BO༄༅། ། རྒྱ་གར་སྐད་དུ། ཤྲཱི་དེ་བཱི་ཀཱ་ལཱི་ནཱ་མ་ཨཱ་ཥྚ་ཤ་ཏ་ཀ། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ། སངས་རྒྱས་ དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། རྒྱུ་དང་འབྲས་བུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདེན་པའི་མཚན་རྣམས་སྟོན་པར་མཛད་ དོ། ། དེའི་ཚེ་དཔལ་ལྷ་མོ་ནག་མོ་ཆེན་མོ་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེང་གེ་བརྩོན་འགྲུས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྲིན་མོའི་ཆ་ལུགས་ཀྱིས་འཇིག་རྟེན་པའི་དོན་མཛད་པའི་མཚན་གྱི་རྣམ་གྲངས་ཇི་ལྟ་བུ་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེང་གེ་བརྩོན་འགྲུས་ལ་དགོངས་ནས་ དཔལ་ལྷ་མོ་ནག་མོ་ལ་གཟིགས་ཏེ་འདི་སྐད་ཅེས་གསུངས་སོ། ། ཐོས་བསམ་བསྒོམ་ལ་ཆེར་གནས་པའི། ། རྒྱུ་འབྲས་རྐྱེན་གྱི་བདག་ཉིད་ཅན། ། འགྲོ་ལ་ཕན་མཛད་མཁས་པའི་མཆོག །
BOདཔལ་ལྡན་ལྷ་མོ་ནག་མོ་འཕགས། ། བྱང་ཆུབ་སེམས་དཔའ་སྤྲུལ་ པ་སྟེ། ། ས་ལྟར་བརྟེན་པའི་གཞིར་གྱུར་པ། ། ཡོན་ཏན་སྡུད་བྱེད་ཆུ་དང་འདྲ། ། བྱང་ཆུབ་སྨིན་བྱེད་མེ་ལྟ་བུ། ། དགེ་བའི་འདུ་བྱེད་རླུང་ལྟར་གཡོ། ། ཤེས་རབ་རྣམ་དག་ནམ་མཁའ་སྟེ། ། ཁྱོད་ནི་འབྱུང་བ་ཆེན་པོ་འདྲ། ། འབྱུང་པོ་ཕལ་ཆེན་རྣམས་ཀྱིས་བསྟོད། ། བསོད་ནམས་ཡེ་ཤེས་རབ་བསགས་པའི། ། ལས་དང་རྣམ་སྨིན་དག་ལ་མཁས། ། ང་རྒྱལ་གཟུགས་ཀྱིས་འདུལ་བ་གོམས། ། ཤེས་རབ་སྙིང་རྗེའི་ལམ་དུ་འགྲོ། ། ཁྱོད་ནི་བུམ་པ་བཟང་ལྟ་བུ། ། དཔེར་ན་ཡིད་བཞིན་ནོར་བུའི་ཆུ། ། ཀུན་ལ་ཕན་པའི་དཔག་བསམ་ཤིང་། ། ཉི་མ་འདྲ་བར་ཁྱོད་ལ་གསལ། ། ཟླ་ལྟར་གསལ་བའི་ཐུགས་མངའ་ཞིང་། ། མིང་ནི་རི་བོང་རྭ་དང་འདྲ། ། རང་གི་རྒྱུད་ནི་འཁོར་ལོ་འདྲ། ། ཨུ་དུམ་བཱ་ར་ལྟར་ཁྱོད་དཀོན་ཡང་། ། བདུད་རྩི་ལྟ་བུར་ཡོངས་ཚིམ་མཛད། ། འགྲོ་བ་ཀུན་གྱི་བདག་མོ་ལགས། ། རང་བཞིན་ མེད་པའི་ཆོས་ཀྱང་སྟོན། ། ཆུ་དང་ནམ་མཁའི་ཚུབ་མ་ལྟར། ། གདུལ་བྱའི་སྲིད་གསུམ་ཅིས་ཀྱང་འདུལ། ། དུས་གསུམ་རྒྱལ་བའི་བསྟན་པ་སྐྱོང་། ། དམ་པ་རྣམས་དང་ཡང་དག་གཅིག ། དམ་པ་རྣམས་ཀྱི་ལམ་དུ་འགྲོ། །
BOལྷ་མོ་མ་མོ་གནོད་སྦྱིན་མོ། ། སྲིན་མོ་ ཀླུ་མོ་ཤ་ཟ་མོ། ། གདུག་མོ་འབྱུང་མོ་གྲུལ་བུམ་མོ། ། དྲག་མོ་རྔམ་ཚུལ་ཀློག་འགྱུ་མ། ། རླུང་མོ་ནག་མོ་འཇིགས་བྱེད་མ། ། མཁའ་འགྲོ་གཏུམ་མོ་ཞིང་སྒྲོལ་མ། ། ཞི་རྒྱས་དབང་དང་དྲག་པོས་འདུལ། ། དཀར་སེར་ལྗང་ནག་དམར་ཡང་ སྟོན། ། རྣམ་པ་བརྒྱད་ཀྱི་དབྱིབས་ཀྱང་འབྱུང་། ། འགྲོ་བ་དྲུག་པོའི་ཚུལ་ཡང་སྟོན། ། ཕུང་པོ་ལྔ་ཡང་བརྗོད་པར་ནུས། ། དབང་པོ་ཚིམ་བྱེད་ཡུལ་ལྔའང་སྟོན། ། རྟེན་ཅིང་འབྲེལ་བའི་སྤྱོད་པ་མཁས། ། ཡུལ་ཅན་རྣམས་ནི་གསོད་ལ་མཁས། ། དེ་བཞིན་ངག་རྣམས་ གསོད་པ་དང་། ། ལུས་ཅན་རྣམས་ནི་གསོད་ལ་བརྩོན། ། སེམས་ནི་གསོད་པ་མེད་ལ་མཁས། ། འཁོར་བ་ལས་ནི་རིང་དུ་སོང་། ། དེ་བཞིན་གཤེགས་པས་ལུང་བསྟན་ཏེ། ། བྱང་ཆུབ་སེམས་དཔའི་མཚན་རྣམས་དང་། ། འཇིག་རྟེན་སྐྱོང་མཛད་དཔལ་ལྡན་མ། ། དམ་ཆོས་འཛིན་པ་རྣམས་ལ་བྱམས། ། ཨོཾ་ཨཱཿཧཱུྃ། ཤྲཱི་དེ་བི་ཀཱ་ལི་ས་མ་ཡ་ཛཿ། ཌཱ་ཀི་ནཱི་ཌཱ་ལ་ས་མ་ཡ་སྭཱ་ཧཱ། མིང་བརྒྱ་རྩ་བརྒྱད་གང་འཛིན་པ། ། ཡོན་ཏན་བརྒྱ་རྩ་བརྒྱད་ཀྱང་འཐོབ། ། དམྱལ་བའི་སྡུག་བསྔལ་མྱོང་མི་འགྱུར། ། {ཡི་དགས་,ཡི་དྭགས་}གནས་སུ་མི་སྐྱེ་ ཞིང་། །
BOབྱོལ་སོང་སྐྱེ་བས་ཐོགས་མེད་འགྱུར། ། ལུས་འཕགས་གནས་སུ་སྐྱེས་པ་ན། ། ཐོག་ལ་སོགས་པ་མི་འབབ་ཅིང་། ། སྒྲ་མི་སྙན་དུ་རླུང་གིས་མིན། ། དེ་བཞིན་བ་ལང་སྤྱོད་དུ་ཡང་། ། ཆུ་དང་རླབས་ཀྱིས་ཁྱེར་མི་ནུས། ། འཛམ་བུའི་གླིང་དུ་གང་སྐྱེས་པ། ། སྣ་ཚོགས་གནོད་པས་ཉེན་མི་འགྱུར། ། འདོད་པའི་ལྷ་རྣམས་གནས་སུ་ཡང་། ། སྐྱེས་ནས་ཆོས་ལ་དགའ་བར་འགྱུར། ། བསམ་གཏན་བཞི་ཡི་སྐྱེ་གནས་སུ། ། ཚད་མེད་བཞི་ནི་འཕེལ་བར་འགྱུར། ། གཟུགས་མེད་གནས་ནི་བཞི་བོར་ཡང་། ། དོན་མེད་ན་ནི་མི་སྐྱེ་སྟེ། ། འདུ་ཤེས་མེད་པར་ནམ་ཡང་མིན། ། འཕགས་པ་བཞུགས་པའི་གནས་རྣམས་སུ། ། ཁམས་གསུམ་ཚུལ་གྱིས་བདག་དོན་སྤྱོད། ། རྟག་ཏུ་ཡུལ་ལ་ཆགས་མི་འགྱུར། ། སེམས་ལ་འཛིན་པར་མི་བྱེད་དེ། ། ཉོན་མོངས་རྩ་བ་དྲུག་པོ་དང་། ། དེ་བཞིན་ཉེ་བ་ཉི་ཤུ་དང་། ། མཚམས་མེད་ལྔ་ཡང་བྱང་བར་འགྱུར། ། བསྐལ་བ་གྲངས་མེད་མང་པོར་ཡང་། ། མི་ཁོམ་བརྒྱད་དུ་སྐྱེ་མི་འགྱུར། ། མུ་སྟེགས་རྩོད་པ་བཟློག་པ་དང་། ། མཐུ་སྟོབས་ཕུན་སུམ་ཚོགས་ལྡན་ཞིང་། ། ཚེ་རིང་ནད་མེད་དཔལ་དང་ལྡན། ། སྡུག་མེད་བསྐལ་པ་མང་པོར་ ཡང་། ། ནམ་ཡང་འཁོར་བར་མི་ལྟུང་ཞིང་། །
BOམྱ་ངན་འདས་པ་ཐོབ་བྱའི་ཕྱིར། ། ཉན་ཐོས་ས་རྣམས་ནོན་པ་དང་། ། རྟེན་འབྲེལ་བཅུ་གཉིས་ཤེས་པར་བྱ། ། བྱང་ཆུབ་སེམས་དཔའི་ས་རྣམས་ནི། ། རབ་དགའ་དྲི་མེད་འོད་ཅེས་འཕྲོ། ། སྦྱར་དཀའ་མངོན་གྱུར་ རིང་དུ་སོང་། ། མི་གཡོ་ལེགས་པ་ཆོས་ཀྱི་སྤྲིན། ། སངས་རྒྱས་ས་ཆེན་བླ་ན་མེད། ། བཅུ་གཉིས་པོ་ཡང་ཐོབ་འགྱུར་ཏེ། ། ཀུན་ཏུ་འོད་དང་བདུད་རྩི་འོད། ། ནམ་མཁའི་འོད་དང་རྡོ་རྗེའི་འོད། ། རིན་ཆེན་འོད་དང་པདྨའི་འོད། ། ལས་ཀྱི་འོད་དང་དཔེ་མེད་ ས། ། དཔལ་ལྡན་ས་དང་ཤེས་རབ་འོད། ། ཐམས་ཅད་མཁྱེན་དང་རང་རིག་སྟེ། ། བཅུ་གཉིས་སངས་རྒྱས་ས་རྣམས་ཀྱང་། ། འདི་ཚེ་བྱུང་ན་མྱུར་དུ་ཐོབ། ། ས་རྣམས་མ་ཐོབ་བར་དུ་ཡང་། ། འགྲོ་བ་རྣམས་ལ་ཕན་པ་དང་། ཤེས་རབ་སྙིང་རྗེ་ལྡན་གྱུར་ཅིང་། ། ཆོས་ལ་དགའ་བ་རྣམས་ཀྱིས་བསྲུང་། ། དངོས་གྲུབ་ཐོབ་སྟེ་དེ་བཞིན་གཤེགས། ། རིན་ཆེན་ལས་བྱུང་ཐོབ་པར་འགྱུར། ། དཔལ་ལྡན་བྱང་ཆུབ་སེམས་དཔའ་དང་། ། དཔལ་ལྡན་ལྷ་མོ་ནག་མོ་ཡི། ། མིང་བརྒྱ་རྩ་བརྒྱད་གང་འཛིན་པ། ། ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་ སྟེ། ། སྐུ་གསུང་ཐུགས་ནི་གྲུབ་ནས་ཀྱང་། ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར་ཞེས་གསུངས་པ་དང་། །
BOབྱང་ཆུབ་སེམས་དཔའི་འཁོར་དེ་དག་དང་། ། དཔལ་ལྷ་མོ་ནག་མོ་ཆེན་མོ་རྣམས་ངོ་མཚར་དུ་གྱུར་ཏེ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་དོ། ། དཔལ་ལྷ་མོ་ནག་མོ་ཆེན་མོའི་མཚན་བརྒྱ་རྩ་བརྒྱད་པ་ཡོན་ཏན་དང་བཅས་པ་རྫོགས་{སྷོ,སོ}། །