལ་ཆོ་ག་ཇི་བཞིན་རབ་བརྟགས་ཏེ། ། དེ་ཚེ་ བབས་པའི་སེམས་ཅན་བསོད་ནམས་ལྡན་ལ་དྲི་བར་བྱ། ། གལ་ཏེ་དེ་ནི་མི་སྨྲ་བ་ན་ཧཱུྃ་གི་ཡི་གེ་དང་། ། ལྡན་པའི་གླུ་དབྱངས་ཅན་གྱིས་ཡོངས་སུ་བསྐུལ་བ་ཉིད་དུ་བྱའོ། ། དེ་ནས་ཤེས་རབ་ལྡན་མ་གཞུག ། སློབ་མའི་གཙོ་བོ་ཐལ་སྦྱར་ཏེ། ། མིག་ལ་མིག་དར་གྱིས་གཡོགས་ ལ། ། རབ་དགའ་བདག་ཡིན་ཡང་དག་དགའ། ། མ་མོ་ཐམས་ཅད་ལ་དམིགས་ཏེ། ། དེར་ནི་མེ་ཏོག་དོར་བར་བྱ། ། མེ་ཏོག་གང་ལ་ལྷུང་གྱུར་པ། ། མ་མོ་དེ་ནི་དེ་ཡིས་འགྲུབ། ། དེ་ནས་{གོ་རིམས་,གོ་རིམ་}ཇི་བཞིན་དུ། ། སྒོ་སྐྱོང་བ་ནས་བརྩམས་ནས་སུ། ། ཤེས་རབ་ཕ་རོལ་ ཕྱིན་པའི་བར། ། སློབ་མ་ལ་ནི་བཤད་པར་བྱ། ། དམ་ཚིག་ཐོབ་པར་གྱུར་ནས་སུ། ། སྡོམ་པ་དག་ནི་གཟུང་བར་བྱ། །
BOམ་མོའི་སྔགས་དང་ཕྱག་རྒྱ་ནི། ། མཉམ་པར་གཞག་པས་བསྟན་པར་བྱ། ། གཞན་དུ་སློབ་དཔོན་བློ་ངན་ནི། ། ངེས་པར་དམྱལ་བར་འགྲོ་བར་འགྱུར། ། དེས་ཀྱང་ཡང་དག་དེ་འགྲུབ་ཅིང་། ། མྱུར་དུ་དམྱལ་བར་འགྲོ་བར་འགྱུར། ། བགེགས་དང་ལོག་པར་འདྲེན་པའམ། ། རིམས་དང་གདོན་དང་དུག་སོགས་ཀྱིས། ། གདུངས་ཏེ་ནད་ཀྱིས་རྒྱུན་དུ་ནི། ། འཆི་བ་རུ་ཡང་འགྱུར་བ་ཡིན། ། རྡོ་རྗེ་སློབ་དཔོན་སྨད་པ་ན། རྟག་ཏུ་ དམྱལ་བ་ཉིད་དུ་ནི། ། རབ་ཏུ་རྨོངས་པའི་སློབ་མ་འགྲོ། ། མཁའ་ལས་རྡོ་རྗེ་ཇི་བཞིན་ནོ། ། དེས་ན་བུ་ཀྱེ་དམ་ཚིག་ནི། ། ཁྱོད་ཀྱིས་རྟག་ཏུ་སྲུང་བར་བྱོས། ། མ་མོ་ཀུན་གྱི་སྡོམ་པ་ནི། ། ཐེག་པ་ཆེན་པོའི་ཆོ་གས་གནས། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་ལ་ བཞུགས་ཏེ། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་ཡུམ་རྣམས་ཀྱི་དམ་ཚིག་བཀའ་སྩལ་པ། ། རིན་ཆེན་སེམས་ཀྱི་དམ་ཚིག་གིས། ། རྣམ་པ་གསུམ་ནི་སྦྱང་བར་བྱ། ། ཐོག་མཐའ་བར་གྱི་སྦྱོར་བ་ཡིས། ། ཆུང་འབྲིང་མཆོག་གི་དབྱེ་བ་ཡིས། ། དེ་འདྲའི་དམ་ཚིག་ཡང་ དག་པ། ། སངས་རྒྱས་ཀུན་གྱིས་བཀའ་སྩལ་ཏོ། ། ཇི་སྲིད་སེམས་ནི་སྦྱངས་ཀྱི་བར། ། འབད་པ་ཡིས་ནི་བསྒོམ་པར་བྱ། །
BOབུད་མེད་ཐམས་ཅད་མཐོང་བ་ན། ། ལན་གསུམ་དུ་ནི་བསྐོར་ནས་ཀྱང་། ། སྤྱི་བོར་ཕྱག་ནི་བྱས་ནས་སུ། ། ལན་གསུམ་བར་དུ་གསོལ་བ་གདབ། ། བདག་ནི་མ་ཁྱོད་བུ་ཡིན་ཏེ། ། ཇི་སྲིད་བྱང་ཆུབ་ཐོབ་པར་འགྱུར། ། བྱང་ཆུབ་ཡན་ལག་ནུ་མ་ལས། ། བྱུང་མ་རང་གི་འོ་མས་སྐྱོངས། ། དེ་ནས་སྦྱོར་ལྡན་རབ་དགེ་བའི། ། དབང་བསྐུར་བ་ནི་སྦྱིན་པར་བྱ། ། གསེར་ལ་སོགས་པའི་བུམ་པ་རུ། ། དྲི་ཡི་ཆུས་ནི་ཡོངས་བཀང་ལ། ། དར་དང་རས་སོགས་ཀྱིས་གཡོགས་ཏེ། ། མེ་ཏོག་ཆུན་པོས་མགུལ་བརྒྱན་ནས། ། རིན་ཆེན་སྨན་གྱིས་རབ་བཀང་བའི། ། གཅིག་ལྷག་བཅུ་དྲུག་བཟང་པོ་ལ། ། མ་མོའི་སྙིང་པོ་ཉིད་ཀྱིས་ནི། ། བརྒྱ་རྩ་བརྒྱད་དུ་བཟླས་པ་ཡིས། ། སྔགས་ཤེས་པས་ནི་དབང་བསྐུར་རོ། ། སློབ་མ་ཞི་བ་བཟང་པོ་ཡིས། ། ཐོག་མར་ཞུ་བ་བྱས་ནས་ཀྱང་། ། ཞབས་གཉིས་ལ་ནི་མགོས་བཏུད་ནས། ། བདག་ནི་ཆེ་གེ་མོ་རྡོ་རྗེ། ། བྱང་ཆུབ་སེམས་ནི་རྣམ་བསྒོམས་པའོ། ། སློབ་དཔོན་ཞབས་ཀྱི་ཆུ་སྐྱེས་ལ། ། དབང་བསྐུར་ཕྱིར་ནི་ཞུ་བ་བགྱིད། ། སྐལ་བ་ཆེན་པོ་བདག་ ལ་སྩོལ། ། སློབ་དཔོན་མཆོག་ཏུ་རྨད་བྱུང་བ། ། དབང་བསྐུར་རྒྱལ་བ་ཐམས་ཅད་ཀྱིས། ། སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །
BOདེས་ནི་བདག་གི་སེམས་ཅན་རྣམས། ། དོན་གྱི་དམ་པ་བདག་གིས་བགྱི། ། སངས་རྒྱས་ཀུན་གྱིས་དོན་བགྱིད་པ། ། བརྟུལ་ཞུགས་བཟང་ པོ་ཁྱོད་ཀྱི་དྲིན། ། དེ་ནས་དབང་བསྐྲུར་སྦྱོར་བ་ཡིས། ། རྡོ་རྗེ་སེམས་དཔའི་གོ་འཕང་གནས། ། སློབ་མས་ཡེ་ཤེས་རྡོ་རྗེ་ཡི། ། གོ་འཕང་ལ་ནི་བཞག་ནས་སུ། ། བུམ་པ་བཟང་པོ་གཅིག་གམ་ནི། ། ཡང་ན་བཅུ་དྲུག་དག་གམ་ནི། ། ལྔའམ་ཡང་ན་བཅུ་ཡིས་ནི། ། དཀྱིལ་འཁོར་ དུ་ནི་དབང་བསྐུར་རོ། ། དཀྱིལ་འཁོར་གྱི་ནི་མདུན་དུ་ནི། ། དཀྱིལ་འཁོར་པདྨ་བྲི་བར་བྱ། ། པདྨ་འདབ་མ་བརྒྱད་པ་ལ། ། གེ་སར་ལྟེ་བ་ལྡན་པར་བྲི། ། དེ་ཡི་དབུས་སུ་རྡོ་རྗེ་བྲི། ། སྣ་ཚོགས་རྡོ་རྗེ་འོད་ཟེར་ཕྲེང་། ། དེ་ཡི་མདུན་དུ་འཁོར་ལོ་བྲི། ། ཆེན་པོ་རིན་ཆེན་བདུན་གྱིས་ བསྐོར། ། ལྷོ་ཡི་ཕྱོགས་སུ་རིན་པོ་ཆེ། ། ནུབ་ཏུ་པདྨ་ཉིད་ཡིན་ཏེ། ། བྱང་དུ་རལ་གྲི་ཆེན་པོའོ། ། འབར་བའི་ཕྲེང་འཁྲུགས་འོད་ཟེར་ཅན། ། གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། ། མེ་ཏོག་བདུག་པ་དྲི་ཞིམ་པ། ། འོད་ལྡན་པ་ནི་སྐལ་བ་ཆེ། ། སྒོ་དང་སྒོ་རུ་བཞི་ཉིད་དོ། ། ཕྱི་ རོལ་དུ་ཡང་མི་འཆི་ཀུན། ། གཅིག་ནས་གཅིག་ཏུ་རྒྱལ་སྒྲོགས་པ། །
BOབདེ་བྱེད་གཅེར་བུའི་ཆ་ལུགས་ཏེ། ། མིང་ཐོས་པ་དང་ལྡན་པའོ། ། དཀྱིལ་འཁོར་དེ་ཡི་དབུས་སུ་ནི། ། སློབ་མ་བསྙེམས་དང་བཅས་པ་བཞག ། ཆོས་ཀྱི་རང་བཞིན་གཏམ་བརྗོད་དེ། ། དེ་རིང་ཁྱོད་ནི་རིགས་ སུ་སྐྱེས། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེ། ། རྟག་པ་དམ་པའི་དབང་ཕྱུག་པ། ། ཐབས་དང་ཤེས་རབ་ལྡན་པའི་དཔལ། ། དག་པའི་དབང་ཕྱུག་ཀུན་གྱི་བདག ། རྡོ་རྗེ་པདྨ་ལག་བྱིན་ཏེ། ། གནང་བ་བཟང་པོ་རབ་ཏུ་སྦྱིན། ། བུ་ཡིས་བྱ་བ་ཆེན་པོ་གྱིས། ། སངས་རྒྱས་ཀུན་ གྱི་གོ་འཕང་གནས། ། དེར་ནི་སྦྱོར་བ་འོངས་ནས་སུ། ། གསང་བའི་སྡོམ་པ་སྦྱིན་པར་བྱ། ། འདི་ནི་མཆོག་ཏུ་དགའ་བ་སྟེ། ། ཡུམ་རྣམས་རབ་ཏུ་རྨད་བྱུང་བའོ། ། དུས་སུ་འདོད་པ་ཉིད་དུ་གྱིས། ། དམ་ཚིག་མཆོག་ཏུ་གྱུར་པའོ། ། བརྟུལ་ཞུགས་བཟང་པོས་ཅི་འབྱོར་པས། ། དེ་ནས་ཡོན་ནི་ཕུལ་བྱས་ནས། ། སློབ་དཔོན་གྱི་ནི་ཞབས་ལ་འདུད། ། མ་དང་ཆུང་མ་བུ་མོ་དང་། ། སྲིང་མོ་སྲིང་མོའི་བུ་མོ་དང་། ། བུ་རྣམས་དང་ནི་བདག་ཉིད་དང་། ། རྒྱལ་པོ་ལོངས་སྤྱོད་གཏེར་དང་ནི། ། ནོར་དང་འབྲུ་དང་གྲོང་ཤིང་རྟ། ། གླང་པོ་རྟ་དང་བ་གླང་སོགས། ། མ་ ཧེ་དང་ནི་མ་ཧེ་མོ། ། གཞན་དང་གཞན་ཡང་ཅི་འདོད་པ།
BO། བླ་མ་ལ་ནི་ཆེན་པོས་དབུལ། ། བྱ་དང་མི་བྱ་རྫས་ཀྱི་མཆོག ། ཐམས་ཅད་ཀྱང་ནི་དབུལ་བར་བྱ། ། དེ་ནས་བཅོམ་ལྡན་མ་རྣམས་ལ། ། རྒྱན་ཕྲེང་རྣམས་དང་བཞད་གད་དང་། ། སྒེག་དང་རྩེ་འཇོ་དགའ་བ་དང་། ། རབ་ཏུ་དགའ་བའི་བདེ་ཆེན་དང་། ། བཟའ་བཏུང་བཅའ་བ་ལ་སོགས་པའི། ། རྣམ་པ་དུ་མ་ཐམས་ཅད་ཀྱིས། ། མཆོད་ནས་གཤེགས་སུ་གསོལ་བར་བྱ། ། སེམས་ཅན་ཀུན་གྱི་དོན་དང་ནི། ། བདག་གི་ཡང་ནི་ཆེད་ཆེར་མཛད། ། བདེ་གཤེགས་གང་དུ་གཤེགས་ པ་དེར། ། མ་མོ་ཐམས་ཅད་གཤེགས་སུ་གསོལ། ། ཤེས་རབ་ལྡན་པས་ཡོན་ཕུལ་ཏེ། ། སློབ་མའི་མཆོག་དང་བཅས་པ་ཡིས། ། གར་བྱས་ལག་པ་མགོར་བཞག་སྟེ། ། རིམ་གྱིས་འགྱེད་དང་འདུད་པར་བྱ། ། དེ་ནས་བཟང་མོ་རྣམས་མཉེས་ཏེ། ། ཐམས་ཅད་སྒྲུབ་ པར་བྱེད་པའི་མཆོག ། བདག་གིས་སྐལ་བཟང་སྩལ་ནས་ཀྱང་། ། རང་གི་སྲས་ཀྱི་གནས་སུ་གཤེགས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཡུམ་ཆེན་མོ་རྣམས་ཀྱི་ཕྱག་རྒྱ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་སོ། ། ། །
BOདེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡུམ་བཅོམ་ལྡན་འདས་མ་རྣམས་ཀྱིས་ཡང་གསང་བ་འདུས་པ་ལས་བྱུང་བ་རང་རང་གི་སྒྲུབ་པའི་ཐབས་རྒྱས་པ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་སོ། ། ཤེས་རབ་ཡེ་ཤེས་མཆོག་སྒྲུབ་པའི། ། སེམས་དཔའ་ཆེན་པོས་ གསུང་དུ་གསོལ། ། ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀུན། ། སངས་རྒྱས་བྱང་ཆུབ་འབྲས་ཐོབ་པ། ། རྡོ་རྗེ་ཡེ་ཤེས་མཆོག་གྱུར་པ། ། རྡོ་རྗེའི་སྐུ་སྟེ་རྡོ་རྗེ་མཆོག ། དངོས་གྲུབ་ཀུན་གྱི་བདེ་སྟེར་བ། ། རྡོ་རྗེ་ཆེན་པོས་གསུང་དུ་གསོལ། ། ཐུགས་ཀྱི་རིན་ཆེན་ལྡན་པའི་ མཆོག ། གཟི་བརྗིད་རྡོ་རྗེ་སྣང་བ་ཅན། ། སེམས་ཅན་རྣམས་ཀྱི་རྫུ་འཕྲུལ་དང་། ། འགྲུབ་པའི་ཡོན་ཏན་འབྱུང་གནས་གསུངས། ། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། ། རྣལ་འབྱོར་ཆེན་པོ་དབང་ཕྱུག་ཆེ། ། དཔའ་བོའི་སྦྱོར་བས་གར་གནས་པའི། ། དཔའ་བོ་ཆེན་པོས་ བཤད་དུ་གསོལ། ། ལས་ཀུན་གྱི་ནི་འབྲས་བརྙེས་པས། ། སྣ་ཚོགས་མཁྱེན་པ་དབང་ཕྱུག་ཆེ། ། སེམས་ཅན་རྣམས་ཀྱི་ཡབ་ཆེན་པོ། ། སྣ་ཚོགས་དམ་པ་བཤད་དུ་གསོལ། ། ཞེས་བྱ་བས་སོ། ། དེ་ནས་བཅོམ་ལྡན་རྟག་པའི་རྒྱལ། ། དམ་པའི་དབང་ཕྱུག་ཀུན་མཁྱེན་ པས། །
BOགསུང་མཆོག་ནམ་མཁའ་དང་མཚུངས་པའི། ། ཟབ་མོ་ཡི་ནི་ཆོས་བཀའ་སྩལ། ། འདི་ན་སྒྲུབ་པོ་གང་ཡང་མེད། ། དངོས་གྲུབ་བམ་ནི་སྒྲུབ་ཐབས་ཀྱང་། ། ཐམས་ཅད་རྣམ་པར་རྟོག་ལས་བྱུང་། ། རྣམ་རྟོག་ཀྱང་ནི་དམིགས་མ་ཡིན། ། བདག་མེད་སངས་ རྒྱས་རྣམས་ཀྱང་མེད། ། ཆོས་རྣམས་མེད་ཅིང་ཆོས་ཉིད་མེད། ། སྦྱོར་བ་མེད་ཅིང་སེམས་ཅན་མེད། ། དེ་བཞིན་ཕ་དང་མ་ཡང་མེད། ། བྱེད་པ་མེད་ཅིང་སྐྱོང་བ་མེད། ། འབྲས་བུ་མེད་ཅིང་རྒྱུ་ཡོད་མིན། ། ལོངས་སྤྱོད་མེད་ཅིང་ཟ་བོ་མེད། ། ཤེས་མེད་ཤེས་པ་པོ་ཡང་མེད། ། རྣམ་ཤེས་མེད་ཅིང་ཤེས་བྱ་མེད། ། རྫུན་མིན་བདེན་པའང་མ་ཡིན་པ། ། དེས་ན་སྣང་བ་ཐམས་ཅད་ནི། ། སྒྱུ་མ་ལྟ་བུ་ཉིད་ལས་བྱུང་། ། དེ་ལྟར་ཆོས་རྣམས་རྣམ་རིག་པ། ། གྲོལ་ནས་གོས་པར་མི་འགྱུར་ཏེ། ། དངོས་གྲུབ་ཆེན་པོ་འགྲུབ་པར་འགྱུར། ། སངས་རྒྱས་བྱང་ཆུབ་བདེ་ ཆེན་པོ། ། ཟབ་མོའི་ཆོས་ནི་ཐོས་པ་ན། མཁས་པ་གང་ཞིག་དད་གྱུར་ན། ། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། ། གདོན་མི་ཟ་བར་འགྲུབ་པར་འགྱུར། ། སྦྱོར་བ་འདི་ནི་བཅོམ་ལྡན་གསུངས། ། ཐམས་ཅད་དག་པར་བྱེད་པའི་མཆོག ། གསང་བའི་རྒྱན་ལ་ལེགས་བཞུགས་ ནས། ། སེམས་ཅན་རྣམས་ལ་བསྟན་པ་པོ།
BO། དེ་ནས་ཡུམ་རྣམས་ཚིམ་གྱུར་ཏེ། ། རང་བྱུང་བ་ལ་ཞུ་བ་ཞུས། ། གྲུབ་པའི་སྒྲུབ་ཐབས་རབ་སྦྱོར་བ། ། མངའ་བདག་རྣལ་འབྱོར་རྣམས་ཀྱིས་གསུངས། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཡུམ་ལས་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ནམ་མཁའི་དཀྱིལ་འཁོར་བསྒོམ་པར་བྱ། ། དེ་ཡི་སྟེང་དུ་མ་ཉམས་པ། ། ནམ་མཁའི་མཐའ་ཀླས་ཁྱབ་པ་ཡི། ། ཕྱོགས་ཀུན་དུ་ནི་རབ་འཕྲོ་བའོ། ། དེ་ཡི་ སྟེང་དུ་གཟི་བརྗིད་ཆེ། ། དུས་མཐའི་མེ་དང་མཚུངས་འདྲ་བ། ། དེ་ཡི་སྟེང་དུ་ས་ཆེན་པོ། ། གསེར་གྱི་རི་བོ་དང་མཚུངས་པ། ། དེ་ཡི་སྟེང་དུ་ཆུར་ཤེས་བྱ། ། ཟླ་བ་གང་བ་ཁ་བ་འདྲ། ། སྔགས་པས་ཆོ་ག་བཞིན་དུ་བསམ། ། རིན་ཆེན་བཞི་ཡི་རང་བཞིན་བཟང་། ། སྟོང་ཕྲག་བརྒྱད་ ཅུ་རྩ་བཞི་ཡི། ། དཔག་ཚད་ཀྱི་ནི་ཚད་ཙམ་པ། ། གྲུ་བཞི་པ་ལ་སྒོ་བཞི་པ། ། རྟ་བབས་བཞི་ཡི་རྩེ་མོ་ཅན། ། རི་བོ་ཆེན་པོ་ཅོག་བརྒྱད་པ། ། དབུས་སུ་རྡོ་རྗེའི་རི་བོ་མཆོག ། དེ་ཡི་སྟེང་དུ་རྡོ་རྗེ་ཆེ། ། ཀུན་ཏུ་ཕྱོགས་པ་ཡོངས་སུ་བསྒོམ། ། སྔོ་བསངས་མརྒད་ཏ་འདྲ་ བ། །
BOསྣ་ཚོགས་འོད་ཀྱིས་ཡང་དག་འཁྲུགས། ། དེ་ཡི་སྟེང་དུ་རྡོ་རྗེ་ཆེ། ། རྩེ་མོ་ལྔ་པ་རྣམ་པར་བསམ། ། དཀར་པོ་ཤེལ་དང་འདྲ་བའོ། ། འོད་ཟེར་ལྔ་ཡིས་རྣམ་པར་སྤྲས། ། དེ་ཡི་སྟེང་དུ་རིན་པོ་ཆེ། ། ཆུ་སྐྱེས་སྔོན་པོའི་འདབ་འདྲ་བ། ། སྣ་ཚོགས་འོད་ཟེར་སྟོང་གི་ཕྲེང་། ། ཕྱོགས་བཅུ་ནམ་མཁའ་ཁྱབ་པའོ། ། དེ་ཡི་གཙུག་ཏུ་པདྨ་ཆེ། ། ནམ་མཁའ་ཁྱབ་པ་ཡི་ནི་མཆོག ། ལོ་མ་སྟོང་ཕྲག་དུ་མ་ཅན། ། ལྟེ་བ་དང་ནི་ཟེའུ་འབྲུས་དཀྲིགས། ། དེ་ཡི་མདུན་དུ་ཉི་མ་ཆེ། ། འོད་ཟེར་སྟོང་ཕྲག་དུ་མ་ཅན། ། དེ་ཡི་སྟེང་དུ་ཟླ་བ་ཆེ། ། དཀར་པོའི་འོད་ཟེར་འབར་ བས་དཀྲིགས། ། ནམ་མཁའི་ཁམས་ནི་གང་བ་ཡི། ། གཟི་བརྗིད་དཀར་པོ་འཕྲོ་བའོ། ། དེ་ཡི་དབུས་སུ་མ་མོ་བྲི། ། དུས་གསུམ་བཞུགས་པའི་སངས་རྒྱས་ཀྱང་། ། ཡོངས་སུ་དག་པ་མཁའ་འདྲ་མ། ། ཟླ་བའི་དཀྱིལ་འཁོར་འཕྲོ་བ་མོ། ། ཕྱག་གཉིས་མ་ལ་ཐུགས་ཞི་བ། ། བསམ་གཏན་སྤྱན་ལྡན་བསམ་གཏན་ཡིད། ། བསམ་གཏན་མཆོག་གི་ཕྱག་རྒྱ་ཡི། ། སེར་མོ་གཞོན་ནུ་རབ་བཞག་པ། ། དཀར་པོའི་གོས་འཛིན་མཛེས་པ་མོ། ། དཀར་པོ་ཡི་ནི་རྒྱན་གྱིས་བརྒྱན། ། རལ་པའི་ཐོར་ཚུགས་ཅོད་པན་བཟང་། ། གཙུག་གི་ནོར་བུ་འོད་ལྡན་པ། །
BOཡེ་ཤེས་གདན་ལ་མཉམ་པར་བཞུགས། ། བ་སྤུ་རྣམས་ཀྱི་རྩེ་བུག་གནས། ། རྒྱལ་བ་རབ་ཏུ་ཁྲོས་པ་སྟེ། ། བྱང་ཆུབ་ཕ་རོལ་སོན་པར་མཛད། ། དེ་ཡི་ཐུགས་ཀར་རྣམ་བསམ་པ། ། ཡི་གེ་མཆོག་ཏུ་མི་འགྱུར་བ། ། ཡི་གེ་རྣམས་ཀྱིས་ཡང་དག་དཀྲིགས། ། ཐམས་ཅད་དུ་ནི་ ལེགས་འཕྲོ་བའོ། ། སངས་རྒྱས་རྣམས་ནི་མདུན་གནས་པ། ། རབ་ཏུ་ཐལ་མོ་སྦྱོར་བའོ། ། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། ། རིག་སྔགས་ཁྲོ་བོའི་ཚོགས་ཀྱང་ནི། ། ཆོས་ཉན་པ་ཡི་ཚུལ་དུ་ཡང་། ། དཀྱིལ་འཁོར་དུ་ནི་གཞག་པར་བྱ། ། སྒོ་ཡི་ཕྱོགས་ནི་ཐམས་ཅད་ དུ། ། སྒོ་སྐྱོང་བ་ནི་བཞི་རྣམས་སོ། ། སྦྱིན་པ་ལ་སོགས་ཅི་རིགས་པར། ། བཅུ་དྲུག་པོ་ཡང་གཞག་པར་བྱ། ། མེ་ཏོག་བདུག་པ་མར་མེ་ཆེ། ། ཇི་ལྟ་བ་བཞིན་གཞག་པར་བྱ། ། ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་། ། དྲི་ཟ་ལྷ་མིན་དམྱལ་ལས་བྱུང་། ། འདི་རྣམས་ཐམས་ཅད་ལྷུན་པོ་ལ། ། ཀུན་ནས་ཡོངས་སུ་གཞག་པར་བྱ། ། དེ་ནས་མེ་ཏོག་ཕྲེང་ལྡན་འཇུག ། དྲི་དང་མེ་ཏོག་ཡང་དག་ལྡན། ། གོས་དཀར་འཛིན་པ་དཔལ་དང་ལྡན། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། ཤེས་རབ་འཕྲོ་དང་ལྷན་ཅིག་ཏུ། ། རྡོ་རྗེ་སེམས་དཔའ་རྗེས་དྲན་པས། །
BOབདག་དག་པས་ ནི་དག་པར་བྱ། ། ཤེས་རབ་སྦྱོར་བས་གང་གནས་པས། ། སྒོ་ཡི་དྲུང་དུ་ལེགས་འཁོད་ལ། ། གླུ་འདི་ཡིས་ནི་སྤྱན་དྲང་བྱ། ། ཐུགས་རྗེ་མངའ་བ་ཆོས་ཀྱི་དབང་ཕྱུག་སངས་རྒྱས་ཡུམ། ། རང་གི་ཡབ་ཀྱི་ཚོགས་དང་སྲས་དང་བཅས་ཏེ་བྱོན། ། སྤྱོན་ཅིག་སྤྱོན་ཅིག་ལྷ་དང་སྲིན་པོར་ བཅས་མཆོད་པའི། ། འཇིག་རྟེན་དབང་ཕྱུག་ཡང་དག་བྱང་ཆུབ་ཐུགས་མངའ་བ། ། སྤྱོན་ཅིག་སྤྱོན་ཅིག་ཐུགས་རྗེའི་བདག་ཉིད་འཇིག་རྟེན་གཉེན། ། ཆོས་ཀྱི་ཡི་གེ་བདེ་བར་གཤེགས་པས་རྗེས་བསྐོས་པ། ། མཁའ་ལྟར་ཡོངས་དག་དྲི་མེད་དམ་བཅའ་དྲན་པར་མཛོད། ། མ་མོ་ རྣམས་ནི་མཆོག་གི་གླུས་བསྐུལ་བྱོན་པར་འགྱུར། ། དེ་ནས་བཅོམ་ལྡན་འདས་མ་བྱོན་པར་མཐོང་ནས་རང་གི་མེ་ཏོག་གི་སྙིམ་པ་དང་། མཆོད་ཡོན་དང་། ཞབས་བསིལ་དབུལ་བར་བྱའོ། ། ཨོཾ་བདག་གི་མཆོད་ཡོན་ཞབས་བསིལ་འདི། ། ཅི་བདེ་བར་ཡང་བཞེས་སུ་གསོལ། ། དེ་ནས་ དེ་དང་ལྷན་ཅིག་ཏུ། ། འདྲེས་པ་རུ་ནི་གྱུར་པར་བསམ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་ཛྙཱ་ན་ས་མ་ཡེ་ཧཱུྃ་ས་མ་ཡ་སྟྭྃ། དེ་ནས་འདི་ཡིས་བརྟན་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ལ་ས་མ་ཡ་མ་ཙ་ལ་སྟྭྃ། དེ་ནས་འདིས་མཉེས་པར་བྱ།
BOཨོཾ་སརྦ་ཏ་ཐཱ་ག་ཏ་མ་ན་སན་ཏུ་སྟི་ས་མ་ཡེ་ཧཱུྃ། ཨེ་ཧྱེ་ཧི་ཛཿ ཨེ་ཧྱེ་ཧི་ཛཿ། དེ་ནས་དཔག་ཏུ་མེད་པའི་ངོ་མཚར་ཆེན་པོ་ལྟ་བའི་ཕྱིར། ཨོཾ་སརྦཱངྒ་པུཎྜ་ར་མ་ཧཱ་བྷ་ག་བཱན་ས་ལེ་སྨ་ར་སྨ་ར་སྥ་ར་སྥ་ར་སརྦཱངྒཱ་བཱ་ཡུ་པིཋྞུ་མ་ཧཱ་བུདྡྷ་སམུ་དྲྭན་ཧཱུྃ་ཧཱུྃ་ཨྃ། འདི་ཡིས་མ་མོ་བསྐུལ་ནས་སུ། ། སངས་རྒྱས་སྤྲིན་ནི་འོད་པོ་ཆེ། ། དཀྱིལ་འཁོར་བ་ལ་སྤྲོ་བར་བྱ། ། དེ་ ནས་གསང་སྔགས་འདི་ཡིས་ནི། ། བསྔགས་ཏེ་མེ་ཏོག་དོར་བར་བྱ། ། ཨོཾ་སརྦཱངྒ་པུཎྜ་རཱི་ཀ་པྲ་ཏཱི་ཙྪ་དྷྭྃ་ཀུ་སུ་མཱཉྫ་ལིཾ་ཧཱུྃ་ཨཿ། དེ་ནས་ཇི་ལྟར་བཤད་པ་བཞིན་དུ་དཀྱིལ་འཁོར་གྱི་བུམ་པ་རྣམས་ལ་རིག་སྔགས་འདིས་ཇི་ལྟར་བཤད་པ་ལྟར་ལེགས་པར་བྱིན་གྱིས་བརླབས་ ལ་རང་གིས་དབང་བསྐུར་རང་གི་སྙིང་པོ་རང་གིས་བླང་བར་བྱའོ། ། དེ་ནས་ལས་ཐམས་ཅད་ཀྱི་ནུས་པ་དང་ལྡན་པ་དང་། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། ། དེ་ནས་མེ་ཏོག་ལ་སོགས་དང་། ། བཟའ་དང་བཏུང་དང་རོ་དག་གིས། ། མཆོད་ལ་སྔོན་གྱི་རིམ་པ་བཞིན། ། སློབ་མའི་རྒྱལ་པོ་གཞུག་པར་བྱ། ། འཁོར་ལོས་སྒྱུར་བའི་རིམ་པ་ཡི། ། སྦྱོར་བ་ཡིས་ནི་དབང་བསྐུར་རོ། ། རྡོ་རྗེ་རིན་ཆེན་དེ་བཞིན་པད། །
BOལས་ཀྱི་རྡོ་རྗེ་དེ་བཞིན་ནོ། ། ཞགས་པ་ལྕགས་ཀྱུ་དྲིལ་བུ་དང་། ། ལྕགས་སྒྲོག་རྔ་ཡབ་དང་ནི་གདུགས། ། རལ་གྲི་མིག་སྨན་ཐུར་ མ་གཉིས། ། རྒྱལ་པོའི་ཉེ་བར་སྤྱོད་པ་དང་། ། དེ་ལ་རྒྱན་རྣམས་བསྟན་ནས་སུ། ། དཀྱིལ་འཁོར་དེར་ནི་དབང་བསྐུར་རོ། ། རྒྱལ་བའི་ཡུམ་གྱི་དབང་བསྐྲུར་བ། ། ལས་ཀུན་བྱེད་པར་རབ་ཏུ་བཤད། ། དམ་ཚིག་གམ་ནི་སྡོམ་པ་ཡང་། ། རང་གི་སློབ་མ་ཉན་དུ་གཞུག ། ཞི་ བ་དང་ནི་རྒྱས་པའི་ལས། ། དབང་དང་དྲག་ཤུལ་སྤྱོད་པ་ནི། ། ལེགས་པར་རྣམ་པར་དག་སེམས་ཀྱིས། ། ཅི་འདོད་པར་ནི་བྱ་བ་བྱོས། ། ལས་རྣམས་ཀུན་གྱི་འབྲས་བུ་ཡང་། ། སྦྱོར་བ་འདི་ཡིས་འགྲུབ་པར་འགྱུར། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོས་སླར་ ཡང་ལས་དམ་པ་རྒྱས་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཇི་ལྟའི་གཟུགས་ཀྱི་སྣོད་བྱས་ལ། ། དཀྱིལ་འཁོར་གྱི་ནི་དབུས་སུ་གཞག ། ཞོ་དང་མར་གསར་འོ་མ་ནི། ། ཙནྡན་དམར་པོ་དང་བསྲེས་ཏེ། ། ག་པུར་དང་ནི་ ལྡན་བྱས་ལ། ། ཡིད་ལ་བྱེད་པས་བཟླས་ཏེ་བསྒྲུབ། ། ཟླ་བ་ཉི་མ་གཟས་བཟུང་ཚེ། ། སྦྱོར་བ་བཟང་པོའི་རྣམ་གཞག་བྱ། །
BOཐོག་མར་མེ་ནི་སྦར་བྱས་ནས། ། འབད་པ་ཡིས་ནི་རླུང་གིས་བུས། ། གསེར་གྱི་སྣོད་དུ་བསྡུ་བར་བྱ། ། བ་རུ་ན་ཡི་ཁུ་བས་སྦྱར། ། ཉི་མ་དང་ནི་ཟླ་བ་ལ། ། སླར་ཡང་རྫས་དེ་བསྐམ་པར་བྱ། ། དེ་ནས་དེ་རུ་ལྷ་མོ་ཡི། ། ཁྲག་དང་ས་བོན་བླུགས་པར་བྱ། ། དེ་ཡིས་མྱུར་དུ་རྫས་དག་ནི། ། འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། ། གྲུབ་ནས་ཐོག་མར་ལྷ་མོ་ལ། ། ཅུང་ཟད་ཙམ་ཞིག་དབུལ་བར་བྱ། ། དེ་བཞིན་དུ་ནི་སློབ་དཔོན་ལ། ། སྐལ་ བ་ཉིས་འགྱུར་དབུལ་བར་བྱ། ། དེ་ནས་གྲུབ་པ་གཞན་རྣམས་དང་། ། རང་གི་སློབ་མར་སྐལ་བ་སྦྱིན། ། དེ་ནས་བྱིན་བརླབས་སྦྱོར་བ་ཡིས། ། ཕྱག་རྒྱ་དང་ནི་ལྷན་ཅིག་ཏུ། ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། ། ཟས་ཀྱི་ས་བོན་དང་ནི་བཟའ། ། སྐད་ཅིག་དེ་ལ་གཟུགས་ བརྗེས་ཏེ། ། རྡོ་རྗེ་སེམས་དཔའ་ལྟ་བུར་འགྱུར། ། གང་དང་གང་གི་གཟུགས་རྣམས་སུ། ། བསྒྲུབ་འདོད་པ་ཡི་སྔགས་པ་ཡིས། ། དེ་དང་དེ་ཡི་བསམ་གཏན་གྱིས། ། བློ་གྲོས་བརྟན་པས་བཟའ་བར་བྱ། ། དེ་དང་དེ་ཡི་གཟུགས་སུ་ནི། ། གདོན་མི་ཟ་བར་བརྗེ་བར་འགྱུར། ། གཞན་པ་ཡི་ནི་རྫས་དག་ཀྱང་། ། འདི་ཉིད་ཀྱིས་ནི་བསྒྲུབ་པར་བྱ། ། མིག་སྨན་གྱིས་ནི་མིག་བྱུགས་པས། །
BOཁོར་ཡུག་ཏུ་ནི་མི་སྣང་འགྲོ། ། སྙིང་ལ་ལྡོང་རོས་ཀྱིས་བྱུགས་ན། ། ཡིད་ཀྱི་སྤྱོད་ཡུལ་ཉིད་དུ་འགྲོ། ། བ་བླ་ཡིས་ནི་ལུས་བྱུགས་ན། ། མཁའ་ལ་ཉེ་བར་འགྲོ་བར་ འགྱུར། ། མིག་སྨན་ནག་པོ་བླངས་ནས་སུ། ། ནག་པོའི་ཕྱོགས་ལ་བཟའ་བར་བྱ། ། དེ་ཡི་བཤང་བའི་མར་ཁུ་ལས། ། དུད་པ་མཁས་པས་བསྒྲུབ་པར་བྱ། ། དེ་ཡིས་མིག་ལ་བྱུགས་ན་ནི། ། སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཤིང་། ། སྟོབས་ནི་དཔལ་ལྡན་རྡོ་རྗེའི་མཚོན། ། ཉིད་འགྱུར་རྒ་དང་འཆི་བ་མེད། ། མིག་སྨན་དང་ནི་བ་ལང་མར། ། མ་ཧེ་དང་ནི་ར་ཉིད་དང་། ། མི་ཡི་མིག་སྨན་ཉིད་དག་ནི། ། མཁས་པ་ཡིས་ནི་བླངས་ནས་སུ། ། སྔགས་པས་བཟུང་སྟེ་བཙོ་བར་བྱ། ། མིག་སྨན་ཆེན་པོ་མཆོག་ཏུ་བཟང་། ། འདི་ཡིས་མིག་ལ་བྱུགས་ན་ནི། ། གྲུབ་པ་ཡིད་དུ་འོང་བར་འགྱུར། ། མི་སྣང་འགྲུབ་པ་ཐམས་ཅད་ཀྱིས། ། བློ་གྲོས་ཆེན་པོ་རྒྱལ་པོར་འགྱུར། ། སངས་རྒྱས་ཀུན་གྱི་ས་ཆེན་པོ། ། ངེས་པར་ཐོབ་འགྱུར་གཞན་དུ་མིན། ། རྫས་ཀྱི་གནས་སྐབས་ལེའུ་འདི། ། མཚུངས་མེད་ཆེན་པོ་ཉེར་བཤད་དོ། ། གོས་ དང་གདུགས་སོགས་རལ་གྲི་དང་། ། མཚོན་ཆ་དམ་པ་བསྒྲུབ་པར་བྱ། ། སྙིང་པོ་སྙིང་གར་བྱས་ནས་ནི། །
BOབསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། ། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེས། ། པདྨའི་སེམས་དཔའ་བཞིན་རས་མཆོག ། དེ་ཡི་ཞལ་དུ་བྱས་ནས་སུ། ། དེ་དང་ལྡན་པས་བསྒོམ་པར་བྱ། ། མངའ་བདག་གང་གིས་དབང་ཕྱུག་ལྟར། ། སྐད་ཅིག་དེ་ལ་དེ་འགྱུར་རོ། ། དེ་ཉིད་ཀྱི་ནི་སྤྱི་བོའི་ཆར། ། མཆོག་གི་དམ་པ་བསམ་གཏན་བྱ། ། སྐད་ཅིག་དེ་ལ་མཆོད་པ་ཆེའི། ། སངས་རྒྱས་སུ་ནི་དེ་འགྱུར་རོ། ། དེ་ཡི་སྤྱི་གཙུག་ཉིད་དུ་ནི། ། སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། ། དེ་ནི་ཀུན་གྱི་རྒྱལ་དབང་པོ། ། ལས་ཀུན་བྱེད་པའི་དོན་འགྲུབ་འགྱུར། ། རྡོ་རྗེ་སྙིང་གར་བསམ་པར་བྱ། ། དེ་ཡི་དབུས་སུ་སྙིང་པོ་བལྟ། ། དེ་ནས་རྡོ་རྗེ་རིག་པ་འཛིན། ། མངའ་བདག་རྡོ་རྗེའི་དབང་པོ་འགྲུབ། ། རིན་ཆེན་ཆེན་པོ་ཆ་བརྒྱད་པ། ། སྙིང་ག་རུ་ནི་མཁས་པས་བསྒོམ། ། དེར་ནི་སྙིང་པོ་བསམ་པ་ཡིས། ། རིན་ཆེན་རིག་པ་འཛིན་པར་འགྱུར། ། པདྨ་ཆེན་པོ་འདབ་བརྒྱད་པ། ། ཡིད་ལ་བསྒོམས་པས་སྐད་ཅིག་ལ། ། པདྨ་ཆེ་ལྡན་མངའ་བདག་གིས། ། པདྨའི་རིག་པ་འཛིན་པར་འགྱུར། ། དེ་ལ་སོགས་པ་མཐའ་ ཡས་པ། ། ཇི་ལྟའི་སྦྱོར་བའི་ཆོ་ག་ཡིས། ། མཆོག་དང་དམན་པ་འབྲིང་པོ་ཡི། །
BOདངོས་གྲུབ་དམ་པ་བསྒྲུབ་པར་བྱ། ། སྙིང་གར་ཟླ་བའི་དཀྱིལ་འཁོར་བསམ། ། ཡི་གེ་དམ་པ་བསྒོམ་པར་བྱ། ། ཇི་ལྟའི་སྦྱོར་བའི་དཀྱིལ་འཁོར་གྱིས། ། ཐམས་ཅད་བདག་ཏུ་བསྒོམ་པར་བྱ། ། དེ་ ལས་ལངས་ཏེ་བདག་ཞི་བས། ། ཟླ་འོད་ཁ་བ་ལྟར་བསིལ་བའི། ། འོད་ཟེར་སྤྲིན་གྱིས་ཆེར་གཏམས་པས། ། བསྒྲུབ་བྱའི་སྤྱི་བོར་གཞག་པར་བྱ། ། སྐད་ཅིག་དེ་ལ་གདུག་པ་དང་། ། གཟའ་དང་དུག་སོགས་རབ་འཕྲོག་ཅིང་། ། ཉི་མ་གཅིག་གམ་བདུན་ནམ་ནི། ། བསྒྲུབ་བྱ་ ཞི་འགྱུར་གཞན་དུ་མིན། ། རིན་ཆེན་དཀྱིལ་འཁོར་དབུས་གནས་པར། ། སྙིང་པོའི་མཆོག་ནི་བསྒོམ་པར་བྱ། ། འོད་ཟེར་སེར་པོའི་ཕྲེང་མཛེས་པ། ། བསྒོམས་པས་དེ་ནི་རྒྱས་པར་བྱེད། ། པདྨའི་དཀྱིལ་འཁོར་དབུས་གནས་པར། ། མཉམ་པར་གཞག་པས་ལྷ་མོ་བསམ། ། དམར་པོའི་རང་བཞིན་འབར་དག་པ། ། བསྒྲུབ་བྱའི་སེམས་ལ་འཕྲོ་བར་བྱ། ། སླར་ཡང་སྡུད་པའི་སྦྱོར་བ་ཡིས། ། རང་གི་ལུས་ལ་གཞུག་པར་བྱ། ། འཁོར་ལོས་སྒྱུར་བ་ལྟ་བུ་ཡང་། ། དེ་ནི་ཅི་ནས་དབང་དུ་འགྲོ། ། ལས་ཀྱི་དཀྱིལ་འཁོར་དབུས་གནས་པར། ། སྣ་ཚོགས་རྡོ་རྗེ་ བསྒོམ་པར་བྱ། ། དེ་ཡི་དབུས་སུ་ཡི་གེ་ནི། ། མ་རྒད་འོད་འདྲ་བསྒོམ་པར་བྱ། །
BOའོད་ཟེར་སྤྲིན་གྱིས་ཡང་དག་འཁྲུགས། ། མཁས་པ་ཡིས་ནི་སྙིང་གར་བསམ། ། བསྒྲུབ་བྱ་ལ་ནི་སྙིང་པོའི་འོད། ། བསྟིམས་པའི་སྐད་ཅིག་དེ་ལ་འབབ། ། རྡོ་རྗེ་གར་གྱིས་གར་བྱེད་ཅིང་། ། ཕྱག་རྒྱ་སྦྱོར་བའི་རྣལ་འབྱོར་དང་། ། རྡོ་རྗེ་རྣལ་འབྱོར་མ་སྦྱོར་བའི། ། ཕྱག་རྒྱས་ཐམས་ཅད་སྟོན་པར་འགྱུར། ། འདས་དང་མ་འོངས་ཅི་འདོད་པ། ། ལྕེ་བརྐྱང་བས་ནི་སྨྲ་བར་བྱེད། ། འདོད་དང་མི་འདོད་དགེ་མི་དགེ། ། རྡོ་རྗེའི་ངག་གིས་སྨྲ་བར་འགྱུར། ། ཡང་ན་ལེགས་ པར་སྦྱོར་བའམ། ། གྲོང་གིའམ་ཐ་མལ་སྐད་དག་གིས། ། འདོད་དང་མི་འདོད་དགེ་མི་དགེ། ། འཚོ་བའམ་ནི་འཆི་བ་དང་། ། ཉམས་དང་མི་ཉམས་རང་བཞིན་གྱི། ། དེ་དག་ཐམས་ཅད་དེ་ཡིས་སྨྲ། ། དེ་ལས་གཞན་དུ་དེ་མི་སྨྲ། ། འདི་ནི་བཅོམ་ལྡན་རྡོ་རྗེ་ཅན། ། དབང་ བདག་རྡོ་རྗེའི་དབྱངས་ཀྱིས་གསུངས། ། ཁྲོས་ཏེ་ལྕེ་རྩེར་བསྒོམས་ནས་སུ། ། ལྷ་མོ་ཡི་ནི་སྙིང་པོའི་མཆོག ། ལྕགས་ཀྱུའི་རྣམ་པ་སྤྲོས་ནས་སུ། ། ཕྱག་རྒྱ་དང་ནི་ཕྱག་རྒྱའི་ལན། ། རླུང་ལ་བཞག་སྟེ་སྐད་ཅིག་ལ། ། ཁྲག་རྣམས་ཐམས་ཅད་དགུག་པར་བྱ། ། ཆར་ རྒྱུན་འབབ་པའི་སྦྱོར་བ་ཡིས། ། རང་གི་ཁ་རུ་དབབ་པར་བྱ། །
BOདེ་ནི་འཐུངས་པས་སྔགས་ཤེས་ཏེ། ། མངའ་བདག་རྡོ་རྗེ་འཛིན་པར་འགྱུར། ། ནམ་མཁའ་ཀུན་ཏུ་སྤྱོད་དཔལ་ལྡན། ། ཉི་མའི་སྣང་བ་ལྟ་བུར་འགྱུར། ། འདི་ཉིད་ཀྱི་ནི་རྣལ་འབྱོར་གྱིས། ། འོ་མ་ཞོ་དང་མར་བཟང་པོ། ། མར་ཁུ་ཆུ་དང་མེ་ཏོག་ཀུན། ། རླུང་གིས་དགུག་པ་ཉིད་དུ་བྱ། ། ཞགས་པས་མགྲིན་པ་བཅིངས་བྱས་ཏེ། ། ལྕགས་ཀྱུ་ཡིས་ནི་སྙིང་ག་ནས། ། རླུང་གིས་ཀུན་ནས་བཏེག་ནས་སུ། ། ལྷ་མོ་དེ་བཞིན་གནོད་སྦྱིན་མོ། ། མི་མོ་དེ་བཞིན་ལྷ་མིན་མོ། ། བརྒྱད་བརྒྱ་ཁོ་ན་བཟླས་པ་ ཡིས། ། བུད་མེད་ཚུལ་དུ་དགུག་པར་བྱ། ། བསྒྲུབ་བྱ་སྒྲུབ་བྱེད་མིང་སྤེལ་ནས། ། ཀ་བ་རྩིག་པ་དེ་བཞིན་ཁྱིམ། ། དྲིལ་བུ་རྣམས་དང་བུམ་རྣམས་ལའང་། ། ལྷ་མོ་ཡི་ནི་སྙིང་པོ་ཡི། ། བརྒྱ་བཟླས་པས་ནི་འབེབས་པར་འགྱུར། ། ཤེས་རབ་ཕ་རོལ་ ཕྱིན་མ་མཆོག ། ཁྲོ་བ་དང་ནི་ཡང་དག་ལྡན། ། གསལ་བྱེད་ཀྱིས་ནི་གསལ་བྱས་པས། ། ལས་རྣམས་དག་ནི་ཐམས་ཅད་བྱ། ། དུར་ཁྲོད་རོ་ནི་མ་ཉམས་པ། ། མར་ངོའི་བརྒྱད་ལ་བསྡུས་ནས་སུ། ། བྱང་དུ་ཕྱོགས་ཏེ་གཞག་པར་བྱ། ། དེ་ཡི་ཁར་ནི་མཉམ་གཞག་ པས། ། གསང་སྔགས་ལེགས་པར་བཟླས་ནས་སུ། ། རྫས་ཀྱི་དམ་པ་ཅི་རིགས་པ། །
BOབ་བླ་མིག་སྨན་རྡོ་ཆུ་དང་། ། ལྡོང་རོས་དང་ཡང་ཡང་ན་བཙག ། དཀར་རྩི་སོལ་བ་ཉིད་དང་ནི། ། གུར་གུམ་དང་ནི་རྒྱ་སྤོས་སམ། ། རུ་རྟ་ཤུ་དག་ག་པུར་དང་། ། ཙནྡན་དེ་བཞིན་ ཨ་ཀ་རུ། ། ཤ་དང་ཁྲག་ནི་ཉིད་དང་ཡང་། ། དེ་བཞིན་སོར་མོའི་གདུ་བུ་ནི། ། རྣལ་འབྱོར་ལྡན་པས་བཞག་ནས་ཀྱང་། ། དེ་ཡི་སྟེང་དུ་བསྡད་ལ་བཟླ། ། ཉི་མ་ཤར་ནས་དེ་བླངས་པས། ། གྲུབ་པའི་རིག་པ་འཛིན་པར་འགྱུར། ། དམན་པས་དངོས་གྲུབ་དམན་པ་ སྟེ། ། རབ་ཀྱིས་རབ་ཏུ་རྣམ་པར་བསྟན། ། བར་མས་བར་མར་ཤེས་པར་བྱ། ། མཚན་མ་མེད་ན་དབང་དུ་བྱེད། ། ཅེས་སོ། ། སྐྱེས་བུ་དག་ནི་ཐམས་ཅད་དང་། ། བུད་མེད་དག་ནི་ཐམས་ཅད་ལ། ། རེག་པ་ཙམ་གྱིས་དབང་བྱེད་ཅིང་། ། མིག་ལ་བྱུགས་པ་ཡིས་ ཀྱང་ངོ་། ། ཙནྡན་གྱིས་ནི་ཡོངས་བྱུགས་ཏེ། ། གུར་གུམ་གྱིས་ནི་ཐིག་ལེའོ། ། ལ་གུ་ཡིས་ནི་བདུག་པར་བྱ། ། དཀར་རྩི་སོལ་བ་བཙག་གིས་ནི། ། ཇི་ལྟར་འདོད་པའི་མིང་དང་ནི། ། ཡོངས་སུ་སྤེལ་ཏེ་བྲིས་པ་ཡིས། ། དབང་མ་སོང་བ་དབང་འགྲོ་སྟེ། ། རྡོ་རྗེ་སེམས་ དཔའི་བཀའ་བཞིན་ནོ། ། ཁམས་ཀྱིས་མིང་ནི་བྲིས་པ་ན། དབང་དུ་བྱེད་པའི་མཆོག་ཡིན་ནོ། ། སོལ་བས་ཡོངས་སུ་འགུགས་པར་བྱེད། །
BOདཀར་རྩི་ཡིས་ནི་དུག་འཇོམས་སོ། ། ལི་ཁྲིས་སྐད་ཅིག་དེ་ཉིད་ལ། ། སྨྱོ་བར་འགྱུར་བར་ཐེ་ཚོམ་མེད། ། རུ་རྟ་ཨ་ག་རུས་བདུག་ པས། ། དབང་དུ་བྱེད་པའི་མཆོག་ཡིན་ནོ། ། སོལ་བས་ཡོངས་སུ་འགུགས་པར་བྱེད། ། གནོད་སྦྱིན་མོ་ནི་ངེས་པར་འགུགས། ། ཤ་དང་ཁྲག་གི་བདུག་པ་ཡིས། ། སྲིན་མོ་འགུགས་པར་བྱེད་པའི་མཆོག ། ཙནྡན་སིཧླའི་བདུག་པ་ཡིས། ། ལྷ་ནི་འགུགས་པར་ བྱེད་པའི་མཆོག ། ག་པུར་ཙནྡན་བདུག་པ་ཡིས། ། སངས་རྒྱས་མཆོག་ཏུ་སྤྱན་འདྲེན་པའོ། ། ག་པུར་གང་གིས་ཟོས་པ་ཡིས། ། གཞན་དུའང་དེ་ཡི་དབང་དུ་འགྱུར། ། རིག་པ་ཆེན་མོ་ཡི་གེ་བཞི། ། མཉམ་པར་གཞག་པའི་སྦྱོར་བ་ཡིས། ། འཁྲུགས་པ་དང་ནི་ སྤེལ་བའི་དུས། ། ངེས་པར་ཤི་བ་བསྒྲུབ་པར་བྱ། ། བརྟུལ་ཞུགས་ཅན་གྱིས་གང་བསྒོ་བའི། ། བཀའ་ལུང་དེ་ཡིས་མྱུར་དུ་བྱེད། ། ཕྲག་པར་ཁུར་དེ་བྲན་མོ་དེས། ། ལྷུན་པོའི་སྟེང་དུ་སྐྱེལ་བར་འགྱུར། ། གྲུབ་པ་ཡི་ནི་མཆོག་རབ་ཀྱི། ། རྫས་ནི་བླངས་ནས་འོང་བར་འགྱུར། ། གཏུམ་པོ་{ཡི་དགས་,ཡི་དྭགས་}ཉི་མ་ཡི། ། རྒྱལ་གྱི་མཚན་མོ་སོལ་བ་བཟུང་། ། གཏུམ་མོའི་མེ་ཏོག་ཁུ་བ་ཡིས། ། བརྟུལ་ཞུགས་བཟང་པོས་བརྟགས་ནས་སུ། །
BOཔདྨའི་ནང་དུ་གཞག་པར་བྱ། ། དེ་ཉིད་མཚན་མོ་གཅིག་གམ་གསུམ། ། དེ་ལས་བླངས་ཏེ་སྦྱོར་བ་ཡིས། ། མཁས་པ་ ཡིས་ནི་མར་ཞུ་བྱ། ། དེ་ནས་ལྷའམ་གྲུབ་པའམ། ། སངས་རྒྱས་ཀྱིས་ཀྱང་བསྔགས་པའམ། ། རིག་སྔགས་གྲུབ་པའི་གྲིབ་མའམ། ། གདོན་མི་ཟ་བར་མཐོང་བར་འགྱུར། ། འགྲོ་དང་མི་འགྲོའི་སྐྱེ་བོ་རྣམས། ། དབང་མ་གྲུབ་པའང་དབང་དུ་བྱེད། ། རང་གི་ཁྲག་ གིས་མིང་བྲིས་ལ། ། དེ་ཉིད་ཀྱི་ནི་ཕྱེ་མས་དགང་། ། ཇི་སྲིད་བསྐམས་པར་མ་གྱུར་པར། ། དེ་སྲིད་མི་དེ་འོང་བར་འགྱུར། ། གང་དང་གང་གིས་ལྷ་དག་གི། ། རིམ་པ་འདི་ཡིས་མིང་བྲིས་ཏེ། ། ཁྲོ་བོ་ལྡན་པས་བཟླས་པར་བྱ། ། དེ་འདིས་སྐད་ཅིག་དེ་ལ་འགྲུབ། ། དེ་ཡི་བཀའ་བཞིན་བྱེད་པ་དང་། ། ངང་གིས་དེ་ནི་དབང་དུ་འགྱུར། ། དཀོན་མཆོག་གསུམ་ལ་གནོད་བྱེད་པ། ། གསད་པའི་དོན་དུ་སྔགས་རིག་པས། ། འབར་བའི་ཕྲེང་བ་ས་འཁྲུགས་པའི་འོད། ། ཞལ་བཞི་པ་ལ་ཆེར་འཇིགས་པ། ། ཞགས་པ་ལྕགས་ཀྱུ་ཐོད་པ་ [93xa] [93xa.1]ཅན། ། བདག་ཉིད་མྱུར་དུ་བསམ་པར་བྱ། ། གསང་སྔགས་དང་ནི་སྤེལ་བ་ཡིས། ། མིང་ནི་སོལ་བས་བྲིས་ནས་སུ། ། གདུག་པ་དེ་ནི་མནན་ནས་ཀྱང་། ། རང་གི་གདུག་པའི་སེམས་ཀྱིས་བསྣུན། །
BOའདི་ཉིད་ཀྱི་ནི་ཏིང་འཛིན་གྱིས། ། ངེས་ [93xa.2]པ་རུ་ཡང་ངེས་པར་བྱེད། ། ཁམས་ཀྱི་ས་བོན་དང་སྤེལ་བའི། ། ཁམས་ཀྱིས་མིང་ནི་བྲིས་ནས་སུ། ། ཁམས་དེ་ཡང་དག་མནན་ནས་ནི། ། ཁང་པ་རུ་ནི་རྒྱུན་དུ་བཞག ། དེ་ནི་མྱུར་དུ་ངེས་འགྱུར་ཏེ། ། དེ་སྲིད་དུ་ནི་མི་གཡོར་གནས། ། རྨ་བྱའི་སྒྲོའམ་གཙུག་ཕུད་ [93xa.3]ཀྱིས། ། ཡོངས་སུ་བླངས་ལ་བསྒྲུབ་པར་བྱ། ། རྨ་བྱ་ཞེས་བྱའི་རྩ་བ་ཡི། ། མཁས་པ་ཡིས་ནི་ཡོངས་སུ་གཟུང་། ། དམག་ལ་སྔགས་རིག་པས་བསྐོར་བས། ། དེ་ནས་དམག་དཔུང་འཇིག་པ་དང་། ། རྨོངས་པའམ་ནི་རེངས་པའམ། ། སྐད་ཅིག་དེ་ལ་འཁོར་བར་ [93xa.4]འགྱུར། ། ཁྱི་དང་ཕག་དང་བྱ་རོག་གི། ། མིག་ནི་ཡོངས་སུ་བླངས་ནས་སུ། ། མིག་སྨན་དང་ནི་མཉམ་པོར་བྱ། ། ལྷ་མོའི་སྔགས་ཀྱིས་བསྔགས་པ་ཡིས། ། སྒྲུབ་པ་པོ་ཡི་གཟུགས་རྣམས་ཀུན། ། འཇིག་པར་འགྱུར་བར་ཐེ་ཚོམ་མེད། ། ཙཎྜིའི་མེ་ཏོག་བཅུད་ཉིད་ [93xa.5]ཀྱིས། ། ལྕགས་ཀྱིས་གཡོགས་པའི་སྦྱོར་བ་ཡིས། ། དེ་ཡི་ཁ་རུ་ངེས་བཅུག་པས། ། རྒ་ཤི་མེད་པར་རྣམ་པར་རྒྱུ། ། རིམས་གཏོང་གཟུགས་ནི་ལེགས་བྲིས་ཏེ། ། དེ་ཡི་ཁ་རུ་གནོད་བྱེད་ནི། ། སྦྱོར་བ་ཡིས་ནི་བཅུག་ནས་སུ། །
BOཡོངས་སུ་མནན་ལ་ཤིན་ཏུ་ [93xa.6]བཟླས། ། རིམས་གཏོང་དེ་ཡི་གཟུགས་ཀྱིས་ནི། ། རབ་ཏུ་འཛིན་པར་གདོན་མི་ཟ། ། གཟའ་འམ་ཡང་དག་{ཡི་དགས་,ཡི་དྭགས་}སམ། ། གནོད་སྦྱིན་དང་ནི་སྲིན་པོ་དང་། ། གཞན་པ་ཡི་ནི་ནད་རྣམས་ཀྱིས། ། འཛིན་པ་ལ་ནི་དཔྱད་མི་དགོས། ། གཤིན་རྗེ་བྲིས་ཏེ་ [93xa.7]བསྐྲད་པར་བྱ། ། དེ་ཡི་ཞལ་དུ་དགྲ་བོ་སྟེ། ། རྨོངས་པའི་བདག་ཉིད་མི་འགྲོ་ན། ། དེ་ནི་མྱུར་དུ་ངེས་པར་འཆི། ། གསད་པ་ལ་ཡང་འདི་ཉིད་ཀྱིས། ། ཡོངས་སུ་མནན་ནས་ངེས་པར་བཟླ། ། གང་དུ་གཏེར་ནི་ཡོད་སྙམ་གྱུར། ། དེར་ནི་སྔགས་རིག་པས་ [93xb] [93xb.1]སོང་སྟེ། ། ལྕེ་ཡོངས་བཟུང་ལ་བཟླས་པ་བྱ། ། དེ་ཡིས་གསལ་པོའི་ཚིག་གིས་སྨྲ། ། ཚད་དང་ཡོད་དང་མེད་པ་དང་། ། བགེགས་དང་བགེགས་ནི་ཇི་ལྟར་གནས། ། ཇི་སྲིད་དེ་ནི་དགྱེས་སྨྲ་ན། ། དེ་ལ་གཏོར་མ་སྦྱིན་པར་བྱ། ། གལ་ཏེ་བགེགས་ནི་མི་སྨྲ་ན། ། [93xb.2]དེར་ནི་མཆོད་ཡོན་རབ་ཏུ་བརྟག ། པུས་མོ་གཉིས་བཙུགས་གུས་པ་ཡིས། ། ནོར་འཛིན་སངས་རྒྱས་ཡུམ་ལས་སོ། ། ཕྱོགས་བཞི་དག་ཏུ་ཕུར་བུས་གདབ། ། དེ་ནས་གནས་རྣམས་བསྐྲད་པར་བྱ། ། དེ་ནས་མཚམས་ནི་བཅིང་བར་བྱ། །
BOམཉམ་པར་བཞག་སྟེ་བསྐོར་ [93xb.3]བར་བྱ། ། སྦྱོར་བ་ཤེས་པས་སྔགས་འདི་ཡིས། ། དེ་ནས་རྫས་ནི་གདོན་པར་བྱ། ། ཨོྃ་བ་སུ་དེ་སརྦཱརྠ་སཱ་དྷ་ཡཱ་ཡུ་དྷ་ར་རཀྵ་རཀྵ། སརྒཱརྠ་ནི་ཙ་ཡཾ་ཏྲཾ་ཏྲཾ་ཙ་ཙ་ཊ་ཊ་ཧ་ཧ་སྭཱ་ཧཱ། ཡང་ན་རིག་པ་འདི་ཡིས་ཀྱང་། ། ལས་རྣམས་དག་ནི་ཐམས་ཅད་བྱ། ། ཕྱོགས་བཅིང་ [93xb.4]བ་དང་དེ་བཞིན་བསྲུང་། ། ཕུར་བུ་བསྐྲད་པ་དེ་བཞིན་ནོ། ། རིན་ཆེན་གསུམ་ནི་ཐོག་མར་སྦྱིན། ། ཆ་གཅིག་དག་ནི་ནོར་འཛིན་ལའོ། ། སྡུག་བསྔལ་ཅན་ལ་ཆ་གཅིག་གོ། ། གྲོགས་པོ་རྣམས་ལ་དེ་དང་མཚུངས། ། ལྷག་མ་རྣམས་ནི་རིག་པས་དཔྱད། ། དཀོན་ [93xb.5]མཆོག་གསུམ་ནི་ལེགས་མཆོད་བྱ། ། གཞན་དུ་སྡུག་བསྔལ་ཐོབ་འགྱུར་ཏེ། ། རྒྱལ་པོ་ཆོམ་རྐུན་སོགས་འཇིགས་ལས། ། གལ་ཏེ་བླ་མ་དེར་བཞུགས་ན། ། སྐལ་བ་བཟང་པོ་གཉིས་དབུལ་ལོ། ། གཞན་པ་ཡི་ནི་སྤྱན་རྣམས་ལ། ། རྡོ་རྗེ་ཐེག་པ་རྟོགས་འགྱུར་བའི། ། [93xb.6]སྐལ་བ་རེ་ནི་སྦྱིན་པར་བྱ། ། གཞན་དུ་དམ་ཚིག་གདུང་བར་འགྱུར། ། འདི་ནི་བཅོམ་ལྡན་རྣལ་འབྱོར་ཅན། ། གསང་བ་རྒྱན་གྱི་རྡོ་རྗེས་གསུངས། ། དེ་ནས་སངས་རྒྱས་ཐམས་ཅད་ཀྱི། ། ཡུམ་རྣམས་ཀྱིས་ནི་དེར་བཏུད་ནས། ། དཔའ་བོ་ཆེ་ལ་ཞུ་བ་ཞུས། །
BOརྒྱས་ [93xb.7]པ་ཡི་ནི་དཀྱིལ་འཁོར་ནི། ། གསུངས་ཤིག་གསུངས་ཤིག་དཔའ་བོ་ཆེ། ། ཡུམ་རྣམས་ཀུན་གྱི་དཀྱིལ་འཁོར་ནི། ། རྒྱལ་པོའི་དབང་ཕྱུག་རབ་གསོལ་པ། ། སེམས་ཅན་ཐམས་ཅད་འདིར་འབྱུང་བའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་བདག་པོའི་དབང་ཕྱུག་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། དཀྱིལ་འཁོར་ཇི་ལྟར་སྔར་གསུངས་པ། ། འོན་ཀྱང་སེང་གེའི་ཁྲི་དང་ལྡན། ། དེ་ཡི་སྟེང་དུ་པདྨ་ཆེ། ། དེར་ནི་རི་ བོང་ཅན་དཀྱིལ་འཁོར། ། དེ་ཡི་སྟེང་དུ་ཉི་མ་ཆེ། ། ཉི་མ་དེར་ནི་དཀྱིལ་འཁོར་མཆོག ། ཆ་བརྒྱད་པ་ལ་དབུས་རིན་ཆེན། ། དེ་ཡི་སྟེང་དུ་རྒྱལ་བའི་ཡུམ། ། སེར་དང་སྔོ་བའི་འོད་ཆེན་པོ། ། གསེར་གྱི་རི་བོ་དང་མཚུངས་པས། ། ཕྱག་གཉིས་ཀྱིས་ནི་ཆོས་འཆད་ཅིང་། ། གཡས་པ་ཡིས་ནི་མཆོག་སྦྱིན་པ། ། གཡོན་གྱིས་རིན་ཆེན་ལན་བུ་མཆོད། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། གོས་ནི་འཕྱང་ཞིང་སྣ་ཚོགས་པ། ། གཙུག་ཏོར་མུ་ཏིག་ཐོར་ཚུགས་ཅན། ། དེ་ཡི་མདུན་དུ་རིན་ཆེན་བྲི། ། གཡོན་དུ་བུམ་པ་བཟང་པོ་བཞག ། གཡས་ པ་རུ་ནི་དཔག་བསམ་ཤིང་། །
BOརྒྱབ་ཏུ་རིན་ཆེན་ལན་བུའོ། ། མཚམས་རྣམས་སུ་ནི་བུམ་པ་བརྒྱད། ། གསེར་གྱི་རང་བཞིན་གཞག་པར་བྱ། ། རིན་ཆེན་ལྔ་ཡིས་ཡང་དག་འཁྲུགས། ། དྲི་ལྔ་དག་དང་ཡང་དག་ལྡན། ། བཟའ་ལ་སོགས་པའི་རོས་གང་བའི། ། བུམ་པ་ བཅུ་དྲུག་ཕྱི་རོལ་དུ། ། སེར་པོའི་གོས་ཀྱིས་ཡོངས་སུ་དཀྲིས། ། མེ་ཏོག་སེར་པོ་སོགས་ཀྱིས་བརྒྱན། ། དེ་མདུན་བློ་ལྡན་བྲི་བར་བྱ། ། སྦྱིན་པའི་ཕ་རོལ་ཕྱིན་དགེ་མ། ། དམར་དང་སེར་དང་ཆེས་དཀར་བ། ། རིན་ཆེན་ལྡན་པའི་ཕྱག་སྦྱིན་པ། ། སེར་པོའི་འོད་ལྡན་ཕྲེང་མཛེས་ མ། ། རིན་ཆེན་བཟང་པོ་ཀུན་གྱི་སྲས། ། མཁའ་ཡི་ཉི་ཟླ་སྐར་མ་ཡིས། ། ཀུན་ནས་ཡོངས་སུ་བསྐོར་བའོ། ། གཙུག་ཕུད་ཅོད་པན་གོས་ལ་སོགས། ། ཕྲེང་བ་དང་ལྡན་དགྱེས་པ་མོ། ། དཀྱིལ་འཁོར་དེ་ཡི་ལྷོར་བྲི་བ། ། ཚུལ་ཁྲིམས་ཕ་རོལ་ཕྱིན་དགེ་མ། ། ཅུང་ཟད་སེར་བའི་ རིན་ཆེན་ལུས། ། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། ། སྣ་ཚོགས་གོས་ནི་ཡོངས་སུ་གྱོན། ། མཛེས་ཤིང་ཕྲེང་བའི་ཆུན་པོའི་གཙུག ། གོས་ལྡན་གཙུག་ན་གཙུག་ཏོར་མཆོག ། ཡིད་བཞིན་རིན་ཆེན་དམ་པའི་ཕྱག ། གཡོན་པའི་སྐྱིལ་ཀྲུང་རིན་ཆེན་བཟང་། ། ཆོ་ག་ ཇི་བཞིན་རབ་ཏུ་བསམ། །
BOརྒྱབ་ཏུ་བཟོད་པ་མ་ཞེས་བྱ། ། ཅུང་ཟད་འཛུམ་ཞིང་སེར་མཛེས་མ། ། དམར་པོའི་གོས་ནི་ལེགས་པར་གྱོན། ། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། ། ཐམས་ཅད་རིན་ཆེན་མཆོག་འདྲི་ཞིང་། ། དམར་པོའི་གོས་ནི་འཕྱང་བ་མ། ། གཙུག་ན་རིན་ཆེན་མཆོག་ དང་ལྡན། ། སེང་གེ་མཆོག་གི་ཁྲི་ལ་བཞུགས། ། བྱང་དུ་བརྩོན་འགྲུས་ཆེན་མོ་ནི། ། རྡོ་རྗེ་གོ་ཆས་བརྒྱན་པ་ལ། ། དཔའ་མོ་རིན་ཆེན་དབྱུག་གུའི་ཕྱག ། གཡས་པ་སྦྱིན་པའི་ཕ་རོལ་སོང་། ། པྲི་ཡང་ཀུ་ལ་སྔོ་བསངས་དཀར། ། རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས། ། ལྷག་མ་རྣམས་ ནི་གཞག་བྱ་བ། ། དཀྱིལ་འཁོར་བྱས་ཏེ་རིན་ཆེན་ལྡན། ། སྒོ་དང་སྒོ་རུ་སྒོ་བ་མ། ། རིན་ཆེན་ཀུན་གྱིས་རྣམ་པར་བརྒྱན། ། དེ་ནས་ཕྱི་ཡི་ཕྱི་ཉིད་དུ། ། རིན་ཆེན་སྙིམ་པའི་ལག་པ་མཆོག ། ཕྱོགས་སྐྱོང་བ་ནི་ཐམས་ཅད་ནི། ། {གོ་རིམས་,གོ་རིམ་}བཞིན་དུ་གཞག་པར་བྱ། ། དེ་ཡི་ཕྱི་ རོལ་ཐམས་ཅད་དུ། ། མཁས་པས་ཀླུ་དང་གནོད་སྦྱིན་བྲི། ། རིན་ཆེན་བུམ་པ་བཟང་པོ་དང་། ། གདུགས་དང་རྒྱལ་མཚན་བ་དན་ལག ། གཏོར་མ་རྣམ་པ་སྣ་ཚོགས་དང་། ། ལྷ་བཤོས་རབ་ཏུ་བཟང་དགེ་བ། ། བཟའ་དང་བཏུང་བའི་རོ་མཆོག་དང་། ། མར་དང་ཀ་ར་ཉིད་དང་ ནི། །
BOཞོ་དང་བུ་རམ་ཧྭགས་དང་བཅས། ། འོ་མ་མར་དང་སྦྲང་རྩི་དང་། ། རྒྱལ་པོའི་བཟའ་བ་དམ་པའི་མཆོག ། བཟའ་བ་ལ་སོགས་རབ་མཆོག་གོ། ། དེ་ནས་སྔགས་པས་འཇུག་པར་བྱ། ། རྒྱན་རྣམས་ཀུན་གྱིས་བརྒྱན་ནས་སུ། ། སེར་པོའི་གོས་འཛིན་དག་པ་དང་། ། ཕྲེང་ལྡན་དྲི་ཞིམ་ལྡན་པའི་ལས། ། སྒོ་ཡི་ཆར་ནི་ཞུགས་ནས་སུ། ། ཐོག་མར་ལྷ་ནི་སྤྱན་དྲང་བྱ། ། ཕྱག་རྒྱ་བཅིངས་ཏེ་དབྱངས་སྙན་པས། ། རབ་ཏུ་དགའ་བའི་ཡིད་ཀྱིས་སུ། ། ལྷར་བཅས་འཇིག་རྟེན་དག་ལ་སྨན་སླད་དུ། ། ཀུན་ཏུ་བཟང་པོའི་སྨོན་ལམ་དྲན་མཛོད་ལ། ། རིན་ཆེན་དམ་པ་སེང་གེའི་ཁྲིར་བཞུགས་ཏེ། ། འཁོར་བཅས་ལྷ་དང་དེ་བཞིན་གཤེགས་པ་སྤྱོན། ། དེ་ནས་དེ་དག་ལེགས་བྱོན་ཏེ། ། སྲས་བཅས་འཁོར་དང་བཅས་རྣམས་ཀྱང་། ། སེམས་ཅན་རྣམས་ལ་དངོས་གྲུབ་སྟེར། ། སྒྲུབ་པ་པོ་ལ་ཁྱད་པར་དུ། ། དེ་ནས་ཐལ་མོ་ལེགས་ སྦྱར་ལ། ། རིན་ཆེན་གྱིས་བཀང་མེ་ཏོག་བཅས། ། གསང་སྔགས་བརྗོད་དེ་གཏོར་བར་བྱ། ། ཅི་བདེ་བར་ནི་བཞེས་སུ་གསོལ། ། དེ་ནས་རང་གིས་དབང་བསྐུར་བྱ། ། དེ་ཡི་སྔགས་དང་ཕྱག་རྒྱ་ཡིས། ། ས་ལ་ལག་པས་རེག་ནས་སུ། ། བསྙེམས་པ་ཡིས་ནི་འཐོན་ པར་བྱ། ། དེ་ནས་སློབ་མ་གཞུག་པར་བྱ། །
BOམེ་ཏོག་དྲིས་ནི་ཡང་དག་སྡུད། ། སེར་པོའི་གོས་བཟང་ཡང་དག་གྱོན། ། ལག་ན་རིན་ཆེན་དྲི་བཟང་པོ། ། དགའ་དང་བཅས་ཏེ་སྙིམ་པ་དེ། ། སྔ་མའི་སྔགས་ཀྱིས་དོར་བར་བྱ། ། གང་གི་དྲུང་དུ་ལྷུང་གྱུར་པ། ། ལྷ་དེ་དེ་ཡིས་ འགྲུབ་པ་ཡིན། ། དེ་ནས་གཡས་ནས་རྣམ་བསྐོར་ཏེ། ། སློབ་མ་དེ་ནི་འབྱུང་བར་བྱ། ། བཟང་པོའི་སེང་གེའི་ཁྲིར་བཞག་སྟེ། ། དབང་བསྐུར་བ་ཡི་སྦྱོར་བ་བྱ། ། གདུགས་དང་རྒྱལ་མཚན་བ་དན་དང་། ། མཛེས་པའི་རྔ་ཡབ་གཡོབ་པ་ཡིས། ། དེ་བཞིན་དུ་ཡང་དབང་ བསྐུར་ཏེ། ། བུམ་པ་བརྒྱད་དམ་བཅུ་དྲུག་ལ། ། དེ་ཡི་སྔགས་དང་ཕྱག་རྒྱ་ཡིས། ། {གོ་རིམས་,གོ་རིམ་}ཇི་ལྟ་བ་བཞིན་ནོ། ། དེ་ནས་སྦྱོར་བ་དེར་འོངས་ཏེ། ། འཁོར་ལོས་སྒྱུར་བའི་རིམ་པ་ཡིས། ། འཁོར་ལོ་རིན་ཆེན་བཟང་པོའི་ལག ། རྒྱལ་བ་རྒྱལ་བའི་སྒྲ་དགེ་བས། ། གསང་བའི་སྦྱོར་བའི་རྣལ་འབྱོར་གྱིས། ། ལྟེ་བ་རུ་ནི་དབང་བསྐུར་རོ། ། འདི་བདག་གཏེར་ཅན་རིན་ཆེན་འཛིན། ། རྡོ་རྗེ་རིན་ཆེན་འཛིན་པར་འགྱུར། ། དམ་ཚིག་གི་ནི་དམ་པ་ཡིས། ། སངས་རྒྱས་ཀུན་གྱི་དོན་རྒྱས་པ། ། འབད་པས་དེ་རིང་བླངས་པ་ཡིས། ། ཕོངས་པའི་ དྲི་མ་འཕྲོག་པར་བྱེད། ། དེ་ནས་དཔའ་བོ་འཆི་མེད་འཛིན།
BO། རིན་ཆེན་ཚོགས་ཀྱིས་མཆོད་པར་བྱ། ། གཞན་པ་ཡི་ཡང་དུ་མ་ནི། ། རྒྱལ་པོ་དབང་ཕྱུག་དམ་པས་སོ། ། དེ་བཞིན་དབང་བསྐུར་ལྔ་པོ་ཡིས། ། སྐལ་མེད་ཀྱང་ནི་བདག་མེད་འགྱུར། ། གླིང་བཞིའི་དབང་ཕྱུག་ དཔལ་ལྡན་ཡང་། ། གནོད་པ་མེད་པར་ཐོབ་པར་འགྱུར། ། གསང་བ་ལས་ཀྱང་ཆེས་ཤིན་ཏུ། ། གསང་བ་ཡི་ནི་མནའ་བསྒགས་ཏེ། ། དེ་ཡི་བསྒོམ་དང་སྒྲུབ་པའི་ཐབས། ། སློབ་མ་ལ་ནི་དེ་ནས་བསླབ། ། གུར་གུམ་དང་ནི་ཙནྡན་དང་། ། དྲི་དང་མར་མེ་བཟང་པོ་ལ། ། དམ་ ཚིག་གིས་ནི་གསལ་བྱས་པ། ། ལན་གསུམ་དུ་ནི་འཐུང་དུ་གཞུག ། བུ་ཀྱེ་འཐུང་ཤིག་གསང་བ་ཆེ། ། དམ་ཚིག་ཤིན་ཏུ་འདའ་བ་དཀའ། ། གལ་ཏེ་འདི་ལས་འདས་གྱུར་ན། ། མྱུར་བ་ཉིད་དུ་འཆི་བར་འགྱུར། ། ཤི་ནས་ཀྱང་ནི་དམྱལ་སྡུག་བསྔལ། ། རབ་མང་ངུ་འབོད་ཉིད་ དུ་གནས། ། གལ་ཏེ་མི་རུ་སྐྱེ་འདོད་པའམ། ། ནམ་ཞིག་དངོས་གྲུབ་ཐོབ་འདོད་ན། དེ་བཞིན་ཕོངས་པའི་སྡུག་བསྔལ་ལས། ། རིང་དུ་ངེས་པར་ཁྱོད་ཀྱིས་སྐྱོབས། ། འདི་དག་ལེགས་ཐོས་སློབ་མ་ལ། ། གསང་བའི་སྒྲུབ་ཐབས་བཤད་པར་བྱ། ། ཇི་ལྟའི་རྒྱལ་རིགས་བུ་མོ་ ནི། ། བཟུང་ནས་གསལ་བའི་རྣལ་འབྱོར་བྱ། ། ཉི་མ་བདུན་ན་ངེས་པར་འགྲུབ། །
BOརྒྱལ་པོའི་ཕུན་ཚོགས་ཐོབ་པར་འགྱུར། ། ཤེས་རབ་ཕ་རོལ་ཕྱིན་པའི་མཆོག ། དཀྱིལ་འཁོར་སྦྱོར་བས་བསམ་གཏན་བྱ། ། རྒྱལ་མོ་ཆོ་ག་བཞིན་བཟུང་སྟེ། ། སྒྲུབ་པ་པོས་ནི་མྱུར་དུ་ བསྒྲུབ། ། ཉི་མ་གསུམ་གྱིས་རྒྱལ་པོ་མཆོག ། གདོན་མི་ཟ་བར་ཐོབ་པར་འགྱུར། ། བྲམ་ཟེའི་བུ་མོ་སྐལ་ཆེན་མོ། ། ནོར་ཆེན་ལ་ནི་བསྒྲུབ་པར་བྱ། ། རྗེ་རིགས་སྣ་ཚོགས་སྦྱོར་བ་ཡིས། ། མཚུངས་པ་ཉིད་དུ་བསྒྲུབ་པར་བྱ། ། དེ་ཡིས་དངོས་གྲུབ་མཆོག་རྙེད་དེ། ། རྒྱལ་ པོ་འཇིག་རྟེན་གསུམ་གྱིས་བརྗེད། ། དམངས་མོ་དཔའ་བོའི་སྦྱོར་བ་ཡིས། ། བསྒྲུབས་ན་སྔགས་ཀྱི་དངོས་གྲུབ་འགྱུར། ། གནོད་སྦྱིན་རྒྱལ་མཆོག་གྲུབ་པ་དང་། ། གནོད་སྦྱིན་རྣམས་ཀྱི་དབང་ཕྱུག་མཆོག ། དམན་པའི་སེམས་སུ་བཤད་པ་དང་། ། མཆོག་གིས་མཆོག་ ནི་ཆེན་པོ་དང་། ། བར་མས་བར་མའི་དངོས་གྲུབ་ནི། ། སྐྱེ་བ་འདི་ལ་ཐོབ་པར་འགྱུར། ། དེ་ནས་ལས་རྣམས་བསླབ་པར་བྱ། ། ཞི་བ་དང་ནི་རྒྱས་པའི་ལས། ། དེ་བཞིན་དབང་དང་མངོན་སྤྱོད་དང་། ། གཞན་པ་ཡི་ཡང་སྣ་ཚོགས་ནི། ། སེམས་ཅན་རྣམས་ལ་དགའ་བའོ། ། ཤེས་རབ་ཕ་རོལ་ཕྱིན་དགེ་མ། ། དཀྱིལ་འཁོར་སྦྱོར་བས་བསྒོམ་པར་བྱ། ། ཀུནྡ་དཀར་པོ་ཟླ་བ་འདྲ། །
BOའོད་ཟེར་དཀར་པོས་མཛེས་པ་མོ། ། སྐྱེ་བོ་ནད་པ་འཆི་ཀ་མ། ། དེ་ཡི་ལུས་ལ་གཞུག་པར་བྱ། ། དེ་ནས་དེ་ནི་སྟོབས་ལྡན་འགྱུར། ། བརྒྱད་གཉིས་པ་ཡི་ལང་ཚོར་ལྡན། ། ནད་རྣམས་ཀུན་ལས་རྣམ་པར་གྲོལ། ། རྒ་དང་འཆི་བ་རྣམ་པར་སྤངས། ། བསྟན་བཅོས་ཀུན་གྱི་དོན་རིག་ཅིང་། ། ཤེས་རབ་དྲན་པ་མཆོག་དང་ལྡན། ། དེ་བཞིན་རང་འགྱུར་རྣལ་འབྱོར་པ། ། ནམ་མཁའ་ལ་ནི་ཡང་དག་བསྒོམ། ། མཛེས་པའི་རིན་ཆེན་ སྣ་ཚོགས་པའི། ། ཐམས་ཅད་དུ་ནི་ཆར་འབབ་པ། ། འདི་ཡིས་ཕོངས་པ་རྣམ་པར་སེལ། ། ཕོངས་པ་རྣམས་ལ་རབ་ཏུ་བརྟག ། མཐེ་བོ་ཡི་ནི་ཚད་ཙམ་པའི། ། ནོར་རྒྱུན་མ་ཡི་རྣམ་པ་བྱ། ། ལྷ་མོ་ལ་ནི་མཉམ་པར་གཞག ། དེ་ཡི་མདུན་དུ་གསང་སྔགས་བཟླས། ། ཇི་སྲིད་འབུམ་ཕྲག་ཁོ་ན་སྟེ། ། དེ་ནས་དངོས་གྲུབ་བསྒྲུབ་པར་བྱ། ། ཟླ་བ་གང་བའམ་བཅུ་བཞི་འམ། ། བརྒྱད་པའམ་གཟས་གཟུང་ཉིན་པར་ལ། ། མཆོད་པ་ཆེན་པོ་བྱས་ནས་སུ། ། མཁས་པས་མཚན་མོ་ཐོག་ཐག་བཟླས། ། དེ་ནས་དགའ་བས་གཟུགས་བརྙན་དེ། ། གདོན་མི་ཟ་བར་འབར་བར་འགྱུར། ། དེ་ནས་བཟུང་སྟེ་མདོར་བསྡུ་ན། ། མི་ཡི་འཁོར་ལོས་སྒྱུར་བར་འགྱུར། ། བཟླས་པས་མཚན་མ་བཟང་བྱུང་ན། ། རྣལ་འབྱོར་པ་ནི་ནོར་ཆེན་འགྱུར། །
BOབར་མས་གླིང་ནི་ཐོབ་པར་འགྱུར། ། ཐ་མ་ཡིས་ནི་ཁོར་ཡུག་གོ། ། ཐམས་ཅད་ དུ་ནི་བཟླས་ཙམ་གྱིས། ། ལོངས་སྤྱོད་ཟད་པར་འགྱུར་མ་ཡིན། ། རྒྱལ་པོ་ཐམས་ཅད་དབང་འགྱུར་ཞིང་། ། བུད་མེད་ཐམས་ཅད་དགའ་བར་འགྱུར། ། སྙིང་གར་རྣལ་འབྱོར་བྱས་ནས་སུ། ། ནོར་བུ་ལག་པར་བཅངས་ནས་ནི། ། ཉི་མའི་དཀྱིལ་འཁོར་ལ་གནས་བསྒོམ། ། མྱུར་དུ་རིན་ཆེན་རྒྱལ་པོར་འགྱུར། ། ཕྱག་རྒྱ་འདི་ནི་བྱས་གྱུར་པས། ། རྟག་ཏུ་སྒོམ་པས་བསྒོམ་པར་བྱ། ། ཇི་ལྟར་འདོད་པའི་གྲུབ་རྙེད་དེ། ། རྡོ་རྗེ་འཛིན་པ་ཇི་བཞིན་ནོ། ། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་ཏོ། ། དེ་ནས་སྦྱོར་བ་ཇི་བཞིན་དུ། ། ཡུམ་དེ་ རྣམས་ནི་ལེགས་བྱོན་ནས། ། ལས་ཀྱི་དཀྱིལ་འཁོར་ལེགས་གནས་པ། ། སྟོན་པ་ལ་ནི་ཞུ་བ་ཞུས། ། གང་དུ་རྒྱལ་བ་ཀུན་བཞུགས་ནས། ། བླ་ན་མེད་པའི་དོན་མཛད་པ། ། སེམས་ཅན་ཀུན་ལ་བདེ་སླད་དུ། ། མྱུར་དུ་ལས་ནི་འགྲུབ་པ་ལེགས། ། དེ་ནས་བཅོམ་ལྡན་འདས་ ལས་ཐམས་ཅད་ཀྱི་དམ་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་གྱི་དམ་པ་དེ་རྣམས་ལ་ལས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། རླུང་གི་དཀྱིལ་འཁོར་བྲི་བར་བྱ།
BO། དེ་ཡི་དབུས་སུ་གྲུ་གསུམ་པ། ། དེ་ཡི་ སྟེང་དུ་ལྷ་མོ་བཞག ། འབར་བའི་མེ་དང་མཚུངས་པ་ལ། ། ཞལ་བཞི་མ་ལ་ཆེར་འཇིགས་པ། ། མཆེ་བ་རབ་ཏུ་གཙིགས་པ་མོ། ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། ། རྡོ་རྗེ་ལྕགས་ཀྱུ་ཐོད་པ་དང་། ། ཞགས་པ་གཡས་དང་གཡོན་པར་འཛིན། ། པགས་པ་ཆེན་པོ་ གོས་སུ་གྱོན། ། ཁྲོ་མོ་མིག་འབྲས་རབ་ཕྱུང་བ། ། མཆེ་བས་མཆུ་མནན་ཞལ་ཆེན་མོ། ། དེ་ཡི་མདུན་དུ་བྲི་བྱ་བ། ། མཐའ་མའི་ཞལ་ནི་མདོར་བསྡུས་པ། ། སྣ་ཚོགས་གཏུམ་དང་དྲག་པོའི་ཞལ། ། དུ་མའི་ཕྱག་གིས་ཡང་དག་འཁྲུགས། ། ཞགས་པ་ལྕགས་ཀྱུ་ཐོད་སོགས་ དང་། ། རྡོ་རྗེ་ཅན་གྱི་སོག་ལེ་འཛིན། ། ཐོད་པས་ལུས་ལ་བྲེས་གྱུར་ཅིང་། ། ཅོད་པན་ཆེན་པོས་འཇིགས་བྱེད་མོ། ། གཤིན་རྗེ་དཔའ་བོས་བྲི་བྱ་བ། ། མཐའ་གདོང་དམ་པ་ཡི་ནི་མཆོག ། སྔོན་པོ་འབར་བའི་རང་བཞིན་ཁྲོས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། ། སྟག་གི་པགས་པའི་ཤམ་ཐབས་ཅན། ། རལ་གྲི་རིན་ཆེན་ཐོད་པ་དང་། ། རིན་ཆེན་དབྱུག་གུ་འཛིན་པའི་མཆོག ། དེ་ནས་ལྷ་མོ་ལེགས་བྲི་བ། ། པདྨའི་ཞལ་མ་འཇིགས་ཆེན་མོ། ། དམར་མོ་ཕྱག་ན་ཉི་ཟླ་འཛིན། །
BOབསྐལ་པའི་མེ་དང་ མཚུངས་པ་མོ། ། གཡོན་པ་རུ་ནི་ཁྲོ་མོ་ཆེ། ། མ་བཅོམ་མ་ནི་སྐ་རགས་མགུལ། ། ལས་ཀྱི་རྡོ་རྗེ་དྲིལ་ལྡན་མཆོག ། མཆེ་བ་རྣམ་པར་གཙིགས་པའི་ཞལ། ། གཙུག་ན་ཐོད་པ་འཇིགས་སུ་རུང་། ། རབ་གཏུམ་སྟོབས་དང་གསལ་བ་མོ། ། སྦྱོར་ལྡན་ཆོ་ག་རིག་པས་བྲི། ། ཕྱི་རོལ་དུ་ནི་ལེགས་བྲི་བ། ། ཁྲོ་བཅས་འཇིགས་པ་དང་བཅས་པ། ། རལ་པའི་ཐོར་ཚུགས་ཆེན་པོ་ཅན། ། ཁྲག་གིས་གང་བའི་ཐོད་པ་དང་། ། ཕྱག་རྒྱ་བཟང་པོས་ཕྱག་མཚན་པའོ། ། དེ་ཡི་ཕྱི་རུ་ལྷ་རྣམས་ནི། ། སྙིམ་པ་རབ་སྦྱར་ཡི་དམ་པ། ། ཐམས་ཅད་དུ་ནི་ཡོངས་ སུ་གཞག ། འཇིག་རྟེན་སྐྱོང་བ་གཞག་པར་བྱ། ། སྒོ་རྣམས་དག་ནི་ཐམས་ཅད་དུ། ། སྒོ་སྐྱོང་བ་ཡང་དེ་བཞིན་དུ། ། དེ་ནས་གཏོར་མའི་ཆོ་ག་ནི། ། ཤ་བཅས་བཏུང་བ་རོ་དང་ལྡན། ། དེ་ནས་གོ་ཆ་བཅིངས་གྱུར་པས། ། ཐོད་པའི་ཅོད་པན་ཆེན་པོ་དང་། ། ཁྲག་ གམ་ཆང་གིས་བཀང་བའམ། ། ཐོད་པ་ལྡན་པས་འཇུག་པར་བྱ། ། ཐམས་ཅད་འགྲུབ་པའི་མ་མོ་རྣམས། ། འདི་ཡིས་སྤྱན་ནི་དྲང་བར་བྱ། ། དཀོན་མཆོག་གསུམ་ལ་གནོད་བྱེད་པའི། ། གསད་པའི་དོན་དུ་མ་མོ་རྣམས། ། དེ་རིང་ཉིད་དུ་དཀྱིལ་འཁོར་འདིར། ། འཇིགས་ ཆེན་མ་རྣམས་ཐམས་ཅད་གཤེགས། །
BOའཇིགས་པའི་སྒྲ་དང་ཆེར་གཏུམ་དང་། ། ཁ་ནས་འོད་ཟེར་སྟོང་ཕྲག་ནི། ། མཐོང་བ་དང་ནི་ཐོས་པ་ན། མཚན་མར་ཡང་ནི་ཤེས་པར་བྱ། ། དེ་ནས་དེ་ཡིས་ཨརྒྷ་སྦྱིན། ། ཅི་བདེར་བཞེས་ཤིག་འཇིགས་མཛད་མ། ། གདུག་པ་ ཆེན་པོ་གསོལ་བར་མཛོད། ། གདུག་གཏུམ་འཇིགས་པར་བྱེད་པ་ཡིས། ། དེ་ནས་བདག་ལ་དབང་བསྐུར་ཏེ། ། ཐོད་པར་གནས་པའི་རོ་ཡིས་ནི། ། སྲང་ཙམ་གྱིས་ནི་ཤ་ཟོས་ནས། ། མ་མོ་ཐམས་ཅད་བསྒྲུབ་པར་བྱ། ། དེ་ནས་མངོན་སྤྱོད་ལས་རྣམས་ཀུན། ། དམ་ཚིག་ བསྲུང་བ་ཡིས་ནི་བྱ། ། དཀོན་མཆོག་གསུམ་ལ་གནོད་བྱེད་དང་། ། བླ་མ་རྣམས་ལ་འཁྱལ་སྨྲ་བ། ། རྟག་ཏུ་གསོད་པར་ལྷ་མོ་རྣམས། ། བགྱིད་པར་བདག་ནི་རྗེས་སུ་གཟུང་། ། དེ་ནས་ཆོ་ག་དེ་ཉིད་ཀྱིས། ། སློབ་མའི་དམ་པ་གཞུག་པར་བྱ། ། ཁྲོ་བོའི་ལྷ་ལ་བསྐུལ་ནས་སུ། ། མེ་ཏོག་དམར་པོ་དོར་བར་བྱ། ། བདག་གི་མེ་ཏོག་དམ་པ་འདི། ། ཅི་བདེ་བར་ནི་བཞེས་སུ་གསོལ། ། བདུག་པ་འདི་ནི་བཟུང་ནས་སུ། ། གསོལ་བྱེད་འདི་ནི་གསོལ་བར་མཛོད། ། ལྷ་མོ་གང་ལ་ལྷུང་གྱུར་པ། ། དེ་ཡིས་དེ་ལ་མཆོག་གསོལ་ལོ། ། དེ་ནས་དབང་བསྐྲུར་བྱིན་ ནས་སུ། ། དཀྱིལ་འཁོར་གྱི་ནི་མདུན་བཞག་སྟེ། ། ཐོད་པ་རུ་ནི་གནས་པ་ཡི། །
BOཁྲག་གིས་དབང་ནི་བསྐུར་བར་བྱ། ། དེ་ནས་སྒོ་རུ་བོས་ནས་སུ། ། དམ་ཚིག་འབད་པས་འཛིན་དུ་གཞུག ། རབ་ཏུ་གདུག་པའི་སྙིང་གི་ཁྲག ། བཟང་པོ་འདི་ནི་འཐུང་ཞིག་བུ། ། ཟོ་ཤིག་ཟོ་ཤིག་ ཤ་ཆེན་པོ། ། བཏུང་བ་འཇིགས་པ་ཆེན་པོ་འཐུང་། ། གཞན་དུ་ན་ནི་འཆི་འགྱུར་ཏེ། ། མཁའ་འགྲོ་མ་དང་གཟའ་རྣམས་དང་། ། གནོད་སྦྱིན་སྲིན་པོ་གཏུམ་པོ་ཡི། ། རིང་པོར་མི་ཐོགས་རབ་ཏུ་ཟ། ། དེ་ནས་མངོན་སྤྱོད་ལས་རྣམས་ནི། ། སྟོང་ཕྲག་དག་ནི་བསླབ་པར་ བྱ། ། དེ་ཡི་སྦྱོར་བའི་རྣལ་འབྱོར་གྱིས། ། རང་ཉིད་ཁྲོ་བོར་བཟུང་གྱུར་པས། ། གནོད་བྱེད་ཐམས་ཅད་གསད་པར་བྱ། ། དགྲ་རྣམས་ཐམས་ཅད་བཟའ་བར་བྱ། ། གདུག་པ་ཐམས་ཅད་བཅའ་བར་བྱ། ། སྲིན་པོ་ཐམས་ཅད་གཞོམ་པར་བྱ། ། མཐའ་ཡས་ཞལ་མའི་སྦྱོར་བ་ ཡིས། ། གསད་དང་གཟུང་བ་དེ་ཡིས་བྱ། ། ཞལ་བཞི་མ་ཡི་སྦྱོར་བ་ཡིས། ། ཐམས་ཅད་འགུགས་པའི་དམ་པའང་ཡིན། ། མཁའ་གདོང་མ་ཡིས་ཐམས་ཅད་དུ། ། རིན་པོ་ཆེ་ཡི་ཚོགས་འབྱུང་ངོ་། ། པདྨའི་ཞལ་གྱི་སྦྱོར་བ་ཡིས། ། ཆང་གི་དམ་པ་བཏུང་བར་བྱ། ། མ་ བཅོམ་མ་ཡི་སྦྱོར་བ་ཡིས། ། ཤ་ནི་འགུགས་པའི་མཆོག་ཡིན་ནོ། ། ནམ་མཁའ་རེངས་པ་ཆེན་པོ་སྟེ། ། དམག་དཔུང་འབྱོར་པའི་དམ་པའོ།
BO། རྨུགས་དང་རྨོངས་པ་ཐམས་ཅད་དུ། ། དཔྱད་པ་རུ་ནི་མི་བྱའོ། ། སྔར་བཤད་པ་ཡི་ལས་རྣམས་དང་། ། མ་བཤད་ པ་ལ་ཅི་འདོད་པ། ། བཟླས་པ་ཙམ་གྱིས་ཀུན་བྱ་སྟེ། ། ཐམས་ཅད་དུ་ནི་ཐེ་ཚོམ་མེད། ། དུར་ཁྲོད་ཀྱི་ནི་ཐལ་བ་ལ། ། དགྲ་བོའི་གཟུགས་ནི་འབད་པས་བྱ། ། མིང་དང་སྤེལ་བར་བྱས་ནས་སུ། ། མ་མོའི་རལ་གྲིས་གཏུབ་པར་བྱ། ། དེ་ནས་ཉི་མ་བདུན་ན་ནི། ། བརླག་པར་ འགྱུར་བར་གདོན་མི་ཟ། ། གང་ལུས་ཇི་ལྟར་བཅད་གྱུར་པ། ། དེ་དང་དེ་ཡི་ཡན་ལག་འཆད། ། ཞལ་བཞི་མ་ཡི་སྦྱོར་བ་ཡིས། ། སྔགས་པ་མཉམ་པར་བཞག་པས་བཅད། ། དེ་ཡི་མགྲིན་པར་ཞགས་པ་ནི། ། མཁས་པས་སྤྲོས་ཏེ་བཅིང་བར་བྱ། ། ལྕགས་ཀྱུས་སྙིང་གར་ ཕུག་ནས་སུ། ། རླུང་གིས་བསྐྱོད་དེ་དྲང་བར་བྱ། ། དེ་ནས་དེ་ཡི་མིང་བསྐུལ་ནས། ། དེ་ནི་ཤེས་རབ་ལྡན་པས་དགུག ། དམན་དང་མཆོག་གི་དབྱེ་བ་ཡིས། ། འདི་ཡི་འབྲས་བུ་ང་ཡིས་བཤད། ། མདོར་བསྡུས་པས་ནི་ཤེས་པར་བྱ། ། སྔགས་པའི་རྒྱལ་པོའི་སྦྱོར་བ་ ཡིས། ། ཞེས་སོ། ། དེ་ནས་བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པ་ཐམས་ཅད་ནི། དེ་ཡིས་དངོས་གྲུབ་གསོལ་མི་འགྱུར། ། ཉེ་བར་འཚེ་བ་འཇིགས་རྣམས་དང་། ། གདོན་དང་གནོད་སྦྱིན་སྲིན་པོར་བཅས། །
BOམི་བཟད་ནད་ཀྱིས་བཏབ་ནས་སུ། ། ཤི་ནས་མནར་མེད་ཉིད་དུ་འགྱུར། ། དེ་ནས་དེ་བཞིན་དབང་བསྐུར་གྱི། ། དཀྱིལ་འཁོར་ལ་བཞག་ཡུམ་རྣམས་ཀྱིས། ། དབང་བསྐུར་གསང་བའི་དམ་ཚིག་སྦྱིན། ། གསང་བའི་སྒྲུབ་ཐབས་ཉན་དུ་གཞུག ། རང་ཡུམ་མ་མོའི་ས་བོན་གྱིས། ། རང་གི་རྣམ་རྟོག་བདག་ ཡུམ་མིན། ། ལྟ་བུས་ཡབ་གྱུར་བསྒྲུབས་ན་ནི། ། ཉི་མ་བདུན་ན་རབ་ཏུ་འགྲུབ། ། སངས་རྒྱས་ཀུན་གྱི་ཡབ་སྟོན་པ། ། ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ཏེ། ། དྲག་པོ་ཀུན་དང་བདེ་ཆེན་པོ། ། ཡེ་ཤེས་ཀུན་གྱི་མཆོག་གི་མཆོག ། ཤེས་རབ་ཀྱིས་ནི་ཐམས་ཅད་བསྒྲུབ། ། ལས་རྒྱས་པ་ཡི་དམ་པའི་མཆོག ། བྱེ་བྲག་ཏུ་ནི་བསྐུལ་ནས་སུ། ། བྱང་ཆུབ་ཀྱི་ནི་ཡོན་ཏན་གྱི། ། ཐམས་ཅད་དུ་ནི་འོད་གསལ་བའི། ། དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། ། ཤེས་རབ་ཀྱི་ནི་ལས་དབྱེ་བས། ། གཟུགས་དང་དབྱིབས་ཉིད་དག་གིས་སོ། ། ཕྱག་ རྒྱ་དང་ནི་ཕྱག་རྒྱའི་ལན། ། དེ་བཞིན་དཀྱིལ་འཁོར་དམ་ཚིག་དང་། ། བཟའ་བ་དང་ནི་ཉེར་སྤྱོད་པ། ། གཏོར་མ་ལྷ་བཤོས་ཉིད་དང་ནི། ། ཤིན་ཏུ་བདེ་བའི་སྟན་ཉིད་དང་། ། དེ་དང་དེ་ནི་ངེས་པར་སྦྱར། ། བཟླས་དང་བསམ་གཏན་ས་བོན་ནི། ། རང་གི་ལུས་ཁྱབ་པ་ཉིད་དོ། །
BOགསང་ སྔགས་དག་ནི་ཐམས་ཅད་ལས། ། གསང་སྔགས་འདི་ནི་རབ་ཏུ་བསྔགས། ། ཚེ་འདིར་དམ་པའི་རྗེས་གྲུབ་ཅིང་། ། གདོན་མི་ཟ་བར་ཐོབ་པར་འགྱུར། ། འདི་ནི་བཅོམ་ལྡན་ཀུན་རྡོ་རྗེ། ། ཡེ་ཤེས་འབྱུང་གནས་མངའ་བདག་གསུངས། ། ལས་ཀུན་གྱི་ནི་སྦྱོར་བ་ཡིས། ། འདི་ནི་སྒྱུ་ མས་འགྲོ་ལ་བཞུགས། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཕྱག་རྒྱའི་ཡེ་ཤེས་མཆོག་ཏུ་དགེ། ། ཡེ་ཤེས་ཆེན་པོས་གསུང་དུ་གསོལ། ། གང་གིས་མངོན་པར་རྒྱས་བཏབ་ཀུན། ། མངའ་བདག་ དུས་མི་རིང་བར་འགྲུབ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཏིང་ངེ་འཛིན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཕྱག་རྒྱ་རྟགས་སུ་ཡང་དག་བཤད། ། ཐ་སྙད་ཙམ་དུ་རྣམ་པར་བཏགས། ། སངས་རྒྱས་ཀུན་གྱིས་ཀླ་ཀློའི་སྐད། ། ཕྱག་རྒྱ་ཐམས་ཅད་ཡང་དག་བཤད། ། འོན་ཀྱང་མགོན་པོ་མཆོག་གིས་བརྟགས། ། ལག་པའི་རྣམ་དགོད་མཚན་མ་ཉིད། ། གང་གིས་ཡིད་ཆེས་ལེགས་སྐྱེ་རྣམས། ། དམ་ཚིག་ཤེས་པའི་ལྷ་རྣམས་ནི། ། སྒྲུབ་པོ་རྣམས་ཀྱིས་རབ་བསྐུལ་ན། ། གྲུབ་པའི་དམ་པ་རབ་ཏུ་ སྩོལ། །
BOདུས་ལས་ཐམས་ཅད་བྱོན་ནས་སུ། ། སླར་ཡང་གཤེགས་པ་ཉིད་དུ་འགྱུར། ། ལག་པ་ཟླ་བ་ཉི་མར་བྱ། ། ཤེས་རབ་ཐབས་སུ་རབ་ཏུ་བརྟག ། དེ་ནས་སྔགས་པས་ཡོངས་སུ་སྦྱར། ། རང་གི་ས་བོན་དག་གིས་མཚན། ། ཨོཾ་པྲཛྙོ་པཱ་ཡ་ས་མཱ་ཡོ་ག། ། དེ་ནས་ཐལ་ མོ་ངེས་པར་སྦྱར། ། ཕན་ཚུན་རྗེས་སུ་རྟོགས་ཆེན་པོ། ། ཁུ་ཚུར་ཤིན་ཏུ་གཞག་པར་བྱ། ། ཁུ་ཚུར་བསྡམས་པ་ལྟ་བུར་བཅིང་། ། སོ་སོ་རུ་ནི་སྦྱོར་བར་བྱ། ། སྙིང་གི་དབུས་སུ་ངེས་པར་བཟུང་། ། གཡོན་པའི་སྟེང་དུ་ལག་པ་གཡས། ། བཞག་སྟེ་སོར་མོ་སོ་སོར་བྱ། ། ལག་གཡས་བསྒྲེང་ནས་ཕྱོགས་ཀུན་ཏུ། ། འཁོར་ལོའི་སྦྱོར་བས་སྤྲོ་བར་བྱ། ། རྡོ་རྗེ་སྒོ་ལྕགས་ལྟ་བུར་བསྐུམ། ། སོར་མོ་ཐམས་ཅད་རྩིབས་སུ་བྱ། ། ཨོཾ་སརྦ་དྷརྨ་ཙཀྲ་ས་མཱ་ཡེ། དེ་བཞིན་གཡོན་པ་ཡོངས་སུ་སྤྲོ། ། སོར་མོ་རྩིབས་ཀྱི་སྦྱོར་བ་ཡིས། ། ཤེས་རབ་སྟེང་དུ་ བསྒྲེང་བར་བྱ། ། གཡས་པ་ཡང་ནི་དེ་བཞིན་ནོ། ། རྩེ་མོ་ཅུང་ཟད་སྦྱར་བར་བྱ། ། ཆོས་ཀྱི་ལས་ནི་ཆེན་པོ་བྱེད། ། དེ་ཉིད་མཉམ་དུ་བསྐུམས་པ་ནི། ། ལས་ཀྱི་ཕྱག་རྒྱ་ཞེས་སུ་གྲགས། ། དེ་བཞིན་མིང་མེད་བྱས་ནས་སུ། ། ལྷག་མ་རྣམས་ནི་གདོང་དུ་སྦྱར། །
BOཕྱག་རྒྱ་ཆེན་ པོ་ཤིན་ཏུ་ནི། ། དངོས་གྲུབ་ཐམས་ཅད་རབ་ཏུ་གསོལ། ། ཕྱག་རྒྱ་འདི་རྣམས་བསྡམས་ནས་ནི། ། རང་ཉིད་ཤེས་རབ་བདག་པོར་འགྱུར། ། ཀུན་ཏུ་བཟང་པོ་རྒྱལ་པོ་ཆེ། ། ལྷ་དང་ལྷ་མིན་བཅས་པས་མཆོད། ། ཅེའོ། ། དེ་ནས་མ་མོ་དེ་རྣམས་ཀུན། ། སླར་ཡང་གཙོ་བོ་ ལ་བསྟོད་ནས། ། ཤེས་རབ་ཆེན་པོ་རྣམ་བཞི་ཡི། ། ཕྱག་རྒྱ་ཞུ་བ་རྣམ་པར་བྱས། ། ཕྱག་རྒྱ་བཞི་ཡི་རབ་ཀྱི་མཆོག ། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག ། གསང་བའི་ཕྱག་རྒྱའི་ཡལ་ག་མཆོག ། ཤེས་རབ་ཐབས་ཀྱི་ལུས་བཟང་བ། ། གང་ཞིག་གསང་བའི་རྣལ་འབྱོར་ནི། ། གང་གིས་ རྣལ་འབྱོར་པ་བདེ་བ། ། རྫུ་འཕྲུལ་འཕེལ་དང་ཡང་དག་པའི། ། རྫུ་འཕྲུལ་སྐྱེ་བ་འདིར་རྙེད་པ། ། བཅོམ་ལྡན་སྟོན་པས་བཀའ་སྩལ་པ། ། གསང་བའི་ཕྱག་རྒྱ་རྒྱལ་བའི་གཞི། ། གང་གིས་མྱུར་དུ་སྒྲུབ་པོ་ཀུན། ། རབ་ཏུ་བདེ་བར་གནས་ པས་འགྲུབ། ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། ། མཉེས་ཏེ་གསང་བའི་དམ་པ་གསུངས། ། ཕྱག་རྒྱའི་ཕ་རོལ་ཕྱིན་པ་རྣམས། ། བདེ་བ་ཆེན་པོ་རབ་ཏུ་བསྒྲུབ། ། རྡོ་རྗེ་ཐལ་མོ་དམ་པར་བསྡམས། ། རྡོ་རྗེ་དབུས་སུ་གཞག་པར་བྱ། ། གསང་བའི་དམ་ཚིག་ཅེས་སུ་བསྒྲགས། །
BOགསང་བའི་རྣལ་འབྱོར་རབ་ཏུ་སྒྲུབ། ། དེ་ཉིད་རྡོ་རྗེ་ལྟ་བུར་བྱ། ། བསྐྱོད་པས་བདེ་བ་སྐྱེད་པར་བྱེད། ། འདི་ནི་ཆོས་འཛིན་ཞེས་བྱ་བའི། ། ཕྱག་རྒྱ་གསང་བ་སྒྲུབ་པའོ། ། གཡོན་པར་ཐབས་ནི་བསྐུམས་ནས་སུ། ། བསྐྱོད་པས་བདེ་བ་འགུགས་པར་བྱེད། ། དག་པའི་ལས་ ཞེས་རབ་ཏུ་གྲགས། ། བདེ་བ་ཐམས་ཅད་རབ་སྩོལ་བྱེད། ། དེ་ཉིད་ཁ་དང་རྐན་ལ་ནི། ། སྦྱར་བ་ཆེན་མོ་ཞེས་སུ་བཤད། ། རྡོ་རྗེ་ཕན་ཚུན་ཡང་དག་སྦྱར། ། ལྕགས་ཀྱུའི་ཁ་ནི་བསྐྱོད་པར་བྱ། ། ཁ་ནི་ཕན་ཚུན་ཡོངས་སྦྱར་བ། ། གསང་བའི་ཞགས་པ་ཞེས་སུ་གྲགས། ། དེ་བཞིན་བསྐུམ་པར་བྱས་ནས་སུ། ། དམ་དུ་བསྡམས་ཏེ་བཅིང་བར་བྱ། ། འདི་ནི་གསང་བ་བསྡམས་པའི་རྒྱ། ། ཡེ་ཤེས་བསྡམས་པ་རབ་ཏུ་འགྲུབ། ། ཐམས་ཅད་རྡོ་རྗེ་ལྟར་རྡོ་རྗེ། ། དེ་བཞིན་བསྐྱོད་ཅིང་བསྐོར་བར་བྱ། ། དེ་འདི་གསང་བ་རབ་ཚིམ་པ། ། ཚིམ་པའི་ དོན་ནི་སྟེར་བར་བྱེད། ། ལྷག་མ་ཕྱག་རྒྱ་ཆེན་པོ་རུ། ། ཤེས་བྱ་ཕྱག་རྒྱ་མདོར་བསྡུས་པའོ། ། དེ་ཉིད་ལས་ཀྱི་ཕྱག་རྒྱ་མཆོག ། ལས་ཀྱི་དབྱེ་བས་སྦྱར་བར་བྱ། ། ཞེས་སོ། ། དེ་ནས་མ་མོ་དེ་རྣམས་ཀུན། ། ཡིད་ནི་ཚིམ་ཞིང་མགུ་བ་ཡིས། ། རྡོ་རྗེ་སེམས་དཔར་མཚན་ ཡངས་པའི། །
BOལེགས་སོ་བ་ནི་ངེས་པར་ཕུལ། ། ལེགས་སོ་ལེགས་སོ་གསང་ཆེན་པོ། ། ལེགས་སོ་ལེགས་སོ་མཆོད་ཆེན་པོ། ། ལེགས་སོ་ལེགས་སོ་རྣལ་འབྱོར་ཆེ། ། ལེགས་སོ་ལེགས་སོ་རབ་ཚིམ་མཛད། ། དེ་ནས་བཅོམ་ལྡན་འདས་མ་རྣམས་དང་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོ་རྣམས་ཀྱིས་དགྱེས་པའི་དཀྱིལ་འཁོར་ཞུ་བ་བཅོམ་ལྡན་འདས་ལ་ཞུས་པ། སངས་རྒྱས་རང་བཞིན་ཁྱོད་ལ་འདུད། ། སྤྱོད་པའི་རིན་ཆེན་ཁྱོད་ལ་འདུད། ། དམ་པའི་རྒྱུར་གྱུར་ཁྱོད་ལ་འདུད། ། སྣ་ཚོགས་མཛད་པ་ཁྱོད་ལ་འདུད། ། དཔའ་བོ་འདུལ་བ་ཁྱོད་ལ་འདུད། ། གསང་བའི་ཆོས་ལྡན་ཁྱོད་ལ་འདུད། ། ཞི་བའི་ཐུགས་ལ་ཕྱག་འཚལ་འདུད། ། མགོན་པོ་ཁྱོད་ལ་བདག་ཅག་ཞུ། ། བདག་གིས་དཀྱིལ་འཁོར་ཞུ་བའི་ཕྱིར། ། མངའ་བདག་རྒྱལ་དང་སེམས་ཅན་རྣམས། ། དེ་ནས་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་བཀའ་སྩལ་པ། དེ་ལྟའི་དཀྱིལ་འཁོར་བྲིས་ནས་སུ། ། དབུས་སུ་ཕ་རོལ་ཕྱིན་མ་དགོད། ། དྷཱི་ཞེས་བྱ་བ་ཤེས་རབ་ཅན། ། ཐབས་དང་ལྡན་པས་གསལ་བྱས་པ། ། འདི་ཡིས་སྔགས་པ་འཇིགས་ མེད་པར། ། ཟླ་བ་ཕྱེད་ཀྱིས་ངེས་པར་འགྱུར། ། རིག་པ་འདི་ཡིས་དེ་ཡི་ནི། །
BOལས་རྣམས་ཐམས་ཅད་བྱེད་པ་དང་། ། དབང་དང་དགུག་དང་དབྱེ་བ་དང་། ། ཚིམ་དང་འཕྲོག་དང་འབྲས་ཆེན་པོ། ། ཞི་བས་ཞི་བ་ཞེས་སུ་བཤད། ། བརྙེས་མ་ཞེས་པས་རྒྱས་པར་བཤད། ། དབང་དང་དགུག་དང་དབྱེ་བ་ལ། ། བྱེད་མའོ་དབང་ལ་དྲག་མོ་ཡིན། ། ཤ་ཡི་མཐའ་རུ་བདུད་གསོད་མ། ། གསོད་པ་དང་ནི་སྤེལ་བར་བྱ། ། འགྲོ་བ་དང་ནི་ཡང་དག་ལྡན། ། སོར་མོ་ཞགས་པས་དཀྲི་བར་བྱ། ། ཐམས་ཅད་དུ་ནི་དྲག་པོ་དགུག ། དྲག་པོ་དྲག་པོའི་གོ་ འཕང་གནས། ། འདི་ཡི་ཆོ་ག་ལྡན་པ་ཡིས། ། ལས་ཀྱི་ཚོགས་ཀྱི་མཆོག་ཀུན་བྱ། ། སེམས་ལ་རྣལ་འབྱོར་ལེགས་བསམས་ཏེ། ། བརྒྱད་བརྒྱ་ཁོ་ན་བཟླས་པ་ཡིས། ། དབང་བཅས་ཉིད་དམ་དབང་ཆེན་པོ། ། སྟོབས་ཀྱིས་མགོ་བོ་མནན་ནས་སུ། ། མ་མོའི་ཚོགས་ ཀུན་དེ་ཡིས་བཟླ། ། དུས་མི་རིང་བར་འགྲུབ་པར་འགྱུར། ། གཟི་བརྗིད་ཆེན་པོས་བཀའ་བཞིན་དུ། ། མགོ་བོས་ཉེ་བར་ཕྱག་འཚལ་ཏེ། ། འདི་ཡི་མ་མོ་ཐམས་ཅད་ཀུན། ། གཟི་བརྗིད་ཀྱི་ནི་གཟི་ལྡན་པ། ། སྔགས་ཀྱི་རྒྱལ་པོ་འོད་ལྡན་པས། ། {གོ་རིམས་,གོ་རིམ་} ཇི་ལྟ་བ་བཞིན་དུ། ། དཔེ་ཟླ་མེད་པའི་དངོས་གྲུབ་བྱེད། ། གྲུབ་པའི་ལམ་ལ་རབ་ཏུ་གནས། ། སངས་རྒྱས་རྡོ་རྗེ་འཛིན་པ་ཡི། །
BOའཕྲུལ་དང་རྣམ་པར་འཕྲུལ་པ་ཡིས། ། འདི་ནི་སྟོན་པ་ཆེན་པོས་གསུངས། ། མ་སྐྱེས་སྐྱེ་བ་མེད་ལ་བཞུགས། ། རྟག་པ་སྟོན་པ་ཐམས་ཅད་ པ། ། ནམ་མཁའ་ཉི་ཟླ་དྲི་མ་མེད། ། དེ་དག་ཐམས་ཅད་རབ་དགའ་སྟེ། ། དངོས་པོ་སྤངས་པའི་བཙུན་མོ་ཡིས། ། གར་དང་གླུ་དང་སིལ་སྙན་མཆོག ། བཞད་དང་སྒེག་པའི་སྦྱོར་བ་ཡིས། ། བུད་མེད་སྒྱུ་མའི་རྣམ་འཕྲུལ་དང་། ། གླིང་བུ་པི་བང་རྫ་རྔ་སོགས། ། ཏིང་ཏིང་ ཤག་དང་དུང་སྒྲ་དང་། ། རོ་དང་རེག་པ་དྲི་ཆེན་པོ། ། གཟུགས་དང་སྒྲ་སོགས་བདེ་ལྡན་པས། ། དཔའ་ཆེན་ལ་ནི་མཆོད་བྱས་ནས། ། སྙེམས་དང་བཅས་པས་ཕྱག་འཚལ་ཏེ། ། སླར་ཡང་མགོན་པོ་ལ་གསོལ་བཏབ། ། རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་རྣམས། ། མགོན་ པོ་ཅི་ཡི་ཕྱིར་མི་གསུང་། ། ཡབ་རྣམས་ཀྱི་ནི་ཐམས་ཅད་དང་། ། ཡུམ་རྣམས་ཀྱི་ནི་མདོར་བསྡུས་པ། ། མཆོད་པ་ཡང་ནི་ཐམས་ཅད་དེ། ། བྲན་བཅས་ཕོ་ཉ་ཕོ་ཉ་མོ། ། འཇིག་རྟེན་པ་ནི་མཐའ་དག་གི། ། གཙོ་བོ་ཆེན་པོས་གསུང་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པ་རྣམ་པར་འཕྲུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།
BOདེ་དག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གཞུག་པ་དང་། དགུག་པ་དང་། བཅིང་བ་དང་། མཉེས་པར་བྱ་སྟེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཉིས་སུ་མེད་པ་བསྒྱིངས་པ་དང་ལྡན་པ་ལ་མཉམ་པར་བཞག་སྟེ་བཞུགས་སོ། ། དེ་ནས་ཡང་བདེ་བ་ཡོངས་སུ་སྐྱེས་པ་རབ་ཏུ་དགྱེས་པའི་སངས་རྒྱས་ཐམས་ཅད་ལྷན་ཅིག་བསྐྱོད་པ་དང་བཅས་པ་བྲན་དང་བཅས་པས་ དེ་ལ་འདི་སྐད་ཅེས་གསོལ་ཏོ། ། མགོན་པོ་དབང་ཕྱུག་རྡོ་རྗེ་སེམས། ། རྡོ་རྗེ་སྣང་བ་མཛེས་པའི་སྐུ། ། གསང་བ་རྒྱན་གྱི་དཀྱིལ་འཁོར་ནི། ། དཔའ་བོ་ཆེན་པོས་གསུང་དུ་གསོལ། ། གང་གིས་རྒྱལ་བ་ཀུན་བསྐྱེད་པ། ། བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། ། དེ་ནས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྒྱན་གྱི་བཀོད་པ་དཀྱིལ་འཁོར་ཆེན་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། ། ཞུ་བ་རབ་ཏུ་ཞུས་པ་ནི། ། གང་ཕྱིར་ ང་ལ་དངོས་མེད་ཀྱང་། ། ཞུ་བ་ཞུས་པ་ཐམས་ཅད་ཐོས། ། གསང་བ་ཆེན་པོའི་སྨོན་ལམ་དང་། ། དེ་བཞིན་སྙིང་རྗེའི་ཕ་རོལ་ཕྱིན། ། དྲན་པ་མེད་ལས་དྲན་པ་ཡང་། ། དྲན་འགྱུར་དྲན་པོ་བཞིན་གནས་པ། །
BOསངས་རྒྱས་ཀུན་གྱི་གསང་ཆེན་པོ། ། ཤེས་རབ་ཕ་ རོལ་ཕྱིན་དགེ་བ། ། ཆོས་དང་ཆོས་མིན་རྣམ་པར་སྤངས། ། བརྗོད་དུ་མེད་པ་བཤད་པར་བྱ། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྒྱན་གྱི་བཀོད་པའི་དཀྱིལ་འཁོར་གྱི་རྒྱལ་པོ་བཀའ་སྩལ་པའི་ཕྱིར་ སླར་ཡང་གླུའི་དབྱངས་འདིས་ཞུ་བ་ཞུས་པ། ཆོས་དབྱིངས་མི་གཡོ་བདེ་ལ་ལེགས་བཞུགས་དམ་པའི་ཐུགས། ། ཕྱོགས་བཅུ་མཐའ་ཡས་སངས་རྒྱས་ཀྱིས་ཞབས་ལེགས་བཏུད་པ། ། བདེ་མཆོག་ལྷ་ཡི་ལྷ་སྟེ་ས་དབང་འཇིག་རྟེན་བླ། ། དཀྱིལ་འཁོར་བདེ་བ་མཆོག་ལ་ བཞུགས་གསོལ་བདེ་ཆེན་གྱི། ། ས་གཉིས་གཙུག་གིས་ཕྱག་བྱས་བདེ་ལྡན་པདྨའི་གཙུག་ཏོར་གྱིས། ། རྣམ་པ་ཀུན་ཏུ་གར་མཛད་སྦྱོར་བའི་དཀྱིལ་འཁོར་དམ་པ་གསུངས་ཤིག་ཀྱེ། འགྲོ་ཀུན་ཕན་དགོངས་རབ་ཏུ་བཞུགས་གསོལ་མཆོད་པ་ཆེན་པོ་ཀྱེ། ། ཆ་ལུགས་ རྣམ་པ་དུ་མས་འགྲོ་ཀུན་འདུལ་མཛད་ཀུན་གྱི་དམ་པ་ཀྱེ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ཅིང་བསྐུལ་བའི་ཚིག་ཉིད་ཀྱི་ཐུགས་ལ་བཞག་ནས།
BOདེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་བསྒྱུར་བ་ཆེན་པོ་རབ་ ཏུ་ཚིམ་པ་བདེ་བ་ལ་ལོངས་སྤྱོད་པ་རྣམ་པར་བསྒྱིངས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་བརླབས་ཏེ། བདེ་བ་ཆེན་པོ་འཁོར་ལོས་སྒྱུར་བ་ལ་རབ་ཏུ་གནས་ནས་ཉིད་ཀྱི་སྐུ་དང་གསུང་དང་ ཐུགས་རྡོ་རྗེ་རྣམས་ལས་རབ་ཏུ་ཕྱུང་ངོ་། ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། ། དེ་ཡི་ལྟེ་བར་འདི་དགོད་དོ། ། རྡོ་རྗེ་ཆེན་པོ་བསམ་གཏན་པ། ། འདོད་པའི་དབང་ཕྱུག་དག་དང་ལྡན། ། དེ་བཞིན་གཤེགས་པ་ཀུན་གྱི་ཡབ། ། ཀུན་གྱི་ཐོག་མཐར་རབ་བྱུང་བ། ། དེ་ལ་ སོགས་པའི་རིམ་པ་ཡིས། ། ཐམས་ཅད་ཀུན་ཏུ་བརྟག་པར་བྱ། ། པདྨའི་ལོ་མ་རྩིབས་ལ་ནི། ། རང་གི་ཆོས་དང་རབ་ཏུ་སྤེལ། ། མ་མོ་རྣམས་ནི་ཐམས་ཅད་ཀྱི། ། མཆོད་པ་ལ་སོགས་རབ་ཏུ་བརྟག ། སྒོ་རུ་སྒོ་བ་ཡོངས་སུ་བརྟག ། སྒོ་ཡི་ཕྱི་རུ་སྒོ་སྐྱོང་བ། ། བཙུན་ མོ་ལྷན་ཅིག་སྤྱོད་བཅས་པ། ། ཀུན་ནས་ལྷ་རྣམས་གཞག་པར་བྱ། ། དེ་ནས་རང་གི་ས་བོན་གྱིས། ། ཀླུ་དང་གནོད་སྦྱིན་འཕར་མ་གཞན། ། དྲི་ཟ་རྣམས་དང་མིའམ་ཅི། ། ལྷ་མིན་མཁའ་ལྡིང་དེ་བཞིན་ནོ། །
BOའཇིག་རྟེན་སྐྱོང་བ་ཐམས་ཅད་ནི། ། སྒོ་རུ་གཉིས་གཉིས་ གཞག་པར་བྱ། ། གདོན་དང་དུག་དང་རིམས་དང་ནད། ། {ཡི་དགས་,ཡི་དྭགས་}ཤ་ཟ་སྲིན་པོ་དང་། ། དམྱལ་བ་བརྒྱད་པོ་ཕྱོགས་བརྒྱད་ཀྱི། ། འཁོར་ལོའི་ཕྱི་རུ་གཞག་པར་བྱ། ། དེ་ནས་འཁོར་ལོའི་མུ་ཁྱུད་བྲི། ། ཆེན་པོ་རིན་ཆེན་བདུན་རང་བཞིན། ། དེ་ཡི་སྒོ་རུ་བྲི་བྱ་བ། ། ཤར་ དུ་འདོད་ཆགས་སྐྱེ་གནས་ལག ། ཞེ་སྡང་དྲག་པོ་ལུས་གནག་པ། ། བྱང་དུ་ལེགས་པར་བྲི་བར་བྱ། ། གཏི་མུག་ནུབ་ཏུ་བྲི་བར་བྱ། ། ལྷོ་རུང་རྒྱལ་ཉིད་ཡིན་ནོ། ། སོག་ལེ་དང་ནི་གོས་ནག་པོ། ། དེ་བཞིན་དབྱུག་གུ་འཇིགས་ཆེན་པོ། ། འདི་རྣམས་ཕྱག་རྒྱར་བརྟགས་ པའོ། ། དེ་ནས་ཇི་ལྟ་བ་བཞིན་འཇུག ། དེ་ནས་གསང་བ་རྡོ་རྗེའི་ཕྱག་རྒྱ་ངེས་པར་བཅིངས་པའི་ལག་པར་གྱུར་པས་རང་གི་དམ་ཚིག་རྗེས་སུ་དྲན་པས་ཕྱག་རྒྱ་དེ་ཉིད་ཀྱིས་འགུགས་པའི་རྣམ་པ་དང་རྡོ་རྗེའི་གླུ་འདིས་བསྐུལ་ཏེ་དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་བར་བྱའོ། ། འདིར་གཤེགས་འདིར་གཤེགས་སངས་རྒྱས་ཞལ་རས་སངས་རྒྱས་དཔལ། ། བདེ་བར་གཤེགས་པ་ཡུམ་དང་བཅས་པ་མཐའ་དག་གིས་བསྐོར་ཏེ། ། འདིར་གཤེགས་འདིར་གཤེགས་པདྨའི་སྤྱན་རས་པད་ལས་འཁྲུངས། །
BOདམ་ཚིག་རྣམ་དག་རྣམས་ཀྱི་དཔའ་བོ་དམ་ པའི་ཕྱག ། གླུ་དབྱངས་རྒྱལ་པོ་འདི་ཡིས་ནི། ། རྡོ་རྗེའི་བློ་གྲོས་ངེས་པར་བསྐུལ། ། བྱོན་འགྱུར་སོང་ཤིག་སོང་ཤིག་ཅེས། ། འཁོད་ཅིག་འཁོད་ཅིག་འཁོད་པར་བྱ། ། ཚིམ་ཞིང་ཚིམ་ལ་རབ་ཏུ་ཚིམ། ། ཞུགས་ཤིག་ཞུགས་ཤིག་འཇུག་པར་བྱ། ། ཀྭ་ཀྱེ་ཞེས་བརྗོད་ བསྐུལ་བ་ཡིས། ། ས་ལ་གནས་ཀུན་རབ་ཏུ་འབེབས། ། དེ་ནས་མེ་ཏོག་དོར་བར་བྱ། ། བཅོམ་ལྡན་བདེ་བར་བཞེས་སུ་གསོལ། ། ལྷ་དབང་གང་ལ་ལྷུང་འགྱུར་བཟུང་། ། དེ་ཡི་སྒྲུབ་ཐབས་བརྩམ་པར་བྱ། ། ཡང་ན་ཡིད་ལ་གང་འདོད་པའི། ། སྒྲུབ་བྱེད་སྒྲུབ་པོ་དམ་པས་ བྱེད། ། དེ་ཉིད་དུ་ནི་དབང་བསྐུར་བ། ། རྣལ་འབྱོར་པ་ནི་མཁས་པས་བླང་། ། དེ་ནས་སློབ་མ་གཞུག་པར་བྱ། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། དར་ལ་སོགས་པས་གདོང་གཡོགས་ཏེ། ། ཕྱག་རྒྱ་བཅིངས་པའི་ལག་བཟང་པོས། ། དེ་བཞིན་དུ་ནི་མེ་ཏོག་ དོར། ། ས་མ་ཡ་སྟྭཾ་བདག་གིས་བརྗོད། ། མེ་ཏོག་གང་ལ་ལྷུང་གྱུར་པ། ། དེ་ཡི་སྦྱོར་བས་དབང་བསྐུར་བྱ། ། ཡང་ན་གང་འདོད་རྣལ་འབྱོར་གྱིས། ། སྦྱོར་བ་བསྒོམས་ཏེ་དབང་བསྐྲུར་བྱ། ། ཡང་ན་བདག་པོའི་རྣལ་འབྱོར་གྱིས། ། གལ་ཏེ་དེ་ནི་སྦྱོར་ལྡན་འགྱུར།
BO། གདུགས་ དང་རྒྱལ་མཚན་བླ་རེ་སོགས། ། བྷྲྀང་ག་ར་ཡི་བུམ་པ་དང་། ། རྔ་ཡབ་རྣམ་པ་སྣ་ཚོགས་དང་། ། སེང་གེའི་ཁྲི་ནི་བཟང་པོ་དང་། ། གསེར་དང་དངུལ་གྱི་དབྱུག་གུ་དང་། ། རིན་ཆེན་དབྱུག་གུ་དུ་མ་ནི། ། དགྱེས་པའི་དཀྱིལ་འཁོར་ཉིད་དུ་བཞག ། དབང་བསྐུར་སྤྲོ་བ་ཆེན་ པོ་ཡིས། ། དེ་ཡི་སྟན་ལ་བཞག་ནས་སུ། ། རྣལ་འབྱོར་ལྡན་པས་དབང་བསྐུར་རོ། ། དབང་བསྐུར་ཇི་ལྟར་རིགས་པ་ཡིས། ། གསང་བའི་སྦྱོར་བས་དབང་བསྐུར་རོ། ། ཐོག་མར་སྡོམ་པ་ལྡན་པ་ཡིས། ། དེ་ནི་དམ་ཚིག་འཛིན་དུ་གཞུག ། འདིར་ནི་ང་ཡི་དམ་ཚིག་ཟུང་། ། ཕྱི་དང་གསང་བ་རྣམ་པ་བཞི། ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། ། སངས་རྒྱས་ཡེ་ཤེས་རབ་གསལ་བྱེད། ། གདུག་པ་ཐམས་ཅད་གསད་པར་བྱ། ། འཇུངས་པ་རྣམས་ཀྱི་ནོར་དབྲོག་བྱ། ། ལྟ་བ་ངན་ལ་{བརྫུན་,རྫུན་}དུ་སྨྲ། ། སྲོག་ཆགས་གསོད་ལ་སྨྲ་བར་ བྱ། གཞན་གྱི་བུད་མེད་མངོན་བགྲོད་པར། ། ཅི་བདེ་བར་ནི་ཕྲོགས་ཤིག་བུ། ། གཞན་རྫས་འཕྲོག་པར་བྱེད་རྣམས་དང་། ། དཀོན་མཆོག་གསུམ་ལ་འགལ་བྱེད་པ། ། གསད་དང་གཞོམ་པར་བྱ་བ་དང་། ། དེ་བཞིན་ཁྲག་རྣམས་བཏུང་བ་རུ། ། འབད་པ་ཡིས་ནི་ ཐམས་ཅད་བྱོས། ། དམ་ཚིག་རྣམ་པ་གསུམ་པོ་ཡིས། །
BOདེ་ནས་ཡོན་ནི་ཕུལ་ནས་སུ། ། བླ་མ་ལ་ནི་གུས་པ་ཡིས། ། ཞབས་ལ་མགོ་བོས་ངེས་གཏུགས་ཏེ། ། རང་ལུས་རྒྱལ་པོའི་ལོངས་སྤྱོད་དང་། ། ཆུང་མའམ་ཡང་ན་བུ་མོ་དང་། ། བུ་རྣམས་དང་ནི་བྲན་ཉིད་དང་། ། སྲིང་མོ་སྲིང་མོའི་བུ་མོ་དང་། ། མ་དང་རང་གི་མནའ་མ་དང་། ། གྲོང་དང་ཡུལ་གྱི་ལོངས་སྤྱོད་དང་། ། ཤིང་རྟ་འགྲོ་དང་གླང་པོ་དང་། ། རྣམ་པར་བཀྲ་བའི་རྟ་རྣམས་དང་། ། ནོར་གྱིས་གང་བའི་གྲོང་རྣམས་དང་། ། བ་ལང་མ་ཧེ་ར་རྣམས་དང་། ། ལུག་རྒོད་རྣམས་དང་གཞན་ རྣམས་དང་། ། རྔ་མོ་མཛེས་མའི་རྔ་མོ་མོ། ། གཞན་ཡང་གཞན་ཡང་གང་འདོད་པ། ། ཇི་ལྟར་རིགས་པས་མཆོད་པར་བྱ། ། རིམ་བཞིན་རང་གི་སློབ་མའི་ཚོགས། ། མགོན་པོ་མཆོད་ནས་གཤེགས་སུ་གསོལ། ། གང་གཞན་རྡོ་རྗེ་སྤུན་ལ་ཡང་། ། དེ་ནས་སྒྲུབ་ཐབས་ དམ་པ་བསླབ། ། སྲོག་དང་ཐུར་སེལ་སྦྱོར་བ་ཡིས། ། སེམས་ཀྱི་བརྟན་པ་ཉིད་དུ་བྱ། ། ཟླ་བ་ཉ་བ་ལྟ་བུར་དགང་། ། ཆ་ཤས་དག་ནི་བཅུ་དྲུག་ཀྱང་། ། དེ་ཡི་དབུས་སུ་རྣམ་བསམ་པ། ། གཙོ་ཆེན་འདོད་པའི་དབང་ཕྱུག་གོ། ། མདོར་བསྡུས་ནས་ནི་སྤྲོ་བར་བྱ། ། བརྟུལ་ ཞུགས་ཅན་གྱིས་རང་ལུས་བསམ། ། བདག་ཉིད་འདོད་པའི་དབང་ཕྱུག་རྒྱལ། །
BOའདོད་པའི་ཟིལ་གྱིས་མནན་ནས་སུ། ། རྣལ་འབྱོར་ཅན་བདག་དཔལ་ལྡན་འགྲུབ། ། ལྷ་དབང་བཅས་པས་ཕྱག་འཚལ་ཞིང་། ། ནད་དང་མྱ་ངན་འཇིགས་པ་སེལ། ། རྒ་དང་འཆི་བ་རྣམ་པར་ སྤངས། ། ཟླ་བ་གཅིག་ཙམ་བཟླས་པ་ཡིས། ། དཔའ་བོས་ལས་ཀུན་བྱེད་པར་འགྱུར། ། ཞི་དང་རྒྱས་དང་དེ་བཞིན་དབང་། ། དྲག་ཤུལ་སྤྱོད་པའི་རིམ་པ་ཡིས། ། དགུག་དང་དབབ་པའི་ལས་རྣམས་ནི། ། སྐད་ཅིག་ཙམ་ཞིག་བསྐུལ་བ་ཡིས། ། སྔགས་པས་ཐམས་ ཅད་བྱེད་པར་འགྱུར། ། སྔགས་ཀྱི་སྦྱོར་བས་སྔགས་ཟློས་པས། ། འདི་ནི་བཅོམ་ལྡན་རྣལ་འབྱོར་གསུང་། ། ཡན་ལག་ལྔ་ལས་སྐྱེས་པ་གཟུང་། ། འབྱུང་པོའི་ཉི་མ་མཚན་མོ་གུང་། ། ལྕགས་གསུམ་གྱིས་ནི་དཀྲིས་བྱས་ལ། ། རང་གི་ཁ་རུ་གཞུག་པར་བྱ། ། བདག་ཉིད་རྣལ་འབྱོར་ལྡན་པས་བཟླས། ། དེ་ནི་ནང་པར་མཐོང་མི་འགྱུར། ། ལྷར་བཅས་གྲུབ་པའི་སེམས་ཅན་གྱིས། ། ཐམས་ཅད་རྣམ་པ་ཀུན་ཏུའོ། ། བསྐལ་པར་གནས་ཤིང་ཤེས་རབ་ཆེ། ། བསྟན་བཅོས་ཐམས་ཅད་རབ་ཏུ་མཁས། ། གཟུགས་དང་ལང་ཚོ་ཕུན་ སུམ་ཚོགས། ། རིག་པ་འཛིན་པའི་མངའ་བདག་འགྱུར། ། བཅུ་བཞིའི་ཉིན་པར་ཤི་བ་ཡི། ། རྡོལ་པའི་གཡོན་གྱི་རྩིབ་ལོགས་ནི། ། སྦྱོར་བས་བཟུང་སྟེ་འཕུར་འགྲོ་མི། །
BOགཟུགས་བརྙན་ལག་པ་བཞི་པ་བྱ། ། ཞགས་པ་ལྕགས་ཀྱུ་རྩེ་གསུམ་མཚན། ། གཡོན་པར་ ཐོད་པ་འཛིན་པ་པོ། ། རླུང་གི་དཀྱིལ་འཁོར་ལ་གནས་པ། ། སྤྱན་གསུམ་རྣམ་པར་གཙིགས་པ་པོ། ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། ། གཏུམ་ལྡན་སྟ་ཟུར་ཆེན་པོ་པ། ། འཇིགས་པ་ཆེན་པོའི་དུར་ཁྲོད་དུ། ། རྣལ་འབྱོར་ལྡན་པས་དེ་བཞག་སྟེ། ། ཆོ་ག་ཇི་བཞིན་ མཆོད་པར་བྱ། ། གསང་སྔགས་རྒྱལ་པོ་བཟླས་པར་བྱ། ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། ། ཁྲག་དང་ཤ་དང་མར་ཁུ་ཡིས། ། དེ་ནས་ལྷ་མོ་དེ་འགྲུབ་བོ། ། མཚན་མ་ཡང་ནི་བལྟ་བར་བྱ། ། མཚན་མ་ཡིས་ནི་དངོས་གྲུབ་ཆེ། ། དུས་མི་རིང་བར་བཟང་པོ་འཐོབ། ། དམན་པས་དམན་པའི་དངོས་གྲུབ་སྟེ། ། བར་མ་ཡིས་ནི་བར་མའོ། ། མཚན་མ་མེད་ན་ཆུང་ངུ་ནི། ། རབ་ཏུ་འགྲུབ་པར་དཔྱད་མི་དགོས། ། ལྷ་མིན་བཟང་པོ་དགུག་པར་བྱ། ། མི་དང་མདའ་ནི་བསྐུལ་བ་ཡིས། ། དེ་ཡི་སྐད་ཅིག་ཉིད་ལ་བྱེད། ། ཁྲག་ཉིད་ཀྱིས་ནི་བྲིས་པ་ཡི། ། དབང་དུ་བྱ་བའང་འདི་ཉིད་ཀྱིས། ། དེ་བཞིན་བུད་མེད་ཐམས་ཅད་དགུག ། འགྲུབ་པའི་རྫས་ཀྱང་མིང་ཉིད་ཀྱིས། ། དགུག་པའི་སྦྱོར་བས་དགུག་པར་བྱ། ། དམག་དཔུང་རྣམ་པར་བཟློག་པ་ནི། ། རྒྱལ་མཚན་རྩེ་མོར་རྣམ་གཞག་གོ།
BO། རེངས་དང་རྨུགས་པར་ བྱེད་པ་དང་། ། རྨོངས་དང་འཆིང་བ་དེ་བཞིན་དུ། ། གྱིབ་དང་གསད་པ་ཐམས་ཅད་ནི། ། ཆོ་ག་དག་དང་ལྡན་པས་བྱེད། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྣམས་དང་ཡབ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསང་བ་རྒྱན་གྱི་དཀྱིལ་འཁོར་གྱིས་དཀྱིལ་འཁོར་ གྱི་ཞུ་བ་ཆེན་པོ་འདི་ཞུས་པ་དང་། གང་ལ་བཞུགས་ནས་རྒྱལ་བ་ཀུན། ། ཡུམ་དང་ཡབ་རྣམས་དེ་བཞིན་དུ། ། དེ་ཡི་སྦྱོར་བས་སྦྱོར་བདག་ཉིད། ། སེམས་ཅན་རྣམས་ནི་སྣོད་དུ་མཛོད། ། གསང་བ་རྒྱན་གྱི་དཀྱིལ་འཁོར་གྱི། ། རྣལ་འབྱོར་ཆེན་པོའི་རྣམ་དབྱེ་བ། ། གང་ གིས་མ་འོངས་མི་རྣམས་ནི། ། བདེ་བས་སངས་རྒྱས་ཉིད་ལ་འཇོག ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། ། འཛུམ་དང་བཅས་པའི་སྤྱན་རྒྱས་པ། ། གསང་བ་རྒྱན་གྱི་དཀྱིལ་འཁོར་ནི། ། གསང་བ་ཆེན་པོ་བཀའ་སྩལ་པ། ། གང་ཕྱིར་བདག་ཉིད་དཀྱིལ་འཁོར་བཤད། ། སེམས་ ཅན་དག་པའི་རྡོ་རྗེ་ཅན། ། བདག་ཉིད་གསང་བའི་རྒྱན་ཞེས་བྱ། ། སྙིང་པོ་ཕྱག་རྒྱ་སྔགས་ཉིད་དེ། ། བདག་ཉིད་རིག་སྔགས་དམ་ཚིག་ཀྱང་། ། གང་ཕྱིར་བདག་ཉིད་སྡོམ་པ་སྟེ། ། བདག་ཉིད་བཤད་དང་འཆད་པའོ། ། ཕ་དང་མ་རྣམས་དེ་བཞིན་ཏེ། ། དངོས་གྲུབ་སྒྲུབ་པོ་ལས་ ཀྱི་མཆོག །
BOབདེ་དང་སྡུག་བསྔལ་ཁམས་གསུམ་པ། ། ཞེས་སོ། ། དེ་ནས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དང་ཡབ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། དེ་ཕྱིར་གསུངས་ཤིག་བཅོམ་ལྡན་འདས། ། བདེ་བར་གཤེགས་པས་གསུང་ དུ་གསོལ། ། སངས་རྒྱས་བྱང་ཆུབ་སེམས་ཀུན་གྱིས། ། ཕན་དང་བདེ་བ་ཐོབ་པའི་ཕྱིར། ། ཞེས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དང་ཡབ་ཉེ་བར་ལོངས་སྤྱོད་པ་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་བྱུང་ངོ་། ། སྔོན་བཤད་ཆོ་གའི་རིམ་པ་ཡིས། ། དཀྱིལ་འཁོར་ཡང་དག་བྲིས་ནས་སུ། ། དེ་ཡི་དབུས་སུ་བདག་བསམ་བྱ། ། དཀར་དང་དམར་དང་འོད་ཆེན་པོ། ། སྣ་ཚོགས་རྒྱན་གྱིས་ལུས་ལ་སྤྲས། ། དམར་པོའི་ཕྲེང་བ་གཙུག་ ཏོར་ཅན། ། སྣ་ཚོགས་གོས་ནི་ལེགས་མནབས་པ། ། དམར་པོའི་འོད་ཀྱི་བླ་གོས་ཅན། ། ཕྱག་བཟང་གཡོན་ན་དྲིལ་བུ་སྟེ། ། བསྙེམས་བཅས་འཛུམ་བག་ལྡན་པའི་ཞལ། ། ཕྱག་གཞན་ན་ནི་རྡོ་རྗེ་ཅན། ། སྙིང་གར་རབ་ཏུ་གསོར་མཛད་པ། ། པདྨ་རྒྱས་འདྲའི་སྤྱན་ མངའ་བ། ། ཞལ་གྱི་དཀྱིལ་འཁོར་ཉི་ཤར་མཚུངས། །
BOརྡོ་རྗེ་སེང་གེའི་ཁྲི་ལ་བཞུགས། ། དམར་པོའི་གོས་ནི་འཕྱང་བ་པོ། ། མདོར་བསྡུས་ནས་ནི་བྲི་བར་བྱ། ། གཡོན་དུ་ཤེས་རབ་ཡོངས་སུ་བྲི། ། སྔོན་བཤད་པ་ཡི་གཟུགས་ཅན་ལ། ། གཡས་པའི་ཕྱག་ནི་འཕྱར་ བའོ། ། ལྷོ་རུ་སྦྱིན་པ་ཆེན་མོ་ནི། ། ཕྱག་རབ་རིན་ཆེན་སྩོལ་བ་མོ། ། བྱང་དུ་བཟོད་པ་ཆེན་མོ་ནི། ། བྱམས་པའི་ཡ་ལད་འཛིན་པ་མོ། ། མདུན་དུ་བརྩོན་འགྲུས་ཆེན་མོ་ནི། ། རྡོ་རྗེའི་ལག་པ་ཆེར་བཟང་བ། ། ཤར་དང་ལྷོ་ཡི་མཚམས་སུ་ནི། ། བསམ་གཏན་ཕ་རོལ་ ཕྱིན་མ་བྲི། ། བསམ་གཏན་ཕྱག་ཅན་སྤྱན་ཡངས་མ། ། ཟླ་བའི་དཀྱིལ་འཁོར་འོད་བཟང་བའོ། ། བདེན་བྲལ་དུ་ནི་འཕེལ་མ་བྲི། ། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། ། ནོར་གྱི་རྒྱན་ནི་སྟོང་ཕྲག་གིས། ། སེམས་ཅན་མང་པོ་བདེ་བར་བྱེད། ། སྨོན་ལམ་བྲི་བྱ་རླུང་གི་ནི། ། མཚམས་སུ་ཡང་དག་མཚོན་པར་བྱ། ། དབྱངས་སྙན་པ་ཡི་ངག་བརྗོད་པས། ། སེམས་ཅན་ཐམས་ཅད་སྐུལ་བར་བྱེད། ། བློ་གྲོས་ལྡན་པས་དབང་ལྡན་དུ། ། ཐབས་ཀྱི་ཡེ་ཤེས་སློབ་པ་མོ། ། ལག་པ་གཉིས་ཀྱིས་གར་བྱེད་པ། ། སྒེག་དང་དགའ་བས་འཁྲུགས་པ་བྲི། ། དཔའ་བོས་ཤར་སྒོར་བྲི་བྱ་བ། ། ཤེས་རབ་ཕ་རོལ་ཕྱིན་དགེ་མ། །
BOཡེ་ཤེས་ལྕགས་ཀྱུ་མཛེས་པའི་ཕྱག ། དམར་པོའི་དར་གྱིས་མངོན་པར་མཛེས། ། དབང་ནི་ནུབ་ཀྱི་སྒོ་རུ་ནི། ། འཆིང་བའི་བདག་ཉིད་བྲི་བར་བྱ། ། ཤིན་ཏུ་བྱི་རུ་དང་མཚུངས་པ། ། རྡོ་རྗེ་ལྕགས་སྒྲོག་ འཛིན་པ་མོ། ། བྱང་གི་སྒོ་རུ་བྲི་བྱ་བ། ། སྟོབས་ཀྱི་ཕ་རོལ་ཕྱིན་མ་མཆོག ། རྒྱལ་བ་ཐམས་ཅད་མཉེས་བྱེད་པ། ། དྲིལ་བུ་བཟང་པོ་འཁྲོལ་བའི་བདག ། གཤིན་རྗེ་ཆོ་འཕྲུལ་བྲི་བར་བྱ། ། འབར་བའི་སྤྲིན་གྱིས་ཡང་དག་འཁྲུགས། ། ཕྱག་ན་རྡོ་རྗེ་ཞགས་ བཀྲ་བ། ། རྡོ་རྗེའི་གློག་ཕྲེང་དང་མཚུངས་མའོ། ། ང་ཡི་མདུན་དུ་ཤེས་ལྡན་གྱིས། ། འདོད་པའི་དབང་ཕྱུག་བརྒྱན་པ་བྲི། ། པདྨ་རཱ་གའི་འོད་གསལ་བ། ། མདའ་དང་གཞུ་ནི་འཛིན་པའི་མཆོག ། དེ་ཡི་མདུན་དུ་དཀར་པོ་བྲི། ། ཟླ་བའི་འོད་འདྲ་གྲགས་ཆེན་པོ། ། ཟླ་བ་ཤར་ ཀའི་འོད་མཛེས་པ། ། འཛུམ་བག་ཅན་ལ་གཞོན་ནུའི་གཟུགས། ། རྡོ་རྗེ་འདུན་པ་ཆེར་དམར་བ། ། མདའ་ལྔ་དང་ནི་གཞུ་འཛིན་པ། ། སྐྱེ་བ་འཇོམས་པ་དཔའ་བོ་ནི། ། ལག་ན་འཁོར་ལོ་གཟི་བརྗིད་མཆོག ། དེ་ཡི་གཡོན་དུ་བྲི་བྱ་བ། ། དཀར་དང་དམར་བའི་འོད་ཆེན་ པོ། ། རྡོ་རྗེ་ཛང་སྒྲོགས་རྒྱལ་པོ་ནི། ། དྲིལ་བུ་འཁྲོལ་བ་དང་ལྡན་པ། །
BOདེ་ཡི་རྒྱབ་ཏུ་བྲི་བར་བྱ། ། གསེར་དང་གུར་གུམ་དང་འདྲ་བའོ། ། ལྷོ་ཡི་ཕྱོགས་སུ་བྲི་བྱ་བ། ། མཁའ་འགྲོའི་དབང་ཕྱུག་དཔལ་དང་ལྡན། ། སྔོན་པོ་ཆར་སྤྲིན་དང་འདྲ་བ། ། ལག་ན་རལ་གྲི་རིན་ཆེན་ ལྡན། ། དེ་མདུན་དཔའ་ཆེན་འདོད་པ་ཡི། ། རྒྱལ་པོ་བདག་ཉིད་ཆེན་པོ་བྲི། ། འོད་ཟེར་དམར་པོ་ལག་ན་གཞུ། ། རིན་ཆེན་འབར་བས་རྣམ་པར་བརྒྱན། ། དེ་ཡི་ལྷོ་རུ་བྲི་བྱ་བ། ། རྡོ་རྗེ་རྣམ་པར་སྨོད་པ་མཆོག ། ཉི་མའི་དཀྱིལ་འཁོར་ལག་པ་ཅན། ། རབ་ཏུ་རྣོ་བའི་འབར་ བའི་ཕྲེང་། ། རྡོ་རྗེ་དམ་པ་འདུལ་མཛད་དཔལ། ། རྡོ་རྗེ་རིན་ཆེན་མཆོག་གི་ཏོག ། ཁ་དོག་དཀར་པོ་ཆེར་སྤྲོ་བ། ། གོས་སྔོན་རྣམ་པར་འཕྱང་བ་བོ། ། རྡོ་རྗེ་ཌཱ་ཀིའི་དབང་ཕྱུག་རིགས། ། ལག་ན་རིན་ཆེན་ཤིན་ཏུ་མཛེས། ། དེ་ཡི་རྒྱབ་ཏུ་བྲི་བྱ་བ། ། དགོད་དང་བཅས་པའི་ བཞིན་རས་མཆོག ། ང་ཡི་རྒྱབ་ཏུ་བྲི་བྱ་བ། ། དྲི་ཡི་དབང་ཕྱུག་དབང་ཕྱུག་ཆེ། ། ལག་ན་པདྨ་སྙིང་གར་འཆང་། ། བན་དུའི་མེ་ཏོག་རྣམ་པ་འདྲ། ། དེ་ལ་མངོན་པར་ཕྱོགས་པ་ཡི། ། རྡོ་རྗེ་སྒྲོལ་བ་སྤྱན་མཛེས་བྲི། ། དཀར་སེར་བཟང་པོ་སྣ་ཚོགས་པ། ། ལག་ན་ཨུཏྤལ་ སྔོན་པོ་བཟང་། ། དེ་ཡི་གཡོན་དུ་དག་པ་ཡིས། །
BOལག་ན་འཁོར་ལོ་ཆེས་དཀར་བྲི། ། སྔོན་པོས་ལེགས་པའི་གནས་ཐོབ་པ། ། མཆོག་ཏུ་འཛུམ་པའི་བཞིན་རས་ཅན། ། ལོ་མའི་རྩེ་མོ་རྒྱབ་ཏུ་བྲི། ། ལག་ན་ཡིད་བཞིན་ནོར་བུ་མཆོག ། ཁ་དོག་སྔོ་བསངས་དཔའ་ཆེན་ པོ། ། སེམས་དཔའ་ལྡན་པའི་ཐུགས་ཆེན་པོ། ། དེ་ཡི་ལྷོ་ཡི་ཆ་རུ་ནི། ། ཆོས་འཆད་མཆོག་ནི་བྲི་བར་བྱ། ། རྒྱུ་མཚན་ཕྱག་ལྡན་རབ་དཀར་བ། ། ཉི་མ་ཤར་ཀའི་སྣང་བ་འདྲ། ། ང་ཡི་བྱང་དུ་བྲི་བྱ་བ། ། སྟུག་པོ་བཀོད་པ་གྲགས་ཆེན་པོ། ། ཤིན་ཏུ་ལྗང་བའི་མརྒད་ མཚུངས། ། ལས་ཀྱི་རྡོ་རྗེ་མཆོག་འཛིན་པའོ། ། དེ་ཡི་མདུན་དུ་བྲི་བྱ་བ། ། རྡོ་རྗེ་སྐྱོང་བ་ཡིད་འཕྲོག་བཀྲ། ། བཞད་བཅས་རྡོ་རྗེའི་ལག་པ་ཅན། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། དེ་ཡི་ལྷོ་རུ་བྲི་བྱ་བ། ། འགྲོ་བའི་རྩེ་མོ་ལེགས་བརྒྱན་པ། ། ལྷང་ཚེར་ནག་ པོ་བུང་བ་འདྲ། ། རྡོ་རྗེའི་གསལ་ཤིང་འཛིན་པ་པོ། ། རྒྱབ་ཏུ་རྡོ་རྗེ་འཆིང་བ་བྲི། ། ལག་པ་ཡང་དག་སྦྱར་བསྡམས་པ། ། རིན་ཆེན་ཀུན་གྱི་འོད་དག་ཅིང་། ། འཛུམ་བཅས་མཆོག་ཏུ་ངོ་མཚར་བ། ། འཁོར་བྱེད་གཡོན་དུ་བྲི་བར་བྱ། ། ལག་ན་མགལ་མེའི་འཁོར་ལོ་ཅན། ། ལེགས་སྔོ་དར་ལ་བབ་པ་པོ། ། རབ་རྒྱས་པདྨ་ལྟ་བུའི་ཞལ། །
BOདེ་ནས་སྒོ་ཡི་ཆ་དག་ཏུ། ། སྒོ་བ་རྣམ་པ་བཞི་པོ་བྲི། ། ཤར་དུ་རྡོ་རྗེ་མི་གཡོ་བ། ། ལག་ན་རྡོ་རྗེ་ལྕགས་ཀྱུ་ཆེ། ། ལྷོ་ཡི་སྒོ་རུ་རྡོ་རྗེ་མེ། ། ལག་ན་རྡོ་རྗེ་ཞགས་པ་འབར། ། ནུབ་ཏུ་རླུང་ནི་སྔོན་པོ་སྟེ། ། རྡོ་ རྗེ་ལྕགས་སྒྲོག་འཛིན་པའོ། ། ལུས་ངན་དུ་ནི་ཆུ་བྲི་སྟེ། ། ཞགས་པ་ལྡན་པའི་དྲིལ་བུ་འཛིན། ། དེ་ནས་སྦྱོར་ལྡན་འོངས་ནས་སུ། ། དཀྱིལ་འཁོར་གྱི་ནི་ཤར་དུ་བྲི། ། ཤར་དུ་མདའ་ཡི་མཚོན་ཆ་ལག ། རབ་འབར་པདྨ་ལྟར་འབར་བ། ། ལྷོ་རུ་ཆེན་པོ་དབང་ཕྱུག་ཅན། ། སྔོན་མོ་དབང་ཕྱུག་རྡོ་རྗེ་མ། ། ལག་ན་རིན་ཆེན་སྙེ་མ་ཅན། ། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། ། རྡོ་རྗེ་ཉེར་ཞི་དཀར་མཛེས་མ། ། རྒྱབ་ཏུ་རྟག་ཏུ་བྲི་བར་བྱ། ། ལག་ན་པདྨ་བཟང་པོ་འཛིན། ། པདྨའི་ཕྲེང་བས་རྣམ་པར་བརྒྱན། ། རྡོ་རྗེ་སྟེང་ཞལ་མཛེས་མ་ནི། ། སྔོ་བསངས་ཀུན་ ཀུན་གྱི་ཡོན་ཏན་ལྡན། ། ལུས་ངན་དུ་ནི་ཤེས་ལྡན་གྱིས། ། གཡས་སུ་རྡོ་རྗེ་རྩེ་གཅིག་བྲི། ། ཤར་གྱི་མཚམས་སུ་རྡོ་རྗེ་ནི། ། དུས་ཚིགས་ཞེས་བྱ་བཟང་མོ་བྲི། ། དབྱར་གྱི་སྤྲིན་ལྟར་མཛེས་པ་མོ། ། ལག་ན་བདུག་སྤོས་གྲགས་ཆེན་མོ། ། ནུབ་ཀྱི་མཚམས་སུ་ རི་རི་ཏ། །
BOལག་ན་མེ་ཏོག་ཕྲེང་བ་འབར། ། ཅུང་ཟད་དམར་ལ་དཀར་བ་མོ། ། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། ། ནུབ་བྱང་དུ་ནི་བྲི་བྱ་བ། ། ལག་ན་ཡི་གེ་སྣ་ཚོགས་བྲི། ། ལག་ན་སྒྲོན་མེ་རབ་དམར་བ། ། ཅུང་ཟད་སྔོ་བའི་གོས་གྱོན་པ། ། དྲི་ཡི་གླང་པོ་ལྟར་འགྱིང་བའི། ། རོལ་པ་ལྡན་མ་མཁས་པས་བྲི། ། སྔོ་བསངས་དམར་པོ་མཐོན་མཐིང་འདྲ། ། རབ་ཏུ་དགོད་ཅིང་མིག་མཛེས་མ། ། རྡོ་རྗེའི་ལག་པ་མིག་མཛེས་མའོ། ། དེ་ཡི་ཤར་དུ་བྲི་བྱ་བ། ། རྡོ་རྗེ་མཆོག་གི་འོད་ལྡན་པའི། ། རྡོ་རྗེ་དབང་ཕྱུག་བདེ་བ་མའོ། ། དེ་བཞིན་ལྷོ་རུ་བྲི་བྱ་བ། ། གསེར་ སོགས་དང་ནི་མཐོན་མཐིང་འདྲ། ། རིན་ཆེན་སྒྲོན་མ་རིན་ཆེན་ལག ། འོད་མཆོག་ལྡན་པའི་ལྷ་མོ་ནི། ། ནུབ་ཀྱི་དཀྱིལ་འཁོར་དག་ལ་བྲི། ། འོད་ཀྱིས་སྣང་ཞིང་མཛེས་པ་ལ། ། ལག་ན་འོད་ཟེར་ལེགས་མཛེས་པའོ། ། རྡོ་རྗེ་བྲང་སྐྱེས་ཆེར་བཀྲ་བ། ། སྣ་ཚོགས་རྒྱན་གྱིས་རྣམ་པར་ བརྒྱན། ། ལག་ན་སྣ་ཚོགས་གོས་ལྡན་པ། ། བྱང་དུ་རྟག་ཏུ་བྲི་བར་བྱ། ། དེ་བཞིན་སྦྱོར་བས་བྲིས་ནས་སུ། ། ཕོ་ཉ་མོ་ཡང་ལེགས་པར་བྲི། ། སྙིང་སྐུལ་བྱེད་པ་མཛེས་མ་ནི། ། ཤར་དུ་ལེགས་པར་བྲི་བར་བྱ། ། རྡོ་རྗེ་མྱུ་གུ་མདའ་ལྡན་དམར། །
BOམིག་གཉིས་དང་ནི་གོས་སྔོན་པོའོ། ། དེ་དང་ཉེ་བར་དཔའ་མོ་ནི། ། ལག་ན་ལྕགས་ཀྱུ་ཞགས་པ་མཆོག ། གདུག་པ་འགུགས་པའི་ལྷ་མོ་བྲི། ། སྔོ་བསངས་དམར་ལ་ལེགས་བརྗིད་པའོ། ། རྗེས་སུ་མཉེས་མའི་ཕོ་ཉ་ཆེ། ། ནུབ་ཏུ་རྟག་ཏུ་བྲི་བར་བྱ། ། རྒྱལ་བ་ཐམས་ཅད་མཉེས་བྱེད་མ། ། པགས་པའི་ཞགས་པས་ ལག་པ་མཛེས། ། ཁྲག་འགུགས་པ་ཡི་ཕོ་ཉ་མོ། ། བྱང་དུ་གནས་པ་བྲི་བར་བྱ། ། མདོག་གནག་པ་ལ་ཆེར་ཟ་བ། ། ལག་ན་ཐོད་པ་ལེགས་མཛད་པའོ། ། ཐམས་ཅད་འཕྲོག་པའི་ཕོ་ཉ་མོ། ། མེ་ཡི་མཚམས་སུ་བྲི་བར་བྱ། ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་མཆོག ། དམར་ གནག་དཀའ་ཐུབ་ཆེན་པོ་མའོ། ། དེ་ཡི་བྱང་དུ་དཔའ་བོ་ཡིས། ། སྒོ་སྐྱོང་སྟོབས་ཆེན་བྲི་བར་བྱ། ། རྡོ་རྗེ་འབེབས་མ་ལེགས་དམར་བ། ། ལག་མཐིལ་དྲིལ་བུ་དང་ལྡན་པའོ། ། དམ་ཚིག་གསུམ་ལྡན་སྤྱན་གསུམ་མ། ། རྩེ་གསུམ་རྡོ་རྗེ་འཛིན་པ་མོ། ། འཇིགས་པའི་ལུས་ ཅན་ཆེར་གསལ་མ། ། འོད་ཟེར་དམར་པོ་འབར་བས་འཁྲུགས། ། འབར་བའི་མེ་ལྕེའི་ལག་པ་ཅན། ། མེ་ཡི་ཕྱོགས་སུ་ཡང་དག་བརྟེན། ། ལྷ་མོ་ཆེན་མོ་ཐོག་མ་མ། ། ལག་ན་རྡོ་རྗེའི་གཙུབ་ཤིང་ཅན། ། དམར་ཞིང་སྔོ་བ་བྲི་བྱ་སྟེ། ། ཇི་ལྟ་བ་ཡི་རིམ་པས་སོ། །
BOགདུལ་ དཀའ་འདུལ་བའི་ལྷ་མོ་ནི། ། སྒོ་སྐྱོང་བ་ཡི་གནས་ན་གནས། ། དཔའ་མོ་རྡོ་རྗེ་དབྱུག་གུའི་ལག ། བྱིན་ཟ་འབར་བ་དང་མཚུངས་མའོ། ། དེ་ནས་བྲན་མོ་བྲི་བར་བྱ། ། རང་གི་ཕྱག་རྒྱས་ལག་པ་མཚན། ། འཇིག་རྟེན་གསུམ་འཆིང་བྲན་མོ་ནི། ། ནུབ་ཏུ་ཡང་དག་བྲི་ བར་བྱ། ། འཆིང་བ་ཆེན་པོའི་ལག་པ་ཅན། ། རབ་དམར་གུར་གུམ་འོད་ཟེར་ཅན། ། བྲན་མོ་འཇིགས་པའི་མེ་གདོང་མ། ། སྒྲོན་བཅས་ལག་པའི་རྩེ་མོ་མཆོག ། རབ་གནག་པ་ལ་ལུས་ཆེན་མོ། ། ཆོ་ག་ཇི་བཞིན་རྟག་ཏུ་བྲི། ། བྲན་མོ་གཙིགས་ཤིང་རྣམ་འགྱུར་གདོང་། ། འཁྲུག་པའི་ཚུལ་ལ་རབ་འཇིགས་མ། ། ལག་ན་ཐོད་པ་རློན་པ་ཅན། ། ཤིན་ཏུ་དམར་ཞིང་འོད་ཆེན་མོ། ། སྐུ་གསུང་ཐུགས་འཆིང་བྲན་མོ་ནི། ། ཤར་དུ་ཡང་དག་བྲི་བར་བྱ། ། དཀར་ཞིང་དམར་ལ་ལུས་ཆེ་བ། ། ཞགས་པ་ལྕགས་ཀྱུའི་ལག་པ་མཆོག ། དེ་ནས་རོལ་ པ་མོ་བྲི་བྱ། ། {གོ་རིམས་,གོ་རིམ་}ཇི་ལྟ་བ་བཞིན་ནོ། ། དེ་བཞིན་གཤེགས་པ་དགྱེས་མ་ནི། ། མཛེས་ཤིང་རིན་ཆེན་གྱིས་ཉེར་བརྒྱན། ། མདའ་གཞུའི་ལག་ཅན་དམར་བ་མོ། ། གོས་དང་ཕྲེང་བ་དམར་པོ་འཛིན། ། བྱང་དུ་སྔགས་པས་བྲི་བྱ་བ། ། ཀུན་ནས་འབེབས་མ་ཆེ་བའི་ མཆོག ། མཛེས་པའི་ལག་པ་འཛིན་པ་མོ། །
BOབདེ་བ་འབེབས་ལ་ལེགས་པར་གནས། ། འཇིག་རྟེན་གསུམ་འཇོམས་ཁྲོ་མོ་ནི། ། རྡོ་རྗེ་རོལ་པ་མོ་ཞེས་བྱ། ། དྲག་ཤུལ་ཆེན་པོས་སྡིགས་པར་བྱེད། ། མཉམ་པར་བཞག་པས་ཤར་དུ་བྲི། ། རབ་ཏུ་དགའ་བ་རྗེས་རྟོག་མ། ། སྔགས་པ་སྤྲོ་བས་རྒྱབ་ཏུ་བྲི། ། འདོད་ཆགས་ཕྱག་རྒྱའི་ལག་པ་མ། ། འགྲོ་བའི་གཙོ་བོ་མཉེས་པར་མཛད། ། དགའ་བྱེད་ཅེས་བྱ་བྲི་བར་བྱ། ། ཐམས་ཅད་རྡོ་རྗེ་རོལ་པ་མོ། ། དགའ་བོའི་རྩེ་འཇོའི་ལག་ཅན་བཀྲ། ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་ནི། ། སྔགས་ པ་ཆོ་ག་ཤེས་པས་བྲི། ། རྡོ་རྗེ་ཧཱུྃ་མཛད་ལེགས་གནས་པས། ། ཕྱི་རོལ་རྡོ་རྗེ་བྲི་བར་བྱ། ། རང་གི་རིག་མ་གཡོན་དུ་གནས། ། དབང་པོར་མིག་གསུམ་བྲི་བར་བྱ། ། རྡོ་རྗེ་ཅན་གྱི་རྩེ་གསུམ་འཛིན། ། གཡས་པ་ཡིས་ནི་ཕྱག་འཚལ་ཞིང་། ། རང་གི་ཆུང་མ་སོགས་པས་བསྐོར། ། ཆུ་ལྷར་ཚངས་པ་ཆེན་པོ་ནི། ། གདོང་པ་བཞི་པ་བྲི་བར་བྱ། ། སྒོ་རུ་སྒོ་བ་ཆེན་པོ་ནི། ། རྡོ་རྗེ་ལྕགས་ཀྱུ་སྟོབས་པོ་ཆེ། ། ཀུན་ནས་དམར་ཞིང་ཆེར་གཏུམ་པ། ། སངས་རྒྱས་མཆོག་ཏུ་སྤྱན་འདྲེན་པའོ། ། ལྷོ་རུ་ལེགས་པར་གནས་པའི་མཆོག ། ལག་ན་ཞགས་པ་དམ་པ་བྲི། ། སེམས་དཔའ་གྲགས་པ་ཆེན་པོ་དང་། །
BOསངས་རྒྱས་རྣམས་ནི་འཇུག་པར་བྱེད། ། འཆིང་བྱེད་དྲག་པོ་ཆེན་པོ་ནི། ། བརྟན་པའི་རྡོ་རྗེ་ཡང་དག་བྲི། ། བལ་པོ་སེའུ་ཡི་མེ་ཏོག་མཚུངས། ། རགས་ཤིང་སྟན་ལས་མི་གཡོ་བའོ། ། ནེ་ཙོ་ཁུག་རྟ་དང་མཚུངས་པའི། ། མཉེས་བྱེད་ མཆོག་ནི་བྲི་བར་བྱ། ། སངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང་། ། རིག་སྔགས་ཕ་རོལ་ཕྱིན་རྣམས་ཀྱང་། ། རྡོ་རྗེ་དབྱུག་གུའི་ལག་པ་མཛེས། ། ཞི་བ་སོགས་ཀྱིས་ཡོངས་སུ་བསྐོར། ། གཤིན་རྗེ་འཁོར་ལོའི་ལག་པ་ནི། ། ཤིན་ཏུ་མཛེས་པའི་རྡོ་རྗེས་མཚན། ། སེར་པོའི་གོས་ འཛིན་གནག་པ་པོ། ། མཚོན་ཆ་སོགས་པས་ཡོངས་སུ་བསྐོར། ། ལུས་ངན་དུ་ནི་དབང་པོ་བྲི། ། རྡོ་རྗེའི་ལག་པ་རབ་ཏུ་མཛེས། ། དེ་ནས་མཆོད་པའི་རྣམ་པ་བྲི། ། རྡོ་རྗེ་མེ་ཏོག་ཆེན་པོའི་གཟུགས། ། ལག་ན་མེ་ཏོག་སྙིམ་པ་མཛེས། ། མེ་ཏོག་ཕྲེང་བས་རྣམ་པར་བརྒྱན། ། སྔགས་པས་རྡོ་རྗེ་བདུག་པ་བྲི། ། ཡིད་སིམ་བྱེད་པའི་དམ་པ་ནི། ། ལག་ན་བདུག་པ་མིག་ཡངས་མ། ། འཁུར་ཚོས་ཅུང་ཟད་དཀར་བ་མའོ། ། ལྷ་མོ་རྡོ་རྗེ་སྣང་བྱེད་མ། ། གསེར་བསྲེགས་པ་ཡི་མདོག་འདྲ་ལ། ། ལག་ན་སྒྲོན་མ་མཁས་པས་བྲི། ། རྒྱན་རྣམས་ཀུན་གྱིས་ རྣམ་པར་བརྒྱན། །
BOདྲི་ཞིམ་ལུས་ལ་ཆ་ལུགས་བཟང་། ། ལག་ན་དྲི་ཡི་སྣོད་མཛེས་མ། ། ཨུཏྤལ་སྔོན་པོའི་ལོ་མ་མཚུངས། ། མཛེས་པའི་གཟུགས་ལ་ཡིད་འཕྲོག་མའོ། ། གཟུགས་ཀྱི་རྡོ་རྗེ་མཛེས་པའི་གཟུགས། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། ལག་ན་ རྡོ་རྗེ་མེ་ལོང་འཛིན། ། འཛུམ་བཅས་དགོད་པའི་དཀྱིལ་འཁོར་ཅན། ། སྒྲ་ཡི་རྡོ་རྗེ་སྣ་ཚོགས་ལུས། ། དཀར་དང་སྔོ་བའི་ལུས་དང་ལྡན། ། པི་ཝང་གླིང་བུ་ཏིང་ཏིང་སོགས། ། སྒྲོགས་པ་ཤེས་རབ་ཅན་གྱིས་བྲི། ། རོ་ཡི་རྡོ་རྗེ་སྐལ་ཆེན་མོ། ། ལག་ན་རོ་ཡི་སྣོད་འཛིན་ པ། ། རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། ། མཚན་ཉིད་ཀུན་དང་ཡང་དག་ལྡན། ། རྡོ་རྗེ་རེག་བྱ་སྔོ་བསངས་ཆེ། ། ཆུ་སྐྱེས་སྔོན་པོ་འདབ་འདྲའི་མིག ། རྣམ་པར་གསལ་ཞིང་ཆེར་དགོད་པ། ། རང་གི་དཔུང་པ་བསྡམས་པ་མོ། ། བཞད་པའི་རྡོ་རྗེ་བོད་བཅས་པ། ། རྣལ་འབྱོར་པས་ནི་མདོར་བསྡུས་ཏེ། ། བྲི་བྱ་སྣ་ཚོགས་གོས་འཛིན་དཀར། ། རྒྱན་རྣམས་ཐམས་ཅད་འཛིན་པ་མའོ། ། རྡོ་རྗེ་སྒེག་མོ་དཀར་མོ་ཆེ། ། སྒེག་དང་བཅས་ཤིང་ཡིད་དུ་འོང་། ། རྐེད་པར་ཁུ་ཚུར་གཉིས་བཞག་ཅིང་། ། མཛེས་པའི་ཕྲེང་བའི་ཆུན་པོ་བཙུགས། ། རྡོ་རྗེ་གླུ་མཁན་ལེགས་དམར་ལུས། །
BOགླུ་ལེན་པ་ལ་རབ་ཏུ་བརྩོན། ། ཆུ་སྐྱེས་དམར་པོ་རྒྱས་འདྲའི་བཞིན། ། གླུ་ལེན་ལག་པ་རབ་ཏུ་མཛེས། ། རྡོ་རྗེ་གར་མ་མཁས་པས་བྲི། ། གར་དང་བཅས་པའི་ལག་པ་ཅན། ། སྔོ་བསངས་དཀར་པོ་ཆེར་དཀར་བ། ། མིག་ཆེ་བ་ལ་འཛུམ་ བཅས་མཆོག ། རྡོ་རྗེ་སིལ་སྙན་དྲག་མོ་ཆེ། ། དུར་དུ་ར་ཡི་རྔ་མཛེས་རྡུང་། ། རྡོ་རྗེ་རྔ་ཆེན་ལྷ་མོ་ཆེ། ། རྔ་ཆེན་རྡུང་བ་བྲི་བར་བྱ། ། རྫ་རྔ་མ་ནི་མཁས་པས་བྲི། ། རྫ་རྔ་རྡུང་བར་བྱེད་པ་མོ། ། ལྷ་མོ་མུ་ཀུཎྜ་རྡུང་མ། ། མུ་ཀུཎྜ་མ་བཞིན་མཛེས་མའོ། ། པ་ཊ་ཧ་ནི་རྡུང་ བྱེད་མ། ། རྡོ་རྗེ་པ་ཊ་ཧ་ཞེས་བྱ། ། རྫ་རྔ་ཆེན་པོ་རྡུང་བྱེད་མ། ། རྡོ་རྗེ་རྫ་རྔ་མཛེས་མ་བྲི། ། གུཉྫ་རྡུང་བྱེད་དགའ་བ་མོ། ། དགོད་བཅས་པདྨའི་མིག་ཅན་མ། ། རྡོ་རྗེ་གུཉྫ་དཔའ་བོས་བྲི། ། ལས་ཀུན་གྱི་ནི་དམ་པ་འགྲུབ། ། ལག་ན་རྡོ་རྗེ་ཏིང་ཏིང་ཤག ། རྡོ་རྗེ་ཏིང་ཏིང་ཤག་བྲི་ བྱ། ། ལག་ན་རྡོ་རྗེ་ཅང་ཏེ་མ། ། ཁ་དོག་དཀར་མོ་འོད་ཟེར་ཆེ། ། འཁར་རྔ་རྡུང་བའི་ལག་པ་ཅན། ། རྡོ་རྗེ་འཁར་རྔ་མ་བྲི་བྱ། ། རྒྱུད་གཅིག་པི་ཝང་སྦྲེང་བ་བྲི། ། རྡོ་རྗེ་པི་ཝང་སྦྲེང་བ་མོ། ། པི་ཝང་རྒྱུད་གསུམ་སྦྲེང་བའི་རྒྱ། །
BOཔི་ཝང་རྒྱུད་གསུམ་སྦྲེང་བ་ བྲི། ། རྡོ་རྗེ་འཁར་ཁྲོལ་ལྷ་མོ་ཆེ། ། དམར་པོ་ཡི་ནི་གོས་བགོས་པའོ། ། རྡོ་རྗེ་གླིང་བུ་རྣལ་འབྱོར་པས། ། གླིང་བུ་འབུད་པ་ལྡན་པ་བྲི། ། རྡོ་རྗེ་པི་ཝང་སྐལ་ཆེན་མ། ། པི་ཝང་སྦྲེང་ལ་རབ་སྤྲོ་བའོ། ། རྡོ་རྗེ་འབུད་དུང་འབད་པས་བྲི། ། དུང་དཀར་འབུད་པའི་རང་བཞིན་ ཅན། ། དུང་མ་ལག་ན་ཟངས་དུང་འཛིན། ། འདོད་པའི་གཟུགས་མཆོག་འཛིན་པ་མོ། ། རྒྱལ་བའི་དྲིལ་བུས་ལག་པ་མཛེས། ། ཁྲོལ་བ་ཡང་དག་བྲི་བར་བྱ། ། ལེགས་སྤྲོ་བ་ལ་གཟི་བརྗིད་ཆེ། ། རྣམ་པར་རྒྱལ་ལ་སྤྲོ་བྱེད་མའོ། ། པདྨ་གར་གྱི་དབང་ཕྱུག་དམར། ། པདྨ་ དམར་པོ་ཁ་འབྱེད་མ། ། གར་གྱི་སྒྱུ་མས་རབ་གནས་པའི། ། ལག་པ་སྟོང་ལྡན་བྲི་བར་བྱ། ། རིན་ཆེན་གར་མ་ལྷ་མོ་ཆེ། ། གར་གྱི་བདག་ཉིད་ལེགས་པར་བྲི། ། ལག་ན་རིན་ཆེན་སྙེ་མ་ཅན། ། ལག་པ་དུ་མ་གདོང་བརྒྱ་པའོ། ། རྡོ་རྗེ་གར་མ་བསྙེམས་བཅས་མ། ། ལུས་མཆུ་བ་དན་དང་ལྡན་པ། ། རྣལ་འབྱོར་པས་ནི་ཆོ་ག་བཞིན། ། རྡོ་རྗེ་སྦྱོར་བས་རབ་གནས་བྲི། ། སྣ་ཚོགས་གར་མ་སྐལ་ཆེན་མོ། ། རྡོ་རྗེ་ཐལ་མོ་སྤྱི་བོར་འཇོག ། འཛུམ་བཅས་པ་ལ་མིག་མཛེས་མའོ། ། སྣ་ཚོགས་སྒྱུ་མ་ལེགས་སེམས་མ། །
BOསྨིན་མ་སྒྱུར་བའི་མིག་ མཛེས་མ། ། སྤྲོས་བཅས་གདོང་གི་རྣམ་འགྱུར་ཅན། ། མཐོང་ན་དགའ་མ་འཛུམ་པའི་བཞིན། ། གདོང་གི་དཀྱིལ་འཁོར་སྔོ་བསངས་མཆོག ། རྡོ་རྗེ་མཐོང་མ་སྐལ་ཆེན་མོ། ། རབ་ཏུ་དགོད་ཅིང་མིག་རྒྱས་མའོ། ། རྣལ་འབྱོར་ཆེན་པོས་བྲི་བྱ་བ། ། རྣལ་འབྱོར་མིག་གིས་ལྟ་བ་མོ། ། རབ་ཏུ་གསལ་བས་འཁྲུགས་པ་ཅན། ། འཁོར་ལོ་སྐོར་བ་ལྟར་བྱེད་མ། ། སྙིང་གར་ལག་པ་འཇོག་པ་ནི། ། སྡིག་པ་མ་ལུས་འཇོམས་པར་བྱེད། ། རྫི་མར་བཅས་པའི་མིག་གཉིས་ནི། ། སྟེང་དང་འོག་ཏུ་འཕགས་པ་ཡིས། ། མཐོང་བ་འགུགས་བྱེད་བདེ་ཆེན་གྱིས། ། སངས་ རྒྱས་ཐམས་ཅད་དབང་དུ་བྱེད། ། སྒོ་རུ་སྒོ་བ་ཆེན་པོ་ནི། ། རྡོ་རྗེ་ལྕགས་ཀྱུ་སྟོབས་པོ་ཆེ། ། ཐམས་ཅད་སྲུང་ཞིང་ཆེར་གཏུམ་པ། ། སངས་རྒྱས་མཆོག་ཏུ་སྤྱན་འདྲེན་པའོ། ། སྒོ་རུ་ལེགས་པར་གནས་པའི་མཆོག ། ལག་ན་ཞགས་པ་དམ་པ་བྲི། ། སེམས་དཔའ་ གྲགས་པ་ཆེན་པོ་དང་། ། སངས་རྒྱས་རྣམས་ནི་འཇུག་པར་བྱེད། ། འཆིང་བྱེད་དྲག་པོ་ཆེན་པོ་ནི། ། བརྟན་པའི་རྡོ་རྗེ་ཡང་དག་བྲི། ། བལ་པོ་སེའུ་ཡི་མེ་ཏོག་མཚུངས། ། རགས་ཤིང་རྣམ་པར་གཡོ་བའི་གདོང་། ། ནེ་ཙོ་ཁུག་རྟ་དང་མཚུངས་པའི། །
BOམཉེས་བྱེད་མཆོག་ ནི་བྲི་བར་བྱ། ། རིག་སྔགས་ཕ་རོལ་ཕྱིན་རྣམས་དང་། ། སངས་རྒྱས་ཐམས་ཅད་མཉེས་པར་བྱེད། ། དབང་པོར་གཞོན་ནུ་བྲི་བར་བྱ། ། གཤིན་རྗེར་གཤིན་རྗེ་ཉིད་ཡིན་ནོ། ། ཆུ་ལྷར་ཆུ་ལྷ་བྲི་བར་བྱ། ། ལུས་ངན་པོ་ནི་བྱང་ཕྱོགས་སུ། ། འདི་དག་བསྡུས་ཏེ་བྲི་བར་བྱ། ། འཁོར་གྱིས་མདུན་དུ་བདར་བའོ། ། ཕྱི་རུ་དམྱལ་བ་བརྒྱད་པོ་བྲི། ། {ཡི་དགས་,ཡི་དྭགས་}ཀྱང་ནི་ཐམས་ཅད་དུ། ། རྡོ་རྗེ་ཧཱུྃ་མཛད་ལ་གནས་པ། ། སྔགས་པས་ཆོ་ག་བཞིན་བྲིས་ཏེ། ། ཕྱི་ཡི་རྡོ་རྗེ་བྲི་བར་བྱ། ། རང་གི་རིག་མ་གཡོན་དུ་གནས། ། དང་པོར་མིག་གསུམ་ལེགས་ པར་བྲི། ། རྡོ་རྗེ་ཅན་གྱི་རྩེ་གསུམ་འཛིན། ། གཡས་པ་ཡིས་ནི་ཕྱག་འཚལ་ཞིང་། ། རང་གི་ཆུང་མ་སོགས་པས་བསྐོར། ། ཆུ་ལྷར་ཚངས་པ་ཆེན་པོ་ནི། ། གདོང་པ་བཞི་པ་བྲི་བར་བྱ། ། རྡོ་རྗེ་དབྱུག་གུའི་ལག་པ་མཆོག ། ཞི་བ་ལ་སོགས་རྣམས་ཀྱིས་བསྐོར། ། གཤིན་ རྗེར་འཁོར་ལོའི་ལག་པ་ཅན། ། རྡོ་རྗེས་མཚན་ཅིང་རབ་ཏུ་མཛེས། ། སེར་པོའི་གོས་འཛིན་གནག་པ་པོ། ། དཔལ་མོ་ལ་སོགས་རྣམས་ཀྱིས་བསྐོར། ། ལུས་ངན་དུ་ནི་དབང་པོ་བྲི། ། རྡོ་རྗེའི་ལག་པ་རབ་ཏུ་མཛེས། ། མིག་སྟོང་པ་ནི་ཆེ་བའི་ལུས། །
BOབདེ་སོགས་སོགས་ ཀྱིས་མདུན་དུ་བདར། ། དབང་ལྡན་དུ་ནི་དབང་ལྡན་བྲི། ། མེ་ཡི་ཕྱོགས་སུ་མེ་ལྷའོ། ། བདེན་བྲལ་དུ་ནི་བདེན་བྲལ་གྲགས། ། རླུང་དུ་རླུང་ལྷ་ཉིད་ཡིན་ནོ། ། ཤར་གྱི་སྒོ་རུ་དཔུང་བཟང་བྲི། ། མུཎྜ་ཊ་ནི་ནུབ་ཏུའོ། ། ལུས་ངན་དུ་ནི་གྲུབ་པ་བྲི། ། ལྷོ་རུ་བདུད་རྩི་འཁྱིལ་ པའོ། ། ཆོ་ག་འདིས་ནི་སྔགས་ཤེས་པས། ། དཀྱིལ་འཁོར་བཟང་པོ་བྲིས་ནས་སུ། ། སངས་རྒྱས་ཐམས་ཅད་དགུག་པར་བྱ། ། ཡབ་ཡུམ་གཙོ་བོ་དམ་པ་རྣམས། ། ཆོ་ག་ཇི་བཞིན་སྔགས་པས་གཞུག ། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བདག ། རྡོ་རྗེ་ལྕགས་ཀྱུའི་ལག་པ་ཡིས། ། ཆོ་ག་ཇི་བཞིན་བདག་བརྒྱན་ཏེ། ། རྡོ་རྗེ་སེམས་དཔར་བསྙེམས་བྱས་ནས། ། སྙེམས་དང་བཅས་པས་ལངས་ནས་སུ། ། གསང་བའི་སེམས་དཔའ་དབང་བསྐུར་ཏེ། ། འདི་ཡིས་སྤྱན་ནི་མྱུར་དུ་དྲང་། ། ཡབ་དང་ཡུམ་བཅས་སངས་ རྒྱས་སྲས་བཅས་པ། ། བྲན་དང་གཉེན་བཅས་ཉེ་དུ་དང་བཅས་ཤིང་། ། དཔལ་མཆོག་རྡོ་རྗེ་སེམས་དཔའ་ཡོངས་མཉེས་པའི། ། ལྷ་དང་ལྷ་མོས་ལེགས་བསྐོར་འདིར་གཤེགས་ཤིག ། གླུ་འདི་ཡིས་ནི་བསྐུལ་བ་ཡིས། ། དེ་བཞིན་གཤེགས་པ་ཐམས་ཅད་བྱོན། ། བྱོན་ ནས་དངོས་གྲུབ་ཆེན་པོ་ནི། །
BOསྒྲུབ་པ་པོ་ལ་སྩོལ་བར་འགྱུར། ། ཡང་ན་མཚན་མ་གནང་འགྱུར་ཏེ། ། འབབ་པའམ་སྣང་བ་བལྟ་བར་བྱ། ། གལ་ཏེ་བསོད་ནམས་རབ་དམན་ན། ། དེ་ཡིས་ཅི་ཡང་མཐོང་མི་འགྱུར། ། དེ་ནས་སླར་ཡང་གསོལ་བ་གདབ། ། ཡང་དང་ཡང་དུ་ བསྐུལ་བར་བྱ། ། ལྷ་ཡི་རྣལ་འབྱོར་དེ་ཉིད་ཀྱིས། ། ང་རྒྱལ་ཡང་དང་ཡང་བྱས་ཏེ། ། མཆོད་པ་ཤིན་ཏུ་ཆེན་པོ་བྱ། ། དེ་ནས་མཆོད་ཡོན་ཞབས་བསིལ་ཡང་། ། གསང་བའི་དེ་ཉིད་ཀྱིས་བསྐུལ་ཏེ། ། སྔགས་ཀྱི་དེ་ཉིད་རིག་པས་དབུལ། ། སངས་རྒྱས་ཀུན་བདག་ཕྱག་ན་ རྡོ་རྗེ་ནི། ། མཛེས་པའི་ཤེས་རབ་ཀྱིས་འཁྱུད་སྦྱོར་ལྡན་པས། ། ཡབ་ཡུམ་སྲས་བཅས་འཁོར་བཅས་ཕོ་ཉ་སོགས། ། བྲན་བཅས་སྐྱེ་བོའི་ཚོགས་ཀྱིས་བསྐོར་ནས་བྱོན། ། སེམས་ཅན་ཀུན་ལ་ཕན་དགྱེས་པ། ། ཁྱོད་ལ་བདག་ཉིད་ཞུ་བ་བགྱིད། ། འདི་ནི་ཁྱོད་ཀྱི་དུས་ལགས་ པས། ། སེམས་ཅན་དོན་མཆོག་མཛད་དུ་གསོལ། ། གསོལ་བ་བཏབ་ཅིང་བསྐུལ་བས་ཀྱང་། ། གལ་ཏེ་མཚན་མ་བྱུང་གྱུར་ན། ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི། ། དེ་ཚེ་སློབ་མ་འབད་པས་བསྒོམ། ། རྡོ་རྗེ་པདྨའི་ཡན་ལག་བཅིང་། ། སྦྱོར་བས་དཀྱིལ་འཁོར་ཉིད་དུ་ གཞུག ། དེ་ནས་སྒོ་རུ་མཁས་པས་བཞག ། དམ་ཚིག་དམ་པ་ཉན་དུ་གཞུག །
BOམ་དང་སྲིང་མོ་ཉིད་དང་ཡང་། ། དེ་བཞིན་བུ་མོ་དག་ཀྱང་ནི། ། སོམ་ཉི་རྣམ་པར་བྲལ་སེམས་ཀྱིས། ། ཁྱོད་ཀྱིས་རྟག་ཏུ་བསྟེན་པར་བྱ། ། སེམས་ཅན་ཐམས་ཅད་གསད་བྱ་ཞིང་། ། བརྟུལ་ཞུགས་སྤྱོད་པ་བསྐྱང་བར་བྱ། ། འཇུངས་པ་རྣམས་ཀྱི་ནོར་ཕྲོགས་ཏེ། ། སྐྱེ་བོ་སྡུག་བསྔལ་ཅན་ལ་སྦྱིན། ། རྡོ་རྗེ་རྣལ་འབྱོར་མི་སྦྱོར་བས། ། ཡང་ན་བདག་ཉིད་ཀྱིས་ཀྱང་སྤྱད། ། དཀོན་མཆོག་གསུམ་ལ་མཆོད་བྱ་ཞིང་། ། བླ་མ་ལ་ནི་གུས་པར་བྱ། ། {བརྫུན་,རྫུན་}གྱི་ ཚིག་ཀྱང་སྨྲ་མི་བྱ། ། ཆང་ནི་བཏུང་བར་མི་བྱའོ། ། དམ་ཚིག་དུས་ནི་མ་གཏོགས་ཤིང་། ། བྱིན་གྱིས་བརླབས་པའི་དམ་ཚིག་དང་། ། གཞན་ཡང་བདེ་བར་བྱ་ཕྱིར་དང་། ། སློབ་དཔོན་མཉེས་པར་བྱ་དོན་དང་། ། དཀོན་མཆོག་གསུམ་ལ་ཕན་པའི་ཕྱིར། ། རྫུན་གྱི་ཚིག་ ནི་རྟག་ཏུ་སྨྲོས། ། གཞན་གྱི་བུད་མེད་བགྲོད་པར་བྱ། ། དམ་ཚིག་དོན་དུ་སྦྱོར་ལྡན་པས། ། གཞན་པ་ཡང་ནི་ཐམས་ཅད་ཀྱང་། ། སེམས་ཅན་དོན་ལ་བརྩོན་པས་བྱ། ། གསང་བའི་དམ་ཚིག་འདི་དག་ནི། ། བློ་གྲོས་ལྡན་པས་བསྒྲག་མི་བྱ། ། དམ་ཚིག་ལྡན་པ་མ་གཏོགས་ པ། བླ་མའི་བཀའ་གནང་སྔགས་པ་ཡིས། ། སངས་རྒྱས་ཀུན་གྱི་གསང་ཆེན་པོ། །
BOལག་ན་རྡོ་རྗེས་བྱིན་བརླབས་པ། ། གལ་ཏེ་རྨོངས་པའི་བདག་ཉིད་ཀྱིས། ། དམ་ཚིག་དམ་པ་འདི་འདས་ན། ། རྡོ་རྗེ་རྡོ་རྗེའི་མངའ་བདག་ཆེ། ། རྒྱལ་པོ་འདིས་ནི་ངེས་པར་གསོད། ། ཀུན་ནས་འབར་བའི་རྡོ་རྗེ་ཡིས། ། ལུས་ཀྱི་སྤྱི་བོ་འགེམས་པར་འགྱུར། ། དེ་ནས་འདི་ཡིས་མེ་ཏོག་གི། ། ཕྲེང་བ་བཟང་པོ་དོར་བར་བྱ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཱ་ཏཱ་པི་ཏྲིྃ་པ་ཏི་མ་ཧཱ་སུ་ཁ་ས་མནྟ་བྷ་དྲ་པྲ་ཏཱིཙྪི་དྃ་པུཥྤཉྫ་ལིྃ་མྲྀ་དུ་ཛཿཧཱུྃ་བོ་ཧོཿབྷ་ག་ཝན་མ་ཧཱ་སུ་ཁ་ས་མནྟ་བྷ་དྲ་ས་མ་ཡ་སྟྭྃ་ ས་མ་ཡོ྅་ཧྃ། འདི་ཡིས་བཟུང་སྟེ་མྱུར་བ་རུ། ། རྡོ་རྗེ་སེམས་དཔའ་སྙིང་རྗེ་ཆེ། ། དེ་ནི་བླངས་ཏེ་སྤྱི་གཙུག་ཏུ། ། བློ་གྲོས་བཟང་པོས་བཅིང་བར་བྱ། ། སྔགས་པའི་རྒྱལ་པོས་སྔགས་འདི་ཡིས། ། དེ་ནས་མིག་ནི་རབ་ཏུ་དབྱེ། ། ཨོཾ་བཛྲ་ཛཱ་ན་མ་ཧ་ནེ་ཏྲ་ཨུདྡྷ་ཊ་ཡ་ཏི་ཙཀྵུ་ཥི། མགོན་པོ་ཆེན་པོ་ལྟོས་ཤིག་བུ། ། སངས་རྒྱས་ཀུན་གྱི་བདག་པོ་མཆོག ། ཡེ་ཤེས་ཆེན་པོ་ཀུན་གྱི་མཆོག ། རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། ། རིམ་པ་ཇི་བཞིན་ལེགས་བསྟན་ཏེ། ། དབང་བསྐུར་ཕྱིར་ནི་གསོལ་བ་གདབ། ། དབང་བསྐུར་བ་ནི་ཡིད་འོང་ བ། ། སྐལ་བ་ཆེན་པོ་བདག་ལ་གསོལ། །
BOགསང་བ་ཡི་ནི་རྒྱན་ཞེས་པར། ། རྒྱལ་བས་གང་སྔོན་བཀའ་སྩལ་པ། ། གསང་བའི་སྦྱོར་དེ་བདག་ལ་ནི། ། རྒྱལ་བ་ཀུན་དངོས་སྩལ་དུ་གསོལ། ། དེ་བཞིན་དཀྱིལ་འཁོར་བུམ་པ་ཡིས། ། དེ་བཞིན་དབང་བསྐུར་སྦྱིན་པར་བྱ། ། སློབ་མ་ཆེན་པོ་རྣམ་པ་ལྔ། ། དེར་ནི་སྦྱོར་བས་བོས་ནས་སུ། ། གསང་བའི་རྒྱན་ཞེས་བྱ་བ་ཡིས། ། དངོས་གྲུབ་ཤེས་པས་དབང་བསྐུར་རོ། ། གསང་བའི་སྦྱོར་བའི་རྣམ་འཕྲུལ་གྱིས། ། དེར་ནི་མཆུ་ཡིས་ལེགས་བཟུང་སྟེ། ། ལྕེ་ཡི་རྩེ་མོ་མཁས་པས་སྦྱར། ། རྡོ་རྗེའམ་ ཡང་ན་ཆུ་སྐྱེས་ཀྱིས། ། ཕྱག་རྒྱ་དང་ནི་ཕྱག་རྒྱའི་ལན། ། དེ་ནས་འཛིན་མ་རྣམ་པར་སྦྱིན། ། དེ་ཉིད་ལ་ཡང་མཁས་པས་སྦྱིན། ། གསང་བ་རྒྱན་གྱི་སྦྱོར་བ་ཡིས། ། གསང་བའི་བདེ་བ་བསྒྲུབ་པར་བྱ། ། ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ། དེ་ནས་ཡོན་ ནི་དབུལ་བར་བྱ། ། བླ་མར་ཕྱག་འཚལ་མཆོད་བྱས་ནས། ། མ་དང་བུ་མོ་ཉིད་དང་ཡང་། ། སྲིང་མོ་ཡི་ནི་བུ་མོ་དང་། ། སྲིང་མོའམ་ཡང་ན་ཆུང་མ་དང་། ། རྒྱལ་པོ་ལོངས་སྤྱོད་སྐྱེ་བོའི་ཚོགས། ། གྲོང་དང་ཡུལ་འཁོར་གྲོང་ཁྱེར་དང་། ། ནོར་དང་རིན་ཆེན་ལ་སོགས་དང་། ། གཞན་ཡང་ཅི་དང་ཅི་འདོད་པ། །
BOམཁོ་བའི་ལོངས་སྤྱོད་གུས་པ་ཡིས། ། བླ་མའི་ཞབས་ལ་ཕྱག་འཚལ་ཏེ། ། དངོས་གྲུབ་ཀུན་གྱི་དོན་གྱི་ཕྱིར། ། དཀྱིལ་འཁོར་པ་ཡང་ལེགས་པར་མཆོད། ། ཕ་དང་སྤུན་ཡང་མཆོད་པར་བྱ། ། དེ་བཞིན་སྤུན་ཟླའི་བུ་ཡང་མཆོད། ། བཟའ་བཏུང་ཡིད་དུ་འོང་བ་དང་། ། གོས་ དང་རྒྱན་དང་མེ་ཏོག་དང་། ། དེ་བཞིན་དྲི་དང་བདུག་པ་སོགས། ། ཇི་ལྟར་བདོག་པ་ཐམས་ཅད་ཀྱིས། ། མཆོད་པར་བྱས་ཏེ་གཏང་བར་བྱ། ། ལྷ་རྣམས་དག་ནི་ཐམས་ཅད་ལ། ། དེ་བཞིན་དུ་ནི་མཆོད་པར་བྱ། ། གསང་སྔགས་རྒྱལ་པོ་གཤེགས་སུ་གསོལ། ། བཛྲ་མུཿཞེས་ བརྗོད་པས་གཤེགས། ། དེ་ནས་སྔགས་པས་སློབ་མའི་མཆོག་དེ་ལ། ། གསང་བ་རྣམ་པར་འཛིན་ལ་གསང་བ་ཡི། ། རྒྱལ་པོས་གསལ་མཛད་རྒྱལ་བའི་གསང་བདག་གིས། ། གསང་བ་མཐའ་དག་ལེགས་པར་བསླབ་པར་བྱ། ། གསང་བའི་ཕྱག་རྒྱ་མིག་ཡངས་མ། ། བློ་གྲོས་ བརྟན་པས་བསྒྲུབ་པར་བྱ། ། རང་བྱིན་བརླབ་པའི་རིམ་པ་ཡིས། ། ཤེས་རབ་ཀྱིས་ནི་བྱིན་གྱིས་བརླབ། ། བདག་ཉིད་སེམས་དཔར་ལེགས་བསྒོམས་ཏེ། ། གསང་བ་རྒྱན་གྱི་སྦྱོར་བ་ཡིས། ། ཉི་མ་བདུན་གྱིས་ལེགས་འགྲུབ་པར། ། འགྱུར་བ་འདི་ལ་ཐེ་ཙོམ་མེད། ། ལྷ་མོ་ཤེས་ རབ་ཆེ་དེ་ཡང་། ། རང་ཉིད་རྡོ་རྗེ་འཆང་གཙོ་སྟེ། །
BOནམ་མཁའ་ཀུན་གྱི་མཆོག་དཔའ་བོ། ། རྒ་དང་འཆི་བ་མེད་པར་འགྱུར། ། འདོད་པའི་དབང་ཕྱུག་རྣལ་འབྱོར་ཆེ། ། བདག་ཉིད་འདོད་པར་བསྒོམ་པ་ཡིས། ། འདོད་པའི་ལོངས་སྤྱོད་འགྲུབ་པར་འགྱུར། ། འདོད་པའི་དབང་ཕྱུག་གཙོ་ བོ་སྟེ། ། དེ་ཡང་འདོད་པའི་དབང་ལྷ་མོར། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། འདོད་པའི་ཁམས་ཀྱི་དབང་ཕྱུག་ཀུན། ། བྲན་དང་འདྲ་བར་འཁོལ་བར་འགྱུར། ། ནམ་མཁའི་དཀྱིལ་འཁོར་ཡིད་འོང་བར། ། མཁའ་འགྲོའི་ས་བོན་བསྒོམ་པར་བྱ། ། དེ་ནི་སྦྱོར་བས་སྤྲོས་ནས་ སུ། ། རང་གི་སྙིང་གར་གཞུག་པར་བྱ། ། བཅུག་ནས་རིན་ཆེན་ཆེན་པོ་ནི། ། སྲིད་པ་འཇོམས་པར་བསྒོམ་པར་བྱ། ། ཡིད་བཞིན་རིན་ཆེན་རང་བཞིན་མཛེས། ། ཉི་མ་བདུན་ན་དེ་འགྱུར་རོ། ། འདམ་སྐྱེས་དམར་པོའི་དབུས་སུ་ནི། ། འབད་པས་ཀུན་ནས་དྲི་ཡིས་དགང་། ། དྲི་ཡི་ དབང་ཕྱུག་རྒྱལ་པོ་ཆེ། ། བདག་ཉིད་སེམས་དཔའ་ཡིད་ཆེས་བསྒོམ། ། དེ་ནས་མྱུར་དུ་བློ་ལྡན་ཏེ། ། དྲི་ཟའི་བདག་པོའི་བདག་པོར་འགྱུར། ། དྲི་ཡིས་མྱུར་བ་ཉིད་དུ་ནི། ། བརྟན་དང་གཡོ་བའི་དུག་འགུགས་བྱེད། ། དོན་ཡོད་ཀྱི་ནི་དཀྱིལ་འཁོར་དུ། ། སྙིང་པོ་སྙིང་གི་སྦྱོར་བ་ བསམ། །
BOཡིད་ལ་བསམས་པའི་དངོས་གྲུབ་འགྱུར། ། དེ་ཡི་ཕྱག་རྒྱའང་དེ་དང་མཚུངས། ། རིན་ཆེན་གྱི་ཡང་རིན་ཆེན་ཆེ། ། རིན་ཆེན་གྱི་ནི་མིག་འོད་གསལ། ། དེ་བཞིན་དྲི་དང་ལྡན་པ་ནི། ། སྒྲུབ་པ་པོ་ཡིས་འགྲུབ་པར་འགྱུར། ། དེ་ལ་སོགས་པའི་དབྱེ་བ་ཡིས། ། ལྷ་ གཞན་དག་ཀྱང་རིག་པར་བྱ། ། དཀྱིལ་འཁོར་རམ་ནི་དམ་ཚིག་ཀྱང་། ། བསྒོམས་པས་མྱུར་དུ་འགྲུབ་པར་འགྱུར། ། སྙིང་པོ་སྔགས་དང་ཕྱག་རྒྱ་དང་། ། རིག་སྔགས་ཀྱི་ཡང་སྦྱོར་བ་ཡིས། ། དེ་རྣམས་ཀྱིས་ནི་དེ་ཉིད་ནི། ། བསྒོམས་ན་མྱུར་དུ་ངེས་པར་ འགྲུབ། ། འདི་ནི་བཅོམ་ལྡན་རྣལ་འབྱོར་ཅན། ། གསང་བ་རྒྱན་བདག་དམ་པས་གསུངས། ། ཕྱག་རྒྱ་བཞི་ཡི་མཆོག་གི་མཆོག ། ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར། ། ཞེས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང་། ཡུམ་དེ་རྣམས་ཀྱིས་ གསོལ་པ། མྱུར་དུ་སྦྱོར་བ་མཆོག་བསྒྲུབས་པས། ། སྒྲུབ་པ་པོས་ནི་ཇི་ལྟར་འགྲུབ། ། དེ་དག་ཐམས་ཅད་མྱུར་དུ་གསུངས། ། བཅོམ་ལྡན་རྡོ་རྗེ་འཆང་བདག་གིས། ། སྙིང་པོ་སྔགས་དང་ཕྱག་རྒྱ་དང་། ། རིག་སྔགས་ཀྱང་ནི་ལེགས་པར་སྒྲུབ། ། བཙུན་མོ་མཆོག་གི་ གནས་དབང་ཕྱུག ། དཔའ་བོ་ཆེན་པོས་གསུང་དུ་གསོལ། །
BOདེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཡབ་དང་ཡུམ་རྣམས་ཀྱི་ཞུ་བའི་ཚིག་རྡོ་རྗེ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་རྣམ་པར་ཕྱུང་ངོ་། ། ལྷ་རྣམས་ཀྱི་ནི་སྙིང་པོ་དང་། ། སྔགས་དང་ཕྱག་རྒྱ་དེ་བཞིན་དུ། ། དཀྱིལ་འཁོར་དུ་ནི་ལེགས་པར་བཤད། ། ཇི་ལྟར་སྔོན་དུ་ཁ་དོག་སོགས། ། དེ་ནས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ། ། སེམས་ཅན་རྣམས་ལ་ཕན་བདེའི་ཕྱིར། ། རྣལ་འབྱོར་མ་ཡི་ཕྱག་རྒྱ་དང་། ། མཚན་མ་ལ་སོགས་དམ་པ་རྣམས། ། དེ་ནས་བཅོམ་ལྡན་ཀུན་ཏུ་བཟང་། ། རྡོ་ རྗེ་དམ་པ་གསོར་མཛད་ནས། ། ལག་པའི་མཚན་མ་བཀའ་སྩལ་པ། ། གང་གིས་ལྷ་རྣམས་མཚོན་འགྱུར་བའོ། ། ལག་པ་ཟླ་བ་ཉི་མ་རུ། ། མཁས་པ་ཡིས་ནི་བསམ་པར་བྱ། ། ཤེས་རབ་ཐབས་ཀྱི་ས་བོན་ནི། ། རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤྲོ། ། སླར་ཡང་སྡུད་པའི་སྦྱོར་བ་ ཡིས། ། རྡོ་རྗེ་པདྨར་རྣམ་བསམ་བྱ། ། དེ་ནས་ཤེས་རབ་ཕ་རོལ་ཕྱིན།
BO། སོར་མོའི་རྩེ་རྨོར་དགོད་པར་བྱ། ། དེ་ཉིད་སྦྱོར་བས་བསྡུས་ནས་སུ། ། ཕན་ཚུན་ངེས་པར་སྦྱར་བར་བྱ། ། རྡོ་རྗེ་པདྨ་མཉམ་སྦྱར་བའི། ། བདེ་བ་མྱངས་པས་འགྲུབ་པར་འགྱུར། ། འཆིང་བ་ཆེན་པོས་ བཅིངས་ནས་སུ། ། ལྷ་མོའི་ས་བོན་གྱིས་མཚན་པའི། ། གསང་སྔགས་རྒྱལ་པོ་སྔགས་རིག་པས། ། ཡང་དང་ཡང་དུ་བྱིན་གྱིས་བརླབ། ། བཅངས་ཏེ་འོད་ལྡན་རྣམ་པ་གཉིས། ། བརྐྱངས་ནས་རྩེ་མོ་སྦྱར་བར་བྱ། ། དེ་འདི་སྙིང་པོ་ཞེས་བྱ་བའོ། ། གཉིས་པ་གྲགས་པ་ ལྡན་པ་ཡིན། ། སྙིང་པོ་ཡིས་ནི་མཚན་བྱས་ནས། ། རིམ་གྱིས་སྙིང་གར་བསྐོར་བར་བྱ། ། རྡོ་རྗེ་མཉམ་པར་སྦྱར་བྱས་ཏེ། ། དེར་ནི་བཅིངས་པ་གཞུག་པར་བྱ། ། འདི་ནི་དམ་ཚིག་ངེས་བྱ་སྟེ། ། དམ་ཚིག་མ་ལུས་སྒྲུབ་པར་བྱེད། ། འདི་ཡིས་ལྷ་མོ་མཐའ་ཡས་ཞལ། ། ཐམས་ཅད་དུ་ནི་ངེས་པར་འགྲུབ། ། དེ་ཉིད་བསྡིགས་པ་ལྟ་བུར་སྦྱར། ། ལས་ཀུན་བྱེད་པའི་མཆོག་ཏུ་འགྱུར། ། རྡོ་རྗེ་གཉིས་ནི་པདྨ་ཡི། ། སྦྱོར་བར་བསྟན་པ་མཆོག་ཏུ་རྨད། ། དེ་ལས་ཕྱི་རོལ་བསྐུམས་པ་ནི། ། གསུམ་པ་རུ་ནི་འགྱུར་བ་ཡིན། ། སྙིང་ག་རུ་ནི་སྙིང་པོ་ བསམ། ། སྙིང་དགའ་བྱེད་པ་ཞེས་བྱར་བརྗོད། ། རྡོ་རྗེ་གཉིས་པོ་དེ་བཞིན་སྦྱར། །
BOདམ་ཚིག་བདག་བྱེད་ཉིད་དུ་འགྱུར། ། དེ་ཉིད་ཀུན་གྱི་འབྱུང་གནས་གསལ། ། ཆེན་པོའི་ལས་ནི་བྱེད་པར་འགྱུར། ། དེ་ཉིད་མཛོད་སྤུར་སྦྱར་བའི་བརྗིད། ། ཕྱག་རྒྱ་བདག་ཉིད་ཆེན་པོར་འགྱུར། ། དེ་ཉིད་ཆུ་སྐྱེས་རྣམ་པ་རུ། ། སྙིང་གར་བཞག་པ་སྙིང་པོ་མཆོག ། དེ་བཞིན་རྡོ་རྗེ་མཉམ་སྦྱར་བ། ། དམ་ཚིག་བདག་ཉིད་དག་ཏུ་འགྱུར། ། སྙིང་གར་ཀུན་བསྡིགས་སྦྱོར་བ་ཡིས། ། རབ་རྒྱས་པ་ཡི་བཞིན་རས་མཆོག ། བསྙེམས་པ་བྱེད་པ་ཐམས་ཅད་ཀྱང་། ། འདིས་ནི་ལས་ བྱེད་འགྲུབ་པ་ཡིན། ། དེ་ཉིད་ཁ་རུ་སྦྱར་བས་ནི། ། ཕྱག་རྒྱ་ཆེན་པོ་རབ་ཏུ་འགྲུབ། ། དེ་ཉིད་འོད་ལྡན་རྩེ་མོ་ནི། ། ཐུར་དུ་བསྟན་ཏེ་སྙིང་གར་གཞག ། འདི་ནི་འགྱུར་བ་མེད་པ་ཡི། ། སྙིང་པོའི་སྙིང་པོའི་ཆོས་སྒྲུབ་བྱེད། ། དེ་ཉིད་སྙིང་གར་ཡོངས་སུ་བསྐོར། ། སྙིང་གི་དཀྱིལ་འཁོར་ ཉིད་དུ་བཟུང་། ། འདི་ནི་དམ་ཚིག་དངོས་གྲུབ་ཆེ། ། བདག་ཉིད་ཆེན་པོས་བསླབ་པར་བྱ། ། ལས་ཀྱི་རྡོ་རྗེ་མཉེས་པ་ཡིས། ། ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། ། དབབ་དང་འཁོར་བ་ཉིད་དང་ནི། ། གར་བྱེད་ཆེན་པོ་དེ་བཞིན་དུ། ། དེ་བཞིན་ཐལ་མོ་སྦྱར་ ནས་སུ། ། སྙིང་གར་བཞག་པ་སྙིང་པོར་བཤད། །
BOསྤྱི་བོར་བསྐོར་བར་བྱས་པ་ནི། ། དམ་ཚིག་ཅེས་བྱ་བདག་ཉིད་ཆེ། ། སྟེང་དུ་བསྡིགས་པ་ལས་སུ་འགྱུར། ། མཆོད་པ་མ་ལུས་རབ་སྒྲུབ་བྱེད། ། སྙིང་པོ་ལ་སོགས་འོག་ཏུ་གཟུང་། ། ཆོས་ལ་སོགས་པར་ཡོངས་སུ་ བརྟག ། དེ་ཉིད་བརྐྱང་སྟེ་སྙིང་གར་བཞག ། སྙིང་པོ་ཞེས་སུ་ལེགས་པར་བཤད། ། བསྐོར་བ་དམ་ཚིག་ཞེས་བྱ་སྟེ། ། ལས་ཀྱང་ཐམས་ཅད་དེ་བཞིན་ནོ། ། དེ་ལས་ཐལ་མོ་རྡོ་རྗེ་གཉིས། ། སྟེང་བསྒྲེང་སྙིང་པོ་ལ་སོགས་བཞིན། ། སྔོན་བཤད་ལྷ་མོ་ཐམས་ཅད་ཀྱི། ། གསང་སྔགས་རིག་པར་ཤེས་པར་བྱ། ། གཉིས་སུ་བྱས་ལ་གཡས་མིན་པས། ། བསྒྲུབ་བྱའི་མགྲིན་པ་བཟུང་ནས་སུ། ། མངོན་པར་ཕྱོགས་ཏེ་གཞག་པར་བྱ། ། གཟུགས་ཀྱི་སྙིང་པོ་ཆེས་ཆེ་བའོ། ། དེ་ཉིད་ཁ་ཡི་ཕྱོགས་བཞག་པ། ། སྒྲ་ཡི་སྙིང་པོ་ཡིད་འཕྲོག་པའོ། ། དེ་ ཉིད་ཅུང་ཟད་བསྐུམས་ནས་སུ། ། ལྕེ་ཡི་རྣམ་པས་ཁ་རུ་གཞག ། རོ་མྱང་བ་ཡི་སྦྱོར་བ་ཡིས། ། དེ་ཉིད་ལ་ཡང་རྣམ་པ་བཞི། ། ཕྱག་རྒྱ་སྔགས་པས་ཤེས་པར་བྱ། ། རོ་འཕྲོག་པ་ཡི་ལས་རྣམས་སོ། ། དེ་ནི་གཉིས་སུ་བྱས་ནས་སུ། ། གཡས་པའམ་ནི་གཡོན་པ་ཡིས། ། སྙིང་གར་ལེགས་སྦྱར་སྦྱོར་བདག་གིས། ། རེག་པའི་ཕྱག་རྒྱ་ངོ་མཚར་ཆེ། །
BOའདི་ཡིས་ཆོས་དང་དམ་ཚིག་དང་། ། ལས་ཀྱང་རབ་ཏུ་སྐྱེ་བ་ཡིན། ། ཆོ་ག་ཤེས་པས་རྣལ་འབྱོར་སྦྱར། ། རེག་པས་འབེབས་པའི་མཆོག་ཡིན་ནོ། ། དེ་བཞིན་སྦྱར་བ་སོ་སོར་བྱ། ། གཡོན་པ་རྐེད་པར་ གཞག་པར་བྱ། ། གཡས་པ་ཁ་ཡི་ཕྱོགས་སུ་བཟུང་། ། ཁྲོ་བོའི་ཚུལ་གྱིས་དེ་བཞིན་དུ། ། འདི་ནི་བཞད་ལྡན་ཞེས་བྱ་བའི། ། ཕྱག་རྒྱ་མཆོག་ཏུ་རྨད་བྱུང་བའོ། ། དེའམ་བཀྲོལ་ཏེ་སྔ་མ་བཞིན། ། རྐེད་པ་རུ་ནི་ལེགས་པར་གཞག ། དེ་ལས་ལངས་ཏེ་སླར་ཡང་ཁར། ། མཁས་ པས་དལ་གྱིས་བསྐྱོད་པར་བྱ། ། དེ་གཉིས་སྙིང་གར་ཡོངས་སུ་སྦྱར། ། བསྙེམས་པས་སྡུད་དང་འགྱེད་པར་བྱ། ། ཇི་སྲིད་སྤྱི་བོར་གཏུགས་པ་ཡིས། ། ཆོས་དང་ལ་སོགས་ཀུན་ཏུ་འགྱུར། ། སྙིང་པོ་ལ་སོགས་སྔགས་རིག་པས། ། ཕྱག་རྒྱ་འདི་ཡིས་རྒྱས་བཏབ་ན། ། དངོས་གྲུབ་ཐམས་ཅད་ཐོབ་འགྱུར་ཏེ། ། རྡོ་རྗེ་སེམས་དཔའི་བཀའ་བཞིན་ནོ། ། ཐལ་མོ་མཉམ་པོར་ལེགས་པར་སྦྱར། ། གཡོན་པའི་སྟེང་དུ་དེ་བཞིན་གཞན། ། དེ་དག་སྙིང་གར་བསྒྲེང་བར་བྱ། ། དེ་ནི་ཕན་ཚུན་ཤེས་རབ་ཡིན། ། སྔགས་པ་ཆེན་པོས་སྦྱར་བར་བྱ། ། གཞན་ ནི་སྦྱོར་བས་རྣམ་པར་སྤྲོ། ། འདི་ནི་ཆོས་ཀྱི་ཕ་རོལ་ཏུ། ། འགྲོ་བའི་ཆོས་ཀྱི་མཆོག་ཏུ་བཤད། །
BOདེ་བཞིན་ཐལ་མོ་མཉམ་པོར་སྦྱར། ། སྙིང་གར་གཡོན་པར་གཞག་པར་བྱ། ། འོད་ལྡན་རྡོ་རྗེའི་གདོང་པ་དང་། ། མདོར་བསྡུས་ནས་ནི་སྦྱར་ནས་སུ། ། གཡས་པ་ཐུར་དུ་ འཕྱང་བར་བྱ། ། དེ་བཞིན་སྟེང་བསྟན་མཆོག་སྦྱིན་ནོ། ། མེ་ཏོག་སྙིམ་པ་ཡང་དག་སྦྱར། ། རྡོ་རྗེ་གཉིས་ནི་དབུས་སུ་བཞག ། བཟོད་པ་གཉིས་པོ་དེ་ལ་སྦྱར། ། སྦྱིན་པ་དག་ནི་ཕྱི་རུ་བསྐུམ། ། དེ་ནི་སྟེང་དུ་ལེགས་པར་བཞག ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། ཡིད་ བཞིན་རྒྱལ་པོའི་འབྲས་བུ་སྟེར། ། དེ་ནི་སྦྱོར་བས་སོ་སོར་བྱ། ། གཡོན་པ་སྙིང་གར་ཡོངས་སུ་བཞག ། གཡས་པ་སྤྲོ་བའི་སྦྱོར་བ་ཡིས། ། ཡོངས་སུ་བསྐོར་ཞིང་བསྐོར་ནས་སུ། ། གཡས་པ་རུ་ནི་གཞག་པར་བྱ། ། རྡོ་རྗེ་ཐལ་མོ་བརྐྱང་ནས་སུ། ། རྡོ་རྗེའི་སྟེང་དུ་འོད་མཛེས་ མ། ། ཕྱི་རོལ་བསྐུལ་བའི་སྦྱོར་བ་ཡིས། ། དེ་ཡི་སྟེང་དུ་གདོང་པ་བཞག ། ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། ། བརྩོན་འགྲུས་ཕ་རོལ་ཕྱིན་དགེ་མའོ། ། དེ་བཞིན་ལག་པ་སྟེང་དུ་སྦྱར། ། རྩིབས་མཆོག་རིན་ཆེན་མ་རུ་འགྱུར། ། ལྷག་མའི་བྱ་བ་དེ་ཉིད་ཀྱིས། ། དེ་བཞིན་ ཞག་གཅིག་བསམ་པར་བྱ། ། སྦྱོར་བ་དེ་ཡིས་བཅིང་བ་རུ། ། སྔགས་ཤེས་གཙོ་བོ་སྔགས་པས་བྱ།
BO། རྡོ་རྗེ་ཐལ་མོ་མཉམ་པར་སྦྱར། ། ཁྲོ་མོ་རྡོ་རྗེའི་སྦྱོར་བ་ཡིས། ། སྙིང་གར་བློ་གྲོས་ལྡན་པས་བཟུང་། ། དེ་ནི་ལྕགས་ཀྱུའི་རྣམ་པ་ཡིས། ། བལྟས་ནས་ལུས་ཅན་ འགུགས་པར་བྱེད། ། དེ་ལས་སོར་མོའི་རྩེ་མོ་རྣམས། ། ཅུང་ཟད་བསྣོལ་ཏེ་བརྐྱང་བར་བྱ། ། རྡོ་རྗེ་མཆེ་བ་ལྟ་བུར་བསྒྲེང་། ། ཁ་སྦྱར་སྒྲོལ་བྱེད་ངོ་མཚར་ཆེ། ། རྒྱ་འདི་རྣམས་ཀྱིས་རྒྱས་བཏབ་ན། ། ལས་རྣམས་ཐམས་ཅད་བྱེད་པར་འགྱུར། ། དེ་ལས་ཐལ་མོ་སྦྱར་ ནས་སུ། ། གཟི་བརྗིད་རྡོ་རྗེ་དེ་བཞིན་ནོ། ། དེ་ལྟར་ལྕགས་ཀྱུས་དགུག་པ་སྟེ། ། དེ་ཡི་མཐའ་གདོང་ཞགས་པའོ། ། སོག་ལེའི་ཐལ་མོ་ངེས་པར་ནི། ། འདིར་ནི་ཐོད་པ་ཉིད་དུ་འགྱུར། ། འདི་ནི་གཉིས་པ་ཉིད་ཡིན་ཏེ། ། ལས་ཀུན་གྱི་ནི་དམ་པ་སྒྲུབ། ། དེ་བཞིན་བཅིང་བ་ལེགས་ བཅིངས་ནས། ། རབ་ཏུ་སྦྱིན་པ་བརྐྱང་བར་བྱ། ། གཡས་པ་སྟེང་དུ་བྱས་ནས་སུ། ། བསད་པ་ལྟ་བུར་བཅིང་བར་བྱ། ། འདི་ནི་རྡོ་རྗེ་མདུང་ཐུང་སྟེ། ། སྲིན་པོ་ཐམས་ཅད་ཕྱེ་མར་བྱེད། ། འདིར་ནི་དེ་བཞིན་ཐོད་པ་དང་། ། ཞགས་པ་ལྕགས་ཀྱུ་ཉིད་དང་ཡང་། ། སོག་ལེ་དང་ ནི་གྲི་ཐུང་ནི། ། རྡོ་རྗེ་ཐལ་མོའི་ཆོ་གས་བྱ། ། རྡོ་རྗེ་ཐལ་མོ་སོ་སོར་བྱ། །
BOལག་པ་གཡས་པ་སྟེང་དུ་ནི། ། རིན་ཆེན་ལྟ་བུར་བྱས་ལ་གཟུང་། ། སོར་མོ་ཐམས་ཅད་སྤྲོ་བར་བྱ། ། གཡོན་པའང་དེ་བཞིན་སྤྲོ་བར་བྱ། ། དེ་དག་ཉི་ཟླར་ཤེས་པར་བྱ། ། ཐལ་མོ་བསྒྲེང་སྟེ་ཤེས་རབ་ དང་། ། ལས་ཀྱི་རྡོ་རྗེ་རྩེ་མོ་སྦྱར། ། འདིར་ནི་ལས་རྣམས་ཐམས་ཅད་ཀྱི། ། སྣ་ཚོགས་ལས་མཆོག་སྒྲུབ་པར་བྱེད། ། དེ་བཞིན་དགུག་དང་ཞགས་པ་དང་། ། ཐོད་པ་རྡོ་རྗེ་ཉིད་ཡིན་ནོ། ། དེ་ལས་ཐལ་མོ་ཐོད་པ་ཡི། ། ཕྱག་རྒྱའི་དབུས་སུ་བུ་ག་ནི། ། སྒྲོན་མ་ཅན་ཞེས་ལེགས་ བཤད་དེ། ། འདི་ནི་རྡོ་རྗེ་ངོ་མཚར་ཆེ། ། ཞགས་པ་ལྕགས་ཀྱུ་དེ་བཞིན་དུ། ། སློབ་དཔོན་བློ་གྲོས་ལྡན་པས་ཤེས། ། གཟུངས་རྣམས་དང་ནི་ཐམས་ཅད་ཀྱི། ། སྔར་བཤད་པ་ཡི་ཕྱག་རྒྱ་ཉིད། ། ཐོད་པ་རྡོ་རྗེའང་ཤེས་པར་བྱ། ། ཕན་ཚུན་གཅིག་ལ་གཅིག་ཏུ་ནི། ། ཐམས་ ཅད་གཟུངས་ཀྱི་ཕྱག་རྒྱ་རུ། ། དཀྱིལ་འཁོར་དུ་ནི་རབ་ཏུ་བསྒྲགས། ། འདི་རྣམས་སྦྱོར་བ་ཇི་ལྟ་བར། ། དཀྱིལ་འཁོར་བཞི་ནི་རྟག་པ་རུ། ། རྡོ་རྗེ་སློབ་དཔོན་གྱིས་བྱ་སྟེ། ། ཕྱག་ན་རྡོ་རྗེའི་བཀའ་བཞིན་ནོ། ། འདི་ནི་བཅོམ་ལྡན་རྣལ་འབྱོར་གསུང་། ། ཀུན་བཟང་བདག་ཉིད་ཆེན་ པོ་པ། ། སེམས་ཅན་ཀུན་མཆོག་ལས་ཀྱི་མཆོག །
BOསངས་རྒྱས་མཆོག་གཙོ་མངའ་བདག་ཆེ། ། ཞེས་སོ། ། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་ དག་ཐམས་ཅད་ལ་ཡང་དང་ཡང་དུ་གཟིགས་ཏེ། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཞན་པ་སྤོབས་པ་དམན་པ་ལ་མོས་པར་གཟིགས་ནས་དེ་རྣམས་ལ་བཀའ་བསྒོ་བ། དབང་པོའི་མ་མོ་རྣམས་ཀྱིས་ཤོད། ། རང་རང་གི་ནི་སྒྲུབ་སྣ་ཚོགས། ། དེ་ནས་དེ་རྣམས་ལེགས་ ཚིམ་ནས། ། རྡོ་རྗེ་ཅན་ལ་གསོལ་བ་ནི། ། ཉི་མའི་དཀྱིལ་འཁོར་དབུས་གནས་པར། ། རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། ། དེ་ཡི་སྟེང་དུ་རྡོ་རྗེ་ཆེ། ། རྡོ་རྗེ་ལ་ནི་དང་པོ་མཆོག ། ཉི་མ་གསེར་མདོག་དང་མཚུངས་པར། ། གསང་སྔགས་ཤེས་པས་དེ་བསྒོམ་བྱ། ། རང་གི་ ལུས་ལས་སྤྲོས་ནས་སུ། ། རང་གི་རྣམ་པར་བསམ་པར་བྱ། ། དེ་ནས་སྔགས་བདག་འགྲུབ་པར་འགྱུར། ། སྔགས་ཀྱི་དེ་ཉིད་བདག་པོ་ཆེར། ། ཀུན་ཏུ་འགྲོ་བ་སྣ་ཚོགས་ཆེ། ། རྡོ་རྗེ་སེམས་དཔའ་འདྲ་བ་གཞན། ། གཉིས་པའི་དེ་ཉིད་བསྒོམ་པ་ནི། ། དཀྱིལ་འཁོར་པདྨ་ལས་བྱུང་ བ། ། དམར་པོའི་གོས་ལ་གཟི་བརྗིད་ཆེ། ། འབར་བ་དག་ནི་མེ་དང་མཚུངས། །
BOརང་ལས་སྤྲོ་བྱ་ཐམས་ཅད་དུ། ། འཇིག་རྟེན་དབང་ཕྱུག་ལྟ་བུར་འགྱུར། ། དཀྱིལ་འཁོར་དབང་ཆེན་གཞག་པར་བྱ། ། དཀྱིལ་འཁོར་ལ་ནི་ཆེར་དགེ་མ། ། དང་པོའི་ལྷ་མོ་དྲོད་དང་ལྡན། ། རང་གི་ལུས་ལ་ངེས་པར་ཁྱབ། ། བསྡུས་ནས་བདག་དང་འདྲ་བའི་བདག ། ཡིད་བཞིན་ནོར་བུའི་སྣང་བར་འགྱུར། ། རླུང་གི་དཀྱིལ་འཁོར་དབུས་སོན་པར། ། འགྲོ་བའི་སྒོ་གཏན་ལྷ་མོ་ནི། ། རང་ལུས་ལུས་ལྡན་ཐམས་ཅད་དུ། ། ལྗང་གུ་དང་ནི་ལྗང་སེར་མ། ། ལས་ཀུན་སྒྲུབ་པའི་ དམ་པ་ཡིས། ། རྡོ་རྗེ་འཛིན་པ་དཔལ་ལྡན་འགྱུར། ། མ་མོ་བཞི་དང་ཡང་དག་ལྡན། ། ཤེས་རབ་ཡེ་ཤེས་དམ་པ་གནས། ། དཀྱིལ་འཁོར་ཀུན་གྱི་དམ་པ་རུ། ། མཁས་པ་ཡིས་ནི་བསྒོམ་པར་བྱ། ། ཀུན་གྱི་བདག་པོ་དཔལ་དང་ལྡན། ། ཀུན་བཟང་མངའ་བདག་ཆེན་པོར་འགྱུར། ། བསམ་གཏན་དཀྱིལ་འཁོར་སྦྱོར་བ་ཡིས། ། ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ། ། ཆོས་ཀྱི་ཡི་གེ་ཡང་དག་སྦྱར། ། ལྷ་མིན་བདག་པོར་བདག་འགྱུར་རོ། ། ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ། གསང་བ་རྒྱན་གྱི་བཀོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་ པོ་ལས།
BOདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་གྱི་ཕྱག་རྒྱའི་ཡེ་ཤེས་མཆོག་གི་དཀྱིལ་འཁོར་ཡོངས་སུ་རྫོགས་སོ། ། ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་འཁོར་དང་བཅས་པ་རྣམས་སླར་ཡང་འདུས་པར་གྱུར་ ཏེ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ལ་གླུ་དབྱངས་ཀྱི་རྒྱལ་པོ་འདིས་གསོལ་བ་བཏབ་པ། ཐམས་ཅད་ཁྱབ་པའི་ཡེ་ཤེས་ཆེ། ། མཁའ་ལ་རླུང་ལྟར་ཆེར་གཤེགས་པ། ། ཡབ་ཀྱི་ཕྱག་རྒྱའི་ཡེ་ཤེས་བཟང་། ། ཀུན་མཆོག་དམ་པས་བཤད་དུ་གསོལ། ། དེ་ནས་བཅོམ་ ལྡན་འདས་ཀུན་ཏུ་བཟང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་པོ་མཆོག་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡེ་ཤེས་ཆེན་པོའི་ཕྱག་རྒྱ་དང་དཀྱིལ་འཁོར་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྒྱས་པ་ལས་ངེས་པར་ཕྱུང་ངོ་། ། དབུས་སུ་ཉི་མ་ཆེན་ པོ་ནི། ། ཧཱུྃ་ཡིག་སྦྱོར་བས་བསམ་པར་བྱ། ། སོར་མོ་ཀུན་གྱི་རྩེ་གནས་སུ། ། ས་བོན་ལྔ་ཡི་ཡབ་དགོད་བྱ། ། ཚིགས་ཀྱི་ནང་ནི་ཐམས་ཅད་དུ། ། ཡི་གེ་ཐམས་ཅད་རྣམ་པར་བསམ། ། ཉི་མའི་དཀྱིལ་འཁོར་དག་ལ་ནི། ། བཟང་པོ་ཐམས་ཅད་རྣམ་བསམ་བྱ། ། འཁོར་ལོ་ཆེན་པོ་ ཕྱག་རྒྱའི་ཚུལ། །
BOལག་པ་གཡོན་པར་བསམ་པར་བྱ། ། དེ་ཡི་དབུས་སུ་ཤེས་རབ་ཆེ། ། དེ་བཞིན་གཞན་ཡང་དགོད་པར་བྱ། ། དེ་ནས་སྤྲོ་བའི་དེ་ཉིད་ནི། ། གསང་སྔགས་འདི་ཡིས་སྦྱར་བར་བྱ། ། ཨོཾ་པྲཛྙོ་པཱ་ཡས་མ་ཡོ་གེ་ཧཱུྃ་ཨ། དེ་ནས་ཕན་ཚུན་སྦྱར་བྱས་ནས། ། རྡོ་རྗེ་ཐལ་ མོར་རབ་ཏུ་གནས། ། རྡོ་རྗེ་བསྡམས་པར་བྱས་ནས་སུ། ། རྡོ་རྗེ་བསྡམས་པར་རྣམ་པར་བསམ། ། དེ་ནས་ཤེས་རབ་ཆེ་བསྒྲེང་སྟེ། ། རྩེ་མོ་ཅུང་ཟད་བསྐུམ་པར་བྱ། ། འདོད་པའི་དབང་ཕྱུག་སྙིང་པོར་འགྱུར། ། སྙིང་གར་བཞག་ན་སྙིང་པོ་འགྲུབ། ། དེ་ཉིད་བསྡིགས་པའི་སྦྱོར་བ་ཡིས། ། ལས་ཀྱི་མཆོག་ཏུ་འགྱུར་བ་ཡིན། ། དེ་ཉིད་སྙིང་གར་བསྡམས་པ་ནི། ། ཕྱག་རྒྱ་ཆེན་པོ་ཞེས་སུ་གྲགས། ། ཐམས་ཅད་ཀྱིས་ཀྱང་མདོར་བསྡུས་པའི། ། ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། ། དེ་བཞིན་ལེགས་པར་བཅིང་བར་བྱ། ། སྦྱིན་པའི་ཕ་རོལ་ཕྱིན་པ་གཉིས། ། ཕྱི་ཡི་ རྒྱབ་ཏུ་བསྐུམ་པར་བྱ། ། མཁའ་འགྲོའི་དབང་ཕྱུག་སྙིང་དགའ་བའོ། ། ཤེས་རབ་དག་ནི་དེ་བཞིན་སྦྱར། ། དམ་ཚིག་ཅེས་པར་རབ་ཏུ་གྲགས། ། ལྷག་མ་རྣམ་པར་སྤྲོ་བར་བྱ། ། ལས་ཀྱི་གནས་འཁོད་ཆེན་པོར་གྲགས། ། ཤེས་རབ་དག་ནི་ཟུམ་ཚུལ་གྱིས། །
BOདྲི་ཡི་དབང་ ཕྱུག་རབ་དགྱེས་པའོ། ། བཟོད་དང་བརྩོན་འགྲུས་གདོང་པ་གཉིས། ། ལོ་མའི་ཚུལ་དུ་བརྐྱང་བར་བྱ། ། དམ་ཚིག་སྒྲུབ་པ་སྟེར་བར་བཤད། ། འདི་ལས་རྩེ་མོ་རྣམ་ཕྱེ་བ། ། ལས་ཀུན་བྱེད་པ་ཞེས་བཤད་དེ། ། རེ་བ་ཐམས་ཅད་རྫོགས་པར་བྱེད། ། དེ་ཉིད་རྩེ་མོར་སྙིང་གར་སྦྱར། ། བདག་ཉིད་ཆེན་པོའི་ཕྱག་རྒྱ་མཆོག ། རྒྱལ་པོ་མཆོག་ལྟའི་རྒྱལ་པོ་རུ། ། འདི་ཡིས་མྱུར་དུ་འགྲུབ་པར་འགྱུར། ། རྡོ་རྗེ་བསྡམས་པས་ཤེས་རབ་མགོ། ། དྲིལ་བུའི་དམ་པ་སྙིང་པོ་མཆོག ། བཟོད་དང་བརྩོན་འགྲུས་གདོང་སྦྱར་བ། ། དམ་ཚིག་མཉམ་པ་ཉིད་དུ་གནས། ། ཅུང་ ཟད་གདོང་པ་བསྐུམ་པར་བྱ། ། ལས་བྱེད་པ་ཡི་མཆོག་ཏུ་འགྱུར། ། གདོང་པ་ལེགས་པར་བརྐྱང་ནས་སུ། ། སྟེང་དུ་ཤེས་རབ་རྩེ་མོ་གཅིག ། འདི་ནི་ཆེན་པོར་ཤེས་བྱ་སྟེ། ། དབང་ཕྱུག་ཐམས་ཅད་བྱེད་པའི་མཆོག ། སྣ་ཚོགས་བྱེད་པ་མཆོག་གི་མཆོག ། འདི་ཡིས་མྱུར་དུ་ འགྲུབ་པར་འགྱུར། ། རང་གི་བསྡམས་ལས་ཤེས་རབ་བསྒྲེང་། ། རྡོ་རྗེ་སྲ་བའི་ཆོས་དང་ལྡན། ། གདོང་པ་ཕྱེ་སྟེ་རིན་པོ་ཆེ། ། འདི་ནི་དམ་ཚིག་ལྡན་པའི་མཆོག ། དེ་གཉིས་དེ་བཞིན་རྣམ་པར་གཞག ། སྦྱིན་པའི་ཕ་རོལ་ཕྱིན་དགེ་དག །
BOརབ་བརྐྱང་བཞི་ཡི་སེམས་དཔའ་ཡི། ། ལས་རྣམས་ཐམས་ཅད་བྱེད་པར་བཤད། ། དེ་བཞིན་ཚུལ་ཁྲིམས་ཕ་རོལ་ཕྱིན། ། འདི་ནི་ཆེན་པོ་དམ་པའོ། ། བསྡམས་ལས་བཟོད་དང་བརྩོན་འགྲུས་དག ། ལེགས་པར་བརྐྱང་སྟེ་བསྟོད་པ་ནི། ། སྙིང་པོའི་ཟླ་བ་ལྟར་བཅིངས་པ། ། དམ་ཚིག་འོད་ཟེར་འཕྲོ་བའོ། ། ཕན་ཚུན་ གྱི་ནི་གདོང་སྦྱར་བ། ། འདི་ནི་ལས་བྱེད་དམ་པ་སྟེ། ། ལྷག་མ་ཁུ་ཚུར་ལྟར་བྱས་པ། ། ཕྱག་རྒྱ་ཆེན་པོ་ཞེས་སུ་འགྲུབ། ། རྡོ་རྗེ་བསྡམས་པ་ལེགས་པར་བཅིང་། ། རྩེ་མོའི་རྣམ་པར་སྦྱར་བར་བྱ། ། ཤེས་རབ་འབའ་ཞིག་རྩེ་མོར་བྱ། ། ལྷག་མ་དག་ནི་དེ་བཞིན་ནོ། ། ལྷག་མ་བསྡམས་ཏེ་གཞུག་པར་བྱ། ། སྙིང་པོ་ཆོས་ནི་བྱེད་པའི་མཆོག ། ཁུ་ཚུར་གཡོན་པ་གཡོན་དུ་བཟུང་། ། རྡོ་རྗེ་རྡོ་རྗེ་ཅན་གྱིས་བརྐྱང་། ། གཡས་པའི་སྦྱིན་པ་བརྐྱང་ནས་ནི། ། རྣ་བའི་རྩ་བར་དགུག་པར་བྱ། ། འདི་ནི་ལས་བྱེད་ཤེས་བྱ་སྟེ། ། སངས་རྒྱས་བྱང་ཆུབ་རབ་སྒྲུབ་ བྱེད། ། རྡོ་རྗེ་བསྡམས་པ་བརྐྱང་ནས་སུ། ། སྙིང་གར་འཁོར་ལོའི་ཚུལ་དུ་བྱ། ། གཡས་པའི་རྩེ་རྨོ་ལྕགས་ཀྱུར་བྱ། ། སྦྱིན་པ་སྦྱིན་པའི་ཕ་རོལ་སོན། ། དེ་བཞིན་བཅིང་བ་ལེགས་བསྡམ་བྱ། །
BOགཉིས་ཀ་དེ་བཞིན་ལྕགས་ཀྱུ་སྟེ། ། དེ་ལྟར་འོག་མ་བཅུག་ནས་སུ། ། སྙིང་གར་བཞག་ པ་ལས་རྗེས་འབྲང་། ། དེ་ཉིད་དགུག་པར་སྦྱོར་བ་ནི། ། ཐམས་ཅད་དགུག་པ་རབ་ཏུ་འགྲུབ། ། དེ་བཞིན་སྦྱིན་པ་བསྐུམས་ནས་སུ། ། ཡང་དང་ཡང་དུ་བརྐྱང་བར་བྱ། ། སྙིང་གར་བསྐོར་བ་ཞེས་སུ་བཤད། ། དེ་ཉིད་འོག་ཏུ་བསྟན་པ་ནི། ། དམ་ཚིག་ཅན་ཞེས་རབ་ཏུ་གྲགས། ། རྡོ་རྗེ་ཆོས་སུ་བཤད་པ་སྟེ། ། ཁ་རུ་གཡོ་བར་བྱེད་པ་མཆོག ། ལས་ལས་རྣམ་པར་ཚིམ་ཞེས་བྱ། ། ལས་ཀུན་བྱེད་པའི་དམ་པ་སྟེར། ། ལག་པ་བཅིངས་པ་ལས་བགྲོལ་ཏེ། ། ཤེས་རབ་མཛོད་དུ་རབ་ཏུ་བརྟག ། འདི་ནི་དམ་ཚིག་ཆེར་མཛེས་པ། ། དེ་ཕྱིར་དེ་ལྟར་ཆོས་མཛད་དོ། ། གཡས་པས་རབ་ཏུ་བསྒྲིམས་པ་ནི། ། མི་སྣང་མཛོད་དེ་དེས་ན་ལས། ། རིན་ཆེན་པདྨ་ལྡན་པའི་གདོང་། ། སྙིང་གར་བཞག་པ་སྙིང་པོར་འགྱུར། ། བསྡམས་ནས་གོ་ཆར་བྱས་ནས་སུ། ། བསྐོར་བ་དམ་ཚིག་ཅེས་སུ་འདོད། ། འཁྱུད་པ་ཆོས་ལྡན་ཞེས་སུ་གྲགས། ། བསྣུན་པ་ལས་ བྱེད་པ་རུ་བརྗོད། ། བསྡམས་ལས་ཉི་མ་རྣམ་པར་སྤྲོ། ། བསྐོར་བ་དམ་ཚིག་མཆོག་ཡིན་ནོ། ། ལག་པའི་མཐའ་མ་ཆོས་ཆེན་པོ། ། ཀུན་སྡུད་ལས་ཀུན་བྱེད་པའོ། ། བསྡམས་ལས་སྦྱིན་པ་བསྒྲེང་བར་བྱ། །
BOརྩེ་མོ་གསུམ་བྱ་གནས་མཛེས་པའོ། ། དེ་ཉིད་སྟེང་དུ་བསྐོར་ནས་སུ། ། སྤྲོས་པས་ཆོས་སྒྲུབ་བྱེད་པའོ། ། རྡོ་རྗེ་བ་རུ་སྦྱར་བ་ལས། ། དབང་བསྐུར་དམ་པ་སྒྲུབ་པར་བྱེད། ། དེ་ཉིད་སྟེང་དུ་སྤྲོ་བ་ནི། ། ལས་ཀུན་བྱེད་པའི་མཆོག་ཡིན་ནོ། ། སྙིང་གར་ལེགས་བཟུང་སྙིང་པོ་སྟེ། ། མཛོད་སྤུར་བཞག་པ་དམ་ཚིག་མཆོག ། ཁར་བཞག་པ་ནི་ཆོས་ཤེས་བྱ། ། ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། ། འདི་ནི་བཅོམ་ལྡན་རྡོ་རྗེ་ཅན། ། རེ་བ་ཀུན་རྫོགས་མཛད་པས་གསུངས། ། རྡོ་རྗེ་བསྡམས་པ་རྣམ་པར་བཅིངས། ། པདྨའི་རྣམ་པ་མཆོག་ཏུ་བྱ། ། སྟེར་བྱེད་པ་ནི་མིག་ལྟར་བྱ། ། སྙིང་གར་བཞག་པ་ཀུན་མཆོག་འགྲུབ། ། དེ་ཉིད་མིག་བཞག་ ལས་ཡིན་ནོ། ། བཞད་པས་ཆོས་དེ་དམ་པའི་ཆོས། ། དམ་ཚིག་གསང་བའི་མིག་ཡིན་ཏེ། ། པདྨའི་མཛོད་ལ་རབ་ཏུ་གནས། ། ཐལ་མོ་ཡང་དག་སྦྱར་བ་ནི། ། སྙིང་པོ་མཆོག་ཏུ་རྨད་བྱུང་བའོ། ། ཁ་ནི་ཅུང་ཟད་ཕྱེ་བ་ནི། ། དམ་ཚིག་མཆོག་གི་མཆོག་ཡིན་ནོ། ། སྙིང་གར་ཤིན་ཏུ་ གསལ་ཕྱེ་བ། ། མ་ལུས་ལས་ནི་རབ་ཏུ་སྒྲུབ། ། རྡོ་རྗེའི་ནང་དུ་པདྨ་ནི། ། ཆོས་ཏེ་མཆོག་ཏུ་རྨད་བྱུང་བའོ། ། འདི་རྣམས་ཀྱིས་ནི་མྱུར་འགྲུབ་སྟེ། །
BOསྔགས་པས་སྔགས་ཀྱིས་བསྐུལ་བས་སོ། ། དེ་བཞིན་འཆིང་བ་ལེགས་བཅིངས་ཏེ། ། སྙིང་གར་འཁོར་ལོ་ཉིད་དུ་བྱ། ། འཁོར་ལོ་གསུམ་ པ་ཉིད་དུ་འགྱུར། ། རྩིབས་བཞེས་ལེགས་བརྒྱན་ཆོས་སུ་བལྟ། ། བསྐོར་བ་ལས་ཀྱི་རྡོ་རྗེའོ། ། འདི་རྣམས་ཇི་ལྟ་བཞིན་སྦྱར་ན། ། གྲུབ་པའི་དམ་པ་འགྲུབ་པར་འགྱུར། ། རྡོ་རྗེ་བསྡམས་པ་ལེགས་བསྒྲེང་སྟེ། ། ཤེས་རབ་མྱུ་གུ་དག་ཏུ་བྱ། ། སྦྱིན་པ་རིན་ཆེན་ལྟར་བྱས་པ། ། སེམས་ དཔའི་གནས་སུ་ངེས་པར་སྦྱར། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། ། སྙིང་གར་ཆོས་ཀྱི་དམ་ཚིག་དང་། ། སྙིང་པོ་རིག་སྔགས་ལེགས་པར་སྦྱར། ། དེ་བཞིན་ཤེས་རབ་གཉིས་པོ་སྒྲེང་། ། འོག་གི་འཁྲུག་པ་དེ་བཞིན་ནོ། ། མཐེ་ཆུང་བཟང་ པོའི་ཁ་སྦྱར་བ། ། ཀུན་གོང་རྡོ་རྗེ་ལྡན་པར་བྱ། ། གནས་ནི་བཞི་ཡི་སྦྱོར་བ་ཡིས། ། ཕྱག་རྒྱ་བཞི་ནི་རབ་ཏུ་འགྲུབ། ། སྤྱི་བོར་ལས་སུ་བཤད་པ་སྟེ། ། སྙིང་གར་སྙིང་པོ་བརྟག་པར་བྱ། ། བསྐོར་བ་ཡིས་ནི་དམ་ཚིག་སྟེ། ། ངག་གིས་ཀུན་བསྐུལ་ཆོས་ཡིན་ཏེ། ། བཅོམ་ལྡན་རྡོ་རྗེ་ཅན་ གྱིས་གསུངས། ། བཅིངས་ནས་ཤེས་རབ་དག་ནི་བསྒྲེང་། ། འོད་ལྡན་དག་ནི་རྩ་བར་སྦྱར། །
BOའདི་ནི་དང་པོར་ཤེས་པར་བྱ། ། ཐམས་ཅད་ནས་ནི་ཐམས་ཅད་འགྲོ། ། བཅིངས་ལས་དེ་བཞིན་ཤེས་རབ་ཅིག ། རྩེ་མོ་མཆེ་བ་གདུག་ཡིད་འཕྲོག ། དེ་བཞིན་དུ་ནི་འདི་ སྦྱར་བས། ། ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། ། གསང་བའི་བཅིང་བ་ལེགས་བཅིངས་ཏེ། ། རྡོ་རྗེ་ནང་དུ་དེ་བཞིན་ནོ། ། སྙིང་གར་རྣལ་འབྱོར་པ་ཡིས་སྦྱར། ། ཇི་སྙེད་ལས་ཀྱི་མིང་བཟང་པོ། ། རྡོ་རྗེ་རབ་{བརྐྱང་མ,རྐྱང་མ}གྲིན་པར་གཟུང་། ། ཀུན་ཏུ་བསྐོར་བ་རབ་ཏུ་བྱ། ། འདི་ཡིས་ ལས་རྣམས་ཐམས་ཅད་ནི། ། བྱེད་འགྱུར་བསྲུང་སོགས་གོ་འཕང་བཟང་། ། ལྷག་མ་ཆོ་ག་བཞིན་རྣལ་འབྱོར། ། རྣལ་འབྱོར་དེ་ཉིད་རབ་ཏུ་སྦྱར། ། ཕྱག་རྒྱ་རྟགས་དང་མི་རྣམས་ནི། ། ལྷ་རྣམས་ཀུན་ལ་སྦྱར་བར་བྱ། ། འདི་ནི་བཅོམ་ལྡན་རྣལ་འབྱོར་ཆེའི། ། དབང་ཕྱུག་དཔལ་རྡོར་སེམས་དཔས་ གསུངས། ། དེ་ནས་དེ་རྣམས་ལེགས་ཚིམ་ནས། ། ཕྱག་འཚལ་ནས་ནི་ཐལ་སྦྱར་ཏེ། ། ཞུ་བ་རྡོ་རྗེ་བླ་ན་མེད། ། དཔའ་བོ་རྡོ་རྗེ་ཅན་ལ་ཞུས། ། ཡོངས་སུ་རྟོག་པ་ཀུན་སྤངས་པའི། ། སངས་རྒྱས་རྣམས་ནི་རང་བྱུང་ལ། ། ཡབ་དང་ཡུམ་ནི་བླ་ན་མེད། ། ཅི་ཕྱིར་འདི་དག་བརྟག་པ་ ལགས། ། འཁོར་བ་ལས་ནི་ལེགས་པ་ཡི། །
BOསངས་རྒྱས་ཇི་ལྟར་འབྱུང་བ་ལགས། ། གྲོང་གི་ཆོས་ནི་བསྟེན་པ་ལས། ། ཇི་ལྟར་ཐར་པ་རབ་ཏུ་འགྲུབ། ། གང་དུ་རྣལ་འབྱོར་པ་གྲོལ་འགྱུར། ། གང་ན་འཆི་བ་རབ་ཏུ་གནས། ། གང་གིས་རྣལ་འབྱོར་པ་རབ་འགྲུབ། ། གང་ལས་རྣལ་ འབྱོར་པ་ཞེས་བགྱི། ། གསང་སྔགས་ཇི་ལྟར་གསང་སྔགས་ལགས། ། སྙིང་པོ་ཞེས་བྱའི་སྙིང་པོ་གང་། ། ཕྱག་རྒྱས་གང་ཕྱིར་ཕྱག་རྒྱར་འགྱུར། ། རིག་སྔགས་རིག་པ་ཇི་ལྟར་ལགས། ། ཇི་ལྟར་ལྷ་རྣམས་དགུག་པ་དང་། ། གཞུག་པ་རྣལ་འབྱོར་པ་ཡས་བགྱིད། ། རྣམ་པར་གྲོལ་ རྣམས་བཅིང་བ་དང་། ། མཉེས་དང་བསྐུལ་བ་དེ་བཞིན་དུ། ། ཇི་ལྟར་གཉིས་སུ་མེད་འགྱུར་ཞིང་། ། ཙུམ་པ་འཁྱུད་པ་ཉིད་དང་ཡང་། ། མཐོང་ནས་རྗེས་སུ་ཆགས་པ་དང་། ། ལག་པའི་དགོས་པ་ཇི་སྙེད་པས། ། ཕྱག་རྒྱ་ཇི་ལྟར་འགྲུབ་པར་འགྱུར། ། གར་དང་གླུ་དང་ཆེར་དགོད་པ། ། སྒེག་དང་སྨྲ་བ་ཇི་ལྟར་ལགས། ། གཟུགས་དང་སྒྲ་དང་དེ་བཞིན་དྲི། ། གཙོ་བོ་རོ་དང་རེག་པར་འགྱུར། ། མེ་ཏོག་བདུག་པ་མཆོག་དང་དྲི། ། མར་མེ་གསལ་བ་མཆོག་གང་ལགས། ། མཆོད་པ་ཐམས་ཅད་ཇི་ལྟར་འགྲུབ། ། ཇི་ལྟར་མཆོད་པས་འགྲུབ་པར་འགྱུར། ། རྒྱལ་བས་ཞུ་ བ་འདི་དག་གིས། ། ཕྲེང་བ་རྡོ་རྗེ་ཅན་ལ་ཞུས། །
BOཞེས་སོ། ། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོས་ཞུ་བ་ཐམས་ཅད་རྣམ་པར་དཔྱོད་པ་ལོངས་སྤྱོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞུ་བ་རྒྱས་པ་འདི་དག་ཕྱུང་ ངོ་། ། ཤེས་རབ་ཡུམ་དུ་ལེགས་བཤད་དེ། ། ཡབ་ནི་ཐབས་ལ་མཁས་པའོ། ། འདི་ནི་བསྟེན་པ་ཉིད་ཀྱིས་ནི། ། གྲོང་ལས་ཐར་པ་རབ་ཏུ་འགྲུབ། ། བག་ཆགས་སྦྱོར་བ་དང་ལྡན་པས། ། གཉི་ག་དག་ནི་གདོན་ཡིན་ཏེ། ། གྲོལ་དང་མ་གྲོལ་ཞེས་སུ་བཤད། ། དེ་ནི་རྣལ་འབྱོར་པ་རུ་ བརྗོད། ། གསང་སྔགས་ཡིད་དུ་བཤད་པ་སྟེ། ། སྙིང་པོ་ཡང་ནི་དེ་བཞིན་ནོ། ། ཡིད་ལ་རྣམ་པར་གཞག་ན་ནི། ། གསང་སྔགས་མཁས་པས་འགྲུབ་པར་འགྱུར། ། ཐར་པ་ཆོས་ཀྱི་རྒྱ་མཚོ་ཡིན། ། ལྷ་རྣམས་གང་ལ་རྒྱས་བཏབ་པའི། ། ཕྱག་རྒྱ་འདི་ཡིས་འགྲུབ་འགྱུར་ཏེ། ། དངོས་ གྲུབ་བདེ་བ་བླ་ན་མེད། ། རིག་སྔགས་ཡེ་ཤེས་མ་ལུས་ཏེ། ། རིག་སྔགས་ཕ་རོལ་ཕྱིན་པར་བཤད། ། དེ་ཤེས་པ་ནི་འགྲུབ་འགྱུར་ཏེ། ། གྲུབ་ནས་བདེ་བ་རྣམ་པ་གསུམ། ། ཤེས་རབ་ལ་ནི་ཤེས་རབ་ནི། ། གཞུག་དང་དགུག་པ་དེ་བཞིན་ནོ། ། གཤེགས་སུ་གསོལ་བ་བཏང་བར་ ཤེས། ། བཅིངས་པ་བརྟན་པར་བྱེད་པའོ། །
BOམཉེས་པ་ཡིས་ནི་ལེགས་ཚིམ་ཡིན། ། བསྐུལ་བ་འཕྲོ་བ་ཉིད་དུ་བཤད། ། བསམ་པ་གཅིག་ཏུ་གྱུར་པ་ནི། ། གཉིས་སུ་མེད་པ་ཞེས་སུ་བརྟགས། ། རོ་གཅིག་དེ་ཉིད་བཤད་པ་ནི། ། འཇིག་རྟེན་པ་ཡི་ལྷ་རུ་བརྗོད། ། ཙུམ་པ་རྡོ་རྗེ་ རྣལ་འབྱོར་ཏེ། ། རྡོ་རྗེ་ཡེ་ཤེས་ཞེས་སུ་བཤད། ། ཤེས་དང་མི་ཤེས་མཉམ་སྦྱོར་བས། ། རྡོ་རྗེའི་ཡེ་ཤེས་ཞེས་བཤད་དོ། ། ཤེས་དང་མི་ཤེས་མཉམ་སྦྱོར་བས། ། ཙུམ་པ་ན་ཞེས་ངེས་པར་བཤད། ། གནས་པས་རྟགས་ཞེས་བཤད་པ་སྟེ། ། རྟགས་ནི་ལུས་ཞེས་བརྗོད་པ་ ཡིན། ། དེ་ཡི་འཁྱུད་པ་རེག་པར་ཤེས། ། ཆགས་པ་མཐོང་བའི་ཕྱག་རྒྱའོ། ། ལག་པའི་འོད་རྣམས་ལྷ་མོ་སྟེ། ། རྡོ་རྗེ་པདྨ་མཉམ་བགྲོད་པའོ། ། ཕྱག་རྒྱ་འདི་ལས་ཕྱག་རྒྱ་སྟེ། ། ལག་པའི་དགོད་པའི་སྦྱོར་བས་སོ། ། གར་དང་གླུ་སོགས་རྣམས་ཀྱིས་ནི། ། ལྷ་རྣམས་ ཐམས་ཅད་མཉེས་པར་འགྱུར། ། འདི་རྣམས་ཀྱིས་ནི་སངས་རྒྱས་རྣམས། ། མཆོད་ན་དངོས་གྲུབ་ཐམས་ཅད་སྟེར། ། ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ། གསང་བ་རྒྱན་གྱི་བཀོད་པའི་རྒྱུད་ཆེན་པོ་ལས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ རྒྱལ་པོ་ཡོངས་སུ་རྫོགས་སོ། ། ། །
BOདེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྣམས་ཀྱིས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་དང་མཆོད་པའི་ལན་དང་། ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང་། གར་དང་གར་གྱི་ལན་དང་། གླུ་དང་གླུའི་ ལན་དང་། སིལ་སྙན་དང་སིལ་སྙན་གྱི་ལན་དང་། རྣམ་འགྱུར་དང་རྣམ་འགྱུར་གྱི་ལན་དང་། དབྲོག་པ་དང་དགུག་པའི་ལན་དང་། བརྡ་དང་བརྡའི་ལན་དང་། བྲི་བ་དང་བྲི་བའི་ལན་དང་། བལྟ་བ་དང་བལྟ་བའི་ལན་དང་། དམ་ཚིག་དང་དམ་ཚིག་གི་ལན་དང་། དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་ལན་དང་། གསང་བ་དང་གསང་བའི་ལན་དང་། གསང་ཆེན་དང་གསང་ཆེན་གྱི་ལན་དང་། དེ་ཁོ་ན་ཉིད་དང་དེ་ཁོ་ན་ཉིད་ཀྱི་ལན་ལ་སོགས་པ་རྣམས་དང་། གླུའི་རྒྱལ་པོ་འདིས་གསོལ་བ་བཏབ་པར་གྱུར་ཏོ། ། སངས་རྒྱས་སེམས་ཅན་ཀུན་གྱི་དོན། ། ཡེ་ཤེས་ཀུན་དོན་ཐམས་ཅད་མཛད། ། ཐམས་ ཅད་ཁྱབ་པ་སེམས་ཅན་དོན། ། གཉིས་དང་གཉིས་མེད་ཕྱག་འཚལ་བསྟོད། ། འདི་དག་ཐམས་ཅད་གསུང་དུ་གསོལ། ། སྒྲུབ་པ་པོ་ལ་ཕན་དགྱེས་པས། ། སྒྲུབ་པ་དངོས་གྲུབ་དག་དགའ་བ། ། གང་གིས་དངོས་གྲུབ་འགྲུབ་འགྱུར་བ། །
BOདེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལྟ་བ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། མེ་ཏོག་བདུག་པ་དྲི་ཞིམ་དང་། ། གོས་བཟང་རྒྱན་དང་བཟའ་བ་དང་། ། བཏུང་དང་རོ་དང་སྒྲོན་མ་གསལ། ། མལ་ཁྲི་སྟན་དག་ཡིད་འོང་བ། ། འདི་ ཡིས་སངས་རྒྱས་ཐམས་ཅད་མཆོད། ། ཡིད་ནི་བདེ་བར་གནས་པར་བྱེད། ། སློབ་དཔོན་རྡོ་རྗེ་ཅན་དང་ནི། ། ཁྱད་པར་དུ་ནི་སྒྲུབ་པོས་བྱ། ། དགོད་དང་སྒེག་དང་དེ་བཞིན་གླུ། ། སིལ་སྙན་གར་ནི་རབ་དགའ་བ། ། མཆོད་པའི་ལན་ཏེ་ཤིན་ཏུ་ནི། ། སངས་རྒྱས་ཕྱག་རྒྱས་འགྲུབ་པར་འགྱུར། ། གཟུགས་དང་སྒྲ་དང་དེ་བཞིན་དྲི། ། རོ་དང་རེག་པ་ཡིད་འོང་བ། ། འདི་ནི་མཆོད་པའི་ལན་དུ་འགྲུབ། ། སངས་རྒྱས་བྱང་ཆུབ་བདེ་བ་ཆེ། ། ཕྱག་རྒྱ་སྐྱེས་བུའི་རྣམ་པ་སྟེ། ། ཕྱག་རྒྱའི་ལན་ནི་རང་གཟུགས་ཏེ། ། གཉིས་པ་ཕྱག་རྒྱ་ཆེན་པོ་སྟེ། ། ཕྱག་རྒྱའི་ལན་ནི་ལས་བཟང་ཅན། ། ཕྱག་རྒྱ་རང་གི་བདག་པོར་ཤེས། ། ཕྱག་རྒྱའི་ལན་ནི་སྒྲུབ་པ་པོ། ། ཇི་སྲིད་དབྱེ་བ་སྟོང་ཕྲག་ནི། ། དབྱེ་བའི་གཞི་རུ་བརྟག་པར་བྱ། ། ཞེས་སོ། ། གར་ནི་གར་གྱི་སྦྱོར་བ་ཡིས། །
BOགར་གྱི་ལན་ནི་གར་མཁན་མའོ། ། ཇི་སྲིད་དབྱེ་བ་སྟོང་ཕྲག་ཀྱང་། ། དབྱེ་བ་བཞི་རུ་བརྟག་པར་བྱ། ། ཀུན་ ཏུ་བཟང་པོ་ལ་བརྟེན་ནས། ། ཇི་སྲིད་ལས་ཀྱི་རྗེས་འབྲང་བའོ། ། ལས་ཀྱི་སྦྱོར་ལ་ཡང་དག་བསྟེན། ། ཇི་སྲིད་བཟང་པོའི་རྗེས་འབྲང་བའོ། ། བླ་འོག་ཡང་དག་བསྐྱོད་པ་ཡིས། ། གར་དང་སྟེང་གི་གར་བསྐོར་བ། ། རྟོག་པའི་སྦྱོར་བས་བརྟག་པར་བྱ། ། རྟོག་པ་ཡིས་ནི་རབ་ཏུ་གསུང་། ། ཇི་ལྟའི་སིལ་སྙན་རྡུང་སྤྱད་ནི། ། རྡུང་བའི་བདག་ཉིད་ཅན་གྱིས་དཀྲོལ། ། དེ་ལས་བྱུང་བའི་སིལ་སྙན་ལན། ། གསིལ་བས་སིལ་སྙན་ཉིད་དུ་བརྗོད། ། སྔགས་ཀྱི་ཡི་གེའི་ཆོ་ག་སྦྱར། ། ཇི་སྲིད་ལས་མཆོག་སྤྱོད་ཡུལ་བ། ། དེ་ནས་སྦྱོར་བས་འཐོན་ནས་སུ། ། ཀུན་ཏུ་བཟང་པོར་ འགྲོ་བར་བྱ། ། སྒྲོགས་པས་གྲུབ་ཅེས་བརྗོད་པ་སྟེ། ། འདྲེན་པ་གསུམ་ལས་ལེགས་པར་འབྱུང་། ། དབྱངས་རྣམས་རྣམ་དྲུག་ཤེས་པར་བྱ། ། གླུ་ཡི་ཕྱག་རྒྱ་ཞེས་སུ་འགྲུབ། ། དེ་ནས་སྦྱོར་བས་འཐོན་ནས་སུ། ། ཇི་སྲིད་མགོ་དང་སྙིང་གར་སོན། ། མགྲིན་པ་སྣ་ཡི་སྦྱོར་བ་དང་། ། མགུལ་པ་གཡོ་བ་ཉིད་ཀྱིས་སོ། ། འགྱུར་བས་རྣམ་པར་འགྱུར་བ་སྟེ། ། ལན་དང་གཏོང་བའི་ཆོ་ག་རིམ། །
BOཆོས་རྣམས་ཐམས་ཅད་བླང་བ་དང་། ། གདོན་གྱི་ཚོགས་རྣམས་ཟློག་པ་སྟེ། ། རྣམ་འགྱུར་ལས་ནི་སླར་ཡང་འདིར། ། སེམས་ཀྱི་རྣམ་པར་རྟོག་པའོ། ། ཇི་སྲིད་ལས་ནི་རྗེས་ སྦྱོར་བ། ། སངས་རྒྱས་རྣམས་ཀྱི་རྗེས་སུ་འབྲང་། ། སེམས་དང་ལུས་ཀྱི་རྣམ་བསྒྱིངས་པས། ། གདུག་པ་ཐམས་ཅད་བཟློག་པར་བྱ། ། ལག་པ་རྐང་པའི་རིམ་པ་ཀུན། ། རྣམ་འགྱུར་གྱི་ནི་ལན་ཡིན་ནོ། ། དབྲོག་པ་དགུག་པར་ཤེས་བྱ་སྟེ། ། གཏོང་བ་དག་ནི་དབྲོག་ པའི་ལན། ། དབྲོག་པ་མཆོག་ཏུ་ཤེས་བྱ་བ། ། བགེགས་ཀྱི་གནས་ནི་རབ་གནོན་པའོ། ། དབྲོག་པའི་ལན་ནི་རབ་བཟློག་སྟེ། ། བསྡིགས་པའི་རྐང་པ་དགོད་པར་ཤེས། ། བརྡ་ནི་དྲན་པའི་དོན་དུ་སྟེ། ། ཕན་ཚུན་ཡོངས་སུ་བརྗོད་པ་ཡིས། ། འགྲུབ་དང་མི་འགྲུབ་སྦྱོར་བ་རྣམས། ། སློབ་ དཔོན་སློབ་མ་སོགས་པས་བསྒྲུབ། ། བརྡ་ལན་ལྷ་མོ་རྣམས་ཀྱིས་ནི། ། བསྐུལ་དང་སོ་སོར་བསྐུལ་བའོ། ། དྲི་བ་སྨྲ་དང་འདྲི་བ་སྟེ། ། མཐོང་ནས་འདྲི་བ་འདྲི་བའི་ལན། ། ལེགས་པའི་གཟུགས་མཐོང་བལྟ་བ་སྟེ། ། ལྷ་ཡི་ཡེ་ཤེས་སྤྱོད་ཡུལ་ལོ། ། བལྟ་བའི་ལན་ནི་དེ་ལས་སླར། ། སྦྱོར་ བ་མཆོག་གིས་སྦྱོར་བའོ། ། ལྷ་དང་ལྷ་མོ་རྣམས་ཀྱི་ནི། །
BOགཡས་གཡོན་བལྟ་བ་བལྟ་བ་སྟེ། ། ཇི་སྙེད་བལྟ་བའི་སྦྱོར་བ་ཡིས། ། སྒྲུབ་པར་བྱེད་པའི་ལན་ཡིན་ནོ། ། དམ་ཚིག་སངས་རྒྱས་ཐམས་ཅད། ། བཀའ་རྟགས་བྱས་པ་ཉིད་དུ་འདོད། ། གང་ཕྱིར་ཐོས་པ་འཛིན་པ་ཡི། ། སྒྲུབ་ པོ་ལན་དུ་ཤེས་པར་བྱ། ། དཀྱིལ་འཁོར་ལུས་སུ་བཤད་པ་སྟེ། ། ཡེ་ཤེས་ལྔ་ཡིས་བྱིན་བརླབ་པའོ། ། དཀྱིལ་འཁོར་ལན་ནི་ལྷ་མོ་རྣམས། ། གཅིག་ཏུ་བྱེད་པའི་དམ་པའོ། ། གསང་བ་སྦས་པར་བཤད་པ་སྟེ། ། གསང་བའི་ལན་ནི་ལེགས་སྦས་པའོ། ། གསང་ཆེན་སེམས་ཀྱི་ འདུ་ཤེས་ཏེ། ། བདེ་བའི་རྣམ་པར་རྟོག་པའོ། ། སོ་སོར་རྟོག་པ་ལྷ་མོ་དང་། ། ལྷ་ཡི་བདེ་བ་བདེ་ཆེན་པོ། ། སངས་རྒྱས་སྲས་བཅས་ཐམས་ཅད་ཀྱིས། ། གསང་ཆེན་ལན་དུ་བརྗོད་པའོ། ། ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ། དེ་ནས་དེ་རྣམས་སླར་ཡང་ འདུས་པར་གྱུར་ཏེ། ཡང་བཅོམ་ལྡན་འདས་ལ་ལེགས་པར་བསྐུལ་བ། རྡོ་རྗེ་སེམས་དཔའ་བདེ་རབ་མཆོག ། ཤེས་རབ་མཆོག་རབ་གྲོལ་བའོ། ། མཆོད་པའི་ཡེ་ཤེས་ལེགས་འགྲུབ་པའི། ། གསང་བ་ཆེན་པོ་གསུང་དུ་གསོལ། །
BOདེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་སླར་ ཡང་གསང་བ་ཆེན་པོ་མཆོད་པ་ཆེར་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཧཱུྃ་ཧཱུྃ་ཧཱུྃ། ག་ག་རི་ག་ག་རི་ག་ག་ག་ག་རི་ག་རི། ར་ར་ར། ག་རི་ག་ག ། ཏེ་ཏེ་ཏེ་ཏེ། ཧེ་ཏེ་ཏེ་ཏེ་ཏེ་ཏེ། ན་ཏེ་ཏེ་ཏེ་ཎྞཱ་ཏེ་ཏེ། ན་ཏེ་ཏེ་ཛཱ་ཏེཏྟ། ཛཱ་ཏེ་ཏཏྟ། ཛ་ཏེ། རི་ཏི་རཱ། ཏེ་ཏ་ཏེ་ཛཱ་ཏེ་ཏཱི་རི་ར་ཏེ། ཏ་རི་ཏ་རི། ཏེ་ཏ་རི་ཧཱུྃ། རི་རི་ཧཱུྃ། ཏེ་ཛཱ་ཏེ་ཏེ་ཧཱུྃ། ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ། སངས་རྒྱས་ཀུན་གྱི་བདག་པོ་མཆོག ། རྡོ་རྗེ་སེམས་དཔའ་ཀུན་གྱི་རྗེ། ། གླུ་ཡི་ཕྱག་རྒྱ་རབ་གསལ་བའོ། ། དེ་ནས་རོལ་མོའི་ཕྱག་རྒྱ་ཡི། ། རྣལ་འབྱོར་ཆེན་པོ་ཐུགས་རྗེའི་བདག་ཉིད་ཅན་གྱིས་གསུངས་པ། ལྷ་དང་ལྷ་མོ་རྒྱལ་བདག་དང་། ། གང་གིས་མྱུར་དུ་མཚུངས་འགྱུར་བ། ། ཨོཾ་ཧཱུྃ་བྷྱོ་གྷེ་ཊ་ཧཱུྃ། ཨོཾ་ཧཱུྃ་བྷྱོ་གྷེ་ཊ་ཧཱུྃ། གྷེ་ཊ་ཧཱུྃ། གྷེ་ཊ་ཧཱུྃ། རུ་ལུ་རུ་ལུ། གྷེ་ཊུ་གྷེ་ཊུཾ། གྷེ་ཊུ་གྷེ་ཊུཾ། ། གྷེ་ཊ་གྷེ་ཊ། ཧཱུྃ་ཊ་ནཱ་ཌ་ཡོ། ཧཱུྃ་ཊ་ན་ཌ་ཡོ། ཧཱུྃ་ཊ་ ནཱ་ཌ་ཡོ། ཊ་ར་ཎཱཾ། ཊ་ར་ཎཱཾ།
BOཊཱ་ཎ་ཊཱ་ཎ་ཊཱྃ་ཊ། ཊཱཾ་ཊ། ཊཱ་ཎ་ཊ་ཎ་ཊཾ་ཊཱ། ཊཱ་ཊཱཾ། ཎིཊྚཾ་ཎཊྚ། ཎིཊཱཾ། ཨོཾ་དུཿདུཿདུཿདུཿ། ཨོཾ་དུཿདུཿདཱུཿདཱུཿདཱུཿདཱུཿདཱུཿདུཿདུཿདུཿདུཿཊཾ་ཊཾ། ཌ་དྷཱཾ་དྷཱཾ། དྷ་དྷ་དྷ་དྷཱཾ། དྷ་དྷ་དྷ། ཛྷ་ཛྷཱཾ། ཛྷ་ཛྷཱཾ། ཛྷི་ཛྷཱཾ། ཛྷཱ་ཛྷཱ་ཛྱ་ཛྷཱ། ཛྷི་ཛྷ། ཛྷི། ཛྷཱཾ་ཛྷཱཾ་ཛྷཱ། ཛྷཱི་ཛྷཱཾ་ཛྷཱཾ་ཛྷཱཾ། སྣ་ཡི་སྦུབས་སུ་དཀྲོལ་བ་དང་། ། ལག་པའི་མཐིལ་དང་ཁ་དག་གིས། ། སིལ་སྙན་སྦྱོར་བས་བསིལ་བར་བྱ། ། ངེས་པར་མྱུར་དུ་རབ་ཏུ་འགྲུབ། ། གཡས་དང་གཡོན་གྱི་སྦྱོར་བ་དང་། ། ཆང་ཟུང་ལྟ་བའི་རིམ་པ་ཡིས། ། སྒེག་ཅིང་དཔའ་བ་མི་སྡུག་པ། ། དགོད་དང་དྲག་ཤུལ་འཇིགས་སུ་རུང་། ། སྙིང་རྗེ་རྔམ་དང་ཞི་ སོགས་ཀྱི། ། ཉམས་ཀྱི་ངོ་བོ་ལེགས་བསླབས་པའི། ། གང་གིས་རྣལ་འབྱོར་ཅན་འགྲུབ་འགྱུར། ། གར་གྱི་དབང་ཕྱུག་གཙོ་བོ་ཆེ། ། བཅུད་ནི་ཟླ་བ་སོགས་མཛེས་པ། ། ཤ་སོགས་བཟའ་བའི་དཀྱིལ་འཁོར་དང་། ། ཙནྡན་ལ་སོགས་བྱུག་པ་དང་། ། མེ་ཏོག་ལ་སོགས་ཕྲེང་མཛེས་ དང་། ། བུད་མེད་བཟང་མོའི་རིགས་རྣམས་ཀྱིས། ། དམ་ཚིག་བྱིན་བརླབས་སྦྱོར་བ་ལས། ། རྫས་རྣམས་ཐམས་ཅད་བསྒྲུབ་པར་བྱ། ། ཕཊ་ཡིག་ཧཱུྃ་དང་བཅས་པ་ཡིས། །
BOཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ། སྦྱོར་ལྡན་ཀུན་ལ་གནས་ནས་སུ། ། གཡས་ པ་ཡི་ཡང་གར་སྦྱོར་ལས། ། རྡོ་རྗེ་བསྡམས་པའི་སྦྱོར་བ་ཡིས། ། སྙིང་གར་དེ་བཞིན་བསྒྲེང་བར་བྱ། ། ཡང་ནི་གཉིས་པ་ཉིད་ཀྱང་སྟེ། ། ཤེས་རབ་གང་ཡིན་རྡོ་རྗེར་བྱ། ། སྐར་མ་ལྕགས་ཀྱུ་དེ་བཞིན་འདིར། ། འདིར་ནི་བསྙེམས་བཅས་རྗེས་སུ་ཆགས། ། དེ་ལས་རྡོ་རྗེའི་སྦྱོར་བ་ སྦྱར། ། ཡང་དང་ཡང་དུ་དགྲོལ་བར་བྱ། ། འདི་ཡིས་ལས་རྣམས་ཐམས་ཅད་ནི། ། བྱེད་འགྱུར་འདི་ལ་གདོན་མི་ཟ། ། དེ་ཉིད་སྙིང་གར་ཁུ་ཚུར་ཏེ། ། རྡོ་རྗེ་གདོང་པ་སྐར་མའི་ཁ། ། རང་གི་གནས་སུ་བཞག་པ་དེ། ། དབང་བསྐུར་བ་ནི་གཉིས་པའོ། ། དེ་ཉིད་བསྙེམས་པས་ཆེར་བསྟན་ ཏེ། ། ཡང་དང་ཡང་དུ་ཡོངས་སུ་བསྐྱོད། ། དེ་ཉིད་འོད་ཟེར་རྣམ་པ་རུ། ། ཐམས་ཅད་དུ་ནི་སྤྲོ་བར་བྱ། ། དེ་ཉིད་ཁ་རུ་བསྟན་པ་ནི། ། རྡོ་རྗེ་བཤད་པར་རྣམ་པར་བ་ཤད། ། འདི་རྣམས་ཀྱིས་ནི་དོན་རྣམས་ཀུན། ། མཁས་པ་ཡིས་ནི་བསྒྲུབ་པར་བྱ། ། དེ་ཉིད་པདྨའི་སྦྱོར་བ་དང་། ། མིག་ གིས་སྦྱོར་བ་གཉིས་པའོ། ། ཤེས་རབ་སྐར་མ་དེ་ནས་བསྒྲེང་། ། ལྟེ་བར་བྱས་པ་འཁོར་ལོ་ཅན། ། རྡོ་རྗེ་སྨྲ་བ་ལྕེ་ཡི་རྩེར། །
BOརོ་རྣམས་མ་ལུས་འཕྲོག་པར་བྱེད། ། འདི་དག་གིས་ནི་ལས་རྣམས་ཀུན། ། པདྨའི་འོད་ཀྱིས་རབ་ཏུ་བྱ། ། དེ་བཞིན་ཁུ་ཚུར་ལེགས་པར་སྦྱར། ། ཤེས་རབ་ཀྱིས་ ནི་སྙིང་གར་བསྣུན། ། དེ་ལས་གཉིས་པ་སྣ་ཚོགས་ཆེ། ། སྙིང་གར་ཡོངས་སུ་བསྐོར་བར་བྱ། ། སྐར་མ་རྡོ་རྗེའི་རྣམ་པ་མཆོག ། བཟོད་དང་གཟི་བརྗིད་མཆེ་བ་མཛེས། ། དེ་ཉིད་དམ་དུ་བསྡམས་པ་ནི། ། འཆིང་བའི་ལས་ནི་བྱེད་པའི་མཆོག ། འདི་རྣམས་ཀྱིས་ནི་ཐམས་ཅད་སྒྲུབ། ། ཕྱག་རྒྱ་དང་ནི་ཕྱག་རྒྱའི་ལན། ། གཡས་དང་གཡོན་གྱི་སྦྱོར་བ་ཡིས། ། ལས་ཀྱི་དམ་པ་མ་ལུས་པའོ། ། ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། ། དེ་ནས་བཅོམ་ལྡན་སྣ་ཚོགས་ཆེ། ། པདྨ་རིན་ཆེན་རྡོར་མཆོག་འཛིན། ། གསང་བ་རྒྱན་གྱིས་དཀྱིལ་འཁོར་གྱི། ། དཔལ་ ཆེན་ལ་ནི་ཞུ་བ་ཞུས། ། སངས་རྒྱས་དཀྱིལ་འཁོར་དོན་ཕྱིར་དང་། ། མ་མོ་རྣམས་ཀྱི་དོན་དམ་ནི། ། ཡོངས་སུ་རྟོག་པ་ཐམས་ཅད་སྤངས། ། སངས་རྒྱས་ཀུན་མཆོག་དམ་པའི་གསང་། ། དཀྱིལ་འཁོར་ཐམས་ཅད་བརྒྱན་པ་ཡིས། ། མཛེས་པས་བཅོམ་ལྡན་གསུང་དུ་གསོལ། ། དེ་ནས་ བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དེ་དག་གིས་གསོལ་བ་བཏབ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
BOདང་པོ་དང་ནི་གཉིས་པ་དང་། ། དྲུག་དང་ལྔ་དང་དེ་བཞིན་བཅུ། ། མདོར་བསྡུས་ནས་ནི་བསྒོམ་པར་བྱ། ། རྡོ་རྗེ་རིན་ཆེན་ཆུ་སྐྱེས་ལས། ། རང་གི་དཀྱིལ་འཁོར་{གོ་རིམས་ཀྱིས,གོ་རིམ་གྱིས}། ། གསང་ སྔགས་འཛིན་པས་གནས་ལྔར་དགོད། ། དཀར་དང་སེར་པོ་ཆེས་དམར་བ། ། སྔོན་པོའི་འོད་ཟེར་གློག་ལས་བྱུང་། ། ཐ་མ་ཀུན་གྱི་ཐོག་མ་རུ། ། འོད་ཟེར་བཟང་པོ་སྦྱར་བར་བྱ། ། རྡོ་རྗེ་རྣལ་འབྱོར་ཆོ་ག་ལ། ། གནས་ནས་བསྒོམ་དང་བཟླས་པ་སྦྱར། ། འདི་ནི་དཀྱིལ་འཁོར་མིང་ཡིན་ ཏེ། ། དཀྱིལ་འཁོར་རྒྱལ་བ་རྣམས་ཀྱི་རྟེན། ། བརྟེན་པས་སྒྲུབ་པོ་ཤིན་ཏུ་ཡང་། ། དུས་མི་རིང་བར་ས་སྟེངས་འགྲུབ། ། འདི་ནི་བཅོམ་ལྡན་རྡོ་རྗེ་ཅན། ། ཀུན་སྦྱར་དྲི་མ་མེད་པའི་གཙོ། ། སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། ། སྐྱེ་དང་འཆི་བ་འཇོམས་པས་གསུངས། ། དེ་ནས་རྒྱལ་བ་ཐམས་ ཅད་དང་། ། སྦྱོར་བའི་མ་དང་ཡུམ་རྣམས་ནི། ། ལེགས་ཚིག་རྡོ་རྗེ་སེམས་དཔའ་ནི། ། བདེ་བ་ཆེ་ལ་ལེགས་ཞེས་གསོལ། ། རྡོ་རྗེ་ཀུན་གྱི་བདག་པོ་གཙོ། ། སངས་རྒྱས་དབྱངས་ཀྱིས་བསྟོད་པར་བྱས། ། རྡོ་རྗེ་གླུ་སོགས་སྦྱར་བ་ཡིས། ། དབང་བསྐུར་ཀུན་གྱི་མཆོག་ལྡན་གཙོ། །
BOདཔལ་ ལྡན་སངས་རྒྱས་སངས་རྒྱས་བདག་པོ་ཚུལ། ། སངས་རྒྱས་ས་ནི་རྒྱལ་རྣམས་ཆུབ་མཛད་རྫོགས་སངས་རྒྱས། ། སངས་རྒྱས་སྲས་པོ་ངེས་པར་མཐའ་དག་སངས་རྒྱས་ཀྱིས། ། སྦྱོར་བས་བློ་གྲོས་སྦྱིན་རྣམས་ལེགས་པར་ཚིམ་མཛད་པ། ། དཔལ་གྱི་རྡོ་རྗེ་དྲི་མེད་རྡོ་རྗེ་ཡེ་ཤེས་རྡོར། ། རྡོ་ རྗེའི་སྣང་བས་འཇིག་རྟེན་རབ་ཏུ་གསལ་མཛད་པ། ། བསྡུས་པའི་རྡོ་རྗེ་སྦྱོར་བ་ལྡན་པས་ལེགས་བཏོན་ཏེ། ། རྡོ་རྗེའི་བདག་ཉིད་ངོ་བོར་མཛད་པའི་མཛེས་རྡོ་རྗེ། ། དཔལ་གྱི་རིན་ཆེན་རིན་ཆེན་འབྱུང་གནས་རིན་ཆེན་སྤྲིན། ། རིན་ཆེན་རྣམས་ལ་རིན་ཆེན་གྱིས་དགྱེས་རིན་ཆེན་མཛེས། ། མཛེས་ པའི་བརྗིད་ལྡན་རིན་ཆེན་རྒྱལ་མཚན་གྱི། ། སྐྱེ་བོ་རྣམས་ཀྱི་ཕོངས་དང་སྡིག་པ་རྣམས་བཅོམ་ནས། ། དཔལ་གྱི་པདྨ་པདྨ་དམ་པའི་བླ་མ་པད་སེམས་དཔལ། ། པདྨས་རབ་དགྱེས་པདྨ་ལས་འཁྲུངས་པདྨ་ཡི། ། དྲ་བས་པདྨ་མཐའ་དག་ངེས་པར་རྒྱལ་མཛད་དེ། ། པདྨའི་རིགས་ལ་འཇོག་ པར་མཛད་པའི་པད་བཟང་པོ། ། སྣ་ཚོགས་དཔལ་ལྡན་ཀུན་གྱི་བདག་པོ་སྣ་ཚོགས་མཁྱེན། ། སྣ་ཚོགས་དབང་ཕྱུག་སྣ་ཚོགས་ཡུམ་གྱིས་མ་གོས་པ། ། སེམས་ཅན་རྣམས་ནི་འདུལ་ལེགས་འཇོག་མཛད་སྣ་ཚོགས་པ། །
BOཅི་དགའ་འདོད་ལ་རིག་པ་དམ་པ་གནང་དུ་གསོལ། ། ཞེས་སོ། ། དེ་ནས་དེ་རྣམས་ཀྱིས་སླར་ཡང་སེམས་ཅན་མ་ལུས་པ་འདུལ་བའི་དོན་དུ་འདི་སྐད་ཅེས་བསྟོད་པ། སངས་རྒྱས་ཚུལ་ཁྱོད་ཕྱག་འཚལ་ལོ། ། སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། ། སངས་རྒྱས་ཡེ་ཤེས་ཁྱོད་ཕྱག་འཚལ། ། སངས་རྒྱས་གཟི་བརྗིད་ཕྱག་འཚལ་འདུད། ། སངས་ རྒྱས་དཔའ་བོ་ཁྱོད་ལ་འདུད། ། རྡོ་རྗེ་ཁྲོ་བོའི་ཡིད་ལས་འཁྲུངས། ། སྡིག་པ་བཅོམ་པ་ཁྱོད་ཕྱག་འཚལ། ། སྡིག་པ་བསལ་ལ་ཕྱག་འཚལ་འདུད། ། ཕྱག་ན་རིན་ཆེན་ཁྱོད་ཕྱག་འཚལ། ། གཙུག་ན་རིན་ཆེན་གཟི་བརྗིད་ཅན། ། སྡུག་བསྔལ་བཅོམ་པ་ཁྱོད་ལ་འདུད། ། ཐམས་ཅད་གྲུབ་ ལ་ཕྱག་འཚལ་འདུད། ། ཆོས་ཀྱི་དག་པ་ཁྱོད་ལ་འདུད། ། པདྨ་དག་པ་རྟོགས་པའི་ཕྱིར། ། འདོད་ཆགས་ཆགས་པ་ཁྱོད་ལ་འདུད། ། འདོད་ཆགས་བྲལ་ལ་ཕྱག་འཚལ་འདུད། ། སྣ་ཚོགས་རྡོ་རྗེ་ཁྱོད་ལ་འདུད། ། སྣ་ཚོགས་སྦྱོར་བ་ཁྱོད་ཕྱག་འཚལ། ། སྣ་ཚོགས་ཚུལ་ཅན་ཁྱོད་ལ་འདུད། ། སྣ་ཚོགས་བདེ་ལྡན་ཕྱག་འཚལ་འདུད། ། བསྟོད་པའི་རྒྱལ་པོ་འདི་ཡིས་ནི། ། ཆོས་དང་ལྡན་པ་ཐམས་ཅད་དུ། ། ཉིན་རེ་ཞིང་ནི་སྟོད་བྱེད་ན། ། བསམ་པའི་དངོས་གྲུབ་ཐོབ་པར་འགྱུར། །
BOདེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཤེས་ རབ་དང་ཡེ་ཤེས་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དེ་བཞིན་གཤེགས་པ་ཀུན་གྱི་གསང་། ། གསང་བ་རྒྱན་ཅེས་བྱ་བ་ནི། ། སེམས་དཔའ་ཆེན་པོ་ ལེགས་པར་ཟུང་། ། སེམས་དཔའ་ཆེན་པོ་ནི་དགའ་བས། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབང་ཕྱུག་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དཔའ་བོ་ཆེན་པོ་ཅི་གསུང་བ། ། རང་བྱུང་ཡེ་ཤེས་ཕ་རོལ་སོན། ། ཆོས་ཀུན་དབང་ཕྱུག་ དཔལ་དང་ལྡན། ། འཇིག་རྟེན་གསུམ་གྱི་སྡིག་འཇོམས་པས། ། ཇི་སྐད་གསུངས་བཞིན་སྙིང་ལ་ནི། ། ལེགས་གཟུང་དྲི་མེད་ཡེ་ཤེས་བཟང་། ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ། བདེ་བ་ཆེན་པོ་བདག་གིས་བཟུང་། ། ཞེས་སོ། ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་ བཀའ་སྩལ་པ་དང་།
BOསངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡབ་དང་ཡུམ་གྱི་ཚོགས་དང་བཅས་པ་འཁོར་དང་བཅས་པའི་དཀྱིལ་འཁོར་ཇི་ལྟ་བུའི་རྡོ་རྗེ་ལ་ལེགས་པར་གནས་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་གསང་སྔགས་རྗེས་སུ་དྲན་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་{སྷོ,སོ}། ། ། ། རྒྱ་གར་གྱི་མཁན་པོ་བརྡ་སྤྲོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ་ཞེས་བྱ་བ་དང་། སྒྱུར་བྱེད་ཀྱི་མཁས་པ་སྒྲའི་གཞུང་ལུགས་ལ་བློ་གྲོས་ དཀར་བ་ཀུན་དགའ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར། ། ། ། མདའ་ལྔའི་གཙུག་ལྡན་ཡིད་ཀྱི་སྲུབ་ཤིང་གི། ། དྲེགས་པའི་དྲ་བ་རྣམ་པར་དྲལ་བའི་ཕྱིར། ། རྒྱུད་རྒྱལ་རྒྱ་མཚོའི་རྒྱལ་པོ་ལྟར་ཟབ་འདི། ། བསྒྱུར་ལ་འགལ་གང་འདི་ལ་ འཕགས་རྣམས་དགོངས། །