The Outer Tantra of the Vajra Being

རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཕྱི་མ།

The Outer Tantra of the Vajra Being

རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཕྱི་མ།

BO
༄༅༅། ། རྒྱ་གར་སྐད་དུ། བཛྲ་ཌཱ་ཀ་ནཱ་མ་ཨུཏྟ་ར་ཏནྟྲ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཕྱི་མ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། ། གསང་དང་མཆོག་དང་དགྱེས་པ་དང་། ། ཐམས་ཅད་བདག་ཉིད་ལ་རྟག་བཞུགས། ། མཁའ་འགྲོ་ཀུན་དངོས་ སེམས་དཔའ་སྟེ། ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག ། འདི་ནི་རང་བྱུང་བཅོམ་ལྡན་འདས། ། འདི་ཉིད་གཅིག་པུ་ལྷག་པའི་ལྷ། ། འབྱུང་གནས་སྒྲ་གཟུགས་ལས་ངེས་འབྱུང་། ། དམ་ཚིག་སྤྱོད་ཡུལ་བཅོམ་ལྡན་རྣམས། ། ཐོག་མཐའ་དབུས་མཐར་ཡང་དག་གནས། ། འཇིག་ རྟེན་གསུམ་རྣམས་ན་རྙེད་དཀའ། ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། ། དབུ་མར་ཡང་ནི་དམིགས་པ་མེད། ། སྒྱུ་མའི་ཕྱག་རྒྱ་བུད་མེད་ཀུན། ། གཉིས་མེད་ཡེ་ཤེས་དམ་པ་ཡིན། ། སྤྱོད་ན་མ་ཡང་འགྲུབ་འགྱུར་ཏེ། ། བདེ་དང་སྤྲོ་བས་ཐམས་ཅད་འཐོབ། ། ནམ་མཁའ་ ཀུན་དུ་སྤྱོད་འགྲུབ་པ། ། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། ། སྣ་ཚོགས་ཕྱག་རྒྱ་ཐམས་ཅད་དང་། ། ཀུན་ནས་སྣ་ཚོགས་སྡོམ་པ་ནི། ། མཁའ་འགྲོ་མ་ཀུན་མཉམ་སྦྱོར་བས། ། རྡོ་རྗེ་མཁའ་འགྲོར་རབ་ཏུ་གྲགས། ། སོ་སོའི་ལྷ་ལ་དམིགས་པ་ནི། ། དེ་ཉིད་བསམ་བྲལ་རྣལ་འབྱོར་ ཏེ། །
BO
དབང་བསྐུར་བ་ལས་ངེས་པར་སྐྱེ། ། གཟུགས་བརྙན་རང་བཞིན་རྣལ་འབྱོར་ཏེ། ། རྣལ་འབྱོར་ཆེན་པོ་བྱང་ཆུབ་སེམས། ། རྣལ་འབྱོར་དབང་ཕྱུག་བདག་པོ་རང་། ། བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། ། སངས་རྒྱས་ཀུན་གྱི་རང་བཞིན་ཕྱིར། ། དེ་ཕྱིར་ཀུན་ནས་འབད་པ་ཡིས། ། སྣ་ཚོགས་ རང་བཞིན་ལ་མཆོད་བྱ། ། གཉིས་གཉིས་འཁྱུད་པའི་རང་བཞིན་གྱིས། ། སྣ་ཚོགས་འགྲོ་བ་ཁྱབ་པར་གནས། ། སངས་རྒྱས་ཉིད་དང་བདག་དང་ནི། ། སེམས་ཅན་དང་ནི་ནུས་ལྡན་རྣམས། ། རང་གི་ལྷ་ཡི་རྣལ་འབྱོར་པས། ། བསྒྲུབ་བྱའི་བདག་ཉིད་དེ་ཡི་ཕྱིར། ། འདི་ཡིས་སངས་རྒྱས་ ཐམས་ཅད་དང་། ། ནུས་ལྡན་ཀུན་གྱི་དེ་ཉིད་ནི། ། ཐམས་ཅད་རྡོ་རྗེ་འཛིན་ཉིད་དུ། ། སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། ། ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག ། མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་ཏེ། ། ཁམས་གསུམ་པོ་ནི་མ་ལུས་པ། ། ནམ་མཁའ་པ་ཡི་མཚན་ཉིད་དུ། ། ཐམས་ཅད་ནམ་མཁའི་མཚན་ཉིད་དང་། ། ཐམས་ཅད་སྒྱུ་མ་ལྟ་བུའོ། ། མཐོང་བ་དང་ནི་རེག་པ་རྣམས། ། ཐམས་ཅད་སྒྱུ་མ་ཇི་བཞིན་དུ། ། འགྲོ་བ་ཀུན་དུ་གནས་པ་རྣམས། །
BO
འགའ་ཡང་དམིགས་ པ་མ་ཡིན་ནོ། ། རྣལ་འབྱོར་པ་ཡི་ཕྱག་རྒྱ་འདིས། ། འཇིག་རྟེན་གསུམ་དུ་རྒྱུ་བར་བྱེད། ། རྨོངས་པ་གང་གིས་འཆིང་འགྱུར་བ། ། མཁས་པས་དེ་ཡི་རོལ་པས་གྲོལ། ། ཚོགས་གནས་གང་བའི་སེམས་ཅན་རྣམས། ། གཞན་དང་གཞན་དུ་གསལ་སྐྱེ་ཞིང་། ། གཟུགས་ནི་སངས་རྒྱས་རྣམ་ སྣང་མཛད། ། ཚོར་བ་རྡོ་རྗེ་ཉི་མ་ཡིན། ། འདུ་ཤེས་པདྨ་གར་དབང་ཕྱུག ། དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། ། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། ། དངོས་པོ་ཀུན་གྱི་རང་བཞིན་ལ། ། རྡོ་རྗེ་མཁའ་འགྲོར་རབ་ཏུ་གྲགས། ། དེ་དག་འབྱུང་ཆེན་གཅིག་པུ་སྟེ། ། ཐམས་ཅད་བདེ་བ་སྩོལ་བའོ། ། རྡུལ་དང་རྡུལ་མེད་དུ་བརྗོད་པ། ། སྒྱུ་མ་ཆེན་མོའི་རང་བཞིན་ཉིད། ། ས་ནི་ལྟུང་བར་བྱེད་མ་སྟེ། ། ཆུ་ཁམས་གསོད་པར་བྱེད་མའོ། ། མེ་ཡི་ཁམས་ནི་འགུགས་བྱེད་མ། ། གར་དབང་ཕྱུག་མ་དེ་བཞིན་རླུང་། ། ནམ་མཁའི་ཁམས་ཀྱི་རང་བཞིན་ནི། ། སྒྱུ་མ་ཆེན་མོའི་རང་བཞིན་ནོ། ། འབྱུང་བ་ ལྔ་ཡི་རང་བཞིན་གྱིས། ། གཙོ་བོ་རྡོ་རྗེ་དེ་བཞུགས་སོ། ། འབྱུང་བ་ཀུན་དང་མཉམ་སྦྱོར་བས། ། མཁའ་འགྲོ་མ་མཆོག་འབར་མའོ། ། མིག་ལ་གཏི་མུག་རྡོ་རྗེར་བཤད། ། ཐོས་བྱེད་ཞེ་སྡང་རྡོ་རྗེར་བཤད། །
BO
སེར་སྣ་རྡོ་རྗེ་དེ་བཞིན་སྣ། ། ཁ་ལ་འདོད་ཆགས་རྡོ་རྗེར་བརྗོད། ། རེག་ལ་ཕྲག་ དོག་རྡོ་རྗེ་སྟེ། ། སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བ། ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག ། མིག་གིས་མཐོང་སོགས་སྟོང་བས་ན། ། འདི་ཀུན་སྟོང་པའི་རང་བཞིན་གྱིས། ། རྣམ་པར་རྟོག་མེད་མཐོང་བ་ཡིས། ། དེ་ནི་ཐོགས་པ་མེད་པར་འགྱུར། ། འདི་དག་ནམ་མཁའི་རང་བཞིན་ཏེ། ། ཐམས་ཅད་ནམ་མཁའི་རང་བཞིན་སེམས། ། བསྒོམས་པ་ཐོགས་མེད་དང་ལྡན་ན། ། རྣམ་པར་མི་རྟོག་རབ་ཏུ་སྐྱེ། ། ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་བཀའ་སྩལ་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐོགས་པ་མེད་པ་དོན་ ཡོད་པའི་བདེ་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་རིམ་པར་བྱ་བ་གསུངས་པ། ཇི་སྲིད་འཁོར་བའི་གནས་ན་མཁྱེན་པ་མཆོག་དང་ལྡན་པ་བཞུགས་པར་གྱུར་པ་དེ་སྲིད་དུ་སེམས་ཅན་གྱི་དོན་ཐམས་ཅད་ནུས་པ་མཚུངས་པ་མེད་པར་མི་ལྡོག་སྟེ། འདི་ཉིད་ཀྱིས་ན་སེམས་ཅན་དམ་པ་ དེ་སྲིད་པའི་ཞགས་པ་ནི་རྟག་ཏུ་མི་འཇིགས་པ་དང་། བརྩོན་འགྲུས་ཀྱིས་སེམས་ཅན་གྱི་དོན་མི་འདོར་བར་རྟག་ཏུ་མྱུར་བར་བྱེད་པ་དང་།
BO
སྨོན་ལམ་དག་པའི་ཕྱིར་ན་ནམ་མཁའི་གནས་གཞི་ཇི་ཙམ་དུ་གྱུར་པ་དང་། སྲིད་པ་དག་ཕྱིར་སེམས་ཅན་གྱི་དོན་སེམས་ཀྱི་འདོད་པའི་ནུས་པ་ཅན་ཏེ། དེ་དག་ ནི་ལྷའི་བུ་རྣམས་རྟག་ཏུ་ཆགས་པའི་དགའ་བ་ཅན་རྣམས་དང་། ། གཞན་ཡང་འདོད་ཆགས་ཅན་རྣམས་ཀྱི་དོན་དུ་ཆགས་པ་རྣམ་པར་དག་པའི་ཕྱིར་ན་བསྐལ་པར་ཡང་མི་ཟད་པའི་བདེ་བ་ཆེན་པོ་རྣམ་པར་དག་པ་སྦྱིན་པར་བྱ་བའི་ཕྱིར་ཏེ། གདོད་མ་ནས་གནས་གཞི་མེད་པ་བསྐལ་པ་ལ་ སོགས་པ་ཐམས་ཅད་དུ་བསྟན་པ་མངོན་དུ་གདོད་མ་ནས་བྱུང་བ་བསྐལ་པ་ཐོག་མ་ནས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའང་དེར་ལྷག་པའི་ལྷ་གཅིག་པུར་ཡོད་དེ། སེམས་ཅན་ཐམས་ཅད་སྐྱེད་པར་བྱེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྩེ་མོ་སྟེ། གླུ་དང་དབྱངས་སོགས་རོལ་མོ་ དང་། ། དངོས་པོ་ཀུན་བདག་དེ་ཡི་ཕྱིར། ། ད་ནི་ཀུན་དུ་བདེ་བར་བཞུགས། ། སེམས་དཔའ་ཐམས་ཅད་བསྐྱེད་པ་ཡིན། ། འདོད་ལ་ཆགས་པ་རྣམ་བྲལ་བ། ། དེར་བྱུང་བ་ཡི་སེམས་དཔའ་རྣམས། ། གདུལ་བྱ་དེ་རྣམས་མཁྱེན་པ་སྟེ། ། ཡི་གེ་ལས་བྱུང་རྣམ་པར་སྤངས། ། ཡེ་ཤེས་འདི་དེ་མཆོད་པར་བྱ། ། དེ་ཡོངས་མཆོད་ན་མཆོད་པར་བྱ། ། དེ་ཡོངས་མཆོད་ན་སྲིད་པ་ཟད། ། འོ་ན་ཡེ་ཤེས་ལས་སྲིད་བྱུང་། །
BO
རང་བཞིན་དངོས་པོ་བེམས་པོ་མིན། ། དེ་ལྟར་ན་ང་ཚོར་བ་སྟེ། ། འགྲོ་བ་རྣམ་ཤེས་ཙམ་དུ་བརྗོད། ། རང་རིག་པས་ན་གང་འདི་དག ། ཡེ་ཤེས་ བདག་ཉིད་ལས་གཞན་མེད། ། ཚངས་པའི་སྒོང་བརྗོད་རང་བཞིན་མེད། ། ནམ་མཁའ་དང་མཉམ་བདག་མེད་དེ། ། སེམས་ཅན་མང་ཡང་འགའ་ཡིས་ཀྱང་། ། སེམས་ཅན་དོན་གང་ཡོད་མིན་ལ། ། བླ་མེད་སངས་རྒྱས་དོན་ཡང་མེད། ། བདག་དོན་དང་ནི་གཞན་དོན་དང་། ། དེ་ལས་ གཞན་པའི་ནུས་པ་མེད། ། སྟོང་པ་ཉིད་ལ་རྟག་གནས་ན། ། དེ་ལས་འགྲོ་བའི་དོན་དུ་འོང་། ། དེ་མེད་སེམས་ཅན་དོན་ཀུན་མེད། ། དམྱལ་བར་ཡང་ནི་འགྲོ་འགྱུར་ཏེ། ། དེ་ནས་གཞན་ཡང་འཇིག་རྟེན་གྱི། ། ཁམས་རྣམས་ཀུན་ན་བཞུགས་པ་ཡི། ། སངས་རྒྱས་ཐམས་ཅད་ འདུས་ནས་ནི། ། ང་ལ་མྱུར་དུ་བསྐུལ་བར་བྱས། ། མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོཿ། སུ་ར་ཏ་སྟྭྃ། ང་ལ་འདི་ཡིས་བསྐུལ་མ་ཐག ། ཀུན་ལ་བདེ་བ་སྩོལ་བའོ། ། འདོད་པ་དག་པ་དོན་གྲུབ་པ། ། འགྲོ་བ་ཐམས་ཅད་བདེ་བ་བསྐྱེད། ། ང་ནི་འདོད་པ་མཆོག་གི་གཟུགས། ། སངས་རྒྱས་ཀུན་ གྱིས་བྱིན་བརླབས་པ། ། ང་ཡང་ཆོས་ཀྱི་འདོད་པ་ཅན། ། སངས་རྒྱས་ཀུན་གྱི་བདག་པོ་སྟེ། ། སངས་རྒྱས་ཀུན་གྱི་འདོད་ཆགས་ཆེ། །
BO
སངས་རྒྱས་ཀུན་གྱི་བདེ་ཆེན་པོ། ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། ། སངས་རྒྱས་ཀུན་གྱི་གསུང་དབྱངས་ཡིན། ། སངས་རྒྱས་ཀུན་ གྱི་སེམས་ཆེན་པོ། ། སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། ། རྡོ་རྗེ་འཛིན་པ་ཀུན་གྱི་བདག ། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག ། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། ། མཁའ་འགྲོ་མ་ནི་ཐམས་ཅད་དང་། ། མཉམ་པ་ཉིད་དུ་རབ་སྦྱོར་ཕྱིར། ། སངས་རྒྱས་ཀུན་ཀྱང་མཉམ་སྦྱོར་ཡིན། ། སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། ། རྡོ་རྗེ་མཁའ་འགྲོ་རབ་ཏུ་བརྗོད། ། དེ་ནས་དཀྱིལ་འཁོར་ཆེན་པོའི་སྦྱོར་བ་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ་སྟེ། དེ་དབུས་ཇི་ལྟའི་ཚུལ་དུ་ནི། ། རྡོ་རྗེ་སེམས་དཔའ་རྣམ་དགོད་དེ། ། ཟླ་བའི་མདོག་ལ་འཛུམ་བག་ཅན། ། དེ་བཞིན་འོད་ཟེར་ དམར་པོ་འཁྲིགས། ། སངས་རྒྱས་ཕྲེང་བས་རྣམ་པར་མཛེས། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། ཞལ་བཞི་པ་ལ་ཕྱག་བཞི་པ། ། སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། ། རིག་མ་བཞི་དང་མཉམ་པར་ལྡན། ། སངས་རྒྱས་གཟུགས་ཀྱིས་ཉེ་བར་མཛེས། ། གཡས་ ཞལ་ཞི་བ་དཀར་པོ་ཡིན། ། དེ་བཞིན་གཡོན་པ་དམར་པོ་མཆོག ། ནུབ་ཀྱི་ཡང་ནི་སེར་པོ་མཚུངས། ། ཐོད་པ་ལ་བཞུགས་གར་དང་ལྡན། །
BO
ལྷ་རྣམས་འཇིགས་པར་མཛད་པ་པོ། ། རྡོ་རྗེ་དང་ནི་ཁ་ཊྭཱྃ་འཛིན། ། དྲིལ་བུ་ཐོད་པ་དེ་བཞིན་ནོ། ། མཁའ་འགྲོ་མ་རྣམས་དང་མཉམ་ལྡན། ། རྒྱ་ཆེན་པོར་ནི་བྲི་བར་བྱ། ། མཁའ་འགྲོ་མ་རྣམས་དང་མཉམ་མོ། ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། ། མ་དང་ཆ་བླངས་མ་ཉིད་དང་། ། གཉེན་མོ་དེ་བཞིན་བཞོ་བྱས་ལ། ། གཉིས་གཉིས་སྦྱོར་བས་འདོད་སྤྱད་ནས། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། ། བ་ལང་ཤ་དང་རྟ་ཤ་སོགས། ། ཐོགས་པ་མེད་པར་བཟའ་བར་བྱ། ། འཇིག་རྟེན་ལ་རྟག་གཡོན་ལ་སྤྱད། ། འབད་དེ་གཡོན་པས་བསྙེན་བཀུར་བྱ། ། བརྟན་དང་གཡོ་ལ་སོགས་པ་ཡི། ། འགྲོ་ ཀུན་གཡོན་ལས་བྱུང་བས་ན། ། ཕོ་ཉ་མོ་ལ་ཆགས་བྲལ་བས། ། གྲོལ་བ་ཉིད་དུ་འགྲོ་བ་མིན། ། རྟག་ཏུ་ཕོ་ཉ་མོར་ཆགས་གྲོལ། ། འདི་ལ་ཐེ་ཚོམ་ཡོད་མ་ཡིན། ། སྒྲུབ་པོས་དེ་ལ་འབད་བྱས་ན། ། བརྟུལ་ཞུགས་མེད་ནའང་བརྟུལ་ཞུགས་རྫོགས། ། དམ་ཚིག་གཞུང་ལུགས་ལ་ སྤྱོད་ཅིང་། ། ཟས་གཅིག་ཏུ་ནི་མཛེས་པར་བཟའ། ། རིགས་གཅིག་གི་ནི་མཚན་ཉིད་ཕྱིར། ། རིགས་ལྔ་ལ་ནི་མཉམ་པར་སྤྱོད། །
BO
སྦྲང་རྩི་མཚལ་དང་ག་བུར་བཅས། ། ཙནྡན་དམར་པོ་དང་སྦྱར་ཏེ། ། རྡོ་རྗེ་ལས་བྱུང་མཉམ་ལྡན་པ། ། འདི་དག་བདུད་རྩི་ལྔ་ཡན་ཏེ། ། དངོས་གྲུབ་ཀུན་ ནི་རབ་སྩོལ་མཛད། ། སྦོམ་པོ་མཐའ་ལྟག་ཁ་སྦྱར་བས། ། རྟག་ཏུ་རྣལ་འབྱོར་བཞིན་བླངས་ཏེ། ། ཞི་བའི་བཏུང་བ་བཞིན་མྱངས་ན། ། དངོས་གྲུབ་རྟག་པར་འཐོབ་པར་འགྱུར། ། མཆོག་གི་དམ་ཚིག་འདི་རྣམས་ནི། ། ཞལ་བཟང་མོ་ཁྱོད་ལ་བཤད་ཡིན། ། ཐབས་དང་བཅས་པའི་ ལས་རྣམས་ཀུན། ། ཐོགས་ཆགས་མེད་པར་རྟག་ཏུ་སྤྱོད། ། རྣམ་པར་རྟོག་མེད་བསྒོམས་པ་ཡིས། ། བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག ། རྣམ་པར་རྟོག་མེད་བསྒོམས་པ་ཡིས། ། ལས་རྣམས་ཐམས་ཅད་རྟག་ཏུ་བྱ། ། ཐོགས་པ་མེད་པས་སྤྱོད་པ་ནི། ། དེ་བཞིན་དཀའ་ ཐུབ་རྣམས་ཀྱི་མཆོག ། ཐོགས་པ་མེད་པའི་སེམས་ཀྱིས་ནི། ། སྐྲ་ཤད་འཛིངས་པ་འདྲ་བར་ནི། ། ཡིད་ལ་ཡུལ་རྣམས་རྟེན་བྱེད་པ། ། དེ་ནི་འདའ་དཀའི་དཀའ་ཐུབ་ཡིན། ། གང་ཞིག་ལས་རྣམས་ཐམས་ཅད་ལ། ། ཤེས་རབ་ཀྱིས་ནི་ངེས་པར་སྤྱད། ། སྟོང་པའི་མན་ངག་ཅན་དེ་ ནི། ། བདག་ཉིད་ཆེན་པོའི་དཀའ་ཐུབ་འདིའོ། ། ཤེས་རབ་གཟུགས་བརྙན་ལྟ་བུ་ལ། ། རྣམ་རྟོག་མེད་པའི་སེམས་ཀྱིས་ནི། །
BO
དོན་ལ་ཐོགས་པ་མེད་སྤྱོད་མ། ། དེ་ཡི་དཀའ་ཐུབ་བདག་ཉིད་ཡིན། ། ཤེས་རབ་ཐབས་ལས་གཞན་པ་མིན། ། གང་གིས་སེམས་ནི་ གནས་མི་བྱ། ། དེ་འདྲར་ཡང་དག་གནས་བྱས་ན། ། བྱང་ཆུབ་ཆེན་པོ་ཉེ་བར་སྟེར། ། རྣམ་པར་མི་རྟོག་རྗེས་གནས་པའི། ། རྣལ་འབྱོར་པ་ལ་མངོན་ལྡན་ན། ། དེ་རྣམས་ཀྱི་ནི་འབྱུང་བ་ཀུན། ། ཤེས་རབ་ཕ་རོལ་ཕྱིན་པར་ངེས། ། ཤེས་རབ་མེ་ལོང་གཟུགས་བརྙན་བཞིན། ། འདུས་ བྱས་དངོས་པོ་དེ་འདྲ་བར། ། ཤེས་རབ་བློ་ཡིས་དྲན་པར་བྱ། ། དེ་ཡི་རྣམ་རྟོག་མེད་སེམས་ནི། ། མེ་ལོང་ནང་གི་གཟུགས་བརྙན་དང་། ། རྨི་ལམ་སྒྱུ་མ་ཆུ་བུར་བཞིན། ། མིག་འཕྲུལ་ལྟ་བུར་བལྟ་བ་ནི། ། དེ་ནི་གཙོ་བོ་ཡིན་པར་བཤད། ། གློག་དང་དྲི་ཟའི་གྲོང་ཁྱེར་བཞིན། ། འདུས་བྱས་ འདི་དག་རྣམ་པར་སྨིན། ། འདི་ལྟར་དངོས་རྣམས་རབ་གསལ་བར། ། གང་དེའི་རྣམ་གྲངས་རྩེ་མོ་མཆོག ། དེས་ན་སེམས་ནི་གང་ཞིག་ཏུ། ། གནས་པ་ཡོད་པར་གཞག་པ་མིན། ། འདི་དག་ལྟ་བུར་ཀུན་དུ་བྱུང་བའི་དངོས་པོ་རྣམས་ཀྱང་སྒྱུ་མ་ཁྱད་པར་ཅན་རྣམས་ཡང་དག་པར་རྫོགས་ པར་ལོངས་སྤྱོད་པ་བསྐྱེད་དེ། བདེ་བས་ཡོངས་སུ་བཞུ་བས་ཁྱད་པར་ཅན་འགའ་ཞིག་ཏུ་རྫོགས་པར་ལོངས་སྤྱོད་པ་སྐྱེའོ། །
BO
བཟང་པོ་ཡོངས་སུ་གྱུར་པས་ནི་འབྲས་བུ་ཁྱད་པར་ཅན་འགའ་འཐོབ་བོ། ། དེས་ནི་བརྟན་པ་དང་གཡོ་བའི་དངོས་པོ་རྣམས་གྲིབ་མ་ལྟ་བུ་ལས་གཞན་འགའ་ཅི་ ཡང་མ་མཐོང་ངོ་། ། གང་ཡང་ཁྱད་པར་འདི་དག་བསྒོམ་པ་གོམས་པའི་སྟོབས་ལས་བདེ་བ་མཆོག་ཏུ་ཞི་བ་ལ་སོགས་པའི་ཁྱད་པར་ཅན་གྱི་དགོས་པ་བསྐྱེད་ན་བླ་ན་མེད་པའི་འབྲས་བུ་མངོན་དུ་ཐོབ་པར་བྱེད་པའི་རྒྱུའི་དངོས་པོར་འགྱུར་བ་དེའི་ཚེ་བཅོམ་ལྡན་འདས་སྐྱོན་འགའ་ཡང་མ་མཆིས་ སོ། ། དེའི་ཕྱིར་འབད་པ་ཐམས་ཅད་ཀྱིས། ། རབ་ཏུ་མཆོད་པར་ཀུན་དུ་གནས། ། དཀའ་ཐུབ་སྡུག་བསྔལ་དྲག་པོ་ཡིས། ། རྨོངས་པ་བརྐམས་ཤིང་སྡུག་བསྔལ་ཏེ། ། སྡུག་བསྔལ་གྱིས་ནི་སེམས་གཡེངས་པ། ། གཡེངས་པ་ཡིས་ནི་དངོས་གྲུབ་མེད། ། བདེ་བ་ཀུན་དུ་བརྟན་ འགྱུར་བ། ། སེམས་ཀྱི་རང་བཞིན་བརྟན་འགྱུར་གྱི། ། སྡུག་བསྔལ་གྱིས་ནི་སེམས་གཡོ་ཞིང་། ། འགོག་པར་ཡང་ནི་ལྷག་པར་འགྲོ། ། ལུས་དང་ངག་དང་སེམས་རྣམས་ནི། ། བདེ་བར་གནས་ན་བྱང་ཆུབ་འཐོབ། ། གཞན་དུ་དུས་མིན་འཆི་བ་དང་། ། དམྱལ་བར་ངེས་པར་ལྟུང་ བར་འགྱུར། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །
BO
མཁའ་འགྲོ་མ་ཐམས་ཅད་དང་མཉམ་པར་སྦྱོར་བ་རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས། མཆོག་གི་དེ་ཁོ་ན་ཉིད་སྣང་བར་བྱེད་ པ་དང་། ཡུལ་ལ་ཤེས་པ་འཇུག་པའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་བཅོམ་ལྡན་འདས་ལ་ཡང་ལྷ་མོས་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། ། སྙིང་པོ་གང་གིས་གདུག་པ་ཅན་རབ་ཏུ་འདུལ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ བསྟན་པ་ལ་སྨོད་པའི་གདུག་པ་ཅན་ཐམས་ཅད་འདུལ་བ་དང་། ལྷ་གདུག་པ་ཅན་ལ་སོགས་པའི་སེམས་ཅན་ཐམས་ཅད་གདུལ་ཞིང་ཞི་བའི་གནས་ལ་བརྟུལ་ཏེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་གདུག་པ་བྱེད་པར་མི་འགྱུར་བར་གནས་པ་བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ། དེ་ནས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོས་འདི་གླུར་བླངས་ཏེ་བཀའ་སྩལ་ཏོ། ། དང་པོར་རྣམ་པར་སྣང་མཛད་གཞག ། དེ་རྗེས་རྗོད་བྱེད་ཐ་མ་སྟེ། ། རྒྱུ་བ་དེར་ལྷུང་ང་ཡིས་མཐོང་། ། སྙིང་པོའི་སྤྱི་བོར་གསུམ་པས་བརྒྱན། ། ལ་ཡི་མཐའ་ན་གནས་ པ་ལ། ། སྟེང་དུ་ཡི་གེ་ས་དང་ལྡན། ། གཉིས་པ་ཡིས་ནི་མཉེས་བྱ་སྟེ། ། སྙིང་པོ་དེ་ལ་ཨ་ཡིག་ལྡན། །
BO
ས་མཐའ་ཀུན་དངོས་དེ་ཉིད་དོ། ། རྗོད་བྱེད་དང་ནི་རྗོད་བྱེད་སྟེ། ། རྗོད་བྱེད་ལྔ་པས་གདན་དུ་བྱས། ། ཟླ་ཕྱེད་ཐིག་ལེས་བརྒྱན་པ་ཅན། ། དབུས་གནས་པ་ལས་ཞ་བོར་ལྡན། ། སྲེག་པའི་མཐའ་ཡིས་ཡོངས་སུ་བརྒྱན། ། ས་ཡི་དེ་མ་ཐག་གནས་པ། ། རླུང་གཟུགས་སུ་གནས་འོག་ཏུ་སྦྱར། ། དེ་འོག་ཧུྃ་ཧུྃ་ཐུང་ངུ་གཉིས། ། ཡི་གེ་ཕཊ་དང་བཅས་རྫོགས་པ། ། ཨྃ་དངོས་ཡི་གེར་རྫོགས་པར་ལྡན། ། ལྔ་པའི་དབུས་ན་གནས་དེ་ལ། ། གཞན་པའི་ཨི་ཡིས་ སྟེང་དུ་བརྒྱན། ། དེ་ནས་རྗོད་བྱེད་ར་ལ་ཞོན། ། སྤྱི་གཙུག་ཏུ་གནས་དབང་ཕྱུག་དང་། ། རྗོད་བྱེད་པ་ཡི་འཁོར་འགྱུར་བ། ། ཡང་དང་ཡང་དུ་གཞག་པར་བྱ། ། རྗོད་བྱེད་ར་ལ་བསྐྱོན་པ་དང་། ། ཨེ་ཡིག་རྣ་བ་དག་ལ་བརྒྱན། ། དེ་ནས་རྗོད་བྱེད་ར་ཉིད་ནི། ། ཡང་ནི་ ལྔ་པ་དག་ལ་བསྐྱོན། ། འདི་ཡང་ཐམས་ཅད་པ་ཉིད་དེ། ། རྗོད་བྱེད་མགོ་བོར་ཟླ་ཕྱེད་བརྒྱན། ། ལྔ་པ་དང་ལྡན་ཉིས་འགྱུར་བྱ། ། ཀུན་གྱི་མགོན་པོ་དེ་ཉིད་མཆོག ། ཕཊ་དང་རིན་ཆེན་དག་གིས་བརྒྱན། ། ཧ་ནི་མཇུག་ཐོགས་ཉིད་དུའོ། ། རྣམ་པར་སྣང་མཛད་ཀྱི་ཚོགས་ཀུན་ལ་ ཡོངས་སུ་མཉེས་པར་བྱའོ། །
BO
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དཔའ་བོ་དྲུག་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་དྲ་བའི་སྡོམ་པས་དེ་སྐད་ཅེས་བཀའ་སྩལ་ཏོ། ། ཡང་འདིར་ཧཱུྃ་ཡིག་ལས་བྱུང་བར། ། སྣ་ཚོགས་པདྨ་ཉི་དཀྱིལ་འཁོར། ། ལས་ཀྱི་རྡོ་རྗེ་ དབུས་གནས་པར། ། དེ་ཉིད་ཧཱུྃ་ནི་རྣམ་བསྒོམས་ཏེ། ། འོད་ཕྲེང་དུ་མ་ལྡན་པ་ཡི། ། མཁའ་འགྲོ་ཡི་ནི་འཁོར་ལོ་སྤྲོ། ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ། ཁ་དོག་དམར་མོ་འཇིགས་ཆེན་མོ། ། འཇིགས་པའི་དངོས་པོའི་ང་རོ་ཅན། ། སྤྱན་གསུམ་དབུ་སྐྲ་ཁམ་སེར་གྱེན། ། ན་སོ་གཞོན་བྱེད་ཕུན་ཚོགས་མ། ། སྟག་གི་པགས་པའི་སྨད་དཀྲིས་ཅན། ། འཇིགས་བྱེད་ཆེན་པོ་ལྗགས་འདྲིལ་མ། ། འཇིགས་པ་ཡང་ནི་འཇིགས་མཛད་མ། ། མཁའ་འགྲོ་མ་ཀུན་དང་མཉམ་སྦྱོར། ། རྡོ་རྗེ་མཁའ་འགྲོར་རབ་གྲུབ་པའོ། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། ། སྔོན་གྱི་རིམ་པ་ཇི་བཞིན་དང་། ། མེ་དང་མཉམ་པ་གཉིས་བརྗོད་དང་། ། ཀ་ར་ཀ་ར་བདུན་པ་སྦྱར། ། བནྡྷ་དེ་བཞིན་དགྲ་སྙིང་སྟེ། ། འདི་ཡང་ལན་གཉིས་རྗོད་པར་བྱེད། ། ས་སྡེ་ལ་ནི་མ་དང་ཨ། །
BO
འཇིག་ རྟེན་གཟུགས་བྲལ་གྱི་མཐར་གནས། ། རང་བཞིན་འདི་ཡང་གཉིས་སུ་བརྗོད། ། གཞན་དང་གཞན་དང་ལྡན་པར་བྱ། ། བྷ་ཛ་དག་དང་ཉེར་གནས་པ། ། དེ་ནི་ལན་གཉིས་དག་ཏུ་བརྗོད། ། རྗོད་བྱེད་ལ་ནི་གསུམ་པ་དང་། ། ཁོང་ན་གནས་པས་ལྡན་པར་བྱ། ། དེ་ནས་ཟླ་བ་གཞོན་ནུ་ ཕྱེད། ། ཡོངས་སུ་གང་བས་བརྒྱན་པར་བྱ། ། དེ་དག་ཡང་དང་ཡང་དུ་བརྗོད། ། ཉིན་མོར་བྱེད་པའི་རང་བཞིན་དང་། ། ཡོངས་སུ་ལྡན་པ་ཉིད་དུ་བྱ། ། རྗོད་བྱེད་དང་ནི་གཤེགས་གསོལ་གནས། ། ལྔ་པར་ལྡན་པ་ཉིས་འགྱུར་རོ། ། ཕེ་ཡིག་དྲག་ཅིང་མྱུར་བ་ལ། ། ཟླ་བ་གཞོན་ནུ་ དང་ལྡན་པ། ། ཡང་གཅིག་ཀྱང་ནི་བརྗོད་པར་བྱ། ། དྲག་མྱུར་བརྗོད་པ་ཕཊ་གཉིས་སོ། ། རྣམ་རྟོག་ཀུན་གྱི་བུད་ཤིང་ནི། ། བསྲེག་པས་ད་ཧ་ད་ཧ་སྟེ། ། དེ་སྐད་ཅེས་པ་བོད་པའི་སྔགས། ། ལྔ་པའི་ཉེ་ཆེར་གཉིས་པར་སྦྱར། ། ཨ་ཉི་དང་ཡང་ཡང་དག་ལྡན། ། རྗོད་བྱེད་གཙོ་དང་ ཡང་ལྡན་པ། ། ཡང་དང་ཡང་དུ་བརྗོད་པར་བྱ། ། བྷཀྵ་བྷཀྵ་ཞེས་རྗེས་སུ། ། བ་ས་རུ་དྷི་ར་དང་ནི། ། ཨནྟྲ་མཱ་ལཱ་བ་ལམྦི་ནེ། ། གྲཱིཧྞ་གྲཱིཧྞ་དག་དང་ནི། ། སཔྟ་བཱ་ཏཱ་ལ་ཀ་ཏད་སྦྱར། ། བྷུ་ཛངྒ་དང་སརྦྦམྦཱ། ། ཏརྫ་ཡ་ནི་གཉིས་བརྗོད་དོ། །
BO
ཀ་ཡིག་སྡེ་ལས་ཀ་ཉིད་ལ། ། གཉིས་པ་དང་ ནི་བཞི་པ་སྦྱར། ། རླུང་གི་ངོ་བོར་གནས་པའོ། ། ཨི་མཐའ་ས་མཐའ་ཞེས་བརྗོད་ལ། ། ཉི་མ་བདུན་གྱིས་གནས་པར་བརྒྱན། ། རྗོད་བྱེད་ལ་ནི་བཞི་པས་བརྒྱན། ། ཡང་དང་ཡང་དུ་བརྗོད་པར་བྱ། ། ཀ་ཤ་ཨོ་དང་པ་སྡེ་དང་། ། དེ་འོག་དང་པོ་དང་ལྡན་གཞག ། ར་དང་ཧར་སྦྲེལ་གཉིས་ དག་ལ། ། ཐིག་ལེ་གཉིས་གཉིས་རབ་ཏུ་སྦྱར། ། ཨ་དང་སྡེ་ཚན་ས་བོན་བརྗོད། ། སྡེ་ཚན་གྱི་ནི་བཞི་པ་དང་། ། དང་པོ་རུ་ནི་ལྡན་པར་བྱ། ། གསུམ་པས་ཀྱང་ནི་དང་པོ་སྦྱར། ། གསུམ་པ་ལ་ཡང་དེས་མཉེས་བྱ། ། རྗོད་བྱེད་ཀྱང་ནི་རྗོད་བྱེད་ནི། ། ཨི་ཡི་སྟན་དུ་ལྡན་པར་བྱ། ། ས་སྡེ་ལ་ ཨེ་ར་ཡིས་བརྒྱན། ། ཟླ་དུམ་དང་ནི་ཐིག་ལེར་ལྡན། ། དེ་ནི་ཡང་ཡང་བརྗོད་པར་བྱ། ། དེ་ཉིད་ཨེ་ཕྱོགས་བཞི་པར་ལྡན། ། དེ་ནས་ཡང་དང་ཡང་དུ་བཟླས། ། རྗོད་བྱེད་དང་ནི་བཞི་པ་སྦྱར། ། མཐའ་རུ་ལ་གཅིག་ཨི་དང་སྦྱར། ། དེ་ཡང་ཡང་དང་ཡང་དུ་བཟླས། ། རྗོད་བྱེད་ཡི་གེ་ཧ་ཡང་ སྦྱར། ། དེ་སྟེང་ཟླ་དུམ་ཐིག་ལེས་བསྐྱོན། ། ལྔ་པ་ཡང་ནི་མཉེས་པར་བྱ། ། དེ་ཡང་ཡང་དང་ཡང་དུ་བཟླས། ། རྣམས་མང་མཐའ་ཡས་རབ་བསྒྲུབ་ཅིང་། ། དགེ་བའི་མེ་ཏོག་མང་སྤུང་པ། །
BO
འདི་ནི་ལྷ་མོ་སྒྱུ་ཆེན་མོ། ། དངོས་གྲུབ་ཀུན་རབ་སྩོལ་བའོ། ། འདིར་ནི་གསུངས་མ་ཐག་ཏུ་ཡང་། ། འཇིག་རྟེན་ཁམས་ནི་ཐམས་ཅད་གཡོས། ། དེ་བཞིན་གཤེགས་པ་ཀུན་ཀྱང་སྐྲག ། སླར་ཡང་དེ་བཞིན་གཤེགས་པ་ཀུན། ། མངོན་པར་བྱང་ཆུབ་རྫོགས་སངས་རྒྱས། ། རི་བོ་ཀུན་ཡང་གཡོ་ཞིང་འགས། ། གདུག་པ་ཀུན་འདུལ་དུལ་ཞིང་ཞི། ། དཀྱིལ་འཁོར་དུ་ ནི་བཀུག་ནས་བཅུག ། དམ་ཚིག་གིས་བཅིངས་དབང་དུ་འདུས། ། མ་མོའི་ཚོགས་དང་འབྱུང་པོའི་ཚོགས། ། གཟའ་དང་རིམས་ནད་ཐམས་ཅད་དང་། ། གནོད་སྦྱིན་སྲིན་པོ་ལོག་འདྲེན་དང་། ། སྡིག་པ་ཅན་དང་དམྱལ་བ་ཀུན། ། བཀས་ཤིང་བསྒྱེལ་ཏེ་རྣམ་པར་བཤིག ། བཅོམ་ ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་མཁའ་འགྲོ་མ་ཐམས་ཅད་མཉམ་པར་སྦྱོར་བའི་རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། ། གྲུ་བཞི་པ་ལ་སྒོ་བཞི་པ། ། སྒོ་སྐྱོང་རྣམས་དང་ཡང་དག་ལྡན། ། དེ་ཡི་དབུས་སུ་རྡོ་རྗེ་བྲི། ། ཁ་དོག་དམར་པོ་འོད་ཆེན་པོ། ། ཕྱི་རོལ་རི་མོ་ཟླུམ་པོས་བསྐོར། ། དེ་ཡི་དབུས་སུ་བཅོམ་ལྡན་འདས། ། ཁྲོ་བོ་ཆེན་པོ་ཞལ་བཞེས་མཛེས། ། ཅུང་ཟད་མཆེ་གཙིགས་འཇིགས་བག་ཅན། །
BO
ཅུང་ཟད་འཛུམ་ཞིང་བཞད་པའི་ཞལ། ། གཡས་པ་དཀར་པོ་ཞི་བ་སྟེ། ། གཡོན་པ་ དམར་པོ་འཇིགས་པ་ཆེ། ། ནུབ་ཀྱི་ཞལ་ནི་མདངས་སེར་པོ། ། ལྷ་མོ་བཞི་དང་མཉམ་ལྡན་ཞིང་། ། ཕྱག་བཞི་ཡིས་ནི་རྣམ་པར་མཛེས། ། འཇིགས་པའི་བདུད་བཞི་མནན་པ་པོ། ། སངས་རྒྱས་གཟུགས་ཀྱིས་ཉེ་བར་མཛེས། ། དཔའ་བོ་གཡས་ན་ཁ་ཊྭཱཾ་ག ། ཐོད་པ་ཡང་ནི་གཡོན་ ནའོ། ། གཡས་ན་རྡོ་རྗེ་འབར་བ་བྲི། ། ཐོད་པ་ཡི་ནི་ཁྱད་པར་རོ། ། དཔའ་བོ་གཞུ་དང་མདའ་འཛིན་ཅིང་། ། ཤེས་རབ་དགའ་མས་རབ་ཏུ་མཛེས། ། འབར་བ་དམར་པོའི་དཀྱིལ་འཁོར་གསལ། ། སེམས་དཔའ་འབར་བ་འཁྱིལ་པར་ལྡན། ། འཇིགས་པ་ཆེན་པོའི་དུས་དང་ ནི། ། དུར་ཁྲོད་ཀྱི་ནི་མེ་བཞིན་འབར། ། དབུ་སྐྲ་འབར་བ་ཆེན་པོ་གསལ། ། དབུ་རྒྱན་ཐོད་པས་རྣམ་པར་ཕྱེ། ། རོལ་པ་ཐམས་ཅད་འཚོགས་པ་ན། ། ཧེ་རུ་ཀ་ནི་གར་ལ་སྤྱོད། ། མ་མོའི་འཁོར་ལོའི་གནས་མཆོག་ཏུ། ། ས་རྣམས་ཀྱི་ནི་དབང་ཕྱུག་ཉིད། ། ཀུན་ནས་ཀུན་ཏུ་ཐམས་ ཅད་པ། ། རང་ཉིད་རྟག་ཏུ་ཐམས་ཅད་ཀུན། ། མཁའ་འགྲོ་ཀུན་ཀྱང་མཉམ་སྦྱོར་བའོ། ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག ། བཟླས་དང་བསྒོམ་པའི་རབ་སྦྱོར་གྱིས། ། འགྲུབ་པར་འདི་ལ་ཐེ་ཙོམ་མེད། །
BO
ཐུན་མཚམས་ནས་ནི་རབ་སྦྱོར་བས། ། མཆོག་གི་སྡོམ་པ་བསྒོམ་པར་བྱ། ། འབུམ་རྫོགས་ནས་ནི་རྡོ་རྗེ་ཆེ། ། ཁྲོ་བོའི་རྒྱལ་པོ་དང་མཉམ་འགྱུར། ། རྡོ་རྗེ་འཛིན་པ་ཆེན་པོ་ཡི། ། ཚེ་དང་མདོག་དང་ན་སོ་དང་། ། གཟུགས་དང་སྟོབས་དང་བརྩོན་འགྲུས་དང་། ། རྫུ་འཕྲུལ་གྲུབ་པ་ཆེན་པོར་ལྡན། ། སེམས་ཅན་དོན་བྱེད་ནུས་པར་འགྱུར། ། ཡང་ན་གསང་སྔགས་ ཏིང་འཛིན་གྱིས། ། ཅུང་ཟད་ཙམ་ཞིག་བཟླས་པ་བྱ། ། ལས་ནི་བརྒྱ་ཙམ་བྱེད་པར་འགྱུར། ། འདི་ལྟ་སྟེ། བརྟན་པ་དང་། གཡོ་བ་ཐམས་ཅད་ངེས་པར་གནོན་པ་དང་། ལྟུང་བར་བྱེད་པ་དང་། འཇིག་པར་བྱེད་པ་དང་། རྒྱས་འདེབས་པ་དང་། ལྐུགས་པར་བྱེད་པ་དང་ རེངས་པར་བྱེད་པ་དང་། དབུགས་འབྱིན་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། འཆིང་བ་དང་། འགྱེས་པ་དང་། དབང་དུ་བྱེད་པ་དང་། རྣམ་པར་སྒྱུར་བར་བྱེད་པ་དང་། སྨྱོ་བར་བྱེད་པ་དང་། རྣམ་པར་འགྱུར་ཞིང་སྐྲོད་པར་བྱེད་པ་དང་། སྡང་བ་དང་། ནོར་རྫས་འཇོམས་ ཤིང་འཇིགས་པར་བྱེད་པ་དང་། ངུད་མོ་བྱེད་དུ་འཇུག་པ་དང་། བསྡིགས་པར་བྱེད་པ་དང་། བདག་ཉིད་བཅིངས་ནས་འཚོག་པ་དང་། བརྡུང་བ་དང་། ལོང་བར་བྱེད་པ་དང་། ས་བོན་འཇོམས་པར་བྱེད་པ་དང་། རིམས་དང་།
BO
ཁོང་ནད་དང་། དུག་གིས་འཛིན་པ་དང་། རང་ གིས་བརྐོས་ནས་འཇུག་པ་དང་། དམྱལ་བར་ལྟུང་བར་བྱེད་པ་དང་། དུད་འགྲོའི་གནས་ཡོངས་སུ་སྒྱུར་བར་བྱེད་པ་དང་། སྐྱེས་པ་བུད་མེད་དུ་བྱེད་པ་དང་། བུ་ཆུང་ལྟོ་ནས་ལྟུང་བྱེད་པ་དང་། བྷ་ག་འཆིང་བ་དང་། མ་ནིང་དུ་བྱེད་པ་དང་། འདོད་པ་ལ་ཆགས་ལ་སྙོམ་པར་བྱེད་པ་དང་། རྒོད་ཅིང་འཆིང་བ་དང་གཞན་གྱིས་རང་གསོད་དུ་འཇུག་པ་དང་། མཚོན་རྡུག་པར་བྱེད་པ་དང་། དགོས་དགུ་བྱེད་པ་དང་། ཡུད་ཀྱིས་སྐྲོད་པ་དང་། གཅེར་བུར་བྱེད་པ་དང་། བྷ་ག་དང་བཤང་ལམ་སྒྲོགས་པར་བྱེད་པ་དང་། བྷ་ག་དང་བཤང་ལམ་རང་ལུག་ཏུ་བྱེད་པ་དང་། ཁུ་བ་ཁྲག་ཏུ་ བྱེད་པ་དང་། ནད་རྣམས་མྱུར་དུ་སེལ་བར་བྱེད་པ་དང་། ཁྲག་ལས་གྱུར་པའི་མཛེ་ནད་ལ་སོགས་པ་སུད་པར་བྱེད་པ་དང་། མྱ་ངན་དང་སྡུག་བསྔལ་གྱིས་བཅིངས་ཤིང་གཟིར་བར་བྱེད་པ་དང་། དུམ་བུ་དུམ་བུར་བྱེད་པ་དང་། ལུས་ཅན་ཐམས་ཅད་ཕྱེ་མར་ བྱེད་ཅིང་གསད་པ་དང་། ཐམས་ཅད་རྗེས་སུ་ཆགས་པས་དགུག་པ་དང་། གཞུག་པ་དང་། གཡོ་བ་དང་། འདར་བ་དང་། དགོད་པ་དང་། སེམས་ཅན་ཐམས་ཅད་ལ་རྒྱུན་དུ་ཅ་བླར་སྨྲ་བ་དང་། སྔོན་གྱི་གནས་སོ་སོར་ཐོབ་པ་ལྟར་སྟོན་པ་དང་།
BO
དབང་དུ་བྱེད་པའི་ལས་ ཐམས་ཅད་ལ་རབ་ཏུ་སྦྱོར་བ་དང་། བྲན་དུ་བྱེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལོག་འདྲེན་དང་། འབྱུང་པོ་དང་། མ་མོ་དང་། མཁའ་འགྲོ་མ་ཐམས་ཅད་འདུལ་བར་བྱེད་པ་དང་། ནོར་སྦྱིན་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་ དང་། ནམ་མཁའ་ཐམས་ཅད་བཀའ་བསྒོ་བར་བྱེད་པ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དག་ལས་རྣམ་པར་རྒྱལ་བར་འགྱུར་བ་དང་། ཆགས་པ་ཐམས་ཅད་འཇིག་པར་བྱེད་པ་དང་། རིམས་དང་། ཡམས་དང་། དུག་དང་། མཁའ་འགྲོ་ མ་ཐམས་ཅད་ལས་གྲོལ་བར་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཆགས་པ་དང་བྲལ་བ་འབིགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་འཁོར་བ་ལ་སྐྱོ་བ་འཇིག་པར་བྱེད་པ་སྟེ། དེ་ལྟ་བུར་འདི་དག་ནི་ལྷ་མོ་ཐམས་ཅད་གྲུབ་པར་བྱེད་པར་བརྗོད་པ་ སྟེ། སྔགས་ཀྱི་རྒྱལ་པོ་འདི་དག་ཉིད་ནི་མ་བྱུང་འབྱུང་བར་མི་འགྱུར་རོ། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྟེ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་མཁའ་འགྲོ་མའི་སྒྱུ་མ་ཐམས་ཅད་དང་མཉམ་པར་སྦྱོར་བའི་རབ་ཏུ་འགྲུབ་པ་དེ་སྐད་ཅེས་བཀའ་སྩལ་ཏོ། །
BO
འདི་དག་ནི་རྡོ་རྗེ་ མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལས་ཀྱི་ཚོགས་ཐམས་ཅད་ཀྱི་ཆོ་ག་དང་། སྒྱུ་འཕྲུལ་ཆེན་མོའི་རྣམ་པར་འཕྲུལ་པའི་སྔགས་ཀྱི་ཆོ་གའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་གསང་བ་བརྗོད་པར་བྱ། ། མདོར་བསྡུས་ཕྱིར་ན་རྒྱས་པར་མིན། ། ཐམས་ཅད་སྒྱུ་མར་མཉམ་ སྦྱོར་ན། ། ལས་རྣམས་ཐམས་ཅད་མཉམ་པར་བྱེད། ། དངོས་གྲུབ་ཆེན་པོ་སྒྱུ་མ་ཀུན། ། དབང་ཕྱུག་ཐམས་ཅད་རབ་གྲུབ་པའོ། ། རིག་པ་རྣམ་པར་འཕྲོ་བྱེད་པ། ། འབྱུང་པོའི་གདོན་རྣམས་འགུགས་པར་བྱེད། ། ཧི་མ་བནྟ་སྱེ་ཨུཏྟ་རེ་ཎ་བྷ་བཙྪི་བོ་ན་མ། མ་ཧཱ་མ་སོ། སོ་བ་ ཨི་ཨ་དྷ་མ་སི་ཧྃ་བེ་ཧི་མ་སེ་ཧི་མ་སེ་ཧི་བ་ཏི་བུཛྫ་ཨི། ཨི་སོ། ནི་དོ། མ་ཧི། ནཱི་ཏོ། ཀུམྦྷ་ཀཎྜ། སིནྣ་དོ། སཱ་ག་ར་ས་སཏྱ་པ་ཌ་བེ་སིནྣ་སིནྣ་དྃ། བནྔྷཱ་མི། ཀུ་རུར་སསྶ་བི་ཌ་ལ་ས། ཏུཎྜ་བནྡྷ་མེ། ཛཱ་བ་སུ་ར་ཨུ་ད་ནི། ཛ་བ་ར་བི་པ་བྷ་ཨ་དྷི་ཨ་ཧ་ཏོ་བརྞྞ་ཨ་ནུ་བ་ད་ན་སཱ་དྷུ་ན། མ་ མ་རི་ཨ་སརྦྦ་སི་དྷ་ན་སྭཱ་ཧཱ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། ། འདིས་ལན་བདུན་དུ་མངོན་པར་བརྗོད་པས་བསྔགས་པ་བྱས་ཏེ།
BO
ཁྱིམ་གྱི་ཐོག་དུ་གཞག་ན་རྗོད་པར་བྱེད་པར་འགྱུར་རོ། ། བ་ས་ཧ་ཏོ་ལ་ཨི་མི་ཛྙ་ཨ། བ་ས་ བ་ཛ་ན་མོ་ཧི་ཨ། ཨེ་ས་བིཛྫ་ཙ་ཧ་ཨིན་མནྟ་ཨི་ཨིནྡྷ་ན། ཧ་ཨ་བཱ་ཨི་ཛ་བེ་ན་དིཎྞ་ཎི། དྷ་ཏམྤ་ཧི་མ་ཧཱ་སྭ་བ་ཨ་ན་ནེ་བཱ་དྷོ་སི། རཱ་ཛ་ཀུ་ལ་ཁཎྜ། ཌ་ཎི་ཌ། ཛེ་བཱ་ཨི་བ་དྷ། ཏ་དྷི་ཎ་ཏ་ཎ། ན་མཿསིདྷ་ན། ན་མཿཔུ་པ་ཛ་ཛ་པཱ་ད་ན། མ་ས་ཝ་རཱ་ཎེ། ཏདྱད་རེ་མ་ཧཱ་དཎྜེ་ད་ཧ་ཧེ་དུན་ཧེ་ཧེ་ སྭཱ་ཧཱ། འདིས་བྱེ་མ་ལ་ལན་བདུན་དུ་བསྔགས་པ་བྱས་ཏེ། འབྲུ་རྣམས་ལ་བཏབ་ན་ཅེ་སྤྱང་ལ་སོགས་པའི་སྲོག་ཆགས་རྣམས་ཀྱིས་མི་ཟ་ཞིང་སྤྲིན་རྣམ་པར་ཟློག་པར་བྱེད། རཏྣ་ར་ཏི། ཨོཾ་ཨ་ལ་ལ་བར་ཙུ་ལི་ལ་ཙོར་བརྒྷ་ཀ་ན་ད་ས་བཱ་མུ་ཧ་བནྔྷཱ་མི་སྭཱ་ཧཱ། ཤིང་བུ་སོར་བཞི་པ་ ལ་ལན་བདུན་དུ་བཟླས་ཏེ། རྣ་བ་གཡས་པ་ལ་བཏགས་ན་ཆོམ་རྐུན་རྣམས་རེངས་པར་བྱེད་དོ། ། ཨི་ད་སི། ཨ་ཏི་ཎི་ཛ་ཧ་ཨ་ཀ་ལི་ལོ་ཧི་དི། པིངྒ་ལེ། མ་མེ་ག་བྷ་ན་ཨི། ཨ་ཧཾ་སི་ལ་ཨུ་ས་རི་མི་ཨ་བ་ར་བྷ་ཎ་ཨི། ཨ་ཧཾ་བཱ་ད་ཨུ་སཱ་ར་མི་ཨ་བ་ར་བྷ་ཎ་མི་ཨ་ཧམ་དུ་ཧ་མི་བྷི་ཏོ་བཛྫ་ པ། མི་ལོ་ལོ་ཀ་ལི་ལོ་ཧི་དི་པངྒ་ལི་ཧཱུྃ་ཕཊ།
BO
གླང་གི་རྭ་ཡིས་བྲུས་པའི་ས་དབུས་མ་བླངས་ལ་སྔགས་འདིས་ལན་བདུན་དུ་མངོན་པར་བཏབ་སྟེ། ནགས་ཁྲོད་དང་འཇིགས་པའི་ལམ་དང་། རྒྱལ་པོས་བཀྲབས་པ་ལ་སོགས་པ་ཐམས་ཅད་ཀྱིས་གནོད་པ་བྱེད་པར་མི་འགྱུར་ཏེ། བ་གླང་ གི་གདོང་པ་ཅན་དུ་བྱས་ནས་ཆོ་ག་འདི་བྱ་སྟེ། ས་དེ་ལག་པར་གཞག་ལ། སེར་བ་འབབ་པ་ལ་སོགས་པ་ལ་བཏབ་ན། ལྡོག་པར་འགྱུར་ཏེ་འདི་ཡི་ཆོ་ག་འདིའོ། ། ཨོཾ་ཛཾ་པི་ལི་ཨ་བ་ཨ་བིཛྫི་སུ་ཏི་ཐ་ད་སི། ཨི་སུ་བྷ་དེ་སུ་བྷ་དེ་ཨོ། སོ་ཎ་ཨོ་ཨ་ཙ་ལ་ཧི་སུཎྞ་པ་ད་ནེ། ཨི་སི་ལ་བ་ད་བ་ ར་ཥ་བཛྫ་ཧི་སྭཱ་ཧཱ། སྣོད་བཟང་པོར་ཆུ་བླུགས་ཏེ། རྗེས་སུ་མཐུན་པའི་གནས་སུ་འདུག་སྟེ། ལན་བདུན་དུ་བསྔགས་ནས་ཆུ་དེ་ནམ་མཁའ་ལ་གཏོར་ན། སེར་བ་དང་རླུང་འབབ་པ་ལ་སོགས་པ་རེངས་པར་བྱེད་དོ། ། ན་ཨ་མོ་དྷེ། བྷ་ག་བ་ཏི། ཀི་བྷི་ཀུ་རེ་ཎ་ཤ་ཏྲ་ཡ། ཐ་མ་ཀེ་ཧ་ཐ་ཀ་རལ་པཱ་ ཀེ། ནི་ཏ་སྃ་རུ་བི་ཏི་བྷ་ཏུ་ཡ། རུ་ཛ་རི་ཊ་རམ་ཊ་ཀུ་ཀེ་ཏོ་ལི་ཊ་ལུ་ཡ།
BO
ལུ་ཏཾ་ཧིཥྛ་ལེ་ཀ་སི་ར་ལེ་ལོ་ཏི་གྲ་ལེ་བྷི་ཥི་ཥ་ལེ་ཎ་སི་མུ་ལེ་ཁ་ཨ་ཡ་ཐེ་སརྦྦ་ཧ་དེ་སྲ་ན་བྷུ་ཛ་ཀུ་བྷ་ན་སུ་ཐེ་ར་ཥ་ཡ་ན་པ་ཡ་ར་ཏི་ཥུ་དྷ་ཡ་ན་ཤོ་པ་དྱ་ཏི་ཏ་ཀ་སུ་ས་ལ་ཀ་ཁ་སེ་སིདྡྷ་བ་ཧཱ་ལ་ས་ཧི་པ་ཎ་སྭཱ་ཧཱ། ཆུ་ལ་ལན་བདུན་བསྔགས་ ནས་ཁ་གདོང་བཀྲུས་ན་ཐམས་ཅད་འགྲུབ་པར་བྱེད་དོ། ། རིམ་པ་བཞིན་དུ་ཧེ་རུ་ཀ་དང་འདབ་མ་རྣམས་ལ་མཁའ་འགྲོ་མ་རྣམས་བཀོད་དེ། དབུགས་མི་འབྱུང་བར་སྦྱར་བ་ལས། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། ། ཡང་ནི་རྣལ་འབྱོར་པ་རྣམས་འདིར། ། པདྨ་ལ་ནི་རབ་བསམས་ཏེ། ། ཡིད་ནི་རླབས་མེད་པར་བྱས་ཏེ། ། སྔགས་ནི་ཕོ་ཉ་མོར་སྦྱར་ན། ། དེ་ཡིས་རྟག་ཏུ་འགྲུབ་འགྱུར་བ། ། འདི་ལ་སྔགས་པ་ཐེ་ཚོམ་མེད། ། དཔལ་རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ཆེན་པོ་ལས་ལེའུ་གསུམ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། རབ་ཏུ་རྟོགས་བྱའི་ དཔའ་བོ་དྲུག ། དཔའ་མོ་དྲུག་དང་མཉམ་སྦྱོར་ཕྱིར། ། གནས་རྣམས་རེ་རེ་ཡི་གེ་སྟེ། ། དང་པོ་སྙིང་ག་ཉིད་དུའོ། ། མགོ་བོ་ལ་ནི་གཉིས་པར་བརྗོད། ། སྤྱི་གཙུག་ལ་ནི་གསུམ་པ་སྦྱིན། ། དཔུང་པ་གོ་ཆ་བཞི་པ་ཉིད། ། མིག་དག་ལ་ནི་ལྔ་པ་ཡིན། ། དྲུག་པ་ཐམས་ཅད་ལ་ནི་བརྗོད། །
BO
དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་བཞི་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། མཁའ་འགྲོ་མ་རྣམས་ཉེར་འདུས་མཆོག ། གང་དུ་མཉེས་པར་འགྱུར་བ་ཡི། ། མཁའ་འགྲོ་མ་ཀུན་རབ་སྡོམ་པའོ། ། {ཡི་དགས་,ཡི་དྭགས་}གནས་བཞིར་རབ་སྦྱར་རམ། ། ཡང་ན་རྒྱ་མཚོའི་ འགྲམ་དུ་འམ། ། ལམ་གྱི་བཞི་མདོར་རབ་བསྒྲུབ་ཅིང་། ། མཆོག་རྣམས་ཐམས་ཅད་བསྒྲུབ་པར་བྱ། ། རི་བོ་ཕུག་དང་ནགས་ཚལ་དང་། ། དེ་བཞིན་ཤིང་གཅིག་ཏུ་བརྗོད་པར། ། མཚན་མོ་འཇིགས་པའི་གཟུགས་ཀྱིས་རབ་བསྒྲུབས་ནས། ། རྣལ་འབྱོར་བླ་ན་མེད་པ་སྐྱེ་བར་འགྱུར། ། དེར་ནི་རྟག་ ཏུ་མཁའ་འགྲོ་མ་རྣམས་དང་། ། ལྷན་ཅིག་འདུག་པར་སྒྲུབ་པོ་ཐེ་ཚོམ་མེད། ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་ལྔ་པའོ། ། ། ། སྔར་སྤྱོད་ཆོ་གའི་རིམ་པ་རྣམས། ། རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། ། དཀའ་ཐུབ་རྣལ་འབྱོར་པས་མི་བྱ། ། གཞན་པ་ཀུན་དང་གནས་མི་བྱ། ། ལུས་ལ་ མཆོག་ཏུའང་མཆོད་མི་བྱ། ། བརྙས་པ་ཉིད་དུའང་མི་བྱ་སྟེ། ། སྣ་ཚོགས་རང་བཞིན་མེད་མཉམ་ལྟ། ། གསེག་མ་སོལ་བས་བསྒོས་བྱ་ཞིང་། ། ཐལ་བས་འབད་དེ་བརྒྱན་པར་བྱ། ། བཟའ་དང་བཟའ་མིན་ལ་སོགས་ལ། །
BO
སྔགས་པས་ཀུན་དུ་རྟོག་མི་བྱ། ། མེ་ཏོག་རྙེད་རྙེད་ཐམས་ཅད་ཀྱིས། ། རྟག་ ཏུ་ཕྲེང་བ་ཉིད་དུ་བྱ། ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་དྲུག་པའོ། ། ། ། དེ་ནས་གོ་ཆ་རྣམས་ཀྱི་ནི། ། ལས་ཀྱི་ཚོགས་རྣམས་བཤད་བྱ་བ། ། འཇིག་རྟེན་གསུམ་ན་བཅུད་ཡོད་གང་། ། སྨྱོ་བྱེད་འབྲས་སྐྱེས་ལ་བསྲེས་ན། ། དེ་ལ་སྐད་ཅིག་གིས་ཀུན་གྲུབ། ། གོ་ཆ་བཟླས་བཞིན་འགྲོ་ བྱེད་ན། ། ལྷ་རྣམས་ཀྱིས་ཀྱང་མི་མཐོང་ཞིང་། ། ཆོམ་རྐུན་སྟག་སོགས་ཀྱིས་མི་འཇིགས། ། གོ་ཆ་བཟློས་བཞིན་དུ་རྒྱལ་པོའི་གྲོང་དུ་བྱིན་གྱིས་བརླབས་ཏེ། ཞུགས་ན་མི་མཐོང་བར་ཡང་འདོད་པ་དེ་བླངས་ནས་སླར་ཡོད་པ་དང་། གོ་ཆ་བཟློས་བཞིན་བཟླས་པས་གང་ལ་རེག་ན་དེ་མདུད་བཞིན་དུ་ རེངས་པར་འགྱུར་རོ། ། སུམ་ཅུ་རྩ་གསུམ་པས་ཀྱང་མི་གཡོས་སོ། ། སྔགས་བཟླས་པའི་རྐང་པས་བསྣུན་ན་ནི་སླར་གྲོལ་བར་འགྱུར་རོ། ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་བདུན་པའོ། ། ། ། དེ་ནས་རྩ་བའི་སྔགས་ཀྱི་ལས་བཤད་དེ། ཤ་ལྔ་ལས་གཟུགས་བརྙན་གྱི་ རབ་ཏུ་སྦྱོར་བ་ལས་ལས་ཐམས་ཅད་བྱེད་པ་ཡིན་ཏེ། ལྷ་དང་ལྷ་མ་ཡིན་དང་། ཀླུ་དང་གནོད་སྦྱིན་ཐམས་ཅད་དང་། དྲི་ཟ་ཐམས་ཅད་དང་།
BO
ལྷའི་སྐྱེ་གནས་ཐམས་ཅད་དྲན་པ་ཉིད་ཀྱིས་མཆིའོ། ། སྤྲིན་རྣམས་སྐྲག་པར་བྱེད་པ་དང་། ཆར་འབེབས་པར་བྱེད་པ་དང་། ཟློག་པར་བྱེད་པ་དང་། རྒྱ་མཚོ་ སྐེམས་པར་བྱེད་པ་དང་། ཆུ་བོ་རྒྱུན་ཕྱོགས་ལས་ཟློག་པར་བྱེད་པ་དང་། དབང་པོ་ཟློག་པར་བྱེད་པས་དུར་ཁྲོད་ཀྱི་སོལ་བ་ལ་ཇི་ཙམ་འདོད་པ་བཟླས་ནས་གང་ལ་བསྣུན་ན། དེ་དེའི་སྐད་ཅིག་མ་ཉིད་ལ་ལྟུང་ངོ་། ། དུར་ཁྲོད་ཀྱི་སོལ་བ་ལ་ཡོངས་སུ་བཟླས་ཏེ། གང་ལ་བསྣུན་ན་དེ་དེའི་སྐད་ཅིག་ ཉིད་ལ་ཤ་ཟས་འཛིན་ནོ། ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་བརྒྱད་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། མཁའ་འགྲོ་མ་ཡི་སྤྱོད་པ་སྟེ། ། དཔའ་བོའི་དཔའ་དང་ཆ་བླངས་མ། ། གང་གིས་ཕོ་ཉར་ཤེས་བྱས་ཏེ། ། དཔའ་བོས་མཛེས་མ་སྤྱད་པར་བྱ། ། ས་ནི་ རྟེན་དུ་བྱས་ནས་ནི། ། དམ་པའི་སྤྱོད་པའི་བཟླས་བརྗོད་བྱ། ། རིམ་ལས་བཟློག་པའི་ལྡང་ཚུལ་དང་། ། ཁ་ཡི་རང་བཞིན་འཇིགས་བག་ཅན། ། རྟག་ཏུ་སྨྱོན་མ་བསུས་པའི་གདོང་། ། ཆོས་ཀྱི་རིམ་པ་མྱུར་ཤེས་པ། ། མཁའ་འགྲོ་མ་ཡི་རྣམ་སྤྱོད་ཡིན། ། རི་མོ་གསུམ་པོ་ཡོངས་ཟླུམ་པོར། ། རིམ་དང་རིམ་བཟློག་ཇི་བཞིན་ཤེས། ། འགྲོ་དང་འོང་བས་མཁའ་འགྲོ་མའི།
BO
། མཚན་མ་ཀུན་གྱི་མཚན་ཉིད་དོ། ། དགྲོལ་ལས་བཞིན་གྱི་གཉེར་མ་ཅན། ། ཇི་ཞིག་གིས་ནི་སླར་ལྡོག་བྱེད། ། དེ་ལས་རྡོ་རྗེའི་དགུག་པ་གསལ། ། དེ་དབྱངས་ཀོ་ཀི་ལ་ཡི་སྐད། ། རྣལ་འབྱོར་དམ་པ་དེ་ལྟའི་དངོས། ། ཤེས་པར་བྱས་ན་དངོས་གྲུབ་སྟེར། ། དེ་ལ་མཚན་ཉིད་བསམ་བྱས་ན། ། དེ་ཡིས་དེ་ཡི་དངོས་པོར་འགྱུར། ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་དགུ་པའོ། ། ། ། དངོས་གྲུབ་ཀུན་ནི་རབ་སྟེར་བ། ། ང་ཡིས་བཤད་ཀྱིས་ལྷ་མོ་ཉོན། ། ལུས་ངག་སེམས་ལ་རྟག་ཏུ་ནི། ། ཡིད་ཀྱི་རྡུལ་ དང་བྲལ་བར་བྱ། ། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། ། ལུས་ཀྱི་དཀྱིལ་འཁོར་རྣམ་བསམ་པར། ། གང་དུའང་ཕོ་ཉ་མོ་གནས་མིན། ། ཡོངས་སུ་བསྒོམས་པས་འོང་མིན་གྱི། ། དད་པ་ཙམ་གྱིས་གཟུང་བྱ་སྟེ། ། མིག་དང་ལག་པས་མ་ཡིན་ནོ། ། གསང་བ་འདི་གསལ་མི་བྱ་ཞིང་། ། རབ་ཏུ་ འབད་དེ་སྦ་བར་བྱ། ། རྣལ་འབྱོར་མ་རྣམས་ཀུན་བསྡུས་ལྟ། ། དེ་ཕྱིར་ལུས་ཉིད་དུ་མི་བལྟ། ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་བཅུ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཏེ། ། དམ་ཚིག་རབ་བསྲུངས་རབ་འགྲུབ་སྟེ། །
BO
དམ་ ཚིག་ལས་ནི་སྔགས་པར་གནས། ། རྟག་ཏུ་འབྲས་སྐྱེས་སྟོབས་བརྟེན་ཅིང་། ། རྣལ་འབྱོར་མ་རྣམས་སྨད་མི་བྱ། ། རྗེས་སུ་འཇུག་རྣམས་མི་བཟློག་གོ། ། དམ་ཅན་མི་རྣམས་ལ་མི་སྨད། ། བརྩོན་ལྡན་རྣམས་ལ་གནོད་མི་བྱ། ། འདི་རྣམས་དང་ལྡན་ཅིག་བདེར་བྱ། ། གྲོལ་བར་འདོད་པ་དེ་དོན་དུ། ། དམ་ཚིག་རྣམས་ནི་སྤྱད་པར་བྱ། ། སངས་རྒྱས་རྣམས་ཀྱིས་གསུངས་པ་ལ། ། ཅུང་ཟད་ཙམ་ཡང་སྨད་མི་བྱ། ། ཁྲོས་ཏེ་རབ་སྦྱོར་འགའ་མི་བྱ། ། སྔགས་ལ་སྦྱར་བར་མི་བྱའོ། ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་བཅུ་གཅིག་པའོ། ། ། ། རྡོ་རྗེ་མཁའ་འགྲོ་སྒྲུབ་པའི་ཐབས། ། ང་ཡིས་བཤད་ཀྱིས་ལྷ་མོ་ཉོན། ། དང་པོར་བསྒོམ་བྱ་རོ་ཉིད་དེ། ། ཆོས་དབྱིངས་དག་ཏུ་རིག་པར་བྱ། ། དེ་ཡི་སྟེང་ནུས་རྣལ་འབྱོར་པ། ། གོ་འཕང་མཆོག་ནི་བསྒོམ་བྱས་ཏེ། ། དེ་ཉིད་དུ་ནི་རྣམ་པར་དགོད། ། རང་གི་སྙིང་གའི་ཟླ་དབུས་སུ། ། འོད་ལས་ལྷ་མོ་ཀུན་ཕྱུང་བ། ། ཕྱག་འཚལ་མཆོད་ སོགས་འདི་ལྟར་གསུངས། ། དང་པོར་སྙིང་གར་ཟླ་དབུས་སུ། ། ཡི་གེ་ཨ་ཡིས་ཟླ་དཀྱིལ་འཁོར། ། རྣམ་པར་བསམས་ལ་དེ་སྟེང་དུ། ། ཡི་གེ་ཧཱུྃ་ནི་རྣམ་པར་བསྒོམ། ། དེ་ནས་བྱམས་པའི་སེམས་བྱས་ཏེ། །
BO
དེ་ནས་རེ་ཞིག་དཀྱིལ་འཁོར་བྲི། ། གྲུ་བཞི་པ་ལ་སྒོ་བཞི་པ། ། ཁ་ཁྱེར་རྡོ་རྗེས་ ངེས་པར་མཚན། ། སྐུད་པ་བཞི་དང་ཡང་དག་ལྡན། ། འཕན་གྱི་ཕྲེང་བ་ཤིན་ཏུ་མཛེས། ། དཀྱིལ་འཁོར་ཀུན་གྱི་གྲྭ་རྣམས་དང་། ། སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། ། རྡོ་རྗེ་རིན་པོ་ཆེས་མཚན་པར། ། དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། ། ཤེས་རབ་ཅན་གྱིས་ཐིག་གདབ་བོ། ། འཁོར་ ལོའི་ཕྲེང་བས་རྣམ་པར་མཛེས། ། དེ་ནང་དུ་ཡང་པདྨ་ནི། ། མདོག་དཀར་རབ་ཏུ་མཛེས་པ་བྲི། ། གཞན་ཡང་དེ་ཡི་སྟེང་དུ་ནི། ། མདོག་དམར་པདྨ་འོད་དང་ལྡན། ། པདྨའི་ཕྲེང་བས་བསྐོར་བས་སོ། ། སྔགས་པས་དེ་ཡི་ནང་དུ་ཡང་། ། རྡོ་རྗེ་ཕྲེང་བ་འཁྲིགས་པར་བྲི། ། ཡང་ན་པད་ཆེན་འདབ་བརྒྱད་ པ། ། ཨིནྡྲ་ནཱི་ལའི་འོད་མཉམ་པའོ། ། དེ་དབུས་དཀྱིལ་འཁོར་ལྔས་བརྒྱན་པར། ། གཡས་ན་རྡོ་རྗེ་གཙོ་བོ་བཞུགས། ། རི་རབ་རི་ཡི་སྟེང་དུ་ནི། ། སྣ་ཚོགས་གཟུགས་ཅན་ཡིད་འོང་བ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། ། ཐམས་ཅད་བདག་ལ་དགོངས་སུ་གསོལ། ། བདག་མིང་ཆེ་གེ་མོ་ཞེས་ པ། ། དུས་འདི་ནས་ནི་བཟུང་ནས་ནི། ། ཇི་སྲིད་བྱང་ཆུབ་མ་ཐོབ་པར། ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །
BO
བྱང་ཆུབ་ཏུ་ནི་ངེས་མཛད་པའི། ། བླ་ན་མེད་པའི་བྱང་ཆུབ་སེམས། ། དམ་པ་བདག་གིས་བསྐྱེད་པར་བགྱི། ། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། ། དགེ་བའི་ཆོས་ནི་སྡུད་པ་དང་། ། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། ། བདག་གིས་བརྟན་པོར་སོ་སོར་གཟུང་། ། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། ། སངས་རྒྱས་ཆོས་དང་དགེ་འདུན་ལ། ། བླ་ན་མེད་པའི་དཀོན་མཆོག་གསུམ། ། དེང་ནས་བརྩམས་ཏེ་གཟུང་བར་བགྱི། ། རྡོ་རྗེ་རིགས་མཆོག་ཆེན་པོ་ལ། ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག ། ཡང་དག་ཉིད་དུ་གཟུང་བར་བགྱི། ། སློབ་དཔོན་དག་ཀྱང་གཟུང་བར་བགྱི། ། རིན་ཆེན་རིགས་མཆོག་རྣལ་འབྱོར་ལ། ། དམ་ཚིག་ཡིད་དུ་འོང་བ་ནི། ། ཉིན་རེ་ཞིང་ནི་ཡང་དང་ཡང་། ། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། ། བྱང་ཆུབ་ཆེན་པོ་ལས་བྱུང་བའི། ། པདྨའི་རིགས་ཆེན་དག་པ་ལ། ། ཕྱི་ནང་གསང་བ་ ཐེག་པ་གསུམ། ། དམ་པའི་ཆོས་རྣམས་སོ་སོར་གཟུང་། ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། ། སྡོམ་པ་ཐམས་ཅད་ལྡན་པར་ནི། ། ཡང་དག་ཉིད་དུ་གཟུང་བར་བགྱི། ། མཆོད་པའི་ལས་ཀྱང་ཅི་ནུས་བགྱི། ། བྱང་ཆུབ་སེམས་ནི་བླ་ན་མེད། ། དམ་པ་བདག་གིས་བསྐྱེད་པར་བགྱི། ། སེམས་ཅན་ ཀུན་གྱི་དོན་གྱི་ཕྱིར།
BO
། སྡོམ་པ་ཐམས་ཅད་གཟུང་བགྱི་ཞིང་། ། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། ། མ་གྲོལ་བ་རྣམས་བདག་གིས་དགྲོལ། ། དབུགས་མ་ཕྱིན་པ་བདག་གིས་དབྱུང་། ། སེམས་ཅན་མྱ་ངན་འདས་ལ་དགོད། ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་ཐམས་ཅད་བདག་ མེད་པ་གནས་གཞི་དང་ངན་པར་བྲལ་བར་བལྟས་ཏེ། དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། ཁ་དོག་སྔོན་པོ་དྲག་པོ་ཆེ། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། ཕྱག་བཞི་པ་ལ་ཞལ་བཞི་པ། ། སྤྱན་གསུམ་གྱིས་ནི་རྣམ་པར་མཛེས། ། {ཡི་དགས་,ཡི་དྭགས་}ཆེན་པོ་གདན་ དུ་མཛད། ། ཉི་མ་ལ་བཞུགས་གར་བཅས་མཛད། ། ཐོད་པ་དང་ནི་ཁ་ཊྭཱཾ་ག ། གཞུ་དང་དེ་བཞིན་གཞན་མདའོ། ། དེ་ལྟའི་ཆོ་གའི་རིམ་པ་འདི། ། ཡེ་ཤེས་ཀྱི་ནི་རྣམ་པར་བསྒོམ། ། ཤར་དུ་དཀར་པོ་སྔོ་མདངས་ཅན། ། གཡོན་ན་ཁ་ཊྭཱཾ་ག་དྲིལ་བུ། ། རྡོ་རྗེ་ཐོད་པ་དེ་བཞིན་གཞན། ། བྱང་ན་དམར་པོའམ་ ཅུང་ཟད་སེར། ། གཡོན་ན་ཁ་ཊྭཱཾ་ག་ཞགས་པ། ། ཕྱག་གཡས་ཅང་ཏེའུ་ཐོད་པ་ཉིད། ། ནུབ་ན་དམར་བའམ་ཅུང་ཟད་སེར། ། འབད་པས་མདའ་དང་གཞུ་འཛིན་ཅིང་། ། ཐོད་པ་སྣ་ཚོགས་པདྨ་དག ། གཡས་དང་གཡོན་གྱི་ཕྱག་ནའོ། །
BO
ལྷོ་ན་དཀར་བའམ་སེར་བའམ། ། གཡོན་ཕྱག་རྩེ་གསུམ་ རིན་པོ་ཆེ། ། གཡས་ན་དེ་བཞིན་ཐོད་པའོ། ། གླང་པོ་དང་ནི་ཅེ་སྤྱང་དང་། ། མི་དང་བ་ལང་ཉིད་དག་ནི། ། ཐོད་པ་རྣམས་ན་ཆོ་ག་བཞིན། ། དང་པོར་ལྟུང་བར་བྱེད་མ་ཉིད། ། གཉིས་པ་གསོད་མར་བྱེད་མ་སྟེ། ། གསུམ་པ་འགུགས་མར་བྱེད་མའོ། ། བཞི་པ་གར་གྱི་དབང་ཕྱུག་མའོ། ། རིག་མ་དེ་ དག་དབུ་སྐྲ་ནི། ། གྱེན་དུ་འབར་ཞིང་རྒྱན་རྣམས་ཀྱིས། ། བརྒྱན་ནས་གར་མཛད་བཞུགས་པའོ། ། མཚམས་བཞིར་གནས་པའི་ཐོད་པར་ནི། ། སངས་རྒྱས་གཟུགས་ལྔས་ཉེ་བར་བརྒྱན། ། བཏུང་བ་མཆོག་དང་ཡང་དག་ལྡན། ། དང་པོར་ཡི་གེར་ཡང་དག་ལྡན། ། སྐད་ཅིག་ལས་ནི་ འབར་བར་བསམ། ། ལྷ་མོ་དེ་ལྟར་བསྒོམ་བྱས་ནས། ། འབྲས་བུ་ནོར་གྱི་དངོས་གྲུབ་འཐོབ། ། རིག་པ་ཆེན་པོ་སྦྱོར་འགྲུབ་པ། ། ཡང་དག་མངོན་སུམ་རབ་ཏུ་བསྒོམ། ། མི་སྣང་བར་གནས་ཐམས་ཅད་བདག ། རྣལ་འབྱོར་པས་ནི་ཡུད་ཀྱིས་མཐོང་། ། ལྷ་མཆོག་ལས་སྐྱེས་བུ་མོ་རྣམས། ། སངས་ རྒྱས་ཀུན་ལ་འཕྲོགས་ནས་སྤྱོད། ། རྡོ་རྗེ་གསུམ་གྱི་གནས་བཞུགས་པའི། ། སངས་རྒྱས་གང་གཱའི་བྱེ་མཉམ་རྣམས། ། རང་ལག་སྐྱུ་རུ་ར་བཞག་བཞིན། ། རྡོ་རྗེ་མིག་གིས་མཐོང་བར་འགྱུར། །
BO
གང་གཱའི་བྱེ་མཉམ་སངས་རྒྱས་ཞིང་། ། སྐུ་གསུང་ཐུགས་རྣམས་ཀྱིས་མཚན་པའི། ། སེམས་དངོས་ གར་མཁན་དངོས་པོ་ནི། ། ཐམས་ཅད་བདག་ཉིད་དུ་མཐོང་འགྱུར། ། རྒྱུད་དང་སྔགས་རྣམས་རྣམ་བསྒོམས་པ། ། ཡི་གེ་ཕྱིན་ཅི་ལོག་ཏུ་སྦྱར། ། མཆོག་ཏུ་གསང་བ་འདི་དག་ནི། ། ཁྱོད་ལ་ལེགས་པར་བཤད་པ་ཡིན། ། མཁའ་འགྲོ་མ་ཀུན་མཉམ་སྦྱོར་བའི། ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། བཅོམ་ལྡན་རྡོ་རྗེས་དེ་སྐད་གསུངས། ། འདི་དག་ནི་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས། རྡོ་རྗེ་མཁའ་འགྲོ་ཆེན་པོ་བཞེངས་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་དངོས་གྲུབ་ཀུན་སྟེར་བ། ། གང་གིས་དངོས་གྲུབ་མྱུར་བྱེད་ཅིང་། ། ཐེ་ ཚོམ་མེད་པར་བསྐྱེད་པ་ཡི། ། མཁའ་འགྲོ་མ་ཡི་སྙིང་པོ་བཤད། ། མཚན་མ་གཉིས་ལ་སྔགས་མཉམ་སྦྱར། ། དཔའ་བོ་མཁའ་འགྲོ་མ་གཉིས་མེད། ། རབ་ཏུ་སྦྱོར་བའི་དོན་འདི་དག ། རྣལ་འབྱོར་མ་ལ་རབ་ཏུ་བསྒྲུབ། ། དེ་ལས་འགྲུབ་པར་རབ་ཏུ་གྲགས། ། ལྷ་དང་ ལྷ་མིན་མིར་བཅས་རྣམས། ། བསྒྲུབ་བྱ་རྣམས་ནི་མྱུར་བར་འདིས། ། ཇི་བཞིན་རྟག་ཏུ་ཉེ་བ་དང་། ། རིང་ཡང་དེ་བཞིན་མྱུར་བསྐྱེད་དེ། །
BO
འདི་དག་ཉེ་བར་འགྱུར་བ་ནི། ། དེ་ཡི་གཟུགས་སྐུ་འགུགས་པར་བྱེད། ། པདྨའི་ལྟེ་བར་རབ་གནས་ལ། ། དབུགས་ཀྱི་བརྡ་ཡིས་བསྒོམ་པར་བྱ། ། དེར་ནི་སྣ་ཚོགས་སྐུ་བསམས་ཏེ། ། སྣ་ཚོགས་སྐུ་ལ་མཆོད་བྱ་ཞིང་། ། བྱང་ཆུབ་སེམས་ནི་རྟོགས་བྱས་ནས། ། བདག་ཉིད་རབ་ཏུ་སྦྱར་བར་བྱ། ། མཁའ་འགྲོ་མ་དང་མཉམ་སྦྱོར་བ། ། དེ་ལ་མཁའ་བཞིན་གནས་པར་བྱ། ། འབྱུང་གནས་ཐམས་ཅད་དེ་ལྟ་ཉིད། ། དེར་ནི་མཁའ་འགྲོ་མ་ཀུན་ ནོ། ། གནས་སོགས་འབྱུང་གནས་མཁའ་འགྲོ་མ། ། ཡུལ་རྣམས་ཀུན་ལ་གནས་པ་ཡིན། ། ཡུལ་ཡུལ་དུ་ནི་སྐྱེས་ལྡན་མ། ། རང་སྐྱེའི་གནས་སུ་ཡང་དག་བཤད། ། དཀྱིལ་འཁོར་ལ་ཞུགས་མཁའ་འགྲོ་མ། ། དེ་ནས་མཚན་མོ་ཤར་ནས་བཟའ། ། དེ་ཡིས་མཉམ་པར་རབ་སྦྱར་ནས། ། སྔགས་པས་རྟག་ཏུ་རབ་བསྒྲུབ་བྱ། ། དེར་ནི་རོལ་པ་ཆེན་སྤྱོད་ཅིང་། ། ཐམས་ཅད་སྒྱུ་མ་ལྟ་བུར་བསྒྲུབ། ། དམ་ཚིག་རང་བཞིན་དུ་བྱས་ནས། ། དེ་ལ་སྡོམ་པ་རབ་སྐྱེ་བ། ། སྣང་མེད་དགའ་བར་རང་རིག་པའོ། ། དེ་དག་ནི་དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ལེའུ་བཅུ་གསུམ་ པའོ། ། ། ། དེ་ནས་ཡང་དག་བཤད་བྱ་བ། ། མ་མོའི་དཀྱིལ་འཁོར་དགེ་བ་དང་། ། ལྷ་རྣམས་ཀུན་གྱི་སྒྲུབ་ཐབས་ཀུན། །
BO
ཕོ་ཉ་རྣམས་ཀྱི་ཁྱད་པར་དང་། ། འབྱུང་པོ་གདོན་དང་རིག་པ་ཆེ། ། ལུས་སྲུལ་པོ་ནི་གང་ཞིག་དང་། ། དེ་བཞིན་སྔགས་ཀྱི་ཕྲེང་བ་དང་། ། དེ་ལྟར་བཤད་ཀྱིས་ལྷ་མོ་ ཉོན། ། གྲུ་བཞི་པ་ལ་སྒོ་བཞི་པ། ། སྒོ་སྐྱོང་རྣམས་དང་ཡང་དག་ལྡན། ། དངོས་གྲུབ་ཡོན་ཏན་ཀུན་གྱི་གཞི། ། དཀྱིལ་འཁོར་མཛེས་པར་བྲི་བར་བྱ། ། འདོད་པའི་ཡོན་ཏན་ལྔ་དང་ལྡན། ། ཉེ་བར་སྤྱོད་པ་ལྔ་ཡིས་བརྒྱན། ། རི་མོ་མཁན་ནི་དམ་ཚིག་ཅན། ། སྒྲུབ་པོ་མཆོག་གིས་འདྲི་རུ་ གཞུག ། རོ་ལ་དཀྲིས་པའི་རས་དག་གམ། ། ཡང་ན་མཚོན་གྱིས་བཏབ་པའི་ཟས། ། འབྱུང་པོ་དག་གི་རས་དག་ནི། ། བ་གླང་ཀོ་བ་ཙམ་ཞིག་ལ། ། ནག་པོའི་བརྒྱད་དམ་བཅུ་བཞི་ལ། ། འབྱུང་པོ་རྣམས་ཀྱི་དཀྱིལ་འཁོར་བསྒྲུབ། ། དེ་ནས་འབུམ་གཅིག་བཟླས་བྱིན་ན། ། མདུན་དུ་མངོན་སུམ་ཉིད་དུ་འགྱུར། ། ཚངས་པ་ མོ་དང་ཤིས་བྱེད་མ། ། གཞོན་ནུ་མ་དང་ཕག་མོ་དང་། ། དབང་པོ་མ་དང་རྒན་བྱད་མ། ། ཚོགས་ཀྱི་དབང་ཕྱུག་མ་དང་ནི། ། བྱིན་ཟ་ཡི་ནི་བདག་ཅན་མའོ། ། རིམ་པ་གཉིས་པ་དག་ལ་ནི། ། ཚངས་དང་གཤིན་རྗེ་ཆུ་ལྷ་དང་། ། ནོར་སྦྱིན་དང་ནི་{ཡི་དགས་,ཡི་དྭགས་}དང་། ། བྱིན་ཟ་དང་ནི་དབང་ལྡན་དང་། །
BO
བདེན་བྲལ་དེ་བཞིན་ རླུང་ལྷའོ། ། རིམ་པ་གསུམ་པ་དག་ལ་ནི། ། ཉི་མ་དང་ནི་ཟླ་བ་དང་། ། མིག་དམར་དང་ནི་གཟའ་ལག་དང་། ། ཕུར་བུ་དང་ནི་པ་བ་སངས། ། སྤེན་པ་སྒྲ་གཅན་འཛིན་དག་གོ། ། རིམ་པ་བཞི་ལ་སྒོ་བཞིར་ནི། ། ཚངས་དང་ཁྱབ་འཇུག་དེ་བཞིན་དུ། ། དྲག་པོ་དང་ནི་ཀརྟི་ཀ། ། ས་དང་ཆུ་དང་མེ་དང་རླུང་། ། འབྱུང་བ་ ཆེན་པོ་བཞི་རྣམས་སོ། ། རིམ་པ་དང་པོའི་དབུས་ཉིད་ཀྱི། ། ཕྱོགས་བཞི་དང་པོར་མཁའ་འགྲོ་མ། ། མར་མེ་མ་དང་མཛེས་པ་མོ། ། འཇིགས་བྱེད་མ་དང་དེ་བཞིན་དུ། ། དབུས་སུ་ཁྱབ་བདག་ཉིད་གནས་སོ། ། ཡང་དག་མཐའ་ལས་མཐར་འགྱུར་བའི། ། རང་བཞིན་གྱིས་ནི་ཆོ་ག་བཞིན། ། རྣལ་འབྱོར་པས་ནི་ བསྒྲུབ་པར་བྱ། ། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། ། ཕྱི་ཡི་དཀྱིལ་འཁོར་དེ་བཞིན་བྲི། ། དབུས་སུ་ཡོངས་སུ་ཟླུམ་པོ་རུ། ། རི་མོ་ཤིན་ཏུ་མཛེས་པས་བསྐོར། ། ལྟེ་བ་སྦས་པའི་སྤྱོད་ཡུལ་ཅན། ། པདྨ་འདབ་བརྒྱད་བྲི་བར་བྱ། ། དེ་དབུས་ཁྲོ་བོ་ཆེན་པོ་ནི། ། ཞལ་གཅིག་པ་ལ་ཕྱག་བཞི་པ། ། མཆེ་བ་ ཅུང་ཟད་གཙིགས་པ་ཅན། ། ཅུང་ཟད་བཞད་པའི་ཞལ་དང་ལྡན། ། ཁ་དོག་སྔོན་པོ་གཙིགས་པ་ཆེ། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །
BO
རོ་གཅིག་གར་ལྡན་ཉི་མར་བཞུགས། ། ལྷ་རྣམས་འཇིགས་པར་མཛད་པ་པོ། ། སྟག་གི་པགས་པའི་སྨད་དཀྲིས་ཅན། ། སྤྱན་གསུམ་གཟུགས་མཆོག་དང་ ལྡན་པ། ། རྡོ་རྗེ་འབར་བ་ཕྱག་གཡས་ན། ། འཕན་ལྕེ་གསུམ་པ་གཡོན་ནའོ། ། མདའ་གཞུ་དེ་བཞིན་གཡས་གཡོན་ཕྱག ། མཁའ་འགྲོ་མ་ནི་ཤར་དུ་བྲི། ། ལྷོ་རུ་འཇིགས་བྱེད་མ་ཉིད་དེ། ། ནུབ་ཏུ་ལྷ་མོ་མཛེས་མའོ། ། བྱང་དུ་མར་མེ་མ་དགོད་དོ། ། ཡི་གེ་ཧྲཱིཿལས་བྱུང་བ་ཡི། ། ཕག་མོ་ཞལ་གཅིག་ ཕྱག་བཞི་མ། ། མདའ་གཞུ་དང་ནི་དེ་བཞིན་དུ། ། རྒྱལ་མཚན་དང་ནི་ཐོད་པ་ཉིད། ། ཁ་དོག་སྔོན་མོ་འཇིགས་ཆེན་མོ། ། ཕག་གི་གདོང་པས་འཇིགས་པར་མཛད། ། ཡི་གེ་ཕཊ་ལས་ཤིས་བྱེད་མ། ། ཁ་དོག་དམར་མོ་ཕྱག་བཞི་མ། ། ཐོད་པ་དང་ནི་ལྕགས་ཀྱུ་ཉིད། ། དེ་བཞིན་ཁ་ཊྭཱཾ་ཅང་ཏེའུ། ། ཡི་གེ་ཧ་ལས་ གཞོན་ནུ་མ། ། ཁ་དོག་སེར་མོ་ཕྱག་བཞི་མ། ། རྩེ་གསུམ་དང་ནི་འཕན་ལྕེ་གསུམ། ། དེ་བཞིན་གཞུ་དང་མདའ་ཉིད་དོ། ། ཧོ་ཡིག་ལས་ནི་རྒན་བྱད་མ། ། ཁ་དོག་ནག་མོ་ཕྱག་བཞི་མ། ། ཁ་ཊྭཱཾ་ག་དང་ཐོད་པ་ཉིད། ། དེ་བཞིན་རལ་གྲི་ཅང་ཏེའུ། ། བྃ་ཡིག་ལས་བྱུང་ཚངས་པ་མོ། ། ཁ་དོག་དཀར་མོ་ཕྱག་བཞི་མ། ། པདྨ་དང་ནི་ ཐོད་པ་ཉིད། །
BO
དེ་བཞིན་གཞན་ན་གཞུ་དང་མདའ། ། གྷ་ཡིག་ལས་བྱུང་ཚོགས་དབང་མོ། ། སྔོ་བསངས་མདོག་ལ་ཕྱག་བཞི་མ། ། རྩེ་གསུམ་དེ་བཞིན་ཐོད་པ་དང་། ། བགྲང་ཕྲེང་དང་ནི་ལ་དུའོ། ། པྃ་ཡིག་ལས་ནི་ཁྱབ་འཇུག་མ། ། ཁ་དོག་སྔོན་མོ་ཕྱག་བཞི་མ། ། དབྱུག་ཏོ་དང་ནི་ཐོད་པ་འཛིན། ། དེ་བཞིན་ ཞགས་པ་རལ་གྲི་བཞིན། ། ཡི་གེ་ལས་བྱུང་དབང་པོ་མ། ། ཁ་དོག་སེར་མོ་ཕྱག་བཞི་མ། ། རྡོ་རྗེ་གསལ་ཤིང་ཐོད་པ་དང་། ། སྡིགས་མཛུབ་དང་ནི་ཞགས་པའོ། ། ཀུན་ཀྱང་དབུ་སྐྲ་གྱེན་དུ་འབར། ། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། ། སྤྱན་གསུམ་དང་ནི་རོ་ལ་ཞོན། ། སྟག་གི་པགས་པའི་སྨད་དཀྲིས་ཅན། ། ཤར་གྱི་སྒོ་ནི་ཚངས་པ་བྲི། ། ཁ་དོག་དཀར་པོ་ཞལ་བཞི་པ། ། ཐོད་པ་དང་ནི་བགྲང་ཕྲེང་དང་། ། གནྡྷ་དང་ནི་པདྨའོ། ། བྱང་དུ་དེ་བཞིན་ཁྱབ་འཇུག་སྟེ། ། ཁ་དོག་ནག་པོ་ལག་བཞི་པ། ། རལ་གྲི་དེ་བཞིན་འཁོར་ལོ་དང་། ། ཐོད་པ་དང་ནི་དབྱུག་པའོ། ། ལྷོ་རུ་དྲག་མོ་བྲི་བྱ་སྟེ། ། དུ་བའི་མདོག་ལ་ལག་ བཞི་པ། ། རྩེ་གསུམ་ཉིད་དང་ཀ་པཱ་ལ། ། དེ་བཞིན་ཞགས་པ་བགྲང་ཕྲེང་འཛིན། ། ནུབ་ཏུ་ཀརྟི་ཀ་བྲི་སྟེ། ། ཁ་དོག་སེར་པོ་ལག་བཞི་པ། ། དཔའ་བོ་གསལ་ཤིང་དབྱུག་པ་དང་། །
BO
དེ་བཞིན་ཐོད་པ་བགྲང་ཕྲེང་འཛིན། ། དབང་ལྡན་ཁྱུ་མཆོག་ལ་ཞོན་པ། ། ཁ་དོག་དཀར་པོ་ལག་བཞི་པ། ། ཐོད་ པ་དང་ནི་རྩེ་གསུམ་འཛིན། ། དེ་བཞིན་གཞན་ནི་ཐལ་མོ་སྦྱར། ། གླང་པོ་ཞོན་པ་དབང་པོ་སྟེ། ། ཁ་དོག་སེར་པོ་ལག་བཞི་པ། ། རྡོ་རྗེ་དང་ནི་ཐོད་པ་འཛིན། ། གཞན་ནི་ཐལ་མོ་ཁ་སྦྱར་བྱེད། ། ར་སྐྱེས་ཞོན་པ་མེ་ཕྱོགས་འཛིན། ། ཁ་དོག་དམར་པོ་ལག་བཞི་པ། ། མེ་ཐབ་དང་ནི་ཐོད་པར་ ལྡན། ། སྐྲག་ནས་གཞན་ནི་ཐལ་མོ་སྦྱར། ། གཤིན་རྗེ་མ་ཧེ་ལ་ཞོན་པ། ། ཁ་དོག་ནག་པོ་ལག་བཞི་པ། ། དབྱུག་པ་དང་ནི་ཐོད་པ་འཛིན། ། དེ་བཞིན་སྐྲག་ནས་ཐལ་མོ་བྱེད། ། བདེན་བྲལ་དང་ནི་ཁྱི་ལ་ཞོན། ། ཁ་དོག་ལྗང་གུ་ལག་བཞི་པ། ། རལ་གྲི་ཉིད་དང་ཐོད་པ་འཛིན། ། སྐྲག་ནས་གཞན་དག་ཐལ་མོ་སྦྱོར། ། ཆུ་ཡི་ཕྱོགས་ནི་ཆུ་སྲིན་ཞོན། ། ཁ་དོག་དཀར་པོ་ལག་བཞི་པ། ། ཞགས་པ་དང་ནི་ཐོད་པར་ལྡན། ། གཞན་དག་ཐལ་མོ་ཁ་སྦྱོར་བྱེད། ། རླུང་ནི་{རི་དགས་,རི་དྭགས་}ཞོན་པ་སྟེ། ། དུ་བའི་མདོག་ཅན་ལག་བཞི་པ། ། བ་དན་དང་ནི་ཐོད་པར་ལྡན། ། དེ་བཞིན་གཞན་ནི་ཐལ་མོ་སྦྱོར། ། ནོར་སྦྱིན་ན་ནི་གཏེར་ལ་ཞོན། ། ཁ་དོག་སེར་ པོ་ལག་བཞི་པ། ། རིན་པོ་ཆེ་དང་ཐོད་པར་ལྡན། །
BO
གཞན་དག་ཐལ་མོ་སྦྱར་བའོ། ། གཟའ་དང་རྒྱུ་སྐར་ཐམས་ཅད་ནི། ། སོ་སོའི་དཀྱིལ་འཁོར་ལ་བསམ་བྱ། ། རང་གི་དམ་ཚིག་ལས་བྱུང་བ། ། སྟོབས་པོ་ཆེ་ལ་རྫུ་འཕྲུལ་ལྡན། ། མ་མོ་ཀུན་གྱི་ཡང་མ་མོ། ། དེ་བཞིན་རིག་པར་གྱུར་པའི་མཆོག ། ཉོན་ཅིག་ལྷ་མོ་ཆེ་ ཆེན་མོ། ། གཏོར་མ་རེ་རེས་གཟུང་བར་བྱ། ། དངོས་གྲུབ་ཐམས་ཅད་རབ་སྟེར་བའི། ། རྟག་ཏུ་རྣལ་འབྱོར་གར་སྤྱོད་ན། ། དེ་ལ་འབད་པས་ཁུར་བྱེད་པའི། ། ཕོ་ཉའི་སྒྲུབ་ཐབས་རབ་བཤད་པ། ། རྒྱུད་རྣམས་ཀུན་ནས་རྙེད་དཀའ་བའི། ། དེ་ཡིས་ལྡན་བྱས་དངོས་གྲུབ་འགྱུར། ། རྣལ་འབྱོར་གཅིག་པས་རྟག་ གནས་པས། ། འཁོར་བའི་སྐྱོན་དང་ངེས་པར་གྲོལ། ། ཕོ་ཉ་མོར་ཆགས་རྟག་པར་གྲོལ། ། མཆོག་གི་རིམ་པས་སྤྱད་པར་བྱ། ། བསྙེན་བཀུར་ཙམ་ནི་བྱ་མིན་གྱི། ། སྐྱེ་གནས་དམན་པའང་དགའ་བདེའི་གནས། ། མ་དང་སྲིང་མོ་བུ་མོ་དང་། ། ཆུང་མ་ཡང་ནི་ཕོ་ཉར་གནས། ། འཇིག་རྟེན་ལ་རྟག་གཡོན་པས་ སྤྱོད། ། རྐང་པ་གཡོན་པ་སྔོན་དུ་འདོར། ། ལག་པ་གཡོན་པས་ཡོངས་སུ་བསྒྱུར། ། གཡོན་པ་དང་པོར་མཆོད་པར་བྱ། ། གཡོན་པ་ཕྱོགས་ཀྱིས་བསྒྱུར་བྱ་ཞིང་། ། གཡོན་པས་འབད་པས་ཚིམ་པར་བྱེད། །
BO
དཔལ་རྡོ་རྗེ་མཁའ་འགྲོའི་སྙིང་པོའི་རྒྱུད་ཆེན་པོ་ལས་ལེའུ་བཅུ་བཞི་ པའོ། ། ། ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མ་སྙིང་པོ་བསྡུས་པ་ཞེས་བྱ་བ་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་ཆེན་པོ་མཆོག་གི་དབང་ཕྱུག་གི་ཞལ་སྔ་ནས་དང་། བོད་ཀྱི་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་གྲོམ་པ་རུ་ལག་རྒྱང་ཕུའི་ལྷ་རི་མོའི་མགུལ་གྱི་དབེན་གནས་སུ་བསྒྱུར་བའོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source