BO༄༅། ། རྒྱ་གར་སྐད་དུ། ཏཱ་ར་དེ་བཱི་ནཱ་མ་ཨཥྚ་ཤ་ཏ་ཀ་ན། བོད་སྐད་དུ། ལྷ་མོ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། ལྷ་མོ་ཆེན་མོ་སྒྲོལ་མ་རྣམ་པར་རྒྱལ་བའི་ནོར་བུ་རྣམ་པ་སྣ་ཚོགས་ཀྱི་དོ་ཤལ་དང་། ན་བཟའ་དང་། ཤམ་ཐབས་ཀྱི་གཤལ་ཀས་འཇིག་རྟེན་གྱི་ཁམས་ཆེན་པོའི་བླ་རེ་བྱས་པ་ལ་ཕྱག་འཚལ་ལོ། ། དེ་ནས་ལྷ་མོ་སྒྲོལ་མས་དེའི་ཚེ་སྔོན་མ་མཐོང་མ་ཐོས་པའི་གཟུངས་ཀྱི་མཆོག་བརྗོད་པ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ། ཨ་ཙིཏྟ་ཛཱ་ཡ། ཨ་ནི་ར་ཙི་ཛ་ཏཱ་ཡ། སུ་ཛཱ་ཡ། བི་ཛཱ་ཡ། མ་ཧཱ་ཛཱ་ཡ། བི་ཛཱ་ཡ། ཛ་ཡ་ཛ་ཡ། ཧེ་ཧེ། སྨ་ར་སྨ་ར། བ་ར་བ་ར། བར་ད། མ་ཧཱ་དེ་བི། བི་ལ་ས། བི་ལ་ས། བི་ལ་ས། བ་ཛ་ཨ་མོ་ཏ་ཀ་རི་བི་ཛ་ཡ་དེ་བི། ཧཱི་ཧཱི། ཀི་ནི་ཀི་ནི་པི་ལམ་བ་སེ། སྨ་ར་སྨ་ར། མ་ཧཱ་པྲ་ཛྙཱ་ཨ་ནི་བ་ཏ། བཛྲ་མ་མ་ཧཱ་ཀཱ་རུ་ཎི་ཀ ། བྷ་གི་ནི་ཧྲཱུཾ་ཧྲཱུཾ། སྥུཊ་སྥུཊ། སྥོ་ཊ་སྥོ་ཊ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཀཾ་པ་ ཀཾ་པ། ཀཾ་པ་ཡ། སུ་ར་བྷི་གནྡྷ། ཨ་ཏི་སི་ཏ། མུ་ཁེ་ཧ་ལ་ད་བ་ལ། སཾ་ག་རཱ་ཛ་ན། བི་མ་བི་གི ། བི་ནཱ་ཤ་ཡ། བི་ནཱ་ཤ་ཡ། ཧེ་བྷ་ག་བ་ཏི། སནྟྲ་ས་ཡ། བི་གྷ་ནཱ་ན། པ་རི་བ་ལཱ་ཡ།
BOཨ་སྨཱ་ཀཾ་ཨ་སྨཱ་ཀཾ། མཱ་ད་ནི་མཱ་ད་ནི། སཾ་བོ་དྷ་ཡ། སཾ་མོ་ཧ་ཡ། ཧ་ར་ཧ་ར། ཧི་རི་ ཧི་རི། ཧུ་རུ་ཧུ་རུ། བི་ཏ་ཀ་ར། བ་ར་ཛ། ཧཾ་ཧཾ། ཏྲོ་ཏཱ་ཡ། ཧཾ་ཧཾ། སནྟྲ་ཏཱ་ཡ། སནྟྲོ་ཡ། མནྟ་མནྟ། མཪྡ་མཪྡ། ཙ་ར་ཙ་ར། སཾ་ཙ་ར་སཾ་ཙ་ར། བེ་ག་བེ་ག་བེ་ག་བ་ཏི། ན་མོ་ན་མོ་ན་མཿསྭཱ་ཧཱ། དེ་ནས་ལྷ་དང་ལྷ་མིན་ཚོགས། ། སྲིན་པོ་གནོད་སྦྱིན་མིའམ་ཅི། ། ལྟོ་ འཕྱེ་ཆེན་པོའི་ཚོགས་རྣམས་དང་། ། འབྱུང་པོ་དྲི་ཟ་ལོག་འདྲེན་རྣམས། ། འཇིག་རྟེན་གསུམ་དུ་གྲགས་པའི་མཆོག ། གསང་སྔགས་ཆེན་པོ་འདི་ཐོས་ནས། ། སྐྲག་ཅིང་མགོ་བོ་སྨད་གྱུར་ཏེ། ། ལག་པ་ཆེན་པོ་ཡོངས་བསྐྱོད་ནས། ། གང་གིས་འདི་ནས་ས་གསུམ་ འདི། ། མཐའ་དག་ཁྱབ་པར་བྱས་པའི་ཕྱིར། ། འདོད་པའི་ལྷ་ཡི་ངག་བཟློག་པ། ། སྒྲོལ་མ་སྤྱན་ཡངས་ཕྱག་འཚལ་ལོ། ། སྤྱན་རས་གཟིགས་ཀྱི་རིགས་སྨོས་པ། ། ཆེ་བ་ཉིད་ཀྱི་གྲགས་པ་འོད། ། སྤྱན་ཡངས་ཁྱོད་ནི་སེམས་ཅན་རྣམས། ། ཕན་བཞེད་སླད་དུ་འབྱུང་བ་ ལགས། ། དེ་ནས་དབང་ཕྱུག་ལ་སོགས་པ། ། ལྷ་དང་ལྷ་མིན་འདུས་ཀུན་དང་། ། རིག་སྔགས་འཆང་གི་བདག་པོ་དང་། ། དེ་བཞིན་རིག་སྔགས་འཆང་བ་རྣམས། ། བླ་གོས་ཕྲག་པ་གཅིག་གཟར་ཏེ། །
BOབསྐོར་བ་མཆོག་ནི་བྱས་ནས་ཀྱང་། ། པུས་མོའི་ལྷ་ང་ས་སྟེང་དུ། ། བཙུགས་ནས་ཚིག་ནི་འདི་སྐད་སྨྲས། ། སྒྲོལ་མ་འོད་འབར་དེ་ལ་ནི། ། ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་ལོ། ། མིང་བརྒྱ་རྩ་བརྒྱད་དམ་པ་ཡི། ། དཔེ་མེད་མིང་ནི་བརྗོད་པར་བགྱི། ། བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་བ། ། སྐྱེ་དགུའི་དབང་ཕྱུག་མངོན་ ཤེས་མྱུར། ། དབང་ཕྱུག་རབ་དགའ་འཇིགས་ལ་དྲག ། རྒོད་བག་མེད་ཅིང་དྲེགས་པ་མེད། ། པདྨའི་སྤྱན་དང་པདྨའི་ཞལ། ། པདྨའི་ལྟེ་བ་རབ་གཙང་སྦྱིན། ། སྤྱན་བཟང་སྤྱན་ནི་ཡངས་པ་སྟེ། ། སྔོ་བ་ཨུཏྤལ་སྔོན་པོའི་འོད། ། སྐྱོབ་པ་སྐྱབས་འོས་བདེ་བ་སྦྱིན། ། དེ་ བཞིན་སྟོབས་སྦྱིན་གཟུགས་སྦྱིན་པ། ། མགོན་པོ་མགོན་མཛད་དྲག་མོ་སྟེ། ། དཀོན་མཆོག་གསུམ་པོ་རྒྱལ་མཛད་མ། ། སྒྲོས་དམར་སེན་མོ་དམར་བ་སྟེ། ། སྤྱན་རྩ་དམར་པོས་གཟིགས་པར་མཛད། ། དགའ་མཛད་དགའ་སྟོབས་པདྨ་ལགས། ། པདྨའི་མདོག་ཅན་ པད་མདོག་དགྱེས། ། འཇིག་རྟེན་གསུམ་འདུལ་ཞི་བ་སྟེ། ། འཇིགས་པའི་ཆ་ལུགས་སྟོབས་མོ་ཆེ། ། འདུལ་དུ་འཆུག་མ་འདུལ་མཛད་མ། ། བསྟོད་ལྡན་མི་མཆོག་དམ་པ་ལགས། ། རབ་གསལ་འདུལ་བ་རྡོ་རྗེ་ཅན། ། རྣམ་པར་རྒྱལ་བ་འོད་གསལ་བ། །
BOབྱང་ ཆུབ་རྡུལ་མེད་དྲི་མ་མེད། ། ཟླ་བ་ལྷ་མཆོག་རྣམས་ཀྱི་རྗེད། ། སྲེད་བྱ་དང་ནི་སྲེད་བྱའི་བར། ། རྒྱུ་ཞིང་གཤེགས་ལ་འོད་ཟེར་མཛེས། ། ཆུ་ལྷ་གཡུལ་འགྱེད་འགྱིང་བག་ཅན། ། སྐྱེས་མཆོག་རང་བཞིན་ཡིད་འཕྲོས་རྒྱས། ། གཙུག་ཕུད་གསུམ་པོ་ལྟོ་ཚིལ་གསུམ། ། སྤྱན་ གསུམ་དྲི་མ་གསུམ་སེལ་བ། ། སྲིད་པ་སེལ་མཛད་ཁོང་དགེ་བ། ། ཚིག་ལྡན་མར་ཡང་དེ་བཞིན་གྲགས། ། རྒྱལ་བ་སྦྱིན་པ་བསོད་ནམས་སྦྱིན། ། སྡིག་པ་འཇོམས་མ་འཇིགས་པ་མེད། ། ནོར་སྦྱིན་མདོག་སྦྱིན་ཞི་བ་མ། ། གཟུགས་བཟང་ཕྱལ་བཟང་ནུ་མ་བཟང་། ། སྒྱུ་འཕྲུལ་སྒྱུ་འཕྲུལ་ལྡན་ཞིང་འདུལ། ། དུལ་བ་བསྲུང་པ་རྡུལ་སེལ་བ། ། ཕྲེང་བ་ཐོགས་མ་རྒྱགས་མཛད་མ། ། རྒྱགས་པ་སྦྱིན་མ་དྲེགས་སྤོང་མ། ། དྲག་མོ་ལགས་ཏེ་གཟི་བསྐྱེད་མ། ། དཀར་མོ་ཞི་མཛད་བདེ་བ་མོ། ། སྐྱེ་དགུའི་བདག་མོ་ཚངས་པར་ལྡན། ། ཚངས་སྦྱིན་དབང་ཕྱུག་དམ་པ་ལགས། ། ཟླ་བའི་འོད་ཅན་ཟླ་བའི་ཞལ། ། ཟླ་བའི་གཟི་ནི་འཕྲོག་པར་མཛད། ། ཉི་མའི་གཟི་འཕྲོག་དགྱེས་པ་མོ། ། ཡིད་འོང་བཟང་ཞིང་ཞི་བ་མོ། ། བདེ་བ་བདེ་ལྡན་མུ་དང་སྟེགས། ། བཀྲ་ཤིས་བགེགས་རྣམས་སེལ་མཛད་མ། ། ནོར་སྤེལ་བསོད་ནམས་རྣམ་པར་རྒྱལ། །
BOའཛམ་བུའི་ཆུ་བོ་གསེར་དངུལ་འོད། ། འཇིགས་པ་སེལ་བ་འཇིགས་མེད་སྦྱིན། ། སྒྲོལ་མ་ལགས་ཏེ་ཟླ་བའི་ཞལ། ། སེམས་ཅན་ཀུན་ལ་མེད་མི་འགྱུར། ། མཆོད་གནས་ཕྱག་གནས་དགའ་མཛད་མ། ། ཆ་ལུགས་སྔོ་བ་ཆ་ ལུགས་བཟང་། ། རྒྱན་དམར་རྒྱན་དུ་ཐོགས་པ་སྟེ། ། ན་བཟའ་གསེར་མནབས་གང་ག་མ། ། དཀར་མོ་འབར་བ་རྣམ་པར་གཟིགས། ། གིའུ་ཝང་གི་ཐིག་ལེ་སྤོས། ། འཁོར་ལྡན་རྡོ་རྗེ་ཆུ་ལྷ་ཉིད། ། དཀྱིལ་འཁོར་མཆོག་མངའ་འཇིགས་མཛད་མ། ། ཚེམས་ དཀར་བཞད་ཅིང་ཚེམས་དཀར་འཛུམ། ། དཔུང་རྒྱན་སྙན་ཆ་གདུབ་འཁོར་ཐོགས། ། དོ་ཤལ་འབར་བའི་ཆུན་པོ་ཅན། ། འོག་པག་བཟང་ལྡན་ཞལ་བཟང་མ། ། གྲོགས་ནི་ནིམ་པའི་ལོ་མ་ཐོགས། ། ནོར་བུའི་ཅོད་པན་ནོར་བུ་འཆང་། ། ནོར་བུའི་རྒྱན་རྣམས་རྒྱན་དུ་ ཐོགས། ། ནོར་བུའི་འོད་ཟེར་སྣང་བ་ཅན། ། ནོར་བུའི་དཀྱིལ་འཁོར་རྒྱན་མངའ་བ། ། འབར་བའི་མདོག་མངའ་རྡོ་རྗེ་ཅན། ། སྐྱེས་པ་བུད་མེད་སད་པར་མཛད། ། ཞི་བ་དབྱིག་ཐོགས་མཆེ་བ་ཅན། ། ཚངས་པའི་ཤུགས་ཅན་རླུང་དང་ལྡན། ། བུད་མེད་ལགས་ཏེ་མཁའ་ ལས་གཤེགས། ། ལྷ་མོ་མཆོག་གི་འོད་འཕྲོག་མ། ། འོད་དང་ལྡན་པ་འདོད་པས་འདུལ། ། འདོད་པའི་ཁྲོ་བོ་རབ་འཇོམས་མ། །
BOདྲག་པོ་ཐོར་ཚུགས་གཙུག་པུད་ཅན། ། ཚངས་པ་ཚངས་པའི་གསུང་ལྡན་རྒྱལ། ། བིང་ཀའི་སྐད་འདྲ་ཕེག་བཟང་མ། ། འཇིག་རྟེན་དབང་ ཕྱུག་རིགས་མཆོག་སྐྱེས། ། དབྱིག་པའི་ཤིང་ལོ་རྡོ་རྗེ་ཐོགས། ། དྲག་མོ་རིན་ཆེན་འོད་ཀྱིས་བརྒྱན། ། གཤེགས་ན་སྙན་ཆ་དྲི་མེད་གཡོ། ། གཤིན་རྗེ་བ་ཡི་ཡིད་ལ་འཇུག ། རིག་སྔགས་འཆང་མ་གཟུགས་འཆང་མ། ། སྟོབས་ལྔ་སྟོབས་དང་ལྡན་པར་མཛད། ། སྟོབས་ དང་སྟོབས་མེད་མངའ་བ་སྟེ། ། ཤེས་རབ་མཚོན་གྱིས་གཅོད་པར་མཛད། ། སྒྱུ་རྩལ་ལགས་ཏེ་སྒྱུ་རྩལ་ལྡན། ། དེ་བཞིན་བརྗོད་དང་སྨྲ་བ་ལགས། ། སྟེང་ནས་ཁྱམས་དང་ཁྱམས་བཟང་ཚུལ། ། ཙམ་པ་ཀ་ཡི་ཆུན་པོས་གསལ། ། སེར་མོ་ཙན་ པ་ལེགས་པའི་རྟེན། ། དྲག་མོ་ཕྱག་ན་ཆུན་པོ་ཐོགས། ། སྐལ་བ་བཟང་མོ་གཤལ་ཀ་ཅན། ། དེ་བཞིན་ཤིན་ཏུ་ཤས་ཆེར་དགྱེས། ། རིགས་མཚན་ཤིན་ཏུ་སྟོབས་དང་ལྡན། ། རྡོ་རྗེ་ཁྲོ་བོ་དགའ་མཛད་མ། ། བདེ་ལྡན་བློ་ལྡན་རྡོ་རྗེའི་ཐབས། ། བློ་མཛད་ ཤེས་རབ་སྐྱེད་པར་མཛད། ། ལྷ་མོ་ལམ་མེ་ཅོད་པན་ཅན། ། ལྷ་རྣམས་ཀུན་ལས་ཚུལ་ལྷག་པ། ། སྲེད་མེད་བུ་མོ་སྡིག་པ་སེལ། ། བཀྲ་ཤིས་ངོ་ཚ་ཤེས་དང་དགྱེས། ། རབ་ཏུ་དགའ་མ་འགྲོགས་ན་དགའ། །
BOསྤྱོད་ཚུལ་དགའ་ལ་དགའ་དང་ལྡན། ། དགའ་ མ་དགའ་བར་མཛད་པ་སྟེ། ། ཆོས་རྣམས་ཀུན་གྱི་ལེགས་པའི་རྟེན། ། སངས་རྒྱས་སྤྲུལ་པ་སྦྲུལ་མཛད་མ། ། ང་རྒྱལ་སེལ་བར་མཛད་པ་སྟེ། ། ལས་དང་ཉོན་མོངས་རབ་འཇོམས་ཤིང་། ། འདོད་པའི་སྡེ་རྣམས་རབ་འཇོམས་མ། ། ཤེས་པ་བཅུ་མངའ་སངས་རྒྱས་ པ། ། ཕ་རོལ་ཕྱིན་པ་བཅུ་ལ་གནས། ། ས་བཅུ་དག་ལ་མངའ་བརྙེས་པ། ། སྟོབས་རྣམས་བཅུ་བོས་ཆེར་གསལ་མ། ། རྡོ་རྗེ་ཅོད་པན་རྡོ་རྗེ་འཆང་། ། རྡོ་རྗེ་ཕྲ་མོ་ལྷ་མིན་སེལ། ། དུས་ཀྱི་རྡོ་རྗེ་རབ་ཏུ་རྒྱགས། ། རྡོ་རྗེ་ལྕགས་ཀྱུ་བདེ་དང་དཔལ། ། རྡོ་རྗེ་ཞགས་པ་ཞགས་ བ་བཟང་། ། སྒེག་མོ་རྡོ་རྗེ་ཕྱག་ན་བསྣམས། ། ཡིད་འོང་ཡིད་ལ་ཚིམ་པར་མཛད། ། ཕ་རོལ་བགེགས་རྣམས་སེལ་མཛད་མ། ། ཚིམ་མཛད་ཤས་ཆེར་བདེ་བ་སྟེ། ། རོལ་ཅིང་གར་ཐབས་སྟོན་པར་མཛད། ། ཆོས་ཅན་ཧ་ལ་ཧ་ལའི་འོད། ། ཆོས་སྦྱིན་རྣམ་པར་གཟིགས་ པ་ལགས། ། ཁྱོད་ནི་རྡོ་རྗེ་འཕྲོ་བ་དང་། ། བདུད་རྩི་རྡོ་རྗེར་བརྗོད་པ་སྟེ། ། རྡོ་རྗེ་འབར་བ་སྟོབས་མོ་ཆེ། ། ལྷ་མོ་ཆེན་མོ་ཁྱོད་ཕྱག་འཚལ། ། བདག་ཅག་རྣམས་ཀྱིས་བསྟོད་པ་ཡིས། ། མཚན་བརྒྱ་རྩ་བརྒྱད་མཆོག་འདི་བརྗོད། ། ཀྱེ་ཀྱེ་བཅོམ་ལྡན་མཆོག་ཉིད་ནི།
BO། སྨྲ་བ་ རྣམས་ཀྱི་མཆོག་ལགས་གསུང་། ། དེ་ནས་ཟླ་བའི་འོད་འདྲ་ཞིང་། ། འབར་ལ་འཕྲོ་བར་ལྡན་པ་ཡི། ། ལྷ་མོ་སྒྲོལ་མ་བརྗིད་བག་ཅན། ། འཛུམ་བཞིན་དུ་ནི་རབ་སྨྲས་པ། ། དབང་ཕྱུག་ཆེན་པོ་ལ་སོགས་ཀུན། ། ང་ཡི་ཚིག་ནི་མཉན་པར་གྱིས། ། ཐམས་ཅད་རྟག་ཏུ་ མཐུན་པར་ནི། ། སྟོབས་བཅུ་དག་ལ་བརྩོན་པར་གྱིས། ། དེ་བཞིན་གཤེགས་པའི་ཚུལ་ཆེན་ཡང་། ། དུས་ཀུན་ཏུ་ནི་བསྲུང་བར་གྱིས། ། ཞི་བའི་ལམ་ལ་དམིགས་པས་ནི། ། འཁོར་བའི་རྒྱ་མཚོ་མི་བཟད་ཅིང་། ། འཇིགས་པ་ཆེན་པོའི་གཞིར་གྱུར་པ། ། རྒལ་དཀའ་ ཁྱེད་ཀྱིས་རྒལ་བར་གྱིས། ། མྱ་ངན་འདས་པའི་གྲོང་ཁྱེར་ལ། ། དམིགས་ནས་བརྩོན་ཏེ་འཇུག་པར་གྱིས། ། དེ་ནས་ཉི་འོད་འབར་བ་ཡི། ། ཕྲེང་བ་ལྟ་བུ་མཛེས་པའི་ཞལ། ། དེ་བཞིན་གཤེགས་པའི་འབྲུག་གི་སྒྲ། ། འདྲ་བའི་ཚིག་ནི་བཀའ་སྩལ་པ། ། ཀྱེ་མ་རིག་ སྔགས་སྒྲོལ་མའི་མཆོག ། མུན་པ་སེལ་བར་བྱེད་པ་དང་། ། མཐུ་སྟོབས་རྒྱ་ཆེན་སྐྱེད་བྱེད་པ། ། སྒྲིབ་པ་ཐམས་ཅད་གཅོད་བྱེད་པ། ། ཚོགས་རྣམས་སྐྱེད་པའི་གཟི་བརྗིད་ཀྱིས། ། དག་པར་བྱས་པ་མ་ཡིན་པས། ། ཤས་ཆེར་དགའ་བར་བྱེད་པ་ཡི། ། གཟུངས་ འདི་ཐོས་པར་མི་འགྱུར་རོ། །
BOསྔོན་ཆད་སངས་རྒྱས་བརྩོན་བྱས་པའི། ། བརྟན་པོ་གཟི་བརྗིད་དག་རྣམས་ལ། ། དམ་ཚིག་ཆེན་པོ་རིག་སྔགས་ཀྱི། ། དམ་ཚིག་འདི་ནི་འབྱུང་བར་འགྱུར། ། ཉོན་མོངས་མཐའ་དག་རབ་འཇོམས་ཤིང་། ། སྡིག་པ་ཐམས་ཅད་སེལ་བྱེད་པ། ། སེམས་ཅན་ཐམས་ཅད་རབ་འབྱེད་པའི། ། གཟུངས་སྔགས་རྡོ་རྗེ་མཆོག་འཛིན་པ། ། སུ་ཞིག་མཉམ་པར་བཞག་པ་ཡིས། ། ཉན་ཏམ་འཆང་ངམ་ཀློག་བྱེད་ན། ། རང་བྱུང་གིས་ནི་གསུངས་པ་བཞིན། ། དེ་ཡི་དོན་ཀུན་གྲུབ་པར་འགྱུར། ། ཉོན་མོངས་ཀུན་ལས་རྣམ་གྲོལ་ ཞིང་། ། སེམས་ཅན་ཀུན་ལས་ལྷག་པའི་མཆོག ། འཇིག་རྟེན་དག་ཏུ་ཆོས་ཤེས་ལ། ། འཛུད་པའི་དེ་བཞིན་གཤེགས་དང་མཚུངས། ། སུ་ཞིག་མིང་བརྒྱ་རྩ་བརྒྱད་འདི། ། འདོན་ཞིང་སྒྲོལ་མ་ཟླ་བའི་ཞལ། ། དེ་བཞིན་སྟོད་བྱེད་དེ་དག་ནི། ། སངས་རྒྱས་ཉིད་ཀྱང་ཐོབ་ པར་འགྱུར། ། དེ་ཡི་དོན་ཀྱང་གྲུབ་འགྱུར་ཞིང་། ། རྒྱལ་པོ་རྣམས་དང་སྟོབས་ཆེན་མི། ། གཞན་ཡང་སེམས་ཅན་བགྲང་བ་གང་། ། ཐམས་ཅད་དེ་ཡི་དབང་དུ་འགྱུར། ། ལྷ་མོ་སྒྲོལ་མ་ཞལ་བཟང་བའི། ། མིང་བརྒྱ་རྩ་བརྒྱད་གྲགས་པ་འདི། ། འཇིག་ རྟེན་དག་ན་རྒྱགས་པ་དང་། ། ཉོན་མོངས་མི་རིགས་ཀུན་སེལ་བའོ། །
BOདེ་ནས་བདུད་རིས་གྱེན་དུ་གཡོས་པའི་རི་བོ་འཁྲུག་བྱེད་པ། ། དེ་བཞིན་གཤེགས་པའི་རི་བོ་མཆོག་དང་འདྲ་བའི་སྐུ་མངའ་བ། ། འོད་གསལ་ལྷ་དང་མི་རྣམས་ལེགས་པར་སད་པར་མཛད་པ་པོ། ། རྒྱལ་སྲས་ཐུ་བོ་རྣམས་ཀྱིས་ཁྱབ་པར་སྟོབས་ཀྱིས་བརྟེན་པ་ཡིས། ། གསུང་རབ་རྟག་ཏུ་ཚོགས་ཆེན་བརྡ་སྤྲོད་ལ། ། དོན་ཆེན་གྲགས་ཤིང་ཕན་ཕྱིར་ཞུགས་པ་གང་། ། རབ་དེས་ཆོས་དེ་དང་ནི་སྡུད་བྱེད་དང་། ། དེ་བཞིན་ཁྱད་པར་སེམས་པའི་རིམས་སེལ་བས། ། བཟོད་མེད་ ཉོན་མོངས་སེལ་བ་དང་། ། ཞི་བའི་ཡིད་ནི་སྐྱེད་པའི་ཚིག ། རྒྱལ་བའི་མཆོག་གིས་བཀའ་སྩལ་ནས། ། གཞེས་པར་གྱུར་ཏེ་མི་གསུང་བཞུགས། ། དེ་ནས་སྒྲོལ་མཆོག་ལྷ་མོས་གཙོར་གྱུར་དགའ་བར་བྱེད་ཅིང་ཡིད་འཕྲོག་ལ། ། དགའ་བ་རྒྱ་ཆེན་སྐྱེད་ཅིང་ཚེ་དང་བདེ་ སྦྱིན་བསྟན་པའི་ཚིག་ཐོས་པས། ། ལྷ་ཚོགས་ལྷ་མིན་ཚོགས་བཅས་མཐའ་དག་དགའ་བས་རྒྱས་ཤིང་རྨད་བྱུང་ནས། ། རབ་ཏུ་དགའ་ཞིང་སྤྱི་བོས་ཐལ་མོ་སྦྱར་ཏེ་སྨྲ་བ་ཞི་བར་གྱུར། ། སྒྲོལ་མའི་མཆོག་ཅེས་བྱ་བའི་གཟུངས་ཏེ་ལྷ་མོ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་ སོ། ། ། །