The Sūtra of the Descent into Laṅkā

འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ།

The Sūtra of the Descent into Laṅkā

འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ།

BO
༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ལང་ཀ་ཨ་བ་ཏཱ་ར་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་ གཅིག་ན། བཅོམ་ལྡན་འདས་ལང་ཀའི་གྲོང་རྡལ་ན། རྒྱ་མཚོའི་རི་མ་ལ་ཡའི་རྩེ་མོ་རིན་པོ་ཆེའི་རིགས་དང་། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་ནས་འདུས་པ་ཏིང་ངེ་ འཛིན་དང་། དབང་དང་སྟོབས་དང་། མངོན་པར་ཤེས་པ་དུ་མས་རྣམ་པར་རོལ་པ། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་སོགས་པ་དག་སངས་རྒྱས་ཐམས་ཅད་ཀྱི་ཕྱག་གི་དབང་བསྐུར་བས་དབང་བསྐུར་བ་བདག་གི་སེམས་སྣང་བའི་སྤྱོད་ཡུལ་ཡོངས་སུ་ཤེས་པའི་དོན་ལ་མཁས་པ། སེམས་ཅན་གྱི་སེམས་སྣ་ཚོགས་དང་། གཟུགས་དང་ཚུལ་དང་། འདུལ་བ་རྣམ་པ་ཐ་དད་པའི་ཆ་བྱད་འཆང་བ། ཆོས་ལྔ་དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་ཁོང་དུ་ཆུད་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་དག་གི་ཚོགས་ཆེན་པོ་དང་ཐབས་ ཅིག་ཏུ་བཞུགས་ཏེ།
BO
ཡང་དེའི་ཚེ་ན་བཅོམ་ལྡན་འདས་རྒྱ་མཚོའི་ཀླུའི་རྒྱལ་པོའི་གནས་ནས་ཞག་བདུན་ལོན་ཏེ་བྱུང་ནས་བརྒྱ་བྱིན་དང་། ཚངས་པ་དང་། ཀླུའི་བུ་མོ་བྱེ་བ་དུ་མས་བསུ་བ་དང་ལང་ཀའི་རི་མ་ལ་ཡ་ལ་གཟིགས་ཏེ། ལང་ཀའི་གྲོང་རྡལ་གྱི་རི་མ་ལ་ཡའི་རྩེ་མོ་འདིར་སྔོན་གྱི་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས། རྟོག་གེའི་ལྟ་བ་མུ་སྟེགས་ཅན་དང་། ཉན་ཐོས་དང་རང་སངས་རྒྱས་དང་། འཕགས་པའི་ཡུལ་མ་ཡིན་པ་དེ་དག་གིས་བསྒོམས་པའི་ཆོས་བསྟན་ ཏེ། ངས་ཀྱང་དེ་ཉིད་དུ་གནོད་སྦྱིན་གྱི་བདག་པོ་འབོད་འགྲོགས་ཀྱི་ཕྱིར་དེ་ཉིད་བསྙད་ཅིང་ཆོས་བསྟན་ཏོ་སྙམ་ནས་འཛུམ་པ་མཛད་དོ། ། དེ་ནས་གནོད་སྦྱིན་གྱི་བདག་པོ་འབོད་འགྲོགས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་རྒྱ་མཚོའི་ཀླུའི་རྒྱལ་པོའི་གནས་ནས་ བྱུང་སྟེ། བརྒྱ་བྱིན་དང་ཚངས་པ་དང་། ཀླུའི་བུ་མོ་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ནས་རྒྱ་མཚོའི་རླབས་ལ་གཟིགས་ཏེ།
BO
ཀུན་གཞི་རྣམ་པར་ཤེས་པའི་རྒྱ་མཚོ་ལ་འཇུག་པའི་རྣམ་པར་ཤེས་པ་ཡུལ་གྱི་རླུང་གིས་བསྐྱོད་ཅིང་དེ་དག་གི་སེམས་འབྱུང་བར་གཟིགས་ཏེ། ཆེད་དུ་ བརྗོད་པ་ཆེད་དུ་བརྗོད་པ་མཛད་དོ། ། ཞེས་ཐོས་ནས། བདག་སོང་ལ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ་ལང་ཀར་གཤེགས་པར་བྱའོ། ། དེ་ནི་བདག་དང་ལྷ་དང་མི་རྣམས་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ་སྙམ་སྟེ། དེ་ནས་གནོད་སྦྱིན་གྱི་བདག་པོ་འབོད་ འགྲོགས་འཁོར་དང་བཅས་པ་མེ་ཏོག་གི་གཞལ་མེད་ཁང་དུ་ཞུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། འཁོར་དང་བཅས་ཏེ་གཞལ་མེད་ཁང་ནས་བབས་ནས་རྔ་དང་སིལ་སྙན་རྣམས་རབ་ཏུ་བསྒྲགས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་པི་བང་གི་ ཁོག་པ་ཨིན་དྲ་ནཱི་ལ་ལ་བཻ་དཱུརྱ་དང་། མུ་ས་རས་སྤྲས་པ། གོས་ངུར་ཀ་པྲི་ཡང་ཀུ་འདྲ་བ་རིན་ཐང་མེད་པས་ཚར་དུ་དཔྱངས་ཏེ། འཁོར་རྣམས་རབ་ཏུ་དགའ་བར་བྱས་ནས། གླུའི་དབྱངས་ཥཌྫཱ་དང་། རི་ཥབྷ་དང་། གཱན་དྷ་ར་དང་། དྷཻ་བཱ་ཏ་དང་། ནི་ཥཱ་ད་དང་། མ་དྷྱ་མ་དང་། ཀཽ་ཤི་ ཀ་དང་། གླུའི་དབྱངས་མང་པོར་སྦྱར་བ་ལ་སོགས་པ་དང་ལྡན་ཞིང་།
BO
རྒྱུད་རྗེས་སུ་འཐུན་པ་དང་པི་བང་གི་ནང་དུ་ཆུད་པར་བྱས་ཏེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་གླུ་བླངས་པ། སེམས་ཀྱི་རང་བཞིན་ཚུལ་ཉིད་ཆོས་ཀྱི་གཏེར། ། བདག་མེད་ལྟ་དང་རྣམ་བྲལ་དྲི་མ་མེད། ། སོ་སོ་རང་རིག་ ཤེས་པ་སྟོན་པ་ཡི། ། ཆོས་ཚུལ་མགོན་པོ་འདིར་ཡང་བཤད་དུ་གསོལ། ། དགེ་བའི་ཆོས་ཀྱིས་ཡང་དག་བསགས་པའི་སྐུ། ། བདེ་གཤེགས་འཕྲུལ་པས་སྤྲུལ་པ་སྟོན་པ་སྟེ། ། སོ་སོ་རང་རིག་རྟོགས་པའི་ཆོས་དགྱེས་པ། ། ཐུབ་པ་དེང་ནི་ལང་ཀར་གཤེགས་པའི་དུས། ། ལང་ཀ་ འདི་ན་སྔོན་གྱི་རྒྱལ་བ་དང་། ། དེ་ཡི་སྲས་རྣམས་གཟུགས་མང་འཆང་བ་བཞུགས། ། མགོན་པོ་འདིར་ནི་ཆོས་རབ་བཤད་དུ་གསོལ། ། གཟུགས་མང་ལྡན་པའི་གནོད་སྦྱིན་ཀུན་ཀྱང་ཉན། ། དེ་ལྟར་ལང་ཀའི་བདག་པོ་འབོད་འགྲོགས་ཀྱིས་ཏོ་ཊ་ཀའི་རྒྱུད་དུ་གླུ་བླངས་ནས་ཡང་ཚིགས་སུ་བཅད་ པའི་དབྱངས་ཀྱིས་གླུ་བླངས་པ། ། བཅོམ་ལྡན་འདས་ནི་དགུང་བདུན་ཏེ། ། ཆུ་སྲིན་གནས་ཀྱི་རྒྱ་མཚོ་ཡི། ། རྒྱ་མཚོའི་དབང་པོའི་གནས་ནས་ནི། ། སླད་དུ་བྱུང་སྟེ་འགྲམ་ན་བཞུགས། ། སངས་རྒྱས་བཞུགས་མ་ཐག་ཏུ་ཡང་། ། ནེ་ཙོ་ས་ར་ནས་བརྒྱན་པའི། ། གནོད་སྦྱིན་རྣམ་པ་མང་པོ་དང་། །
BO
འབོད་འགྲོགས་ལྷ་མོ་ལྷན་ཅིག་ཏུ། ། མགོན་པོ་གང་ན་བཞུགས་པ་ཡི། ། ལམ་དེར་འཕྲུལ་གྱིས་སོང་ནས་ནི། ། མེ་ཏོག་བཞོན་ལས་བབས་ནས་ཀྱང་། ། དེ་བཞིན་གཤེགས་ལ་མཆོད་ཕྱག་འཚལ། ། རྒྱལ་བའི་དབང་པོས་བྱིན་བརླབས་ནས། ། དེ་ལ་མངོན་པར་མི་བསྙད་པ། ། བདག་ནི་འབོད་འགྲོགས་མགྲིན་བཅུ་སྟེ། ། སྲིན་པོའི་དབང་པོ་འདིར་མཆིས་སོ། ། གྲོང་རྡལ་འདི་ན་སུ་གནས་དང་། ། བདག་གི་ལང་ཀ་རྗེས་སུ་ཟུང་། ། རྫོགས་པའི་སངས་རྒྱས་སྔ་མས་ཀྱང་། ། སོ་སོ་རང་རིག་སྤྱོད་ཡུལ་ནི། ། རྩེ་མོ་རིན་ཆེན་བརྒྱན་ པ་ཡི། ། གྲོང་རྡལ་དབུས་སུ་རབ་ཏུ་བཤད། ། བཅོམ་ལྡན་གྱིས་ཀྱང་དེ་ཉིད་ཀྱི། ། རྩེ་མོ་རིན་ཆེན་བརྒྱན་པ་ལ། ། རྒྱལ་བའི་སྲས་ཀྱིས་ཡོངས་བསྐོར་ཅིང་། ། རྡུལ་མེད་ཆོས་ནི་བཤད་དུ་གསོལ། ། གང་རྣམས་ལང་ཀར་གནས་པ་དང་། ། བདག་ཅག་དེ་རིང་ཉན་པར་འཚལ། ། བཤད་པའི་ཚུལ་ལས་རྣམ་གྲོལ་བ། ། སོ་སོ་རང་རིག་སྤྱོད་ཡུལ་ཏེ། ། ལང་ཀར་གཤེགས་པའི་མདོ་སྡེ་ནི། ། སངས་རྒྱས་སྔ་མས་གསུངས་པའོ། ། རྒྱལ་བའི་སྲས་ཀྱིས་ཡོངས་བསྐོར་ཅིང་། ། སྔོན་གྱི་སངས་རྒྱས་དག་གིས་ཀྱང་། ། མདོ་སྡེ་འདི་ནི་བཤད་པར་དྲན། ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །
BO
མ་འོངས་དུས་ན་འབྱུང་བ་ཡི། ། སངས་རྒྱས་སངས་རྒྱས་སྲས་དག་ཀྱང་། ། འཕྲུལ་གྱི་ཚུལ་ཏེ་འདི་ཉིད་ནི། ། རྩེ་མོ་རིན་ཆེན་བརྒྱན་པ་ལ། ། གནོད་སྦྱིན་རྣམས་ལ་ཐུགས་བརྩེ་ཕྱིར། ། འདྲེན་པ་རྣམས་ནི་སྟོན་པར་འགྱུར། ། འཕྲུལ་ གྱི་ལང་ཀའི་གྲོང་རྡལ་འདི། ། མདངས་དགའ་རིན་ཆེན་སྣ་ཚོགས་དང་། ། ཐེལ་སྡིངས་རྡོ་སྟེངས་དགའ་བ་དང་། ། རིན་ཆེན་དྲ་བའི་བླ་རེས་བརྒྱན། ། རྣལ་འབྱོར་ཉེས་དང་རྣམ་བྲལ་བ། ། སོ་སོ་རང་རིག་སེམས་པ་ཡི། ། བཅོམ་ལྡན་འདི་ན་གནོད་སྦྱིན་དག ། སངས་རྒྱས་སྔ་མས་ མཛད་སྲུང་བ། ། ཐེག་ཆེན་ཚུལ་ལ་དད་པ་ཡི། ། མངོན་པར་ཞེན་ཅིང་གཞན་འཛུད་པ། ། གནོད་སྦྱིན་མོ་དང་གནོད་སྦྱིན་བུ། ། ཐེག་ཆེན་རྟོགས་པར་འཚལ་བ་མཆིས། ། ལང་ཀ་མ་ལ་ཡ་ཡི་རིར། ། སྟོན་པ་སངས་རྒྱས་གཤེགས་སུ་གསོལ། ། བུམ་པ་རྣ་ལ་སོགས་པ་ རྣམས། ། སྲིན་པོ་གྲོང་རྡལ་གནས་པ་དག ། ཐེག་པ་ཆེ་ལ་རྟོན་པ་རྣམས། ། སོ་སོ་རང་རིག་ཉན་པར་འཚལ། ། སངས་རྒྱས་རྣམས་ལ་བགྱི་བ་བགྱིས། ། ད་ལྟར་ན་ཡང་ཤིན་ཏུ་བགྱིད། ། བདག་ལ་རྗེས་སུ་ཐུགས་བརྩེའི་ཕྱིར། ། ལང་ཀར་སྲས་དང་བཅས་ཏེ་གཤེགས། ། ཁྱིམ་དང་ལྷ་མོ་ཚོགས་རྣམས་དང་། ། སེ་མོ་དོ་ཡང་སྣ་ཚོགས་དང་། །
BO
མདངས་དགའ་ཨ་ཤོ་ཀ་ཡི་ཚལ། ། ཐུབ་པ་ཆེན་པོ་བཞེས་སུ་གསོལ། ། བདག་ནི་རྒྱལ་སྲས་དེ་དག་དང་། ། སངས་རྒྱས་རྣམས་ཀྱི་བཀའ་བཞིན་བགྱིད། ། བདག་གིས་མི་དབུལ་གཅིག་མ་མཆིས། ། ཐུབ་པ་ཆེན་པོ་ཐུགས་བརྩེར་དགོངས། ། དེ་ཡི་ཚིག་དེ་གསན་པ་དང་། ། སྲིད་གསུམ་དབང་པོས་གསུངས་པ་ནི། ། གནོད་སྦྱིན་དབང་པོ་འདས་པ་ཡི། ། མགོན་པོས་རིན་ཆེན་རི་བོ་ལ། ། སོ་སོ་རང་རིག་ཆོས་རྣམས་བསྟན། ། ཁྱོད་ཉིད་ལ་ཡང་ཐུགས་བརྩེར་དགོངས། ། རིན་ཆེན་ རྣམ་བརྒྱན་རི་བོ་ལ། ། མ་འོངས་རྣམས་ཀྱང་གསུང་བར་འགྱུར། ། འདི་ནི་རྣལ་འབྱོར་ལྡན་པ་དག ། མཐོང་བའི་ཆོས་ལ་སྤྱོད་པའི་གནས། ། ང་དང་སྲས་རྣམས་དག་གིས་ཀྱང་། ། གནོད་སྦྱིན་དབང་པོ་བརྩེར་དགོངས་རིགས། ། བཅོམ་ལྡན་གནང་ནས་མི་གསུང་བར། ། ཞི་བའི་ བློ་ཡིས་རྣམ་པར་བཞུགས། ། འབོད་འགྲོགས་ཀྱིས་ནི་ཕུལ་བ་ཡི། ། མེ་ཏོག་བཞོན་པར་བཞུགས་པར་གྱུར། ། དེ་ཉིད་དུ་ནི་འབོད་འགྲོགས་དང་། ། འཇིགས་མེད་རྒྱལ་སྲས་གཞན་ཡང་སྟེ། ། ལྷ་མོས་བཞད་གད་རོལ་མོ་ཡིས། ། རབ་ཏུ་མཆོད་ཅིང་གྲོང་དུ་གཤེགས། ། དགའ་ བའི་གྲོང་རྡལ་དེར་གཤེགས་ནས། ། མཆོད་པ་རབ་ཏུ་ཡང་བརྙེས་སོ། ། འབོད་འགྲོགས་ལ་སོགས་གནོད་སྦྱིན་གྱི།
BO
། སྡེ་དང་གནོད་སྦྱིན་མོས་ཀྱང་མཆོད། ། གནོད་སྦྱིན་བུ་མོ་གནོད་སྦྱིན་བུས། ། རིན་པོ་ཆེ་ཡི་དྲ་བས་མཆོད། ། འབོད་འགྲོགས་ཀྱིས་ཀྱང་སངས་རྒྱས་ཀྱི། ། རིན་ ཆེན་བརྒྱན་པའི་སེ་མོ་དོ། ། རྒྱལ་བའི་སྲས་དང་རྒྱལ་བ་ཡི། ། སྟོད་ཀྱི་ཡན་ལག་རྣམས་ལ་བཏགས། ། བཅོམ་ལྡན་རྒྱལ་སྲས་མཁས་བཅས་པ། ། མཆོད་པ་ཕུལ་བ་བཞེས་ནས་ནི། ། སོ་སོ་རང་རིག་སྤྱོད་ཡུལ་གྱི། ། ཆོས་ནི་རྣམ་པར་བསྟན་པ་ མཛད། ། གནོད་སྦྱིན་སྡེ་དང་འབོད་འགྲོགས་ཀྱིས། ། སྨྲ་བ་རྣམས་ཀྱི་མཆོག་མཆོད་དེ། ། བློ་གྲོས་ཆེན་པོ་རབ་མཆོད་ཅིང་། ། གསོལ་བ་ཡང་དང་ཡང་འདེབས་པ། ། ཁྱོད་ནི་སངས་རྒྱས་ཐམས་ཅད་ལ། ། རང་རིག་སྤྱོད་ཡུལ་འདྲི་བ་ཡིན། ། འདི་ནི་བདག་དང་གནོད་སྦྱིན་ དང་། ། རྒྱལ་བའི་སྲས་རྣམས་ཉན་པ་མཆིས། ། ཁྱོད་ལ་རྒྱལ་སྲས་མཁས་པ་དང་། ། གནོད་སྦྱིན་རྣམས་ཀྱང་གསོལ་བ་འདེབས། ། སྨྲ་བའི་ནང་ན་སྨྲ་ཆེན་ཁྱོད། ། རྣལ་འབྱོར་ཅན་གྱིའང་རྣལ་འབྱོར་ཞུགས། ། ཁྱོད་ལ་གུས་པར་གསོལ་འདེབས་ཀྱིས། ། འཇིགས་པ་ མེད་པས་ཚུལ་དྲིས་ཤིག ། རང་རྒྱལ་ཉན་ཐོས་རྣམས་དང་ནི། ། མུ་སྟེགས་ཉེས་ལས་རྣམ་པར་གྲོལ། ། སོ་སོ་རང་རིག་ཆོས་ཉིད་གཙང་། །
BO
སངས་རྒྱས་ས་ནི་ཐོབ་བྱེད་པའོ། ། རྩེ་མོ་རིན་ཆེན་བརྒྱན་པ་དང་། ། གཞན་ཡང་ལྷ་རྫས་རྣམས་ཀྱི་ནི། ། རིན་ཆེན་བྱེ་བས་བརྒྱན་ པ་དག ། བཅོམ་ལྡན་འདས་ཀྱིས་དེར་སྤྲུལ་ཏེ། ། མགོན་པོ་རི་བོ་རེ་རེ་ལ། ། ཉིད་ཀྱི་སྐུ་ནི་རབ་ཏུ་བསྟན། ། འབོད་འགྲོགས་གནོད་སྦྱིན་དེ་དག་ན། ། རེ་རེ་ལ་ནི་རྣམ་པར་གནས། ། ཐམས་ཅད་འཁོར་ནི་མ་བྲི་བར། ། རེ་རེ་ན་ཡང་ཤིན་ཏུ་སྣང་། ། དེ་ན་ཞིང་རྣམས་ཐམས་ ཅད་དང་། ། གང་ཡང་དེ་ན་འདྲེན་པ་དང་། ། དེ་ན་སྲིན་པོའི་དབང་པོ་རྣམས། ། གང་དག་ལང་ཀར་གནས་པའང་སྣང་། ། དེ་དང་འགྲན་པའི་ལང་ཀ་དང་། ། ཨ་ཤོ་ཀ་ཡི་ཚལ་གཞན་དང་། ། ནགས་ཚལ་བཟང་པོ་དེ་དག་ཀྱང་། ། རྒྱལ་བ་ཡིས་ནི་མངོན་པར་སྤྲུལ། ། མགོན་ པོ་རི་རྣམས་རེ་རེ་ལ། ། བློ་གྲོས་ཆེན་པོས་བསྐུལ་བ་དང་། ། སོ་སོ་རང་རིག་རྗོད་པ་ཡིས། ། ཆོས་ནི་གནོད་སྦྱིན་རྣམས་ལ་བསྟན། ། སྟོང་ཕྲག་བརྒྱ་པའི་མདོ་སྡེ་དག ། རི་བོ་ལ་ནི་མ་ལུས་བཤད། ། སྟོན་པ་དང་ནི་རྒྱལ་སྲས་རྣམས། ། དེ་ཉིད་དུ་ཡང་མི་སྣང་གྱུར། ། གནོད་སྦྱིན་ འབོད་འགྲོགས་བདག་གིས་ལུས། ། ཁྱིམ་ན་གནས་པར་མཐོང་བ་དང་། ། བསམས་པ་འདི་གོ་ཇི་ཞིག་སྙམ། ། གང་གིས་བཤད་དེ་སུ་ཡིས་ཐོས། །
BO
ཅི་ཞིག་མཐོང་གི་གང་གིས་མཐོང་། ། གྲོང་ཁྱེར་དེ་དག་གང་དུ་སོང་། ། སངས་རྒྱས་དེ་དག་ཞིང་དེ་རྣམས། ། རིན་ཆེན་ ནགས་བཟང་དེ་ག་རེ། ། འདི་ན་སྒྱུ་མའམ་རྨི་ལམ་རོལ། ། དྲི་ཟའི་གྲོང་ཞེས་བསྒྲགས་པའམ། ། རབ་རིབ་ཡིན་ནམ་སྨིག་རྒྱུའམ། ། རྨི་ལམ་མོ་ཤམ་བུ་བྱུང་ངམ། ། བདག་གིས་འདིར་ནི་གང་མཐོང་བ། ། མགལ་མེ་བསྐོར་ཏམ་དུ་བའམ། ། འོན་ཏེ་སེམས་ཀྱི་སྤྱོད་ཡུལ་ ལ། ། ཆོས་རྣམས་ཀྱི་ནི་ཆོས་ཉིད་དམ། ། ལྟ་བ་མེད་ཅིང་བལྟ་བའང་མེད། ། སྨྲ་མེད་སྨྲ་བར་བྱ་མེད་ན། ། རང་གི་རྟོག་པས་མྱོས་པ་ཡི། ། བྱིས་པ་རྣམས་ཀྱིས་མི་ཤེས་སོ། ། གཞན་དུ་རྣམ་པར་རྟོག་པ་འདི། ། སངས་རྒྱས་དང་ནི་ཆོས་ལྟར་གནས། ། ཇི་ལྟར་མཐོང་ བཞིན་སུ་ལྟ་བ། ། དེ་དག་འདྲེན་པ་མི་མཐོང་ངོ་། ། རྣམ་པར་རྟོག་པ་མི་འཇུག་ཅིང་། ། གང་ཚེ་སངས་རྒྱས་མི་མཐོང་ལ། ། འཇུག་མེད་སངས་རྒྱས་ཡིན་པར་ནི། ། གལ་ཏེ་མཐོང་ན་དེ་སངས་རྒྱས། ། ལང་ཀའི་བདག་པོ་གནས་ཤིན་ཏུ་གྱུར་པ་དང་། རང་གི་སེམས་སྣང་བ་ ཙམ་དུ་ཁོང་དུ་ཆུད་པ་རབ་ཏུ་རྟོགས་མ་ཐག་ཏུ་རྣམ་པར་རྟོག་པའི་རྒྱུ་བ་ལ་གནས་པ། སྔོན་གྱི་དགེ་བའི་རྩ་བས་བསྐུལ་བ།
BO
གཙུག་ལག་ཐམས་ཅད་ལ་མཁས་པའི་བློ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཐོང་བ། གཞན་གྱི་དྲིང་མི་འཇོག་པ། བདག་གི་བློ་རྣམ་པར་དཔྱོད་པ་ལ་མཁས་ པ། རྟོག་གེ་བའི་ལྟ་བ་དང་བྲལ་བར་ལྟ་བ། གཞན་གྱི་དྲིང་ལ་མི་འཇོག་པ། རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན། གཟུགས་སྣ་ཚོགས་འཆང་བ་ཆེན་པོ་ཐབས་ལ་མཁས་པ་ཁོང་དུ་ཆུད་པར་རྟོགས་པ། གོང་ནས་གོང་དུ་ས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྟོགས་པར་བྱ་བ་ལ་ མཁས་པ། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་དབེན་པ་ལ་དགའ་བ། རྒྱུད་གསུམ་ཆད་པར་ལྟ་བ། རྒྱུ་དང་མུ་སྟེགས་ཅན་ཐམས་ཅད་ཀྱི་རྒྱུ་དང་བྲལ་བའི་བློར་གྱུར་པས་དེ་བཞིན་གཤེགས་པའི་སྙིང་པོ། སངས་རྒྱས་ཀྱི་ས་ལ་ནང་དུ་སྙོམས་པར་ཞུགས་པ་ ལ་གནས་ཞིང་སངས་རྒྱས་ཀྱི་བློས་ནམ་མཁའ་དང་ནང་ནས་སྒྲ་ཐོས་པ་ལང་ཀའི་བདག་པོ་ལེགས་སོ་ལེགས་སོ། ། ཡང་ལང་ཀའི་བདག་པོ་ཁྱོད་ནི་ལེགས་སོ། ། ཇི་ལྟར་ཁྱོད་སློབ་པ་དེ་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས་བསླབ་པར་བྱའོ། ། ཇི་ལྟར་ཁྱོད་ཀྱིས་ མཐོང་བ་དེ་བཞིན་ཉིད་དུ་དེ་བཞིན་གཤེགས་པ་རྣམས་དང་། ཆོས་རྣམས་ལ་བལྟ་བར་བྱའོ། ། རྣམ་པ་གཞན་དུ་བལྟས་ན་ཆད་པ་ལ་གནས་པར་འགྱུར་རོ། །
BO
ཁྱོད་ཀྱི་སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་ཞིང་ནང་དུ་སྤྱོད་པས། ཆོས་ཐམས་ཅད་རྣམ་པར་ བསྒོམ་པར་བྱ་སྟེ། ཕྱི་རོལ་གྱི་དོན་དུ་ལྟ་བ་ལ་མངོན་པར་ཆགས་པས་ནི་མ་ཡིན་ནོ། ། ཁྱོད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་མངོན་པར་རྟོགས་པ་དང་། ཚིག་གི་དོན་གྱི་སྤྱོད་ཡུལ་དུ་ལྷུང་བའི་ལྟ་བ་དང་། ཏིང་ངེ་འཛིན་དུ་མ་ཡིན། གཏམ་ དང་སྒྲུང་ལ་དགའ་བར་མ་ཡིན། རིག་བྱེད་ཀྱི་རང་བཞིན་དུ་ལྟ་བར་མ་ཡིན། རྒྱལ་པོའི་དབང་གིས་དྲེགས་པ་ལ་ལྷུང་བར་མ་ཡིན། བསམ་གཏན་དྲུག་ལ་སོགས་པ་ལ་བསམ་གཏན་བར་མ་ཡིན་ཏེ། ལང་ཀའི་བདག་པོ་འདི་ནི་རྒྱལ་བའི་སྲས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་དང་ ལྡན་པ། ཕ་རོལ་རྒོལ་བ་རབ་ཏུ་འཇོམས་པ། ལྟ་བ་ངན་པ་སེལ་བ། བདག་ཏུ་ལྟ་བ་རྣམ་པར་བཟློག་པ་ལ་མཁས་པ། བློ་ཞིབ་ཅིང་རྣམ་པར་ཤེས་པ། ཤིན་ཏུ་འགྱུར་བ་ལ་མཁས་པ། ཐེག་པ་ཆེན་པོ་ལ་སྤྱོད་པ་རྣམས་ཀྱི་དམ་ཚིག་གོ། ། དེ་བཞིན་གཤེགས་པའི་བདག་ གི་སོ་སོ་རང་གི་ས་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཁྱོད་ཀྱིས་བརྩོན་པར་གྱིས་ཤིག །
BO
དེ་ལྟར་བྱས་ན་ལང་ཀའི་བདག་པོ་གང་ཁྱོད་ཀྱིས་ཏིང་ངེ་འཛིན་ལ་མཁས་པའི་སྙོམས་པར་འཇུག་པས་ཡོངས་སུ་བཟུང་བའི་ལམ་འདི་ནི་ཕྱིར་ཞིང་གོང་ནས་གོང་དུ་རྣམ་པར་སྤྱོད་པ་ཡིན་ཏེ། ཇི་ལྟར་བྱིས་པ་མུ་སྟེགས་ཅན་གྱི་རྣལ་འབྱོར་ལ་རྣལ་འབྱོར་ཅན་བདག་ཏུ་འཛིན་པར་སྣང་བའི་མཚན་ཉིད་ལ་མངོན་པར་ཆགས་པ་འབྱུང་བ་དང་། ཡོན་ཏན་དང་རྫས་ཀྱི་རྗེས་སུ་སྤྱོད་པ། མ་རིག་པའི་རྐྱེན་དུ་ལྟ་བ་ལ་མངོན་པར་ཆགས་པས་མངོན་པར་ཞེན་པ། སྟོང་པ་དང་། སྐྱེ་ བས་གཡེངས་པ་དང་། རྣམ་པར་རྟོག་པ་ལ་མངོན་པར་ཆགས་པ། མཚན་ཉིད་དུ་ལྷུང་བའི་བསམ་པས་བརྟགས་པ། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་རྗེས་སུ་འཇུག་པའི་སྒོའི་སྤྱོད་ཡུལ་ནི་མ་ཡིན་ནོ། ། ལང་ཀའི་བདག་པོ་བདག་གི་སོ་སོ་རང་གིས་རིག་པ་ རྟོགས་པར་བྱེད་པའི་ཐེག་པ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་འདི་ནི་གཟུགས་སྣ་ཚོགས་རབ་ཏུ་འཐོབ་པར་བྱེད་པའོ། ། བྱེ་བྲག་གི་སྲིད་པར་སྐྱེ་བ་ཡོངས་སུ་འཐོབ་པར་ཡང་འགྱུར་རོ། ། ལང་ཀའི་བདག་པོ་ཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པ་འདི་ནི་ཁེབས་པའི་གཡོགས་མ་རྣམ་ པར་ཤེས་པ་སྣ་ཚོགས་ཀྱི་རླབས་ཟློག་པར་བྱེད་པ་ཡིན་ཏེ།
BO
མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་གནས་སུ་ལྷུང་བ་ནི་མ་ཡིན་ནོ། ། ལང་ཀའི་བདག་པོ་མུ་སྟེགས་ཅན་གྱི་རྣལ་འབྱོར་ནི་མུ་སྟེགས་ཅན་རྣམས་ཀྱི་བདག་ཏུ་མངོན་པར་ཞེན་པ་ལས་བྱུང་བའོ། ། རྣམ་པར་ཤེས་པའི་རང་ བཞིན་གཉིས་ཀྱི་དོན་ལ་ཆགས་པར་ལྟ་བས་མུ་སྟེགས་ཅན་རྣམས་ཀྱི་འདི་ཡང་རྣལ་འབྱོར་མ་ཡིན་ནོ། ། ལང་ཀའི་བདག་པོ་དེ་ལེགས་སོ། ། དེ་བཞིན་གཤེགས་པ་མཐོང་ཞིང་ཇི་ལྟར་རྗེས་སུ་བསམས་པའི་དོན་དེ་ཉིད་རྗེས་སུ་སོམས་ཤིག་དང་དེ་ཉིད་ནི་དེ་བཞིན་གཤེགས་པ་མཐོང་ བ་ཡིན་ནོ། ། དེ་ནས་དེའི་སྐབས་སུ་འབོད་འགྲོགས་འདི་སྙམ་དུ་སེམས་ཏེ། ཡང་འདི་ལྟར་བདག་གིས་བཅོམ་ལྡན་འདས་རྣལ་འབྱོར་ཐམས་ཅད་ལ་མངའ་མཛད་པ། མུ་སྟེགས་ཅན་གྱི་རྣལ་འབྱོར་རྣམ་པར་ཟློག་པ། སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་སྟོན་པ། འཕྲུལ་པས་ སྤྲུལ་པ་དང་བྲལ་བ། ཐུགས་སུ་ཆུད་པའི་བློ་ལ་གང་གི་ཕྱིར་རྣལ་འབྱོར་ཅན་རྣམས་རྣལ་འབྱོར་མངོན་པར་རྟོགས་པའི་དུས་ན་ཏིང་ངེ་འཛིན་གྱི་བདེ་བ་དང་། སྙོམས་པར་འཇུག་པ་རྣམས་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ཁོང་དུ་ཆུད་པའི་ཕྱིར་འདིས་ཁོང་དུ་ཆུད་དོ་ཞེས་རྣལ་འབྱོར་ཅན་རྣམས་ཀྱི་རྣལ་ འབྱོར་གྱི་སྒྲར་གདགས་ཏེ།
BO
དེའི་ཕྱིར་བདག་གིས་ཐུགས་རྗེ་ཅན་ཉོན་མོངས་པ་འབར་བའི་རྒྱུ་དང་། རྣམ་པར་རྟོག་པ་ཟད་པར་བྱེད་པ། རྒྱལ་བའི་སྲས་རྣམས་ཀྱིས་ཡོངས་སུ་བསྐོར་བ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་བསམ་པའི་རྗེས་སུ་ཞུགས་པ། ཐམས་ཅད་དུ་ཁྱབ་ པ། ཐམས་ཅད་མཁྱེན་པ་ལ་བྱེད་པའི་མཚན་ཉིད་རྣམ་པར་ལོག་པའི་རྫུ་འཕྲུལ་གྱིས་དེ་ལྟར་བལྟའོ། ། དེ་མཐོང་བས་ནི་ཁོང་དུ་མ་ཆུད་པ་ཁོང་དུ་ཆུད་པར་བྱའོ། ། རྣམ་པར་མི་རྟོག་པ་ལ་སྤྱོད་པ་བདེ་བའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་གནས་པ་དེ་ བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ས་ཐོབ་པར་བྱེད་པ་བདག་གིས་ཁོང་དུ་ཆུད་པར་ཡང་རྣམ་པར་འཕེལ་བར་འགྱུར་རོ་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལང་ཀའི་བདག་པོ་མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པར་ཐུགས་སུ་ཆུད་ནས་མགྲིན་བཅུ་ལ་ཐུགས་བརྩེ་བའི་ ཕྱིར་རིན་པོ་ཆེ་མང་པོས་བརྒྱན་པ། རིན་པོ་ཆེའི་དྲ་བས་བྲེས་པའི་བདག་གི་རིའི་རྩེ་མོ་ལ་མཛེས་པ་དེ་ལྟ་བུ་ཉིད་དུ་བདག་ཉིད་བསྟན་ནས། ཡང་ལང་ཀའི་བདག་པོ་མགྲིན་བཅུས་མཐོང་བ་དང་། མྱོང་བའི་མཛེས་པ་དང་།
BO
རྩེ་མོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མཚན་རབ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་དང་། རི་བོ་རེ་རེ་ལ་བདག་གི་ལུས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔ་ན་འདུག་པ་དང་། དེ་བཞིན་གཤེགས་པ་བློ་གྲོས་ཆེན་པོ་དང་ཐབས་ ཅིག་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་གྱི་གཏམ་མཛད་པ་དང་། གནོད་སྦྱིན་གྱིས་བསྐོར་ཅིང་བཤད་པ་བརྗོད་པའི་གཏམ་གསུང་བ་དང་། མགོན་པོ་དང་བཅས་པའི་ཞིང་དེ་དག་ཀྱང་མཐོང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སངས་རྒྱས་ཀྱི་ཤའི་སྤྱན་གྱིས་འཁོར་ལ་ གཟིགས་ནས། སེང་གེའི་རྒྱལ་པོ་ལྟར་རྣམ་པར་བསྒྱིངས་ཏེ། བཞད་མོ་ཆེར་བཞད་ནས། མཛོད་སྤུ་དང་། རྩིབ་ལོགས་དང་། བརླ་དང་། སྐེད་པའི་ཕྱོགས་དང་། དཔལ་གྱི་བེའུ་དང་། སྤུའི་ཁུང་བུ་ཐམས་ཅད་ནས་ནི་འོད་ཟེར་རབ་ཏུ་འབྱིན། དུས་ཀྱི་མཐའི་མེ་བཞིན་ དུ་ནི་འབར། གཟི་བརྗིད་ནི་འཇའ་ལྟ་བུ། འོད་ཀྱི་དཀྱིལ་འཁོར་ནི་ཉི་མ་ཤར་བ་དང་འདྲ་བར་ཤིན་ཏུ་འབར། བརྒྱ་བྱིན་དང་། ཚངས་པ་དང་།
BO
འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ནི་ནམ་མཁའི་དབྱིངས་ནས་ལྟ་ཞིང་རི་རབ་ཀྱི་རྩེ་མོ་ལ་འགྲན་པའི་ཟོམ་ལ་བཞུགས་ནས་བཞད་མོ་ཆེར་བཞད་ དོ། ། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དེ་དག་འདི་སྙམ་དུ་སེམས་ཏེ། རྒྱུ་གང་དང་རྐྱེན་གང་གིས་དེ་ལྟར་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་མངའ་མཛད་པ་སྔོན་དུ་འཛུམ་པས་བཞད་མོ་ཆེར་བཞད་ཅིང་རང་གི་སྐུ་ལས་འོད་ཟེར་རབ་ ཏུ་འབྱིན། ཕྱུང་ནས་ཀྱང་བདག་གི་སོ་སོ་རང་གིས་རིག་པའི་འཕགས་པའི་ཡེ་ཤེས་མཐོང་བའི་སྤྱོད་ཡུལ་ཏིང་ངེ་འཛིན་གྱི་བདེ་བ་ལ་དགོངས་པ་རབ་ཏུ་བཞག་སྟེ། གཟིགས་མོ་མེད་པར་སེང་གེའི་ལྟ་བས་ཕྱོགས་སུ་གཟིགས་ནས་འབོད་འགྲོགས་ཀྱི་རྣལ་འབྱོར་རྟོགས་པ་རྒྱུ་བ་ལ་རྗེས་སུ་དགོངས་ ཤིང་ཅང་མི་གསུང་བར་གྱུར་སྙམ་མོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་སྔར་གསོལ་བ་བཏབ་པས་འབོད་འགྲོགས་ལ་སྙིང་བརྩེ་བ་དང་། བྱང་ཆུབ་སེམས་དཔའི་འཁོར་དེ་དག་གི་སེམས་དང་། བསམ་པ་དང་། རྣམ་པར་སྤྱོད་པ་ཡང་ཤེས་ཤིང་མ་འོངས་ པའི་སྐྱེ་བོའི་ཚོགས་ལའང་བལྟས་ནས་བཤད་པ་བརྗོད་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་དང་།
BO
སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་སྟོབས་ལ་མངོན་པར་ཞེན་པ་ཐམས་ཅད་འདི་ལྟར་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་ཡུལ་ལས་ཕྱིར་ལོག་པ་རྣམས་ཀྱང་བཞད་མོ་ཆེར་བཞད་དོ་སྙམ་དུ་སེམས་ཤིང་སེམས་རྣམ་པར་མྱོས་པར་གྱུར་ན་མི་རུང་ངོ་སྙམ་ནས། དེ་དག་གི་ངོ་མཚར་རྣམ་པར་བཟློག་པའི་ཕྱིར། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་ འདས་རྒྱུ་གང་དང་རྐྱེན་གང་གིས་འདི་ལྟར་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ། ཡང་བློ་གྲོས་ཆེན་པོ་གང་ཁྱོད་ཀྱིས་འཇིག་རྟེན་གྱི་རང་བཞིན་དང་། འཇིག་རྟེན་རྣམས་ཀྱི་ལྟ་བ་ངན་པ་ལ་བལྟས་ཏེ། དུས་གསུམ་གྱི་སེམས་ཁོང་ དུ་ཆུད་པས། ང་ལ་དྲི་བར་བརྩམས་པ་ནི་བློ་གྲོས་ཆེན་པོ་ཁྱོད་ལེགས་སོ། ། དེ་ལྟར་མཁས་པ་རྣམས་ཀྱིས་བདག་དང་གཞན་གྱི་དོན་དང་། གཉིས་ཀའི་དོན་དུ་ཡོངས་སུ་འདྲི་བའི་རང་བཞིན་ཅན་དུ་བྱའོ། ། བློ་གྲོས་ཆེན་པོ་ལང་ཀའི་བདག་པོ་འབོད་འགྲོགས་འདིས་ནི་སྔོན་གྱི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དྲི་བ་གཉིས་དྲིས་སོ།
BO
། ད་ང་ལ་ཡང་གང་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྣལ་འབྱོར་ལ་རྣལ་འབྱོར་པ་རྣམས་ཀྱིས་མ་མྱོང་བའི་དྲི་བ་གཉིས་ཀྱི་བྱེ་བྲག་ཁོང་དུ་ཆུད་པའི་མཚན་ཉིད་རྣམ་པར་ བསྒོམ་པའི་ཕྱིར་དྲི་བར་འདོད་དོ། ། འདི་ལྟར་འདྲི་བར་འདོད་པའི་མགྲིན་བཅུ་འདི་ནི་མ་འོངས་པའི་རྒྱལ་བ་རྣམས་ལའང་འདྲི་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། ལང་ཀའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལང་ཀའི་བདག་པོ་ཁྱོད་ལ་དེ་བཞིན་ གཤེགས་པས་སྐབས་ཕྱེས། ཅོད་པན་རབ་ཏུ་གཡོ་བ་མ་སྡོང་བར་ཅི་དང་ཅི་འདོད་པ་ང་ལ་དྲིས་ཤིག་དང་། ངས་དྲི་བ་དེ་དང་དེའི་ལུང་བསྟན་པས་ཇི་ལྟར་ཁྱོད་རྣམ་པར་རྟོག་པའི་གནས་ཤིན་ཏུ་གྱུར་ནས། སའི་མི་འཐུན་པའི་ཕྱོགས་ལ་མཁས་ཤིང་རབ་ཏུ་འབྱེད་པའི་བློས་སོ་སོ་རང་གི་རིག་པའི་ ཚུལ་གྱིས་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྱི་བདེ་བར་གནས་པ་ལ་རྣམ་པར་དཔྱོད་ཅིང་ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱིས་ནི་ཡོངས་སུ་བཟུང་། ཞི་བའི་བདེ་བ་ལ་ནི་རྣམ་པར་གནས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཉེས་པ་ལས་འདས་ནས་མི་གཡོ་བ་དང་། དགེ་བའི་ བློ་གྲོས་དང་།
BO
ཆོས་ཀྱི་སྤྲིན་གྱི་ས་ལ་ནི་རྣམ་པར་གནས། ཆོས་ལ་བདག་མེད་པའི་ཡང་དག་པ་ཇི་ལྟ་བ་བཞིན་ལ་ནི་རབ་ཏུ་མཁས་པས་རིན་པོ་ཆེའི་པད་མོ་ཆེན་པོ་བཏིང་བ་ལ་ཏིང་ངེ་འཛིན་གྱི་རྒྱལ་བས་དབང་བསྐུར་བ་ཐོབ་པར་འགྱུར་ཞིང་། དེ་དང་རྗེས་སུ་འཐུན་པའི་པད་མོ་དག་ལ་བདག་གི་ ལུས་རྣམ་པ་སྣ་ཚོགས་སུ་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་ཏེ། པད་མོ་དེ་དག་ལ་བདག་གི་ལུས་འདུག་པ་མཐོང་བར་འགྱུར་བ་དང་། གཅིག་གིས་གདོང་ལ་གཅིག་ལྟ་བར་ཡང་བྱེད་པར་འགྱུར་བ་དང་། དེ་ལྟར་གང་གི་ཕྱིར་བསམ་གྱིས་མི་ཁྱབ་པའི་ཡུལ་དེ་ནི་མངོན་པར་སྒྲུབ་པ་ལ་ མཁས་པ། གཅིག་གིས་མངོན་པར་བསྒྲུབ་པ་ཡིན་ཏེ། སྤྱོད་པའི་ས་ལ་གནས་ཤིང་ཐབས་མཁས་པས་ཡོངས་སུ་བཟུང་བའི་མངོན་པར་བསྒྲུབ་པ་མངོན་པར་བསྒྲུབས་པས། བསམ་གྱིས་མི་ཁྱབ་པའི་ཡུལ་དེའང་རྗེས་སུ་འཐོབ་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་ས་གཟུགས་ རྣམ་པ་མང་པོར་རྣམ་པར་འགྱུར་བ། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་དང་། ཚངས་པ་དང་། དབང་པོ་དང་། ཉེ་བའི་དབང་པོ་རྣམས་ཀྱིས་སྔོན་མ་མཐོང་བ་དེའང་ཐོབ་པར་འགྱུར་བར་ཁྱོད་ཀྱི་སེམས་རངས་པར་བྱའོ། །
BO
དེ་ནས་ལང་ཀའི་བདག་པོ་ལྷ་མོ་དང་ བཅས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་རིན་པོ་ཆེའི་པད་མོའི་འོད་ཟེར་གྱིས་དྲི་མ་མེད་པའི་འོད་རིན་པོ་ཆེའི་པད་མོ་དང་འདྲ་བའི་རིན་པོ་ཆེའི་རྩེ་མོ་དེ་ནས་ལངས་ནས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བདུག་པ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། སེ་མོ་དོ་དང་། དོ་ཤལ་དང་། ཅོད་པན་དང་། ཐོར་ཚུགས་རྣམ་པ་དུ་མ་རྣམ་པ་ཐ་དད་པ་སྣ་ཚོགས་དང་། སྔོན་མ་མཐོང་མ་ཐོས་པའི་རྒྱན་གྱི་ཁྱད་པར་རྣམ་པར་འཕགས་པ་གཞན་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ དང་། སྲིན་པོ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་ལས་ལྷག་པ་ལས་ཀྱང་འདས་པའི་རྔ་དང་། སིལ་སྙན་རྣམས་དང་། འདོད་པའི་ཁམས་སུ་གཏོགས་པའི་རོལ་མོའི་ཆ་བྱད་ཐམས་ཅད་ཀྱང་རྣམ་པར་སྤྲུལ། གང་ཡང་སངས་རྒྱས་ཀྱི་ཞིང་གཞན་གྱི་རོལ་མོའི་ ཁྱད་པར་མཐོང་བ་དེ་དག་ཀྱང་མངོན་པར་སྤྲུལ། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རིན་པོ་ཆེའི་དྲ་བས་ནི་མངོན་པར་བཀབ། གོས་སྣ་ཚོགས་ཀྱི་ལྷའི་བ་དན་ནི་རབ་ཏུ་བསྒྲེང་།
BO
ཏ་ལ་བདུན་ཙམ་དུ་ནི་ནམ་མཁའ་ལ་མངོན་པར་འཕགས། མཆོད་པའི་སྤྲིན་ཆེན་པོའི་ཆར་ནི་ མངོན་པར་ཕབ། རྔ་དང་སིལ་སྙན་རྣམས་ཀྱི་སྒྲ་ནི་རབ་ཏུ་ཕྱུང་སྟེ། ནམ་མཁའ་དེ་ལས་བབས་ནས་ཉི་མ་དང་། གློག་གི་འོད་ལྟ་བུ་རིན་པོ་ཆེའི་པད་མོ་ཆེན་པོས་བརྒྱན་པའི་རིན་པོ་ཆེའི་རྩེ་མོ་གཉིས་པ་ལ་འདུག་གོ། ། འདུག་ནས་ཞེ་སར་འཛུམ་པ་སྔོན་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གོ་ སྐབས་ཕྱེ་བས། བཅོམ་ལྡན་འདས་ལ་དྲི་བ་གཉིས་དྲིས་སོ། ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལའང་བདག་གིས་ཞུས་ནས། དེ་རྣམས་ཀྱིས་ཀྱང་ལན་བླན་ཏེ། བཅོམ་ལྡན་འདས་ལའང་ད་ཞུའོ། ། བསྟན་པ་བརྗོད་པ་ལས་ཀྱང་ འདི་ནི་སངས་རྒྱས་རྣམས་དང་། ཁྱོད་ཀྱིས་ཀྱང་གདོན་མི་འཚལ་བར་བཤད་པར་འགྱུར་ཏེ། བཅོམ་ལྡན་འདས་ཆོས་གཉིས་པོ་འདི་ནི་འཕྲུལ་བས་སྤྲུལ་པ་རྣམས་ཀྱིས་བསྟན་པ་ལགས་ཏེ། ངོ་བོའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་མ་གསུངས་སོ། ། བཅོམ་ལྡན་འདས་ ངོ་བོའི་དེ་བཞིན་གཤེགས་པ་རྣམས་ནི་ཏིང་ངེ་འཛིན་གྱི་སྒོའི་སྤྱོད་ཡུལ་སྟོན་ཏེ། ཚིག་གི་སྤྱོད་ཡུལ་གྱི་རྣམ་པར་རྟོག་པར་ལྷུང་བ་ནི་མི་སྟོན་ན།
BO
བཅོམ་ལྡན་འདས་ཆོས་ལ་མངའ་མཛད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་ཆོས་གཉིས་པོ་དེ་ལེགས་པར་ བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་རྒྱལ་བའི་སྲས་འདི་རྣམས་ཀྱང་ཉན། བདག་ཀྱང་འཚལ་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལང་ཀའི་བདག་པོ་ཆོས་གཉིས་པོ་དེ་སྨྲོས་ཤིག ། སྲིན་པོའི་དབང་པོ་ལུས་ལ་ཅོད་པན་དང་། དཔུང་རྒྱན་དང་། སེ་ མོ་དོ་དང་། རྡོ་རྗེ་མཆོག་གི་ཕྲེང་བ་ཐོགས་ཤིང་རྒྱན་བཟང་པོས་ལུས་བརྒྱན་པས་གསོལ་པ། ཆོས་ཉིད་ཀྱང་སྤང་བར་བགྱི་ན། ཆོས་མ་མཆིས་པ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཆོས་གཉིས་པོ་དེ་ཇི་ལྟར་སྤང་བར་འགྱུར། ཆོས་སམ་ཆོས་མ་མཆིས་པ་རྣམས་ནི་གང་ལགས། ཇི་ལྟར་ན་ གཉིས་སྤང་བའི་ཆོས་ཅན་རྣམ་པར་རྟོག་པའི་མཚན་ཉིད་དུ་ལྷུང་བ་རྣམ་པར་རྟོག་པའི་རང་བཞིན་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་མ་ལགས་པ། ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་མ་རིག་པས་ཁྱད་པར་གྱི་མཚན་ཉིད་མ་མཆིས་པ། སྐྲ་ཤད་འཛིངས་པའི་རང་བཞིན་དུ་གནས་པ། ཤེས་པ་མ་དག་ཅིང་ཟད་པར་འགྱུར་བའི་ཡུལ་ཅན། དེ་ལྟ་བུའི་རང་བཞིན་དེ་དག་ཇི་ལྟར་སྤང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
ལང་ཀའི་བདག་པོ་འདི་ལྟར་བུམ་པ་ལ་སོགས་པ་འཆག་པའི་རང་བཞིན་འཇིག་པའི་ཆོས་ཅན་རྣམས་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པའི་སྤྱོད་ ཡུལ་ལ་ཐ་དད་པའི་བྱེ་བྲག་ཏུ་སྣང་བ། དེ་བཞིན་དུ་འདི་ལ་ཡང་ཅིའི་ཕྱིར་མི་གཟུང་། བྱིས་པ་རྣམས་ཀྱི་སོ་སོའི་རྣམ་པར་རྟོག་པ་ཉེ་བར་བཟུང་ན། ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་ཀྱང་ཡོད་དོ། ། འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མཐོང་བས་ནི་མ་ཡིན་ནོ། ། ལང་ཀའི་ བདག་པོ་བུམ་པ་ལ་སོགས་པའི་དངོས་པོ་མཚན་ཉིད་སྣ་ཚོགས་སུ་ལྷུང་བ་རྣམས་བྱིས་པ་དག་གི་ཡིན་ཏེ། འཕགས་པ་རྣམས་ཀྱི་མ་ཡིན་པ་ལྟ་ཞོག་ལ། རང་བཞིན་གཅིག་ཅིང་འབར་བ་གཅིག་ལས་བྱུང་བའི་རབ་ཏུ་འབར་བ་ཁྱིམ་དང་གནས་དང་སྐྱེད་མོས་ཚལ་དང་། ཁང་པ་ལ་འདུག་པ་ཤིང་གི་ དབང་གིས་འོད་རིང་བ་དང་ཐུང་བའི་ཁྱད་པར་དང་ཐ་དད་པའི་བྱེ་བྲག་ཏུ་སྣང་བ་དེ་བཞིན་དུ་འདི་ལ་ཡང་ཆོས་དང་། ཆོས་མེད་པ་ཐ་དད་པའི་བྱེ་བྲག་ཡོད་པར་ཅིའི་ཕྱིར་མི་གཟུང་། མེ་ལྕེའི་རྒྱུད་གཅིག་ཏུ་གྱུར་པའི་འོད་འཕྲོ་བ་ཐ་དད་པའི་བྱེ་བྲག་ཏུ་སྣང་བ་འབའ་ཞིག་ཏུའང་མ་ཟད་དེ། ལང་ཀའི་བདག་པོ་ས་ བོན་ལས་བྱུང་ཡང་མྱུ་གུ་དང་། ལྗང་བུ་དང་། སོག་མ་དང་། ཚིགས་དང་།
BO
ལོ་མ་དང་། ཡལ་ག་དང་། མེ་ཏོག་དང་། འབྲས་བུ་དང་། གྲ་མའི་བྱེ་བྲག་ཡོད་པ་དེ་བཞིན་དུ་ཕྱི་ནང་གི་ཆོས་སྐྱེ་བའི་ཆོས་ཅན། མ་རིག་པ་ལས་རབ་ཏུ་བྱུང་བ། ཕུང་པོ་དང་། ཁམས་དང་། སྐྱེ་ མཆེད་དུ་གཏོགས་པ་ཐམས་ཅད་དང་། ཁམས་གསུམ་དུ་སྐྱེས་པའི་ཆོས་ཐམས་ཅད་ལ་བདེ་བའི་དབྱིབས་དང་། བརྗོད་པ་དང་། འགྲོ་བའི་ཁྱད་པར་དག་ཀྱང་སྣང་སྟེ། མཚན་ཉིད་གཅིག་པའི་རྣམ་པར་ཤེས་པ་ཡུལ་ལ་མངོན་པར་འཛིན་པར་རབ་ཏུ་འཇུག་པའི་ཁྱད་པར་རབ་དང་འབྲིང་དང་ཐ་མའི་ བྱེ་བྲག་དང་། རྣམ་པར་བྱང་བ་དང་། དགེ་བ་དང་། མི་དགེ་བར་ཡང་སྣང་ངོ་། ། ལང་ཀའི་བདག་པོ་ཆོས་དེ་དག་གི་ཐ་དད་པའི་བྱེ་བྲག་ཏུའང་མ་ཟད་དེ། རྣལ་འབྱོར་ཅན་རྣལ་འབྱོར་བསྒོམ་པ་རྣམས་ཀྱི་རྣལ་འབྱོར་གྱི་ལམ་ལ་ཡང་སོ་སོ་རང་གིས་རིག་པའི་མཚན་ཉིད་ཀྱི་ཁྱད་པར་སྣང་ན། སོ་སོའི་རྣམ་པར་རྟོག་པ་ལས་བྱུང་བའི་ཆོས་དང་། ཆོས་མེད་པའི་ཁྱད་པར་ལྟ་ཅིའི་ཕྱིར་མེད་དེ་ཡོད་དོ། ། ལང་ཀའི་བདག་པོ་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་ཕྱིར་ཆོས་དང་། ཆོས་མེད་པ་ཐ་དད་པའི་བྱེ་བྲག་ཡོད་དོ། ། ལང་ཀའི་བདག་པོ་དེ་ལ་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། མུ་ སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་།
BO
བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པས་རྣམ་པར་བརྟགས་པ་རྒྱུ་ལས་ཡོན་ཏན་དང་རྫས་ཀྱིས་གཞི་བཙུགས་པ་ནི་ཆོས་རྣམས་ཞེས་བྱའོ། ། དེ་དག་ནི་སྤང་བར་བྱ་བ་བཏང་བར་བྱ་བ་སྟེ། མཚན་ཉིད་དུ་སོ་སོར་རྣམ་པར་བརྟག་པར་མི་ བྱའོ། ། རང་གི་སེམས་སྣང་བའི་ཆོས་རྣམས་ལ་མངོན་པར་ཞེན་པའི་ཕྱིར་རྫ་མ་ལ་སོགས་པའི་ཆོས་བྱིས་པས་ཀུན་བརྟགས་པ་ལུས་སུ་མ་རེད་པའི་རྣམས་ནི་མེད་པ་ཡིན་ཏེ། དེ་ལྟ་བུར་ལྷག་མཐོང་གིས་རབ་ཏུ་མཐོང་ན་སྤངས་པར་འགྱུར་རོ། ། དེ་ལ་ཆོས་མེད་པ་རྣམས་གང་ཞེ་ ན། གང་དེ་དག་བདག་ཉིད་དུ་མ་རེད་པ་ཡིན་ཏེ། མཚན་ཉིད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པའི་ཆོས་དོན་གྱི་རྒྱུ་ལས་བྱུང་བ་དེ་དག་ཡང་དག་པ་དང་། ཡང་དག་པ་མ་ཡིན་པར་འཇུག་པ་མེད་པར་མཐོང་ནས། དེའི་ཕྱིར་ཆོས་མེད་པ་སྤོང་བར་འགྱུར་རོ། ། ཡང་བདག་ཉིད་དུ་མ་རེད་པའི་ཆོས་རྣམས་ གང་ཞེ་ན། འདི་ལྟ་སྟེ། རི་བོང་དང་། རྔ་མོ་དང་། བོང་བུ་དང་། རྟའི་རྭ་དང་། མོ་ཤམ་གྱི་བུ་ལ་སོགས་པའི་ཆོས་རྣམས་ཏེ། བདག་ཉིད་དུ་མ་རེད་པའི་ཕྱིར་དེ་དག་ནི་མཚན་ཉིད་དུ་བརྟག་པར་མི་བྱའི། གཞན་དུ་ན་ཐ་སྙད་ཀྱི་དོན་དུ་བརྗོད་དེ། བུམ་པ་ལ་སོགས་པ་ལྟར་མངོན་པར་ཆགས་ པས་ནི་མ་ཡིན་ནོ། །
BO
ཇི་ལྟར་དེ་དག་རྣམ་པར་ཤེས་པས་གཟུང་དུ་མེད་པའི་ཕྱིར་སྤང་བར་བྱ་བ་དེ་བཞིན་དུ་རྣམ་པར་རྟོག་པའི་དངོས་པོ་རྣམས་ཀྱང་སྤང་བར་བྱ་བ་ཡིན་ཏེ། དེའི་ཕྱིར་ཆོས་དང་། ཆོས་མེད་པ་སྤང་བ་ཡིན་ནོ། ། ལང་ཀའི་བདག་པོ་ཁྱོད་ཀྱིས་ཆོས་དང་། ཆོས་མེད་པ་གཉིས་ཇི་ ལྟ་བུར་སྤང་བར་བྱ་ཞེས་སྨྲས་པ་དེ་ནི་འདི་ལྟར་བཤད་དོ། ། གང་ཡང་ལང་ཀའི་བདག་པོ་ཁྱོད་ཀྱིས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལའང་བདག་གིས་དྲིས་ཏེ། དེ་དག་གིས་ཀྱང་ལན་བླན་ནོ་ཞེས་སྨྲས་པ་ཡང་། ལང་ཀའི་བདག་པོ་སྔོན་ཞེས་ བྱ་བ་འདི་ནི་རྣམ་པར་རྟོག་པའི་ཚིག་{བླ་དགས་,བླ་དྭགས་}ཏེ། འདས་པ་ལའང་འདི་ལྟར་འདས་པ་ཞེས་རྣམ་པར་རྟོག་གོ། ། དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་ཡང་རྟོག་སྟེ། དེ་བཞིན་གཤེགས་པ་རྣམས་ནི་དེའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་པ་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་སྟེ། གཟུགས་ཀྱི་ངོ་བོ་ཉིད་ལ་བརྟགས་པ་ལྟར་ནི་མ་ཡིན་གྱི། གཞན་དུ་ན་ཡེ་ཤེས་ཐུགས་སུ་ཆུད་པ་བདེ་བའི་དོན་དུ་མཚན་མ་མེད་པ་ལ་སྤྱོད་པའི་ཤེས་རབ་ཀྱིས་རྣམ་པར་སྒོམ་མོ། །
BO
དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ཀྱི་བདག་ཉིད་ཡེ་ཤེས་ཀྱི་སྐུ་སྟེ། བརྟག་པར་མི་བྱའོ། ། གང་གིས་མི་བརྟག་ ཅེ་ན། ཡིད་ཀྱིས་བདག་དང་། སྲོག་དང་། གང་ཟག་ཏུ་མི་བརྟག་གོ། ། ཇི་ལྟར་མི་བརྟག་ཅེ་ན། ཡུལ་གྱི་དོན་གྱི་རྒྱུ་ལས་བྱུང་བ་ཡིད་ཀྱི་རྣམ་པར་ཤེས་པས་ཇི་ལྟར་གཟུགས་ཀྱི་མཚན་ཉིད་དང་། དབྱིབས་དང་རྣམ་པ་བཞིན་དུ་མི་བརྟག་གོ། ། དེ་བས་ན་ཁྱོད་ཀྱིས་བརྟག་པར་བྱ་བ་དང་། རྣམ་ པར་རྟོག་པ་དང་བྲལ་བར་བྱའོ། ། ལང་ཀའི་བདག་པོ་འདི་ལྟར་ཡང་སེམས་ཅན་གྱི་སྤྱོད་པ་རྣམས་ནི་རྩིག་པའི་རི་མོའི་གཟུགས་དང་འདྲ་སྟེ། ལང་ཀའི་བདག་པོ་ཆོས་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་འཇིག་རྟེན་གནས་པ་ནི་གཡོ་བ་མེད་པ་སྟེ། ལས་དང་བྱེད་པ་དང་བྲལ་བའོ། ། འདི་ལ་གང་ ཡང་ཉན་པའམ། མཉན་པར་བྱ་བ་མེད་དོ། ། ལང་ཀའི་བདག་པོ་འཇིག་རྟེན་གནས་པ་ནི་སྤྲུལ་པ་དང་མཚུངས་ན། མུ་སྟེགས་ཅན་བྱིས་པའི་རྣལ་འབྱོར་པ་རྣམས་རྣམ་པར་མི་སྒོམ་མོ། ། ལང་ཀའི་བདག་པོ་གང་གིས་དེ་ལྟར་མཐོང་བ་དེས་ནི་ཡང་དག་པར་མཐོང་བ་སྟེ། རྣམ་པ་གཞན་དུ་མཐོང་ན་ རྣམ་པར་རྟོག་པ་ལ་སྤྱོད་པའོ། །
BO
དེ་ལྟར་རྣམ་པར་རྟོག་པ་དང་བཅས་པ་རྣམས་ནི་རྣམ་པ་གཉིས་སུ་འཛིན་ཏེ། འདི་ལྟ་སྟེ་མེ་ལོང་གི་ནང་ན་ཡོད་པའི་བདག་གི་གཟུགས་ཀྱི་གཟུགས་བརྙན་དང་། ཆུ་ལ་བདག་གི་ལུས་ཀྱི་གྲིབ་མ་དང་། ཟླ་བའི་འོད་དང་། ཁྱིམ་ན་མེ་མར་འབར་བ་ལ་བདག་གི་ལུས་ཀྱི་གྲིབ་མ་ དང་། བྲག་ཅའམ། གཞན་ཡང་བདག་གི་རྣམ་པར་རྟོག་པའི་གཟུང་བ་རབ་ཏུ་བཟུང་སྟེ། ཆོས་དང་ཆོས་མེད་པར་རྣམ་པར་རྟོག་ཅིང་། ཆོས་དང་ཆོས་མེད་པ་སྤང་བ་ལ་མི་སྤྱོད་དེ་སྤྱོད་དོ། ། རྣམ་པར་རྟོག་གོ། ། རྒྱས་པར་བྱེད་དོ། ། རབ་ཏུ་ཞི་བ་མི་འཐོབ་བོ། ། འདི་ནི་རྩེ་གཅིག་པའི་ཚིག་{བླ་དགས་,བླ་དྭགས་} ཏེ། འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་བདག་གི་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་འཇུག་པའི་ཕྱིར་མཆོག་གི་ཏིང་ངེ་འཛིན་སྐྱེ་བའོ། ། འབོད་འགྲོགས་ཀྱིས་གསོལ་བ་བཏབ་པའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱུ་བའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་བློ་གྲོས་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།
BO
བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། འཇིག་རྟེན་སྐྱེ་འཇིག་མ་མཆིས་ཏེ། ། ནམ་མཁའི་མེ་ཏོག་རབ་ཏུ་འདྲ། ། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡི། ། ཁྱོད་ཀྱིས་ཡོད་དང་མེད་མ་དམིགས། ། ཆོས་རྣམས་ཐམས་ཅད་སྒྱུ་མ་བཞིན། ། སེམས་ དང་རྣམ་པར་ཤེས་པ་སྤངས། ། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡི། ། ཁྱོད་ཀྱིས་ཡོད་དང་མེད་མ་དམིགས། ། འཇིག་རྟེན་རྟག་དང་ཆད་སྤངས་པ། ། ཁོར་ཟུག་རྨི་ལམ་འདྲ་བ་སྟེ། ། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡི། ། ཁྱོད་ཀྱིས་ཡོད་དང་མེད་མ་དམིགས། ། ཆོས་དང་གང་ཟག་བདག་མེད་དང་། ། ཁྱོད་ཀྱི་ཉོན་མོངས་ཤེས་བྱ་རྣམས། ། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་དང་། ། མཚན་མ་མེད་པས་རྟག་ཏུ་དག ། སྒྱུ་མ་རྨི་ལམ་རང་བཞིན་གྱི། ། ཆོས་ཀྱི་སྐུ་ལ་ཇི་སྐད་བསྟོད། ། དངོས་པོ་རང་བཞིན་མེད་རྣམས་ཀྱི། ། མ་སྐྱེས་དེ་ནི་བསྟོད་པ་ལགས། ། དབང་པོ་དོན་དང་རྣམ་བྲལ་ཞིང་། ། སྣང་མེད་དེ་ཡི་གཟིགས་པ་བས། ། གལ་ཏེ་བསྟོད་དམ་སྨད་ཀྱང་རུང་། ། ཐུབ་པ་དེ་ལ་ཇི་སྐད་བརྗོད། ། མྱ་ངན་མི་འདའ་འདའ་ལ་མིན། ། ཁྱོད་ལ་མྱ་ངན་འདའ་མི་གནས། །
BO
བློ་དང་རིག་པར་བགྱི་དང་བྲལ། ། ཡོད་དང་མེད་པའི་ཕྱོགས་ཀྱང་སྤངས། ། དེ་ལྟར་སྐྱེ་འཇིག་སྤངས་པ་ཡི། ། ཐུབ་པ་ཞི་བ་སུས་མཐོང་བ། ། དེ་དང་འདི་དང་སླད་མར་ཡང་། ། ཆགས་མེད་ཉེར་ལེན་མ་མཆིས་འགྱུར། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། བདག་གི་མིང་དང་ རིགས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་བདག་ནི་བློ་ཆེན་ཏེ། ། ཐེག་ཆེན་ཁོང་དུ་ཆུད་པར་རྟོགས། ། དྲི་བ་བརྒྱ་པོ་རྩ་བརྒྱད་པ། ། གསུང་བའི་མཆོག་ལ་ཞུ་བར་བགྱི། ། དེ་ཡི་ཚིག་དེ་གསན་པ་དང་། ། སངས་རྒྱས་འཇིག་རྟེན་མཁྱེན་པའི་མཆོག ། ཐམས་ཅད་འཁོར་ལ་ རྣམ་གཟིགས་ནས། ། བདེ་གཤེགས་སྲས་ལ་གསུངས་པ་ནི། ། ང་ལ་དྲིས་ཤིག་རྒྱལ་སྲས་རྣམས། ། བློ་གྲོས་ཆེན་པོ་ཁྱོད་ཀྱང་དྲིས། ། སོ་སོ་རང་རིག་སྤྱོད་ཡུལ་ནི། ། ང་ཡིས་ཁྱོད་ལ་བཤད་པར་བྱ། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་ གྲོས་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་ཞུ་བ་ཞུས་པ། ཇི་ལྟར་རྟོག་གེ་རྣམ་དག་འགྱུར། །
BO
རྟོག་གེ་ཅི་ཡི་སླད་དུ་འབྱུང་། ། ཇི་ལྟ་བུར་ན་ནོར་བ་གདའ། ། ཅི་ཡི་སླད་དུ་ནོར་བ་འབྱུང་། ། ཅི་ཡི་སླད་དུ་སྤྲུལ་དང་ཞིང་། ། ཁྱོད་ཀྱི་མཚན་དང་མུ་སྟེགས་ ཀྱང་། ། སྣང་མེད་རིམ་པ་ཅི་སླད་དུ། ། ཁྱོད་ཀྱི་རྒྱལ་སྲས་གང་ནས་ལྷགས། ། གྲོལ་བ་གང་དུ་མཆི་བར་འགྱུར། ། བཅིངས་པ་སུ་ལགས་གང་གིས་འགྲོལ། ། བསམ་གཏན་པ་ཡི་ཡུལ་དེ་གང་། ། ཇི་ལྟར་ཐེག་པ་གསུམ་པོ་ལགས། ། རྐྱེན་གྱིས་སྐྱེ་བ་དེ་དག་ཅི། ། འབྲས་བུ་ཅི་ཞིག་རྒྱུ་ ནི་གང་། ། གཉིས་ཀྱིས་མཐའ་བརྗོད་ཅི་སླད་དུ། ། ཇི་ལྟ་བུ་ཡང་འབྱུང་བ་ལགས། ། གཟུགས་མེད་སྙོམས་པར་འཇུག་པ་དང་། ། འགོག་པ་དེ་ཡང་ཇི་ལྟ་བུ། ། འདུ་ཤེས་འགོག་པ་ཇི་ལྟ་བུ། ། ཅི་སླད་ཇི་ལྟར་སད་པར་འགྱུར། ། འགྲོ་བ་དང་ནི་ལུས་འཛིན་ཀྱང་། ། ཅི་ཡི་སླད་དུ་བྱ་བ་ འབྱུང་། ། ཇི་ལྟར་སྣང་བ་རྣམ་པར་སྒོམ། ། ཇི་ལྟར་ས་ལ་འཇུག་པར་འགྱུར། ། སྲིད་གསུམ་ཆོམ་གནས་པ་དེས་སུ། ། གནས་ནི་གང་ལགས་ལུས་ནི་ཅི། ། གནས་ཤིང་འགྲོ་བ་གང་ཞིག་ཏུ། ། རྒྱལ་བའི་སྲས་སུ་ཇི་ལྟར་འགྱུར། ། དབང་དང་ཏིང་ངེ་འཛིན་རྣམས་དང་། ། མངོན་པར་ ཤེས་པ་ཇི་ལྟར་འཐོབ། ། ཇི་ལྟར་སེམས་ནི་མཉམ་པར་འཇོག །
BO
རྒྱལ་བ་ཁྱུ་མཆོག་བདག་ལ་གསུངས། ། ཡིད་དང་རྣམ་པར་ཤེས་པ་དང་། ། ཀུན་གཞི་དེ་ཡང་ཇི་ལྟ་བུར། ། སྣང་ལ་ཇི་ལྟར་འཇུག་པ་ལགས། ། ཇི་ལྟར་སྣང་ལས་སླད་དུ་ལྡོག ། རིགས་དང་རིགས་མེད་ཇི་ལྟར་ཅིས། ། སེམས་ཙམ་དུ་ཡང་ཇི་ལྟར་འགྱུར། ། མཚན་རྣམས་རྣམ་པར་དགོད་པ་དང་། ། བདག་མེད་པ་ཡང་ཇི་ལྟར་འགྱུར། ། སེམས་ཅན་མ་མཆིས་ཇི་ལྟ་བུ། ། ཀུན་རྫོབ་བཤད་པ་ཇི་ལྟ་བུ། ། ཇི་ལྟར་རྟག་དང་ཆད་པ་ཡིས། ། ལྟ་བ་རབ་ཏུ་འབྱུང་མི་འགྱུར། ། ཇི་ལྟར་ཁྱོད་དང་མུ་སྟེགས་སུ། ། མཚན་ཉིད་རྣམས་ཀྱིས་འགལ་མི་འགྱུར། ། སྡེ་པ་རྣམས་ཀྱང་ཇི་ལྟ་བུར། ། མ་འོངས་དུས་ན་འབྱུང་བ་གསུངས། ། ཅི་སླད་ཇི་ལྟར་སྟོང་པ་ཉིད། ། ཇི་ལྟར་ཁྱོད་ཀྱིས་སྐད་ཅིག་འཇིག ། སྙིང་པོ་ཇི་ལྟར་འབྱུང་བ་ལགས། ། ཇི་ལྟར་འཇིག་རྟེན་བྱེད་མ་མཆིས། ། ཅི་སླད་འཇིག་རྟེན་ སྒྱུ་མ་འདྲ། ། དྲི་ཟ་འདྲ་དང་སྨིག་རྒྱུ་དང་། ། ཆུ་ཡི་ཟླ་བ་འདྲ་བ་ཡང་། ། ཅི་ཡི་སླད་དུ་བདག་ལ་གསུངས། ། བྱང་ཆུབ་ཡན་ལག་ཇི་ལྟར་མཆིས། ། བྱང་ཆུབ་ཕྱོགས་རྣམས་ཅི་ལས་འབྱུང་། ། ཡུལ་འཁྲུག་པ་དང་ཁྲག་འཁྲུག་དང་། ། ཇི་ལྟར་འབྱུང་བར་ལྟ་བར་ འགྱུར། ། མ་སྐྱེས་པ་དང་མ་འགགས་པ། །
BO
ཇི་ལྟར་ནམ་མཁའི་མེ་ཏོག་འདྲ། ། འཇིག་རྟེན་ཇི་ལྟར་ཐུགས་སུ་ཆུད། ། ཡི་གེ་མེད་པར་ཇི་ལྟར་གསུང་། ། ཅི་ཡིས་རྣམ་པར་མི་རྟོག་འགྱུར། ། ཇི་ལྟར་ནམ་མཁའ་འདྲ་བ་ལགས། ། དེ་བཞིན་ཉིད་ནི་རྣམ་པ་དུ། ། སེམས་དང་ཕ་རོལ་ ཕྱིན་པ་དུ། ། གང་གིས་ས་ཡི་རིམ་པར་གྱུར། ། སྣང་མེད་རྒྱུ་བ་གང་ཞིག་ལགས། ། གང་གིས་བདག་མེད་རྣམ་པ་གཉིས། ། ཤེས་བྱ་ཇི་ལྟར་རྣམ་པར་འདག ། མགོན་པོ་ཡེ་ཤེས་རྣམ་པ་དང་། ། ཚུལ་ཁྲིམས་སེམས་ཅན་འབྱུང་གནས་དུ། ། ནོར་བུ་མུ་ཏིག་གསེར་འབྱུང་བའི། ། རིགས་ རྣམས་སུ་ཡིས་རབ་ཏུ་བྱུང་། ། སེམས་ཅན་དངོས་པོའི་སྣ་གྲངས་དང་། ། མངོན་པར་བརྗོད་པ་སུ་ཡིས་བསྐྱེད། ། རིག་པའི་གནས་དང་བཟོ་ཡི་རྣམས། ། གང་གིས་ཇི་ལྟར་རབ་ཏུ་བཤད། ། ཚིགས་སུ་བཅད་པ་རྣམ་པ་དུ། ། ཚིགས་བཅད་རྐྱང་པ་ཇི་ལྟ་བུ། ། རིགས་པ་རྣམ་པ་དུ་ཞིག་མཆིས། ། བཤད་པ་དག་ཀྱང་ཇི་ལྟར་འགྱུར། ། སྐོམ་དང་ཁ་ཟས་སྣ་ཚོགས་དང་། ། ཇི་ལྟར་འཁྲིག་པ་འབྱུང་བར་འགྱུར། ། རྒྱལ་པོ་འཁོར་ལོས་སྒྱུར་བ་དང་། ། ཁམས་ཀྱི་བདག་པོ་ཇི་ལྟར་ལགས། ། ཇི་ལྟར་རྒྱལ་སྲིད་སྲུང་བར་འགྱུར། ། ལྷ་ཡི་རིགས་ལ་རྣམ་པ་དུ། ། ས་དང་སྐར་ཚོགས་ཅི་ལས་ གྱུར། །
BO
ཉི་ཟླ་གཉིས་ཀྱང་ཇི་ལྟ་བུ། ། ཐར་པ་རྣམ་པ་དུ་ཞིག་མཆིས། ། རྣལ་འབྱོར་ལྡན་པ་རྣམ་པ་དུ། ། སློབ་མ་རྣམ་པ་དུ་ཞིག་མཆིས། ། སློབ་དཔོན་དུ་ཡང་ཇི་ལྟར་འགྱུར། ། སངས་རྒྱས་རྣམ་པ་དུ་ཞིག་ལགས། ། སྐྱེས་པའི་རབས་ལ་རྣམ་པ་དུ། ། བདུད་ལ་རྣམ་པ་དུ་ཞིག་ མཆིས། ། ཡ་མཚན་ཅན་ཡང་རྣམ་པ་དུ། ། ཁྱོད་ཀྱི་རང་བཞིན་རྣམ་པ་དུ། ། རི་མོ་རྣམ་པ་དུ་ཞིག་མཆིས། ། བཏགས་པ་ཙམ་ཡང་ཇི་ལྟ་བུ། ། སྨྲ་བའི་མཆོག་གིས་བདག་ལ་གསུངས། ། ནམ་མཁའི་སྤྲིན་རླུང་ཅི་ལས་གྱུར། ། དྲན་དང་ཡིད་གཞུངས་ཇི་ལྟར་འབྱུང་། ། ཤིང་གི་འཁྲི་ ཤིང་ཇི་ལྟར་མཆིས། ། སྲིད་གསུམ་དབང་པོ་བདག་ལ་གསུངས། ། གླང་པོ་{རི་དགས་,རི་དྭགས་}རྟ་བླུན་རྣམས། ། གཟུང་དུ་རུང་བ་ཅི་སླད་དུ། ། ངན་པའི་མི་རྣམས་ཅི་ལས་གྱུར། ། བདག་ལ་སེམས་ལུང་སྒྱུར་བས་གསུངས། ། ཁམས་དྲུག་འཛིན་པ་ཅི་སླད་དུ། ། འདོད་ཆེན་བར་ཡང་ཇི་ལྟར་ འགྱུར། ། སྐྱེས་པ་བུད་མེད་མ་ནིང་རྣམས། ། ཇི་ལྟར་སྐྱེ་འགྱུར་བདག་ལ་གསུངས། ། རྣལ་འབྱོར་ལས་ནི་ཇི་ལྟར་ལྡོག ། རྣལ་འབྱོར་ལ་ཡང་ཇི་ལྟར་འཇུག ། ཅི་འདྲའི་སྐྱེས་བུ་ཇི་ལྟ་བུར། ། རྣལ་འབྱོར་གཞག་པ་བདག་ལ་གསུངས། ། འགྲོ་བར་ཕྱིན་པའི་སེམས་ཅན་གྱི།
BO
། མཚན་ ཉིད་མཚན་མ་ཇི་ལྟ་བུ། ། གང་གིས་ཇི་ལྟར་ཕྱུག་པོར་འགྱུར། ། མཁའ་འདྲས་བདག་ལ་བཀའ་སྩོལ་ཅིག ། ཇི་ལྟར་ཅི་ཡི་ཤཱཀྱའི་རིགས། ། བུ་རམ་ཤིང་སྐྱེས་ཇི་ལྟར་བྱུང་། ། ཡུན་{རིངས་,རིང་}དྲང་སྲོང་དཀའ་ཐུབ་གང་། ། ཁྱོད་ཀྱི་དེས་ནི་ཇི་ལྟར་བསླབས། ། ཁྱོད་ཉིད་ཞིང་རྣམས་ཐམས་ཅད་དུ། ། མཚན་དང་དེ་བཞིན་གཟུགས་སྣ་ཚོགས། ། རྒྱལ་བའི་སྲས་ཀྱིས་བསྐོར་བ་ཡང་། ། ཅི་ཡི་སླད་དུ་ཀུན་ན་གདའ། ། ཇི་ལྟར་ཤ་རྣམས་བཟར་མི་རུང་། ། ཇི་ལྟར་ཤ་ནི་བཀག་པ་ལགས། ། ཤ་ཟའི་རིགས་སུ་སྐྱེས་པ་རྣམས། ། ཤ་འཚལ་བར་ཡང་ཇི་ལྟར་འགྱུར། ། ཇི་ལྟར་ཞིང་རྣམས་ཉི་ཟླའི་དབྱིབས། ། རི་རབ་པད་མོ་འདྲ་བ་དང་། ། དཔལ་བེའུ་སེང་གེའི་དབྱིབས་འདྲ་བ། ། ཅི་ཡི་སླད་པ་བདག་ལ་གསུངས། ། གོ་འདུན་དག་དང་སྤྱི་ཚུགས་དང་། ། མིག་འཕྲུལ་འདྲ་བ་ཇི་ལྟ་བུ། ། རིན་ཆེན་ཀུན་གྱི་ཞིང་རྣམས་ཀྱང་། ། ཇི་ལྟར་ཅི་སླད་བདག་ལ་གསུངས། ། པི་བང་རྔ་ཡི་དབྱིབས་འདྲ་དང་། ། འབྲས་བུ་མེ་ ཏོག་སྣ་ཚོགས་འདྲ། ། ཉི་ཟླ་དག་དང་རྣམ་བྲལ་བ། ། ཇི་ལྟར་ཅི་སླད་བདག་ལ་གསུངས། ། ལ་ལ་སྤྲུལ་པའི་སངས་རྒྱས་དང་། ། སངས་རྒྱས་ལ་ལ་རྣམ་སྨིན་འབྱུང་། །
BO
ཡང་དག་ཡེ་ཤེས་སངས་རྒྱས་རྣམས། ། ཇི་ལྟར་ཅི་སླད་བདག་ལ་གསུངས། ། ཅི་སླད་ཇི་ལྟར་འདོད་ཁམས་སུ། ། རྣམ་ སངས་མ་རྒྱས་བདག་ལ་གསུངས། ། ཅི་ཡི་དོན་དུ་འོག་མིན་དུ། ། ཆགས་བྲལ་ཁྲོད་དུ་མངོན་སངས་རྒྱས། ། བདེ་གཤེགས་མྱ་ངན་འདས་ནས་གོ། ། བསྟན་པ་སུ་ཞིག་འཛིན་པར་འགྱུར། ། སྟོན་པ་ཇི་སྲིད་བར་དུ་བཞུགས། ། ཚུལ་ཡང་ཇི་སྲིད་གནས་པར་འགྱུར། ། ཁྱོད་ཀྱི་གྲུབ་མཐའ་རྣམ་པ་ དུ། ། ལྟ་བ་དག་ཀྱང་རྣམ་པ་དུ། ། དགེ་སློང་དངོས་དང་འདུལ་བ་ཡང་། ། ཅི་སླད་ཇི་ལྟར་བདག་ལ་གསུངས། ། རང་རྒྱལ་རྒྱལ་སྲས་ཉན་ཐོས་ཀྱི། ། ཅི་སླད་འགྱུར་བ་རྒྱལ་པོ་དང་། ། སྣང་བ་མེད་པ་རྒྱལ་པོ་ཡང་། ། ཅི་ཡི་སླད་པ་བདག་ལ་གསུངས། ། འཇིག་རྟེན་མངོན་ ཤེས་གང་གིས་འབྱུང་། ། འཇིག་རྟེན་འདས་ཀྱིའང་ཇི་ལྟ་བུར། ། སེམས་དང་ས་རྣམས་བདུན་པོ་ཡང་། ། ཇི་ལྟར་ཅི་སླད་བདག་ལ་གསུངས། ། ཁྱོད་ཀྱི་དགེ་འདུན་རྣམ་པ་དུ། ། ཇི་ལྟར་དགེ་འདུན་དབྱེན་དུ་འགྱུར། ། སེམས་ཅན་གསོ་བའི་གཙུག་ལག་ཀྱང་། ། ཇི་ལྟར་ཅི་སླད་བདག་ ལ་གསུངས། ། འོད་སྲུང་ལོག་པར་དད་སེལ་དང་། ། གསེར་ཐུབ་ཀྱང་ནི་ང་ཡིན་ཞེས། ། རྒྱལ་བའི་སྲས་ལ་གསུང་བ་དེ། ། ཐུབ་པ་ཆེན་པོ་ཅི་སླད་གསུངས། །
BO
བདག་དང་སེམས་ཅན་ཅིས་མེད་བརྗོད། ། རྟག་དང་འཇིག་གཏམ་ཇི་ལྟ་བུར། ། ཅི་སླད་སེམས་ཙམ་ཡང་དག་ཉིད། ། ཐམས་ ཅད་དུ་ན་བཤད་མི་མཛད། ། ཇི་སྲིད་སྐྱེས་བུ་ན་ཆུང་ཚལ། ། ཨ་རུ་ར་དང་སྐྱུ་རུ་ཚལ། ། ཏི་སེའི་གངས་དང་ཁོར་ཡུག་རི། ། རྡོ་རྗེ་སྲ་བའང་ཇི་ལྟ་བུ། ། དེ་ཡི་ནང་ན་དུ་མའི་རི། ། རིན་ཆེན་སྣ་ཚོགས་རབ་བརྒྱན་ཅིང་། ། དྲང་སྲོང་དྲི་ཟས་ཀུན་གང་བ། ། ཇི་ལྟར་ཅི་སླད་བདག་ལ་གསུངས། ། ཐེག་པ་ཆེ་ཚུལ་སྣ་ཚོགས་པ། ། སངས་རྒྱས་རྣམས་ཀྱི་ཐུགས་མཆོག་འདི། ། སངས་རྒྱས་འཇིག་རྟེན་མཁྱེན་པའི་ཕུལ། ། ལྷ་ཆེན་གྱིས་ནི་གསན་པ་དང་། ། ཤེས་རབ་ཆེན་པོ་ལེགས་སོ་ལེགས། ། ཁྱོད་ཀྱིས་ཡོངས་སུ་གང་དྲིས་པ། ། དེ་ནི་རིམ་གྱིས་ངས་བཤད་ཀྱིས། ། བློ་ཆེན་ང་ལ་ ཤེས་པར་བྱོས། ། སྐྱེ་དང་སྐྱེ་བ་མེད་པ་དང་། ། ཇི་ལྟར་མྱ་ངན་འདས་དང་སྟོང་། ། འཕོ་དང་རང་བཞིན་མེད་པ་དང་། ། སངས་རྒྱས་ཕ་རོལ་ཕྱིན་དང་སྲས། ། ཉན་ཐོས་རྒྱལ་བའི་སྲས་རྣམས་དང་། ། གཟུགས་མེད་སྤྱོད་པའི་མུ་སྟེགས་དང་། ། རི་རབ་རྒྱ་མཚོ་རི་རྣམས་དང་། ། གླིང་དང་ས་དང་ཞིང་ རྣམས་དང་། ། སྐར་མ་ཉི་མ་ཟླ་བ་དང་། ། མུ་སྟེགས་ལྷ་དང་ལྷ་མ་ཡིན། །
BO
རྣམ་ཐར་དབང་དང་མངོན་ཤེས་དང་། ། སྟོབས་དང་བསམ་གཏན་ཏིང་ངེ་འཛིན། ། འགོག་དང་རྫུ་འཕྲུལ་རྐང་པ་དང་། ། བྱང་ཆུབ་ཡན་ལག་ལམ་རྣམས་དང་། ། ཚད་མེད་རྣམས་དང་བསམ་གཏན་དང་། ། ཕུང་པོ་ རྣམས་དང་འགྲོ་འོང་དང་། ། སྙོམས་པར་འཇུག་དང་འགོག་པ་དང་། ། ལྡང་དང་སྣ་ཚོགས་བཤད་པ་དང་། ། སེམས་དང་ཡིད་དང་རྣམ་ཤེས་དང་། ། བདག་མེད་པ་དང་ཆོས་ལྔ་དང་། ། རང་བཞིན་རྟོག་དང་བརྟག་པ་དང་། ། སྣང་དང་ལྟ་གཉིས་ཇི་ལྟ་བུ། ། ཐེག་པ་རྣམས་ཀྱི་འབྱུང་གནས་ དང་། ། གསེར་ནོར་མུ་ཏིག་འབྱུང་བའི་རིགས། ། འདོད་ཆེན་པ་དང་འབྱུང་ཆེན་དང་། ། སངས་རྒྱས་གཅིག་དང་དཀྲུགས་མ་དང་། ། ཤེས་དང་ཤེས་བྱ་འབྱུང་འཐོབ་དང་། ། སེམས་ཅན་སྲིད་དང་མི་སྲིད་དང་། ། ཅི་ཕྱིར་གླང་པོ་{རི་དགས་,རི་དྭགས་}རྟ། ། ཇི་ལྟར་གཟུང་རུང་བདག་ལ་གསུངས། ། དཔེ་ དང་རྒྱུ་རྣམས་ལྡན་པ་ཡི། ། གྲུབ་པའི་མཐའ་བཤད་ཇི་ལྟ་བུར། ། རྒྱུ་དང་འབྲས་བུ་ཅི་ཡི་ཕྱིར། ། ཚུལ་དང་ནོར་བ་སྣ་ཚོགས་དང་། ། སེམས་ཙམ་སྟེ་ནི་སྣང་བ་མེད། ། ས་རྣམས་ལ་ཡང་རིམ་པ་མེད། ། སྣང་བ་མེད་དང་འགྱུར་བ་རྣམས། ། བརྒྱ་པོ་ཅི་ཕྱིར་བདག་ལ་གསུངས། ། གསོ་བའི་ གཙུག་ལག་བཟོ་རྣམས་དང་། །
BO
སྒྱུ་རྩལ་རིག་ལུང་དེ་བཞིན་ཏེ། ། རི་བོ་དེ་བཞིན་རི་རབ་དང་། ། ས་ཡི་ཚད་ཀྱང་ཇི་ལྟ་བུར། ། ཉི་མ་ཟླ་བ་རྒྱ་མཚོ་ཡི། ། ཚད་ནི་ཇི་ཙམ་བདག་ལ་གསུངས། ། སེམས་ཅན་ལུས་ལ་རྡུལ་གྱི་རྣམས། ། རབ་དང་འབྲིང་དང་ཐ་མ་དུ། ། ཞིང་དང་ཞིང་ལ་རྡུལ་ རྣམས་དུ། ། འདོམ་དང་འདོམ་ལ་ཇི་སྙེད་མཆིས། ། ཁྲུ་འདོམ་གོམ་པ་རྒྱང་གྲགས་དང་། ། དཔག་ཚད་ཕྱེད་དང་དཔག་ཚད་ལ། ། རི་བོང་ཉི་ཟེར་སྲོ་མ་དང་། ། ལུག་གི་དང་ནི་ནས་ཀྱང་དུ། ། བྲེ་གང་ལ་ནི་ནས་འབྲུ་དུ། ། བྲེ་ཕྱེད་ལ་ཡང་ནས་འབྲུ་དུ། ། དེ་བཞིན་བྲེ་བོ་ཁལ་གཅིག་ལ། ། འབུམ་ དང་བྱེ་བ་ཤུ་རྡོག་དུ། ། ཡུངས་ཀར་ལ་ནི་རྡུལ་ཕྲན་དུ། ། འོལ་མ་སེ་ལ་ཡུངས་ཀར་དུ། ། རི་གཅིག་ལ་ནི་འོལ་སེ་དུ། ། ནམ་གཅིག་ལ་ནི་རི་དུ་ཡོད། ། ཞོ་གཅིག་ལ་ནི་ནམ་དུ་ཡོད། ། སྲང་གཅིག་ལ་ཡང་ཞོ་དུ་ཡོད། ། རྩིས་ཀྱི་རྩིས་མགོ་འདི་ལྟ་བུར། ། རི་རབ་ལ་ནི་སྲང་དུ་ཡོད། ། དེ་སྐད་ བུ་ཡིས་ང་ལ་དྲིས། ། རྣམ་པ་གཞན་དུ་ཅི་ཕྱིར་འདྲི། ། རང་རྒྱལ་དག་དང་ཉན་ཐོས་དང་། ། སངས་རྒྱས་རྣམས་དང་རྒྱལ་སྲས་ཀྱི། ། སྐུ་ལ་རྡུལ་ཕྲན་དུ་ཡོད་ཅེས། ། དེ་སྐད་ཅི་ཕྱིར་འདྲི་མི་བྱེད། ། མེ་ལྕེ་ལ་ནི་རྡུལ་ཕྲན་དུ། །
BO
རླུང་ལ་ཡང་ནི་རྡུལ་ཕྲན་དུ། ། དབང་པོ་གཅིག་ཅིག་རྡུལ་ཕྲན་ དུ། ། སྨིན་མའི་སྤུ་ཡི་ཁུང་བུ་དུ། ། ཕྱུག་པོའི་མི་རྣམས་ཅི་ལས་འགྱུར། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་། ། རྒྱལ་སྲིད་ཅིས་བསྲུང་དེ་དག་གིས། ། དེ་དག་ཇི་ལྟར་ཐར་བར་འགྱུར། ། ཚིགས་བཅད་རྐྱང་བ་ཇི་ལྟར་སྨྲ། ། འཁྲིག་པ་འགྲོ་བ་སྣ་ཚོགས་དང་། ། ཟས་སྐོམ་ རྣམ་པ་མང་པོ་དང་། ། ཇི་ལྟར་སྐྱེས་བུ་ན་ཆུང་ཚུལ། ། ཇི་ལྟར་ཅི་སླད་རི་བོ་རྣམས། ། རྡོ་རྗེ་ལྟར་སྲ་བདག་ལ་སྨྲོས། ། སྒྱུ་མ་རྨི་འདྲ་ཅི་ཕྱིར་ན། ། སྨིག་རྒྱུ་མཚུངས་པ་ཇི་ལྟ་བུར། ། གང་དུ་སྤྲིན་རྣམས་འབྱུང་བར་འགྱུར། ། དུས་ཀྱི་རྣམས་ཀྱང་ཅི་ལས་འབྱུང་། ། རོ་ཡི་བྲོ་བ་ཅི་ལས་གྱུར། ། ཅི་ ལས་ཕོ་མོ་མ་ནིང་རྣམས། ། རྒྱལ་བའི་སྲས་ཀྱི་མཛེས་པ་དག ། བུ་ཁྱོད་ང་ལ་ཅི་ཕྱིར་འདྲི། ། ཇི་ལྟར་ལྷ་ཡི་རི་བོ་རྣམས། ། དྲང་སྲོང་དྲི་ཟས་བརྒྱན་པ་དག ། གྲོལ་བ་གང་དུ་འགྲོ་བར་འགྱུར། ། བཅིངས་པ་སུ་ཞིག་གང་གིས་འགྲོལ། ། བསམ་གཏན་པ་ཡི་ཡུལ་དེ་གང་། ། སྤྲུལ་པ་དང་ནི་མུ་ སྟེགས་ཀྱང་། ། ཡོད་མེད་བྱེད་མེད་ཅི་ཡི་ཕྱིར། ། སྣང་བ་ལས་ནི་ཇི་ལྟར་ལྡོག ། རྟོག་གེ་དག་ཀྱང་ཇི་ལྟར་འདག །
BO
རྟོག་གེ་ཅི་ཕྱིར་འབྱུང་བར་འགྱུར། ། བྱེད་པ་ཅི་ཡིས་འབྱུང་བར་འགྱུར། ། འགྲོ་བའང་ཅི་ཕྱིར་བདག་ལ་གསུངས། ། གང་གིས་འདུ་ཤེས་གཅད་པར་བགྱི། ། ཅི་ཡིས་ཏིང་འཛིན་ རྟོགས་པར་འགྱུར། ། སྲིད་གསུམ་ཆོམས་གནས་པ་དེས་སུ། ། གནས་ནི་གང་ལགས་ལུས་ཀྱང་ཅི། ། བདག་དང་སེམས་ཅན་མེད་ཅེས་བརྗོད། ། ཀུན་རྫོབ་བསྟན་པ་ཇི་ལྟ་བུར། ། མཚན་ཉིད་འདྲི་བ་ཅི་ཡི་ཕྱིར། ། བདག་མེད་འདྲི་བ་ཇི་ལྟ་བུར། ། སྙིང་པོ་སྡེ་བ་ཅི་ཡི་ཕྱིར། ། ང་ལ་འདྲིར་ བྱེད་རྒྱལ་བའི་བུ། ། རྟག་དང་ཆད་པར་ལྟ་བ་དང་། ། གང་གིས་སེམས་ཀྱང་མཉམ་པར་འཇོག ། བརྗོད་དང་དེ་བཞིན་ཡེ་ཤེས་དང་། ། ཚུལ་ཁྲིམས་རིགས་དང་རྒྱལ་བའི་བུ། ། བླ་མ་སློབ་མ་རིགས་པ་སྟོན། ། སེམས་ཅན་སྣ་ཚོགས་ཇི་ལྟ་བུར། ། ཟས་སྐོམ་ནམ་མཁའ་ཡིད་གཞུངས་དང་། ། བདུད་རྣམས་དང་ནི་བཏགས་པ་ཙམ། ། ཤིང་དང་འཁྲི་ཤིང་ཅི་ཕྱིར་ཞེས། ། ཅི་ཕྱིར་རྒྱལ་སྲས་ང་ལ་འདྲི། ། ཞིང་རྣམས་སྣ་ཚོགས་ཅི་ཡི་ཕྱིར། ། ཡུན་{རིངས་,རིང་}དྲང་སྲོང་དཀའ་ཐུབ་དང་། ། ཁྱོད་ཀྱི་རིགས་དང་བླ་མ་གང་། ། ཅི་ཕྱིར་ང་ལ་རྒྱལ་སྲས་འདྲི། ། ཅི་ཡི་ཕྱིར་ན་མི་གང་ངན། ། འདོད་པའི་ཁམས་ སུ་འཚང་མི་རྒྱ། །
BO
འོག་མིན་དུ་ནི་གྲུབ་པའི་མཐའ། ། ཇི་ལྟར་རིགས་པ་ང་ལ་འདྲི། ། ཅི་ཕྱིར་མངོན་ཤེས་འཇིག་རྟེན་པ། ། ཇི་ལྟར་དགེ་སློང་དངོས་སུ་འགྱུར། ། སྤྲུལ་དང་རྣམ་སྨིན་གནས་པ་ཡི། ། སངས་རྒྱས་ང་ལ་ཅི་ལྟར་འདྲི། ། ཡང་དག་ཡེ་ཤེས་སངས་རྒྱས་དང་། ། དགེ་འདུན་རྣམས་ ཀྱང་ཇི་ལྟར་འགྱུར། ། པི་བང་མེ་ཏོག་རྔ་འདྲ་དང་། ། སྣང་བ་སྤངས་པའི་ཞིང་རྣམས་དང་། ། སེམས་དང་ས་རྣམས་བདུན་པོ་དག ། ང་ལ་རྒྱལ་བའི་བུ་ཡང་འདྲི། ། འདི་དང་གཞན་ཡང་རབ་མང་བའི། ། འདྲི་བ་ང་ལ་བུས་དྲིས་པ། ། རེ་རེར་མཚན་དང་རབ་ལྡན་ཞིང་། ། ལྟ་བའི་ཉེས་པ་རྣམ་ སྤངས་ཏེ། ། བཤད་པའི་ཕྱོགས་ཀྱི་གྲུབ་པའི་མཐའ། ། ངས་བཤད་ང་ལས་མཉན་པར་གྱིས། ། ཚིག་རྣམས་དགོད་པར་ངས་བྱ་ཡིས། ། ཚིག་ནི་བརྒྱ་ཡི་རྩ་བརྒྱད་པོ། ། ཇི་ལྟར་སངས་རྒྱས་བཤད་པ་རྣམས། ། ང་ལ་བུ་ཡིས་མཉན་པར་གྱིས། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཚིག་བརྒྱ་རྩ་བརྒྱད་པོ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བའི་ཚིག་དང་། མི་སྐྱེ་བའི་ཚིག་དང་། རྟག་པའི་ཚིག་དང་། མི་རྟག་པའི་ཚིག་དང་།
BO
མཚན་ཉིད་ཀྱི་ཚིག་དང་། མཚན་ ཉིད་མེད་པའི་ཚིག་དང་། གནས་གཞན་དུ་འགྱུར་བའི་ཚིག་དང་། གནས་གཞན་དུ་འགྱུར་བ་མ་ཡིན་པའི་ཚིག་དང་། སྐད་ཅིག་པའི་ཚིག་དང་། སྐད་ཅིག་པ་མེད་པའི་ཚིག་དང་། རང་བཞིན་ཡོད་པའི་ཚིག་དང་། རང་བཞིན་མེད་པའི་ཚིག་དང་། སྟོང་པ་ཉིད་ཀྱི་ཚིག་དང་། སྟོང་པ་ཉིད་མ་ཡིན་པའི་ ཚིག་དང་། ཆད་པའི་ཚིག་དང་། ཆད་པ་མ་ཡིན་པའི་ཚིག་དང་། སེམས་ཀྱི་ཚིག་དང་། སེམས་མེད་པའི་ཚིག་དང་། དབུ་མའི་ཚིག་དང་། དབུ་མ་མ་ཡིན་པའི་ཚིག་དང་། ཐེར་ཟུག་པའི་ཚིག་དང་། ཐེར་ཟུག་མ་ཡིན་པའི་ཚིག་དང་། རྐྱེན་གྱི་ཚིག་དང་། རྐྱེན་མ་ཡིན་པའི་ ཚིག་དང་། རྒྱུའི་ཚིག་དང་། རྒྱུ་མེད་པའི་ཚིག་དང་། ཉོན་མོངས་པའི་ཚིག་དང་། ཉོན་མོངས་པ་མེད་པའི་ཚིག་དང་། སྲེད་པའི་ཚིག་དང་། སྲེད་པ་མེད་པའི་ཚིག་དང་། ཐབས་ཀྱི་ཚིག་དང་། ཐབས་མ་ཡིན་པའི་ཚིག་དང་། མཁས་པའི་ཚིག་དང་། མཁས་པ་མ་ཡིན་པའི་ཚིག་ དང་། དག་པའི་ཚིག་དང་། དག་པ་མ་ཡིན་པའི་ཚིག་དང་། རིགས་པའི་ཚིག་དང་། རིགས་པ་མ་ཡིན་པའི་ཚིག་དང་། དཔེའི་ཚིག་དང་། དཔེ་མེད་པའི་ཚིག་དང་། སློབ་མའི་ཚིག་དང་། སློབ་མ་མ་ཡིན་པའི་ཚིག་དང་། བླ་མའི་ཚིག་དང་། བླ་མ་མ་ཡིན་པའི་ ཚིག་དང་།
BO
རིགས་ཀྱི་ཚིག་དང་། རིགས་མེད་པའི་ཚིག་དང་། ཐེག་པ་གསུམ་གྱི་ཚིག་དང་། ཐེག་པ་གསུམ་མེད་པའི་ཚིག་དང་། སྣང་བའི་ཚིག་དང་། སྣང་བ་མེད་པའི་ཚིག་དང་། སྨོན་པའི་ཚིག་དང་། སྨོན་པ་མེད་པའི་ཚིག་དང་། འཁོར་གསུམ་གྱི་ཚིག་དང་། འཁོར་ གསུམ་མེད་པའི་ཚིག་དང་། མཚན་མའི་ཚིག་དང་། མཚན་མ་མེད་པའི་ཚིག་དང་། ཡོད་མེད་ཀྱི་ཕྱོགས་ཀྱི་ཚིག་དང་། ཡོད་མེད་ཀྱི་ཕྱོགས་མ་ཡིན་པའི་ཚིག་དང་། གཉིས་ཀའི་ཚིག་དང་། གཉིས་ཀ་མ་ཡིན་པའི་ཚིག་དང་། སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱི་ཚིག་དང་། སོ་སོ་རང་གི་འཕགས་པའི་ཡེ་ཤེས་མེད་པའི་ཚིག་དང་། མཐོང་བའི་ཆོས་ལ་བདེ་བའི་ཚིག་དང་། མཐོང་བའི་ཆོས་ལ་བདེ་བ་མེད་པའི་ཚིག་དང་། ཞིང་གི་ཚིག་དང་། ཞིང་མེད་པའི་ཚིག་དང་། རྡུལ་གྱི་ཚིག་དང་། རྡུལ་མེད་པའི་ཚིག་དང་། ཆུའི་ཚིག་དང་། ཆུ་མེད་པའི་ཚིག་དང་། རྨོངས་པའི་ཚིག་དང་། རྨོངས་པ་མ་ཡིན་པའི་ཚིག་དང་། ཡང་དག་པའི་ཚིག་དང་། ཡང་དག་པ་མ་ཡིན་པའི་ཚིག་དང་། གྲངས་དང་རྩིས་ཀྱི་ཚིག་དང་། གྲངས་དང་རྩིས་མེད་པའི་ཚིག་དང་། མངོན་པར་ཤེས་པའི་ཚིག་དང་། མངོན་པར་ཤེས་པ་མེད་པའི་ཚིག་དང་། སྐྱོ་བའི་ཚིག་དང་། སྐྱོ་ བ་མེད་པའི་ཚིག་དང་།
BO
སྟུག་པོའི་ཚིག་དང་། སྟུག་པོ་མ་ཡིན་པའི་ཚིག་དང་། སྒྱུ་རྩལ་དང་རིག་པ་དང་བཟོའི་ཚིག་དང་། སྒྱུ་རྩལ་དང་རིག་པ་དང་བཟོ་མེད་པའི་ཚིག་དང་། རླུང་གི་ཚིག་དང་། རླུང་མེད་པའི་ཚིག་དང་། སའི་ཚིག་དང་། ས་མེད་པའི་ཚིག་དང་། སེམས་ཀྱི་ཚིག་དང་། སེམས་ མེད་པའི་ཚིག་དང་། གདགས་པའི་ཚིག་དང་། གདགས་པ་མེད་པའི་ཚིག་དང་། རང་བཞིན་གྱི་ཚིག་དང་། རང་བཞིན་མེད་པའི་ཚིག་དང་། ཕུང་པོའི་ཚིག་དང་། ཕུང་པོ་མེད་པའི་ཚིག་དང་། སེམས་ཅན་གྱི་ཚིག་དང་། སེམས་ཅན་མེད་པའི་ཚིག་དང་། བློའི་ཚིག་དང་། བློ་ མེད་པའི་ཚིག་དང་། མྱ་ངན་ལས་འདས་པའི་ཚིག་དང་། མྱ་ངན་ལས་འདས་པ་མེད་པའི་ཚིག་དང་། ཤེས་བྱའི་ཚིག་དང་། ཤེས་བྱ་མེད་པའི་ཚིག་དང་། མུ་སྟེགས་ཅན་གྱི་ཚིག་དང་། མུ་སྟེགས་ཅན་མེད་པའི་ཚིག་དང་། ཁྲག་ཁྲུག་གི་ཚིག་དང་། ཁྲག་ཁྲུག་མ་ཡིན་པའི་ཚིག་དང་། སྒྱུ་མའི་ཚིག་དང་། སྒྱུ་མ་མེད་པའི་ཚིག་དང་། རྨི་ལམ་གྱི་ཚིག་དང་། རྨི་ལམ་མེད་པའི་ཚིག་དང་། སྨིག་རྒྱུའི་ཚིག་དང་། སྨིག་རྒྱུ་མེད་པའི་ཚིག་དང་། གཟུགས་བརྙན་གྱི་ཚིག་དང་། གཟུགས་བརྙན་མེད་པའི་ཚིག་དང་། འཁོར་ལོའི་ཚིག་དང་། འཁོར་ལོ་མེད་པའི་ཚིག་དང་། དྲི་ཟའི་ཚིག་དང་།
BO
དྲི་ཟ་མ་ཡིན་པའི་ཚིག་དང་། ལྷའི་ཚིག་དང་། ལྷ་མ་ཡིན་པའི་ཚིག་དང་། ཟས་སྐོམ་གྱི་ཚིག་དང་། ཟས་སྐོམ་མེད་པའི་ཚིག་དང་། འཁྲིག་པའི་ཚིག་དང་། འཁྲིག་པ་མེད་པའི་ཚིག་དང་། ལྟ་བའི་ཚིག་དང་། ལྟ་བ་མེད་པའི་ཚིག་དང་། ཕ་རོལ་ཏུ་ཕྱིན་པའི་ ཚིག་དང་། ཕ་རོལ་ཏུ་ཕྱིན་པ་མེད་པའི་ཚིག་དང་། ཚུལ་ཁྲིམས་ཀྱི་ཚིག་དང་། ཚུལ་ཁྲིམས་མེད་པའི་ཚིག་དང་། ཉི་ཟླ་དང་སྐར་མའི་ཚིག་དང་། ཉི་ཟླ་དང་སྐར་མ་མེད་པའི་ཚིག་དང་། བདེན་པའི་ཚིག་དང་། བདེན་པ་མེད་པའི་ཚིག་དང་། འབྲས་བུའི་ཚིག་དང་། འབྲས་བུ་མེད་པའི་ ཚིག་དང་། འགོག་པའི་ཚིག་དང་། འགོག་པ་མེད་པའི་ཚིག་དང་། འགོག་པ་ལས་ལྡང་བའི་ཚིག་དང་། འགོག་པ་ལས་ལྡང་བ་མེད་པའི་ཚིག་དང་། གསོ་བའི་ཚིག་དང་། གསོ་བ་མེད་པའི་ཚིག་དང་། མཚན་གྱི་ཚིག་དང་། མཚན་མེད་པའི་ཚིག་དང་། ཡན་ལག་གི་ཚིག་དང་། ཡན་ ལག་མེད་པའི་ཚིག་དང་། སྒྱུ་རྩལ་རིག་པའི་ཚིག་དང་། སྒྱུ་རྩལ་རིག་པ་མེད་པའི་ཚིག་དང་། བསམ་གཏན་གྱི་ཚིག་དང་། བསམ་གཏན་མེད་པའི་ཚིག་དང་། ནོར་བའི་ཚིག་དང་། ནོར་བ་མེད་པའི་ཚིག་དང་། སྣང་བའི་ཚིག་དང་། སྣང་བ་མེད་པའི་ཚིག་དང་། བསྲུང་བའི་ཚིག་དང་། བསྲུང་བ་མེད་པའི་ཚིག་དང་།
BO
རུས་ཀྱི་ཚིག་དང་། རུས་མེད་པའི་ཚིག་དང་། དྲང་སྲོང་གི་ཚིག་དང་། དྲང་སྲོང་མ་ཡིན་པའི་ཚིག་དང་། རྒྱལ་པོའི་སྲིད་ཀྱི་ཚིག་དང་། རྒྱལ་པོའི་སྲིད་མ་ཡིན་པའི་ཚིག་དང་། གཟུང་བའི་ཚིག་དང་། གཟུང་བ་མེད་པའི་ཚིག་དང་། རིན་པོ་ཆེའི་ཚིག་ དང་། རིན་པོ་ཆེ་མེད་པའི་ཚིག་དང་། ལུང་བསྟན་པའི་ཚིག་དང་། ལུང་བསྟན་པ་མེད་པའི་ཚིག་དང་། འདོད་ཆེན་པའི་ཚིག་དང་། འདོད་ཆེན་པ་མེད་པའི་ཚིག་དང་། ཕོ་མོ་དང་མ་ནིང་གི་ཚིག་དང་། ཕོ་མོ་དང་མ་ནིང་མེད་པའི་ཚིག་དང་། བྲོ་བའི་ཚིག་དང་། བྲོ་བ་མེད་པའི་ ཚིག་དང་། བྱེད་པའི་ཚིག་དང་། བྱེད་པ་མེད་པའི་ཚིག་དང་། ལུས་ཀྱི་ཚིག་དང་། ལུས་མེད་པའི་ཚིག་དང་། རྟོག་གེའི་ཚིག་དང་། རྟོག་གེ་མེད་པའི་ཚིག་དང་། གཡོ་བའི་ཚིག་དང་། གཡོ་བ་མེད་པའི་ཚིག་དང་། དབང་པོའི་ཚིག་དང་། དབང་པོ་མེད་པའི་ཚིག་དང་། འདུས་བྱས་ཀྱི་ ཚིག་དང་། འདུས་བྱས་མེད་པའི་ཚིག་དང་། རྒྱུ་དང་འབྲས་བུའི་ཚིག་དང་། རྒྱུ་དང་འབྲས་བུ་མེད་པའི་ཚིག་དང་། འོག་མའི་ཚིག་དང་། འོག་མིན་གྱི་ཚིག་དང་། དུས་ཀྱི་ཚིག་དང་། དུས་མེད་པའི་ཚིག་དང་། ཤིང་དང་ཤིང་གེལ་པ་དང་ལྕུག་མ་གྱེས་པའི་ཚིག་དང་།
BO
ཤིང་དང་ཤིང་གེལ་པ་དང་ ལྕུག་མ་གྱེས་པ་མེད་པའི་ཚིག་དང་། སྣ་ཚོགས་ཀྱི་ཚིག་དང་། སྣ་ཚོགས་མེད་པའི་ཚིག་དང་། བསྟན་པས་གཟུད་པའི་ཚིག་དང་། བསྟན་པས་གཟུད་པ་མེད་པའི་ཚིག་དང་། འདུལ་བའི་ཚིག་དང་། འདུལ་བ་མེད་པའི་ཚིག་དང་། དགེ་སློང་གི་ཚིག་དང་། དགེ་སློང་མེད་པའི་ཚིག་དང་། བྱིན་ གྱི་རླབས་ཀྱི་ཚིག་དང་། བྱིན་གྱི་རླབས་མེད་པའི་ཚིག་དང་། ཡི་གེའི་ཚིག་དང་། ཡི་གེ་མེད་པའི་ཚིག་དང་། འདི་དག་ནི་བློ་གྲོས་ཆེན་པོ་སྔོན་གྱི་སངས་རྒྱས་ཀྱིས་བརྗོད་པའི་ཚིག་བརྒྱ་རྩ་བརྒྱད་དོ། ། ། ། འཕགས་པ་ལང་ཀར་གཤེགས་པ། བམ་པོ་གཉིས་པ། དེ་ནས་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འགག་པ་རྣམ་པ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་ བ་དང་། གནས་པ་དང་། འགག་པ་ལ་རྣམ་པ་གཉིས་ཡོད་དེ། རྟོག་གེ་པ་རྣམས་ཀྱིས་ཁོང་དུ་མི་ཆུད་དོ། ། འདི་ལྟ་སྟེ། རྒྱུན་འགག་པ་དང་། མཚན་ཉིད་འགག་པའོ། ། རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་ཡང་རྣམ་པ་གཉིས་ཏེ།
BO
རྒྱུན་སྐྱེ་བ་དང་། མཚན་ཉིད་སྐྱེ་བའོ། ། གནས་པའང་ རྣམ་པ་གཉིས་ཏེ། རྒྱུན་གནས་པ་དང་། མཚན་ཉིད་གནས་པའོ། ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་ནི་རྣམ་པ་གསུམ་སྟེ། འཇུག་པའི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། རིགས་ཀྱི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་མཚན་ཉིད་བརྒྱད་དུ་གསུངས་པའི་རྣམ་པར་ཤེས་པ་ནི་མདོར་ རྣམ་པ་གཉིས་ཏེ། སྣང་བའི་རྣམ་པར་ཤེས་པ་དང་། དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པའོ། ། བློ་གྲོས་ཆེན་པོ་ཇི་ལྟར་མེ་ལོང་ལ་གཟུགས་བཞིན་དུ་སྣང་བ་ལ་སྣང་བའི་རྣམ་པར་ཤེས་པ་འཛིན་ཏེ། བློ་གྲོས་ཆེན་པོ་སྣང་བའི་རྣམ་པར་ཤེས་པ་དང་། དངོས་པོ་སོ་སོར་རྣམ་པར་ རྟོག་པའི་རྣམ་པར་ཤེས་པ་དེ་གཉིས་ནི་མཚན་ཉིད་ཐ་མི་དད་ཅིང་གཅིག་གི་རྒྱུ་གཅིག་གོ། ། བློ་གྲོས་ཆེན་པོ་དེ་ལ་སྣང་བའི་རྣམ་པར་ཤེས་པ་ནི་བསམ་གྱིས་མི་ཁྱབ་པའི་བག་ཆགས་ཡོངས་སུ་འགྱུར་བའི་རྒྱུ་ལས་བྱུང་བའོ། ། བློ་གྲོས་ཆེན་པོ་དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་ ཡུལ་ལ་རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བ་དང་། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བའོ། །
BO
དེ་ལ་བློ་གྲོས་ཆེན་པོ་དབང་པོའི་རྣམ་པར་ཤེས་པ་ཐམས་ཅད་འགག་པ་ནི་འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་ཡང་དག་པ་མ་ཡིན་པར་ཀུན་རྟོག་པའི་བག་ཆགས་ སྣ་ཚོགས་འགོག་པ་སྟེ། བློ་གྲོས་ཆེན་པོ་འདི་ནི་མཚན་ཉིད་འགག་པའོ། ། བློ་གྲོས་ཆེན་པོ་རྒྱུན་འགག་པ་ནི་གང་ལས་འབྱུང་བ་ཡིན་ཏེ། བློ་གྲོས་ཆེན་པོ་གང་ལས་ཞེས་བྱ་བ་ནི་གང་ལ་གནས་པ་དང་། གང་ལ་དམིགས་པའོ། ། དེ་ལ་གང་ལ་གནས་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཀྱི་ སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་སོ། ། གང་ལ་དམིགས་པ་ཞེས་བྱ་བ་ནི་བདག་གི་སེམས་སྣང་བ་རྣམ་པར་ཤེས་པའི་ཡུལ་དུ་རྣམ་པར་རྟོག་པའོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ་དཔེར་ན། འཇིམ་པའི་རྡུལ་ཕྲ་རབ་དང་། འཇིམ་པའི་གོང་བུ་ནི་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ པ་དང་། ཇི་ལྟར་གསེར་དང་རྒྱན་བཞིན་ཏེ། བློ་གྲོས་ཆེན་པོ་ཅི་སྟེ་འཇིམ་པའི་གོང་བུ་འཇིམ་པའི་རྡུལ་ཕྲ་རབ་དང་ཐ་དད་པ་ཞིག་ཡིན་ན་ནི་དེ་དག་ལས་བརྩམས་པ་མ་ཡིན་པར་འགྱུར་ན། དེ་ནི་འཇིམ་པའི་རྡུལ་ཕྲ་རབ་དེ་དག་ལས་ཀྱང་བརྩམས་པས་ན། དེའི་ཕྱིར་ཐ་དད་པ་མ་ཡིན་ནོ། ། དེ་སྟེ་ ཐ་དད་པ་མ་ཡིན་ན་ནི་འཇིམ་པའི་གོང་བུ་དང་།
BO
རྡུལ་ཕྲ་རབ་ཏུ་བྱེ་བྲག་མེད་པར་འགྱུར་རོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་གཞི་རྣམ་པར་ཤེས་པའི་རིགས་ཀྱི་མཚན་ཉིད་དང་ཐལ་ཏེ་ཐ་དད་པ་ཡིན་ན་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ལས་ འབྱུང་བར་མི་འགྱུར་རོ། ། དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇུག་པའི་རྣམ་པར་ཤེས་པ་འགགས་ན་ཀུན་གཞི་རྣམ་པར་ཤེས་པའང་འགག་པར་འགྱུར་ན། དེ་ལྟར་བདག་གི་རིགས་ཀྱི་མཚན་ཉིད་འགག་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ཀྱི་རང་གི་རིགས་ཀྱི་ མཚན་ཉིད་འགག་པར་མི་འགྱུར་གྱི་ལས་ཀྱི་མཚན་ཉིད་ནི་འགག་གོ། ། རང་གི་རིགས་ཀྱི་མཚན་ཉིད་འགགས་ན་ཀུན་གཞི་རྣམ་པར་ཤེས་པའང་འགག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ་འགགས་ན་ནི་སྨྲ་བ་འདི་ཡང་མུ་སྟེགས་བྱེད་པའི་ཆད་པར་སྨྲ་བ་དང་ཁྱད་པར་མེད་ པར་འགྱུར་རོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་རྣམས་ཀྱི་སྨྲ་བ་ནི་འདི་ལྟ་སྟེ། འདི་ལྟར་ཡུལ་ལ་འཛིན་པ་རྒྱུན་ཆད་པས་རྣམ་པར་ཤེས་པའི་རྒྱུན་ཆད་པར་འགྱུར་ཏེ། རྣམ་པར་ཤེས་པའི་རྒྱུན་ཆད་པས་ཐོག་མ་མེད་པའི་དུས་ཀྱི་རྒྱུན་ཡང་ཆད་པར་འགྱུར་བའོ། །
BO
བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ རྣམས་ནི་རྒྱུ་ལས་རྒྱུན་འབྱུང་བར་སྨྲའི། རྒྱུ་མ་གཏོགས་པར་མིག་གི་རྣམ་པར་ཤེས་པ་གཟུགས་དང་སྣང་བ་འདུས་པ་ལས་འབྱུང་བར་མི་སྨྲ་སྟེ། བློ་གྲོས་ཆེན་པོ་རྒྱུ་ནི་གཙོ་བོ་དང་། སྐྱེས་བུ་དང་། དབང་པོ་དང་། དུས་དང་། རྡུལ་ཕྲ་མོར་སྨྲ་བའོ། ། གཞན་ཡང་བློ་གྲོས་ཆེན་པོ་དངོས་ པོའི་རང་བཞིན་བདུན་ཡོད་དེ། འདི་ལྟར་འདུ་བ་དངོས་པོའི་རང་བཞིན་དང་། དངོས་པོའི་རང་བཞིན་གྱི་དངོས་པོ་དང་། མཚན་ཉིད་ཀྱི་དངོས་པོ་དང་། འབྱུང་བ་ཆེན་པོའི་རང་བཞིན་གྱི་དངོས་པོ་དང་། རྒྱུའི་དངོས་པོ་དང་། རྐྱེན་གྱི་དངོས་པོ་དང་། འགྲུབ་པའི་དངོས་པོ་སྟེ་བདུན་ནོ། ། བློ་གྲོས་ཆེན་པོ་གཞན་ཡང་དོན་དམ་པ་བདུན་ཏེ། འདི་ལྟར་སེམས་ཀྱི་སྤྱོད་ཡུལ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ལྟ་བ་གཉིས་ཀྱི་སྤྱོད་ཡུལ་དང་། ལྟ་བ་གཉིས་ལས་འདས་པའི་སྤྱོད་ཡུལ་དང་། སྣང་བ་མེད་པའི་སྤྱོད་ཡུལ་དང་། སྲས་ཀྱིས་ལས་འདའ་བའི་སྤྱོད་ཡུལ་དང་། དེ་བཞིན་ གཤེགས་པའི་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ཏེ། འདི་དག་ནི་བློ་གྲོས་ཆེན་པོ་འདས་པ་དང་། མ་འོངས་པ་དང་།
BO
ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དངོས་པོའི་རང་བཞིན་དང་། དོན་དམ་པའི་སྙིང་པོ་ཡིན་ཏེ། དངོས་པོའི་ རང་བཞིན་དང་དོན་དམ་པའི་སྙིང་པོ་དེ་དང་ལྡན་པས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མཆོག་གི་ཆོས་རང་དང་སྤྱིའི་མཚན་ཉིད་དུ་གཏོགས་པའི་རྣམས་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱིས་རྣམ་པར་འགོད་དེ། ཇི་ ལྟར་མུ་སྟེགས་བྱེད་པའི་སྨྲ་བ་དང་། ལྟ་བ་ངན་པ་དང་ཐུན་མོང་དུ་མི་འགྱུར་བ་དེ་ལྟར་རྣམ་པར་འགོད་དོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་མུ་སྟེགས་བྱེད་པའི་སྨྲ་བ་དང་། ལྟ་བ་ངན་པ་དང་ཐུན་མོང་མ་ཡིན་པ་ཡིན་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ཀྱི་བདག་གི་ཡུལ་ལ་ རྣམ་པར་རྟོག་པའི་ལྟ་བ་ཁོང་དུ་མ་ཆུད་པ་དང་། བདག་གི་སེམས་སྣང་བ་ཙམ་དུ་མི་འཇུག་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་དོན་དམ་པར་ལྟ་བ་གཉིས་སུ་སྨྲ་བར་གྱུར་ཏོ། ། བློ་གྲོས་ཆེན་པོ་གཞན་ཡང་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྐྱེན་ རྣམ་པར་ལོག་པ། རྣམ་པར་རྟོག་པ། སྲིད་པ་གསུམ་གྱི་སྡུག་བསྔལ་རྣམ་པར་ཟློག་པ།
BO
རང་གི་སེམས་སྣང་བའི་ཡུལ་སྒྱུ་མ་རྗེས་སུ་མཐོང་བ་བཤད་པར་བྱའོ། ། བློ་གྲོས་ཆེན་པོ་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་མ་བྱུང་བའམ། ཡོད་པ་རྒྱུ་ལས་འབྲས་བུ་མངོན་པ་དང་། དངོས་པོ་ ཡུན་དུ་གནས་པ་དང་། རྐྱེན་རྣམས་ལས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་དང་། གནས་པ་དང་། བྱུང་ནས་ཀྱང་འཇིག་པར་འདོད་དེ། བློ་གྲོས་ཆེན་པོ་དེ་དག་ནི་རྒྱུན་དང་། བྱ་བ་དང་། སྐྱེ་བ་དང་། སྲིད་པ་དང་། མྱ་ངན་ལས་འདས་པ་དང་། ལམ་དང་། ལས་ དང་འབྲས་བུ་དང་། བདེན་པ་དང་རྣམ་པར་འཇིག་པ་དང་། ཆད་པར་ལྟ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། མངོན་སུམ་དང་། མི་དམིགས་པས། ཐོག་མ་མཐོང་བ་མེད་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། གྱོ་མོ་ནི་རྫ་མ་མེད་པ་ལས་རྫ་མའི་བྱ་བ་མི་བྱེད་དོ། ། ས་བོན་ཚིག་པའང་ མྱུ་གུའི་བྱ་བ་མི་བྱེད་དེ། བློ་གྲོས་ཆེན་པོ་དེ་བཞིན་དུ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་དངོས་པོ་དེ་དག་འགགས་པ་དང་། འགག་པ་དང་། འགག་པར་འགྱུར་བ་ནི་བདག་ནི་སེམས་སྣང་བ་རྣམ་པར་རྟོག་པ་མཐོང་བའི་རྒྱུ་ལས་བྱུང་བས་དེ་དག་ནི་རྒྱུན་མི་ཆད་པར་འབྱུང་བ་ མེད་དོ། ། བློ་གྲོས་ཆེན་པོ་གལ་ཏེ་མ་བྱུང་བའམ།
BO
ཡོད་པ་ལས་རྣམ་པར་ཤེས་པ་རྣམ་གསུམ་ཕྲད་པའི་རྐྱེན་གྱི་བྱེད་པ་ལྡན་པ་ལས་འབྱུང་དུ་ཟིན་ན་ནི་བློ་གྲོས་ཆེན་པོ་རུ་སྦལ་གྱི་སྤུ་ལྟ་བུ་མེད་པ་རྣམས་དང་། བྱེ་མ་ལས་ཀྱང་འབྲུ་མར་འབྱུང་བར་འགྱུར་རོ། ། བློ་གྲོས་ཆེན་པོ་ཡོད་པ་དང་མེད་པ་ ལས་འབྱུང་བར་སྨྲ་བ་ལས་དམ་བཅས་པ་ཉམས་པ་དང་། ངེས་པ་ལས་འགལ་བ་དང་། བྱ་བ་དང་ལས་དང་བྱེད་པ་དོན་མེད་པར་ཡང་འགྱུར་རོ། ། བློ་གྲོས་ཆེན་པོ་དེ་དག་ལ་ཡང་གསུམ་ཕྲད་པའི་རྐྱེན་གྱི་བྱེད་པ་དང་ལྡན་པས་རྒྱུ་དང་འབྲས་བུ་དང་། རང་གི་མཚན་ཉིད་དུ་སྟོན་པ་ཡོད་དེ། འདས་ པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡོད་པ་དང་། མེད་པའི་མཚན་ཉིད་ཡོད་པར་རིག་པ་དང་། གཞུང་གིས་བརྟགས་པའི་ས་ལ་གནས་ཤིང་རང་གི་ལྟ་བ་ཉེས་པའི་བག་ཆགས་ཀྱིས་སྟོན་ཏེ། བློ་གྲོས་ཆེན་པོ་དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཉེས་པའི་ལྟ་བས་ཟིན་པ་མི་མཉམ་པའི་ བློ་ཅན་རྣམས་མི་ཤེས་པས་བསྟན་པ་ལ་ཐམས་ཅད་མཁྱེན་པས་བསྟན་ཏོ་ཞེས་ཟེར་རོ། ། བློ་གྲོས་ཆེན་པོ་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་རང་བཞིན་མེད་པ་སྤྲིན་དང་མགལ་མེ་བསྐོར་བ་དང་། དྲི་ཟའི་གྲོང་ཁྱེར་དང་། མ་སྐྱེས་པ་དང་། སྒྱུ་མ་དང་། སྨིག་རྒྱུ་བ་དང་།
BO
ཆུའི་ཟླ་བ་དང་། རྨི་ ལམ་དང་། ཕྱི་རོལ་དུ་སེམས་ཀྱི་སྣང་བ་རྣམ་པར་རྟོག་པ་དང་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་མཐོང་བས་རང་གི་སེམས་སྣང་བ། རྣམ་པར་རྟོག་པའི་རྐྱེན་ཕྱིར་ལྡོག་པ་མེད་པ། ཡོངས་སུ་བརྟགས་པའི་བརྗོད་པ་དང་། མཚན་དང་མཚན་གྱི་གཞི་དང་། བརྗོད་པར་བྱ་བ་དང་བྲལ་བ། ལུས་དང་ ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་དང་། ཡུལ་དང་། གཟུང་བ་དང་། འཛིན་པ་དང་རྣམ་པར་བྲལ་བ། སྣང་བ་མེད་པའི་སྤྱོད་ཡུལ། སྐྱེ་བ་དང་གནས་པ་དང་འཇིག་པ་སྤངས་པ། བདག་གི་སེམས་སྐྱེ་བ་དང་ལྡན་པ་རྣམ་པར་བསྒོམ་པར་འགྱུར་ཏེ། བློ་གྲོས་ཆེན་ པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་རིང་པོར་མི་ཐོགས་པར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་འཐོབ་པར་འགྱུར་རོ། ། བློ་གྲོས་ཆེན་པོ་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་ལྷུན་གྱིས་གྲུབ་པར་གྱུར་པའི་སྦྱོར་བ་དང་། སེམས་ཅན་གྱི་ཁམས་ཐམས་ ཅད་སྒྱུ་མ་དང་། གཟུགས་བརྙན་དང་མཉམ་པ་ཉིད་དང་། རྐྱེན་གྱིས་མ་བརྩམས་པ་དང་། ཕྱི་ནང་གི་ཡུལ་རྣམ་པར་དབེན་པ་དང་།
BO
སེམས་ཀྱི་ཕྱི་རོལ་དུ་ལྟ་བས་མཚན་མ་མེད་པའི་བྱིན་གྱི་རླབས་དང་ལྡན་པ་རྣམས་རིམ་གྱིས་སའི་རིམ་པ་ཏིང་ངེ་འཛིན་གྱི་ཡུལ་ལ་རྗེས་སུ་འཇུག་པ་དང་། ཁམས་གསུམ་བདག་གི་སེམས་སྒྱུ་མར་ཤིན་ཏུ་མོས་པར་རབ་ཏུ་སྒོམ་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་འཐོབ་པར་འགྱུར་རོ། ། བདག་གི་སེམས་སྣང་བ་མེད་པ་ཙམ་ལ་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་རྗེས་སུ་ཐོབ་པ་སྐྱེ་བ་དང་། བྱ་བ་དང་ལྡན་པའི་བྱང་ཆུབ་ སེམས་དཔའ་རྣམས་ཏིང་ངེ་འཛིན་རྡོ་རྗེའི་གཟུགས་ལྟ་བུ་དེ་བཞིན་གཤེགས་པའི་སྐུའི་རྗེས་སུ་སོང་བ་དེ་བཞིན་ཉིད་ཀྱི་སྤྲུལ་པ་དང་ལྡན་པ། སྟོབས་དང་། མངོན་པར་ཤེས་པ་དང་། དབང་དང་། སྙིང་བརྩེ་བ་དང་། སྙིང་རྗེ་དང་ཐབས་ཀྱིས་བརྒྱན་པ། སངས་རྒྱས་ཐམས་ཅད་ཀྱི་ཞིང་ གི་མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་བ། སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། རིམ་གྱིས་གནས་འཕོས་པའི་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་འཐོབ་པར་འགྱུར་རོ། ། བློ་གྲོས་ཆེན་པོ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་ པའི་སྐུའི་རྗེས་སུ་འབྲང་བ་རབ་ཏུ་འཐོབ་པ་རྣམས་ཀྱིས་ཕུང་པོ་དང་།
BO
ཁམས་དང་སྐྱེ་མཆེད་དང་། སེམས་དང་རྒྱུ་དང་། རྐྱེན་དང་བྱ་བ་དང་ལྡན་པ་དང་། སྐྱེ་བ་དང་གནས་པ་དང་། འཇིག་པར་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བར་སེམས་ཙམ་གྱི་རྗེས་སུ་འབྲང་བར་བྱའོ། ། ཐོག་མ་མེད་ པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་འབྱུང་བའི་སྲིད་པ་གསུམ་པོ་རབ་ཏུ་མཐོང་ནས། སངས་རྒྱས་ཀྱིས་སྣང་བ་མེད་པ། མི་སྐྱེ་བ་དྲན་པའི་ཕྱིར་འཕགས་པ་སོ་སོ་རང་གི་ཆོས་རྟོགས་པར་ཁོང་དུ་ཆུད་པས་བདག་གི་སེམས་ལ་དབང་སྒྱུར་ཞིང་། ལྷུན་གྱིས་གྲུབ་པའི་སྤྱོད་པ་ རྟོགས་པར་ཁོང་དུ་ཆུད་པས་གཟུགས་སྣ་ཚོགས་ཀྱི་ནོར་བུ་དང་འདྲ་བ་ཤིན་ཏུ་ཕྲ་ཞིང་སེམས་ཅན་གྱི་སེམས་ཀྱི་རྗེས་སུ་འཇུག་པའི་སྤྲུལ་པའི་གཟུགས་དང་། སེམས་ཙམ་དུ་འཇུག་པས་སའི་རིམ་པའི་མཚམས་སྦྱོར་བ་འབྲེལ་པར་རབ་ཏུ་འཇོག་པར་འགྱུར་རོ། ། བློ་གྲོས་ཆེན་ པོ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གི་གྲུབ་པའི་མཐའ་ལ་མཁས་པར་བྱའོ། ། དེ་ནས་ཡང་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཆོས་ལྔ་དང་། རང་བཞིན་གྱི་མཚན་ཉིད་སངས་རྒྱས་དང་།
BO
བྱང་ཆུབ་ སེམས་དཔའ་རྣམས་རྗེས་སུ་དོང་བ་བདག་གི་སེམས་སྣང་བའི་སྤྱོད་ཡུལ་དང་རྣམ་པར་བྲལ་བར་བྱེད་པ། བརྗོད་པ་དང་། རིགས་པ་དང་། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རྣམ་པར་འཇིག་པ། སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཀྱི་སྙིང་པོ་ཆོས་ཀྱི་རྣམ་གྲངས་ཀྱི་མེ་ཏོག་བཤད་དུ་གསོལ། ལང་ཀའི་གྲོང་རྡལ་དང་། མ་ལ་ཡའི་རྒྱ་མཚོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སླད་དུ་ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་རྒྱ་མཚོའི་རླབས་ལྟ་བུ་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པས་རྗེས་སུ་གསུངས་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ནི་རྒྱུ་བཞི་དག་གིས་འབྱུང་ངོ་། ། བཞི་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་ལ་འཛིན་པར་ཁོང་དུ་མ་ཆུད་པ་དང་། ཐོག་མ་མེད་པའི་དུས་ནས་སྤྲོས་ པའི་གནས་ངན་ལེན་གྱི་གཟུགས་ཀྱི་བག་ཆགས་ལ་མངོན་པར་ཞེན་པ་དང་། རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་དང་། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ཡིན་ཏེ།
BO
བློ་གྲོས་ཆེན་པོ་རྒྱུ་བཞི་པོ་འདི་དག་གིས་ཀུན་གཞི་རྣམ་པར་ཤེས་པ་ཆུའི་ཀླུང་ལྟ་བུ་ལས་ འཇུག་པའི་རྣམ་པར་ཤེས་པའི་རླབས་འབྱུང་ངོ་། ། བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ལ་ཇི་ལྟ་བ་བཞིན་དུ་དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་། སྤུའི་ཁུང་བུ་རྣམས་ལའང་དེ་བཞིན་ཏེ། མེ་ལོང་ལ་ཅིག་ཅར་དང་། རིམ་གྱིས་ཡུལ་གྱི་གཟུགས་སྣང་བ་དང་། རྒྱ་མཚོ་ལ་རླུང་གིས་ བཏབ་པ་བཞིན་དུ་བློ་གྲོས་ཆེན་པོ་ཡུལ་གྱི་རླུང་དང་། སེམས་ཀྱི་རྒྱ་མཚོའི་རླབས་རྒྱུའི་བྱ་བ་རྒྱུན་མ་ཆད་པའི་མཚན་ཉིད་གཅིག་དང་། ཐ་དད་པ་ལས་རྣམ་པར་གྲོལ་བ་ལས་དང་རིགས་ཀྱི་མཚན་ཉིད་དང་། ཤིན་ཏུ་འབྲེལ་བའི་རང་བཞིན་ངོ་བོ་ཉིད་ཁོང་དུ་མི་ཆུད་པ་རྣམ་པར་ཤེས་པའི་ཚོགས་ ལྔ་འཇུག་གོ། ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་རྒྱུ་དང་། ཡུལ་གྱི་བྱེ་བྲག་འབྱེད་པའི་མཚན་ཉིད་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དག་གི་རྒྱུ་ལས་བྱུང་བའི་བདག་ཉིད་རབ་ཏུ་འཇུག་སྟེ། དེ་དག་དང་དེ་འདི་སྙམ་དུ་བདག་ ཅག་ནི་ལྷན་ཅིག་ཏུ་ཕན་ཚུན་རྒྱུར་གྱུར་ཅིང་།
BO
རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་ཞུགས་པའོ་སྙམ་དུ་མི་སེམས་སོ། ། འོན་ཀྱང་ཕན་ཚུན་ཐ་མི་དད་པའི་མཚན་ཉིད་དུ་ལྷན་ཅིག་རྣམ་པར་རིག་པའི་ཡུལ་བྱེ་བྲག་འབྱེད་པ་ལ་འཇུག་སྟེ། དེ་ལྟར་འཇུག་པའི་ཚེ་མཉམ་ པར་བཞག་པའི་རྣལ་འབྱོར་ཅན་གྱིས་ཀྱང་ཇི་ལྟར་ཤིན་ཏུ་ཕྲ་བར་རྒྱུ་བའི་བག་ཆགས་འཇུག་པ་རྣམས་མི་ཤེས་པར་རྒྱུ་རྣལ་འབྱོར་ཅན་རྣམས་ནི་འདི་ལྟར་བདག་ཅག་རྣམ་པར་ཤེས་པ་རྣམས་བཀག་ནས་སྙོམས་པར་འཇུག་གོ་སྙམ་དུ་སེམས་ཀྱང་། དེ་དག་ནི་རྣམ་པར་ཤེས་པ་མ་འགགས་བཞིན་ དུ་སྙོམས་པར་འཇོག་སྟེ། བག་ཆགས་ཀྱི་ས་བོན་མ་འགགས་པའི་ཕྱིར་ནི་མ་འགགས་པའོ། ། ཡུལ་ལ་འཇུག་ཅིང་འཛིན་པ་མེད་པས་ནི་འགགས་སོ། ། བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ་རྒྱུ་ཞིང་འཇུག་པ་དེ་ལྟར་ཤིན་ཏུ་ཕྲ་བས་དེ་བཞིན་གཤེགས་པ་དང་ས་ལ་རབ་ཏུ་གནས་ པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་གཞན་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཁོང་དུ་ཆུད་པའམ། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ཀྱིས་ཀྱང་རྟོགས་པར་སླ་བ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་གཞན་ དུ་ན་སའི་མཚན་ཉིད་དང་།
BO
ཤེས་རབ་དང་། ཡེ་ཤེས་ལ་མཁས་ཤིང་། ཚིག་རབ་ཏུ་ཕྱེ་བ་ལ་རྣམ་པར་གདོན་མི་ཟ་བ་རྒྱལ་བ་རྣམས་ལ་མཐའ་ཡས་པའི་དགེ་བའི་རྩ་བ་བསགས་པ། རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ། ནགས་ཚལ་སྟུག་པོ་དང་། ཕུག་ དང་ཤིང་ཁྲོད་ན་གནས་ཤིང་རྣལ་འབྱོར་རབ་དང་འབྲིང་དང་ཐ་མ་ལ་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་རྣམ་པར་རྟོག་པ་སྣང་བའི་རྒྱུད་མཐོང་བ་དང་། ཞིང་མཐའ་ཡས་པའི་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བ་དང་། དབང་དང་། སྟོབས་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་རྣམས་ཀྱང་ཐོབ་པར་ནུས་སོ། ། བློ་གྲོས་ཆེན་པོ་དགེ་བའི་བཤེས་གཉེན་གྱི་སྐྱེ་བོ་ལ་རི་མོར་བྱས་པ་རྣམས་ཀྱིས་སེམས་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་རང་གི་སེམས་སྣང་བའི་རང་བཞིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པའི་འཁོར་བ་སྲིད་པའི་རྒྱ་མཚོ་ལས་དང་། སྲེད་པ་དང་། མི་ཤེས་པའི་རྒྱུ་ལས་བྱུང་བ་ལས་རྒལ་བར་ནུས་སོ། ། བློ་གྲོས་ཆེན་པོ་དེའི་ཕྱིར་རྣལ་འབྱོར་ཅན་གྱིས་དགེ་བའི་བཤེས་གཉེན་གྱི་སྐྱེ་བོ་དང་བསྟེན་པའི་ནན་ཏན་བརྩམ་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །
BO
ཇི་ལྟར་རྒྱ་མཚོའི་དབའ་ རླབས་རྣམས། ། རླུང་གི་རྐྱེན་གྱིས་བྱུང་བ་དག ། གར་ཅིང་རབ་ཏུ་འབྱུང་བ་ནི། ། རྒྱུན་ཡང་རྣམ་པར་འཆད་པ་མེད། ། ཀུན་གཞི་ཆུ་བོ་དེ་བཞིན་དུ། ། རྟག་ཏུ་ཡུལ་གྱི་རླུང་གིས་བསྐྱོད། ། སྣ་ཚོགས་རྣམ་ཤེས་དབའ་རླབས་རྣམས། ། གར་ཅིང་རབ་ཏུ་འབྱུང་བར་འགྱུར། ། སྔོན་པོ་དམར་པོ་ལན་ཚྭ་དང་། ། མར་དང་འོ་མ་ཁ་ར་དང་། ། བསྐ་བའི་འབྲས་བུ་མེ་ཏོག་དང་། ། ཇི་ལྟར་ཉི་ཟླའི་འོད་ཟེར་དང་། ། རྒྱ་མཚོ་ཡི་ནི་དབའ་རླབས་དག ། མི་གཅིག་ཐ་དད་མིན་པར་ཤེས། ། དེ་བཞིན་རྣམ་ཤེས་བདུན་པོ་ཡང་། ། སེམས་དང་ལྷན་ཅིག་ལྡན་པའོ། ། རྒྱ་མཚོ་ཡོངས་སུ་ གྱུར་པ་ནི། ། དབའ་རླབས་སྣ་ཚོགས་དེ་དག་སྟེ། ། རྣམ་པར་ཤེས་ཞེས་བྱ་བ་ནི། ། ཀུན་གཞི་དེ་བཞིན་སྣ་ཚོགས་འབྱུང་། ། སེམས་དང་ཡིད་དང་རྣམ་ཤེས་པ། ། མཚན་ཉིད་དོན་དུ་རབ་ཏུ་བརྟག ། བརྒྱད་པོ་ཐ་དད་མ་ཡིན་མཚན། ། མཚན་གྱི་གཞི་དང་མཚན་ཉིད་མེད། ། རྒྱ་མཚོ་དང་ནི་དབའ་ རླབས་རྣམས། ། ཇི་ལྟར་ཁྱད་པར་མེད་པ་བཞིན། ། སེམས་དང་རྣམ་ཤེས་དེ་བཞིན་དུ། ། ཡོངས་སུ་གྱུར་པ་མི་རྙེད་དོ། ། སེམས་ནི་ལས་རྣམས་སོགས་པར་བྱེད། ། ཡིད་ཀྱང་རྣམ་པར་སོགས་པ་སྟེ། །
BO
རྣམ་པར་ཤེས་པས་རྣམ་པར་རིག ། ལྔ་པོ་སྣང་ལ་རྟོག་པར་བྱེད། ། སྔོན་པོ་དམར་ པོའི་རྣམ་པར་ནི། ། མི་ཡི་རྣམ་པར་ཤེས་པ་གདའ། ། དབའ་རླབས་སེམས་དང་འཐུན་པའི་ཆོས། ། ཅི་སླད་ཐུབ་ཆེན་བཤད་དུ་གསོལ། ། སྔོན་པོ་དམར་པོའི་རྣམ་པ་རྣམས། ། དབའ་རླབས་དག་ལ་མ་མཆིས་ཏེ། ། མཚན་ཉིད་དོན་དུ་བྱིས་པ་ལ། ། སེམས་ཀྱི་འཇུག་པ་བཤད་ པའོ། ། དེ་ལ་འཇུག་པ་མེད་པ་སྟེ། ། རང་གི་སེམས་ནི་གཟུང་བ་སྤངས། ། གཟུང་བ་ཡོད་ན་འཛིན་པ་ཡང་། ། དབའ་རླབས་འཐུན་པར་སྒྲུབ་པར་འགྱུར། ། ལུས་དང་ལོངས་སྤྱོད་གནས་ལྟ་བུར། ། མི་ཡི་རྣམ་པར་ཤེས་པར་སྣང་། ། དེ་ཕྱིར་དེ་ཡི་འཇུག་པ་ནི། ། དབའ་ རླབས་དག་དང་འདྲ་བར་སྣང་། ། དབའ་རླབས་དངོས་པོར་རྒྱ་མཚོ་ནི། ། གར་བྱེད་རྣམ་པར་རིག་འགྱུར་ན། ། ཀུན་གཞི་འཇུག་པ་དེ་བཞིན་དུ། ། ཅི་ཡི་ཕྱིར་ན་བློས་མི་རིག ། བྱིས་པ་བློ་དང་མི་ལྡན་པས། ། ཀུན་གཞི་རྒྱ་མཚོ་ཇི་བཞིན་དུ། ། དབའ་རླབས་འབྱུང་བའི་ཆོས་འཐུན་ཕྱིར། ། དཔེ་ཡིས་ཉེ་བར་སྦྱར་བ་ཡིན། ། སྐྱེ་བོ་བཟང་ངན་བར་མ་ལ། ། གདུགས་འཆར་འགྱུར་བ་ཇི་བཞིན་དུ། ། དེ་བཞིན་འཇིག་རྟེན་སྒྲོན་མ་ཁྱོད། ། བུས་པ་རྣམས་ལ་ཡང་དག་སྟོན། །
BO
ཆོས་ལ་རབ་ཏུ་བཞུགས་མཛད་ཅིང་། ། ཅི་སླད་དེ་བཞིན་ཉིད་མི་གསུང་། ། དེ་སྟེ་དེ་བཞིན་ཉིད་གསུང་ ན། ། སེམས་ལ་དེ་བཞིན་ཉིད་མ་མཆིས། ། ཇི་ལྟར་རྒྱ་མཚོའི་དབའ་རླབས་དང་། ། མེ་ལོང་རྨི་ལམ་ཇི་བཞིན་དུ། ། ཅིག་ཆའི་དུས་སུ་སྣང་བ་བཞིན། ། སེམས་ཀྱང་རང་གི་སྤྱོད་ཡུལ་ལ། ། ཡུལ་དང་རྣམ་པར་མི་ལྡན་པས། ། རིམ་གྱིས་འཇུག་པར་རབ་ཏུ་འབྱུང་། ། རྣམ་པར་ཤེས་ པས་རྣམ་པར་རིག ། ཡིད་ཀྱིས་དེ་བཞིན་སྙེམས་པར་བྱེད། ། ལྔ་པོ་རྣམས་ལ་སྣང་བར་མངོན། ། མཉམ་པར་བཞག་ལ་རིམ་པ་མེད། ། རི་མོའི་མཁན་པོ་ལ་ལ་འམ། ། རི་མོ་མཁན་གྱི་སློབ་མའང་རུང་། ། རི་མོའི་དོན་དུ་ཚོན་འགྱེད་པ། ། བཤད་པ་འདི་ཡང་དེ་དང་འདྲ། ། ཚོན་ ལ་རི་མོ་ཡོད་པ་མིན། ། པིར་དང་སྣོད་ལའང་དེ་བཞིན་མེད། ། སེམས་ཅན་དྲང་བའི་དོན་གྱི་ཕྱིར། ། ཚོན་གྱིས་རི་མོ་རྣམ་པར་བརྟག ། ཡང་དག་ལ་ནི་ཡི་གེ་མེད། ། བཤད་པ་དག་ནི་འཁྲུལ་པའོ། ། ཆོས་རྣམས་ལ་ནི་གནས་བཅས་ཤིང་། ། རྣལ་འབྱོར་ཅན་ལ་ཡང་དག་བསྟན། ། སོ་སོ་རང་རིག་ཡང་དག་ནི། ། བརྟག་དང་རྟོག་པས་ཡང་དག་སྤངས། ། རྒྱལ་བའི་སྲས་ལ་འདི་བསྟན་གྱི། ། བྱིས་པ་རྣམས་ལ་བཤད་མ་ཡིན། ། ཇི་ལྟར་སྒྱུ་མ་སྣ་ཚོགས་དག །
BO
སྣང་ཡང་ཡོད་པ་མ་ཡིན་ཏེ། ། དེ་བཞིན་བཤད་པ་སྣ་ཚོགས་ཀྱང་། ། བཤད་ པ་རྣམ་པར་འཁྲུལ་པ་ཡིན། ། གཞན་ལ་གང་ཞིག་བསྟན་པ་དེ། ། གཞན་ལ་བཤད་པར་མི་རུང་སྟེ། ། ཇི་ལྟར་ནད་པ་སོ་སོ་ལ། ། སྨན་པ་སྨན་རྣམས་གཏོང་བ་ལྟར། ། སངས་རྒྱས་དེ་བཞིན་སེམས་ཅན་ལ། ། སེམས་ཙམ་དུ་ཡང་རབ་ཏུ་གསུང་། ། མགོན་པོ་རྣམས་ནི་གང་ གསུང་བའི། ། སོ་སོ་རང་རིག་སྤྱོད་ཡུལ་ནི། ། རྟོག་པ་ཅན་གྱི་ཡུལ་མ་ཡིན། ། ཉན་ཐོས་རྣམས་ཀྱིའང་དེ་བཞིན་མིན། ། བློ་གྲོས་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་རང་གི་སེམས་སྣང་བའི་གཟུང་བ་དང་། འཛིན་པ་ལ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡོངས་སུ་ཤེས་པར་ འདོད་པས་འདུ་བ་དང་། འདུ་འཛི་དང་། གཉིད་དང་། སྒྲིབ་པ་མེད་པར་བྱའོ། ། སྲོད་དང་ཐོ་རངས་དང་། ནམ་གྱི་གུང་ལ་མི་ཉལ་བའི་སྦྱོར་བ་ལ་བརྩོན་པར་བྱའོ། ། མུ་སྟེགས་ཅན་དང་། ངན་པའི་གཙུག་ལག་དང་། གཏམ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ ཐེག་པའི་མཚན་ཉིད་དང་བྲལ་བར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པའི་མཚན་ཉིད་ཁོང་དུ་ཆུད་པར་རྟོགས་པར་བྱའོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་ཤེས་རབ་དང་། ཡེ་ཤེས་ཀྱི་མཚན་ཉིད་རྣམ་པར་དགོད་པ་ལ་གནས་ཏེ། གོང་དུ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་ལ་བརྩོན་པར་བྱའོ། ། དེ་ལ་བློ་གྲོས་ཆེན་པོ་གོང་དུ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། སྣང་བ་མེད་པའི་མཚན་ཉིད་དང་། སངས་རྒྱས་ ཐམས་ཅད་ཀྱི་རང་གི་སྨོན་ལམ་གྱི་བྱིན་གྱིས་རླབས་ཀྱི་མཚན་ཉིད་དང་། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་མཚན་ཉིད་དེ། དེ་དག་ཁོང་དུ་ཆུད་པས་རྣལ་འབྱོར་ཅན་བོང་བུ་ཐེང་པོ་ལྟ་བུར་སེམས་དང་། ཤེས་རབ་དང་། ཡེ་ཤེས་ཀྱི་མཚན་ཉིད་སྤངས་ཏེ། རྒྱལ་བའི་སྲས་ཀྱི་ས་བརྒྱད་པོ་ ཐོབ་ནས་དེའི་གོང་དུ་མཚན་ཉིད་གསུམ་ལ་བརྩོན་པར་བྱེད་དོ། ། དེ་ལ་བློ་གྲོས་ཆེན་པོ་ཐམས་ཅད་སྣང་བ་མེད་པའི་མཚན་ཉིད་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་མཚན་ཉིད་ཡོངས་སུ་འདྲིས་པ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོ་བྱིན་གྱིས་རླབས་ཀྱི་མཚན་ཉིད་ནི་ སྔོན་གྱི་སངས་རྒྱས་རྣམས་ཀྱི་རང་གི་སྨོན་ལམ་གྱི་བྱིན་གྱིས་རླབས་ལས་འབྱུང་ངོ་། །
BO
བློ་གྲོས་ཆེན་པོ་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། མཚན་ཉིད་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ གྱི་ལུས་རབ་ཏུ་ཐོབ་པས་སངས་རྒྱས་ཀྱི་ས་ཁོང་དུ་ཆུད་པའི་རྟོགས་པ་རྒྱུ་བ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོ་འདི་ནི་འཕགས་པ་རྣམས་ཀྱི་མཚན་ཉིད་གསུམ་སྟེ། འཕགས་པའི་མཚན་ཉིད་གསུམ་དང་ལྡན་ན་འཕགས་པ་རྣམས་འཕགས་པ་བདག་གི་སོ་སོ་རང་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོང་དུ་ ཆུད་པར་འགྱུར་རོ། ། དེ་བས་ན་བློ་གྲོས་ཆེན་པོ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་པོ་ལ་བརྩོན་པར་བྱའོ། ། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་གི་སེམས་ དང་། བསམ་པའི་སྤྱོད་པ་རབ་ཏུ་ཤེས་ནས་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཅོམ་ལྡན་འདས་ལ་ཞུས་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་ལ་གནས་ཤིང་།
BO
བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་རང་དང་སྤྱིའི་མཚན་ཉིད་དུ་གཏོགས་པ་ཡོངས་སུ་བརྟགས་པའི་རང་བཞིན་རྟོགས་པ་རབ་ཏུ་ཕྱེ་བའི་ཚུལ་སྟོན་པ་དང་། ཡོངས་སུ་བརྟགས་པའི་རང་བཞིན་རྟོགས་པ་རབ་ཏུ་ཕྱེ་བའི་ཚུལ་བྱེ་བྲག་ཤིན་ཏུ་རྟོགས་པ་གང་གིས་གང་ཟག་དང་། ཆོས་ ལ་བདག་མེད་པའི་རབ་ཏུ་རྒྱུ་བ་ཤིན་ཏུ་སྦྱངས་ཏེ། ས་རྣམས་ལ་མཁས་པར་བྱས་པ་རྣམས་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་བྱེད་པ་ཐམས་ཅད་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བདེ་བ་ལས་འདས་ཏེ། དེ་བཞིན་གཤེགས་པས་ མཁྱེན་པའི་ཡུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པའི་ཆོས་ལྔ་དང་། རང་བཞིན་རྟོགས་པ་ལས་རྣམ་པར་ལོག་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཤེས་རབ་དང་། ཡེ་ཤེས་ཤིན་ཏུ་འབྲེལ་བའི་ཆོས་ཅན་སྒྱུ་མའི་སྤྱོད་ཡུལ་གྱིས་མངོན་པར་གྲུབ་པ། སངས་རྒྱས་ ཀྱི་ཞིང་ཐམས་ཅད་དང་། དགའ་ལྡན་གྱི་ཕོ་བྲང་དང་། འོག་མིན་གྱི་གནས་སུ་ཉེ་བར་བཞུད་པའི་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་པར་འགྱུར་བ།
BO
འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་རབ་ཏུ་འབྱེད་པའི་རང་བཞིན་ཆོས་ཀྱི་རྣམ་གྲངས་ཚིག་བརྒྱ་རྩ་བརྒྱད་ཤིན་ཏུ་ཕྱེ་བའི་གནས་བདག་ ལ་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ལ་མུ་སྟེགས་ཀྱི་ལྟ་བ་ཅན་ལ་ལ་མེད་པ་ལ་མངོན་པར་ཞེན་པ་དག ། རྣམ་པར་རྟོག་པའི་བློའི་རྒྱུ་ཟད་པའི་རང་བཞིན་མེད་པའི་ཕྱིར་རི་བོང་ལ་རྭ་མེད་དོ་སྙམ་སྟེ། ཇི་ལྟར་རི་བོང་ལ་རི་བོང་གི་ རྭ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལའང་རྣམ་པར་རྟོག་གོ། ། བློ་གྲོས་ཆེན་པོ་གཞན་ཡང་འབྱུང་བ་དང་། ཡོན་ཏན་དང་། རྡུལ་དང་རྫས་དང་དབྱིབས་དང་། དཔེ་ཚུལ་གྱི་ཁྱད་པར་མཐོང་ནས་རི་བོང་གི་རྭ་མེད་པར་མངོན་པར་ཆགས་ཤིང་ཞེན་པ་རྣམས་བ་ལང་གི་རྭ་ཡོད་དོ། ། སྙམ་དུ་ རྣམ་པར་རྟོག་གོ། ། བློ་གྲོས་ཆེན་པོ་མཐའ་གཉིས་ཀྱི་ལྟ་བར་ལྷུང་ཞིང་སེམས་ཙམ་དུ་མ་རྟོགས་པའི་བློ་ཅན་དེ་དག་དེ་རང་གི་སེམས་ཀྱི་ཁམས་རྣམ་པར་རྟོག་པས་ལུས་དང་། ལོངས་སྤྱོད་དང་། གནས་དང་འགྲོ་བ་དང་། རྣམ་པར་རྟོག་པ་ཙམ་ལ་བློ་གྲོས་ཆེན་པོ་རི་བོང་གི་རྭ་ཡོད་པ་དང་། མེད་པ་ལས་རྣམ་པར་ལོག་པ་བརྟག་པར་མི་བྱའོ། །
BO
དེ་བཞིན་དུ་བློ་གྲོས་ཆེན་པོ་དངོས་པོ་ཐམས་ཅད་ཀྱང་ཡོད་པ་དང་མེད་པ་ལས་རྣམ་པར་ལོག་པ་སྟེ། བརྟག་པར་མི་བྱའོ། ། བློ་གྲོས་ཆེན་པོ་གང་ཡང་ཡོད་པ་དང་མེད་པ་ལས་རྣམ་པར་ལོག་པའི་རི་བོང་གི་རྭ་ལ་མེད་དོ་སྙམ་དུ་རྟོག་སྟེ། དེ་དག་ གིས་ཕན་ཚུན་དུ་ལྟོས་པའི་རྒྱུའི་ཕྱིར་རི་བོང་གི་རྭ་མེད་དོ་སྙམ་དུ་བརྟག་པར་མི་བྱའོ། ། བློ་གྲོས་ཆེན་པོ་རྡུལ་ཕྲ་རབ་ཀྱི་བར་དུ་བརྟགས་ན་དངོས་པོ་མི་དམིགས་ཏེ། མེད་པའི་ཕྱིར་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་རྣམ་པར་ལོག་པའི་བ་ལང་གི་རྭ་ཡོད་པར་མི་བརྟག་གོ། ། དེ་ནས་བཅོམ་ལྡན་ འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྣམ་པར་རྟོག་པ་མི་འབྱུང་བའི་མཚན་ཉིད་མཐོང་ནས་རྗེས་སུ་དཔག་ན། རྣམ་པར་རྟོག་པ་མི་འབྱུང་བ་ལ་ལྟོས་ཏེ། དེ་མ་མཆིས་ཞེས་བགྱི་བར་འགྱུར་རོ། ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་མི་འབྱུང་བ་ལས་ལྟོས་ཏེ་དེ་མེད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྣམ་པར་རྟོག་པ་འབྱུང་བའི་རྒྱུ་སྟེ།
BO
བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་དེའི་རྭ་ལས་བརྟེན་ཏེ་འབྱུང་བའོ། ། བློ་གྲོས་ཆེན་པོ་འདི་ལྟར་རྭ་ལས་བརྟེན་ ཏེ་རྣམ་པར་རྟོག་པ་བྱུང་བས་དེའི་ཕྱིར་བརྟེན་པའི་རྒྱུ་ཡིན་པ་དང་། ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་རྣམ་པར་སྤངས་པའི་ཕྱིར་དེ་ལ་ལྟོས་ཏེ་རི་བོང་གི་རྭ་མེད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་རི་བོང་གི་རྭ་དང་རྣམ་པར་རྟོག་པ་གལ་ཏེ་ཐ་དད་ན་ནི་རྭའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་རོ། ། དེ་སྟེ་ ཐ་དད་པ་མ་ཡིན་ན་ནི་དེའི་རྒྱུ་ལས་བྱུང་བས་རྡུལ་ཕྲ་རབ་ཀྱི་བར་དུ་རབ་ཏུ་བརྟགས་ན་མི་དམིགས་པས་རྭ་དང་ཐ་དད་པ་མ་ཡིན་པའི་ཕྱིར་དེའང་མེད་པར་འགྱུར་ཏེ། དེ་གཉིས་ཀའི་དངོས་པོ་མེད་ན་གང་གིས་ཅི་ལས་ལྟོས་ཏེ་མོས་པར་འགྱུར། བློ་གྲོས་ཆེན་པོ་གལ་ཏེ་ལྟོས་ནས་མེད་པར་མི་འགྱུར་ན། རྒྱུ་མི་འཐུན་པའི་ཕྱིར་བ་ལང་གི་རྭ་ཡོད་པ་ལས་ལྟོས་ཏེ། རི་བོང་གི་རྭ་མེད་ཅེས་ཀྱང་བརྟག་པར་བྱ་བར་མི་འགྱུར་རོ། ། བློ་གྲོས་ཆེན་པོ་རྒྱུ་མི་མཉམ་པའི་ཕྱིར་ཡོད་པ་དང་། མེད་པར་སྨྲ་བ་རྣམས་ཀྱི་ཡོད་པ་དང་། མེད་པར་འགྲུབ་པར་མི་འགྱུར་རོ། །
BO
བློ་གྲོས་ཆེན་པོ་གཞན་ཡང་མུ་སྟེགས་ བྱེད་པའི་ལྟ་བ་ཅན་གཟུགས་དང་རྒྱུ་དང་དབྱིབས་ལ་མངོན་པར་ཆགས་པས་མངོན་པར་ཞེན་པ། ནམ་མཁའི་དངོས་པོ་ཡོངས་སུ་རྟོག་པ་ལ་མི་མཁས་པ་རྣམས་གཟུགས་ནམ་མཁའི་དངོས་པོ་དང་བྲལ་བ་ལ་བྱེ་བྲག་འབྱེད་པར་ལྟ་བས་རྣམ་པར་རྟོག་སྟེ། བློ་གྲོས་ཆེན་པོ་གཟུགས་རྣམས་ཀྱི་ འབྱུང་བའི་རྗེས་སུ་ཞུགས་པའི་ཕྱིར་ནམ་མཁའ་ཉིད་ཀྱང་གཟུགས་སོ། ། གཟུགས་ཉིད་ཀྱང་ནམ་མཁའ་སྟེ། བློ་གྲོས་ཆེན་པོ་གཟུགས་དང་ནམ་མཁའི་རྒྱུ་རྣམ་པ་ཐ་དད་པ་ནི་གཞག་པ་དང་གཞིའི་ཚུལ་དུ་གྱུར་པས་ཡིད་ཆེས་པར་བྱའོ། ། བློ་གྲོས་ཆེན་པོ་འབྱུང་བ་རྣམས་སྐྱེ་བ་ནི་ཕན་ཚུན་ དུ་རང་གི་མཚན་ཉིད་ཀྱི་བྱེ་བྲག་གིས་ཐ་དད་པ། ནམ་མཁའ་ལ་ཡང་མི་གནས་པ་ཡིན་ཏེ། དེ་དག་ལའང་ནམ་མཁའ་མེད་དོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་རི་བོང་གི་རྭ་ནི་བ་ལང་གི་རྭ་ལས་ལྟོས་པ་ཡིན་ཏེ། བ་ལང་གི་རྭའང་རྡུལ་ཕྲ་མོར་རྣམ་པར་ཕྱེ་སྟེ་རྡུལ་ཕྲ་མོ་རྣམས་ ཀྱང་རྣམ་པར་གཞིག་ན་རྡུལ་ཕྲ་མོའི་མཚན་ཉིད་ལའང་མི་གནས་ན་དེ་ཅི་ལས་ལྟོས་ཏེ་མེད་པར་འགྱུར། དེ་སྟེ་གཞན་ལས་ལྟོས་པའི་དངོས་པོ་ཞིག་ན་ཡང་དེ་ཡང་དེ་ལྟ་བུའི་ཆོས་ཅན་ནོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཁྱོད་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་རི་བོང་དང་བ་ལང་གི་རྭ་དང་། ནམ་མཁའ་དང་། གཟུགས་སུ་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་བ་དང་། བློ་གྲོས་ཆེན་པོ་ཁྱོད་ཀྱིས་རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པ་རྗེས་སུ་རྟོགས་པའི་ཡིད་དུའང་འགྱུར་བར་བྱའོ། ། རྒྱལ་བའི་སྲས་དང་ཞིང་གི་དཀྱིལ་འཁོར་ཐམས་ཅད་དུའང་ཁྱོད་ཀྱིས་རང་གི་སེམས་སྣང་བའི་རྣལ་འབྱོར་བསྟན་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྣ་ཚོགས་སྣང་བ་ཡོད་པ་མིན། ། སྣང་བ་ལས་ནི་སེམས་འབྱུང་སྟེ། ། ལུས་ དང་ལོངས་སྤྱོད་གནས་འདྲ་བའི། ། ཀུན་གཞི་མི་ལ་སྣང་བ་ཡིན། ། སེམས་དང་ཡིད་དང་རྣམ་པར་ཤེས། ། རང་བཞིན་དང་ནི་ཆོས་ལྔ་དང་། ། བདག་མེད་གཉིས་པོ་དག་པ་ཡང་། ། རྣམ་པར་འདྲེན་པ་རབ་ཏུ་གསུང་། ། ཕན་ཚུན་དུ་ནི་འབྲེལ་བ་ལས། ། རིང་དང་ཐུང་ལ་སོགས་པ་ འབྱུང་། ། ཡོད་པ་སྒྲུབ་པ་མེད་པ་སྟེ། ། མེད་པ་སྒྲུབ་པ་ཡོད་པའོ། ། རྡུལ་ཕྲན་དུ་ནི་རྫས་གཞིག་སྟེ། །
BO
གཟུགས་ལ་རྣམ་པར་བརྟག་མི་བྱ། ། སེམས་ཙམ་རྣམ་པར་གཞག་པ་ནི། ། ལྟ་བ་ངན་པས་གསལ་མི་འགྱུར། ། མགོན་པོ་རྣམས་ནི་གང་གསུང་བའི། ། སོ་སོ་རང་རིག་སྤྱོད་ ཡུལ་ཏེ། ། རྟོག་པ་ཅན་གྱི་ཡུལ་མ་ཡིན། ། ཉན་ཐོས་རྣམས་ཀྱིའང་དེ་བཞིན་མིན། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་གསོལ་བ་བཏབ་པ། བཅོམ་ལྡན་འདས་རང་ གི་སེམས་སྣང་བའི་རྒྱུད་ཅིག་ཅར་རམ་རིམ་གྱིས་འཇུག་པས་སམ་ཇི་ལྟར་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་ནི་རིམ་གྱིས་འཇུག་པས་རྣམ་པར་འདག་སྟེ། ཅིག་ཅར་ནི་མ་ཡིན་ནོ། ། འདི་ལྟ་སྟེ་བློ་གྲོས་ཆེན་པོ་ ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཀྱང་རིམ་གྱིས་རྣམ་པར་འདག་སྟེ། ཅིག་ཅར་མ་ཡིན་ནོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ་རྫ་མཁན་ནི་སྣོད་རྣམས་རིམ་གྱིས་བྱེད་དེ་ ཅིག་ཅར་མ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་རྣམ་པར་སྦྱོང་སྟེ་ཅིག་ཅར་མ་ཡིན་ནོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ས་ཆེན་པོ་ལས་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་ནགས་ཚལ་རྣམས་ རིམ་གྱིས་འཇུག་པས་སྐྱེའི་ཅིག་ཅར་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་སྦྱོང་སྟེ་ཅིག་ཅར་མ་ཡིན་ནོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། བཞད་གད་དང་། རོལ་མོ་དང་། གླུ་དང་། པི་བང་དང་། སིལ་ སྙན་དང་། རི་མོ་དག་ལ་མཁས་པ་ནི་རིམ་གྱིས་འབྱུང་གི་ཅིག་ཅར་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་རྣམ་པར་སྦྱོང་སྟེ་ཅིག་ཅར་མ་ཡིན་ནོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་ གཟུགས་ཀྱི་གཟུགས་བརྙན་སྣང་བ་ཐམས་ཅད་རྣམ་པར་རྟོག་པ་མེད་པར་ཅིག་ཅར་སྣང་ངོ་། །
BO
དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པའི་སྤྱོད་ཡུལ་རྣམས་ཅིག་ཅར་རྣམ་པར་སྦྱོང་ངོ་། ། བློ་ གྲོས་ཆེན་པོ་འདི་ལྟ་སྟེ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ནི་འོད་ཟེར་གྱིས་གཟུགས་སུ་སྣང་བ་ཐམས་ཅད་ཅིག་ཅར་མངོན་པར་བྱེད་དོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རང་གི་སེམས་སྣང་བའི་གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་རྣམས་ལ་རྒྱལ་བ་ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་དང་། སྤྱོད་ཡུལ་ཅིག་ཅར་ཡང་དག་པར་སྟོན་ཏོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་རང་གི་སེམས་སྣང་བའི་ལུས་དང་། གནས་དང་། ལོངས་སྤྱོད་ཀྱི་ཡུལ་ཅིག་ཅར་རྣམ་པར་སྟོན་ཏོ། ། དེ་བཞིན་ དུ་བློ་གྲོས་ཆེན་པོ་རྒྱུ་འདྲ་བའི་སངས་རྒྱས་ཀྱང་ཅིག་ཅར་སེམས་ཅན་གྱི་སྤྱོད་ཡུལ་ཡོངས་སུ་སྨིན་པར་བྱས་ཏེ། འོག་མིན་གྱི་ཕོ་བྲང་དང་། གཞལ་མེད་ཁང་གི་གནས་ཀྱི་རྣལ་འབྱོར་གྱི་རྣལ་འབྱོར་ཅན་དུ་གཞག་གོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཆོས་ཉིད་ཀྱི་སངས་རྒྱས་ནི་ཅིག་ཅར་རྒྱུ་ འདྲ་བ་དང་།
BO
སྤྲུལ་པའི་འོད་ཟེར་གྱིས་རྣམ་པར་མཛེས་སོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་འཕགས་པ་སོ་སོ་རང་གི་རིག་པའི་ཆོས་ཀྱི་མཚན་ཉིད་ཀྱང་ཡོད་པ་དང་། མེད་པའི་ལྟ་བ་ངན་པ་རྣམ་པར་ཟློག་པས་ཅིག་ཅར་རྣམ་པར་མཛེས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་ཆོས་ཉིད་དང་ འདྲ་བར་འབྱུང་བའི་སངས་རྒྱས་ནི་སྒྱུ་མའི་ཡན་ལག་རྣམ་པ་མང་པོའི་སྐྱེས་བུ་དེའི་བདག་ཉིད་མ་ཡིན་པ་སྣ་ཚོགས་ལ་མངོན་པར་ཞེན་པ། མི་དམིགས་པའི་ཕྱིར་རང་དང་སྤྱིའི་མཚན་ཉིད་དུ་གཏོགས་པའི་ཆོས་ཐམས་ཅད་རང་གི་སེམས་སྣང་བའི་བག་ཆགས་རྒྱུའི་མཚན་ཉིད་དང་འབྲེལ་བ་ ཡོངས་སུ་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བར་སྟོན་ཏོ། ། བློ་གྲོས་ཆེན་པོ་གཞན་ཡང་ཡོངས་སུ་བརྟགས་པའི་རང་བཞིན་འབྱུང་བའི་མཚན་ཉིད་ནི། གཞན་གྱི་དབང་གི་རང་བཞིན་ལ་མངོན་པར་ཞེན་པ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྩྭ་ དང་ཤིང་དང་གྱོ་མོ་ལ་བརྟེན་ཏེ་སྒྱུ་མའི་སྔགས་དང་། མིར་ལྡན་པ་ལས་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་ཡན་ལག་ཕུན་སུམ་ཚོགས་ཤིང་སྣ་ཚོགས་ཀྱི་གཟུགས་འཆང་བའི་སྒྱུ་མའི་སྐྱེས་བུའི་གཟུགས་སེམས་ཅན་གྱི་ལུས་རང་བཞིན་གཅིག་ཏུ་མ་གྲུབ་པ།
BO
རྣམ་པར་རྟོག་པ་རྣམ་ པ་སྣ་ཚོགས་ཀྱིས་རྣམ་པར་བརྟགས་པ་སྣང་སྟེ། བློ་གྲོས་ཆེན་པོ་དེ་ལྟར་སྣང་ཡང་དེའི་བདག་ཉིད་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་གཞན་གྱི་དབང་གི་རང་བཞིན་ལ་ཀུན་བརྟགས་པའི་རང་བཞིན་རྣམ་པར་རྟོག་པའི་སེམས་སྣ་ཚོགས་རྣམ་པ་མང་པོའི་མཚན་ཉིད་དུ་སྣང་ངོ་། ། བློ་གྲོས་ཆེན་པོ་དངོས་པོ་ཡོངས་སུ་རྟོག་པའི་མཚན་ཉིད་དུ་མངོན་པར་ཞེན་པའི་བག་ཆགས་ལ་ཡོངས་སུ་རྟོག་པས་ཀུན་བརྟགས་པའི་རང་བཞིན་གྱི་མཚན་ཉིད་དུ་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་འདྲ་བར་བྱུང་བའི་སངས་རྒྱས་ཀྱི་བཤད་པའོ། ། བློ་གྲོས་ཆེན་པོ་ཆོས་ཉིད་ཀྱི་སངས་རྒྱས་ ནི་སེམས་ཀྱི་རང་བཞིན་གྱི་མཚན་ཉིད་དང་བྲལ་བ། འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་རྣམ་པར་གཞོག་གོ། ། བློ་གྲོས་ཆེན་པོ་འཕྲུལ་པས་སྤྲུལ་པའི་སངས་རྒྱས་རྣམས་ནི་སྦྱིན་པ་དང་། བསམ་གཏན་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། སེམས་དང་། ཤེས་རབ་དང་། ཡེ་ཤེས་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྣམ་པར་ཐར་པ་དང་། རྣམ་པར་ཤེས་པ་འཇུག་པའི་མཚན་ཉིད་རབ་ཏུ་ཕྱེ་བ་རྒྱུ་བ་རྣམ་པར་གཞག་གོ། །
BO
མུ་སྟེགས་ཅན་གྱི་ལྟ་བ་བས་གཟུགས་མེད་པའི་ཏིང་ངེ་འཛིན་གྱི་རིམ་པའི་མཚན་ཉིད་ཀྱང་སྟོན་ཏོ། ། བློ་ གྲོས་ཆེན་པོ་ཆོས་ཉིད་ཀྱི་སངས་རྒྱས་ནི་དམིགས་པ་མེད་ཅིང་དམིགས་པ་དང་བྲལ་བ། བྱ་བ་དང་། དབང་པོ་དང་། ཚད་མའི་མཚན་ཉིད་ཐམས་ཅད་ལས་རྣམ་པར་ལོག་པ། བྱིས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་བདག་གི་མཚན་ཉིད་ལ་མངོན་པར་ ཆགས་པས་མངོན་པར་ཞེན་པ་རྣམས་ཀྱི་ཡུལ་མ་ཡིན་པར་སྟོན་ཏོ། ། བློ་གྲོས་ཆེན་པོ་དེ་བས་ན་འཕགས་པ་སོ་སོ་རང་གི་རིག་པའི་ཁྱད་པར་གྱི་མཚན་ཉིད་ལ་བརྩོན་པར་བྱའོ། ། ཁྱོད་ཀྱིས་རང་གི་སེམས་ཀྱི་མཚན་ཉིད་སྣང་བའང་རྣམ་པར་ལོག་པར་ལྟ་བར་གྱིས་ཤིག ། བློ་གྲོས་ཆེན་ པོ་གཞན་ཡང་ཉན་ཐོས་ཀྱི་ཐེག་པའི་ཚུལ་རབ་ཏུ་དབྱེ་བའི་མཚན་ཉིད་ནི་རྣམ་པ་གཉིས་སོ། ། འདི་ལྟ་སྟེ། འཕགས་པ་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་དང་། དངོས་པོར་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་དེ་ལ་ཉན་ ཐོས་རྣམས་ཀྱི་འཕགས་པ་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་།
BO
མི་རྟག་པའི་ཡུལ་གྱི་བདེ་བ་ལས་སྐྱོ་བ་དང་། རྒྱུན་ཆད་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རང་དང་ སྤྱིའི་ཕྱི་རོལ་རྣམ་པར་འཇིག་པ་མེད་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་སེམས་མཉམ་པར་གཞོག་སྟེ། བློ་གྲོས་ཆེན་པོ་རང་གི་སེམས་མཉམ་པར་བཞག་ནས་ཉན་ཐོས་རྣམས་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་ལམ་དང་འབྲས་ བུ་དང་། སྙོམས་པར་འཇུག་པ་དང་། རྣམ་པར་གྲོལ་བ་དང་། བག་ཆགས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གྱུར་པ་ཤི་འཕོ་དང་བྲལ་བ། འཕགས་པ་སོ་སོ་རང་གིས་རིག་པའི་བདེ་བ་ལ་གནས་པ་ལྷག་པར་རྟོགས་པར་འགྱུར་རོ། ། བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་རྣམས་ཀྱི་ འཕགས་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་ཉན་ཐོས་རྣམས་ཀྱི་འཕགས་པ་སོ་སོ་རང་གིས་རིག་པའི་གནས་ཀྱི་བདེ་བ་ཁོང་དུ་ཆུད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔོན་སེམས་ཅན་རྣམས་ལ་སྙིང་བརྩེ་བར་བལྟས་ཏེ། བདག་གི་སྨོན་ ལམ་མངོན་པར་བསྒྲུབས་པའི་ཕྱིར་འགོག་པའི་སྒོའི་བདེ་བ་དང་། མཉམ་པར་གཞག་པའི་བདེ་བ་ནི་མངོན་དུ་མི་བྱའོ། །
BO
བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་རྣམས་ཀྱི་འཕགས་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཀྱི་བདེ་བ་སྟེ། འཕགས་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཀྱི་ བདེ་བ་དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་མི་བྱའོ། ། བློ་གྲོས་ཆེན་པོ་ཡང་ཉན་ཐོས་རྣམས་ཀྱི་དངོས་པོ་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པ་གང་ཞེ་ན། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དྲོ་བ་དང་། གཤེར་བ་དང་། གཡོ་བ་དང་། སྲ་བའི་འབྱུང་བ་ཆེན་པོ་རྣམས་ བྱེད་པ་མེད་པར་འབྱུང་བ་དང་། རང་དང་སྤྱིའི་མཚན་ཉིད་དང་། རིགས་པ་དང་། ལུང་དང་། ཚད་མ་ཤིན་ཏུ་འབྲེལ་བ་རྣམས་མཐོང་ནས་དེའི་རང་བཞིན་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་འབྱུང་ངོ་། ། བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔས་ཁོང་དུ་ཆུད་ནས་བཟློག་པར་བྱའོ། ། ཆོས་ལ་བདག་མེད་པའི་མཚན་ཉིད་ལ་རྗེས་སུ་ཞུགས་པས་གང་ཟག་ལ་བདག་མེད་པའི་མཚན་ཉིད་དུ་ལྟ་བ་ཕྱིར་བཟློག་སྟེ། སའི་རིམ་པའི་མཚམས་སྦྱོར་བ་ལ་གནས་པར་བྱའོ། ། བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་རྣམས་ཀྱི་དངོས་པོར་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ ཉིད་ཅེས་གང་སྨྲས་པ་དེའི་ཕྱིར་བཤད་དེ།
BO
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་དོན་དམ་པ་རྟག་པ་བསམ་གྱིས་མི་ཁྱབ་པ་བཤད་དེ། བཅོམ་ལྡན་འདས་དེ་བཞིན་དུ་མུ་སྟེགས་བྱེད་པ་དག་ཀྱང་རྒྱུ་རྣམས་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་སྨྲ་བ་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་པ་རྣམས་ཀྱི་རྒྱུ་ནི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ཉིད་འཐོབ་པར་མི་འགྱུར་ རོ། ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་པ་རྣམས་ཀྱི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ནི་རྒྱུའི་རང་གི་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་གང་གི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་དེ་རྒྱུའི་རང་གི་མཚན་ཉིད་དང་མི་ལྡན་པའི་རྟག་པ་དང་། བསམ་གྱིས་མི་ཁྱབ་ཅེས་བྱ་བར་ཡང་གང་གིས་ཇི་ལྟར་མངོན་པར་བྱ། བློ་གྲོས་ཆེན་པོ་དེ་སྟེ་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་སྨྲ་བ་རྒྱུའི་རང་གི་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན་ནི་རྒྱུ་ལ་རག་ལུས་པའི་རྒྱུའི་མཚན་ཉིད་ཡིན་པས་མི་རྟག་པར་འགྱུར་ཏེ། རྟག་པ་དང་།
BO
བསམ་གྱིས་མི་ཁྱབ་པ་ མ་ཡིན་ནོ། ། བློ་གྲོས་ཆེན་པོ་ངའི་དོན་དམ་པ་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ནི་དོན་དམ་པའི་རྒྱུའི་མཚན་ཉིད་དང་ལྡན་པ་སྟེ། ཡོད་པ་དང་མེད་པ་དང་བྲལ་བ། འཕགས་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཀྱི་ཕྱིར་མཚན་ཉིད་དང་ལྡན་པའོ། ། དོན་དམ་པའི་ཡེ་ཤེས་རྒྱུར་གྱུར་པས་ན་རྒྱུ་ དང་ལྡན་པའོ། ། ཡོད་པ་དང་མེད་པ་དང་བྲལ་བས་ནམ་བྱས་པའི་ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། འགོག་པའི་དཔེ་དང་ཆོས་འདྲ་བས་རྟག་པ་སྟེ། དེའི་ཕྱིར་བློ་གྲོས་ཆེན་པོ་འདི་ནི་མུ་སྟེགས་བྱེད་པའི་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་སྨྲ་བ་དང་འཐུན་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱ་བའི་དེ་བཞིན་ཉིད་དེ། དེ་བས་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པ་དང་། བསམ་གྱིས་ མི་ཁྱབ་པ་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། ། བློ་གྲོས་ཆེན་པོ་གཞན་ཡང་མུ་སྟེགས་བྱེད་པ་རྣམས་ཀྱི་རྟག་པ་དང་།
BO
བསམ་གྱིས་མི་ཁྱབ་པ་ནི་དངོས་པོ་མེད་པ་མི་རྟག་པའི་མཚན་ཉིད་ཀྱི་རྒྱུ་ལས་གྱུར་པའི་ཕྱིར་མི་རྟག་ པའོ། ། བདག་གིས་བྱས་པའི་རྒྱུའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བས་རྟག་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་སྟེ་མུ་སྟེགས་བྱེད་པ་རྣམས་ཀྱི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་བྱས་པའི་དངོས་པོ་མེད་པས་རྟག་པ་ཉིད་དུ་མཐོང་ནས་རྗེས་སུ་དཔོག་པའི་བློས་རྟག་པ་ཡིན་ན་ནི། བློ་ གྲོས་ཆེན་པོ་རྒྱུ་འདི་ཉིད་ཀྱིས་ངའི་ཡང་བྱས་པའི་དངོས་པོ་མེད་པས་རྟག་པ་ཉིད་དུ་མཐོང་ནས་རྒྱུ་མེད་པར་བསྟན་པའི་ཕྱིར་རྟག་པའོ། ། བློ་གྲོས་ཆེན་པོ་དེ་སྟེ་མུ་སྟེགས་བྱེད་པ་རྣམས་ཀྱི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་རྒྱུ་དང་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན་ནི་རྒྱུ་དང་རང་གི་མཚན་ཉིད་ཀྱི་ དངོས་པོ་མེད་པས་བློ་གྲོས་ཆེན་པོ་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་རི་བོང་གི་རྭ་དང་མཚུངས་ཏེ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་པ་རྣམས་ཀྱི་ནི་ཚིག་གི་རྣམ་པར་རྟོག་པ་ཙམ་དུ་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རི་བོང་གི་རྭ་ནི་རང་གི་རྒྱུ་དང་། མཚན་ཉིད་ མེད་པའི་ཕྱིར་ཚིག་གི་རྣམ་པར་རྟོག་པ་ཙམ་མོ། །
BO
བློ་གྲོས་ཆེན་པོ་ངའི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ནི་འཕགས་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་རྒྱུར་གྱུར་པའི་ཕྱིར་བྱས་པ་དང་། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་སྤངས་པས་ན་རྟག་པ་སྟེ། ཕྱི་རོལ་གྱི་དངོས་པོ་མེད་པ་ དང་། རྟག་པ་ལས་རྗེས་སུ་དཔོག་པའི་ཕྱིར་རྟག་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཕྱི་རོལ་མེད་པའི་ཕྱིར་རྟག་པ་དང་། རྟག་པ་ལས་རྗེས་སུ་དཔོག་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་དང་། རྟག་པ་གང་གིས་དེས་ནི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་དེའི་རང་གི་རྒྱུ་དང་། མཚན་ཉིད་མི་ ཤེས་སོ། ། བློ་གྲོས་ཆེན་པོ་དེ་དག་ནི་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པས་སྤྱོད་ཡུལ་ལས་ཕྱི་རོལ་དུ་གྱུར་པ་སྟེ། གཏམ་བྱར་རུང་བ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་གཞན་ཡང་འཁོར་བ་དང་། མྱ་ངན་ལས་འདས་པའི་ཁྱད་པར་མི་ཤེས་པ་འཁོར་བའི་སྡུག་བསྔལ་རྣམ་པར་རྟོག་ པའི་འཇིགས་པས་སྐྲག་པ་དག་མྱ་ངན་ལས་འདས་པ་ཚོལ་ཏེ། བློ་གྲོས་ཆེན་པོ་དངོས་པོ་ལ་རྣམ་པར་རྟོག་པ་ཐམས་ཅད་མེད་པ་དང་། དབང་པོ་རྣམས་ཀྱི་ཡུལ་མ་འོངས་པ་རྒྱུན་ཆད་པས་མྱ་ངན་ལས་འདའ་བར་རྣམ་པར་རྟོག་གི །
BO
བློ་གྲོས་ཆེན་པོ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀུན་གཞིར་ གྱུར་པ་སྔོན་དུ་བཏང་བ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེའི་ཕྱིར་སྐྱེས་བུ་བླུན་པོ་དེ་དག་ཐེག་པ་གསུམ་དུ་སྨྲ་བ་ཡིན་ཏེ། སེམས་ཙམ་དུ་རྟོག་པ་སྣང་བ་མེད་པར་ནི་མི་སྨྲའོ། ། བློ་གྲོས་ཆེན་པོ་དེ་ལྟར་དེ་དག་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་རང་ གི་སེམས་སྣང་བའི་སྤྱོད་ཡུལ་མངོན་པར་མི་ཤེས་པ་སྟེ། བློ་གྲོས་ཆེན་པོ་ཕྱི་རོལ་གྱི་སྣང་བ་སེམས་ཀྱི་སྤྱོད་ཡུལ་དུ་མངོན་པར་ཞེན་པ་དེ་དག་འཁོར་བའི་འགྲོ་བའི་འཁོར་ལོར་རབ་ཏུ་འཁོར་རོ། ། བློ་གྲོས་ཆེན་པོ་གཞན་ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་ པ་རྣམས་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་དངོས་པོ་མེད་པ་དང་། ཡོད་པ་དང་། མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་ནི་མ་སྐྱེས་པ་སྟེ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་རྭ་དང་མཚུངས་པའོ། །
BO
བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པའི་རང་བཞིན་དུ་རྣམ་པར་བརྟགས་པའི་ཕྱིར་དངོས་པོ་ཐམས་ཅད་ནི་མ་སྐྱེས་པ་སྟེ། བློ་གྲོས་ཆེན་པོ་དངོས་པོ་ཐམས་ཅད་ནི་རང་བཞིན་གྱི་མཚན་ཉིད་སྐྱེ་བ་ནི་ འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པ་གཉིས་ཀྱི་སྤྱོད་ཡུལ་གྱི་རང་བཞིན་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ལུས་དང་། ལོངས་སྤྱོད་དང་། གནས་ཀྱི་རྣམ་པའི་རང་བཞིན་གྱི་མཚན་ཉིད་ཀུན་གཞི་རྣམ་པར་ཤེས་པ་གཟུང་བ་དང་། འཛིན་ པའི་མཚན་ཉིད་དུ་འཇུག་པ་ལ་བྱིས་པ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་གཉིས་སུ་ལྷུང་བའི་བསམ་པ་ཅན་རྣམས་ཡོད་པ་དང་། མེད་པ་ལས་དངོས་པོ་ཐམས་ཅད་སྐྱེ་བ་རྣམ་པར་རྟོག་གིས། བློ་གྲོས་ཆེན་པོ་འདི་ལ་ཁྱོད་ཀྱིས་བརྩོན་པར་བྱའོ། ། བློ་གྲོས་ཆེན་པོ་གཞན་ཡང་མངོན་ པར་རྟོགས་པར་འགྱུར་བའི་རིགས་ལྔ་ཡོད་དེ། ལྔ་གང་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་།
BO
དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་ འགྱུར་བའི་རིགས་དང་། གང་དུའང་མ་ངེས་པའི་རིགས་དང་། རིགས་མེད་པ་དང་ལྔའོ། ། བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རང་དང་སྤྱིའི་མཚན་ཉིད་ཡོངས་སུ་ཤེས་ པ་ཁོང་དུ་ཆུད་པར་འགྱུར་བ་བསྟན་ན་ལུས་ཀྱི་སྤུ་ལྡང་ཞིང་དེའི་བློ་མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བའི་ཤེས་པ་ལ་འཇུག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཐ་མི་དད་པའི་མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བ་མ་ཡིན་པ་འདི་བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་ རིགས་ཏེ། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་ལྟ་བས་ས་དྲུག་དང་ལྔ་དག་ཏུ་ཀུན་ནས་ལྡང་བའི་ཉོན་མོངས་པ་རབ་ཏུ་སྤངས་ནས་བག་ཆགས་ཀྱི་ཉོན་མོངས་པ་རབ་ཏུ་མ་སྤངས་པ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་ལྡན་པ་དེ་ནི་བདག་གི་སྐྱེ་བ་ཟད་དོ། ། ཚངས་པར་སྤྱོད་པ་ལ་གནས་སོ། ། བྱ་བ་བྱས་སོ། ། ཞེས་ཡང་དག་པར་སེང་གེའི་སྒྲ་སྒྲོག་ཅིང་།
BO
དེ་ལ་སོགས་པ་སྨྲས་ནས་གང་ཟག་ལ་བདག་མེད་པ་ཡོངས་སུ་འདྲིས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་བློར་འགྱུར་རོ། ། བློ་གྲོས་ཆེན་པོ་གཞན་དག་ནི་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་ དང་། གང་ཟག་ཡོད་པར་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པ་ཚོལ་ལོ། ། བློ་གྲོས་ཆེན་པོ་ཡང་གཞན་དག་ནི་དངོས་པོ་ཐམས་ཅད་རྒྱུ་ལ་རག་ལས་པར་མཐོང་ནས་མྱ་ངན་ལས་འདས་པ་འདོད་པའི་བློར་འགྱུར་ཏེ། བློ་གྲོས་ཆེན་པོ་ཆོས་ལ་བདག་མེད་པར་མཐོང་བ་མེད་པའི་ཕྱིར་ཐར་བ་ནི་མེད་དོ། ། བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བ་དང་། མུ་སྟེགས་ཅན་གྱི་རིགས་འབྱུང་བ་མ་ཡིན་པ་ལ་འབྱུང་བའི་བློ་ཅན་ཏེ། བློ་གྲོས་ཆེན་པོ་འདི་ལ་ཁྱོད་ཀྱིས་ལྟ་བ་ངན་པ་རྣམ་པར་བཟློག་པའི་ཕྱིར་བརྩོན་པར་བྱའོ། ། བློ་གྲོས་ཆེན་པོ་དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་མངོན་ པར་རྟོགས་པར་འགྱུར་བའི་རིགས་ནི་གང་གཅིག་པུའི་ཕྱིར་མངོན་པར་རྟོགས་པ་བསྟན་པ་ན་མཆི་མ་དང་། སྙིང་ཡེར་ཞེས་ལུས་ཀྱི་སྤུ་ལྡང་བར་འགྱུར་ཞིང་འདུ་འཛི་མེད་པའི་རྐྱེན་གྱིས་དངོས་པོ་ལ་མངོན་པར་ཞེན་པ་དང་།
BO
རང་གི་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་རྣམ་པ་མང་པོ་བསྣོར་བ་དང་། ཟུང་གི་ཆོ་འཕྲུལ་ བསྟན་པ་རབ་ཏུ་བཤད་ན་དགའ་བར་འགྱུར་བ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དུ་ཤེས་ནས། རང་སངས་རྒྱས་ཀྱི་ཐེག་པ་མངོན་དུ་རྟོགས་པར་འགྱུར་བ་དང་། རྗེས་སུ་འཐུན་པའི་གཏམ་བྱའོ། ། བློ་གྲོས་ཆེན་པོ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་ མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་གྱི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་དེ་ལ་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ནི་རྣམ་པ་གསུམ་སྟེ། འདི་ལྟར་རང་བཞིན་གྱི་རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། ཁོང་དུ་ཆུད་པ་ བདག་གི་སོ་སོ་རང་གི་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། སངས་རྒྱས་ཀྱི་ཞིང་ཕྱི་རོལ་ཡངས་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་སོ། ། བློ་གྲོས་ཆེན་པོ་དེ་རྣམ་པ་གསུམ་པོ་འདི་དག་ལས་གང་ཡང་རུང་བ་ཞིག་བསྟན་པ་དང་། རང་གི་སེམས་སྣང་བའི་ལུས་དང་། ཀུན་གཞི་དང་། ལོངས་སྤྱོད་དང་། གནས་བསམ་གྱིས་མི་ཁྱབ་པའི་ཡུལ་བསྟན་པ་ན་མི་འཇིགས་མི་སྐྲག་སྐྲག་པར་མི་འགྱུར་ན།
BO
དེ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དུ་ཤེས་པར་བྱ་སྟེ། བློ་གྲོས་ཆེན་པོ་འདི་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་ པར་འགྱུར་བའི་རིགས་ཅན་གྱི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་མ་ངེས་པའི་རིགས་ཅན་ནི་གསུམ་པོ་འདི་དག་བསྟན་པའི་ཚེ་གང་ལ་དགའ་བ་དེ་ལ་རྗེས་སུ་སྦྱར་བར་བྱའོ། ། བློ་གྲོས་ཆེན་པོ་འདི་ལྟར་རིགས་རྣམ་པར་དགོད་པ་འདི་ནི་ཡོངས་སུ་སྦྱོང་བའི་ས་སྟེ། སྣང་བ་མེད་པའི་ས་ལ་འཇུག་པའི་ཕྱིར་ རྣམ་པར་དགོད་པར་བྱའོ། ། སོ་སོ་རང་གི་ཀུན་གཞི་ལ་རང་གི་ཉོན་མོངས་པའི་བག་ཆགས་དག་ནས་ཆོས་ལ་བདག་མེད་པ་མཐོང་བའི་ཕྱིར་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ཐོབ་ནས་ཉན་ཐོས་རྣམས་ཀྱང་རྒྱལ་བའི་སྐུའི་སྐུ་ཉིད་རབ་ཏུ་འཐོབ་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་ སུ་བཅད་པ་འདི་དག་གསུངས་སོ། ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ། ལན་ཅིག་འོང་བའི་དེ་བཞིན་ཏེ། ། ཕྱིར་མི་འོང་བའི་འབྲས་བུ་དང་། ། དགྲ་བཅོམ་ཉིད་ཀྱང་སེམས་བསླད་པའོ། ། བྱིས་པ་བློ་ཞན་རྣམས་ལ་ནི། ། ཐེག་པ་གསུམ་དང་ཐེག་པ་གཅིག ། ཐེག་པ་མེད་ པའང་ང་སྨྲ་སྟེ། ། འཕགས་པ་རྣམས་ལ་དབེན་པ་ཉིད། །
BO
རྣམ་རིག་གཉིས་པོ་སྤངས་པ་ནི། ། དམ་པའི་དོན་གྱི་སྒོ་མོ་སྟེ། ། ཐེག་པ་གསུམ་དུ་རྣམ་དགོད་པ། ། སྣང་མེད་ལ་གནས་ག་ལ་ཡོད། ། བསམ་གཏན་རྣམས་དང་ཚད་མེད་དང་། ། གཟུགས་མེད་རྣམས་དང་ཏིང་ངེ་འཛིན། ། འདུ་ཤེས་འགོག་པ་མ་ལུས་པར། ། སེམས་ཙམ་ལ་ནི་ཡོད་པ་མིན། ། བློ་གྲོས་ཆེན་པོ་དེ་ལ་འདོད་ཆེན་པ་རྣམས་ཀྱི་ཐར་པར་མི་འདོད་པ་ཇི་ལྟར་འབྱུང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པ་དང་། ཐོག་མ་མེད་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྨོན་པའོ། ། དེ་ལ་ དགེ་བའི་རྩ་བ་ཐམས་ཅད་སྤངས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་འདི་དག་ནི་ཐར་པ་དང་འཐུན་པའི་མདོ་དང་། འདུལ་བ་མ་ཡིན་ནོ་ཞེས་སྨྲ་བས་སྤོང་ཞིང་སྐུར་པ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་ཕྱིར་མྱ་ངན་ལས་མི་འདའོ། ། བློ་གྲོས་ཆེན་པོ་གཉིས་ སུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་བདག་ཀྱང་མྱ་ངན་ལས་མི་འདའོ། ། ཞེས་སྲིད་པར་སྨོན་ལམ་དང་། ཐབས་སྔོན་དུ་བཏང་བས་དེའི་ཕྱིར་མྱ་ངན་ལས་མི་འདའོ། །
BO
བློ་གྲོས་ཆེན་པོ་འདི་ནི་ཡོངས་སུ་མྱ་ ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་རང་གི་མཚན་ཉིད་དེ། དེས་འདོད་ཆེན་པ་རྣམས་ཀྱི་ཚུལ་རབ་ཏུ་འཐོབ་པར་འགྱུར་རོ། ། བློ་གྲོས་ཆེན་པོས་ཡང་གསོལ་བ། བཅོམ་ལྡན་འདས་འདི་ལ་ཤིན་ཏུ་མྱ་ངན་ལས་མི་འདའ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའི་འདོད་ཆེན་པ་ནི་ཆོས་ཐམས་ཅད་ཐོག་མ་ནས་མྱ་ངན་ལས་འདས་པར་ཤེས་ནས་ཤིན་ཏུ་མྱ་ངན་ལས་མི་འདའ་སྟེ། དགེ་བའི་རྩ་བ་ཐམས་ཅད་སྤོང་བའི་འདོད་ཆེན་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་སྤོང་བའི་འདོད་ཆེན་པ་ཡང་དེ་བཞིན་གཤེགས་ པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་བརྒྱ་ལ་གལ་ཏེ་ན་དགེ་བའི་རྩ་བ་ཡོངས་སུ་སྦྱོང་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་ངོ་། ། བློ་གྲོས་ཆེན་པོ་དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའི་འདོད་ཆེན་པ་རྣམས་ ནི་ཡོངས་སུ་མྱ་ངན་ལས་མི་འདའོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་བཞིན་གྱི་མཚན་ཉིད་གསུམ་ལ་མཁས་པར་བྱའོ། །
BO
བློ་གྲོས་ཆེན་པོ་དེ་ལ་ཀུན་བརྟགས་པའི་རང་བཞིན་ནི་མཚན་མ་ལས་འབྱུང་སྟེ། བློ་གྲོས་ཆེན་པོ་མཚན་མ་ལས་ཀུན་བརྟགས་ པའི་རང་བཞིན་ཇི་ལྟར་འབྱུང་ཞེ་ན། དེ་ལ་བློ་གྲོས་ཆེན་པོ་གཞན་གྱི་དབང་གི་རང་བཞིན་ནི་དངོས་པོའི་མཚན་མའི་མཚན་ཉིད་ལྟ་བུར་སྣང་བ་སྟེ། བློ་གྲོས་ཆེན་པོ་དེ་ལ་དངོས་པོའི་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་མིང་ལ་མངོན་པར་ཞེན་པའི་མཚན་ཉིད་དང་། དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་ཀུན་བརྟགས་པའི་རང་བཞིན་དང་། རྣམ་པ་གཉིས་སུ་འཇོག་གོ། ། བློ་གྲོས་ཆེན་པོ་དེ་ལ་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་འདི་ལྟ་སྟེ། ནང་དང་ཕྱིའི་ཆོས་ལ་ མངོན་པར་ཞེན་པའོ། ། བློ་གྲོས་ཆེན་པོ་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་འདི་ལྟ་སྟེ། ནང་དང་ཕྱི་རོལ་གྱི་ཆོས་དེ་དག་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་པའོ། ། བློ་གྲོས་ཆེན་པོ་དེ་ནི་ཀུན་བརྟགས་པའི་རང་བཞིན་གྱི་མཚན་ཉིད་གཉིས་པའོ། ། དེ་ལ་གནས་ ཤིང་མི་དམིགས་པ་ལས་འབྱུང་བ་དེ་གཞན་གྱི་དབང་ངོ་། །
BO
བློ་གྲོས་ཆེན་པོ་དེ་ལ་ཡོངས་སུ་གྲུབ་པའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ། མཚན་མ་དང་མིང་དང་དངོས་པོའི་མཚན་ཉིད་རྣམ་པར་རྟོག་པ་དང་བྲལ་བའི་དེ་བཞིན་ཉིད་འཕགས་པའི་ཡེ་ཤེས་རྟོགས་པ་ཐོབ་པས་འཕགས་པ་སོ་སོ་རང་གིས་རིག་ པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། བློ་གྲོས་ཆེན་པོ་ཡོངས་སུ་གྲུབ་པའི་རང་བཞིན་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་ཐུགས་སོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ། ། མིང་དང་མཚན་མ་ཀུན་རྟོག་པ། ། རང་བཞིན་གཉིས་ཀྱི་མཚན་ཉིད་དེ། ། ཡང་ དག་ཤེས་དང་དེ་བཞིན་ཉིད། ། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་འདི་ནི་ཆོས་ལྔའི་རང་བཞིན་གྱི་མཚན་ཉིད་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ་དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་ གཞན་རྣམས་ཀྱིས་ཀྱང་བསླབ་པར་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་མེད་པ་གཉིས་ཀྱི་མཚན་ཉིད་ཤེས་པ་རབ་ཏུ་དབྱེ་བ་ལ་མཁས་པར་བྱའོ། ། བློ་གྲོས་ཆེན་པོ་དེ་ལ་བདག་མེད་པ་གཉིས་ཀྱི་མཚན་ཉིད་གང་ཞེ་ན།
BO
མིང་དང་གཟུགས་ ལ་སོགས་པ་འཛིན་པ་ལ་མངོན་པར་ཞེན་པའི་ཕྱིར་དབང་པོ་ཐམས་ཅད་ལས་རྣམ་པར་ཤེས་པ་འབྱུང་བ་ནི་འདི་ལྟ་སྟེ། མི་ཤེས་པ་དང་། ལས་དང་སྲེད་པ་ལས་བྱུང་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་བདག་དང་བདག་གི་བ་མེད་པ་རང་གི་སེམས་སྣང་བའི་སྣོད་དང་ལུས་དང་གཞིར་བདག་ གི་སེམས་ཀྱིས་བརྟགས་པ་རྣམས་ཤེས་པར་བྱེད་དེ། འབབ་ཆུ་དང་། ས་བོན་དང་། མར་མེ་དང་། རླུང་དང་། སྤྲིན་ལྟ་བུ་སྐད་ཅིག་མ་གཅིག་ནས་གཅིག་ཏུ་ཐ་དད་པས་སོ་སོར་གྱུར་པ་གཡོ་བ་སྤྲེའུ་དང་སྦྲང་མ་ལྟ་བུ་ཡུལ་མི་གཙང་བ་ལ་སྤྱོད་པ་མགོན་མེད་པ་མེ་ལྟར་ཆོག་མི་ཤེས་པ་ཐོག་མ་མེད་ པའི་དུས་ནས་སྤྲོས་པའི་ཡུལ་གྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཟོ་བ་ཆུ་སྐོར་གྱི་འཁྲུལ་འཁོར་གྱི་འཁོར་ལོ་ལྟར་འཁོར་བ་སྲིད་པའི་འགྲོ་བའི་འཁོར་ལོ་ལ་ལུས་རྣམ་པ་སྣ་ཚོགས་ཀྱི་གཟུགས་འཆང་བ་སྒྱུ་མ་དང་རོ་ལངས་དང་འཁྲུལ་འཁོར་ལྟ་བུར་འཇུག་ཅིང་འབྱུང་སྟེ། བློ་གྲོས་ཆེན་པོ་གང་མཚན་ཉིད་ འདི་ལ་མཁས་པའི་ཤེས་པ་དེ་ནི་གང་ཟག་ལ་བདག་མེད་པར་ཤེས་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་དེ་ལ་ཆོས་ལ་བདག་མེད་པར་ཤེས་པ་གང་ཞེ་ན། འདི་ལྟ་སྟེ།
BO
ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ཀྱི་རང་བཞིན་རྟོགས་པ་སྟེ། བློ་གྲོས་ཆེན་པོ་ ཇི་ལྟར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་བདག་ལ་{སྩོགས་,སོགས་}པ་དང་བྲལ་ཞིང་ཕུང་པོ་འདུས་པ་ཙམ་སྟེ་ལས་དང་སྲེད་པའི་རྒྱུའི་སྲད་བུས་སྦྲེལ་བ་ཕན་ཚུན་རྐྱེན་དུ་གྱུར་པས་གཡོ་བ་མེད་པར་འབྱུང་བ་དེ་བཞིན་དུ། བློ་གྲོས་ཆེན་པོ་ཕུང་པོ་དག་རང་དང་སྤྱིའི་མཚན་ཉིད་དང་ཡང་བྲལ་བ་སྟེ། ཡང་དག་པ་མ་ཡིན་པར་ཀུན་བརྟགས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པས་རབ་ཏུ་ཕྱེ་བ་ལ་བྱིས་པ་རྣམས་རྣམ་པར་རྟོག་གི་འཕགས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཆོས་ལྔ་དང་རང་བཞིན་དང་བྲལ་བར་རྣམ་པར་ སྒོམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ལ་བདག་མེད་པ་ལ་མཁས་པ་ཡིན་ནོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བདག་མེད་པ་ལ་མཁས་པ་ནི་སྣང་བ་མེད་པ་རབ་ཏུ་རྟོགས་པའི་ཕྱིར་རིང་པོ་མི་ཐོགས་པར་བྱང་ཆུབ་སེམས་དཔའི་ ས་དང་པོ་ཐོབ་སྟེ།
BO
སའི་མཚན་ཉིད་རབ་ཏུ་དབྱེ་བ་ཁོང་དུ་ཆུད་པའི་ཕྱིར་རབ་ཏུ་དགའ་བའི་འོག་ཏུ་ས་དགུ་ལ་ཡང་མཁས་པར་བྱས་ནས་ཆོས་ཀྱི་སྤྲིན་རབ་ཏུ་ཐོབ་བོ། ། ། ། དེ་དེ་ལ་གནས་ནས་སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་ལ་རབ་ཏུ་འབྱེད་པས་མངོན་པར་གྲུབ་པ་དང་། པད་མོ་ལྟ་བུའི་གཞལ་ མེད་ཁང་ཆེན་པོར་རིན་པོ་ཆེའི་པད་མོའི་རྒྱལ་པོ་ཆེན་པོ་རིན་པོ་ཆེ་དང་། མུ་ཏིག་དུ་མས་རབ་ཏུ་བརྒྱན་པ་ལ་འདུག་སྟེ། དེ་དང་འཐུན་པའི་རྒྱལ་བའི་སྲས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་བྱུང་བའི་སངས་རྒྱས་ཀྱི་ཕྱག་གི་དབང་བསྐུར་བས་འཁོར་ལོས་ སྒྱུར་བའི་བུ་བཞིན་དུ་མངོན་པར་དབང་བསྐུར་རོ། ། སངས་རྒྱས་ཀྱི་སྲས་ཀྱི་ས་ལས་འདས་ནས་འཕགས་པ་སོ་སོ་རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པའི་ཕྱིར་ཆོས་ལ་བདག་མེད་པ་མཐོང་བས་ཆོས་ཀྱི་སྐུ་ལ་མངའ་མཛད་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་རང་ གི་ཆོས་ལ་བདག་མེད་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་བསླབ་པར་བྱའོ། ། ། ། འཕགས་པ་ལང་ཀར་གཤེགས་པ། བམ་པོ་གསུམ་པ།
BO
དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་བདག་དང་བྱང་ཆུབ་སེམས་དཔའ་གཞན་སྒྲོ་འདོགས་པ་དང་སྐུར་པའི་ལྟ་བ་ངན་པ་རྣམ་པར་སྤངས་པའི་བློ་ཅན་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་ རྒྱ་ཞིང་མངོན་པར་སངས་རྒྱས་ནས་ཀྱང་རྟག་པ་དང་། སྒྲོ་འདོགས་པ་དང་། སྐུར་པ་དང་ཆད་པར་ལྟ་བ་རྣམ་པར་སྤངས་ཏེ། ཁྱོད་ཀྱི་སངས་རྒྱས་ཀྱི་ཚུལ་ལ་མི་སྐུར་བར་འགྱུར་བར་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་བདག་ལ་བཤད་དུ་གསོལ། དེ་ནས་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ཡང་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྒྲོ་འདོགས་པ་དང་སྐུར་པ་དག ། སེམས་ཙམ་ལ་ནི་ཡོད་པ་མིན། ། ལུས་དང་ལོངས་སྤྱོད་གནས་ལྟ་བུའི། ། སེམས་ནི་སུ་དག་མི་ཤེས་པ། ། སྒྲོ་འདོགས་པ་དང་སྐུར་པ་ལ། ། མི་མཁས་དེ་དག་རབ་ཏུ་སྤྱོད། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་ཉིད་ཀྱི་དོན་བསྟན་པའི་ཕྱིར་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །
BO
བློ་གྲོས་ཆེན་པོ་མེད་པ་ལ་སྒྲོ་འདོགས་པ་ནི་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་དང་། མེད་པའི་ལྟ་བར་སྒྲོ་འདོགས་པ་དང་། མེད་པའི་རྒྱུར་སྒྲོ་འདོགས་པ་དང་། མེད་པའི་དངོས་པོར་སྒྲོ་འདོགས་པ་སྟེ། བློ་གྲོས་ཆེན་པོ་འདི་ནི་སྒྲོ་འདོགས་པ་རྣམ་པ་བཞིའོ། ། བློ་གྲོས་ཆེན་པོ་སྐུར་པ་གང་ཞེ་ན། འདི་ལྟ་སྟེ། སྒྲོ་འདོགས་པའི་ལྟ་བ་ངན་པ་འདི་ཉིད་མི་དམིགས་པར་རབ་ཏུ་འབྱེད་པ་མེད་པའི་ཕྱིར་སྐུར་བར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་གཞན་ཡང་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་ སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་འདི་ནི་འདི་ལྟ་སྟེ། དེ་བཞིན་ཉིད་ཀྱི་གཞན་དུ་མ་ཡིན་ནོ་ཞེས་མངོན་པར་ཞེན་པའོ། ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་མཚན་ཉིད་དེ།
BO
བློ་གྲོས་ཆེན་པོ་མེད་པའི་མཚན་ཉིད་ལ་སྒྲོ་ འདོགས་པའི་རྣམ་པར་རྟོག་པ་འདི་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་སྣ་ཚོགས་ལ་མངོན་པར་ཞེན་པ་ལས་འབྱུང་སྟེ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་མེད་པའི་ལྟ་བར་སྒྲོ་འདོགས་པ་ནི་གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ངན་པར་སྒྲོ་འདོགས་པ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་ལྟ་བར་སྒྲོ་འདོགས་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་མེད་པའི་རྒྱུར་སྒྲོ་འདོགས་པ་ནི་ འདི་ལྟ་སྟེ། སྔོན་རྒྱུ་ལས་མ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་སྒྱུ་མ་ལྟ་བུར་སྔོན་མ་བྱུང་ཞིང་མེད་པ་ལས་མིག་དང་། གཟུགས་དང་། སྣང་བའི་རྒྱུ་དང་། དྲན་པ་སྔོན་དུ་འཇུག་པ་ལས་འབྱུང་ངོ་། ། མེད་པ་ལས་བྱུང་ནས་ཀྱང་ཡང་འཇིག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་རྒྱུར་ སྒྲོ་འདོགས་པའོ། ། བློ་གྲོས་ཆེན་པོ་མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་འདི་ལྟ་སྟེ། ནམ་མཁའ་དང་། འགོག་པ་དང་།
BO
མྱ་ངན་ལས་འདས་པ་མ་བྱས་པའི་དངོས་པོར་མངོན་པར་ཞེན་ཅིང་སྒྲོ་འདོགས་པའོ། ། བློ་གྲོས་ཆེན་པོ་ཆོས་འདི་དག་ཐམས་ཅད་ནི་དངོས་པོ་དང་། དངོས་པོ་མེད་ པ་ལས་རྣམ་པར་ལོག་པ། རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་རྭ་དང་། སྐྲ་ཤད་འཛིངས་པ་ལྟ་བུ་ཡོད་པ་དང་། མེད་པའི་ཕྱོགས་དང་བྲལ་བ་སྟེ། བློ་གྲོས་ཆེན་པོ་བྱིས་པ་རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་བློ་ཅན་རྣམས་སྒྲོ་འདོགས་པ་དང་། སྐུར་པས་རྣམ་པར་རྟོག་ སྟེ། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། ། འདི་ནི་བློ་གྲོས་ཆེན་པོ་དངོས་པོ་མེད་པར་རྣམ་པར་རྟོག་པས་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་དོ། ། དེ་བས་ན་བླ་གྲོས་ཆེན་པོ་སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བ་དང་བྲལ་བར་བྱའོ། ། བློ་གྲོས་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་ དཔའ་རྣམས་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་དང་། བདག་མེད་པ་གཉིས་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་རྟོགས་པས་གཞན་ལ་ཕན་པའི་ཕྱིར་གཟུགས་དང་། ཆ་བྱད་དུ་འཛིན་པ་ཡིན་ནོ། །
BO
གཞན་གྱི་དབང་ལ་གནས་པ་ཀུན་ བརྟགས་པའི་རང་བཞིན་ལྟར་སྣ་ཚོགས་ཀྱི་གཟུགས་ཅན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་དོང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལས་རྨི་ལམ་དང་། སྒྱུ་མ་དང་། མིག་ཡོར་དང་། གཟུགས་བརྙན་དང་། ཆུའི་ཟླ་བའི་ཚུལ་འདྲ་བའི་ཆོས་སྐྱེ་ བ་དང་། འཇིག་པ་དང་། རྟག་པ་དང་། ཆད་པ་དང་བྲལ་བ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་དང་བྲལ་བའི་ཆོས་བསྟན་པ་དག་མངོན་དུ་ཉན་ཅིང་ཏིང་ངེ་འཛིན་བརྒྱ་སྟོང་རབ་ཏུ་ཐོབ་པ་ནས། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ ཡང་རབ་ཏུ་འཐོབ་སྟེ། ཐོབ་ནས་ཀྱང་སངས་རྒྱས་མཆོད་པ་ལ་བརྩོན་པར་ཏིང་ངེ་འཛིན་དེ་དག་གིས་ཞིང་ནས་ཞིང་དུ་འདོང་ངོ་། ། སྐྱེ་བ་དང་། ལྷའི་ཕོ་བྲང་དང་། གནས་ཐམས་ཅད་དུའང་དཀོན་མཆོག་གསུམ་ཡང་དག་པར་བསྟན་ཏེ། སངས་རྒྱས་ཀྱི་གཟུགས་སུ་བྱས་ཤིང་ཉན་ཐོས་དང་། བྱང་ ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ཡོད་པ་དང་མེད་པའི་ཕྱོགས་ལས་རྣམ་པར་བཟློག་པའི་ཕྱིར་རང་གི་སེམས་སྣང་བ་ཙམ་ལ་འཇུག་པས་ཕྱི་རོལ་གྱི་དངོས་པོ་མེད་པར་སྟོན་པར་བྱེད་དོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་གསུངས་སོ། ། གང་ཚེ་ འཇིག་རྟེན་སེམས་ཙམ་དུ། ། རྒྱལ་བའི་སྲས་ཀྱིས་རབ་མཐོང་བ། ། དེ་ཚེ་ཚོགས་སུ་གྱུར་པའི་སྐུ། ། གཟས་ཤིང་བྱེད་པ་ཀུན་སྤངས་པ། ། སྟོབས་དང་མངོན་ཤེས་དབང་ལྡན་པ། ། དེ་དག་གིས་ནི་ཐོབ་པར་འགྱུར། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བློ་གྲོས་ཆེན་པོས་གསོལ་བ་བཏབ་པ། བཅོམ་ལྡན་འདས་སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་། རང་བཞིན་མ་མཆིས་པའི་མཚན་ཉིད་རྟོགས་པ་ཇི་ལྟ་བུས་བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་མཆིས་པ་དང་། མ་མཆིས་པར་རྣམ་པར་རྟོག་པ་ཡོངས་ སུ་སྤངས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བའི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་། རང་བཞིན་མ་མཆིས་པའི་མཚན་ཉིད་བདག་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །
BO
ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་སྟོང་པ་ཉིད་དོ་སྟོང་པ་ཉིད་དོ་ཞེས་བྱ་བ་འདི་ནི་ཀུན་བརྟགས་པའི་རང་བཞིན་གྱི་ཚིག་སྟེ། བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པས་སྟོང་པ་ཉིད་དང་། མི་ སྐྱེ་བ་དང་། དངོས་པོ་མེད་པ་དང་། མི་གཉིས་པ་དང་། རང་བཞིན་མེད་པའི་དངོས་པོར་སྨྲ་བ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ལ་མདོར་ན་སྟོང་པ་ཉིད་རྣམ་པ་བདུན་ཏེ། འདི་ལྟར་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། སྲིད་པ་སྟོང་པ་ཉིད་དང་། མི་སྲིད་པ་སྟོང་པ་ཉིད་ དང་། ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟོང་པ་ཉིད་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་དང་། གཅིག་གིས་གཅིག་སྟོང་པ་ཉིད་དང་བདུན་ནོ། ། བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་རང་དང་སྤྱིའི་མཚན་ཉིད་ ཀྱིས་སྟོང་ངོ་། །
BO
བློ་གྲོས་ཆེན་པོ་འདུས་པ་ཕན་ཚུན་དུ་ལྟོས་པ་དང་རབ་ཏུ་དབྱེ་བའི་ཁྱད་པར་མེད་པའི་ཕྱིར་རང་དང་སྤྱིའི་མཚན་ཉིད་དུ་འཇུག་པ་མེད་དེ། བློ་གྲོས་ཆེན་པོ་བདག་དང་ཕ་རོལ་དང་གཉིས་ཀ་མེད་པའི་ཕྱིར་མཚན་ཉིད་གནས་པ་མེད་པས་ན་དེའི་ཕྱིར་དངོས་པོ་ཐམས་ཅད་མཚན་ཉིད་སྟོང་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་དངོས་པོའི་རང་བཞིན་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རང་གི་རང་བཞིན་གྱིས་དངོས་པོ་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་དངོས་པོའི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེའི་ཕྱིར་དངོས་པོའི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་སྲིད་པའི་སྟོང་པ་ ཉིད་གང་ཞེ་ན། འདི་ལྟ་སྟེ། བདག་དང་བདག་གི་དང་བྲལ་བའི་ཕུང་པོ་རྣམས་ཏེ། རྒྱུ་དང་། རིགས་པ་དང་། བྱེད་པ་དང་། ལས་དང་། འབྱོར་པ་ལས་སྐྱེ་ཞིང་འབྱུང་སྟེ། དེའི་ཕྱིར་སྲིད་པའི་སྟོང་པ་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་མི་སྲིད་པའི་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་རྣམས་ལ་མྱ་ངན་ལས་འདས་པ་སྔོན་མི་སྲིད་པ་ཡིན་ཏེ། དེའི་ཕྱིར་མི་སྲིད་པ་སྟོང་པ་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་བརྗོད་དུ་མེད་པའི་སྟོང་པ་ཉིད་གང་ཞེ་ན།
BO
འདི་ལྟ་སྟེ། ཀུན་བརྟགས་པའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་སྟོང་པ་ཉིད་དེ། དེའི་ཕྱིར་ བརྗོད་དུ་མེད་པ་སྟོང་པ་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་། ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་ དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ན་ཅི་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་{རི་དགས་,རི་དྭགས་}འཛིན་གྱི་མའི་ཁང་པ་ན་གླང་པོ་དང་། བ་ལང་དང་། ལུག་ལ་ སོགས་པ་མེད་ཀྱང་དགེ་སློང་དང་། དགེ་སློང་མ་ལ་སོགས་པས་ནི་སྟོང་པ་ཉིད་མ་ཡིན་ནོ་ཞེས་ངས་བཤད་དེ། དེ་ནི་དེ་དག་གིས་སྟོང་ངོ་ཞེས་བྱ་ཡང་། བློ་གྲོས་ཆེན་པོ་ཁང་པ་ཡང་ཁང་པའི་དངོས་པོ་མེད་པ་མ་ཡིན། དགེ་སློང་རྣམས་ཀྱང་དགེ་སློང་གི་ངོ་བོར་མེད་པ་མ་ཡིན་ཏེ། གླང་པོ་དང་། བ་ ལང་དང་། ལུག་ལ་སོགས་པའི་དངོས་པོ་དེ་དག་གུད་ན་མི་འཁོད་པའང་མ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དེ། དེའི་ཕྱིར་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་འདི་ནི་སྟོང་པ་ཉིད་རྣམ་པ་བདུན་ ཏེ། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་ཏེ། དེ་ནི་ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ། ། བློ་གྲོས་ཆེན་པོ་རང་ཡང་མི་སྐྱེ། ཏིང་ངེ་འཛིན་གྱི་གནས་སྐབས་མ་གཏོགས་པར་ཡང་མི་སྐྱེ་ལ། མི་སྐྱེ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་མ་སྐྱེས་པ་དང་། རང་བཞིན་ མེད་པ་དང་། འཐད་པ་མེད་པ་ལས་དགོངས་ཏེ། དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་སྐད་ཅིག་མའི་རྒྱུད་ཀྱི་རྒྱུན་མེད་པ་དང་། གཞན་དུ་འགྱུར་བར་སྣང་བའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པ་སྟེ། དེའི་ཕྱིར་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཞེས་ བྱའོ། ། བློ་གྲོས་ཆེན་པོ་མི་གཉིས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། གྲིབ་མ་དང་། ཉི་མ་ལྟ་བུ་དང་། རིང་པོ་དང་། ཐུང་ངུ་དང་། ནག་པོ་དང་། དཀར་པོ་ལྟ་བུ་དག་གཉིས་སུ་རབ་ཏུ་ཕྱེ་བའི་རྣམས་སོ་སོ་ཐ་དད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་འཁོར་བ་དང་།
BO
མྱ་ངན་ ལས་འདས་པ་ལྟར་ཆོས་ཐམས་ཅད་མི་གཉིས་པ་སྟེ། བློ་གྲོས་ཆེན་པོ་དེ་ནི་མཚན་ཉིད་ཐ་དད་པའི་རྒྱུ་ཡོད་པའི་ཕྱིར་རོ། ། མྱ་ངན་ལས་འདས་པ་གང་ན་བ་དེ་ན་འཁོར་བ་མེད། འཁོར་བ་གང་ན་བ་དེ་ནའང་མྱ་ངན་ལས་འདས་པ་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་འཁོར་བ་དང་། མྱ་ངན་ལས་ འདས་པ་ལྟར་མི་གཉིས་སོ་ཞེས་བྱའོ། ། དེ་བས་ན་བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་། རང་བཞིན་མེད་པའི་མཚན་ཉིད་ལ་བརྩོན་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འཁོར་བ་རྨི་ལམ་སྒྱུ་ འདྲ་དང་། ། རྟག་དང་ཆད་པ་སྤངས་པ་ཡི། ། རྟག་ཏུ་སྟོང་པ་ཉིད་བཤད་ཀྱང་། ། ལས་ནི་རྣམ་པར་མི་འཇིག་གོ། ། མྱ་ངན་འདས་དང་ནམ་མཁའ་དང་། ། འགོག་པ་གཉིས་པོ་ཉིད་ཀྱང་སྟེ། ། མ་བྱས་པར་ནི་བྱིས་པས་རྟོག ། འཕགས་པས་ཡོད་མེད་སྤངས་པར་རོ། ། དེ་ནས་ ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་།
BO
རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་ཆུད་པ་འདི་ནི་ མདོ་སྡེ་གང་དུ་ཡང་རུང་སྟེ། དེ་དག་ཏུ་དོན་འདི་ཉིད་ཁོང་དུ་ཆུད་པར་བྱའོ། ། བློ་གྲོས་ཆེན་པོ་མདོ་སྡེ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་བཞིན་དུ་བསྟན་པ་དོན་འཁྲུལ་པ་ཡིན་ཏེ་དེ་ནི་དེ་ཁོ་ན་རྣམ་པར་གཞག་པའི་གཏམ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ་དཔེར་ན་སྨིག་རྒྱུ་བ་ནི་{རི་དགས་,རི་དྭགས་}སླུ་ བ་ཡིན་ཏེ། ཆུའི་དངོས་པོར་མངོན་པར་ཞེན་པས་མངོན་པར་ཞེན་པར་བྱེད་དེ། དེ་ལ་ཆུ་མེད་དོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་མདོ་སྡེ་བསྟན་པའི་ཆོས་ཐམས་ཅད་ཀྱང་བྱིས་པ་རྣམས་ཀྱི་རང་གི་རྣམ་པར་རྟོག་པ་མགུ་བར་བྱ་བ་ཡིན་ཏེ། དེ་ནི་འཕགས་པའི་ཡེ་ཤེས་རྣམ་པར་དགོད་པའི་གཏམ་ནི་མ་ ཡིན་ནོ། ། དེ་བས་ན་བློ་གྲོས་ཆེན་པོ་ཁྱོད་ཀྱིས་དོན་གྱི་རྗེས་སུ་འབྲང་བར་བྱའི། བསྟན་པ་བརྗོད་པ་ལ་མངོན་པར་ཆགས་པར་མི་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ།
BO
བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་ པ། རྟག་པ་དང་། བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་མེད་པ། བྱེད་པ་མེད་པ། ཡོན་ཏན་མེད་པ། ཁྱབ་པ་མི་འཇིག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ།
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་ རྣམས་བདག་མེད་པས་འཇིག་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། ། བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་། བཟོ་དང་། ལག་ཟུངས་དང་། ཆུ་དང་། སྲད་བུ་དང་། ནན་ཏན་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། ། བློ་གྲོས་ཆེན་པོ་དེ་ བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་།
BO
ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་མེད་པར་བསྟན་པས་ཀྱང་རུང་ སྟེ། རྫ་མཁན་བཞིན་དུ་ཚིག་དང་། ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། ། དེ་ལྟར་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པས་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། ། བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ ཀྱི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་ གནས་པའི་བསམ་པ་དང་ལྡན་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེ་ན། བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་ མཛད་དོ། ། དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་དེ་ལྟ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ ཚིགས་སུ་བཅད་པ་འདི་གསུངས་སོ། ། གང་ཟག་རྒྱུན་དང་ཕུང་པོ་དང་། ། དེ་བཞིན་རྐྱེན་དང་རྡུལ་དག་དང་། ། གཙོ་བོ་དབང་པོ་བྱེད་པ་དག ། སེམས་ཙམ་པ་ལ་རྣམ་པར་བརྟགས། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་མ་འོངས་པའི་སྐྱེ་བོའི་ཚོགས་ ལ་བལྟས་ནས་ཡང་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་དུ་འགྱུར་བའི་རྣལ་འབྱོར་མངོན་པར་རྟོགས་པ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བློ་གྲོས་ཆེན་པོ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་དུ་འགྱུར་རོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་རྣམ་པར་སྒོམ་པ་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་རྣམ་པར་སྤོང་བ་དང་། ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རྟོགས་པ་དང་།
BO
འཕགས་པ་སོ་སོ་རང་གི་ཡེ་ཤེས་ཁོང་དུ་ཆུད་པར་མོས་པ་ཡིན་ཏེ། བློ་གྲོས་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་ རྣལ་འབྱོར་ཅན་དུ་འགྱུར་རོ། ། བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་སྒོམ་པ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། འདི་ལྟར་ཁམས་གསུམ་འདི་ནི་རང་གི་སེམས་ཙམ་སྟེ། བདག་དང་བདག་གི་དང་བྲལ་བ་གཡོ་བ་མེད་པ། བླང་བ་ དང་དོར་བ་དང་བྲལ་བ། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་ལ་མངོན་པར་ཞེན་པས་བསྒོས་པ། ཁམས་གསུམ་གྱི་གཟུགས་རྣམ་པ་སྣ་ཚོགས་ལ་ཉེ་བར་སྤྱོད་པས་འབྲེལ་བ། ལུས་དང་། ལོངས་སྤྱོད་དང་། གནས་དང་། འགྲོ་བར་རྣམ་པར་རྟོག་ པའི་རྗེས་སུ་སོང་བར་སྣང་ངོ་། ། ཞེས་རབ་ཏུ་རྟོག་སྟེ། བློ་གྲོས་ཆེན་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་རྣམ་པར་སྒོམ་པ་ལ་མཁས་པ་ཡིན་ནོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་རྣམ་པར་སྤངས་པ་ཡིན་ཞེ་ན། འདི་ལྟ་སྟེ།
BO
དངོས་པོ་ཐམས་ཅད་ནི་སྒྱུ་མ་དང་། རྨི་ལམ་གྱི་གཟུགས་སྐྱེ་བ་དང་འདྲ་བར་བདག་དང་། གཞན་དང་གཉིས་ཀ་མེད་པའི་ཕྱིར་མི་སྐྱེ་སྟེ། རང་གི་སེམས་སྣང་བ་ཙམ་གྱི་རྗེས་སུ་འབྲང་བ་དང་། ཕྱི་རོལ་གྱི་དངོས་པོ་མེད་པར་མཐོང་བས་ རྣམ་པར་ཤེས་པ་རྣམས་འཇུག་པ་མེད་པ་དང་། རྐྱེན་རྣམས་ཀྱང་ཕུང་པོ་དང་། སྤུངས་པ་མེད་པར་མཐོང་ནས་ཁམས་གསུམ་རྣམ་པར་རྟོག་པའི་རྐྱེན་ལས་བྱུང་བར་མཐོང་ནས། ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་ཤིང་རང་བཞིན་མེད་པ་རྗེས་སུ་མཐོང་བའི་ཕྱིར་སྐྱེ་བའི་ལྟ་བ་རྣམ་པར་ལོག་ ནས། སྒྱུ་མ་ལ་སོགས་པའི་ཆོས་ཀྱི་རང་བཞིན་དུ་རྗེས་སུ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་སྟེ། ས་བརྒྱད་ལ་གནས་ནས་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་དང་། བདག་མེད་པ་གཉིས་རྟོགས་པ་རབ་ཏུ་གྱུར་པ་ཁོང་དུ་ཆུད་ པའི་ཕྱིར་ཡིད་ཀྱི་ལུས་ཀྱང་རབ་ཏུ་འཐོབ་བོ། ། བཅོམ་ལྡན་འདས་ཅིའི་སླད་དུ་ཡིད་ཀྱི་ལུས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་ཞེས་བྱ་བ་ནི་ཡིད་ལྟར་ཐོགས་པ་མེད་ཅིང་མགྱོགས་པར་འགྲོ་བའི་ཕྱིར་ཡིད་ཀྱི་ལུས་ཞེས་བྱ་སྟེ།
BO
བློ་གྲོས་ཆེན་པོ་འདི་ལྟ་ སྟེ། ཡིད་ནི་རི་དང་། རྩིག་པ་དང་། འབབ་ཆུ་དང་། ཤིང་ལ་སོགས་པ་ལ་ཐོགས་པ་མེད་པར་དཔག་ཚད་བརྒྱ་སྟོང་དུ་མར་སྔོན་མཐོང་བ་དང་། མྱོང་བའི་ཡུལ་རྗེས་སུ་དྲན་ཞིང་རང་གི་སེམས་ཀྱི་རྒྱུན་མ་ཆད་པའི་ལུས་ཐོགས་པ་མེད་པའི་འགྲོས་ཀྱིས་འཇུག་གོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་ཡིད་ཀྱི་ ལུས་ཀྱང་ཐོབ་མ་ཐག་ཏུ་སྒྱུ་མ་དང་འདྲ་བའི་ཏིང་ངེ་འཛིན་གྱིས་སྟོབས་དང་། དབང་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་དང་། མཚན་ཉིད་ཀྱི་མེ་ཏོག་རྒྱས་པ་འཕགས་པའི་རིས་སུ་ལྷན་ཅིག་སྐྱེས་པ་འགྲོ་བ་ལ་ཐོགས་པ་མེད་པར་སྔོན་གྱི་སྨོན་ལམ་གྱི་ཡུལ་རྗེས་སུ་དྲན་ཞིང་སེམས་ཅན་ཡོངས་སུ་སྨིན་པར་ བྱ་བའི་ཕྱིར་ཡིད་བཞིན་དུ་འཇུག་སྟེ། དེ་ལྟར་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་རྣམ་པར་སྤངས་པ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་ རྟོགས་པ་ལ་མཁས་པ་ཡིན་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྨིག་རྒྱུ་དང་། རྨི་ལམ་དང་། སྐྲ་ཤད་འཛིངས་པ་ལྟ་བུའོ།
BO
། དངོས་པོ་ཐམས་ཅད་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་བག་ཆགས་རྣམ་པ་སྣ་ཚོགས་ལ་མངོན་པར་ ཞེན་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། རང་བཞིན་མེད་པའོ་ཞེས་ཡང་དག་པར་མཐོང་ནས་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་ལ་མངོན་པར་མོས་སོ། ། བློ་གྲོས་ཆེན་པོ་ཆོས་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ལ་ཁྱོད་ཀྱིས་བརྩོན་པར་གྱིས་ཤིག ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་གསོལ་བ་བཏབ་པ། བཅོམ་ལྡན་འདས་རྒྱུ་དང་རྐྱེན་གྱི་མཚན་ཉིད་རྟོགས་པ་གང་གིས་བདག་དང་བྱང་ཆུབ་སེམས་དཔའ་གཞན་ རྣམས་མཆིས་པ་དང་། མ་མཆིས་པར་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་ཞིང་དངོས་པོ་ཐམས་ཅད་རིམ་གྱིས་དང་། ཅིག་ཅར་སྐྱེ་བར་རྣམ་པར་མི་རྟོག་པར་མི་འགྱུར་བའི་ཆོས་ཐམས་ཅད་ཀྱི་རྒྱུ་དང་། རྐྱེན་གྱི་མཚན་ཉིད་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་ གྲོས་ཆེན་པོ་ཆོས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་རྣམ་པ་གཉིས་ཏེ།
BO
འདི་ལྟར་ཕྱིའི་དང་། ནང་གིའོ། ། བློ་གྲོས་ཆེན་པོ་དེ་ལ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འཇིམ་པའི་གོང་བུ་དང་། ལག་ཟུངས་དང་། འཁོར་ལོ་དང་། སྲད་བུ་དང་། ཆུ་དང་། མིའི་ནན་ཏན་ ལ་སོགས་པའི་རྐྱེན་རྣམས་ཀྱིས་རྫ་མ་འབྱུང་ངོ་། ། བློ་གྲོས་ཆེན་པོ་ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་འབྱུང་བ་དེ་བཞིན་དུ་ཐགས་ལས་སྣམ་བུ་དང་། རྩི་སྐྱང་ལས་རེ་ལྡེ་དང་། ས་བོན་ལས་མྱུ་གུ་དང་། སྲུབ་མ་ལ་སོགས་པ་མིའི་ནན་ཏན་དང་། ཞོ་ལས་མར་འབྱུང་བ་འདི་ནི་བློ་གྲོས་ཆེན་པོ་ཕྱིའི་རྟེན་ ཅིང་འབྲེལ་པར་འབྱུང་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་འབྱུང་བའོ། ། བློ་གྲོས་ཆེན་པོ་དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་ལྟ་སྟེ། མ་རིག་པ་དང་། སྲེད་པ་དང་། ལས་དང་། ཆོས་འདི་དག་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་བོ། ། བློ་གྲོས་ཆེན་པོ་འདི་ དག་ལས་སྐྱེས་པའི་ཕུང་པོ་དང་། ཁམས་དང་། ། སྐྱེ་མཆེད་ཅེས་བྱ་བའི་ཆོས་དེ་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་སྟེ། དེ་དག་ནི་ཁྱད་པར་མེད་པ་ལས་བྱིས་པ་རྣམས་ཀྱིས་བརྟགས་སོ། །
BO
བློ་གྲོས་ཆེན་པོ་དེ་ལ་རྒྱུ་ནི་རྣམ་པ་དྲུག་སྟེ། འདི་ལྟར་འབྱུང་བར་འགྱུར་བའི་རྒྱུ་ དང་། འབྲེལ་བའི་རྒྱུ་དང་། མཚན་ཉིད་ཀྱི་རྒྱུ་དང་། བྱེད་པའི་རྒྱུ་དང་། སྣང་བར་བྱེད་པའི་རྒྱུ་དང་། ལྟོས་པའི་རྒྱུ་དང་དྲུག་གོ། ། དེ་ལ་བློ་གྲོས་ཆེན་པོ་འབྱུང་བར་འགྱུར་བའི་རྒྱུ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེ་བའི་ཕྱིར་རྒྱུའི་བྱ་བ་བྱེད་དོ། ། བློ་གྲོས་ཆེན་པོ་འབྲེལ་བའི་རྒྱུ་ནི་ཕྱི་ནང་གི་ཕུང་པོ་དང་། ས་བོན་ ལ་སོགས་པ་འབྱུང་བའི་དམིགས་པའི་བྱ་བ་བྱེད་དོ། ། བློ་གྲོས་ཆེན་པོ་མཚན་ཉིད་ཀྱི་རྒྱུ་ནི་དེ་མ་ཐག་ཏུ་བྱེད་པའི་མཚན་ཉིད་དང་འབྲེལ་བ་སྐྱེད་དོ། ། བློ་གྲོས་ཆེན་པོ་བྱེད་པའི་རྒྱུ་ནི་དབང་བར་གཏོགས་པའི་བྱ་བ་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ། ། བློ་གྲོས་ཆེན་པོ་སྣང་བར་བྱེད་པའི་རྒྱུ་ནི་ རྣམ་པར་རྟོག་པའི་དངོས་པོ་སྐྱེས་པའི་མཚན་ཉིད་སྣང་བའི་བྱ་བ་བྱེད་དེ། གཟུགས་ལ་སོགས་པ་ལ་མར་མེ་བཞིན་ནོ། ། བློ་གྲོས་ཆེན་པོ་ལྟོས་པའི་རྒྱུ་ནི་རྣམ་པར་ལྡོག་པའི་དུས་ན་རྣམ་པར་མི་རྟོག་པའི་དངོས་པོ་འབྱུང་བའི་ཕྱིར་རྒྱུན་གྱི་བྱ་བ་མི་འཆད་པར་བྱེད་དོ། །
BO
འདི་དག་ནི་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་ སྐྱེ་བོ་རྣམས་ཀྱིས་རང་གི་སེམས་ཀྱི་རྣམ་པར་རྟོག་པས་བརྟགས་པ་སྟེ། རིམ་གྱིས་འཇུག་པས་ཀྱང་མ་ཡིན་ནོ། ། ཅིག་ཅར་ཡང་མི་འབྱུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་གལ་ཏེ་ཅིག་ཅར་འབྱུང་ན་ནི་རྒྱུའི་མཚན་ཉིད་དུ་མ་རེད་པའི་ཕྱིར་བྱ་བ་དང་བྱེད་པའི་བྱེ་བྲག་ཀྱང་མེད་པར་འགྱུར་རོ། ། དེ་སྟེ་རིམ་ གྱིས་འཇུག་པས་འབྱུང་ན་ནི་མཚན་ཉིད་དུ་མ་རེད་པའི་བདག་ཉིད་ལས་རིམ་གྱིས་འཇུག་པར་མི་འབྱུང་སྟེ། བློ་གྲོས་ཆེན་པོ་བུ་མ་སྐྱེས་པར་ཕ་ཞེས་གདགས་པ་དང་འདྲ་བར་རྟོག་པ་པ་རྣམས་ཀྱི་རིམ་གྱིས་འཇུག་པས་འབྲེལ་པའི་ཚུལ་ཡང་མི་རུང་ངོ་། ། བློ་གྲོས་ཆེན་པོ་རྒྱུ་དང་། དམིགས་པ་དང་། དེ་མ་ཐག་ པ་དང་། བདག་པོའི་རྐྱེན་ལ་སོགས་པས་བསྐྱེད་པར་བྱ་བ་དང་། སྐྱེད་པའི་ཕྱིར་རིམ་གྱིས་འཇུག་པས་མི་སྐྱེ་སྟེ། བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཕྱིར་རིམ་གྱིས་སམ་ཅིག་ཅར་མི་སྐྱེའོ། ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་ལུས་དང་། ལོངས་སྤྱོད་ཅན་ཡིན་པའི་ཕྱིར་རང་དང་།
BO
སྤྱིའི་མཚན་ཉིད་ཕྱི་རོལ་གྱི་དངོས་པོ་མེད་པའི་ཕྱིར་རིམ་གྱིས་སམ་ཅིག་ཅར་ཡང་མི་སྐྱེ་སྟེ། གཞན་དུ་ན་རང་གི་སེམས་སྣང་བའི་རྣམ་པར་རྟོག་པས་རྣམ་པར་བརྟགས་པའི་ཕྱིར་རྣམ་པར་ཤེས་པ་འབྱུང་ངོ་། ། བློ་གྲོས་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་རྒྱུ་དང་རྐྱེན་ དང་། བྱེད་པ་དང་ལྡན་པའི་མཚན་ཉིད་རིམ་པའམ་ཅིག་ཅར་དུ་ལྟ་བ་དང་བྲལ་བར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། འདི་ལ་གང་ཡང་རྐྱེན་རྣམས་ཀྱིས། ། སྐྱེ་བ་མེད་ཅིང་འགག་པ་མེད། ། བཏགས་པའི་རྐྱེན་རྣམས་ཁོ་ན་ནི། ། སྐྱེ་ཞིང་འགག་པར་འགྱུར་ཡིན་ནོ། ། སྐྱེ་འཇིག་རྐྱེན་ལ་འབྲེལ་ བ་ནི། ། རྣམ་པར་བཟློག་པར་མི་བྱ་སྟེ། ། བྱིས་པ་རྐྱེན་གྱིས་གང་རྟོག་པ། ། དེ་ནི་རྣམ་པར་བཟློག་པར་བྱ། ། བག་ཆགས་རྣམས་ཀྱིས་རྨོངས་བྱས་སེམས། ། སྲིད་གསུམ་དག་ན་སྣང་བའི་ཕྱིར། ། རྐྱེན་རྣམས་ཡོད་དང་མེད་ལས་ཀྱང་། ། ཆོས་རྣམས་འབྱུང་བ་མེད་ པའོ། ། མ་བྱུང་རྐྱེན་གྱིས་སྐྱེ་བ་མེད། ། གང་ཡང་འགག་པར་མི་འགྱུར་ཏེ། ། ནམ་མཁའི་མེ་ཏོག་མོ་ཤམ་བུར། ། གང་ཚེ་འདུས་བྱས་མཐོང་བ་ན། ། དེ་ཚེ་གཟུང་དང་འཛིན་པ་ཡང་། ། ནོར་བར་མཐོང་བར་ཕྱིར་ལྡོག་གོ། ། སྐྱེས་མེད་བསྐྱེད་པར་བྱ་བ་མེད། །
BO
རྐྱེན་རྣམས་དག་ནི་གང་ དག་ཀྱང་། ། གག་ཀྱང་གང་ཚེའང་ཡོད་པ་མིན། ། སྤྱོད་པ་དག་ཏུ་བརྗོད་པ་ཡིན། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཐ་དད་པའི་བྱེ་ བྲག་ཤིན་ཏུ་རྟོགས་པ་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་བརྗོད་པ་དང་། བརྗོད་དུ་མ་མཆིས་པའི་དོན་གཉིས་རྟོགས་པར་ཁོང་དུ་ཆུད་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་ ཐམས་ཅད་ཀྱི་བརྗོད་པ་དང་། བརྗོད་དུ་མ་མཆིས་པའི་དོན་གཉིས་ཀྱི་རྟོགས་པ་རྣམ་པར་སྦྱོང་བར་འགྱུར་བ་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཞེས་བགྱི་བའི་ཆོས་ཀྱི་གཞུང་བཅོམ་ལྡན་འདས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་ པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །
BO
བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་ གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞི་ཡོད་དེ། འདི་ལྟར་མཚན་ཉིད་ཀྱི་ཚིག་དང་། རྨི་ལམ་གྱི་ཚིག་དང་། གནས་ངན་ལེན་ལ་མངོན་པར་ཞེན་པའི་ཚིག་དང་། ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ཚིག་གོ། ། བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་ཀྱི་ཚིག་ནི་རང་གི་རྣམ་ པར་རྟོག་པའི་གཟུགས་ལ་མཚན་མར་མངོན་པར་ཞེན་པ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོ་རྨི་ལམ་གྱི་ཚིག་ནི་སྔོན་མྱོང་བའི་ཡུལ་རྗེས་སུ་དྲན་པ་དང་རྟོགས་པའི་ཡུལ་མེད་པ་ལས་འབྱུང་ངོ་། ། ཡང་བློ་གྲོས་ཆེན་པོ་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་ཚིག་ནི་སྔོན་དགྲས་བྱས་པའི་ལས་རྗེས་སུ་དྲན་པ་ལས་འབྱུང་ ངོ་། ། བློ་གྲོས་ཆེན་པོ་ཐོག་མ་མེད་པའི་དུས་ནས་རྣམ་པར་རྟོག་པའི་ཚིག་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་ལ་མངོན་པར་ཞེན་པའི་གནས་ངན་ལེན་གྱི་རང་གི་ས་བོན་ལས་འབྱུང་སྟེ། འདི་ནི་བློ་གྲོས་ཆེན་པོ་ཚིག་རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞིའོ། །
BO
ཞེས་གང་བརྗོད་པ་དེ་ལ་ཕྱིར་བཤད་པའོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་དོན་དེ་ཉིད་ཀྱི་ཕྱིར་གསོལ་བ་བཏབ་པ། བཅོམ་ལྡན་འདས་ད་དུང་ཡང་བཅོམ་ལྡན་འདས་ཀྱིས་མི་རྣམས་ཀྱིས་ཚིག་རྣམ་པར་རིག་པ་རྟོག་པ་གང་དུ་ཅི་ལས་ཇི་ལྟར་གང་གིས་འབྱུང་བའི་ཚིག་གི་རྣམ་པར་རྟོག་ པ་མངོན་པར་ཞེན་པའི་སྤྱོད་ཡུལ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་འབྱུང་བ་ནི་མགོ་དང་བྲང་དང་། སྣ་དང་མགུལ་དང་། རྐན་དང་མཆུ་དང་། ལྕེ་དང་སོ་རྣམས་འདུས་པ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་ འདས་རྣམ་པར་རྟོག་པ་དང་ཚིག་ཏུ་ཐ་དད་དམ། འོན་ཏེ་གཅིག་གམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་ནི་རྣམ་པར་རྟོག་པ་དང་། ཐ་དད་པའང་མ་ཡིན་གཅིག་པའང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེའི་རྒྱུ་ལས་བྱུང་བའི་མཚན་ཉིད་ཀྱི་ ཕྱིར་ཚིག་གི་རྣམ་པར་རྟོག་པར་འབྱུང་ངོ་། ། བློ་གྲོས་ཆེན་པོ་དེ་སྟེ་ཚིག་འདི་རྣམ་པར་རྟོག་པ་དང་ཐ་དད་པ་ཞིག་ཡིན་ན་ནི། རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་རོ། །
BO
དེ་སྟེ་གཅིག་པ་ཞིག་ཡིན་ན་ནི་ཚིག་དེ་དོན་གསལ་བར་བྱེད་པར་ཡང་མི་འགྱུར་ན། དེ་ནི་བྱེད་དེ་དེ་བས་ན་ཐ་དད་ པའང་མ་ཡིན། གཅིག་པའང་མ་ཡིན་ནོ། ། ཡང་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཚིག་ཉིད་དོན་དམ་པ་ལགས་སམ། འོན་ཏེ་ཚིག་གིས་གང་བརྗོད་པར་བགྱི་བ་དེ་དོན་དམ་པ་ལགས་སམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་ཀྱང་དོན་ དམ་པ་མ་ཡིན་ནོ། ། ཚིག་གིས་གང་བརྗོད་པར་བྱ་བའང་དོན་དམ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཕགས་པའི་ཡེ་ཤེས་དོན་དམ་པའི་བདེན་པ་བརྗོད་པས་དོན་དམ་པ་ལ་འཇུག་པའི་ཕྱིར་ཚིག་ཉིད་ནི་དོན་དམ་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དོན་དམ་པ་ནི་ འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་ཏེ། ཚིག་གི་རྣམ་པར་རྟོག་པའི་བློའི་སྤྱོད་ཡུལ་མ་ཡིན་ནོ། ། དེ་བས་ན་རྣམ་པར་རྟོག་པ་ནི་དོན་དམ་པ་རྗོད་པར་མི་བྱེད་དོ། ། བློ་གྲོས་ཆེན་པོ་ཚིག་ནི་སྐྱེས་ནས་འཇིག་ཅིང་མི་བརྟན་པ། ཕན་ཚུན་གྱི་རྒྱུ་དང་རྐྱེན་ལས་བྱུང་ངོ་། ། བློ་གྲོས་ཆེན་པོ་གང་ཕན་ཚུན་གྱི་རྒྱུ་དང་རྐྱེན་ལས་བྱུང་བ་དེ་ནི་དོན་དམ་པར་རྗོད་པར་མི་བྱེད་དོ། །
BO
བློ་གྲོས་ཆེན་པོ་བདག་དང་གཞན་གྱི་མཚན་ཉིད་མེད་པའི་ཕྱིར་ཚིག་ནི་མཚན་ཉིད་རྗོད་པར་མི་བྱེད་དོ། ། བློ་གྲོས་ཆེན་པོ་གཞན་ཡང་རང་གི་སེམས་སྣང་བ་ཙམ་གྱི་རྗེས་སུ་འབྲང་བ་དང་། ཕྱི་རོལ་གྱི་དངོས་ པོ་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱི་མཚན་ཉིད་མེད་པས་རྣམ་པར་རྟོག་པ་ནི་དོན་དམ་པ་ལ་མི་རྟོག་གོ། ། དེ་བས་ན་བློ་གྲོས་ཆེན་པོ་ཁྱོད་ཀྱིས་ཚིག་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་རྟོག་པ་དང་བྲལ་བར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དངོས་པོ་ཀུན་གྱི་རང་བཞིན་མེད། ། ཚིག་ཀྱང་དེ་བཞིན་མེད་པ་སྟེ། ། སྟོང་པ་ཉིད་དམ་སྟོང་ཉིད་དོན། ། བྱིས་པས་མ་མཐོང་རྣམ་པར་རྒྱུག ། དངོས་པོ་ཐམས་ཅད་རང་བཞིན་མེད། ། མི་ཡི་ཚིག་ཀྱང་བརྟགས་པ་སྟེ། ། དེ་ཡང་ཡོད་པ་མ་ཡིན་ནོ། ། སྙིང་པོ་རྨི་ལམ་སྤྲུལ་འདྲ་བར། ། ཡོངས་སུ་བརྟགས་པར་བྱས་པ་ནི། ། མི་འཁོར་མྱ་ངན་འདའ་མི་བྱ། ། ཇི་ལྟར་ རྒྱལ་པོ་ཚོང་དཔོན་དག ། འཇི་བའི་{རི་དགས་,རི་དྭགས་}སྣ་ཚོགས་ཀྱིས། ། བུ་རྣམས་བྲིད་དེ་རྩེར་བཅུག་ཅིང་། ། དེ་ནས་{རི་དགས་,རི་དྭགས་}དངོས་བྱིན་པ། ། དེ་བཞིན་ངས་ཀྱང་ཆོས་རྣམས་ཀྱི། མཚན་ཉིད་སྣ་ཚོགས་གཟུགས་བརྙན་གྱིས། ། སོ་སོ་རང་རིག་ཡང་དག་མཐའ། །
BO
བུ་རྣམས་ལ་ནི་ངས་བཤད་ དོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་སྤྱོད་ཡུལ་རྟོགས་པ། རྣམ་པར་ཕྱེ་བའི་མཚན་ཉིད་མཆིས་པ་དང་། མ་མཆིས་པ་དང་། གཅིག་པ་ དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ལགས་པ་དང་། མཆིས་པའང་མ་ལགས་མ་མཆིས་པའང་མ་ལགས་པ་དང་། རྟག་པ་དང་། མི་རྟག་པ་སྤངས་པ། མུ་སྟེགས་ཅན་གྱི་རྟོག་པ་མི་རྒྱུ་བ། འཕགས་པའི་སོ་སོ་རང་གི་ཡེ་ཤེས་ཀྱིས་མཁྱེན་པར་བགྱི་བ། ཀུན་ བརྟགས་པའི་རང་དང་སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པ། དོན་དམ་པ་དེ་ཁོ་ན་ཉིད་ལ་འཇུག་པ། སའི་མཚམས་སྦྱོར་ཞིང་གོང་ནས་གོང་དུ་རྣམ་པར་དག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ས་ལ་རྗེས་སུ་འཇུག་པའི་མཚན་ཉིད་སྔོན་གྱི་སྨོན་ལམ་གྱིས་གཟུགས་སྣ་ཚོགས་ཀྱི་ནོར་བུ་ལྟ་ བུར་འཇུག་པ། ཡུལ་མཐའ་ཡས་པའི་མཚན་ཉིད་ལྷུན་གྱིས་གྲུབ་པར་རབ་ཏུ་རྒྱུ་བ་འདི་དག་ལ་སོགས་པ་ལ་ཅི་ནས་ཀྱང་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀུན་བརྟགས་པའི་རང་བཞིན་གྱི་རང་དང་།
BO
སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པའི་ལྟ་བ་ཅན་རྣམས་ སུ་གྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ ལེགས་སོ་ལེགས་སོ། ། ཁྱོད་དོན་འདི་གསོལ་བ་འདེབས་པར་སེམས་པ་ནི་བློ་གྲོས་ཆེན་པོ་ཁྱོད་འགྲོ་བ་མང་པོ་ལ་ཕན་པ་དང་། འགྲོ་བ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། འགྲོ་བ་ཕལ་པོ་ཆེའི་དོན་དང་ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་སྟེ། བློ་གྲོས་ ཆེན་པོ་ཁྱོད་ལེགས་སོ། ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་ངས་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། ། བཅོམ་ལྡན་ འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པ་དང་།
BO
ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པས་ཡོད་པ་དང་། མེད་པ་དང་། གཅིག་པ་དང་ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་མི་རྟག་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུ་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་རྣམ་པར་རྟོག་གོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། སྨིག་རྒྱུའི་ཆུ་ལ་དཔྱིད་ཀྱི་ཉི་མས་གདུངས་པའི་ {རི་དགས་,རི་དྭགས་}རྣམས་ཆུའི་དངོས་པོར་རྣམ་པར་རྟོག་ཅིང་བཏུང་བར་འདོད་པའི་ཕྱིར་རབ་ཏུ་རྒྱུག་སྟེ། རང་གི་སེམས་ཀྱི་ལྟ་བས་ནོར་བ་ཁོང་དུ་མ་ཆུད་པའི་ཕྱིར་འདི་ན་ཆུ་མེད་དོ་ཞེས་བྱ་བར་ཡང་མི་ཤེས་སོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཐོག་མ་མེད་པའི་དུས་ཀྱི་རྣམ་པ་སྣ་ ཚོགས་ཀྱིས་སྤྲོས་པ་ལ་རྣམ་པར་རྟོག་པས་བསྒོས་པའི་བློ་ཅན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེས་ཡོངས་སུ་གདུངས་པའི་ཡིད་ཅན། གཟུགས་རྣམ་པ་སྣ་ཚོགས་ཀྱི་ཡུལ་ལ་མངོན་པར་མོས་པ། སྐྱེ་བ་དང་། འཇིག་པ་དང་། གནས་པར་ལྟ་བའི་བསམ་པ་ཅན་ ཕྱི་ནང་གི་དངོས་པོ་ལ་མི་མཁས་པ་དེ་དག་གཅིག་པ་དང་། ཐ་དད་པ་དང་། ཡོད་པ་དང་།
BO
མེད་པར་འཛིན་པར་རབ་ཏུ་ལྷུང་ངོ་། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དྲི་ཟའི་གྲོང་ཁྱེར་ལ་གྲོང་ཁྱེར་མ་ཡིན་པར་མི་མཁས་པ་རྣམས་ལ་གྲོང་ཁྱེར་གྱི་འདུ་ཤེས་འབྱུང་སྟེ། གྲོང་ཁྱེར་ལྟ་བུ་དེ་ནི་ཐོག་མ་མེད་ པའི་དུས་ནས་གྲོང་ཁྱེར་གྱི་ས་བོན་གྱི་བག་ཆགས་ལ་མངོན་པར་ཞེན་པའི་ཕྱིར་སྣང་སྟེ། བློ་གྲོས་ཆེན་པོ་གྲོང་ཁྱེར་དེ་ནི་གྲོང་ཁྱེར་ཡང་མ་ཡིན། གྲོང་ཁྱེར་མེད་པའང་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པའི་བློ་ཅན་ཐོག་མ་མེད་པའི་དུས་ནས་མུ་སྟེགས་ ཅན་སྤྲོས་པའི་བག་ཆགས་ལ་མངོན་པར་ཞེན་པ་རྣམས་གཅིག་པ་དང་། ཐ་དད་པ་དང་། ཡོད་པ་དང་། མེད་པའི་སྨྲ་བ་ལ་མངོན་པར་ཆགས་སོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། མི་ལ་ལ་ཞིག་ཉལ་བའི་རྨི་ལམ་དུ་བུད་མེད་དང་། སྐྱེས་པ་དང་། གླང་པོ་དང་། རྟ་དང་། ཤིང་རྟ་དང་ རྐང་ཐང་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། བ་ལང་དང་། མ་ཧེ་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དང་། རི་དང་། འབབ་ཆུ་དང་། རྫིང་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་ཡུལ་གྲོང་ཁྱེར་རིན་པོ་ཆེར་ཕྱིན་པ་སྙམ་ལ།
BO
སད་ནས་དེ་སད་པ་དང་ཡུལ་ གྲོང་ཁྱེར་རིན་པོ་ཆེ་ཉིད་རྗེས་སུ་དྲན་ན། བློ་གྲོས་ཆེན་པོ་དེ་ཇི་སྙམ་དུ་སེམས། དེ་ལྟར་ཡང་དག་པ་མ་ཡིན་པའི་རྨི་ལམ་རྣམ་པ་སྣ་ཚོགས་རྗེས་སུ་དྲན་པར་བྱེད་པའི་སྐྱེས་བུ་དེ་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པས་ཟིན་པ་མུ་སྟེགས་ཅན་གྱི་བློ་ཅན་དག་རང་གི་སེམས་སྣང་བའི་དངོས་པོ་རྨི་ལམ་ལྟ་བུར་ཁོང་དུ་མ་ཆུད་པ་རྣམས་གཅིག་པ་དང་། ཐ་དད་པ་དང་། ཡོད་པ་དང་། མེད་པར་ལྟ་བ་ལ་རྟེན་ཏོ། ། བློ་གྲོས་ཆེན་པོ་འདི་ལྟ་ སྟེ། རི་མོ་བྲིས་པའི་གཞི་མཐོན་དམན་མེད་པ་ལ་བྱིས་པ་རྣམས་མཐོན་དམན་དུ་རྣམ་པར་རྟོག་གོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་མུ་སྟེགས་ཅན་གྱི་ལྟ་བ་ངན་པའི་བག་ཆགས་ཀྱི་བསམ་པ་རྣམ་པར་རྟོག་པ་ཤིན་ཏུ་རྒྱས་པ་དེ་དག་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་ དང་། གཉིས་ཀ་མ་ཡིན་པའི་སྨྲ་བ་ལ་མངོན་པར་ཞེན་པ་དང་། བདག་ཉིད་ཀྱང་བརླག་ལ། ཡོད་པ་དང་མེད་པའི་ཕྱོགས་ཀྱིས་དབེན་པར་གྱུར་པ།
BO
སྐྱེ་བ་མེད་པར་སྨྲ་བ་དག་ལ་ཡང་མེད་པ་པ་ཞེས་ཟེར་བ་དག་འབྱུང་སྟེ། འདི་དག་ནི་རྒྱུ་དང་། འབྲས་བུ་ལ་སྐུར་པ་དགེ་བ་དཀར་པོའི་ཕྱོགས་ཀྱི་ རྒྱུ་ལྟ་བ་ངན་པས་རྩ་བ་ནས་ཕྱུང་བ་ཡིན་གྱི། འདི་དག་ནི་ལེགས་པར་འདོད་པ་རྣམས་ཀྱིས་རིང་དུ་སྤང་བར་བྱའོ། ། ཞེས་ཟེར་ཏེ། བདག་དང་གཞན་དང་གཉིས་ཀའི་ལྟ་བར་ལྷུང་བའི་བསམ་པ་ཅན། ཡོད་པ་དང་མེད་པར་རྣམ་པར་བརྟགས་ནས་སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བ་ངན་པར་ ལྷུང་བའི་བསམ་པ་ཅན་དེ་དག་སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་རོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། རབ་རིབ་ཅན་དག་སྐྲ་ཤད་འཛིངས་པ་མཐོང་བ་དང་། འདི་ནི་ངོ་མཚར་ཏོ། ། འདི་ནི་ངོ་མཚར་འདེ་རེ། ཀྱེ་གྲོགས་པོ་རྣམས་ལྟོས་ཤིག་ཅེས་ཟེར་ཏེ། སྐྲ་ཤད་འཛིངས་པ་དེ་ནི་མཐོང་བ་ དང་། མ་མཐོང་བའི་ཕྱིར་ཤིན་ཏུ་ཡོད་པའང་མ་ཡིན་ཏེ་མེད་པའང་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་གྱི་ལྟ་བ་ངན་པ་རྣམ་པར་རྟོག་པའི་བསམ་པ་ལ་མངོན་པར་ཞེན་པ་དག་ཡོད་པ་དང་མེད་པའི་ཕྱོགས་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་།
BO
གཉིས་ཀ་མ་ ཡིན་པའི་སྨྲ་བ་ལ་མངོན་པར་ཞེན་ཅིང་དམ་པའི་ཆོས་ལ་སྐུར་པ་རྣམས་བདག་དང་གཞན་དག་ཀྱང་ལོག་པར་ལྟུང་བར་བྱེད་དོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། འཁོར་ལོ་མ་ཡིན་ཡང་མགལ་མེའི་འཁོར་ལོ་ལ་བྱིས་པ་རྣམས་འཁོར་ལོའི་དངོས་པོར་ཡོངས་སུ་རྟོག་སྟེ། མཁས་པ་རྣམས་ ནི་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་ལྟ་བ་ངན་པའི་མུ་སྟེགས་ཅན་གྱི་བསམ་པར་ལྷུང་བ་རྣམས་སྲིད་པར་སྐྱེ་བ་ཀུན་ཏུ་ཡང་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་ཡོངས་སུ་རྟོག་གོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཆར་འབབ་པའི་ཚེ་ཆུ་ལས་ཆུ་བུར་ འབྱུང་བ་ནོར་བུ་ཤེལ་འདྲ་བར་སྣང་བ་དེ་ལ་བྱིས་པ་རྣམས་ནོར་བུ་ཤེལ་གྱི་དངོས་པོར་མངོན་པར་ཞེན་ཅིང་རབ་ཏུ་རྒྱུག་སྟེ། བློ་གྲོས་ཆེན་པོ་ཆུའི་ཆུ་བུར་དེ་དག་ནི་གཟུང་བ་དང་། གཟུང་དུ་མེད་པའི་ཕྱིར་ནོར་བུའང་མ་ཡིན། ནོར་བུ་མ་ཡིན་པའང་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་ གྱི་ལྟ་བ་རྣམ་པར་རྟོག་པའི་བསམ་པའི་བག་ཆགས་ཀྱིས་བསྒོས་པ་རྣམས་རྐྱེན་རྣམས་ཀྱིས་མེད་པ་ལས་སྐྱེ་བ་དང་། ཡོད་པ་ལས་ཀྱང་འཇིག་པར་སྨྲ་བར་འགྱུར་རོ། །
BO
བློ་གྲོས་ཆེན་པོ་གཞན་ཡང་ཚད་མ་གསུམ་གྱི་ཡན་ལག་སོ་སོར་གཞག་པར་བྱ་སྟེ། འཕགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་ བྱ་བའི་རང་བཞིན་གཉིས་ལས་རྣམ་པར་གྲོལ་བ་ལ། དངོས་པོའི་རང་བཞིན་དུ་ཡོད་དོ་ཞེས་རྣམ་པར་རྟོག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཤིན་ཏུ་གྱུར་པ། རང་གི་སེམས་སྣང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་ པ་རབ་ཏུ་སྤངས་པ། དེ་བཞིན་གཤེགས་པའི་ས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཐོབ་པ་རྣམས་ལ་ནི་དངོས་པོ་དང་། དངོས་པོ་མེད་པའི་འདུ་ཤེས་མི་འབྱུང་ངོ་། ། བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་དེ་ལྟ་བུའི་ཚུལ་གྱི་ཡུལ་ཅན་རྣམས་ལ། གལ་ཏེ་དངོས་པོ་དང་དངོས་པོ་མེད་པར་འཛིན་པ་ ཞིག་འཇུག་ཏུ་ཟིན་ན་ནི་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པ་དང་། གསོ་བར་འཛིན་པ་དང་། སྐྱེས་བུར་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་རོ། ། བློ་གྲོས་ཆེན་པོ་གང་འདི་ལྟར་དངོས་པོའི་རང་བཞིན་དང་། རང་དང་སྤྱིའི་མཚན་ཉིད་བསྟན་པ་འདི་ནི་བློ་གྲོས་ཆེན་པོ་སྤྲུལ་པའི་སངས་རྒྱས་ཀྱིས་ བསྟན་པ་སྟེ། ཆོས་ཉིད་ཀྱི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་བསྟན་པ་ནི་བྱིས་པའི་བསམ་པ་ལ་ཡོད་པའི་ལྟ་བས་བྱུང་བ་ཡིན་ཏེ། རྣམ་པར་འཇོག་པ་རྟོགས་པའི་རང་བཞིན་གྱི་ཆོས་འཕགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ནི་མི་ བརྗོད་དོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཆུའི་ནང་ན་ཤིང་གི་གྲིབ་མ་སྣང་སྟེ། དེ་ནི་ཤིང་གི་དབྱིབས་དང་དབྱིབས་མེད་པའི་ཕྱིར་གྲིབ་མའང་མ་ཡིན། གྲིབ་མ་མ་ཡིན་པའང་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་གྱི་ལྟ་བའི་བག་ཆགས་ཀྱིས་བསྒོས་པའི་རྣམ་པར་རྟོག་པ་ཅན་རྣམས་ རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པའི་བློ་ཅན་དག་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པར་རྣམ་པར་རྟོག་པར་འགྱུར་རོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་རྐྱེན་ཇི་ལྟ་བ་བཞིན་དུ་གཟུགས་ཐམས་ཅད་ཀྱི་གཟུགས་ བརྙན་སྣང་ངོ་། ། གཟུགས་བརྙན་དེ་དག་ནི་རང་གི་རྣམ་པར་རྟོག་པ་ཡིན་ཏེ། གཟུགས་དང་གཟུགས་མ་ཡིན་པར་མཐོང་བའི་ཕྱིར་གཟུགས་ཀྱང་མ་ཡིན། གཟུགས་མ་ཡིན་པའང་མ་ཡིན་ཏེ།
BO
བློ་གྲོས་ཆེན་པོ་འོན་ཀྱང་བྱིས་པ་རྣམས་ལ་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་གཟུགས་ལྟ་བུར་ སྣང་ངོ་། ། དེ་བཞིན་དུ་བློ་གྲོས་ཆེན་པོ་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་ལྟ་བའི་རྣམ་པར་རང་གི་སེམས་ཀྱི་གཟུགས་བརྙན་ཀྱང་སྣང་ངོ་། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། བྲག་ཅ་ནི་མིང་དང་། འབབ་ཆུ་དང་། རླུང་དུ་ཕྲད་པ་ལས་འབྱུང་ཞིང་གུད་དུ་གྲག་ སྟེ། དེ་ནི་སྒྲ་དང་སྒྲ་མ་ཡིན་པར་གྲག་པའི་ཕྱིར་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པའང་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་ཡོད་པ་དང་། མེད་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་ལྟ་བ་རང་གི་སེམས་ཀྱི་བག་ཆགས་རྣམ་པར་རྟོག་པ་ རྣམས་སྣང་ངོ་། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྩྭ་དང་། ཤིང་གེལ་པ་དང་། ལྕུག་མ་གྱེས་པ་མེད་པའི་ས་ལ་ཉི་མ་དང་ཕྲད་ན་སྨིག་རྒྱུ་བའི་དབའ་རླབས་རབ་ཏུ་གཡོ་སྟེ། དེ་དག་ནི་ཆགས་པ་དང་མི་ཆགས་པའི་ཕྱིར་དངོས་པོའང་མ་ཡིན། དངོས་པོ་མེད་པའང་མ་ཡིན་ནོ། །
BO
དེ་བཞིན་དུ་བློ་གྲོས་ཆེན་ པོ་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་ཀྱིས་བསྒོས་པ་ནི་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་ པ་དང་། མེད་པ་དང་། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་དངོས་པོའི་ཚུལ་དུ་ཡང་སྨིག་རྒྱུ་བཞིན་དུ་རླབས་གཡོའོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། རོ་ལངས་དང་། འཁྲུལ་འཁོར་གྱི་མི་ནི་སེམས་ཅན་མེད་ཀྱང་འདྲེ་དང་སྦྱོར་བར་ལྡན་ན་གཡོ་བའི་ལས་བྱེད་དེ། འགྲོ་བ་དང་མི་འགྲོ་བའི་ཕྱིར་མེད་ པ་ལ་རྣམ་པར་རྟོག་པ་དེ་ལ་བྱིས་པ་རྣམས་མངོན་པར་ཞེན་ཏོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པའི་མུ་སྟེགས་ཅན་གྱི་བསམ་པར་ལྟུང་བ་དག་གཅིག་པ་དང་། ཐ་དད་པར་སྨྲ་བ་ལ་མངོན་པར་ཞེན་ཏེ། དེ་ནི་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པའོ། ། དེ་བས་ན་བློ་གྲོས་ ཆེན་པོ་ཁྱོད་ཀྱི་སྐྱེ་བ་དང་། མི་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་།
BO
འཕགས་པ་སོ་སོ་རང་གི་དངོས་པོ་ཁོང་དུ་ཆུད་པར་བྱ་བའི་རྣམ་པར་རྟོག་པ་དང་བྲལ་བར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཕུང་པོ་རྣམ་པར་ཤེས་དང་ལྔ། ། ཆུ་ལ་ཤིང་གི་གྲིབ་མ་བཞིན། ། སྣང་བ་སྒྱུ་མ་རྨི་ལམ་འདྲ། ། རྣམ་པར་རིག་པས་མ་རྟོག་ཤིག ། སྲིད་གསུམ་འདི་ནི་རྨི་ལམ་དང་། ། སྐྲ་ཤད་འཛིངས་དང་སྒྱུ་མ་འདྲ། ། སྨིག་རྒྱུ་ཆུ་བཞིན་ནོར་བ་ནི། ། རྣམ་པར་བསྒོམས་ན་ རྣམ་པར་གྲོལ། ། སེམས་སླུ་བ་ཡི་སྨིག་རྒྱུ་བ། ། ཇི་ལྟར་དཔྱིད་ཀ་གཡོ་བ་ན། ། {རི་དགས་,རི་དྭགས་}རྣམས་ནི་ཆུར་འཛིན་ཏེ། ། དེ་ལ་དངོས་པོ་ཡོད་པ་མིན། ། དེ་བཞིན་རྣམ་ཤེས་ས་བོན་ཀྱང་། ། ལྟ་བའི་ཡུལ་ལ་རབ་ཏུ་གཡོ། ། བྱིས་པ་དག་ནི་སྐྱེ་བར་འཛིན། ། རབ་རིབ་ཅན་གྱི་རབ་རིབ་བཞིན། ། ཐོག་མ་མེད་ལྡན་འཁོར་བ་ནས། ། དངོས་འཛིན་བྱིས་པས་ཕང་བླངས་པ། ། ཇི་ལྟར་གཟེར་ལ་གཟེར་བཞིན་དུ། ། འཛིན་པ་བྲིད་དེ་རྣམ་པར་ཟློག ། སྒྱུ་མ་རོ་ལངས་འཁྲུལ་འཁོར་དང་། ། རྨི་ལམ་གློག་དང་སྤྲིན་ལྟ་བུར། ། ནམ་ཡང་རྒྱུད་གསུམ་རྣམ་ཆད་པར། ། སྐྱེ་བོ་མཐོང་ནས་རྣམ་པར་ ཐར། ། འདི་ལ་རྣམ་རིག་གང་ཡང་མེད། ། མཁའ་ལ་སྨིག་རྒྱུ་ཇི་བཞིན་ཏེ། ། ཆོས་རྣམས་དེ་ལྟར་རབ་ཤེས་ན། །
BO
{ཆུང་ཟད་,ཅུང་ཟད་}དུ་ཡང་ཁས་བླང་མེད། ། རྣམ་རིག་འདི་ནི་མིང་ཙམ་སྟེ། ། མཚན་ཉིད་ཀྱིས་ནི་ཡོད་པ་མིན། ། གང་ལ་དེ་དག་བརྟགས་པ་ཡི། ། ཕུང་པོ་སྐྲ་ཤད་འཛིངས་པ་ འདྲ། ། རི་མོ་སྐྲ་ཤད་འཛིངས་པ་དང་། ། སྒྱུ་མ་རྨི་ལམ་དྲི་ཟའི་གྲོང་། ། མགལ་མེ་འཁོར་ལོ་སྨིག་རྒྱུ་དག ། མེད་པར་མི་ལ་རབ་ཏུ་སྣང་། ། དེ་བཞིན་རྟག་དང་མི་རྟག་དང་། ། གཅིག་དང་གཉིས་ཀ་གཉིས་མིན་དག ། ཐོག་མ་མེད་ཀྱི་ཉེས་འབྲེལ་བས། ། བྱིས་པ་རྨོངས་པ་རབ་ཏུ་རྟོག ། མིག་དང་མེ་ལོང་ཆུ་རྣམས་དང་། ། སྣོད་དང་ནོར་བུ་དག་ལ་ཡང་། ། དེ་ན་གཟུགས་བརྙན་སྣང་མོད་ཀྱི། ། གཟུགས་བརྙན་གང་ནའང་ཡོད་པ་མིན། ། དངོས་པོར་སྣང་སེམས་དེ་བཞིན་ཏེ། ། སྣ་ཚོགས་གཟུགས་སུ་སྨིག་རྒྱུ་བ། ། མཁའ་ལ་ཇི་ལྟར་སྣང་བ་བཞིན། ། རྨི་ལམ་མོ་ཤམ་བུ་ཡང་ འདྲ། ། བློ་གྲོས་ཆེན་པོ་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་བཞི་ལས་རྣམ་པར་གྲོལ་བ་སྟེ། འདི་ལྟར་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་ཕྱོགས་རྣམ་པར་སྤངས་པ། ཡོད་པ་དང་མེད་པ་དང་། སྒྲོ་འདོགས་པ་དང་། སྐུར་པ་ ལས་རྣམ་པར་གྲོལ་བའོ། །
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལམ་དང་། འགོག་པ་དང་། རྣམ་པར་ཐར་པ་འཇུག་པ་སྔོན་དུ་གཏོང་བ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པའི་རང་ བཞིན་དང་། དབང་པོ་དང་། རྒྱུ་མེད་པ་དང་། འདོད་རྒྱལ་དང་། རྡུལ་ཕྲ་མོ་དང་། དུས་དང་། ངོ་བོ་ཉིད་དང་འབྲེལ་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་གཞན་ཡང་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་རྣམ་པར་དག་པར་བྱ་བའི་ཕྱིར་དེད་དཔོན་ལྟར་སྣང་བ་མེད་པ་བརྒྱ་རྩ་བརྒྱད་དང་། ཐེག་པ་དང་། སའི་ཡན་ལག་ཤིན་ཏུ་རྣམ་པར་དབྱེ་བའི་མཚན་ཉིད་རྣམས་མཐར་གྱི་ས་རབ་ཏུ་བཞག་གོ། ། བློ་གྲོས་ཆེན་པོ་གཞན་ཡང་བསམ་གཏན་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་དང་། དོན་རབ་ཏུ་འབྱེད་པའི་བསམ་གཏན་དང་། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དང་། དེ་བཞིན་གཤེགས་པའི་བསམ་གཏན་དང་བཞིའོ། ། བློ་གྲོས་ཆེན་པོ་དེ་ལ་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་།
BO
རང་སངས་རྒྱས་ཀྱི་རྣལ་འབྱོར་ལ་རྣལ་འབྱོར་པ་རྣམས་ཀྱི་གང་ ཟག་ལ་བདག་མེད་པ་དང་། དངོས་པོ་རྣམས་ཀྱི་རང་དང་སྤྱིའི་གཟུགས་དང་། ཀེང་རུས་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་སྡུག་པའི་མཚན་ཉིད་ལ་མངོན་པར་ཞེན་པ་སྔོན་དུ་བཏང་སྟེ། འདི་ནི་མཚན་ཉིད་འདི་ལྟ་བུ་ཡིན་ཏེ། གཞན་དུ་མ་ཡིན་ནོ། ། ཞེས་བལྟས་ནས་དང་པོ་ ནས་གོང་ནས་གོང་དུ་འདུ་ཤེས་འགོག་པའི་བར་དུ་བྱིས་པ་ཉེ་བར་སྤྱོད་པ་ཡིན་ནོ། ། དེ་ལ་བློ་གྲོས་ཆེན་པོ་དོན་རབ་ཏུ་འབྱེད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། གང་ཟག་ལ་བདག་མེད་པ་དང་རང་དང་སྤྱིའི་མཚན་ཉིད་དང་། ཕྱི་རོལ་གྱི་མུ་སྟེགས་བྱེད་དང་བདག་དང་གཞན་གཉིས་ཀ་མེད་པར་བྱས་ཏེ། ཆོས་ལ་བདག་མེད་པའི་སའི་མཚན་ཉིད་ཀྱི་དོན་རབ་ཏུ་འབྱེད་པའི་{གོ་རིམས་,གོ་རིམ་}ཅན་ནི་དོན་རབ་ཏུ་འབྱེད་པའི་བསམ་གཏན་ཡིན་ནོ། ། དེ་ལ་བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཀུན་བརྟགས་པ་བདག་མེད་པ་གཉིས་ཀྱི་རྣམ་པར་མི་རྟོག་པ་ལ་ཡང་དག་པ་ཇི་ ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པ་ཞེས་བཤད་དོ། །
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སའི་རྣམ་པ་ལ་འཇུག་པ། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་ གྱི་བདེ་བ་ལ་གནས་པས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བཤད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དོན་རབ་འབྱེད་པའི་བསམ་གཏན་དང་། ། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། ། དེ་བཞིན་ཉིད་དམིགས་བསམ་གཏན་དང་། ། དེ་བཞིན་གཤེགས་པའི་དགེ་བསམ་གཏན། ། རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། ། ཉི་མ་ཟླ་བའི་དབྱིབས་འདྲ་དང་། ། འོད་དང་པད་མོ་ལྟ་བུ་དང་། ། རི་མོ་ནམ་མཁའི་མེ་འདྲ་མཐོང་། ། མཚན་མ་སྣ་ཚོགས་དེ་དག་ནི། ། མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། ། ཉན་ཐོས་དག་དང་རང་རྒྱལ་ གྱི། ། སྤྱོད་ཡུལ་དུའང་ལྷུང་བར་བྱེད། ། འདི་དག་ཐམས་ཅད་རྣམ་སྤངས་ཤིང་། ། སྣང་བ་མེད་པར་ནམ་གྱུར་པ། ། དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག ། ཐམས་ཅད་ཞིང་ནས་བྱུང་བ་ཡིས། ། དེ་ཡི་མགོ་ལ་ཉུག་མཛད་དེ། ། ཡང་དག་རྗེས་སུ་འགྲོ་བའི་ལྟས། །
BO
དེ་ནས་ཡང་བཅོམ་ལྡན་འདས་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའོ། ། མྱ་ངན་ལས་འདས་པའོ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ལྟར་མྱ་ངན་ལས་འདས་པ། མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་ཆོས་གང་གི་ཚིག་{བླ་དགས་,བླ་དྭགས་} ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་རང་བཞིན་གྱི་བག་ཆགས་ཀུན་གཞི་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ལྟ་བའི་བག་ཆགས་རབ་ཏུ་གྱུར་པ་ནི་མྱ་ངན་ལས་འདས་པའི་ཚུལ་དང་། རང་བཞིན་སྟོང་པ་ཉིད་ཀྱི་དངོས་པོའི་སྤྱོད་ཡུལ་ཏེ། མྱ་ངན་ ལས་འདས་པའོ་ཞེས་སངས་རྒྱས་རྣམས་དང་ངས་བརྗོད་དོ། ། གཞན་ཡང་བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་ནི་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། རྟག་པ་དང་། ཆད་པར་རྣམ་པར་རྟོག་པ་དང་། དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་རྟོག་པ་སྤངས་པའོ། ། ཇི་ལྟར་རྟག་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། རང་དང་སྤྱིའི་མཚན་ཉིད་དུ་རྣམ་པར་རྟོག་པ་སྤངས་པས་དེའི་ཕྱིར་རྟག་པ་མ་ཡིན་ནོ། ། དེ་ལ་ཆད་པ་མ་ཡིན་པ་ནི་འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་།
BO
ད་ལྟར་བྱུང་བའི་འཕགས་པ་ཐམས་ཅད་སོ་སོ་རང་གིས་རྟོགས་པར་བྱེད་དེ། དེའི་ཕྱིར་ཆད་པ་ མ་ཡིན་ནོ། ། བློ་གྲོས་ཆེན་པོ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ནི་འཇིག་པ་མ་ཡིན་ནོ། ། འཆི་བ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་གལ་ཏེ་འཆི་བ་ཞིག་ཡིན་ན་ནི་ད་དུང་ཡང་སྐྱེ་བའི་རྒྱུད་དུ་འགྱུར་རོ། ། འོན་ཏེ་འཇིག་པ་ཞིག་ཡིན་ནའང་འདུས་བྱས་ཀྱི་མཚན་ཉིད་ དུ་ལྟུང་བར་འགྱུར་རོ། ། བློ་གྲོས་ཆེན་པོ་དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ནི་འཇིག་པ་མ་ཡིན། འཆི་བ་མ་ཡིན་ཏེ། རྣལ་འབྱོར་ཅན་རྣམས་ནི་ཤི་འཕོ་དང་བྲལ་བའི་སྐྱབས་མངོན་དུ་བྱེད་དོ། ། བློ་གྲོས་ཆེན་པོ་གཞན་ཡང་མྱ་ངན་ལས་འདས་པ་ནི་སྤངས་པ་མེད་པ་དང་། ཐོབ་པ་མེད་པ་དང་། ཆད་ པ་མ་ཡིན་པ་དང་། རྟག་པ་མ་ཡིན་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་གཞན་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་དང་། འདུ་འཛི་མེད་པ་དང་། ཡུལ་ལ་ཕྱིན་ཅི་ལོག་མེད་པར་མཐོང་བས་རྣམ་པར་རྟོག་པ་མི་འབྱུང་སྟེ།
BO
དེའི་ཕྱིར་དེ་དག་དེ་ལ་མྱ་ངན་ལས་འདས་པའི་བློར་འགྱུར་རོ། ། བློ་གྲོས་ཆེན་པོ་གཞན་ཡང་རང་བཞིན་གཉིས་ཀྱི་མཚན་ཉིད་རྣམ་པ་གཉིས་ཡོད་དེ། རྣམ་པ་གཉིས་གང་ཞེ་ན། འདི་ལྟ་སྟེ། བརྗོད་ པའི་རང་བཞིན་ལ་མངོན་པར་ཞེན་པ་དང་། དངོས་པོའི་རང་བཞིན་ལ་མངོན་པར་ཞེན་པའོ། ། དེ་ལ་བློ་གྲོས་ཆེན་པོ་བརྗོད་པའི་རང་བཞིན་ལ་མངོན་པར་ཞེན་པ་ནི་ཐོག་མ་མེད་པའི་དུས་ཀྱི་ཚིག་ཏུ་སྤྲོས་པའི་བག་ཆགས་ལ་མངོན་པར་ཞེན་པ་ལས་འབྱུང་ངོ་། ། དེ་ལ་བློ་གྲོས་ཆེན་པོ་དངོས་པོའི་རང་བཞིན་ ལ་མངོན་པར་ཞེན་པ་ནི་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོ་གཞན་ཡང་བྱིན་གྱིས་བརླབས་གཉིས་ཀྱིས་བྱིན་དུ་བརླབས་པའི་བྱང་ཆུབ་སེམས་དཔའ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཞབས་ལ་ གཏུག་ཅིང་འདྲི་བ་ཡོངས་སུ་འདྲིའོ། ། བྱིན་གྱིས་བརླབས་གཉིས་པོ་གང་གིས་བྱིན་དུ་བརླབས་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བྱིན་གྱི་རླབས་ཀྱི་བྱིན་དུ་བརླབས་དང་། སྐུ་དང་། ཞལ་དང་། ཕྱག་ཐམས་ཅད་ཀྱིས་དབང་བསྐུར་བའི་བྱིན་གྱི་རླབས་སོ། །
BO
དེ་ལ་བློ་ གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ས་དང་པོ་ལས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞལ་བསྟན་ཏེ། སྐུ་དང་ཞལ་དང་གསུང་ཐམས་ཅད་ཡང་དག་པར་ བསྟན་པས་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། ཡོན་ཏན་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཇི་ལྟ་བ་བཞིན་དུ་བྱིན་གྱི་རླབས་མཛད་དོ། ། བློ་གྲོས་ཆེན་པོ་དེ་ལྟར་ས་དང་པོ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱིན་གྱི་རླབས་རབ་ཏུ་འཐོབ་བོ། །
BO
བསྐལ་པ་བརྒྱ་སྟོང་དུ་ཀུན་བསགས་པའི་དགེ་བའི་རྩ་བ་དག་གིས་མཐར་གྱིས་སའི་ཕྱོགས་དང་མི་འཐུན་པའི་ཕྱོགས་ཀྱི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ ལ་པད་མོ་ཆེན་པོའི་གཞལ་མེད་ཁང་དུ་སྟན་ལ་འདུག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཅོད་པན་ཅན། དེ་དང་འཐུན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལ་རྒྱལ་བའི་ཕྱག་ཕྱོགས་བཅུའི་འཇིག་རྟེན་ ནས་བྱུང་བ། བ་བླ་དང་། གསེར་དང་། མེ་ཏོག་ཙམ་པ་ཀ་དང་། ཟླ་བའི་འོད་ཟེར་དང་། པད་མོ་འདྲ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མོ་ཆེན་པོའི་གཞལ་མེད་ཁང་ན་སྟན་ལ་འདུག་པ་དེ་ལ་དབང་བྱེད་པ་དང་། འཁོར་ལོས་སྒྱུར་བ་དང་། དབང་པོའི་རྒྱལ་པོ་ལྟར་སྤྱི་བོ་ ནས་དབང་བསྐུར་རོ། ། སྐུ་དང་ཞལ་དང་ཕྱག་ཐམས་ཅད་ཀྱིས་དབང་བསྐུར་བས་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའ་དེ་དག་ནི་ཕྱག་གི་དབང་བསྐུར་བའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་བྱིན་གྱི་རླབས་གཉིས་ཏེ།
BO
བྱིན་གྱི་རླབས་གཉིས་པོ་དེས་བྱིན་དུ་བརླབས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུ་ལྟའི། དེ་ལྟ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བལྟ་བར་མི་ནུས་ སོ། ། བློ་གྲོས་ཆེན་པོ་གཞན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་དང་། རྫུ་འཕྲུལ་དང་། བསྟན་པའི་རྣམ་པར་གང་ཅི་སྤོབས་ཀྱང་དེ་དག་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱིན་གྱི་རླབས་གཉིས་(གྱིས་,ཀྱིས་)བྱིན་(ཀྱིས་,གྱིས་)བརླབས་པའོ། ། བློ་གྲོས་ཆེན་པོ་གལ་ཏེ་ཡང་བྱིན་གྱི་རླབས་ མེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤོབས་པ་འབྱུང་ན་ནི། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་སྤོབས་པ་འབྱུང་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱིན་གྱིས་མ་བརླབས་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་རྩྭ་དང་། ཤིང་ གེལ་པ་དང་། ལྕུག་མ་དང་། ཤིང་དང་། རི་དང་། རོལ་མོའི་ཆ་སྤྱད་རྣམ་པ་སྣ་ཚོགས་དང་། གྲོང་ཁྱེར་དང་། ཁང་པ་དང་། ཁྱིམ་དང་།
BO
གཞལ་མེད་ཁང་གི་གནས་དག་ཀྱང་དེ་བཞིན་གཤེགས་པ་བྱོན་པའི་བྱིན་གྱི་རླབས་ཀྱིས་སྒྲ་འབྱིན་ན་བློ་གྲོས་ཆེན་པོ་སེམས་ཡོད་པ་དག་ལྟ་ཅི་སྨོས། བློ་གྲོས་ ཆེན་པོ་ལྐུགས་པ་དང་། འོན་པ་དང་། ལོང་བ་དག་ཀྱང་རང་གི་ཉེས་པ་ལས་རྣམ་པར་གྲོལ་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་དེ་ལྟར་ཡོན་ཏན་གྱི་བྱེ་བྲག་ཆེའོ། ། བློ་གྲོས་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གནས་པའི་དུས་དང་ཁྱད་པར་གྱི་ས་ལ་དབང་བསྐུར་བའི་བྱིན་གྱི་རླབས་ཅིའི་སླད་དུ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་ཀྱི་ལས་དང་ཉོན་མོངས་པས་མི་འཁྲུགས་ པ་དང་། ཉན་ཐོས་ཀྱི་བསམ་གཏན་དང་སར་མི་ལྟུང་བ་དང་། དེ་བཞིན་གཤེགས་པའི་ས་སོ་སོ་རང་གིས་རིག་པར་བྱ་བ་དང་། འཐོབ་པའི་ཆོས་དང་།
BO
ཁོང་དུ་ཆུད་པ་རྣམ་པར་འཕེལ་བའི་ཕྱིར་བློ་གྲོས་ཆེན་པོ་རྒྱུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་བྱིན་གྱི་རླབས་ཀྱིས་བྱིན་དུ་རློབ་པར་མཛད་དོ། ། བློ་གྲོས་ཆེན་པོ་བྱིན་གྱིས་མ་བརླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་མུ་སྟེགས་ཅན་དང་། ཉན་ཐོས་དང་། བདུད་ཀྱི་བསམ་པར་ལྟུང་ཞིང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་སྟེ། དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་བཟུང་བ་ཡིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། མི་ཡི་དབང་པོའི་བྱིན་རླབས་ལས། ། དབང་བསྐུར་ཏིང་འཛིན་དག་ལ་སོགས། ། སྨོན་ལམ་དག་གིས་རྣམ་སྦྱངས་པ། ། དང་པོ་དང་ནི་བཅུ་པར་འབྱུང་། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་ འབྱུང་བ་བཤད་པས་རྒྱུ་རྣམ་པར་བརྗོད་པ་ཉིད་བགྱིས་ཏེ།
BO
རང་གི་ཚུལ་གྱིས་སླར་གླེན་པའི་གཏམ་མ་གསུངས་ན། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་གང་ལས་དངོས་པོ་རྣམས་འབྱུང་བ་འདི་ལྟ་སྟེ། གཙོ་བོ་དང་། དབང་པོ་དང་། སྐྱེས་བུ་དང་། དུས་དང་། རྡུལ་ཕྲ་མོ་ འཇུག་པས་རྒྱུ་ལས་འབྱུང་བར་བརྗོད་དོ། ། བཅོམ་ལྡན་འདས་ཀྱིས་ནི་རྐྱེན་གྱི་རྣམ་གྲངས་གཞན་གྱིས་དངོས་པོ་རྣམས་ཀྱི་སྐྱེ་བ་བཀའ་སྩལ་མོད་ཀྱི། གྲུབ་པའི་མཐའི་བྱེ་བྲག་ཏུ་དབྱེ་བ་ནི་མ་མཆིས་སོ། ། བཅོམ་ལྡན་འདས་མུ་སྟེགས་བྱེད་དག་ཀྱང་མཆིས་པ་དང་། མ་མཆིས་པ་ལས་ སྐྱེ་བར་བརྗོད་དོ། ། བཅོམ་ལྡན་འདས་ཀྱིས་ཀྱང་དངོས་པོ་རྣམས་མ་མཆིས་པ་ལས་རྐྱེན་རྣམས་འབྱུང་བ་དང་། བྱུང་ནས་ཀྱང་འཇིག་པར་གསུངས་ཏེ། གང་ཡང་བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། རྒ་ཤིའི་བར་དུ་གསུངས་པ་འདི་ཡང་བཅོམ་ལྡན་འདས་ཀྱིས་རྒྱུ་ མེད་པར་སྨྲ་བ་རྣམ་པར་བརྗོད་པ་གསུངས་ཀྱི་རྒྱུར་སྨྲ་བ་ནི་མ་ལགས་སོ། ། བཅོམ་ལྡན་འདས་འདི་ཡོད་ན་འདི་ཡོད་དོ་ཞེས་བགྱི་བ་འདི་ནི་ཅིག་ཅར་གནས་པ་རྣམས་ལ་རུང་གི་རིམ་གྱིས་འབྱུང་བ་ལ་ལྟོས་པར་གནས་པ་རྣམས་ལ་ནི་མ་ལགས་ཏེ།
BO
མུ་སྟེགས་བྱེད་ཀྱིས་རྣམ་པར་བརྗོད་པ་ཉིད་བཟང་ གི་ཁྱོད་ཀྱིས་ནི་བཟང་པོ་མ་ལགས་སོ། ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། མུ་སྟེགས་བྱེད་རྣམས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ལགས་པའི་རྒྱུས་འབྲས་བུ་མངོན་པར་སྒྲུབ་བོ། ། བཅོམ་ལྡན་འདས་ཁྱོད་ཀྱི་རྒྱུ་ཡང་འབྲས་བུ་ལ་ལྟོས། འབྲས་བུའང་རྒྱུ་ལ་ལྟོས་པས་རྒྱུ་དང་རྐྱེན་ དང་ཡང་འདྲེས་ཏེ། དེ་བཞིན་དུ་ཕན་ཚུན་དུ་ཐུག་པ་མ་མཆིས་པར་ཡང་འགྱུར་རོ། ། འདི་ཡོད་ན་འདི་ཡོད་དོ་ཞེས་བརྗོད་པ་ནི་འཇིག་རྟེན་རྒྱུ་མ་མཆིས་པར་ཡང་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གཟུང་བ་དང་འཛིན་པ་མེད་པ་དང་། རང་གི་སེམས་སྣང་ བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་འདི་ཡོད་པས་འདི་ཡོད་དོ་ཞེས་བརྗོད་ཀྱང་རྒྱུ་དང་བྱེད་པར་སྨྲ་བ་དང་། རྒྱུ་རྐྱེན་འདྲེས་པར་ཡང་མི་འགྱུར་རོ། ། བློ་གྲོས་ཆེན་པོ་གང་གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་ཅིང་ཕྱི་རོལ་གྱི་རང་གི་ཡུལ་གྱི་དངོས་པོ་མེད་པར་རང་གི་སེམས་སྣང་བ་ ཙམ་དུ་ཁོང་དུ་མ་ཆུད་པ་དེ་དག་ལ་ནི་འདི་ལྟ་བུའི་ཉེས་པར་འགྱུར་གྱི་ངའི་རྟེན་ཅིང་འབྲེལ་བར་འབྱུང་བ་བརྗོད་པ་ལ་ཉེས་པར་མི་འགྱུར་རོ། །
BO
བློ་གྲོས་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས་བརྗོད་པ་མ་མཆིས་པ་ལས་ན། དངོས་པོ་ཐམས་ཅད་ཀྱང་མཆིས་མོད། བཅོམ་ལྡན་འདས་གལ་ ཏེ་དངོས་པོ་དག་མ་མཆིས་སུ་ལགས་ན་ནི་བརྗོད་པར་ཡང་འབྱུང་བར་མི་འགྱུར་ན། འབྱུང་བ་ལས་ནི་དེའི་སླད་དུ་བརྗོད་པ་མ་མཆིས་པས་བཅོམ་ལྡན་འདས་དངོས་པོ་ཐམས་ཅད་ཀྱང་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དངོས་པོ་མེད་པ་དག་ཀྱང་བརྗོད་པར་བྱ་བ་ ཡོད་དེ། འདི་ལྟར་རི་བོང་གི་རྭ་དང་། རུ་སྦལ་གྱི་སྤུ་དང་། མོ་ཤམ་གྱི་བུ་ལ་སོགས་པ་འཇིག་རྟེན་ན་བརྗོད་པར་སྣང་མོད་ཀྱི། བློ་གྲོས་ཆེན་པོ་དེ་དག་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། བརྗོད་ཀྱང་བརྗོད་དོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་གང་བརྗོད་པ་ཡོད་པའི་ཕྱིར་དངོས་ པོ་ཐམས་ཅད་ཀྱང་ཡོད་དོ་ཞེས་ཁྱོད་ཟེར་བའི་སྨྲ་བ་དེ་ནི་སྤངས་སོ། ། བློ་གྲོས་ཆེན་པོ་བརྗོད་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གྲགས་པའང་མ་ཡིན། བློ་གྲོས་ཆེན་པོ་བརྗོད་པ་ནི་བྱས་པ་སྟེ། བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་ལ་ལ་ན་མིག་མི་འཛུམས་པས། ལ་ལ་ན་སྣོལ་གྱིས། ལ་ལ་ ན་སྨིན་མ་བསྐྱོད་པས། ལ་ལ་ན་མིག་རིག་རིག་བྱས་པས།
BO
ལ་ལ་ན་བགད་པས། ལ་ལ་ན་གླལ་བས། ལ་ལ་ན་མགུལ་བ་སྩལ་བའི་སྒྲས། ལ་ལ་ན་ཞིང་དྲན་པས། ལ་ལ་ན་ལུས་བསྐྱོད་པས་ཆོས་སྟོན་ཏེ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་སངས་རྒྱས་ཀྱི་ཞིང་མི་འཛུམས་སྤོས་དྲི་ཞིམ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མིག་མི་འཛུམས་པར་ལྟ་བས་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་གཞན་ཡང་རབ་ཏུ་འཐོབ་བོ། ། བློ་གྲོས་ཆེན་པོ་དེ་ལྟར་དེའི་ཕྱིར་བརྗོད་པ་ཡོད་པས་དངོས་པོ་ཐམས་ཅད་ཡོད་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ནི་འཇིག་རྟེན་འདི་ཉིད་ནའང་སྣང་སྟེ། སྲིན་བུ་དང་སྦྲང་མ་ལ་སོགས་པ་སེམས་ཅན་གྱི་ཁྱད་པར་དག་ཀྱང་བརྗོད་པ་མེད་པར་རང་གི་བྱ་བ་བྱེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ནམ་མཁའ་རི་བོང་རྭ་དག་དང་། ། མོ་ཤམ་གྱི་ནི་བུ་དག་ཀྱང་། ། མེད་བཞིན་ཚིག་ཏུ་བརྗོད་པ་ལྟར། ། དངོས་ལ་རྟོག་པའང་དེ་བཞིན་ནོ། ། རྒྱུ་དང་རྐྱེན་རྣམས་འདུས་པ་ལས། ། འབྱུང་བར་བུས་པ་རྣམ་རྟོག་སྟེ། ། ཚུལ་འདི་རབ་ཏུ་མི་ཤེས་པས། ། སྲིད་གསུམ་གནས་ན་རབ་ཏུ་ འཁྱམ།
BO
། ། ། འཕགས་པ་ལང་ཀར་གཤེགས་པ། བམ་པོ་བཞི་པ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་ལ་རྟག་པའི་སྒྲར་ཡང་གསུངས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གང་གི་ཕྱིར་ནོར་བ་འདི་ནི་འཕགས་པ་རྣམས་ལའང་ཕྱིན་ཅི་ལོག་མ་ཡིན་པར་སྣང་བས་ན་ནོར་པ་ལ་བྱའོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་འཇིག་རྟེན་ན་མི་མཁས་པ་དག་གིས་སྨིག་རྒྱུ་དང་། མགལ་མེའི་འཁོར་ལོ་དང་། སྐྲ་ཤད་འཛིངས་པ་དང་། དྲི་ཟའི་གྲོང་ཁྱེར་དང་། སྒྱུ་མ་དང་། རྨི་ལམ་དང་། གཟུགས་བརྙན་དང་། མིག་ཡོར་སྐྱེས་བུ་ཕྱིན་ཅི་ལོག་ཏུ་འཛིན་གྱི་མཁས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། མི་སྣང་བའང་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ནོར་པ་དེ་ནི་རྣམ་པ་དུ་མར་སྣང་བས་ནོར་པ་ལ་མི་རྟག་པར་ཡང་མི་བྱེད་དོ། ། དེ་ཅིའི་ ཕྱིར་ཞེ་ན། འདི་ལྟ་སྟེ། དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་སྤངས་པའི་ཕྱིར་རོ། ། ཇི་ལྟར་ན་ཡང་བློ་གྲོས་ཆེན་པོ་ནོར་བའི་དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་སྤངས་ཤེ་ན། འདི་ལྟ་སྟེ།
BO
{ཡི་དགས་,ཡི་དྭགས་}རྣམས་ཀྱིས་མཐོང་བ་དང་མི་མཐོང་བའི་ཕྱིར་རྒྱ་མཚོའི་རླབས་དང་། གང་གཱའི་ ཆུ་ལྟ་བུར་བྱིས་པ་ཐམས་ཅད་སྤྱོད་ཡུལ་སྣ་ཚོགས་ཀྱི་ཕྱིར་རོ། ། དེ་བས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ནོར་པ་ནི་དངོས་པོ་མ་ཡིན་ནོ། ། འདི་ལྟར་ཆུ་དེ་གཞན་དག་ལ་སྣང་བས་ན་དེའི་ཕྱིར་དངོས་པོ་མེད་པའང་མ་ཡིན་ནོ། ། དེ་ལྟར་ནོར་པ་ནི་འཕགས་པ་རྣམས་ལ་ཕྱིན་ཅི་ལོག་དང་། ཕྱིན་ཅི་ལོག་མ་ཡིན་ པ་རྣམ་པར་སྤངས་པའོ། ། དེ་ལྟར་ཡང་བློ་གྲོས་ཆེན་པོ་དེའི་ཕྱིར་འདི་ལྟ་སྟེ། མཚན་མའི་མཚན་ཉིད་ཐ་དད་པ་མ་ཡིན་པས་ནོར་པ་ནི་རྟག་པ་སྟེ། བློ་གྲོས་ཆེན་པོ་ནོར་པ་ནི་མཚན་མ་སྣ་ཚོགས་རྣམ་པ་མང་པོར་རྣམ་པར་རྟོག་པས་རྣམ་པར་བརྟགས་ཀྱང་ཐ་དད་དུ་མི་འགྱུར་ཏེ། དེས་ན་ དེའི་ཕྱིར་བློ་གྲོས་ཆེན་པོ་ནོར་པ་ནི་རྟག་པའོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་ཡང་ནོར་པ་དེ་ཁོ་ན་ཉིད་ཡིན་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟར་ནོར་པ་འདི་ལ་འཕགས་པ་རྣམས་ཕྱིན་ཅི་ལོག་གི་བློའང་མི་འཇུག ། ཕྱིན་ཅི་ལོག་མ་ཡིན་པའི་བློར་ཡང་མ་ཡིན་ཏེ། བློ་གྲོས་ཆེན་པོ་འཕགས་པ་རྣམས་ནོར་པ་འདི་ལ་ གྱི་ནར་འདུ་ཤེས་པ་ལས་གཞན་དུ་མེད་དེ།
BO
འཕགས་པའི་ཡེ་ཤེས་ཀྱི་དངོས་པོར་འདུ་ཤེས་པ་ནི་མ་ཡིན་ནོ། བློ་གྲོས་ཆེན་པོ་གྱི་ན་ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་བརྗོད་པ་ཡིན་ཏེ། འཕགས་པས་བརྗོད་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ནོར་པ་དེ་ཡང་ཕྱིན་ཅི་ལོག་དང་ཕྱིན་ཅི་ལོག་མ་ཡིན་པར་ རྣམ་པར་བརྟགས་པས་འདི་ལྟ་སྟེ། འཕགས་པའི་རིགས་སམ། བྱིས་པ་སོ་སོའི་སྐྱེ་བོའི་རིགས་དང་། རིགས་གཉིས་འཐོབ་པར་བྱེད་པ་ཡིན་ནོ། ། བློ་གྲོས་ཆེན་པོ་འཕགས་པའི་རིགས་ཀྱང་འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་སུ་དབྱེ་བས་རྣམ་པ་གསུམ་དུ་དབྱེ་ བར་འགྱུར་རོ། ། དེ་ལ་བློ་གྲོས་ཆེན་པོ་ཇི་ལྟར་ན་བྱིས་པ་རྣམས་ཀྱིས་ནོར་པ་ལ་རྣམ་པར་བརྟགས་པས་ཉན་ཐོས་ཀྱི་ཐེག་པའི་རིགས་སྐྱེད་ཅེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པས་མངོན་པར་ཞེན་ན་ཉན་ཐོས་ཀྱི་ཐེག་པའི་རིགས་སུ་འགྱུར་ཏེ། དེ་ལྟར་ན་ བློ་གྲོས་ཆེན་པོ་ནོར་པ་དེ་ཉན་ཐོས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། ། དེ་ལ་བློ་གྲོས་ཆེན་པོ་ཇི་ལྟར་ན་ནོར་པ་དེ་ཉིད་ལ་རྣམ་པར་བརྟགས་པས། རང་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ཞེ་ན།
BO
བློ་གྲོས་ཆེན་པོ་འདི་ལྟ་སྟེ། ནོར་པ་དེ་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མངོན་ པར་ཞེན་པ་དང་། འདུ་འཛི་མེད་པའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་མཁས་པ་རྣམས་ཀྱིས་ནོར་པ་དེ་ཉིད་ལ་རྣམ་པར་བརྟགས་པས་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རང་གི་ སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་ཕྱི་རོལ་ལ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་པས་རྣམ་པར་བརྟགས་ན། སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་འདི་ནི་རིགས་ཏེ་རིགས་ཀྱི་དོན་ཏོ། ། བློ་གྲོས་ཆེན་པོ་བྱིས་པ་རྣམས་ ཀྱིས་ནོར་པ་ལ་དངོས་པོ་སྣ་ཚོགས་ཀྱི་རང་བཞིན་དུ་འདི་ནི་དེ་བཞིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་རྣམ་པར་བརྟགས་པས་ན་འཁོར་བའི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ཏེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་བྱིས་པ་རྣམས་ཀྱིས་ནོར་པ་ལ་དངོས་པོ་སྣ་ཚོགས་སུ་བརྟགས་ཏེ། དེ་ཡང་དངོས་པོ་ཡང་ མ་ཡིན། དངོས་པོ་མེད་པའང་མ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་ནོར་པ་དེ་ཉིད་རྣམ་པར་བརྟགས་པས། འཕགས་པ་རྣམས་ཀྱི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་གནས་ངན་ལེན་གྱི་བག་ཆགས་ཀྱི་རང་བཞིན་གྱི་ཆོས་ལས་གཞན་དུ་གྱུར་པས་ནོར་པ་ནི་འཕགས་པ་རྣམས་ལ་དེ་བཞིན་ ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་དེའི་ཕྱིར་འདི་ལྟར་དེ་བཞིན་ཉིད་ནི་སེམས་ལས་གྲོལ་བའོ། ། ཞེས་སྨྲས་པ་ཡིན་ཏེ། བློ་གྲོས་ཆེན་པོ་ཚིག་འདི་ཉིད་བསྟན་པའི་ཕྱིར་ངས་འདི་སྐད་སྨྲས་ཏེ། རྟོག་པ་རྣམས་ཀྱིས་ཀྱང་རྣམ་པར་སྤངས་པ། རྟོག་པ་ཐམས་ཅད་དང་བྲལ་བའོ། ། ཞེས་བྱ་བའི་བར་དུ་སྨྲས་ པ་ཡིན་ནོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ནོར་པ་མཆིས་སམ་མ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ནོར་པ་ནི་སྒྱུ་མ་ལྟ་བུར་ཡོད་ཀྱིས་མཚན་ཉིད་ལ་མངོན་པར་ཞེན་པ་ནི་ཡོད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་སྟེ་ནོར་པ་མཚན་ཉིད་ལ་མངོན་པར་ཞེན་ པས་ཡོད་དུ་ཟིན་ན། བློ་གྲོས་ཆེན་པོ་དངོས་པོ་ལ་མངོན་པར་ཞེན་པ་མ་བཟློག་པར་འགྱུར་རོ། ། བློ་གྲོས་ཆེན་པོ་འདིའང་རྟེན་ཅིང་འབྲེལ་པར་འབྱུང་བ་པ་དང་། མུ་སྟེགས་བྱེད་ཀྱི་རྒྱུ་ལས་སྐྱེ་བ་བཞིན་དུ་འགྱུར་རོ། །
BO
བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ནོར་པ་དེ་སྒྱུ་མ་དང་འདྲ་ན་ནི། དེའི་ཕྱིར་ནོར་བ་གཞན་གྱི་རྒྱུར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྒྱུ་མ་ནི་གནས་ངན་ལེན་གྱི་ཉེས་པ་འཐོབ་པར་མི་བྱེད་པས་ནོར་པའི་རྒྱུ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་སྒྱུ་མ་ནི་རྣམ་པར་མ་བརྟགས་ན་གནས་ངན་ལེན་གྱི་ཉེས་པ་འཐོབ་པར་མི་བྱེད་དོ། ། བློ་གྲོས་ཆེན་པོ་ ནི་སྐྱེས་བུ་གཞན་གྱི་རིག་སྔགས་ཀྱི་མཐུས་འབྱུང་སྟེ། རང་གི་རྣམ་པར་རྟོག་པའི་གནས་ངན་ལེན་གྱི་བག་ཆགས་ཀྱི་མཐུ་ལས་ནི་མ་ཡིན་ནོ། ། དེ་བས་ན་དེའི་ཕྱིར་དེ་ནི་ཉེས་པ་འཐོབ་པར་བྱེད་པ་མ་ཡིན་ཏེ། དེ་ནི་བློ་གྲོས་ཆེན་པོ་གང་ཅི་ཡང་རུང་བའི་མངོན་པར་ཆགས་པས་བྱིས་པ་རྣམས་ མཚན་མར་ལྟ་བས་སླུ་བ་ཙམ་སྟེ། འཕགས་པ་རྣམས་ལ་ནི་མ་ཡིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། འཕགས་པས་ནོར་པ་མི་མཐོང་སྟེ། ། ཡང་དག་པ་ཡང་སྐབས་དེར་མིན། ། གང་ཕྱིར་སྐབས་དེར་ཡང་དག་ན། ། ནོར་པ་ཡང་དག་ཉིད་དུ་འགྱུར། ། ནོར་པ་ཐམས་ཅད་སྤངས་ནས་ཀྱང་། ། གལ་ཏེ་མཚན་མར་སྐྱེར་ཟིན་ན། ། དེ་ཉིད་དེ་ཡི་ནོར་པ་སྟེ། ། རབ་རིབ་ཡོངས་སུ་མ་དག་བཞིན། །
BO
གཞན་ཡང་བློ་གྲོས་ཆེན་པོ་སྒྱུ་མར་མེད་པ་མ་ཡིན་པ་དང་ཆོས་འཐུན་པ་མཐོང་བས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་མ་ཡིན་ནོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཅི་སྒྱུ་མ་སྣ་ཚོགས་ལ་ མངོན་པར་ཆགས་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལགས་སམ། དེ་སྟེ་ལོག་པ་ལ་མངོན་པར་ཆགས་པའི་མཚན་ཉིད་ཀྱིས་ལགས། བཅོམ་ལྡན་འདས་གལ་ཏེ་སྒྱུ་མ་སྣ་ཚོགས་ལ་མངོན་པར་ཆགས་པའི་མཚན་ཉིད་ཀྱིས་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུ་ལགས་ན་ནི། བཅོམ་ལྡན་འདས་ འོ་ན་དངོས་པོ་རྣམས་སྒྱུ་མ་ལྟ་བུ་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་མཚན་ཉིད་སྣ་ཚོགས་རྒྱུ་མེད་པར་མཐོང་བའི་སླད་དུ་སྟེ། བཅོམ་ལྡན་འདས་གང་གིས་སྒྱུ་མ་བཞིན་དུ་གཟུགས་ཀྱི་མཚན་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བར་འགྱུར་བའི་རྒྱུ་གང་ཡང་མ་མཆིས་སོ། ། དེས་ན་ དེའི་ཕྱིར་བཅོམ་ལྡན་འདས་སྒྱུ་མ་སྣ་ཚོགས་ཀྱི་མཚན་ཉིད་ལ་མངོན་པར་ཆགས་པ་དང་། ཆོས་འཐུན་པས་དངོས་པོ་རྣམས་སྒྱུ་མ་ལྟ་བུ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྒྱུ་མ་སྣ་ཚོགས་ཀྱི་མཚན་ཉིད་ལ་མངོན་པར་ཆགས་པ་དང་།
BO
ཆོས་འཐུན་པས་ཆོས་ཐམས་ ཅད་སྒྱུ་མ་ལྟ་བུ་མ་ཡིན་མོད་ཀྱི། བློ་གྲོས་ཆེན་པོ་ལོག་པ་མྱུར་བའི་གློག་དང་འདྲ་བར་ཆོས་འཐུན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། གློག་འགྱུ་བ་སྐད་ཅིག་ཏུ་འཇིག་པས་ཞིག་པར་ལྟ་བས་མཐོང་བ་ནི་བྱིས་པ་རྣམས་ལ་མི་སྣང་སྟེ། དེ་བཞིན་དུ་བློ་གྲོས་ཆེན་པོ་དངོས་པོ་ཐམས་ ཅད་ཀྱང་རང་གི་རྣམ་པར་རྟོག་པའི་སྤྱིའི་མཚན་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་མེད་པ་དང་། གཟུགས་ཀྱི་མཚན་ཉིད་ལ་མངོན་པར་ཆགས་པས་སྣང་ངོ་། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སྒྱུ་མར་མེད་མིན་ཆོས་འཐུན་པས། ། དངོས་པོ་རྣམས་ནི་ཡོད་པར་བརྗོད། ། ལོག་པར་མྱུར་བའི་གློག་འདྲ་བས། ། དེ་ཕྱིར་སྒྱུ་མ་ལྟ་བུར་ཤེས། ། ཡང་བློ་གྲོས་ཆེན་པོས་གསོལ་པ། གང་འདི་བཅོམ་ལྡན་འདས་ཀྱིས་དངོས་པོ་ཐམས་ཅད་ནི་མ་སྐྱེས་པ་དང་། སྒྱུ་མ་ལྟ་བུའོ་ཞེས་ཀྱང་གསུངས་ཏེ། བཅོམ་ལྡན་འདས་དེ་སྐད་དུ་བཀའ་སྩལ་པ་དངོས་པོ་རྣམས་སྐྱེ་བ་མེད་པ་ལ་སྒྱུ་མ་ལྟ་བུར་བརྗོད་ན་ཁྱོད་ཀྱི་ཚིག་སྔ་ཕྱི་འགལ་ བའི་ནོངས་པར་འགྱུར་གོར་མ་ཆག ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་ངས་དངོས་པོ་རྣམས་སྐྱེ་བ་མེད་པ་ལ་སྒྱུ་མ་ལྟ་བུར་བརྗོད་པ་ནི་ཚིག་སྔ་ཕྱི་འགལ་བའི་ཉེས་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྐྱེ་བ་དང་། སྐྱེ་བ་མེད་པ་དང་རང་གི་སེམས་སྣང་བ་ཙམ་ དུ་རྟོགས་པ་དང་། ཕྱི་རོལ་གྱི་དངོས་པོ་དང་། དངོས་པོ་ཡོད་པ་དང་མེད་པ་ལས་མི་སྐྱེ་བར་མཐོང་བས་ན། བློ་གྲོས་ཆེན་པོ་ངའི་ཚིག་སྔ་ཕྱི་འགལ་བའི་ཉེས་པར་མི་འགྱུར་རོ། ། བློ་གྲོས་ཆེན་པོ་དེ་ནི་མུ་སྟེགས་བྱེད་ཀྱི་རྒྱུའི་ཕྱོགས་ལས་སྐྱེ་བ་གཞིག་པའི་ཕྱིར་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་མ་སྐྱེས་ པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་གླེན་པའི་སྡེ་རྣམས་ནི་དངོས་པོ་རྣམས་ཡོད་པ་དང་མེད་པ་ལས་སྐྱེ་བར་འདོད་དེ། རང་གི་རྣམ་པར་རྟོག་པ་སྣ་ཚོགས་ལ་མངོན་པར་ཆགས་པའི་རྐྱེན་ལས་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ང་ཡི་ནི་ཡོད་ན་ཡང་མ་ཡིན། མེད་ན་ཡང་མི་སྐྱེའོ། ། དེས་ན་དེའི་ ཕྱིར་བློ་གྲོས་ཆེན་པོ་སྐྱེ་བ་མེད་པའི་ཚིག་ཉིད་དུ་བརྗོད་དོ། ། ཡང་བློ་གྲོས་ཆེན་པོ་དངོས་པོར་བསྟན་པ་ནི་འཁོར་བ་ཡོངས་སུ་གཟུང་བ་དང་། མེད་དོ་ཞེས་ཆད་པ་བཟློག་པ་དང་།
BO
ངའི་སློབ་མ་རྣམས་ལས་སྣ་ཚོགས་ཀྱིས་སྐྱེ་བའི་གནས་ཡོངས་སུ་གཟུང་བའི་ཕྱིར་ཏེ། དངོས་པོའི་སྒྲ་གཟུང་བས་ནི་ འཁོར་བ་ཡོངས་སུ་གཟུང་བར་བྱའོ། ། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ལྟ་བ་ངན་པའི་མཚན་ཉིད་ལ་མངོན་པར་ཆགས་ཤིང་། ཆོས་ཐམས་ཅད་ཀྱི་ཡང་དག་པ་གནས་པ་ཇི་ལྟ་བ་བཞིན་མ་ཡིན་པར་མཐོང་བས་བདག་དང་གཞན་ལ་སླུ་བར་གྱུར་ཏ་རེ་ཞེས་སྒྱུ་མ་ལྟ་བུའི་དངོས་པོའི་རང་བཞིན་ དང་། མཚན་ཉིད་དུ་བསྟན་པས་དངོས་པོའི་རང་བཞིན་དང་། མཚན་ཉིད་རྣམ་པར་བཟློག་སྟེ། བྱིས་པ་སོ་སོའི་སྐྱེ་བོའི་ལྟ་བ་ངན་པའི་མཚན་ཉིད་དུ་ལྷུང་བའི་བསམ་པ་ཅན་རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པ། རྒྱུ་དང་། རྐྱེན་དང་། བྱེད་པ་ལས་སྐྱེ་བའི་མཚན་ཉིད་དུ་མངོན་ པར་ཆགས་པ་རྣམས་གླེན་པའི་ཕྱིར། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་གྱི་རང་བཞིན་དང་། མཚན་ཉིད་དུ་བསྟན་ཏོ། ། དེ་ལ་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ཀྱི་ཡང་དག་པ་གནས་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་འདི་ལྟ་སྟེ། རང་གི་སེམས་སྣང་བ་ཙམ་ལ་འཇུག་པའོ། ། དེ་ལ་འདི་སྐད་ཅེས་ བྱ་སྟེ། སྐྱེ་བ་མེད་ལ་རྒྱུ་ཡང་མེད། ། དངོས་པོས་འཁོར་བ་ཀུན་སྡུད་དེ། །
BO
རྒྱུ་ལས་སོགས་དང་འདྲར་མཐོང་ན། ། མཚན་ཉིད་ལ་ནི་རྣམ་མི་རྟག ། གཞན་ཡང་བློ་གྲོས་ཆེན་པོ་མིང་དང་། ཚིག་དང་། ཡི་གེའི་ཚོགས་རབ་ཏུ་རྟོགས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་དོན་དང་། ཚིག་དང་། ཡི་གེའི་རྗེས་སུ་མི་འབྲང་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱེད་པའི་མིང་དང་། ཚིག་དང་། ཡི་གེའི་ཚོགས་ཀྱི་མཚན་ཉིད་རབ་ཏུ་བསྟན་ ཏོ། ། དེ་ལ་བློ་གྲོས་ཆེན་པོ་མིང་གི་ཚོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། དངོས་པོ་གང་ལ་གནས་ཏེ་མིང་དུ་གདགས་པའོ། ། ཚོགས་དེ་ནི་དངོས་པོ་དང་། ཚོགས་དང་། ལུས་ཞེས་བྱ་བ་དོན་ཐ་མི་དད་དེ། བློ་གྲོས་ཆེན་པོ་དེ་ནི་མིང་གི་ཚོགས་སོ། ། བློ་གྲོས་ཆེན་པོ་ཚིག་གི་ཚོགས་ནི་འདི་ལྟ་སྟེ། ཚིག་ གི་དོན་མང་པོ་བདེན་པ་དང་། གདོན་མི་ཟ་བ་དང་། ཐུག་པ་དང་། དམིགས་པ་ཞེས་བྱ་བ་དོན་ཐ་མི་དད་དེ། བློ་གྲོས་ཆེན་པོ་དེ་ནི་ཚིག་གི་ཚོགས་ངས་བསྟན་པ་བྱས་སོ། ། ཡང་བློ་གྲོས་ཆེན་པོ་ཡི་གེའི་ཚོགས་ནི་འདི་ལྟ་སྟེ། གང་གིས་མིང་དང་ཚིག་སྣང་བར་བྱེད་པ་ཡིན་ཏེ། ཡི་གེ་དང་།
BO
རྟགས་ དང་། མཚན་མ་དང་། དམིགས་པ་དང་། འདོགས་པ་ཞེས་བྱ་བ་ནི་དོན་ཐ་མི་དད་དོ། ། གཞན་ཡང་བློ་གྲོས་ཆེན་པོ་ཚིག་གི་ཚོགས་ནི་འདི་ལྟ་སྟེ། ཚིག་ཐུག་པའོ། ། བློ་གྲོས་ཆེན་པོ་མིང་ནི་འདི་ལྟ་སྟེ། ཡི་གེ་རྣམས་ཀྱི་རང་གི་མིང་ཐ་དད་པ་ཨ་ཞེས་བྱ་བ་ནས་ཧའི་བར་དུའོ། ། དེ་ལ་བློ་གྲོས་ཆེན་ པོ་ཡི་གེའི་ཚོགས་ནི་འདི་ལྟ་སྟེ། ཐུང་དུ་འདྲེན་པ་དང་། རིང་དུ་འདྲེན་པ་དང་། ཡི་གེའི་མཇུག་གོ། ། དེ་ལ་བློ་གྲོས་ཆེན་པོ་ཚིག་གི་ཚོགས་ནི་གླང་པོ་ཆེ་དང་། རྟ་དང་། མི་དང་། {རི་དགས་,རི་དྭགས་}དང་། བ་ལང་དང་། མ་ཧེ་དང་། ལུག་དང་། ཕྱུགས་ལ་སོགས་པ་གང་ས་ལ་འགྲོ་བ་རྣམས་ནི་ཚིག་གི་ ཚོགས་ཞེས་བྱ་བའི་མིང་འཐོབ་བོ། ། ཡང་བློ་གྲོས་ཆེན་པོ་མིང་དང་། ཡི་གེ་ནི་ཕུང་པོ་གཟུགས་མེད་པ་བཞི་རྣམས་མིང་གིས་བརྗོད་པའི་ཕྱིར་མིང་ངོ་། ། ཡི་གེ་ནི་རང་གི་མཚན་ཉིད་ཀྱིས་སྣང་བར་བྱེད་པས་ན་ཡི་གེའོ། ། བློ་གྲོས་ཆེན་པོ་དེ་ནི་མིང་དང་། ཚིག་དང་། ཡི་གེའི་ཚོགས་རྣམས་ཀྱི་ མིང་དང་ཚིག་བརྗོད་པའི་མཚན་ཉིད་དེ། དེ་ལ་ཁྱོད་ཀྱིས་འདྲིས་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཚིག་དང་ཡི་གེའི་ཚོགས་རྣམས་དང་། །
BO
མིང་ལའང་རྣམ་པའི་བྱེ་བྲག་ཏུ། ། མི་ཤེས་བྱིས་པ་ཆགས་པ་ནི། ། གླང་པོ་ཆེན་པོ་རྫབ་སོང་བཞིན། ། གཞན་ཡང་བློ་གྲོས་ཆེན་པོ་མ་འོངས་ པའི་དུས་ན། མི་མཁས་པ་ལ་ལོག་པའི་རྟོག་གེ་པ་དག་ལ་མཁས་པ་དག་གིས་དྲིས་ཏེ། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པར་ལྟ་བའི་མཚན་ཉིད་ལས་རྣམ་པར་གྲོལ་བ། མཐའ་གཉིས་ཀྱི་ཚུལ་དྲིས་ན། རིགས་པ་དང་། རྒྱུ་དང་། བློ་མེད་པས་འདི་ནི་དྲི་བ་མ་ ཡིན་ཏེ། ཚུལ་བཞིན་མ་ཡིན་ནོ་ཞེས་དེ་སྐད་ཅེས་ཟེར་རོ། ། འདི་ལྟ་སྟེ། གཟུགས་ལ་སོགས་པ་དང་། མི་རྟག་པ་གཅིག་གམ་ཐ་དད་ཅེས་བྱ་བ་དང་། དེ་བཞིན་དུ་འདུ་བྱེད་ལས་མྱ་ངན་ལས་འདས་པ་དང་། མཚན་ལས་མཚན་གྱི་གཞི་དང་། ཡོན་ཏན་ལས་ཡོན་ཏན་ཅན་དང་། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། སྣང་བ་ལས་མཐོང་བ་དང་། རྡུལ་ལས་རྡུལ་ཕྲ་མོ་དང་། ཡེ་ཤེས་ལས་རྣལ་འབྱོར་ཅན་རྣམས་དང་། དེ་དག་ལ་སོགས་པ་གཅིག་ནས་གཅིག་ཏུ་{གོ་རིམས་ཀྱི་,གོ་རིམ་གྱི་}མཚན་ཉིད་ཀྱི་ཚུལ་གྱིས་ལུང་བསྟན་པ་རྣམས་དྲིས་ན་འདི་ནི་གཞག་པ་སྟེ། བཅོམ་ལྡན་འདས་ཀྱིས་ལུང་ མ་བསྟན་ཏོ་ཞེས་ཟེར་རོ། །
BO
སྐྱེས་བུ་གཏི་མུག་པ་དེ་དག་ནི་ཇི་ལྟར་ཉན་པ་རྣམས་བློ་དང་མི་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སེམས་ཅན་རྣམས་ཀྱི་སྐྲག་པའི་གནས་སྤང་བའི་ཕྱིར་ལུང་མི་བསྟན་པ་རྣམས་ལུང་མི་སྟོན་ཏོ། ། དེ་ནི་བློ་གྲོས་ཆེན་ པོ་མུ་སྟེགས་བྱེད་ཀྱི་ལྟ་བ་གཞིག་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་བཤད་དོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ནི་འདི་སྐད་ཅེས་སྨྲ་སྟེ། འདི་ལྟར་ལུས་དེ་ནི་སྲོག་དང་བཅས་པའོ། ། ལུས་ཀྱང་གཞན་སྲོག་ཀྱང་གཞན་ནོ་ཞེས་དེ་ལ་སོགས་པ་ལུང་དུ་མི་སྟོན་པར་སྨྲ་སྟེ། བློ་གྲོས་ཆེན་པོ་ལུང་དུ་མི་སྟོན་པ་ནི་མུ་སྟེགས་ཅན་རྒྱུ་ལ་རྣམ་པར་རྨོངས་པ་རྣམས་ཀྱི་ཡིན་ཏེ། ངའི་གསུང་རབ་ལ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ངའི་གསུང་རབ་གཟུང་བ་དང་། འཛིན་པ་དང་མི་ལྡན་པ་ལ་ནི་རྣམ་པར་རྟོག་པའང་མི་འཇུག་ན། དེ་དག་ལ་གཞག་པ་ལྟ་ག་ལ་ཡོད། བློ་གྲོས་ ཆེན་པོ་གང་གཟུང་བ་དང་། འཛིན་པ་ལ་མངོན་པར་ཆགས་ཤིང་རང་གི་སེམས་སྣང་བ་ཙམ་དུ་མི་ཤེས་པའི་བློ་ཅན་དེ་དག་ལ་ནི་བཞག་པ་ཡོད་དོ། །
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཚིག་དྲིས་པ་ལ་ལུང་བསྟན་པ་རྣམ་པ་ བཞིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། བློ་གྲོས་ཆེན་པོ་གཞག་པ་ཞེས་བྱ་བ་དེ་ནི་ངས་དུས་གཞན་དུ་བསྟན་པར་བྱས་པ་ཡིན་ཏེ། དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ལ་གཞག་པ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་བྱ་བ་དང་བྱེད་པ་མེད་པ་སྟེ། བྱེད་པ་མེད་པས་ན་མི་ སྐྱེའོ། ། དེའི་ཕྱིར་ཆོས་ཐམས་ཅད་ནི་མ་སྐྱེས་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟར་རང་གི་བློས་རྣམ་པར་དཔྱད་ན་རང་དང་སྤྱིའི་མཚན་ཉིད་ཀྱིས་དངོས་པོ་མི་རིགས་པས་ན་དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ ཞེས་བྱའོ། ། དེ་ལ་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་བླང་བ་དང་། དོར་བ་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟར་རང་དང་སྤྱིའི་མཚན་ཉིད་བླང་ན་ཡང་བླང་དུ་མེད་དོར་ན་ཡང་དོར་དུ་མེད་དོ། ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་བླང་བ་དང་དོར་བ་མེད་པའོ། །
BO
ཡང་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་མ་འགགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དངོས་པོའི་ངོ་བོ་ཉིད་དང་། མཚན་ཉིད་མེད་པས་ན་ཆོས་ཐམས་ཅད་མི་དམིགས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་མ་འགགས་པ་ཞེས་བྱའོ། ། དེ་ལ་ཡང་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་མི་རྟག་ པ་ཡིན་ཏེ། དེ་ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེ་ན། མཚན་ཉིད་སྐྱེ་བ་མི་རྟག་པ་ཡིན་པས་དེའི་ཕྱིར་ཆོས་ཐམས་ཅད་མི་རྟག་པ་ཞེས་བྱའོ། ། དེ་ལ་ཡང་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་རྟག་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། མཚན་ཉིད་སྐྱེ་བ་མི་སྐྱེ་བའི་དངོས་པོ་རྟག་པས་བརྟགས་ པ་སྟེ། དེའི་ཕྱིར་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་རྟག་པ་ཞེས་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ལུང་བསྟན་པ་ནི་རྣམ་བཞི་སྟེ། ། མགོ་གཅིག་དང་ནི་དྲི་བ་དང་། ། རྣམ་པར་དབྱེ་དང་གཞག་པ་རྣམས། ། མུ་སྟེགས་བྱེད་ཀྱི་སྨྲ་བཟློག་པའོ། ། ཡོད་དང་མེད་ལས་སྐྱེ་བར་ནི། ། བྱེ་བྲག་ པ་དང་གྲངས་ཅན་ཞེས། ། ལུང་དུ་མི་སྟོན་ཐམས་ཅད་ཀྱང་། ། དེ་དག་ཉིད་ཀྱིས་རབ་ཏུ་བསྟན། ། བློ་ཡིས་རྣམ་པར་གཞིགས་ན་ཡང་། ། གང་ཕྱིར་རང་བཞིན་མི་རིག་སྟེ། ། དེ་ཕྱིར་དེ་དག་བརྗོད་དུ་མེད། །
BO
ངོ་བོ་ཉིད་ཀྱང་མེད་པར་བསྟན། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱུན་དུ་ཞུགས་པའི་འགྲོ་བ་རབ་ཏུ་དབྱེ་བའི་ཚུལ་གྱིས་མཚན་ཉིད་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་རྒྱུན་དུ་ཞུགས་པ་རྣམས་ཀྱི་རྒྱུན་དུ་ཆུད་པའི་འགྲོ་ བ་རབ་ཏུ་དབྱེ་བའི་ཚུལ་གྱིས་མཚན་ཉིད་ལ་མཁས་པས། གོང་ནས་གོང་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་འགྱུར་བའི་ཐབས་ཀྱི་མཚན་ཉིད་ཀྱི་རྣམ་པར་ཤེས་ཤིང་སེམས་ཅན་རྣམས་ལ་དེ་ལྟ་དེ་ལྟ་བུར་ཆོས་བསྟན་པ་དང་། ཅི་ནས་བདག་མེད་པའི་མཚན་ ཉིད་གཉིས་དང་། སྒྲིབ་པ་གཉིས་སོ་སོ་རྣམ་པར་སྦྱངས་ཏེ། ས་རྣམས་ཀྱི་སའི་མཚན་ཉིད་ལས་འདའ་བ་རྟོགས་པར་ཁོང་དུ་ཆུད་པས་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་འགྲོ་བ་དང་། ཡུལ་དང་། སྤྱོད་ཡུལ་རབ་ཏུ་རྙེད་ནས་གཟུགས་སྣ་ཚོགས་ཀྱི་ནོར་བུ་དང་འདྲ་བས་སེམས་ ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་བ་དང་། ཆོས་ཐམས་ཅད་ཀྱི་ཡུལ་དང་།
BO
འགྲོ་བ་ལ་འདོད་པ་བཞིན་དུ་ལོངས་སྤྱོད་པས་ཉེ་བར་འཚོ་བར་འགྱུར་བའི་རྒྱུན་དུ་ཞུགས་པ་རྣམས་ཀྱི་རྒྱུན་དུ་ཆུད་པའི་འགྲོ་བ་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ། བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་རྒྱུན་དུ་ཞུགས་པ་རྣམས་ཀྱི་རྒྱུན་དུ་ཆུད་པའི་འབྲས་བུ་རབ་ཏུ་དབྱེ་བ་ནི་འདི་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཐ་མ་དང་། བར་མ་དང་། མཆོག་གོ། ། དེ་ལ་བློ་གྲོས་ཆེན་པོ་ཐ་མ་ནི་པོ་ཟོས་ཀྱང་ཚེའི་སྲིད་པ་བདུན་ནོ། ། ཡང་ བློ་གྲོས་ཆེན་པོ་བར་མ་ནི་སྲིད་པ་གསུམ་དང་། ལྔས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའོ། ། བློ་གྲོས་ཆེན་པོ་མཆོག་གི་ནི་ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའོ། ། བློ་གྲོས་ཆེན་པོ་གསུམ་པོ་དེ་དག་ལ་ཀུན་ནས་སྦྱོར་བ་གསུམ་སྟེ། ཆེན་པོ་དང་། བར་མ་དང་།
BO
ཆུང་ངུ་ ཡིན་ནོ། ། དེ་ལ་བློ་གྲོས་ཆེན་པོ་ཀུན་ནས་སྦྱོར་བ་གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཙོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་སྙེམས་པ་དང་། བློ་གྲོས་ཆེན་པོ་དེ་དག་ནི་ཀུན་ནས་སྦྱོར་བ་གསུམ་རྣམས་ཏེ། བྱེ་བྲག་གིས་གོང་ནས་གོང་དུ་དགྲ་བཅོམ་པ་ རྣམས་ཀྱི་དགྲ་བཅོམ་པའི་འབྲས་བུར་འགྱུར་རོ། ། དེ་ལ་བློ་གྲོས་ཆེན་པོ་འཇིག་ཚོགས་ལ་ལྟ་བ་ཡང་རྣམ་པ་གཉིས་སོ། ། འདི་ལྟ་སྟེ། ལྷན་ཅིག་སྐྱེས་པ་དང་། ཡོངས་སུ་བརྟགས་པ་སྟེ། གཞན་གྱི་དབང་ལས་ཡོངས་སུ་བརྟགས་པའི་རང་བཞིན་ནོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་གཞན་གྱི་དབང་ གི་རང་གི་རང་བཞིན་གྱི་གནས་ལ་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པ་སྣ་ཚོགས་འབྱུང་སྟེ། དེ་ལ་ཡང་ཀུན་བརྟགས་པས་མཚན་ཉིད་པས་ན། དེ་ལ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། ཡོད་མེད་གཉིས་ཀ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་སྨིག་རྒྱུ་ལ་{རི་དགས་,རི་དྭགས་}ལྟ་བུར་སྣ་ ཚོགས་ཀྱི་རང་བཞིན་གྱི་མཚན་ཉིད་ལ་མངོན་པར་ཆགས་པས་བྱིས་པ་དག་རྣམ་པར་རྟོག་གོ། ། བློ་གྲོས་ཆེན་པོ་དེ་ནི་རྒྱུན་དུ་ཞུགས་པའི་ཀུན་བརྟགས་པའི་འཇིག་ཚོགས་ལ་ལྟ་བ་སྟེ།
BO
མི་ཤེས་པས་ཡུན་རིང་པོར་མངོན་པར་ཞེན་པ་བསགས་པའོ། ། དེ་ཡང་གང་ཟག་ལ་བདག་མེད་པའི་ཕྱིར་ འཛིན་པ་མེད་པས་སྤངས་པར་འགྱུར་རོ། ། བློ་གྲོས་ཆེན་པོ་རྒྱུན་དུ་ཞུགས་པའི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ནི་བདག་དང་གཞན་གྱི་ལུས་མཉམ་པ་ཉིད་དང་། ཕུང་པོ་བཞི་གཟུགས་མེད་པའི་མཚན་ཉིད་དང་། གཟུགས་སྐྱེ་བ་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། འབྱུང་ བ་རྣམས་ཕན་ཚུན་དུ་རྒྱུའི་མཚན་ཉིད་ཀྱི་ཕྱིར་གཟུགས་འབྱུང་བ་མ་ཡིན་ནོ་ཞེས་བྱ་སྟེ། རྒྱུན་དུ་ཞུགས་པས་ཡོད་པ་དང་། མེད་པའི་ཕྱོགས་སུ་ལྟ་བ་མ་མཐོང་བའི་ཕྱིར་འཇིག་ཚོགས་ལ་ལྟ་བ་སྤངས་པར་འགྱུར་རོ། ། དེ་བས་ན་དེ་ལྟར་འཇིག་ཚོགས་ལ་ལྟ་བ་སྤངས་པ་ལ་འདོད་ཆགས་མི་འབྱུང་སྟེ། བློ་གྲོས་ཆེན་པོ་དེ་ནི་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་ཐེ་ཙོམ་གྱི་མཚན་ཉིད་ནི་འདི་ལྟ་སྟེ། ཁོང་དུ་ཆུད་པ་འཐོབ་པའི་ཆོས་དང་། ཤིན་ཏུ་མཐོང་བའི་མཚན་ཉིད་ཀྱི་ཕྱིར་སྔ་མའི་འཇིག་ཚོགས་ལ་ལྟ་བ་གཉིས་སུ་རྣམ་པར་རྟོག་པ་སྤངས་པའི་ཕྱིར་ཆོས་རྣམས་ལ་ཐེ་ཙོམ་མེད་ པར་འགྱུར་ཏེ། དེ་དག་པ་དང་མ་དག་པས་སྟོན་པ་གཞན་ལ་ལྟ་བར་མི་འགྱུར་རོ། །
BO
དེ་ནི་བློ་གྲོས་ཆེན་པོ་རྒྱུན་དུ་ཞུགས་པའི་ཐེ་ཙོམ་གྱི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་ཇི་ལྟར་རྒྱུན་དུ་ཞུགས་པ་ཚུལ་ཁྲིམས་མི་སྙེམས་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་བའི་སྐྱེ་བ་གནས་ཀྱི་མཚན་ཉིད་རབ་ཏུ་མཐོང་ བས་མི་སྙེམས་སོ། ། བློ་གྲོས་ཆེན་པོ་སྙེམས་པ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་མི་འགྱུར་བ་དག་གིས་བྱིས་པ་སོ་སོའི་སྐྱེ་བོ་ལོངས་སྤྱོད་དང་། བདེ་བ་འདོད་པ་རྣམས་འཁོར་བར་སྐྱེ་བ་གཉེར་ཏེ། དེས་མི་སྙེམས་སོ། ། དེ་དེ་ལྟར་མི་སྙེམས་པ་ཡང་གཞན་དུ་ བདག་གིས་སོ་སོ་རང་གིས་རིག་པའི་ཁྱད་པར་དུ་འགྲོ་བར་ཡོངས་སུ་སྔོ་སྟེ། ཚུལ་ཁྲིམས་ཀྱི་ཡན་ལག་གིས་རྣམ་པར་མི་རྟོག་པ། ཟག་པ་མེད་པའི་ཆོས་ཀྱི་མཚན་ཉིད་ལྟ་བུར་རབ་ཏུ་སྦྱོར་རོ། ། དེ་ནི་བློ་གྲོས་ཆེན་པོ་རྒྱུན་དུ་ཞུགས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པའི་མཚན་ཉིད་ཡིན་ ནོ། ། བློ་གྲོས་ཆེན་པོ་ཀུན་ནས་སྦྱོར་བ་གསུམ་སྤངས་པའི་རྒྱུན་དུ་ཞུགས་པ་ལ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མི་འབྱུང་ངོ་། ། བློ་གྲོས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་ཀྱིས་འདོད་ཆགས་ནི་རྣམ་པ་མང་དུ་བསྟན་ན།
BO
དེའི་འདོད་ཆགས་གང་སྤངས་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཡུལ་ལ་ལུས་ཀྱི་དབང་པོའི་འདོད་ཆགས་བུད་མེད་དང་ཕྲད་པ་ལས་སྐྱེས་པ། ད་ལྟར་བདེ་བ་ལ་མ་འོངས་པ་ན་སྡུག་བསྔལ་སྐྱེ་བའི་རྒྱུར་འགྱུར་བ། ཁུ་ཚུར་དང་། ཐལ་མོ་དང་། མཐང་སྤྲད་པ་དང་། འོ་བྱེད་པ་དང་། འཁྱུད་ པ་དང་། སྣོམ་པ་དང་། མིག་ཟུར་གྱིས་བལྟ་བ་དག་གི་འདོད་ཆགས་དེ་དག་དེ་ལ་མི་འབྱུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ཐོབ་པས་སྤངས་པ་ཡིན་ཏེ། དེའི་མྱ་ངན་ལས་འདས་པ་རྟོགས་པར་བྱ་བའི་འདོད་ཆགས་ནི་མ་སྤངས་སོ། ། བློ་གྲོས་ཆེན་པོ་ ལན་ཅིག་ཕྱིར་འོང་བའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། མཚན་མར་ལྟ་བའི་མཚན་གྱི་གཞི་དང་། མཚན་ཉིད་མེད་པས་གཟུགས་ཀྱི་མཚན་ཉིད་དུ་སྣང་བའི་རྣམ་པར་རྟོག་པ་ལན་ཅིག་འབྱུང་ངོ་། ། བསམ་གཏན་གྱི་ཡུལ་གྱི་མཚན་ཉིད་རབ་ཏུ་མཐོང་བས་འཇིག་རྟེན་འདིར་ལན་ཅིག་འོངས་ ནས་སྡུག་བསྔལ་མཐར་དབྱུང་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། ། དེ་ལ་བློ་གྲོས་ཆེན་པོ་ཇི་ལྟར་ན་ཕྱིར་མི་འོང་བ་ཡིན་ཞེ་ན། འདི་ལྟ་སྟེ། འདས་པ་དང་།
BO
མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ཀྱི་མཚན་ཉིད་དངོས་པོ་ཡོད་པ་དང་། མེད་པ་ལ་མི་འཇུག་པ་དང་། ལྟ་བའི་ཉེས་པ་བག་ལ་ཉལ་གྱི་རྣམ་པར་རྟོག་པ་མི་འོང་བས་ན་ཕྱིར་མི་འོང་བ་སྟེ། ཀུན་ནས་སྦྱོར་བ་རྣམས་སྤངས་པས་ན་ཕྱིར་མི་འོང་བ་ཞེས་བྱའོ། ། བློ་གྲོས་ཆེན་པོ་དགྲ་བཅོམ་པ་ནི་བསམ་གཏན་དང་། བསམ་གཏན་དུ་བྱ་བ་དང་། ཏིང་ངེ་འཛིན་དང་། རྣམ་ པར་ཐར་པ་དང་། སྟོབས་དང་། མངོན་པར་ཤེས་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་ལ་རྣམ་པར་རྟོག་པ་མེད་པས་དགྲ་བཅོམ་པ་ཞེས་བྱའོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ་གསུམ་དུ་བཀའ་སྩལ་ན། བཅོམ་ལྡན་འདས་དགྲ་བཅོམ་ པའི་སྒྲ་འདི་གང་དང་སྦྱར། ཅི་བཅོམ་ལྡན་འདས་ཞི་བ་ཕྱོགས་གཅིག་གི་ལམ་རབ་ཏུ་ཐོབ་པའམ། དེ་སྟེ་བྱང་ཆུབ་ཏུ་སྨོན་ལམ་གོམས་པ་དགེ་བའི་རྩ་བ་ལ་རྨོངས་པའམ། འོན་ཏེ་འཕྲུལ་པས་སྤྲུལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཞི་བ་ཕྱོགས་གཅིག་གི་ ལམ་རབ་ཏུ་ཐོབ་པའི་ཉན་ཐོས་ཡིན་ཏེ། གཞན་དག་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་ན་སྨྲ་བ་དང་།
BO
སངས་རྒྱས་འཕྲུལ་པས་སྤྲུལ་པ་གཞན་རྣམས་ནི་ཐབས་ལ་མཁས་པ་དང་། སྨོན་ལམ་སྔོན་དུ་འགྲོ་བས་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ མཛེས་པར་བྱ་བའི་ཕྱིར་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་བ་སྟོན་ཏོ། ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་འཇུག་པའི་གནས་གཞན་སྣ་ཚོགས་བསྟན་པ་ནི་འདི་ལྟ་སྟེ། འབྲས་བུ་ཐོབ་པར་བྱ་བའི་བསམ་གཏན་དང་། བསམ་གཏན་དུ་བྱ་བ་དང་། བསམ་གཏན་པ་ལས་རྣམ་པར་དབེན་པ་དང་། རང་ གི་སེམས་སྣང་བར་ཁས་ལེན་པས་འབྲས་བུ་ཐོབ་པས་མཚན་ཉིད་དུ་བསྟན་ཏོ། ། གཞན་ཡང་བློ་གྲོས་ཆེན་པོ་གལ་ཏེ་རྒྱུན་དུ་ཞུགས་པ་འདི་སྙམ་དུ་འདི་དག་ནི་ཀུན་ནས་སྦྱོར་བ་ཡིན་ཏེ། བདག་ནི་འདི་དག་དང་མི་ལྡན་པར་སེམས་ན་གཉིས་སུ་གྱུར་ཅིང་བདག་ཏུ་ལྟ་བར་ལྷུང་བ་དང་། ཀུན་ནས་སྦྱོར་ བ་མ་སྤངས་པར་འགྱུར་རོ། ། གཞན་ཡང་བློ་གྲོས་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་ཁམས་ལས་ཤིན་ཏུ་བཟླ་བའི་ཕྱིར་རང་གི་སེམས་སྣང་བའི་མཚན་ཉིད་ལས་ལྡོག་པར་བྱ་སྟེ། འདུ་ཤེས་དང་། ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ནི་སེམས་ཙམ་པས་ན། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་ལས་དེ་ཡང་འདའ་བར་མི་རུང་ངོ་། །
BO
དེ་ལ་འདི་སྐད་ཅེས་བྱ་སྟེ། བསམ་གཏན་རྣམས་དང་ཚད་མེད་དག ། ཏིང་ངེ་འཛིན་དང་གཟུགས་མེད་རྣམས། ། འདུ་ཤེས་འགོག་པ་མ་ལུས་པར། ། སེམས་ཙམ་ལ་ནི་ཡོད་པ་མིན། ། རྒྱུན་དུ་ཆུད་ཀྱི་འབྲས་བུ་ དང་། ། ལན་ཅིག་འོང་གི་དེ་བཞིན་ཏེ། ། ཕྱིར་མི་འོང་བའི་འབྲས་བུ་དང་། ། དགྲ་བཅོམ་ཉིད་ཀྱང་སེམས་འཁྲུལ་པར། ། བསམ་གཏན་བསམ་བྱ་བསམ་གཏན་པ། ། སྤོང་དང་བདེན་པ་མཐོང་བ་དང་། ། དེ་དག་རྟོག་པ་ཙམ་ཡིན་པར། ། གང་གིས་རྟོག་པ་དེ་འགྲོལ་ལོ། ། གཞན་ཡང་བློ་ གྲོས་ཆེན་པོ་བློ་རྣམ་པ་གཉིས་ཏེ། རབ་ཏུ་རྣམ་པར་འབྱེད་པའི་བློ་དང་། རྣམ་པར་རྟོག་པའི་མཚན་ཉིད་འཛིན་པ་ལ་མངོན་པར་ཆགས་པས་རབ་ཏུ་འཇོག་པའི་བློའོ། ། དེ་ལ་བློ་གྲོས་ཆེན་པོ་རབ་ཏུ་རྣམ་པར་འབྱེད་པ་བློ་ཞེས་བྱ་བ་ནི་འདི་ལྟ་སྟེ། བློ་གང་གིས་དངོས་པོའི་རང་བཞིན་དང་། མཚན་ཉིད་ལ་ རབ་ཏུ་གཞིགས་ན་མཐའ་བཞི་དང་བྲལ་བ་མི་དམིགས་ཏེ། དེ་ནི་རབ་ཏུ་རྣམ་པར་འབྱེད་པའི་བློའོ། ། དེ་ལ་བློ་གྲོས་ཆེན་པོ་མཐའ་བཞི་ནི་འདི་ལྟ་སྟེ། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། རྟག་ པ་དང་། མི་རྟག་པ་དང་བྲལ་བ་ནི་མཐའ་བཞི་ཞེས་བཤད་དོ། །
BO
བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་མཐའ་བཞི་པོ་དེ་དག་དང་བྲལ་བ་ཞེས་བྱའོ། ། བློ་གྲོས་ཆེན་པོ་མཐའ་བཞི་པོ་འདི་ཆོས་ཐམས་ཅད་ཡོངས་སུ་བརྟགས་པ་ལ་རབ་ཏུ་སྦྱར་བར་བྱའོ། ། དེ་ལ་བློ་གྲོས་ཆེན་པོ་རྣམ་པར་རྟོག་ པའི་མཚན་ཉིད་འཛིན་པ་ལ་མངོན་པར་ཆགས་པས་རབ་ཏུ་འཇོག་པའི་བློ་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པའི་མཚན་ཉིད་འཛིན་པ་ལ་མངོན་པར་ཆགས་པ་གང་གིས་ཚ་བ་དང་། གཤེར་བ་དང་། གཡོ་བ་དང་། སྲ་བ་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པའི་ མཚན་ཉིད་འབྱུང་བ་ཆེན་པོ་རྣམས་སུ་དམ་འཆའ་བ་དང་། རྒྱུ་དང་། མཚན་ཉིད་དང་། དཔེ་ལ་མངོན་པར་ཆགས་པས་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པས་སྒྲོ་འདོགས་ཏེ། དེ་ནི་རྣམ་པར་རྟོག་པའི་མཚན་ཉིད་འཛིན་པ་ལ་མངོན་པར་ཆགས་པས་རབ་ཏུ་འཇོག་པའི་བློའོ། ། བློ་ གྲོས་ཆེན་པོ་དེ་ནི་བློ་གཉིས་ཀྱི་མཚན་ཉིད་དེ། བློ་གཉིས་ཀྱི་མཚན་ཉིད་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དང་གང་ཟག་ལ་བདག་མེད་པའི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་ཅིང་། སྣང་བ་མེད་པའི་བློ་རབ་ཏུ་རྣམ་པར་འབྱེད་པ་སྤྱོད་པའི་ས་ལ་མཁས་པ་རྣམས་ ས་དང་པོ་རབ་ཏུ་འཐོབ་སྟེ།
BO
ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག ། ཏིང་ངེ་འཛིན་གྱི་བྱེ་བྲག་རབ་ཏུ་ཐོབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྒྱ་ཡང་མཐོང་། བསྐལ་པ་བརྒྱར་ཐོག་མའི་མཐའ་དང་། ཐ་མའི་མཐར་འཇུག་ཞིང་བརྒྱ་ཡང་སྣང་བར་བྱེད་དེ། ཞིང་བརྒྱ་ཡང་སྣང་ བར་བྱས་ནས་གོང་ནས་གོང་དུ་སའི་མཚན་ཉིད་ཀྱི་ཆོ་ག་ཤེས་ཏེ། སྨོན་ལམ་གྱི་བྱེ་བྲག་གིས་རྣམ་པར་འཕྲུལ་ཞིང་ཆོས་ཀྱི་སྤྲིན་གྱི་དབང་བསྐུར་བས་དབང་བསྐུར་ཏེ། དེ་བཞིན་གཤེགས་པའི་སོ་སོ་རང་གི་ས་ཐོབ་ནས་མཐར་ཐུག་པའི་གནས་བཅུ་དང་རབ་ཏུ་ལྡན་པའི་ཆོས་སུ་གྱུར་ཏེ། སོ་སོ་ རང་གིས་རིག་པའི་བདེ་བས་མཉམ་པར་བཞག་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྲུལ་པའི་འོད་ཟེར་སྣ་ཚོགས་ཀྱིས་རྣམ་པར་མཛེས་སོ། ། བློ་གྲོས་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འབྱུང་བ་ཆེན་པོ་དང་། འབྱུང་བ་ལས་གྱུར་པ་ལ་མཁས་པར་ བྱའོ། ། བློ་གྲོས་ཆེན་པོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྱུང་བ་ཆེན་པོ་དང་། འབྱུང་བ་ལས་གྱུར་པ་ལ་མཁས་པ་ཡིན་ཞེ་ན། བློ་གྲོས་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ཡང་དག་པར་རབ་ཏུ་སློབ་སྟེ།
BO
གང་ལ་འབྱུང་བ་ཆེན་པོ་སྐྱེ་བ་ མེད་པ་དེ་ནི་བདེན་པའོ། ། འབྱུང་བ་ཆེན་པོ་འདི་དག་ནི་ཡང་དག་པར་མ་བྱུང་བའོ་ཞེས་རབ་ཏུ་མཐོང་ངོ་། ། དེ་ལྟར་རབ་ཏུ་མཐོང་བས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པ་དང་། ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པའི་ཕྱིར་འདི་ལྟ་སྟེ། ཁམས་གསུམ་འདི་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་ པ་མེད་པ། མིང་དང་རྣམ་པར་རྟོག་པ་ཙམ། མིང་དང་རང་གི་སེམས་སྣང་བ་རྣམ་པར་རྟོག་པ་ཙམ་སྟེ། མཐའ་བཞིའི་ཚུལ་རྣམ་པར་དག་པ་བདག་དང་། བདག་གི་མེད་པ། རང་གི་མཚན་ཉིད་ཀྱི་གནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པ། རང་གི་མཚན་ཉིད་མ་སྐྱེས་པར་གྲུབ་པར་ རབ་ཏུ་མཐོང་ངོ་། ། དེ་ལ་བློ་གྲོས་ཆེན་པོ་ཇི་ལྟར་ན་འབྱུང་བ་ཆེན་པོ་རྣམས་ཀྱི་འབྱུང་བ་ལས་གྱུར་པ་ཡིན་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་གཤེར་བར་རྣམ་པར་རྟོག་པ་འབྱུང་བ་ཆེན་པོ་ནི་ཕྱི་ནང་གི་ཆུའི་ཁམས་སྒྲུབ་བོ། ། བློ་གྲོས་ཆེན་པོ་ཚ་བར་རྣམ་པར་རྟོག་པ་འབྱུང་བ་ཆེན་པོ་ནི་ཕྱི་ནང་གི་མེའི་ ཁམས་སྒྲུབ་བོ། ། བློ་གྲོས་ཆེན་པོ་གཡོ་བར་རྣམ་པར་རྟོག་པ་འབྱུང་བ་ཆེན་པོ་ནི་ཕྱི་ནང་གི་རླུང་གི་ཁམས་སྒྲུབ་བོ། །
BO
བློ་གྲོས་ཆེན་པོ་གཟུགས་ཀྱི་བྱེ་བྲག་འབྱེད་པ་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོ་ནི་ཕྱི་ནང་གི་སའི་ཁམས་ནམ་མཁའ་དང་བཅས་པ་བསྐྱེད་དོ། ། ལོག་པ་ལ་བདེན་པར་ ཆགས་པས་ནི་ཕུང་པོ་ལྔ་འདུས་པ་དང་། འབྱུང་བ་ཆེན་པོ་དང་འབྱུང་བ་ལས་གྱུར་པ་སྐྱེའོ། ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་ཡང་ཚིག་དང་། ཡུལ་སྣ་ཚོགས་ལ་མངོན་པར་ཆགས་ཤིང་འདོད་པའི་རྒྱུས་འགྲོ་བ་གཞན་དུ་མཚམས་སྦྱོར་བར་འབྱུང་ངོ་། ། སའི་འབྱུང་བ་དང་འབྱུང་བ་ལས་གྱུར་ པ་རྣམས་ལ་ནི་རྒྱུ་འབྱུང་བ་ཆེན་པོ་རྣམས་ཡོད་ཀྱི། འབྱུང་བ་ཆེན་པོ་རྣམས་ནི་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དངོས་པོ་དང་། མཚན་མ་དང་། མཚན་ཉིད་དང་། དབྱིབས་དང་། བྱ་བའི་བདག་ཉིད་དང་། སྦྱོར་བ་མེད་པས་འབྱུང་བ་ཆེན་པོ་རྣམས་ མི་སྐྱེའོ། ། དངོས་པོ་དང་། མཚན་མ་དང་། མཚན་ཉིད་དང་། དབྱིབས་དང་། བྱ་བ་དང་སྦྱོར་བར་ལྡན་པ་རྣམས་ཀྱི་བྱ་བ་འདུས་པ་ལས་སྐྱེ་བར་འགྱུར་གྱི། མཚན་མ་དང་མི་ལྡན་པ་ལས་མ་ཡིན་ནོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་འབྱུང་བ་ཆེན་པོ་དང་། འབྱུང་བ་ལས་གྱུར་པའི་མཚན་ཉིད་ནི་ མུ་སྟེགས་བྱེད་རྣམས་ཀྱིས་རྣམ་པར་བརྟགས་པ་ཡིན་ཏེ།
BO
ངས་ནི་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་ཕུང་པོ་རྣམས་ཀྱི་ཕུང་པོའི་རང་བཞིན་དང་། མཚན་ཉིད་རབ་ཏུ་བསྟན་ཏོ། ། དེ་ལ་བློ་གྲོས་ཆེན་པོ་ཕུང་པོ་ལྔ་རྣམས་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམས་སོ། ། དེ་ལ་བློ་གྲོས་ཆེན་པོ་ཕུང་པོ་བཞི་རྣམས་ནི་གཟུགས་མེད་དེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམས་སོ། ། བློ་གྲོས་ཆེན་པོ་གཟུགས་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་དང་། ཕན་ ཚུན་དུ་མཚན་ཉིད་མི་འཐུན་པའི་འབྱུང་བ་རྣམས་སོ། ། བློ་གྲོས་ཆེན་པོ་གཟུགས་མེད་པ་བཞིར་བགྲང་བ་མེད་དེ། ནམ་མཁའ་བཞིན་ནོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ནམ་མཁའ་ནི་གྲངས་ཀྱི་མཚན་ཉིད་ལས་འདས་མོད་ཀྱི། འོན་ཀྱང་གཅིག་ནི་ནམ་མཁའོ་ཞེས་རྣམ་པར་རྟོག་པ་དེ་བཞིན་དུ་ བློ་གྲོས་ཆེན་པོ་ཕུང་པོ་རྣམས་ཀྱང་གྲངས་ཀྱི་མཚན་ཉིད་དང་། བགྲང་བ་ལས་འདས་ཏེ། དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་སྤངས་པ་མཐའ་བཞི་དང་བྲལ་བ་ཡང་བྱིས་པ་རྣམས་ཀྱིས་གྲངས་དང་། བགྲང་བར་བརྗོད་པས་རབ་ཏུ་བརྗོད་དེ། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །
BO
བློ་ གྲོས་ཆེན་པོ་འཕགས་པ་རྣམས་ཀྱིས་ནི་སྒྱུ་མའི་གཟུགས་སྣ་ཚོགས་ལྟ་བུར་གཅིག་དང་། ཐ་དད་པ་སྤངས་པར་འདོགས་ཏེ། རྨི་ལམ་དང་། གཟུགས་བརྙན་གྱི་སྐྱེས་བུ་ལྟ་བུར་གནས་གཞན་མ་ཡིན་པ་དང་། འཕགས་པའི་ཡེ་ཤེས་རྟོགས་པ་ལ་ཤིན་ཏུ་རྨོངས་པའི་ཕྱིར། ཕུང་པོར་རྣམ་ པར་རྟོག་པ་སྣང་ངོ་། ། བློ་གྲོས་ཆེན་པོ་དེ་ནི་ཕུང་པོ་རྣམས་ཀྱི་ཕུང་པོའི་རང་བཞིན་གྱི་མཚན་ཉིད་དེ། རྣམ་པར་རྟོག་པ་དེ་ཁྱོད་ཀྱིས་བཟློག་པར་བྱའོ། ། རྣམ་པར་བཟློག་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཁོར་གྱི་དཀྱིལ་འཁོར་དང་། མུ་སྟེགས་ཅན་གྱི་ལྟ་བ་བཟློག་པའི་ཕྱིར་རབ་ཏུ་དབེན་ པའི་ཆོས་བསྟན་པར་བྱའོ། ། བློ་གྲོས་ཆེན་པོ་རབ་ཏུ་དབེན་པའི་ཆོས་བསྟན་པ་བྱས་པས་ནི། ཆོས་ལ་བདག་མེད་པ་མཐོང་བ་རྣམ་པར་དག་པར་འགྱུར། རིང་དུ་སོང་བའི་ས་ལའང་རབ་ཏུ་འཇུག་པར་འགྱུར་རོ། ། དེ་ལ་རིང་དུ་སོང་བའི་ས་ཆེན་པོར་རབ་ཏུ་ཞུགས་པས་ཏིང་ངེ་འཛིན་དུ་མ་ལ་དབང་ བྱེད་པར་འགྱུར་རོ། ། ཡིད་ཀྱི་ལུས་རབ་ཏུ་ཐོབ་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་འཐོབ་བོ། ། དེ་སྟོབས་དང་། མངོན་པར་ཤེས་པ་དང་།
BO
དབང་རྣམས་རྟོགས་པར་ཁོང་དུ་ཆུད་པས་ས་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ས་ནི་སེམས་ ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དངོས་པོའི་རང་བཞིན་མེད་པའི་མྱ་ངན་ལས་འདས་པ་ དང་། མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་མེད་པའི་མྱ་ངན་ལས་འདས་པ་དང་། རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་རྟོགས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་རྒྱུད་ཀྱི་རྒྱུན་ཆད་པའི་མྱ་ངན་ལས་འདས་པ་དང་། དེ་དག་ནི་བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ རྣམས་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ། ངའི་གསུང་རབ་ལ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ངའི་གསུང་རབ་ལ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་ བརྒྱད་དུ་རྣམ་པར་མ་བཞག་གམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་རྣམ་པར་བཞག་གོ། ། བློ་གྲོས་ཆེན་པོས་གསོལ་པ། དེ་གལ་ཏེ་བཅོམ་ལྡན་འདས་རྣམ་པར་བཞག་ན་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་པར་འགྱུར་ལ། རྣམ་པར་ཤེས་པ་བདུན་རྣམས་ནི་མ་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་རྒྱུ་དང་དམིགས་པའི་ཕྱིར་རྣམ་པར་ཤེས་པ་འདུས་པ་བདུན་རྣམས་འབྱུང་བར་འགྱུར་ཏེ། བློ་གྲོས་ཆེན་པོ་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་བྱེ་བྲག་འབྱེད་པ་ལ་མངོན་པར་ཆགས་ཤིང་འབྱུང་བས་བག་ཆགས་ཀྱིས་ཀུན་གཞི་རྣམ་པར་ ཤེས་པ་ཤིན་ཏུ་རྒྱས་པར་བྱེད་དོ། ། ཡིད་དང་ལྷན་ཅིག་ཏུ་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཆགས་པས་ངར་སེམས་པ་ལྟ་བུར་རྗེས་སུ་འཇུག་སྟེ། ཀུན་གཞི་རྣམ་པར་ཤེས་པ་རྒྱུར་གྱུར་ཅིང་དེ་ལ་དམིགས་པ་ལུས་ཐ་དད་པ་མ་ཡིན་པའི་མཚན་ཉིད་དོ། ། རང་གི་སེམས་སྣང་བའི་ ཡུལ་ལ་མངོན་པར་ཆགས་པས་གཅིག་གི་རྒྱུར་གཅིག་གྱུར་པའི་སེམས་འདུས་པ་འབྱུང་སྟེ། བློ་གྲོས་ཆེན་པོ་རྒྱ་མཚོའི་རླབས་ལྟ་བུར་རང་གི་སེམས་སྣང་བའི་ཡུལ་གྱི་རླུང་གིས་བསྐྱོད་པས་འཇུག་ཅིང་ལྡོག་གོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པས་རྣམ་པར་ཤེས་པ་ བདུན་རྣམས་ཀྱང་ལྡོག་པར་འགྱུར་རོ། །
BO
དེ་ལ་འདི་སྐད་ཅེས་བྱ་སྟེ། བྱ་བ་དང་ནི་མཚན་ཉིད་དང་། ། དངོས་པོར་མྱ་ངན་ང་མི་འདའ། ། རྣམ་རྟོག་རྣམ་པར་ཤེས་པ་ལས། ། བཟློག་པས་མྱ་ངན་ང་འདས་སོ། ། དེ་རྒྱུ་དེ་ལ་དམིགས་པ་སྟེ། ། ཡིད་ཀྱི་རྒྱུད་ཀྱང་ཤིན་ཏུ་གནས། ། སེམས་ཀྱི་རྒྱུད་ རྣམས་དེ་འབྱིན་ཏེ། ། རྣམ་པར་ཤེས་པའང་རབ་ཏུ་གནས། ། ཇི་ལྟར་ཆུ་ཆེན་ཟད་ནས་ནི། ། རླབས་རྣམས་ཀུན་ཏུ་འང་མི་འབྱུང་ལྟར། ། དེ་བཞིན་རྣམ་ཤེས་སྣ་ཚོགས་ཀྱང་། ། འགགས་ན་འབྱུང་བར་མི་འགྱུར་རོ། ། གཞན་ཡང་བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བའི་ཚུལ་ གྱི་མཚན་ཉིད་རབ་ཏུ་ཐ་དད་པ་རྟོགས་པ་གང་གིས་ཁྱོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་རྣམ་པར་རྟོག་པ་དང་། བརྟགས་པ་སྤངས་ཤིང་། འཕགས་པ་བདག་གི་སོ་སོ་རང་གིས་རིག་པ་དང་། མུ་སྟེགས་ཅན་གྱི་ཚུལ་དང་། ཡུལ་ཤིན་ཏུ་མཐོང་བའི་བློ་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་སྤངས་ནས་གཞན་གྱི་དབང་གི་མཚན་ཉིད་སྣ་ཚོགས་རྣམ་པ་ཐ་དད་པ་ཀུན་བརྟགས་པའི་རང་བཞིན་ལྟ་བུར་སོ་སོར་མི་རྟོག་པར་འགྱུར་བའི་ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་བསྟན་ཏོ། །
BO
དེ་ལ་བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་ རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། བརྗོད་པ་ལ་རྣམ་པར་རྟོག་པ་དང་། སྨྲ་བར་བྱ་བ་ལ་རྣམ་པར་རྟོག་པ་དང་། མཚན་ཉིད་ལ་རྣམ་པར་རྟོག་པ་དང་། ནོར་ལ་རྣམ་པར་རྟོག་པ་དང་། རང་བཞིན་ལ་རྣམ་པར་རྟོག་པ་དང་། རྒྱུ་ལ་རྣམ་པར་རྟོག་པ་དང་། ལྟ་བ་ལ་ རྣམ་པར་རྟོག་པ་དང་། རིག་པ་ལ་རྣམ་པར་རྟོག་པ་དང་། སྐྱེ་བ་ལ་རྣམ་པར་རྟོག་པ་དང་། སྐྱེ་བ་མེད་པ་ལ་རྣམ་པར་རྟོག་པ་དང་། འབྲེལ་པ་ལ་རྣམ་པར་རྟོག་པ་དང་། བཅིངས་པ་དང་མ་བཅིངས་པ་ལ་རྣམ་པར་རྟོག་པ་ཡིན་ཏེ། དེ་ནི་བློ་གྲོས་ཆེན་པོ་བརྗོད་པ་ཡོངས་སུ་བརྟགས་པའི་རང་ བཞིན་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་དོ། ། དེ་ལ་བློ་གྲོས་ཆེན་པོ་བརྗོད་པ་ལ་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། དབྱངས་དང་གླུ་སྙན་པ་སྣ་ཚོགས་ལ་མངོན་པར་ཆགས་པ་ཡིན་ཏེ། དེ་ནི་བློ་གྲོས་ཆེན་པོ་བརྗོད་པ་ལ་རྣམ་པར་རྟོག་པའོ། ། དེ་ལ་བློ་གྲོས་ཆེན་པོ་སྨྲ་བར་བྱ་བ་ལ་རྣམ་པར་ རྟོག་པ་གང་ཞེ་ན། འདི་ལྟ་སྟེ། གང་ཅིའང་རུང་སྨྲ་བར་བྱ་བའི་དངོས་པོའི་རང་བཞིན་འཕགས་པའི་ཡེ་ཤེས་དང་། རྟོགས་པས་ཤེས་པར་བྱ་བ་གང་ལ་གནས་ཏེ།
BO
བརྗོད་པ་འཇུག་པར་འགྱུར་བ་ཡོད་དོ། ། ཞེས་རྣམ་པར་རྟོག་པའོ། ། དེ་ལ་བློ་གྲོས་ཆེན་པོ་མཚན་ཉིད་ལ་རྣམ་པར་རྟོག་པ་ གང་ཞེ་ན། འདི་ལྟ་སྟེ། སྨྲ་བར་བྱ་བའི་སྨིག་རྒྱུ་ལྟ་བུ་ལ་མཚན་ཉིད་སྣ་ཚོགས་སུ་མངོན་པར་ཆགས་པས་མངོན་པར་ཞེན་ཏེ། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ལ་ཚ་བ་དང་། གཤེར་བ་དང་། གཡོ་བ་དང་། སྲ་བའི་མཚན་ཉིད་དུ་རྣམ་པར་རྟོག་པའོ། ། དེ་ལ་ནོར་ལ་རྣམ་པར་རྟོག་པ་གང་ ཞེ་ན། འདི་ལྟ་སྟེ། གསེར་དང་། དངུལ་དང་། ནོར་རིན་པོ་ཆེ་རྣམ་པ་མང་པོའི་ཡུལ་བརྗོད་པའོ། ། དེ་ལ་རང་བཞིན་ལ་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། དངོས་པོའི་ངོ་བོ་ཉིད་དུ་འཛིན་ཅིང་། འདི་ལྟ་སྟེ་འདི་ནི་འདི་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་ལོག་པར་རྣམ་པར་རྟོག་པའི་ ལྟ་བས་རྣམ་པར་ལྟའོ། ། དེ་ལ་རྒྱུ་ལ་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་རྐྱེན་གང་གིས་རྒྱུའི་མཚན་ཉིད་ལས་སྐྱེ་བ་ཡོད་པ་དང་། མེད་པར་སྣང་བར་བྱེད་པ་དེ་ནི་རྒྱུ་ལ་རྣམ་པར་རྟོག་པའོ། ། དེ་ལ་ལྟ་བ་ལ་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཡོད་པ་དང་། མེད་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་།
BO
གཉིས་ཀ་མ་ཡིན་པར་ལོག་པར་ལྟ་བའི་མུ་སྟེགས་ཅན་གྱི་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པའོ། ། དེ་ལ་རིགས་པ་ལ་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། བདག་དང་བདག་གི་མཚན་ཉིད་རིགས་པས་བརྩད་ དེ་སྟོན་པའོ། ། དེ་ལ་སྐྱེ་བ་ལ་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། རྐྱེན་རྣམས་ཀྱི་དངོས་པོ་ཡོད་པ་དང་། མེད་པ་སྐྱེ་བར་མངོན་པར་ཆགས་པའོ། ། དེ་ལ་མི་སྐྱེ་བ་ལ་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་རྒྱུ་མེད་པའི་ལུས་སྔོན་མ་སྐྱེས་པ་ཡིན་ཏེ། མ་བྱུང་བ་ ལས་རྐྱེན་གྱིས་འབྱུང་བའོ། ། དེ་ལ་འབྲེལ་པར་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། གསེར་གྱི་སྐུད་པ་བཞིན་དུ་གང་དང་གང་དུ་འབྲེལ་པའོ། ། དེ་ལ་བཅིངས་པ་དང་མ་བཅིངས་པ་ལ་རྣམ་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། བཅིངས་པའི་རྒྱུ་དང་། བཅིང་བར་བྱ་བ་ལ་མངོན་པར་ ཆགས་པ་བཞིན་ཏེ། ཇི་ལྟར་སྐྱེས་བུ་ཐབས་དང་ལྡན་པས་ཐག་པ་ལ་མདུད་པ་བོར་བ་དང་འགྲོལ་བ་ལྟ་བུའོ། ། བློ་གྲོས་ཆེན་པོ་དེ་དག་ནི་ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་དེ།
BO
ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་དེ་ལ་བྱིས་པ་སོ་སོའི་ སྐྱེ་བོ་ཐམས་ཅད་མངོན་པར་ཆགས་ཏེ། བློ་གྲོས་ཆེན་པོ་གཞན་གྱི་དབང་གི་མཚན་ཉིད་ལ་ཡོད་པ་དང་མེད་པར་མངོན་པར་ཆགས་པས་ཡོངས་སུ་བརྟགས་པའི་མཚན་ཉིད་སྣ་ཚོགས་ལ་མངོན་པར་ཆགས་ཏེ། སྒྱུ་མའི་གནས་སྣ་ཚོགས་མཐོང་བ་བཞིན་ནོ། ། བྱིས་པ་རྣམས་ཀྱི་སྒྱུ་མ་གཞན་དུ་མཐོང་ བའི་བློས་རྣམ་པར་རྟོག་སྟེ། བློ་གྲོས་ཆེན་པོ་སྣ་ཚོགས་དང་སྒྱུ་མ་ནི་གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་ནོ། ། གལ་ཏེ་ཐ་དད་ན་ནི་སྣ་ཚོགས་སྒྱུ་མའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་རོ། ། དེ་སྟེ་སྣ་ཚོགས་དང་ཐ་མི་དད་ན་ནི་སྒྱུ་མ་དང་། སྣ་ཚོགས་བྱེ་བྲག་མེད་པར་འགྱུར་རོ། ། དེའི་བྱེ་ བྲག་མཐོང་བས་ན་གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་ནོ། ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ཁྱོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་སྒྱུ་མ་ལ་ཡོད་པ་དང་མེད་པར་མི་ཆགས་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ནི་ཡུལ་དང་ཀུན་ཏུ་འབྲེལ། ། རྟོག་པ་ལ་ནི་རྣམ་ཤེས་འཇུག ། སྣང་བ་མེད་དང་བྱེ་བྲག་ལ། ། ཤེས་རབ་ཡང་དག་རབ་ཏུ་འཇུག །
BO
ཀུན་བརྟགས་པ་ཡི་རང་བཞིན་ཡོད། ། གཞན་གྱི་དབང་ནི་མེད་པ་སྟེ། ། ནོར་པ་དག་གིས་བརྟགས་པ་སྣང་། ། གཞན་གྱི་དབང་ལ་མི་བརྟག་གོ། ། ཡན་ལག་མང་པོས་གྲུབ་པ་ཡི། ། སྒྱུ་མ་ཇི་ལྟར་མི་གྲུབ་པ། ། དེ་བཞིན་མཚན་མ་སྣ་ཚོགས་ཀྱང་། ། རབ་ཏུ་བརྟགས་ན་མི་འགྲུབ་བོ། ། མཚན་མ་གནས་ངན་ལེན་གྱི་དངོས། ། འཆིང་བ་སེམས་ལས་བྱུང་བ་སྟེ། ། མི་ཤེས་རྣམས་ཀྱིས་ཀུན་བརྟགས་པ། ། གཞན་གྱི་དབང་དུའང་རྣམ་པར་རྟོག ། གང་འདི་བརྟགས་ པའི་དངོས་པོ་འདི། ། དེ་ཉིད་གཞན་གྱི་དབང་ཡིན་ཏེ། ། བརྟགས་པ་སྣ་ཚོགས་སྣང་བ་ནི། ། གཞན་གྱི་དབང་དུ་དེ་བརྗོད་དོ། ། ཀུན་རྫོབ་དང་ནི་དོན་དམ་སྟེ། ། རྒྱུ་ལས་སྐྱེས་པ་གསུམ་དུ་མེད། ། བརྟགས་པ་དང་ནི་ཀུན་རྫོབ་བཤད། ། དེ་འཆད་འཕགས་པའི་སྤྱོད་ཡུལ་ལོ། ། རྣལ་འབྱོར་ ཅན་གྱི་དངོས་པོ་ལྟར། ། སྣ་ཚོགས་གཅིག་ཏུ་རྣམ་མཛེས་ཀྱང་། ། དེ་ལ་སྣ་ཚོགས་ཡོད་པ་མིན། ། དེ་བཞིན་བརྟགས་པའི་མཚན་ཉིད་དོ། ། ཇི་ལྟར་རབ་རིབ་ཅན་དག་གིས། ། སྣང་བའི་གཟུགས་ལ་སྣ་ཚོགས་བརྟགས། ། རབ་རིབ་གཟུགས་མིན་གཟུགས་མེད་མིན། ། དེ་བཞིན་ མཁས་པས་གཞན་གྱི་དབང་། ། ཇི་ལྟར་གསེར་རྣམས་དག་པ་དང་། ། ཆུ་ཡང་རྙོག་པ་སྤངས་པ་དང་། །
BO
ནམ་མཁའ་དག་ནི་སྤྲིན་མེད་ལྟར། ། དེ་བཞིན་དག་པ་རབ་ཏུ་བརྟགས། ། བརྟགས་པ་ལ་ནི་དངོས་པོ་མེད། ། གཞན་གྱི་དབང་ནི་ཡོད་པ་སྟེ། ། སྒྲོ་བཏགས་པ་དང་སྐུར་པ་དང་། ། རྣམ་ པར་བརྟགས་ན་འཇིག་པར་འགྱུར། ། གལ་ཏེ་བརྟགས་པ་དངོས་མེད་ལ། ། བདེན་པར་གཞན་གྱི་དབང་ཡོད་ན། ། དངོས་པོ་མེད་པར་དངོས་པོ་སྟེ། ། དངོས་པོ་མེད་ལས་དངོས་པོ་འབྱུང་། ། ཀུན་བརྟགས་པ་ལ་གནས་ནས་ནི། ། གཞན་གྱི་དབང་ནི་ཉེ་བར་དམིགས། ། མིང་དང་མཚན་མ་ འབྲེལ་པ་ལས། ། ཀུན་བརྟགས་པ་ནི་སྐྱེ་བར་འགྱུར། ། བརྟགས་པ་ཤིན་ཏུ་མ་གྲུབ་སྟེ། ། གཞན་ལས་བྱུང་བ་མ་ཡིན་ནོ། ། དེ་ཚེ་དོན་དམ་རང་བཞིན་ནི། ། ཤིན་ཏུ་དག་པ་ཤེས་པར་འགྱུར། ། ཀུན་བརྟགས་པ་ནི་རྣམ་བཅུ་སྟེ། ། གཞན་གྱི་དབང་ནི་རྣམ་པ་དྲུག ། སོ་སོ་རང་རིག་དེ་ བཞིན་ཉིད། ། རིག་བྱའོ་དེ་ཕྱིར་བྱེ་བྲག་མེད། ། ཆོས་ལྔ་ཡང་དག་ཉིད་ཡིན་ཏེ། ། དེ་བཞིན་དུ་ཡང་རང་བཞིན་གསུམ། ། རྣལ་འབྱོར་ཅན་གྱིས་དེ་བསྒོམས་ན། ། དེ་བཞིན་ཉིད་ལས་མི་འདའོ། ། མཚན་མ་དག་ནི་གཞན་གྱི་དབང་། ། གང་མིང་དེ་ནི་བརྟགས་པ་སྟེ། ། ཀུན་བརྟགས་པ་དང་མཚན་མ་ནི། ། གཞན་གྱི་དབང་ལས་འབྱུང་བའོ། ། བློ་ཡིས་རྣམ་པར་གཞིགས་ན་ནི། །
BO
གཞན་དབང་མེད་ཅིང་བརྟགས་པའང་མེད། ། གྲུབ་པའི་དངོས་པོ་ཡོད་མེད་ན། ། བློ་ཡིས་ཅི་ཞིག་རྣམ་པར་བརྟགས། ། ཡོད་མེད་རྣམ་པར་སྤངས་པ་ཡི། ། གྲུབ་པའི་དངོས་པོ་ ཡོད་ན་ནི། ། ཡོད་དང་མེད་ལས་གྲོལ་བ་ཡི། ། དངོས་པོ་གཉིས་སུ་ཇི་ལྟར་འགྱུར། ། ཀུན་བརྟགས་པ་ཡི་རང་བཞིན་ལ། ། རང་བཞིན་གཉིས་ནི་རབ་གནས་ཏེ། ། བརྟགས་པ་དག་ནི་སྣ་ཚོགས་སྣང་། ། རྣམ་དག་འཕགས་པའི་སྤྱོད་ཡུལ་ལོ། ། བརྟགས་པ་སྣ་ཚོགས་སྣང་བ་ནི། ། གཞན་གྱི་དབང་ཞེས་བརྗོད་པ་སྟེ། ། རྣམ་པ་གཞན་དུ་བརྟགས་ན་ནི། ། མུ་སྟེགས་སྨྲ་ལ་གནས་པར་འགྱུར། ། རྟོག་པ་བརྟགས་ཞེས་བྱ་བ་སྟེ། ། མཐོང་བའི་ཕྱིར་ན་རྒྱུ་ལས་བྱུང་། ། རྣམ་རྟོག་གཉིས་ལས་གྲོལ་བ་ནི། ། དེ་ཉིད་ཡོངས་སུ་གྲུབ་པ་ཡིན། ། ཡང་བློ་གྲོས་ཆེན་པོས་གསོལ་ པ། བཅོམ་ལྡན་འདས་འཕགས་པ་སོ་སོ་རང་གི་ཡེ་ཤེས་དང་། ཐེག་པ་གཅིག་པོ་རྟོགས་པའི་མཚན་ཉིད་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་འཕགས་པ་སོ་སོ་རང་གི་ཡེ་ཤེས་དང་། ཐེག་པ་གཅིག་པོ་ལ་མཁས་ཤིང་། སངས་རྒྱས་ཀྱི་ཆོས་ ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་པར་འགྱུར་བའི་འཕགས་པ་སོ་སོ་རང་གི་ཡེ་ཤེས་རྟོགས་པ་དང་།
BO
ཐེག་པ་གཅིག་པའི་མཚན་ཉིད་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ངས་ཁྱོད་ལ་ བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གཅིག་པུ་དབེན་པར་སོང་སྟེ། ཚད་མ་དང་། ཡིད་བརྟན་པའི་ལུང་ལ་རྣམ་པར་རྟོག་པ་མེད་པས། སོ་སོ་རང་གི་བློས་རྣམ་པར་དཔྱོད་དེ། གཞན་གྱི་དྲིང་ལ་མི་འཇོག་ཅིང་། ལྟ་བ་དང་། རྣམ་པར་རྟོག་པ་སྤངས་ནས། གོང་ནས་གོང་དུ་དེ་བཞིན་གཤེགས་པའི་ས་ལ་རབ་ཏུ་འཇུག་པར་འབད་དོ། ། བློ་གྲོས་ཆེན་པོ་དེ་ནི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་རྟོགས་པའི་མཚན་ཉིད་དོ། ། དེ་ལ་ཐེག་པ་ཆེན་པོ་རྟོགས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་གཅིག་གི་ལམ་རིག་ཅིང་ཁོང་དུ་ཆུད་པས་ཐེག་པ་གཅིག་ཅེས་བྱའོ། ། ཐེག་པ་གཅིག་གི་ལམ་རིག་ཅིང་ཁོང་དུ་ཆུད་པ་གང་ཞེ་ ན། འདི་ལྟ་སྟེ། གཟུང་བ་དང་།
BO
འཛིན་པའི་རྣམ་པར་རྟོག་པ་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་ཐེག་པ་གཅིག་པོ་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། ། བློ་གྲོས་ཆེན་པོ་ཐེག་པ་གཅིག་པོ་ཁོང་དུ་ཆུད་པ་འདི་ནི་ང་མ་གཏོགས་པར་མུ་སྟེགས་ཅན་གཞན་ དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཚངས་པ་ལ་སོགས་པས་སྟོན་པ་སྔོན་མ་ཐོབ་པ་མ་ཐོབ་བོ། ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ཐེག་པ་གཅིག་ཅེས་བྱའོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཐེག་པ་གསུམ་དུ་བཤད་དེ་ཐེག་པ་གཅིག་ཏུ་མ་ བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་འདུལ་བ་དང་། རབ་ཏུ་དབེན་པའི་རྣལ་འབྱོར་གྱི་ལུང་གིས་འགྲོལ་གྱི་རང་གིས་མ་ཡིན་ཏེ། བློ་གྲོས་ཆེན་པོ་བདག་ཉིད་ཡོངས་སུ་མྱ་ངན་ལས་ མི་འདའ་བའི་ཆོས་ཅན་ཡིན་པས་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཐེག་པ་གཅིག་ཏུ་མ་བཤད་དོ། ། གཞན་ཡང་བློ་གྲོས་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང་། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར།
BO
ཆོས་ལ་བདག་མེད་པ་ མ་རྟོགས་ཤིང་བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཤི་འཕོ་མ་ཐོབ་པས་ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་དག་ན་མ་ཉེས་པའི་བག་ཆགས་ཐམས་ཅད་སྤངས་ཤིང་། ཆོས་ལ་བདག་མེད་པར་རྟོགས་པ་དེ་ནི་དེ་དག་བག་ཆགས་ཀྱི་ཉེས་ པ་དང་། ཏིང་ངེ་འཛིན་གྱིས་མྱོས་པ་མེད་པར་གྱུར་ནས་ཟག་པ་མེད་པའི་དབྱིངས་ནས་སླར་སད་དེ། ཡང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཚོགས་རྣམས་ཡོངས་སུ་བསྐངས་ནས། ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་ དབང་བྱེད་པ་རབ་ཏུ་འཐོབ་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་ཡི་ཐེག་དང་ཚངས་པའི་ཐེག ། ཉན་ཐོས་ཀྱི་ཡང་དེ་བཞིན་ཏེ། ། དེ་བཞིན་གཤེགས་དང་རང་རྒྱལ་གྱི། ། ཐེག་པ་དེ་དག་ངས་བཤད་དོ། ། ཇི་སྲིད་སེམས་ཅན་འཇུག་པའི་བར། ། ཐེག་པ་དག་ལ་ཐུག་པ་མེད། ། སེམས་ནི་ཤིན་ཏུ་གྱུར་པ་ན། ། ཐེག་པ་མེད་ཅིང་འགྲོ་བའང་མེད། ། ཐེག་པ་རྣམ་པར་གཞག་མེད་ཀྱང་། ། སེམས་ཅན་རྣམས་ནི་དྲང་བའི་ཕྱིར། ། ཐེག་པ་ཐ་དད་ངས་བཤད་དེ། ། ཐེག་པ་གཅིག་ཏུ་ངས་བསྟན་ཏོ། ། དེ་བཞིན་རྣམ་གྲོལ་གསུམ་པོ་དང་། །
BO
ཆོས་ལ་བདག་མེད་དེ་ཉིད་ དང་། ། མཉམ་ཉིད་ཡེ་ཤེས་ཉོན་མོངས་པ། ། རྣམ་པར་གྲོལ་བས་དེ་དག་སྤངས། ། ཇི་ལྟར་ཤིང་དག་རྒྱ་མཚོ་ལ། ། རླབས་རྣམས་ཀྱིས་ནི་རྣམ་པར་གཡེངས། ། དེ་བཞིན་ཉན་ཐོས་རྨོངས་པ་ཡང་། ། མཚན་ཉིད་རྣམས་ཀྱིས་རབ་ཏུ་གཡེངས། ། ཀུན་ནས་ལྡང་དང་བྲལ་མོད་ཀྱི། ། ཉོན་མོངས་བག་ཆགས་རྣམས་དང་འབྲེལ། ། ཏིང་འཛིན་མྱོས་པས་རབ་མྱོས་ཏེ། ། ཟག་པ་མེད་པའི་དབྱིངས་ན་འཁོད། ། མཐའ་མར་ཕྱིན་པ་དེ་ལ་མེད། ། ཕྱིར་ཡང་དེ་ལས་མི་ལྡོག་སྟེ། ། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། ། བསྐལ་པའི་བར་དུ་དེ་མི་སད། ། ཇི་ལྟར་སྐྱེས་བུ་ར་རོ་བ། ། ཆང་དང་བྲལ་ནས་སངས་འགྱུར་བཞིན། ། དེ་ན་དེ་དག་ང་ཡི་ཡང་། ། ཆོས་ཀྱི་སྐུ་ནི་ཐོབ་པར་འགྱུར། ། ལང་ཀར་གཤེགས་པ་སུམ་ཁྲི་དྲུག་སྟོང་པ་ལས་ཆོས་ཐམས་ཅད་བསྡུས་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་རྟོགས་པར་རབ་ཏུ་དབྱེ་བའི་མཚན་ཉིད་རབ་ཏུ་བསྟན་གྱིས། དེ་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་ཁྱོད་ལ་བཤད་དོ། །
BO
ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་རྣམ་པ་གསུམ་སྟེ། རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་ པར་འཇུག་པའི་ཡིད་ཀྱི་ལུས་དང་། ཆོས་ཀྱི་ངོ་བོ་ཉིད་རྟོགས་པ་ཁོང་དུ་ཆུད་པའི་ཡིད་ཀྱི་ལུས་དང་། རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་ཏེ། ས་དང་པོ་ནས་གོང་ནས་གོང་དུ་སའི་མཚན་ཉིད་ཡོངས་སུ་ཤེས་པས་རྣལ་འབྱོར་ཅན་རྣམས་ཀྱིས་ཐོབ་པར་འགྱུར་རོ། ། དེ་ ལ་བློ་གྲོས་ཆེན་པོ་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་གང་ཞེ་ན། འདི་ལྟ་སྟེ། ས་གསུམ་དང་བཞི་དང་ལྔ་ལ་རང་གི་སེམས་རྣམ་པ་མང་པོ་དབེན་པར་སྤྱོད་པས་སེམས་ཀྱི་རྒྱ་མཚོ་ལ་འཇུག་པའི་རྣམ་པར་ཤེས་པའི་རླབས་ཀྱི་མཚན་ཉིད་བདེ་བ་ལ་སྙོམས་པར་འཇུག་པའི་ ཡིད་མི་འབྱུང་སྟེ། རང་གི་སེམས་སྣང་བའི་ཡུལ་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་ཡོངས་སུ་ཤེས་པས་ཡིད་ཀྱི་ལུས་ཞེས་བྱའོ། །
BO
དེ་ལ་ཆོས་ཀྱི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པའི་ཡིད་ཀྱི་ལུས་གང་ཞེ་ན། འདི་ལྟ་སྟེ། ས་བརྒྱད་པ་ལ་སྒྱུ་མ་ལ་སོགས་པའི་ཆོས་ལ་སྣང་བ་མེད་པའི་ རབ་ཏུ་རྣམ་པར་འབྱེད་པ་ཁོང་དུ་ཆུད་པས་སེམས་ཀྱི་གནས་ཤིན་ཏུ་གྱུར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ་དང་། ཏིང་ངེ་འཛིན་གྱི་སྒོ་གཞན་དག་རབ་ཏུ་ཐོབ་པ་དང་། མཚན་མ་དང་། དབང་དང་། མངོན་པར་ཤེས་པ་དུ་མའི་མེ་ཏོག་རྒྱས་ཤིང་ཡིད་ཀྱི་མགྱོགས་པ་དང་མཚུངས་པ་ སྒྱུ་མ་དང་། རྨི་ལམ་དང་། གཟུགས་བརྙན་ལྟ་བུ་འབྱུང་བ་ལས་གྱུར་པ་མ་ཡིན་ལ། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་འདྲ་བར་གཟུགས་ཐམས་ཅད་ཀྱི་ཡན་ལག་སྣ་ཚོགས་འདུས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཁོར་གྱི་དཀྱིལ་འཁོར་དུ་རྗེས་སུ་སོང་བའི་ལུས་དེ་ནི་ཆོས་ཀྱི་ངོ་བོ་ཉིད་ རྟོགས་པར་ཁོང་དུ་ཆུད་པའི་ཕྱིར་ཡིད་ཀྱི་ལུས་ཞེས་བྱའོ། ། དེ་ལ་རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སོ་སོ་རང་གིས་རིག་པ་བདེ་བའི་མཚན་ཉིད་ཁོང་དུ་ཆུད་པས་རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བ་ཡིད་ ཀྱི་ལུས་ཞེས་བྱའོ། །
BO
བློ་གྲོས་ཆེན་པོ་ལུས་གསུམ་གྱི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་འདི་ལ་ཁྱོད་ཀྱིས་བརྩོན་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཐེག་ཆེན་ང་ཡི་ཐེག་མ་ཡིན། ། ཡི་གེ་མེད་ཅིང་སྒྲ་ཡང་མེད། ། བདེན་པ་མེད་དེ་རྣམ་ཐར་མེད། ། སྣང་བ་མེད་ཅིང་སྤྱོད་ཡུལ་མེད། ། འོན་ཀྱང་ཐེག་ཆེན་ཐེག་པ་སྟེ། ། ཏིང་ངེ་འཛིན་ལ་དབང་བྱེད་ཅིང་། ། ཡིད་ཀྱི་ལུས་ནི་སྣ་ཚོགས་ལ། ། དབང་གི་མེ་ཏོག་དག་གིས་བརྒྱན། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། ། བཅོམ་ལྡན་འདས་མཚམས་མེད་པ་ལྔ་པོ་གང་བགྱིས་པས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་མནར་མེད་པར་འགྱུར་བའི་མཚམས་མེད་པ་ལྔ་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །
BO
དེ་ལ་བློ་གྲོས་ཆེན་པོ་མཚམས་ མེད་པ་ལྔ་རྣམས་གང་ཞེ་ན། འདི་ལྟ་སྟེ། ཕ་དང་། མ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་འབྱེད་པ་དང་། དེ་བཞིན་གཤེགས་པ་ལ་གནོད་སེམས་ཀྱིས་ཁྲག་ཕྱུང་བའོ། ། དེ་ལ་བློ་གྲོས་ཆེན་པོ་སེམས་ཅན་རྣམས་ཀྱི་མ་གང་ཞེ་ན། འདི་ལྟ་སྟེ། དགའ་བའི་འདོད་ཆགས་དང་ ལྡན་པ་ཡང་འབྱུང་བ་ཅན་གྱི་སྲེད་པ་ནི་མ་ལྟ་བུར་གནས་སོ། ། མ་རིག་པ་ནི་སྐྱེ་མཆེད་ཀྱི་གྲོང་རྣམས་བསྐྱེད་པའི་ཕྱིར་ཕ་ལྟ་བུ་སྟེ། ཕ་མ་དེ་གཉིས་ཤིན་ཏུ་རྩ་བ་ནས་བཅད་ན་ཕ་མ་བསད་པ་ཡིན་ནོ། ། དེ་ལ་དགྲ་བཅོམ་པ་བསད་པ་གང་ཞེ་ན། འདི་ལྟ་སྟེ། བག་ལ་ཉལ་དགྲ་དང་མཚུངས་པ་ བྱི་བའི་དུག་ལྟར་ཁོང་ནས་ལྡང་བའི་ཆོས་ཅན་ཤིན་ཏུ་བཅོམ་ན་དགྲ་བཅོམ་པ་བསད་པ་ཡིན་ནོ། ། དེ་ལ་དགེ་འདུན་འབྱེད་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ཕན་ཚུན་དུ་མཚན་ཉིད་མི་འཐུན་པ་འདུས་པ་ཤིན་ཏུ་རྩ་བ་ནས་བཅོམ་པས་དགེ་འདུན་ཕྱེ་བ་ཞེས་བྱའོ། ། བློ་གྲོས་ཆེན་པོ་རང་དང་སྤྱིའི་ དང་། ཕྱི་རོལ་རང་གི་སེམས་སྣང་བ་ཙམ་དུ་ཤེས་པར་བྱེད་པ།
BO
རྣམ་པར་ཤེས་པ་འདུས་པ་བརྒྱད་རྣམས་ལ་རྣམ་པར་ཐར་པ་གསུམ་ཟག་པ་མེད་པའི་གནོད་སེམས་ཀྱིས་ཤིན་ཏུ་བཅོམ་ན་རྣམ་པར་ཤེས་པའི་སངས་རྒྱས་ལ་གནོད་སེམས་ཀྱིས་ཁྲག་ཕྱུང་བ་ཡིན་ཏེ། མཚམས་མེད་པ་བྱེད་པ་ ཞེས་བྱའོ། ། བློ་གྲོས་ཆེན་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་མཚམས་མེད་པ་ལྔ་པོ་དེ་དག་བྱས་ན་མངོན་པར་རྟོགས་པའི་ཆོས་ཅན་ཡིན་ཏེ། མཚམས་མེད་པ་བྱེད་པ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་གང་བཤད་པས་ཁྱོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གཞན་རྣམས་མ་འོངས་པའི་དུས་ན་ཤིན་ཏུ་རྨོངས་པར་མི་འགྱུར་བའི་ཕྱི་རོལ་གྱི་མཚམས་མེད་པ་རྣམས་ཁྱོད་ལ་བཤད་པར་བྱའོ། ། འདི་ལྟ་སྟེ། གང་བསྟན་པ་བརྗོད་པ་ལས་མཚམས་མེད་པ་རྣམས་གསུངས་པ་སྟེ། གང་བྱས་པས་རྣམ་པར་གྲོལ་བ་གསུམ་པོ་ལས་གང་ཡང་རུང་བ་དང་ མངོན་པར་རྟོགས་པར་མི་འགྱུར་ཏེ། སྤྲུལ་པའི་བྱིན་གྱི་རླབས་ཀྱིས་མངོན་པར་རྟོགས་པ་ནི་མ་གཏོགས་སོ། ། བློ་གྲོས་ཆེན་པོ་སྤྲུལ་པའི་བྱིན་གྱི་རླབས་ཀྱིས་ཉན་ཐོས་ནི་བྱང་ཆུབ་སེམས་དཔའི་བྱིན་གྱིས་རླབས་སམ།
BO
དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གང་ལ་ལ་མཚམས་མེད་པ་བྱས་ ནས་འགྱོད་པར་གྱུར་པ་ལ་དེའི་འགྱོད་པར་ལྟ་བ་བཟློག་པ་དང་བརྩོན་པ་བོར་བ་ལ་འགྱོད་པར་ལྟ་བ་མེད་པར་བྱ་བའི་ཕྱིར་སླར་རབ་ཏུ་སྤྲོ་བར་བྱེད་པར་འགྱུར་སྙམ་ནས་སྤྲུལ་པའི་བྱིན་གྱི་རླབས་ཀྱིས་མངོན་པར་རྟོགས་པར་རབ་ཏུ་སྟོན་ཏོ། ། བློ་གྲོས་ཆེན་པོ་མཚམས་མེད་པ་བྱེད་པ་ལ་ནི་མངོན་པར་རྟོགས་ པ་གཅིག་ཏུ་ངེས་པ་མེད་དེ། རང་གི་སེམས་སྣང་བ་ཙམ་དུ་རིག་པ་དང་། ལུས་དང་། ལོངས་སྤྱོད་དང་། གནས་རྟོགས་པའི་རྣམ་པར་རྟོག་པ་བདག་དང་བདག་གིར་འཛིན་པ་རབ་ཏུ་དབེན་པར་མཐོང་བས། གལ་ཏེ་བརྒྱ་ལམ་ན་དགེ་བའི་བཤེས་གཉེན་དང་ཕྲད་ན་འགྲོ་བའི་མཚམས་གཞན་དུ་ རང་གི་རྣམ་པར་རྟོག་པའི་ཉེས་པ་ལས་གྲོལ་བར་འགྱུར་བ་ནི་མ་གཏོགས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སྲེད་པ་དག་ནི་མར་བཤད་དེ། ། མ་རིག་པ་ཡང་ཕར་ཤེས་སོ། ། རྣམ་ཤེས་ཡུལ་རྣམས་རིག་པས་ན། ། སངས་རྒྱས་སུ་ནི་དེ་ཡང་བསྟན། ། བག་ལ་ཉལ་ནི་དགྲ་བཅོམ་སྟེ། ། ཕུང་ པོ་ལྔ་འདུས་དགེ་འདུན་ནོ། ། མཚམས་མེད་པར་ནི་མཚམས་བཅད་པས། ། དེ་ནི་མཚམས་མེད་ལས་ཡིན་ནོ། ། ཡང་བློ་གྲོས་ཆེན་པོས་གསོལ་པ།
BO
བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱི་སངས་རྒྱས་པ་ཉིད་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་སངས་ རྒྱས་རྣམས་ཀྱི་སངས་རྒྱས་པ་ཉིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། སྒྲིབ་པ་གཉིས་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་པ་དང་། ཤི་འཕོ་གཉིས་ཐོབ་པ་དང་། ཉོན་མོངས་པ་གཉིས་སྤངས་པའི་ཕྱིར་བློ་གྲོས་ཆེན་པོ་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་པ་ཉིད་ཡིན་ནོ། ། བློ་གྲོས་ཆེན་པོ་ཆོས་དེ་དག་ཉིད་ཁོང་དུ་ཆུད་པས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སངས་རྒྱས་པ་ཉིད་ཡིན་ཏེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ཐེག་པ་གཅིག་ཏུ་བཤད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་མེད་གཉིས་དང་ཉོན་ མོངས་དང་། ། དེ་བཞིན་སྒྲིབ་པ་རྣམ་གཉིས་དང་། ། བསམ་གྱིས་མི་ཁྱབ་འགྱུར་བ་ཡི། ། ཤི་འཕོ་ཐོབ་པས་དེ་བཞིན་གཤེགས། ། ། ། འཕགས་པ་ལང་ཀར་གཤེགས་པ། བམ་པོ་ལྔ་པ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་འཁོར་གྱི་ནང་དུ་གཤེགས་ནས་གང་འདས་པའི་སངས་རྒྱས་ཐམས་ཅད་ནི་ང་ཉིད་དོ། །
BO
སྐྱེས་པའི་རབས་སྐྱེ་བ་སྣ་ཚོགས་སུ་ཡང་ང་ཉིད་དེ་དང་དེའི་ཚེ་རྒྱལ་པོ་ང་འཛིན་དང་། གླང་པོ་ཆེ་དང་། ནེ་ཙོ་དང་། རྒྱས་པ་དང་། དབང་པོ་དང་། མིག་{བཟངས་,བཟང་}ལ་སོགས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་སྐྱེས་པའི་རབས་བརྒྱ་སྟོང་བཤད་པ་རྣམས་ཅི་ལས་དགོངས་ཏེ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མཚུངས་པ་རྣམ་པ་ བཞི་ལ་དགོངས་ནས་འཁོར་གྱི་ནང་དུ་གཤེགས་ན། འདི་ལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དུ་གྱུར་ཏོ། ། ཞེས་ཚིག་འབྱིན་ཏོ། ། མཚུངས་པ་རྣམ་པ་བཞི་གང་ལ་དགོངས་ཤེ་ན། འདི་ལྟ་སྟེ། ཡི་གེ་མཚུངས་པ་དང་། གསུང་མཚུངས་པ་དང་། ཆོས་མཚུངས་པ་དང་། སྐུ་མཚུངས་པ་སྟེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཚུངས་པ་དེ་བཞི་ལ་དགོངས་ནས་འཁོར་གྱི་ནང་དུ་གཤེགས་ན་ཚིག་འབྱིན་ཏོ། ། དེ་ལ་བློ་གྲོས་ཆེན་པོ་ཡི་གེ་མཚུངས་པ་གང་ཞེ་ན། འདི་ལྟ་སྟེ།
BO
ཡི་གེ་གང་གིས་ངའི་མིང་སངས་རྒྱས་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡི་གེ་དེ་ཉིད་དེ། བློ་གྲོས་ཆེན་པོ་ཡི་གེ་དེ་དག་ཀྱང་ཡི་གེའི་རང་བཞིན་དུ་བྱེ་བྲག་མེད་པས་དེ་ནི་བློ་གྲོས་ཆེན་པོ་ཡི་གེ་མཚུངས་པ་ཡིན་ནོ། ། དེ་ལ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་མཚུངས་པ་གང་ཞེ་ན། འདི་ལྟ་སྟེ། ངའི་གསུང་གི་རྣམ་པར་རྟོག་པ་ཡང་རྣམ་པ་དྲུག་ཅུ་རྩ་བཞི་པ་ཚངས་པའི་སྒྲ་སྐད་ཀྱི་དབྱངས་འབྱུང་ངོ་། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་གསུང་ གི་རྣམ་པར་རྟོག་པ་ཡང་དེ་བཞིན་དུ་རྣམ་པ་དྲུག་ཅུ་རྩ་བཞི་པ་ཚངས་པའི་སྒྲ་སྐད་ཀྱི་དབྱངས་འབྱུང་སྟེ། ཀ་ལ་པིང་ཀ་དང་། ཚངས་པའི་སྒྲ་སྐད་ཀྱི་དབྱངས་ཀྱི་རང་བཞིན་དུ་བྱེ་བྲག་མེད་ཅིང་ལྷག་ཆད་མེད་དོ། ། དེ་ལ་སྐུ་མཚུངས་པ་གང་ཞེ་ན། འདི་ལྟ་སྟེ། ང་དང་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ནི་ཆོས་ཀྱི་སྐུ་དང་། གཟུགས་དང་། མཚན་དང་དཔེ་བྱད་བཟང་པོའི་སྐུར་མཚུངས་ཤིང་བྱེ་བྲག་མེད་དེ།
BO
འདུལ་བའི་དབང་གིས་སེམས་ཅན་གྱི་འགྲོ་བའི་བྱེ་བྲག་དེ་དང་དེར་དེ་བཞིན་གཤེགས་པ་རྣམས་གཟུགས་སྣ་ཚོགས་སྟོན་པ་ནི་མ་གཏོགས་སོ། ། དེ་ལ་བློ་གྲོས་ཆེན་པོ་ཆོས་མཚུངས་པ་གང་ཞེ་ན། འདི་ལྟ་སྟེ། དེ་དག་དང་ང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཐུགས་སུ་ཆུད་པ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཚུངས་པ་རྣམ་པ་བཞི་པོ་དེ་དག་ལ་ དགོངས་ནས་འཁོར་གྱི་ནང་དུ་གཤེགས་ན་ཚིག་འབྱིན་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། འོད་སྲུང་ལོག་པར་དད་སེལ་དང་། ། གསེར་ཐུབ་དག་ཀྱང་ང་ཡིན་ཞེས། ། མཉམ་པ་ཉིད་དུ་མཉམ་གྱུར་པས། ། རྒྱལ་བའི་སྲས་ལ་ངས་བཤད་དོ། ། ཡང་བློ་གྲོས་ཆེན་པོས་གསོལ་པ། གང་འདི་བཅོམ་ལྡན་ འདས་ཀྱིས་གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་བཤད། མི་འཆད་འཆད་པར་མི་འགྱུར་ཏེ། ཚིག་མེད་པ་ནི་སངས་རྒྱས་ ཀྱི་ཚིག་གོ་ཞེས་གསུངས་ན།
BO
ཚིག་མེད་པ་སངས་རྒྱས་ཀྱི་ཚིག་གོ་ཞེས་བགྱི་བ་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལ་དགོངས་ཏེ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཆོས་གཉིས་ལ་དགོངས་ཏེ་ངས་འདི་སྐད་ཅེས་ སྨྲས་སོ། ། ཆོས་གཉིས་པོ་གང་ཞེ་ན། འདི་ལྟ་སྟེ། སོ་སོ་རང་གི་ཆོས་ཉིད་དང་། སྔོན་གྱི་ལུགས་ཀྱི་ཆོས་ཉིད་ལ་དགོངས་ཏེ། བློ་གྲོས་ཆེན་པོ་ཆོས་གཉིས་པོ་དེ་ལ་དགོངས་ནས་ངས་དེ་སྐད་ཅེས་བཤད་དོ། ། དེ་ལ་སོ་སོ་རང་གི་ཆོས་ཉིད་ལ་དགོངས་པ་གང་ཞེ་ན། འདི་ལྟ་སྟེ། གང་དེ་བཞིན་ གཤེགས་པ་དེ་དག་གིས་ཐུགས་སུ་ཆུད་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ཚིག་གི་རྣམ་པར་རྟོག་པ་དང་བྲལ་བ། ཡི་གེ་དང་གཉིས་ཀྱི་ཡུལ་ལས་རྣམ་པར་གྲོལ་བ་དེ་ངས་ཀྱང་ལྷག་ཆད་མེད་པར་ཁོང་དུ་ཆུད་དོ། ། དེ་ལ་སྔོན་གྱི་ལུགས་ཀྱི་ཆོས་ཉིད་གང་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟ་སྟེ། སྔོན་གྱི་ ཆོས་ཉིད་ཀྱི་ལམ་འདི་ནི་གསེར་དང་། དངུལ་དང་། མུ་ཏིག་གི་འབྱུང་ཁུངས་བཞིན་ཏེ། བློ་གྲོས་ཆེན་པོ་ཆོས་ཀྱི་དབྱིངས་གནས་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། དེའི་ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་།
BO
ཆོས་མི་འགྱུར་བ་ནི་གྲོང་ཁྱེར་རྙིང་པའི་ལམ་བཞིན་ དུ་འཇུག་པའོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྐྱེས་བུ་ལ་ལ་ཞིག་འབྲོག་དགོན་པ་ན་འཁྱམ་པ་ལས་གྲོང་ཁྱེར་རྙིང་པ་ལམ་མ་གོལ་བར་འཇུག་པ་ཞིག་མཐོང་ནས་གྲོང་ཁྱེར་དེར་སོང་སྟེ། དེར་ཞུགས་ནས་གྲོང་ཁྱེར་དུ་གནས་ཤིང་གྲོང་ཁྱེར་གྱི་བྱ་བ་དང་བདེ་བ་རྗེས་སུ་མྱོང་ན་བློ་གྲོས་ཆེན་པོ་དེ་ཇི་སྙམ་དུ་ སེམས། ལམ་གང་ནས་གྲོང་ཁྱེར་དེར་ཞུགས་པའི་ལམ་དེ་དང་། གྲོང་ཁྱེར་སྣ་ཚོགས་དག་སྐྱེས་བུ་དེས་བྱས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་བློ་གྲོས་ཆེན་པོ་གང་ང་དང་དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་ སུ་ཆུད་པའི་ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པ་ཉིད་དང་། བདེན་པ་ཉིད་དེ་ནི་འདུག་པ་སྟེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ངས་འདི་སྐད་དུ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་ གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་བཤད། འཆད་པར་མི་འགྱུར་རོ། །
BO
ཞེས་སྨྲས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གི་ནུབ་མོ་ཐུགས་སུ་ཆུད། ། གང་ལ་ཡོངས་སུ་མྱ་ངན་འདས། ། ངས་ནི་དེ་ཡི་བར་དུ་ཡང་། ། {ཆུང་ཟད་,ཅུང་ཟད་}བསྟན་པ་མ་ཡོད་དོ། ། སོ་སོ་རང་ཆོས་ལུགས་རྣམས་ལ། ། དགོངས་ནས་རབ་ཏུ་ངས་བཤད་དོ། ། ང་དང་སངས་རྒྱས་དེ་དག་གིས། ། {ཆུང་ཟད་,ཅུང་ཟད་}བྱེ་བྲག་བྱས་པ་མེད། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ པ། བཅོམ་ལྡན་འདས་ཅི་ནས་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཡོད་པ་དང་མེད་པ་སྤངས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཆོས་ཐམས་ཅད་ཀྱི་ཡོད་པ་དང་མེད་པའི་མཚན་ཉིད་བཤད་དུ་གསོལ། ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། དེ་ལ་བཅོམ་ལྡན་ འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །
BO
བློ་གྲོས་ཆེན་པོ་འཇིག་རྟེན་འདི་དག་ནི་གཉིས་ལ་གནས་སོ། ། འདི་ལྟ་སྟེ། ཡོད་པ་ལ་གནས་པ་དང་། མེད་པ་ལ་གནས་ཏེ་སྐྱེ་བ་དང་། མི་སྐྱེ་བར་མོས་པའི་ལྟ་བར་ལྟུང་བ་འབྱུང་བ་མ་ཡིན་པ་ལ་འབྱུང་བའི་བློའོ། ། དེ་ལ་བློ་གྲོས་ཆེན་པོ་ཇི་ལྟར་ན་འཇིག་ རྟེན་ཡོད་པ་ལ་གནས་ཤེ་ན། འདི་ལྟ་སྟེ། འཇིག་རྟེན་ན་རྒྱུ་དང་། རྐྱེན་རྣམས་ཡོད་པས་སྐྱེའི་མེད་པས་མ་ཡིན་ནོ། ། ཡོད་པ་སྐྱེ་བ་སྐྱེ་སྟེ་མེད་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་སྐད་དུ་དངོས་པོ་དག་ཡོད་པར་སྨྲ་ན་རྒྱུ་དང་རྐྱེན་རྣམས་དང་། འཇིག་རྟེན་གྱི་རྒྱུ་མེད་པ་ལས་ཡོད་པར་སྨྲ་བ་མ་ཡིན་ནོ། དེ་ལ་བློ་གྲོས་ཆེན་པོ་ཇི་ལྟར་ན་མེད་པ་ལ་གནས་པ་ཡིན་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཁས་བླང་བ་བྱས་ལ། སླར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མེད་པར་རྣམ་པར་རྟོག་གོ། ། བློ་གྲོས་ཆེན་པོ་གང་དངོས་པོའི་མཚན་ ཉིད་རབ་ཏུ་དབེན་པའི་ཕྱིར་དངོས་པོ་ཡོད་པར་ཁས་མི་ལེན་པ་དང་། དངོས་པོའི་མཚན་ཉིད་རབ་ཏུ་དབེན་པའི་ཕྱིར་གང་སངས་རྒྱས་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཁས་མི་ལེན་ན།
BO
བློ་གྲོས་ཆེན་པོ་ཡོད་ཅེས་བྱ་བ་དང་། མེད་ཅེས་བྱ་ བ་འདི་ལ་རྣམ་པར་འཇིག་པར་བྱེད་པ་གང་ཡིན། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གང་འདི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཁས་བླངས་ལ་ཕྱིས་ཁས་མི་ལེན་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ། བློ་ གྲོས་ཆེན་པོ་གང་ཁྱོད་ཀྱིས་དེ་ལྟར་གོ་བ་ནི་ཁྱོད་ལེགས་སོ། ། བློ་གྲོས་ཆེན་པོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མེད་པ་འབའ་ཞིག་རྣམ་པར་འཇིག་པར་བྱེད་པ་མ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་རྣམས་ཀྱང་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། ། དེ་ཅིའི་ ཕྱིར་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་རྣམས་གཅིག་པ་དང་། ཐ་དད་པ་དང་། ནང་དང་ཕྱི་རོལ་དུ་མི་དམིགས་པའི་ཕྱིར་ཏེ། བློ་གྲོས་ཆེན་པོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལུས་མེད་པའི་ཕྱིར་ན་ང་དང་ཕྱི་རོལ་དུ་མི་དམིགས་སོ། ། བློ་གྲོས་ཆེན་པོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོ་རྣམས་ཁས་མི་ལེན་པར་སངས་རྒྱས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱང་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། ། བཅིང་བར་བྱ་བ་དང་།
BO
བཅིང་བའི་རྒྱུ་མེད་པའི་ཕྱིར་སངས་རྒྱས་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་ནི་རང་བཞིན་གྱིས་རྣམ་པར་ གྲོལ་བའོ། ། བློ་གྲོས་ཆེན་པོ་བཅིང་བར་བྱ་བ་ཡོད་ན། བཅིང་བ་དང་བཅིང་བའི་རྒྱུ་ཡང་ཡོད་དེ། བློ་གྲོས་ཆེན་པོ་དེ་སྐད་ཟེར་བ་ཡང་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ནི་མེད་པའི་མཚན་ཉིད་དེ། བློ་གྲོས་ཆེན་པོ་ངས་དེ་ལ་དགོངས་ནས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ ཡང་བླའི། ཡོད་པ་དང་། མེད་པའི་ང་རྒྱལ་ཅན་གྱི་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ། ། ཞེས་བཤད་དེ། བློ་གྲོས་ཆེན་པོ་མེད་པའི་ང་རྒྱལ་ཅན་ཡང་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། ། རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བའི་བསམ་པ་རང་གི་སེམས་སྣང་བ་ཙམ་དུ་རབ་ཏུ་མི་ཤེས་ཏེ། མི་ ཤེས་པས་ཕྱི་རོལ་གྱི་དངོས་པོ་མི་རྟག་པར་ལྟ་བའི་ཕྱིར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་སྐད་ཅིག་མ་གཅིག་ནས་གཅིག་ཏུ་དབྱེ་བས་ཕྱེ་བ་རྟོག་པ་དང་། ཡི་གེ་མེད་པ་ལ་རྒྱུད་ཀྱི་རྒྱུན་གྱིས་འཇུག་ཅིང་ལྡོག་པར་རྣམ་པར་རྟོག་ན་ཡང་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། ། དེ་ལ་འདི་སྐད་ཅེས་ བྱ་སྟེ། ཇི་ཙམ་སེམས་ཀྱི་སྤྱོད་ཡུལ་བ། ། ཡོད་དང་མེད་པ་མཐའ་གཉིས་ཏེ། །
BO
སྤྱོད་ཡུལ་རྣམ་པར་སྤངས་ན་ནི། ། སེམས་ཀྱང་ཡང་དག་འགག་པར་འགྱུར། ། ཡུལ་ལ་འཛིན་པ་མེད་པའི་ཕྱིར། ། འགོག་པ་མེད་པ་མ་ཡིན་ཏེ། ། ཇི་ལྟར་འཕགས་པའི་སྤྱོད་ཡུལ་ལྟར། ། དེ་བཞིན་ ཉིད་ཀྱི་གནས་ཡོད་དོ། ། རྐྱེན་གྱིས་ཡོད་དང་མེད་པ་ལས། ། མ་བྱུང་བ་ལས་གང་སྐྱེ་ཞིང་། ། བྱུང་ནས་འཇིག་པར་འགྱུར་ཞེས་པའང་། ། ང་ཡི་བསྟན་ལ་དེ་མི་གནས། ། སངས་རྒྱས་རྣམས་དང་མུ་སྟེགས་དང་། ། ང་དང་གཞན་རྣམས་སུ་ཡིས་ཀྱང་། ། རྐྱེན་གྱིས་ཡོད་པར་མ་བསྒྲུབས་ན། ། ཇི་ལྟ་བུར་ན་མེད་པར་འགྱུར། ། ཡོད་པ་དག་ནི་སུས་བསྒྲུབས་ན། ། གང་རྣམས་རྐྱེན་གྱིས་མེད་པར་འགྱུར། ། སྐྱེ་བར་སྨྲ་བ་ལྟ་ལོག་པས། ། ཡོད་དང་མེད་པར་ལྟ་བར་རྟོག ། གང་རྣམས་{ཆུང་ཟད་,ཅུང་ཟད་}མི་སྐྱེ་བ། ། {ཆུང་ཟད་,ཅུང་ཟད་}འགོག་པར་མི་འགྱུར་ཏེ། ། འཇིག་རྟེན་དབེན་པར་མཐོང་བས་ ན། ། ཡོད་དང་མེད་པར་དེ་མི་འཛིན། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་ཐ་དད་པའི་བྱེ་བྲག་རབ་ཏུ་རྟོགས་པ་གང་གིས་བདག་དང་།
BO
བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དང་། རྟོག་པ་ཅན་དང་། ལོག་པ་མུ་སྟེགས་ཅན་དང་། བདུད་ཐམས་ཅད་ཀྱི་དྲིང་ལ་མི་འཇོག་པར་འགྱུར་བ། གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་བདག་ལ་བཤད་དུ་གསོལ། བདེ་བར་གཤེགས་པ་བདག་ལ་བཤད་དུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུང་བའི་མཆོག་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་རྣམ་པ་གཉིས་སོ། ། འདི་ལྟ་སྟེ། གྲུབ་པའི་མཐའི་ཚུལ་དང་། བཤད་པའི་ཚུལ་ལོ། །
BO
དེ་ལ་བློ་གྲོས་ཆེན་པོ་གྲུབ་པའི་མཐའི་ཚུལ་ ནི་འདི་ལྟ་སྟེ། སོ་སོ་རང་གིས་རིག་པའི་བྱེ་བྲག་གི་མཚན་ཉིད་དེ། ཚིག་གི་རྣམ་པར་རྟོག་པ་དང་། ཡི་གེ་མེད་པ་ཟག་པ་མེད་པའི་དབྱིངས་རྟོགས་པ་ཐོབ་པར་བྱེད་པ། སོ་སོ་རང་གི་རྟོགས་པའི་རང་གི་མཚན་ཉིད་མུ་སྟེགས་ཅན་དང་། བདུད་ཐམས་ཅད་སྤངས་པ། རྟོག་པ་པ་དང་། མུ་སྟེགས་ ཅན་དང་། བདུད་དེ་དག་ཐམས་ཅད་རྣམ་པར་བཅོམ་ནས། སོ་སོ་རང་གིས་རིག་པ་རྣམ་པར་མཛེས་སོ། ། བློ་གྲོས་ཆེན་པོ་དེ་ནི་གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་དོ། ། དེ་ལ་བཤད་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ། བསྟན་པ་ཡན་ལག་དགུ་སྣ་ཚོགས་སུ་བཤད་པ་ཡིན་ཏེ། གཅིག་པ་དང་། ཐ་ དད་པ་དང་། ཡོད་པ་དང་མེད་པའི་ཕྱོགས་སྤངས་པ་ཐབས་མཁས་པའི་ཆོ་ག་སྔོན་དུ་འགྲོ་བས་སེམས་ཅན་ཐམས་ཅད་ལ་བཤད་པ་འཇུག་སྟེ། སུ་ཅི་ལ་མོས་པར་འགྱུར་བ་དེ་ལ་དེ་འཆད་དོ། ། བློ་གྲོས་ཆེན་པོ་དེ་ནི་བཤད་པའི་ཚུལ་གྱི་མཚན་ཉིད་དེ། དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གཞན་དག་གིས་བརྩོན་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གྲུབ་པའི་མཐའ་དང་ཚུལ་རྣམས་ནི། ། སོ་སོ་རང་རིག་བསྟན་པ་སྟེ། ། ཐ་དད་ཤེས་པ་སུས་མཐོང་བ། །
BO
དེ་དག་རྟོག་པའི་དབང་མི་འགྲོ། ། ཇི་ལྟར་བྱིས་པ་རྣམ་རྟོག་བཞིན། ། བདེན་པའི་དངོས་པོ་ཡོང་མེད་ན། ། ཇི་ལྟར་ ཐར་བ་དངོས་མེད་པར། ། རྟོག་པ་ཅན་རྣམས་འདོད་མི་འགྱུར། ། སྐྱེ་དང་འཇིག་པར་འབྲེལ་བར་ནི། ། འདུས་བྱས་སོ་སོར་བལྟས་ན་ཡང་། ། ལྟ་བ་གཉིས་པོ་རབ་རྒྱས་ཏེ། ། རྣམ་པར་བཟློག་པར་མི་མཐོང་ངོ་། ། འཇིག་རྟེན་རྣམས་བརྟགས་སྒྱུ་མ་དང་། ། ཆུ་ཤིང་ཕུང་ལྟར་མཐོང་ན་ནི། ། མྱ་ངན་འདས་པ་ཡིད་སྤངས་པ། ། གཅིག་པོ་འདི་ནི་བདེན་པ་ཡིན། ། འདོད་ཆགས་དང་ནི་ཞེ་སྡང་མེད། ། གཏི་མུག་མེད་ཅིང་གང་ཟག་མེད། ། སྲེད་ལས་བྱུང་བའི་ཕུང་པོ་རྣམས། ། རྨི་ལམ་འདྲ་བར་ཡོད་པའོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་ པོས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པའི་མཚན་ཉིད་བཅོམ་ལྡན་འདས་ཀྱིས་བདག་ལ་བཤད་དུ་གསོལ། བདེ་བར་གཤེགས་པས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ཅི་ཞིག་གང་གིས་སུའི་ཡང་དག་པ་མ་ ཡིན་པར་ཡོངས་སུ་རྟོག་པ་འབྱུང་བ་འབྱུང་བར་འགྱུར།
BO
བཅོམ་ལྡན་འདས་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་ཞེས་བགྱི་བ་དེ་གང་ལགས། ཅི་ལ་སོ་སོར་རྣམ་པར་བརྟགས་ པས་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། ། བློ་གྲོས་ཆེན་པོ་གང་ཁྱོད་དེ་ལྟ་བུའི་དོན་གསོལ་བ་འདེབས་པ་ནི་བློ་གྲོས་ཆེན་པོ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་ལེགས་སོ། ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་དོན་རྣམ་པ་ཐ་དད་པ་སྣ་ཚོགས་ཡང་དག་པ་མ་ཡིན་པར་ཀུན་བརྟགས་པ་ལ་མངོན་པར་ཆགས་པས་མི་རྣམས་ཀྱི་རྣམ་པར་རྟོག་པ་འབྱུང་བ་འབྱུང་སྟེ།
BO
བློ་གྲོས་ཆེན་པོ་གཟུང་ བ་དང་། འཛིན་པ་ལ་མངོན་པར་ཆགས་ཤིང་ཞེན་པ་དང་། རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་བློ་ཅན་དང་། བློ་གྲོས་ཆེན་པོ་ཡོད་པ་དང་མེད་པར་ལྟ་བའི་ཕྱོགས་སུ་ལྷུང་བའི་མུ་སྟེགས་བྱེད་ཀྱི་ལྟ་བ་ལ་སོ་སོར་རྣམ་པར་རྟོག་པའི་བག་ཆགས་ཤིན་ཏུ་རྒྱས་པ་རྣམས་ཕྱི་རོལ་གྱི་དོན་ སྣ་ཚོགས་དམིགས་པ་ལ་མངོན་པར་ཆགས་པ་དང་། བདག་དང་བདག་གིར་མངོན་པར་ཆགས་པས་རྣམ་པར་རྟོག་པ་ཞེས་བསྒྲགས་པ་སེམས་དང་སེམས་ལས་བྱུང་བ་མང་པོ་འབྱུང་བ་འབྱུང་ངོ་། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དོན་རྣམ་པ་ཐ་དད་པ་སྣ་ཚོགས་སུ་ཡང་དག་ པ་མ་ཡིན་པར་ཡོངས་སུ་རྟོག་པ་ལ་མངོན་པར་ཆགས་པས་མི་རྣམས་ཀྱི་རྣམ་པར་རྟོག་པ་འབྱུང་བ་འབྱུང་སྟེ། ཡོད་པ་དང་མེད་པའི་ཕྱོགས་ལ་ལྟ་བར་ལྷུང་བ་གཟུང་བ་དང་། འཛིན་པ་དང་། མུ་སྟེགས་བྱེད་ཀྱི་ལྟ་བ་ལ་སོ་སོ་རྣམ་པར་རྟོག་པའི་བག་ཆགས་རྒྱས་པ་རྣམས་ཕྱི་རོལ་གྱི་དོན་སྣ་ཚོགས་སུ་ དམིགས་པ་ལ་མངོན་པར་ཆགས་ཤིང་། རང་གི་སེམས་སྣང་བ་ཙམ་དུ་མ་རིག་པ་དང་། ཡོད་པ་དང་།
BO
མེད་པའི་དངོས་པོ་སྣ་ཚོགས་ལ་མངོན་པར་ཆགས་པས་རྣམ་པར་རྟོག་པ་ཞེས་བསྒྲགས་པ་སེམས་དང་སེམས་ལས་བྱུང་བ་མང་པོ་འབྱུང་བ་འབྱུང་བ་ན། བཅོམ་ལྡན་འདས་ཕྱི་རོལ་གྱི་དོན་སྣ་ ཚོགས་ཀྱི་མཚན་ཉིད་ཡོད་པ་དང་མེད་པའི་ཕྱོགས་སུ་ལྷུང་བའི་མཚན་ཉིད་དངོས་པོ་དང་དངོས་པོ་མེད་པ་ལས་དབེན་པ་ལྟ་བའི་མཚན་ཉིད་ལས་ཇི་ལྟར་བཟློག་པ་དེ་བཞིན་དུ། བཅོམ་ལྡན་འདས་དོན་དམ་པ་ཡང་ཚད་མ་དང་། དབང་པོ་དང་། ཆ་ཤས་དང་། དཔེ་དང་། རྒྱུའི་མཚན་ཉིད་ལས་རྣམ་པར་ བཟློག་པ་ན། བཅོམ་ལྡན་འདས་གཅིག་ལ་ཡང་དག་པ་མ་ཡིན་པའི་དོན་སྣ་ཚོགས་ཀྱི་དངོས་པོ་ཡོད་པ་དང་། མེད་པར་མངོན་པར་ཆགས་པ་ལ་སོ་སོར་རྣམ་པར་རྟོག་ཅིང་རྣམ་པར་རྟོག་པ་འབྱུང་གི ། དོན་དམ་པའི་མཚན་ཉིད་ལ་མངོན་པར་ཆགས་ཤིང་རྣམ་པར་རྟོག་པས་ནི་རྣམ་པར་རྟོག་པ་མི་འབྱུང་བ་ཇི་ ལྟ་བུ། བཅོམ་ལྡན་འདས་གཅིག་ལ་ནི་འབྱུང་། གཅིག་ལ་ནི་མི་འབྱུང་ཞེས་གསུང་ན། ཡོད་པ་དང་མེད་པའི་ཕྱོགས་ལ་མངོན་པར་ཆགས་པ་དང་། ཁྱོད་ལ་མི་མཚུངས་པའི་རྒྱུར་སྨྲ་བར་འགྱུར་རོ། ། ཡང་དག་པ་མ་ཡིན་པར་རྣམ་པར་རྟོག་པའི་ལྟ་བ་འབྱུང་བར་གསུང་ན།
BO
སྒྱུ་མའི་ཡན་ལག་གི་ སྐྱེས་བུ་ཐ་དད་པ་རྣམ་པ་སྣ་ཚོགས་ལས་གཟུགས་གཅིག་གྲུབ་པ་བཞིན་དུ་སོ་སོར་རྣམ་པར་རྟོག་པས་མཚན་ཉིད་སྣ་ཚོགས་སུ་རྣམ་པར་བརྟགས་པས་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་རྟོག་པ་ལས་བཟློག་པའི་ཕྱིར་འཇིག་རྟེན་རྒྱང་ཕན་གྱི་ལྟ་བ་དང་བསམ་པར་ལྷུང་བར་འགྱུར་རོ། ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་འབྱུང་བའམ་ལྡོག་པ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཡོད་པ་དང་མེད་པ་ལས་རྣམ་པར་རྟོག་པ་མི་འབྱུང་བ་དང་། ཕྱི་རོལ་སྣང་བའི་དངོས་པོ་དངོས་པོ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་དུ་རྟོག་པས་བློ་གྲོས་ ཆེན་པོ་རྣམ་པར་རྟོག་པ་འབྱུང་བའང་མེད། ལྡོག་པའང་མེད་དེ། བློ་གྲོས་ཆེན་པོ་གཞན་དུ་ན་བྱིས་པ་རྣམས་ཀྱི་རང་གི་སེམས་སྣ་ཚོགས་ཀྱི་རྣམ་པར་རྟོག་པས་བརྟགས་པ་དང་། སྣ་ཚོགས་ཀྱི་དངོས་པོའི་མཚན་ཉིད་ལ་མངོན་པར་ཆགས་པས་ལོ་རྒྱུས་ལས་བྱུང་བ་སྔོན་དུ་འགྲོ་བའི་རྣམ་པར་ རྟོག་པ་འབྱུང་བར་བཤད་དོ། ། ཇི་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་རང་གི་རྣམ་པར་རྟོག་པའི་སེམས་ཙམ་དུ་ཁོང་དུ་ཆུད་པ་དང་།
BO
བདག་དང་བདག་གིར་མངོན་པར་ཆགས་པ་ལས་ལྟ་བ་རྣམ་པར་བཟློག་སྟེ། རྒྱུ་དང་རྐྱེན་དང་འབྲས་བུའི་ཉེས་པ་ལས་བཟློག་ཅིང་རང་གི་སེམས་སྣང་བ་ཙམ་དུ་རྟོགས་ པས་སེམས་དང་བསམ་པ་ཤིན་ཏུ་གྱུར་ཏེ། ས་ཐམས་ཅད་ལ་རིག་པར་བྱས་ཞིང་དེ་བཞིན་གཤེགས་པ་བདག་གི་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ཆོས་ལྔ་དང་། རང་བཞིན་དང་། དངོས་པོ་དང་། ལྟ་བ་དང་། རྣམ་པར་རྟོག་པ་ལྡོག་པ་ཐོབ་པར་འགྱུར་ཞེས་ཏེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ འདི་ལྟར་སྒྱུ་མ་ལ་རྣམ་པར་རྟོག་པ་ཡང་དག་པ་མ་ཡིན་པའི་དོན་སྣ་ཚོགས་ལ་མངོན་པར་ཆགས་པ་འབྱུང་སྟེ། རང་གི་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་དོན་ལ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་རྣམ་པར་གྲོལ་བར་འགྱུར་ཞེས་ངས་སྨྲས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། རྒྱུ་རྣམས་ དང་ནི་རྐྱེན་རྣམས་ཀྱིས། ། གང་རྣམས་འཇིག་རྟེན་འབྱུང་ཞེས་པ། ། མཐའ་བཞི་དང་ནི་ལྡན་པ་སྟེ། ། དེ་དག་ང་ཡི་ཚུལ་མི་ཤེས། ། རྒྱུ་དག་དང་ནི་རྐྱེན་རྣམས་ལས། ། འཇིག་རྟེན་ཡོད་མེད་མི་སྐྱེ་སྟེ། ། གང་ནའང་ཡོད་མེད་ཡོད་མིན་ན། ། བྱིས་པ་རྣམས་ཀྱིས་ཇི་ལྟར་བརྟགས། ། ཡོད་མིན་ མེད་མིན་ཡོད་མེད་མིན། །
BO
དེ་ལྟར་འཇིག་རྟེན་ནམ་མཐོང་ན། ། དེ་ཚེ་སེམས་ཀྱང་རྣམ་ལྡོག་སྟེ། ། བདག་མེད་པ་ཡང་རྟོགས་པར་འགྱུར། ། གང་ཕྱིར་རྐྱེན་ལས་བྱུང་བས་ན། ། དངོས་པོ་ཐམས་ཅད་མ་སྐྱེས་པ། ། རྐྱེན་རྣམས་ཐམས་ཅད་འབྲས་བུ་སྟེ། ། འབྲས་བུ་ལས་ ནི་སྲིད་མི་སྐྱེ། ། འབྲས་བུ་གཉིས་སུ་འགྱུར་བས་ན། ། འབྲས་བུ་ལ་ནི་འབྲས་མི་སྐྱེ། ། རྣམ་པ་གཉིས་སུ་རབ་འགྱུར་བས། ། འབྲས་བུའི་དངོས་པོ་མི་དམིགས་སོ། ། དམིགས་དང་དམིགས་བྱ་མེད་པར་ཡང་། ། ནམ་ཞིག་འདུས་བྱས་རྣམས་མཐོང་ན། ། སེམས་མེད་པ་ཡི་སེམས་ ཙམ་སྟེ། ། སེམས་ཙམ་དུ་ཡང་ངས་བཤད་དོ། ། ཙམ་དེ་ངོ་བོ་ཉིད་ཀྱི་དབྱིབས། ། རྐྱེན་དང་དངོས་པོ་སྤངས་པ་སྟེ། ། མཐར་ཐུག་དངོས་པོ་ཚངས་པའི་མཆོག ། དེ་ནི་ཙམ་ཞེས་ངས་བཤད་དོ། ། བདེན་པར་བདག་ནི་བརྟགས་པ་སྟེ། ། རྫས་ཡོད་དངོས་པོ་མ་ཡིན་ནོ། ། དེ་བཞིན་ཕུང་ པོའི་ཕུང་པོ་ཉིད། ། བཏགས་པ་ཡིན་ཏེ་རྫས་མེད་དོ། ། མཉམ་པ་ཉིད་ནི་རྣམ་བཞི་སྟེ། ། མཚན་དང་རྒྱུ་དང་དངོས་ལས་བྱུང་། ། བདག་མེད་པ་ཡི་མཉམ་པ་སྟེ། ། བཞི་པ་རྣལ་འབྱོར་རྣལ་འབྱོར་པའི། ། ལྟ་བ་ཐམས་ཅད་རྣམ་བཟློག་ཅིང་། ། རྟོག་དང་བརྟག་པ་སྤངས་པ་སྟེ། ། དམིགས་ མེད་སྐྱེ་བ་མེད་པ་ནི། །
BO
སེམས་ཙམ་དུ་ཡང་ངས་བཤད་དོ། ། དངོས་མེད་དངོས་མིན་མ་ཡིན་པ། ། དངོས་དང་དངོས་མེད་རྣམ་པར་སྤངས། ། དེ་བཞིན་སེམས་ལས་གྲོལ་བ་ནི། ། སེམས་ཙམ་དུ་ཡང་ངས་བཤད་དོ། ། དེ་བཞིན་ཉིད་དང་སྟོང་པའི་མཐའ། ། མྱ་ངན་འདས་དང་ཆོས་ཀྱི་ དབྱིངས། ། སྣ་ཚོགས་ཡིད་ཀྱི་ལུས་རྣམས་ནི། ། སེམས་ཙམ་དུ་ཡང་ངས་བཤད་དོ། ། རྣམ་རྟོག་བག་ཆགས་འབྲེལ་པ་ཡི། ། སྣ་ཚོགས་སེམས་ལས་བྱུང་བ་སྟེ། ། མི་རྣམས་ལ་ནི་ཕྱི་རོལ་སྣང་། ། འཇིག་རྟེན་པ་ཡི་སེམས་ཙམ་མོ། ། ཕྱི་རོལ་སྣང་བ་ཡོད་མེད་དེ། ། སེམས་ནི་སྣ་ ཚོགས་རྣམས་སུ་སྣང་། ། ལུས་དང་ལོངས་སྤྱོད་གནས་འདྲ་བར། ། སེམས་ཙམ་དུ་ཡང་ངས་བཤད་དོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དང་གཞན་དག་གིས་སྒྲ་ཇི་བཞིན་གྱི་དོན་དུ་གཟུང་བར་མི་བྱའོ་ཞེས་དེ་སྐད་གསུངས་ན། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་ཇི་བཞིན་གྱི་དོན་དུ་འཛིན་པ་མ་ལགས། སྒྲ་གང་དོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། ། དེ་ལ་བློ་གྲོས་ཆེན་པོ་སྒྲ་གང་ཞེ་ན། འདི་ལྟ་སྟེ། ཚིག་དང་ཡི་གེར་ཕྲད་པའི་རྣམ་པར་རྟོག་པ་ཡིན་ཏེ། སོ་དང་། འགྲམ་པ་དང་། རྐན་དང་། ལྕེ་དང་། མཆུ་སྦྱར་བ་ལས་བྱུང་བ་ཕན་ཚུན་སྨྲ་བར་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་ལས་སྐྱེས་པ་ནི་སྒྲ་ཞེས་བྱའོ། ། དེ་ལ་ བློ་གྲོས་ཆེན་པོ་དོན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་པུ་དབེན་པར་སོང་ནས་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་རང་གི་བློས་བག་ཆགས་ཀྱི་གནས་རབ་ཏུ་གྱུར་པ་སྔོན་དུ་ འགྲོ་བ་སོ་སོ་རང་གིས་རིག་པ་འཕགས་པའི་སྤྱོད་ཡུལ་ས་དང་སའི་གནས་གཞན་གྱི་བྱེ་བྲག་དང་། དོན་གྱི་མཚན་ཉིད་འཇུག་པ་ལ་རབ་ཏུ་དཔྱོད་ན་དོན་ལ་མཁས་པ་ཡིན་ནོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་སྒྲའི་དོན་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྒྲ་དང་། དོན་ཏམ། དོན་དང་སྒྲར་ཡང་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པར་ཡང་དག་པར་རྗེས་སུ་ལྟ་སྟེ་བློ་གྲོས་ཆེན་པོ་གལ་ཏེ་སྒྲ་དང་དོན་ཐ་དད་ན་ནི་དོན་གསལ་བར་བྱེད་པའི་རྒྱུ་སྒྲ་མ་ཡིན་པར་འགྱུར་ན། ནོར་རྫས་ལ་མར་མེ་བཞིན་དུ་དོན་དེ་ལ་སྒྲས་རྗེས་སུ་འཇུག་གོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྐྱེས་བུ་ ལ་ལ་ཞིག་མར་མེ་ཐོགས་ནས་ཕྱོགས་འདི་ན་ངའི་ནོར་འདི་ལྟ་བུ་འདི་ན་ཡོད་དོ་ཞེས་ནོར་ལ་ལྟ་བ་དེ་བཞིན་དུ། བློ་གྲོས་ཆེན་པོ་ཚིག་ཏུ་རྣམ་པར་རྟོག་པའི་སྒྲའི་མར་མེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚིག་གི་རྣམ་པར་རྟོག་པ་དང་བྲལ་བ། སོ་སོ་རང་གིས་རིག་པའི་དོན་གྱི་ཡུལ་ལ་རྗེས་ སུ་འཇུག་གོ། ། གཞན་ཡང་བློ་གྲོས་ཆེན་པོ་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཐེག་པ་གསུམ་དང་། ཐེག་པ་གཅིག་དང་། ཆོས་ལྔ་དང་། སེམས་དང་།
BO
རང་བཞིན་ལ་སོགས་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ ཆགས་པ་ལ་བརྟེན་ནས་མངོན་པར་ཆགས་པའི་ཕྱིར་སྒྱུ་མ་སྣ་ཚོགས་མཐོང་བའི་རྣམ་པར་རྟོག་པ་ལྟ་བུར་སྒྲོ་འདོགས་པ་དང་སྐུར་པའི་ལྟ་བར་ལྷུང་བ་ཡིན་ནོ། ། རྣམ་པ་གཞན་དུ་གནས་པ་ལ་རྣམ་པ་གཞན་དུ་སོ་སོར་རྣམ་པར་རྟོག་པས་འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྒྱུ་མ་སྣ་ཚོགས་ནི་རྣམ་པ་གཞན་དུ་ ལྟ་བ་ཡིན་ན། བྱིས་པ་རྣམས་རྣམ་པ་གཞན་དུ་སོ་སོར་རྣམ་པར་རྟོག་སྟེ། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཇི་བཞིན་སྒྲ་ལ་རྣམ་བརྟགས་ནས། ། ཆོས་ཉིད་ལ་ཡང་སྒྲོ་འདོགས་ཏེ། ། དེ་དག་དེ་ལ་སྒྲོ་བཏགས་པས། ། སེམས་ཅན་དམྱལ་བའི་གནས་ སུ་ལྷུང་། ། ཕུང་པོ་རྣམས་ལ་བདག་མེད་དེ། ། ཕུང་པོ་རྣམས་ཀྱང་བདག་ལ་མེད། ། རྣམ་རྟོག་བཞིན་དུ་དེ་དག་མེད། ། དེ་དག་མེད་པའང་མ་ཡིན་ནོ། ། དངོས་པོ་ཐམས་ཅད་ཡོད་པར་ནི། ། ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། ། དེ་སྟེ་མཐོང་བཞིན་དེ་ཡོད་ན། ། ཐམས་ཅད་ཡང་ དག་མཐོང་བར་འགྱུར། ། ཆོས་རྣམས་ཐམས་ཅད་མེད་པས་ན། ། ཉོན་མོངས་པ་དང་དག་པའང་མེད། ། ཇི་ལྟར་མཐོང་བ་བཞིན་མེད་དེ། ། དེ་དག་མེད་པའང་མ་ཡིན་ནོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་རྣམ་པ་ཐ་དད་པ་རབ་ཏུ་རྟོགས་པ་གང་གིས་ ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཡེ་ཤེས་དང་། རྣམ་པར་ཤེས་པའི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་ཁྱོད་ལ་བཤད་དོ། ། དེ་ལ་བློ་གྲོས་ཆེན་པོ་ཡེ་ཤེས་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ། ། དེ་ལས་སྐྱེས་ནས་འཇིག་པ་ནི་རྣམ་པར་ཤེས་པའོ། ། མ་སྐྱེས་མི་འཇིག་པ་ནི་ཡེ་ཤེས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་མཚན་མ་དང་མཚན་མ་ མེད་པར་ལྷུང་བ་དང་། ཡོད་པ་དང་མེད་པར་ལྷུང་བ་དང་། མཚན་ཉིད་སྣ་ཚོགས་ཀྱི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་ཤེས་པའོ། ། མཚན་མ་དང་མཚན་མ་མེད་པ་ལས་ཤིན་ཏུ་འདས་པའི་མཚན་ཉིད་ནི་ཡེ་ཤེས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་དེ་ལ་སོགས་པའི་མཚན་ཉིད་ནི་རྣམ་པར་ཤེས་ པའོ། ། བྲི་བའི་མཚན་ཉིད་ནི་ཡེ་ཤེས་སོ། ། དེ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ།
BO
རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་དང་། སྐྱེ་བ་དང་འཇིག་པ་རྟོགས་པར་བྱེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་རྟོགས་པར་བྱེད་པའོ། ། དེ་ལ་འཇིག་རྟེན་པའི་ཡེ་ཤེས་ནི་ཡོད་ པ་དང་། མེད་པའི་ཕྱོགས་ལ་མངོན་པར་ཆགས་པ་མུ་སྟེགས་བྱེད་དང་། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིའོ། ། དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བའི་བསམ་པ་ལ་མངོན་པར་ཆགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིའོ། ། དེ་ལ་ འཇིག་རྟེན་ལས་འདས་པ་མཆོག་གི་ཡེ་ཤེས་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་མེད་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་མཐོང་བ་དང་། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་དེ་བཞིན་གཤེགས་པའི་ས་བདག་མེད་ པ་ཐུགས་སུ་ཆུད་པའི་ཕྱིར་འབྱུང་བའོ། ། གཞན་ཡང་བློ་གྲོས་ཆེན་པོ་ཆགས་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་སོ། ། ཡུལ་སྣ་ཚོགས་ལ་ཆགས་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། ། གཞན་ཡང་བློ་གྲོས་ཆེན་པོ་གསུམ་དུ་འདུས་པའི་བྱ་བ་སྐྱེ་བ་དང་ལྡན་པའི་མཚན་ཉིད་ནི་རྣམ་པར་ཤེས་ པའོ། །
BO
མི་ལྡན་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཡེ་ཤེས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་ཐོབ་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་ཏེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་སྤྱོད་ཡུལ་དུ་མི་འཇུག་མི་འབྱུང་བའི་ཕྱིར་ཆུ་ལ་ཆུ་ཟླ་བཞིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཀྱིས་སུ་ནི་ལས་རྣམས་སོགས། ། ཡེ་ཤེས་ཀྱིས་ནི་རྣམ་པར་འབྱེད། ། ཤེས་རབ་ཀྱིས་ཀྱང་སྣང་མེད་དང་། ། མཐུ་ཡང་རབ་ཏུ་ཐོབ་པར་བྱེད། ། སེམས་ནི་ཡུལ་དང་འབྲེལ་བ་སྟེ། ། རྟོག་གེ་དག་ལ་ཡེ་ཤེས་འཇུག ། སྣང་བ་མེད་དང་བྱེ་བྲག་ལ། ། ཤེས་རབ་ཡང་དག་རབ་ཏུ་འཇུག ། སེམས་དང་ཡིད་དང་རྣམ་ཤེས་དང་། ། འདུ་ཤེས་རྟོག་པ་སྤངས་པ་སྟེ། ། རྣམ་པར་རྟོག་པའི་ཆོས་ཐོབ་པ། ། ཉན་ཐོས་རྣམས་ནི་རྒྱལ་སྲས་མིན། ། ཞིང་དང་བཟོད་པའི་ཁྱད་པར་ལ། ། དེ་བཞིན་གཤེགས་ཀྱི་ཡེ་ཤེས་དགེ། ། བྱེ་བྲག་དོན་དུ་དེ་སྐྱེས་ཏེ། ། ཀུན་ཏུ་སྤྱོད་ པ་རྣམ་པར་སྤངས། ། ང་ཡི་ཤེས་རབ་རྣམ་གསུམ་སྟེ། ། གང་གིས་འཕགས་པ་རབ་ཕྱེ་བ། ། གང་གིས་མཚན་ཉིད་རྟོགས་པ་དང་། ། དངོས་པོ་རྣམས་དང་གང་འབྲེལ་བའོ། ། ཐེག་པ་གཉིས་དང་མི་ལྡན་ཞིང་། ། ཤེས་རབ་སྣང་བ་རྣམ་པར་སྤངས། །
BO
དངོས་པོ་ཡོད་པར་ཆགས་ པས་ནི། ། ཉན་ཐོས་རྣམས་ཀྱིས་འབྱུང་བར་འགྱུར། ། སེམས་ཙམ་ལ་ནི་འཇུག་པས་ན། ། བདེ་གཤེགས་ཤེས་རབ་དྲི་མ་མེད། ། གཞན་ཡང་བློ་གྲོས་ཆེན་པོ་མུ་སྟེགས་བྱེད་འགྱུར་བར་སྨྲ་བ་རྣམས་ཀྱི་འགྱུར་བར་ལྟ་བ་རྣམ་པ་དགུ་ཡོད་དེ། འདི་ལྟ་སྟེ། དབྱིབས་འགྱུར་བ་ དང་། མཚན་ཉིད་འགྱུར་བ་དང་། རྒྱུ་འགྱུར་བ་དང་། རིགས་པ་འགྱུར་བ་དང་། ལྟ་བ་འགྱུར་བ་དང་། སྐྱེ་བ་འགྱུར་བ་དང་། དངོས་པོ་འགྱུར་བ་དང་། རྐྱེན་སྣང་བར་བྱེད་པར་འགྱུར་བ་དང་། བྱ་བ་སྣང་བར་བྱེད་པའི་འགྱུར་བ་དང་། བློ་གྲོས་ཆེན་པོ་འགྱུར་བར་ལྟ་བ་དེ་དགུ་ སྟེ། དེ་དག་ལ་བསམས་ནས་མུ་སྟེགས་བྱེད་ཐམས་ཅད་བདག་ཡོད་པ་དང་། མེད་པ་ལས་སྐྱེ་བ་འགྱུར་བར་སྨྲ་བ་ཡིན་ནོ། ། དེ་ལ་དབྱིབས་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དབྱིབས་གཞན་དུ་འགྱུར་བ་མཐོང་བའི་ཕྱིར་གསེར་གྱི་རྒྱན་སྣ་ཚོགས་སུ་འགྱུར་བ་མཐོང་བ་བཞིན་ནོ། ། འདི་ ལྟ་སྟེ། བློ་གྲོས་ཆེན་པོ་གསེར་ནི་གདུ་བུ་དང་། སོར་གདུབ་དང་། སྤེན་ཏོག་ལ་སོགས་པར་འགྱུར་བས་ཡོངས་སུ་བསྒྱུར་ན་དབྱིབས་སྣ་ཚོགས་སུ་གྱུར་པར་སྣང་ཡང་གསེར་གྱི་དངོས་པོ་ནི་མི་འགྱུར་རོ། །
BO
དེ་བཞིན་དུ་བློ་གྲོས་ཆེན་པོ་དངོས་པོ་ཐམས་ཅད་འགྱུར་བར་མུ་སྟེགས་བྱེད་ཁ་ཅིག་ རྣམ་པར་རྟོག་སྟེ། ཁ་ཅིག་ནི་རྒྱུ་ལ་རྟོག་གོ། ། དེ་དག་ནི་ཡོངས་སུ་བརྟག་པ་བཟུང་ནས་དེ་བཞིན་དུའང་མ་ཡིན། གཞན་དུའང་མ་ཡིན་ནོ། ། དེ་ལྟར་འགྱུར་བ་ཐ་དད་པ་ཐམས་ཅད་ཀྱང་ཞོ་དང་། འོ་མ་དང་། ཆང་དང་། འབྲས་བུ་སྨིན་པ་བཞིན་དུ་བལྟའོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ ཞོ་དང་། འོ་མ་དང་། ཆང་དང་། འབྲས་བུ་ལ་སོགས་པ་དེ་དག་ནི་མུ་སྟེགས་བྱེད་དེ་དག་གིས་འགྱུར་བ་རེ་རེར་རྣམ་པར་བརྟགས་ཏེ། དེ་ལ་རང་གི་སེམས་སྣང་བ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པས་ཡོད་པ་དང་མེད་པ་ནི་གང་ཡང་མི་འགྱུར་རོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་ སོ་སོའི་སྐྱེ་བོ་རྣམས་ཀྱི་རང་གི་རྣམ་པར་རྟོག་པ་གོམས་པ་འཇུག་པར་ལྟ་སྟེ། བློ་གྲོས་ཆེན་པོ་སྒྱུ་མ་དང་རྨི་ལམ་གྱི་གཟུགས་འབྱུང་བ་མཐོང་བ་བཞིན་དུ་འདི་ལ་ཆོས་གང་ཡང་འཇུག་པའམ་ལྡོག་པ་མེད་དོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རྨི་ལམ་ན་མོ་ཤམ་གྱི་བུ་སྐྱེ་བ་དང་། འཆི་བ་བཞིན་དུ་ འཇུག་པ་དང་ལྡོག་པ་ཡང་མཐོང་ངོ་། ། དེ་ལ་འདི་སྐད་ཅེས་བྱ་སྟེ། འབྱུང་དང་དངོས་དང་དབང་པོ་ལ། །
BO
དུས་དང་དབྱིབས་དང་འགྱུར་བ་དང་། ། སྲིད་པ་བར་མར་བསྡུ་བར་ཡང་། ། གང་རྟོག་དེ་དག་མི་མཁས་པའོ། ། འཇིག་རྟེན་རྟེན་ཅིང་འབྲེལ་འབྱུང་བར། ། རྒྱལ་བ་རྣམ་པར་མི་ རྟོག་སྟེ། ། འོན་ཀྱང་འཇིག་རྟེན་འདི་དག་ནི། ། རྐྱེན་ཉིད་དྲི་ཟའི་གྲོང་ཁྱེར་བཞིན། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ཆོས་ཐམས་ཅད་ཀྱི་མཚམས་སྦྱོར་བའི་དོན་ཡོངས་སུ་དགྲོལ་བའི་ཕྱིར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་ འདས་མཚམས་སྦྱོར་བ་དང་། མཚམས་སྦྱོར་བ་མ་ལགས་པའི་མཚན་ཉིད་ཐ་དད་པའི་བྱེ་བྲག་རབ་ཏུ་རྟོགས་པ་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་མཚམས་སྦྱོར་བ་དང་། མཚམས་སྦྱོར་བ་མ་ལགས་པ་ཐམས་ཅད་ཀྱི་ཐབས་ལ་མཁས་པས་སྒྲ་ ཇི་བཞིན་གྱི་དོན་ལ་ཆགས་པའི་མཚམས་སྦྱོར་བར་མི་ལྷུང་བ་དང་། ཆོས་ཐམས་ཅད་ཀྱི་མཚམས་སྦྱོར་བ་དང་། མཚམས་སྦྱོར་བ་མ་ལགས་པ་ལ་མཁས་པས་ཚིག་དང་ཡི་གེ་ལ་སོ་སོར་རྣམ་པར་རྟོག་པ་རྣམས་བློས་རབ་ཏུ་བཅོམ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་འཁོར་དུ་སྤྱོད་ ཅིང་སྟོབས་དང་། དབང་དང་། མངོན་པར་ཤེས་པ་དང་། གཟུངས་ཀྱི་ཕྱག་རྒྱས་བཏབ་པ།
BO
སྤྲུལ་པའི་འོད་ཟེར་སྣ་ཚོགས་ཀྱིས་མཐར་ཐུག་པའི་གནས་བཅུ་དང་། ཤིན་ཏུ་འབྲེལ་པའི་བློ་ཟླ་བ་དང་། ཉི་མ་དང་། ནོར་བུ་དང་། འབྱུང་བ་ཆེན་པོ་སྤྱོད་པའི་ཚུལ་ལྷུན་གྱིས་གྲུབ་པ་དང་མཚུངས་པ། ཆོས་ཐམས་ཅད་ལ་རང་གི་རྣམ་པར་རྟོག་པའི་མཚན་ཉིད་ལས་ལྟ་བ་རྣམ་པར་བཟློག་ཅིང་རྨི་ལམ་དང་། སྒྱུ་མ་ལ་སོགས་པའི་ཆོས་ཐམས་ཅད་མཐོང་བས་སངས་རྒྱས་ཀྱི་སའི་གནས་ལ་རྗེས་སུ་ཞུགས་པ། སེམས་ཅན་གྱི་ཁམས་ཐམས་ཅད་ཅི་རིགས་པར་ཆོས་སྟོན་པས་དྲངས་ ཏེ་རྨི་ལམ་དང་། སྒྱུ་མ་ལ་སོགས་པའི་ཆོས་ཐམས་ཅད་ཡོད་པ་དང་མེད་པའི་ཕྱོགས་སྤངས་པ། སྐྱེ་བ་དང་འཇིག་པར་རྣམ་པར་རྟོག་པ་དང་བྲལ་བ་ལ་སྒྲ་གཞན་གྱི་རྣམ་གྲངས་ལ་འཇུག་པའི་གནས་ཀྱིས་རབ་ཏུ་འགོད་པར་འགྱུར་བ། ཆོས་ཐམས་ཅད་ཀྱི་མཚམས་སྦྱོར་བ་དང་མཚམས་ སྦྱོར་བ་མ་ལགས་པའི་མཚན་ཉིད་བདག་ལ་བཤད་དུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ ཆོས་ཐམས་ཅད་ཀྱི་སྒྲ་ཇི་བཞིན་དུ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་ཚད་མེད་དེ། མཚན་ཉིད་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་དང་། རྐྱེན་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་དང་། དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་དང་། སྐྱེ་བ་དང་། མི་སྐྱེ་བར་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་དང་། འགོག་པ་དང་འགོག་པ་མེད་པ་ལ་མངོན་པར་ཆགས་པས་སོ་སོ་རྣམ་པར་རྟོག་པའི་མཚམས་སྦྱོར་བ་དང་། མཚན་ཉིད་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་དང་། ཐེག་པ་དང་ཐེག་པ་མ་ཡིན་ པ་ལ་མངོན་པར་ཆགས་པས་སོ་སོར་རྣམ་པར་རྟོག་པའི་མཚམས་སྦྱོར་བ་དང་། འདུས་བྱས་དང་འདུས་མ་བྱས་ལ་སོ་སོར་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་དང་། ས་དང་སའི་རང་གི་མཚན་ཉིད་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་དང་། རང་ གི་རྣམ་པར་རྟོག་པ་མངོན་པར་རྟོག་པའི་མཚམས་སྦྱོར་བ་དང་།
BO
ཡོད་པ་དང་མེད་པའི་ཕྱོགས་མུ་སྟེགས་ཅན་གྱི་གནས་ལ་སོ་སོར་རྣམ་པར་རྟོག་པའི་མཚམས་སྦྱོར་བ་དང་། ཐེག་པ་གསུམ་དང་ཐེག་པ་གཅིག་མངོན་པར་རྟོགས་པ་རྣམ་པར་རྟོག་པའི་མཚམས་སྦྱོར་བ་དང་། བློ་གྲོས་ཆེན་པོ་དེ་ དག་དང་གཞན་རྣམས་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་གི་ཡུལ་ལ་རྣམ་པར་རྟོག་པའི་མཚམས་སྦྱོར་བ་ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཚམས་སྦྱོར་བ་དེ་དག་ལ་མཚམས་སྦྱར་ནས། དངོས་པོ་དང་དངོས་པོ་མེད་པར་མཚམས་སྦྱོར་བའི་མཚན་ཉིད་ལ་མངོན་པར་ཆགས་ཤིང་ཞེན་པས་ སོ་སོར་རྣམ་པར་རྟོག་ཅིང་དར་གྱི་སྲིན་བུ་བཞིན་དུ་རང་གི་རྣམ་པར་རྟོག་པའི་ལྟ་བས་མཚམས་སྦྱོར་བར་འདོད་པའི་ཕྱིར་རང་གི་རྣམ་པར་རྟོག་པའི་ལྟ་བ་མཚམས་སྦྱོར་བའི་སྐུད་པས་བདག་དང་གཞན་ལ་ཡོངས་སུ་འཁྲིའོ། ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་རབ་ཏུ་དབེན་པར་མཐོང་བས་འདི་ལ་ མཚམས་སྦྱོར་བ་དང་། མཚམས་སྦྱོར་བའི་མཚན་ཉིད་གང་ཡང་མེད་དོ། ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་མི་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་དབེན་པར་ལྟ་ཞིང་གནས་སོ། །
BO
གཞན་ཡང་བླ་གྲོས་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པ་ རང་གི་སེམས་སྣང་བའི་མཚན་ཉིད་དུ་ཁོང་དུ་ཆུད་ཅིང་སྣང་བ་མེད་པ་རང་གི་སེམས་ཙམ་གྱི་རྗེས་སུ་འབྲང་བ་དང་། ཡོད་པ་དང་མེད་པའི་དངོས་པོ་ཐམས་ཅད་ལ་རྣམ་པར་རྟོག་པའི་མཚམས་སྦྱོར་བ་རབ་ཏུ་དབེན་པར་མཐོང་བས་ཆོས་ཐམས་ཅད་ལ་མཚམས་སྦྱོར་བ་ཡང་མེད། མཚམས་སྦྱོར་བའི་ མཚན་ཉིད་ཀྱང་མེད་དོ། ། བློ་གྲོས་ཆེན་པོ་འདི་ལ་གང་ཡང་འཆིང་བའང་མེད་གྲོལ་བའང་མེད་དེ། གཞན་དུ་ན་ལོག་པར་ལྷུང་བའི་བློས་བཅིངས་པ་དང་ཐར་པར་ཤེས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཡོད་པ་དང་མེད་པ་ལ་མཚམས་སྦྱོར་བ་མི་དམིགས་པའི་ཕྱིར་རོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཚམས་སྦྱོར་བ་རྣམ་པ་གསུམ་མོ། ། དེ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡིན་ཏེ། དགའ་བའི་འདོད་ཆགས་དང་ལྡན་པ་ཡང་སྲིད་པ་ཅན་གྱི་སྲེད་པ་དང་། གང་ལ་མཚམས་སྦྱར་ནས་འགྲོ་བ་རྣམས་ཀྱི་མཚམས་སྦྱོར་ བ་འབྱུང་བའོ། ། དེ་ལ་སེམས་ཅན་རྣམས་ཀྱི་འགྲོ་བ་ལྔར་མཚམས་སྦྱར་བ་ནི་མཚམས་སྦྱོར་བ་ཡིན་ཏེ།
BO
བློ་གྲོས་ཆེན་པོ་མཚམས་སྦྱོར་བ་ཆད་ནས་ནི་མཚམས་སྦྱོར་བ་དང་མཚམས་སྦྱོར་བའི་མཚན་ཉིད་དུ་ཤེས་པ་ཡང་མེད་དོ། ། གཞན་ཡང་བློ་གྲོས་ཆེན་པོ་གསུམ་འདུས་པའི་ རྐྱེན་དང་། བྱ་བ་སྦྱོར་བ་ལ་མངོན་པར་ཆགས་པའི་ཕྱིར་རྣམ་པར་ཤེས་པ་རྣམས་ཀྱི་མཚམས་སྦྱོར་ཏེ། བར་ཆད་མེད་པར་འཇུག་པའི་ཚུལ་དུ་མངོན་པར་ཆགས་པས་སྲིད་པའི་མཚམས་སྦྱོར་བར་འགྱུར་རོ། ། རྣམ་པར་ཤེས་པ་རྣམས་ཀྱི་གསུམ་འདུས་པའི་རྐྱེན་ལས་བཟློག་པ་དང་། རྣམ་པར་ ཐར་པ་གསུམ་མཐོང་བས་མཚམས་སྦྱོར་བ་ཐམས་ཅད་མི་འབྱུང་ངོ་། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཡང་དག་མ་ཡིན་ཡོངས་རྟོག་ནི། ། མཚམས་སྦྱོར་མཚན་ཉིད་ཅེས་བྱ་སྟེ། ། དེ་ནི་ཡང་དག་ཡོངས་ཤེས་ན། ། མཚམས་སྦྱོར་བ་ཡི་དྲ་བ་འཆད། ། དངོས་པོར་ཤེས་པའི་སྒྲ་འཛིན་པས། ། ཇི་ལྟར་དར་གྱི་སྲིན་བུ་བཞིན། ། བྱིས་པ་མཚམས་སྦྱོར་མི་མཁས་པ། ། རང་གི་རྣམ་པར་རྟོག་པས་འཆིང་། ། ཡང་བློ་གྲོས་ཆེན་པོས་གསོལ་བ། གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རྣམ་པར་རྟོག་པ་གང་དང་གང་གིས་དངོས་པོ་གང་དང་གང་བརྟགས་པ་དེ་དག་ནི་ཀུན་བརྟགས་པ་ཉིད་དེ། དེ་ དག་ལ་རང་བཞིན་མེད་དོ་ཞེས་བཀའ་སྩལ་པ།
BO
བཅོམ་ལྡན་འདས་དེ་གལ་ཏེ་ཀུན་བརྟགས་པ་ཉིད་ལགས་ཏེ་དངོས་པོའི་རང་བཞིན་གྱི་མཚན་ཉིད་མི་རིག་ན། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཆོས་ཐམས་ཅད་ཀུན་བརྟགས་པའི་རང་བཞིན་དུ་གྱུར་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ཡང་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། ། བློ་གྲོས་ཆེན་པོ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དངོས་པོའི་རང་བཞིན་རྣམ་པར་བརྟགས་པ་དེ་ལྟ་བུར་མ་ཡིན་ཏེ། དེ་ནི་ ཀུན་བརྟགས་པ་ཉིད་དེ། དངོས་པོའི་རང་བཞིན་དང་མཚན་ཉིད་མི་རིག་གོ། ། བློ་གྲོས་ཆེན་པོ་འོན་ཀྱང་འཕགས་པ་རྣམས་ཀྱིས་འཕགས་པའི་ཡེ་ཤེས་དང་། འཕགས་པའི་མཐོང་བ་དང་། འཕགས་པའི་ཤེས་རབ་ཀྱི་མིག་གིས་དངོས་པོའི་རང་བཞིན་ཇི་ལྟར་རྟོགས་པ་དེ་ལྟ་བུར་དངོས་པོའི་རང་བཞིན་ ཡིན་ནོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་གལ་ཏེ་འཕགས་པ་རྣམས་ཀྱི་རྫུ་འཕྲུལ་དང་ཤའི་མིག་གིས་མ་ལགས་ཀྱི། འཕགས་པའི་ཡེ་ཤེས་དང་། འཕགས་པའི་མཐོང་བ་དང་།
BO
འཕགས་པའི་ཤེས་རབ་ཀྱི་མིག་གིས་དངོས་པོའི་ངོ་བོ་ཉིད་རྟོགས་པ་དེ་བཞིན་དུ་འགྱུར་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ དག་གིས་དངོས་པོའི་རང་བཞིན་ཇི་ལྟར་བརྟགས་པ་དེ་ལྟར་མ་ལགས་ན། བཅོམ་ལྡན་འདས་དེ་ཇི་ལྟར་འཕགས་པའི་ངོ་བོའི་དངོས་པོ་ཁོང་དུ་མ་ཆུད་པའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྣམ་པར་རྟོག་པ་ལྡོག་པར་འགྱུར། བཅོམ་ལྡན་འདས་དེ་དག་ནི་ཕྱིན་ཅི་ལོག་ཀྱང་མ་ལགས། ཕྱིན་ཅི་མ་ ལོག་པའང་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། འཕགས་པའི་དངོས་པོའི་ངོ་བོའི་རང་བཞིན་ཁོང་དུ་མ་ཆུད་པ་དང་། ཡོད་པ་དང་། མེད་པའི་མཚན་ཉིད་ལས་ལྡོག་པ་མཐོང་བའི་སླད་དུའོ། ། བཅོམ་ལྡན་འདས་འཕགས་པ་རྣམས་ཀྱིས་དངོས་པོ་ཇི་ལྟར་རྣམ་པར་བརྟགས་པ་ ཡང་རང་གི་མཚན་ཉིད་ཀྱི་ཡུལ་ལ་སྤྱོད་ཡུལ་མ་ལགས་པའི་ཕྱིར་དེ་བཞིན་དུ་མི་འགྱུར་རོ། ། བཅོམ་ལྡན་འདས་དེ་དག་གི་དངོས་པོའི་རང་བཞིན་དང་མཚན་ཉིད་དེ་ཡང་སྒྱུ་མ་བསྟན་པས་ཀུན་བརྟགས་པའི་རང་བཞིན་ཉིད་སྣང་ངོ་། ། འདི་ལྟ་སྟེ། དངོས་པོའི་མཚན་ཉིད་ལ་ལྟ་བར་ལྷུང་བས་ གཞན་དག་གི་སྤྱོད་ཡུལ་དུ་འགྱུར་ཏེ།
BO
བཅོམ་ལྡན་འདས་དངོས་པོའི་རང་གི་མཚན་ཉིད་ཁོང་དུ་མ་ཆུད་པའི་ཕྱིར་དེ་དག་ཇི་ལྟ་བ་བཞིན་མ་ལགས་པས་ཐུག་པ་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀུན་བརྟགས་པའི་རང་བཞིན་གྱི་རྒྱུ་ལས་སྐྱེས་པ་དངོས་པོའི་རང་བཞིན་གྱི་མཚན་ཉིད་མ་ ལགས་པ་ན་དེ་ཇི་ལྟར་ཀུན་ཏུ་རྟོགས་པས་སོ་སོར་རྣམ་པར་བརྟགས་པ་ཇི་ལྟ་བུར་བརྟགས་པ་དེ་བཞིན་དུ་མི་འགྱུར། བཅོམ་ལྡན་འདས་སོ་སོར་རྣམ་པར་རྟོག་པའི་མཚན་ཉིད་ཀྱང་གཞན། དངོས་པོའི་རང་བཞིན་གྱི་མཚན་ཉིད་ཀྱང་གཞན་ཏེ། བཅོམ་ལྡན་འདས་རྣམ་པར་རྟོག་པ་དང་། རང་ བཞིན་གྱི་མཚན་ཉིད་རྒྱུ་མི་འཐུན་པ་དེ་དག་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཕན་ཚུན་དུ་བརྟགས་ན་ཇི་ལྟར་དེ་བཞིན་དུ་མི་འགྱུར། འདི་ལྟར་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པ་བཟློག་པའི་སླད་དུ་ཇི་ལྟར་སོ་སོར་རྣམ་པར་རྟོག་པས་རྣམ་པར་བརྟགས་པ་དེ་བཞིན་དུ་མེད་དོ་ཞེས་བགྱིའམ། བཅོམ་ ལྡན་འདས་ཅི་ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་ཡོད་པ་དང་། མེད་པར་ལྟ་བ་བཟློག་སྟེ། དངོས་པོའི་རང་བཞིན་ལ་མངོན་པར་ཆགས་པ་དང་། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ཡུལ་ལ་མངོན་པར་ཆགས་པས་ཡོད་པར་ལྟ་བ་ལ་དགོད་དམ།
BO
འཕགས་པའི་ཡེ་ཤེས་ཀྱི་ ངོ་བོ་ཉིད་ཀྱི་དངོས་པོ་བསྟན་པས། རབ་ཏུ་དབེན་པའི་ཆོས་བསྟན་པ་མ་མཆིས་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འཕགས་པའི་དངོས་པོའི་རང་བཞིན་བསྟན་པས་ངས་རབ་ཏུ་དབེན་པའི་ཆོས་བསྟན་པ་མེད་པར་བྱ་བའང་མ་ཡིན། ཡོད་པར་ལྟ་བ་ལ་དགོད་ པའང་མ་ཡིན་གྱི། བློ་གྲོས་ཆེན་པོ་ངས་ཐོག་མ་མེད་པའི་དུས་ནས་དངོས་པོའི་རང་བཞིན་གྱི་མཚན་ཉིད་ལ་མངོན་པར་ཆགས་པའི་སེམས་ཅན་རྣམས་ཀྱི་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར་འཕགས་པའི་ཡེ་ཤེས་ཀྱི་དངོས་པོའི་རང་བཞིན་ལ་མངོན་པར་ཆགས་པའི་མཚན་ཉིད་དུ་ལྟ་བས་རབ་ཏུ་ དབེན་པའི་ཆོས་བསྟན་པར་བྱ་སྟེ། བློ་གྲོས་ཆེན་པོ་ངས་དངོས་པོའི་རང་བཞིན་བསྟན་པ་ནི་མ་བྱས་མོད་ཀྱི། བློ་གྲོས་ཆེན་པོ་འདི་ལྟར་བདག་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པས་དབེན་པའི་ཕྱིར་ལ་སྤྱོད་པར་འགྱུར་རོ། ། ནོར་པ་ལ་མཚན་མ་མེད་པར་མཐོང་བས་རང་གི་སེམས་ སྣང་བ་ཙམ་དུ་ཞུགས་ཤིང་ཕྱི་རོལ་གྱི་སྣང་བ་དངོས་པོ་དང་། དངོས་པོ་མེད་པ་ལས་ལྟ་བ་རྣམ་པར་བཟློག་སྟེ།
BO
རྣམ་པར་ཐར་པ་གསུམ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཕྱག་རྒྱས་ཤིན་ཏུ་བཏབ་ཅིང་ཡོད་པ་དང་། མེད་པའི་དངོས་པོ་རྣམ་པར་སྤངས་པས་དངོས་པོའི་རང་བཞིན་ རྣམས་ལ་སོ་སོ་རང་གིས་རིག་པའི་བློས་མངོན་སུམ་དུ་གནས་པར་འགྱུར་རོ། ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅའ་བར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དམ་བཅའ་བ་ཡང་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུ་བ་དང་། དེའི་རྒྱུས་འཇུག་པའི་མཚན་ཉིད་ཀྱི་ཕྱིར་དངོས་པོ་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅས་ཏེ་སྨྲས་ན། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་བཅས་པ་ལས་ཉམས་པར་འགྱུར་རོ། ། དམ་བཅས་པ་ཡང་དེ་ལས་ལྟོས་ཏེ་འབྱུང་བས་ན་དངོས་པོ་ཐམས་ཅད་མ་སྐྱེས་པའོ་ ཞེས་དམ་གང་བཅས་པ་དེའི་དམ་བཅས་པ་དེ་ཡང་ཉམས་པར་འགྱུར་རོ། ། དེ་སྟེ་དམ་བཅས་པ་དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་ཕྱིར་མ་སྐྱེས་པ་ན་དམ་བཅས་པའང་མཚན་ཉིད་ཐ་མི་དད་དེ། མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པར་སྨྲ་བ་ནི་རབ་ཏུ་ཉམས་པར་འགྱུར་ རོ། །
BO
དམ་བཅས་པའི་ཡན་ལག་གི་རྒྱུས་དམ་བཅས་པ་ཡོད་པ་དང་མེད་པ་ལས་མ་སྐྱེས་སོ། ། བློ་གྲོས་ཆེན་པོ་དམ་བཅས་པ་དེའང་དངོས་པོ་ཐམས་ཅད་ཀྱི་ནང་དུ་གཏོགས་པས་ཡོད་པ་དང་མེད་པ་ལས་མ་སྐྱེས་པའི་མཚན་ཉིད་དོ། ། བློ་གྲོས་ཆེན་པོ་གལ་ཏེ་དམ་བཅས་པ་མ་སྐྱེས་ པ་དེས་དངོས་པོ་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་འཆའ་བར་བྱེད་ན། དེ་ལྟར་ན་ཡང་དམ་བཅས་པ་ལས་ཉམས་པར་འགྱུར་རོ། ། དམ་བཅས་པ་ཡང་ཡོད་པ་དང་མེད་པ་ལས་མི་སྐྱེ་བའི་དངོས་པོའི་མཚན་ཉིད་ལས་དམ་བཅའ་བར་མི་བྱའོ། ། བློ་གྲོས་ཆེན་པོ་དེ་དག་གི་དམ་བཅས་པ་ ཡང་མ་སྐྱེས་པའི་རང་བཞིན་གྱི་མཚན་ཉིད་ཡིན་ཏེ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཉེས་པ་མང་པོའི་སྐྱོན་ཆགས་པའི་ཕྱིར་ཁྱོད་ཀྱིས་དམ་བཅའ་བར་མི་བྱའོ། ། ཡན་ལག་རྣམས་ཀྱང་ཕན་ཚུན་རྒྱུར་གྱུར་པའི་མཚན་ཉིད་མི་འདྲ་བ་དང་། བྱས་པའི་ཕྱིར་ཡན་ལག་རྣམས་དམ་བཅའ་བར་ མི་བྱའོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཆོས་ཐམས་ཅད་མ་སྐྱེས་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་དང་། ངོ་བོ་ཉིད་མེད་པའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དམ་བཅའ་བར་མི་བྱ་མོད་ཀྱི།
BO
བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ དངོས་པོ་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ལྟ་བུར་བསྟན་པར་བྱ་སྟེ། གཞན་དུ་ན་བློ་གྲོས་ཆེན་པོ་བྱིས་པ་རྣམས་ཡོད་པ་དང་མེད་པར་ལྷུང་བ་དེ་དག་སྐྲག་པར་མི་འགྱུར་བ་དང་། ཐེག་པ་ཆེན་པོ་ལས་རིང་དུ་མི་འགྱུར་བར་བྱིས་པ་རྣམས་ཀྱི་སྐྲག་པའི་གནས་སྤང་བའི་ཕྱིར་སྣང་བ་དང་མི་སྣང་བའི་ མཚན་ཉིད་དང་། ལྟ་བ་དང་། བློ་སླུ་བར་བྱེད་པའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ལྟ་བུར་བསྟན་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། རང་བཞིན་མེད་ཅིང་རྣམ་རིག་མེད། ། དངོས་པོ་མེད་ཅིང་ཀུན་གཞི་མེད། ། འདི་དག་རོ་བཞིན་བྱིས་པ་ཡི། ། ལོག་པའི་རྟོག་པ་ ཅན་གྱིས་བརྟགས། ། ཆོས་རྣམས་ཐམས་ཅད་མ་སྐྱེས་པར། ། མུ་སྟེགས་ཀུན་ལས་བསྒྲག་པའི་ཕྱིར། ། དངོས་པོ་རྐྱེན་དང་ལྡན་པ་ནི། ། སུ་ལའང་སྐྱེས་པ་ཡོད་མེད་དོ། ། དངོས་པོ་ཐམས་ཅད་མ་སྐྱེས་པར། ། དམ་བཅའ་བ་ལ་མི་རྟག་སྟེ། ། དེ་འགྲུབ་དེ་རྒྱུ་ ལྡན་པའི་ཕྱིར། ། དེ་དག་བློ་ཡང་ཉམས་པར་འགྱུར། ། ཇི་ལྟར་ལོག་པར་སྐྲ་ཤད་འཛིངས། ། སྐྱེ་བོ་རབ་རིབ་ཅན་གྱིས་མཐོང་། ། དེ་བཞིན་དངོས་པོར་རྣམ་རྟོག་འདི། །
BO
ལོག་པར་བྱིས་པས་རྣམ་པར་བརྟགས། ། སྲིད་པ་གསུམ་ནི་བརྟགས་པ་ཙམ། ། དངོས་པོའི་རང་བཞིན་ཡོད་ མེད་དེ། ། བརྟགས་པ་དངོས་པོའི་རང་བཞིན་དུ། ། རྟོག་པ་ཅན་རྣམས་རྟོག་པར་འགྱུར། ། མཚན་དང་དངོས་པོའི་རྣམ་རིག་དང་། ། ཡིད་ཀྱི་རྣམ་པར་གཡོས་པ་ལས། ། ང་ཡི་སྲས་རྣམས་འདས་ནས་ནི། ། དེ་དག་རྣམ་པར་མི་རྟོག་སྤྱོད། ། སྨིག་རྒྱུ་བ་ལ་ཇི་ལྟ་བུར། ། ཆུ་མེད་པ་ ལ་ཆུ་འཛིན་པ། ། སྣང་ལ་བྱིས་པ་དེ་བཞིན་ཏེ། ། འཕགས་པ་རྣམས་ནི་ཁྱད་པར་ལྡན། ། འཕགས་པའི་མཐོང་བ་དག་པ་སྟེ། ། རྣམ་པར་ཐར་པ་གསུམ་ལ་སྐྱེས། ། སྐྱེ་དང་འཇིག་ལས་རྣམ་གྲོལ་ཏེ། ། སྣང་བ་མེད་ལ་རབ་ཏུ་སྤྱོད། ། དངོས་པོ་རྣམས་ནི་སྣང་མེད་དེ། ། རྣལ་འབྱོར་ ཅན་ལ་མེད་པའང་མིན། ། དངོས་དང་དངོས་མེད་མཉམ་པས་ནི། ། འཕགས་པ་རྣམས་ཀྱི་འབྲས་བུ་སྐྱེ། ། ཇི་ལྟར་དངོས་པོ་དངོས་མེད་དང་། ། མཉམ་པ་ཉིད་དུ་ཇི་ལྟར་བྱེད། ། ཕྱི་དང་ནང་གི་གཡོ་བ་རྣམས། ། ནམ་ཞིག་སེམས་ཀྱིས་མི་ཤེས་ན། ། དེ་ན་འཇིག་པར་བྱེད་པ་སྟེ། ། སེམས་ཀྱི་མཉམ་པ་ཉིད་ཀྱང་མཐོང་། ། བློ་གྲོས་ཆེན་པོས་གསོལ་པ།
BO
བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ནམ་དམིགས་པར་བྱ་བའི་དོན་ཤེས་པས་མི་དམིགས་པ་དེ་ན་རྣམ་པར་རིག་པ་ཙམ་དུ་གཞག་པ་ཡིན་ཏེ། རྣམ་པར་རིག་པའི་གཟུང་བ་མེད་པས་འཛིན་པ་ཡང་འཛིན་པ་མེད་པར་ཡིན་ནོ། ། དེ་འཛིན་པ་མེད་པས་རྣམ་པར་རྟོག་པ་ཞེས་བསྒྲགས་པའི་རྣམ་པར་ཤེས་པ་ཡང་མི་འཇུག་གོ། ། ཞེས་གསུངས་ན། བཅོམ་ལྡན་འདས་དངོས་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སྣ་ཚོགས་ཐ་མི་དད་པར་ཁོང་དུ་མ་ཆུད་པའི་ཕྱིར་ཤེས་པས་མི་དམིགས་སམ། འོན་ཏེ་རང་དང་སྤྱིའི་མཚན་ཉིད་སྣ་ ཚོགས་ཀྱི་དངོས་པོའི་ངོ་བོ་ཉིད་ཟིལ་དུ་བརླག་པའི་ཕྱིར་ཤེས་པས་མི་དམིགས་སམ། དེ་སྟེ་རྩིག་པ་དང་། རེ་ལྡེ་དང་། རྫིང་དང་། ར་བ་དང་། ས་དང་། ཆུ་དང་། རླུང་དང་། མེས་ཆོད་པ་རྣམས་དང་། རྒྱང་རིང་པོ་དང་ཉེ་བའི་ཕྱིར་ཤེས་བྱའི་དོན་ཤེས་པས་མི་དམིགས་སམ། དེ་ སྟེ་ལོང་བ་དང་། བྱིས་པ་དང་། རྒན་པོའི་དབང་པོ་དང་ལྡན་པས་ཤེས་བྱའི་དོན་མི་དམིགས། བཅོམ་ལྡན་འདས་དེ་གལ་ཏེ་རང་དང་སྤྱིའི་མཚན་ཉིད་སྣ་ཚོགས་ཐ་མི་དད་པ་ཁོང་དུ་མ་ཆུད་པའི་ཕྱིར་ཤེས་པས་མི་དམིགས་ན་ནི། བཅོམ་ལྡན་འདས་ཤེས་པ་ཞེས་ཀྱང་མི་བགྱི་སྟེ། གང་དོན་ ཡོད་པ་མི་དམིགས་པ་དེ་ནི་མི་ཤེས་པའོ། །
BO
དེ་སྟེ་རང་དང་སྤྱིའི་མཚན་ཉིད་སྣ་ཚོགས་ཀྱིས་དངོས་པོའི་ངོ་བོ་ཉིད་ཟིལ་དུ་བརླག་པའི་ཕྱིར་ཤེས་པས་མི་དམིགས་ན་ནི། བཅོམ་ལྡན་འདས་དེ་ཡང་མི་ཤེས་པ་སྟེ་ཤེས་པ་མ་ལགས་སོ། ། བཅོམ་ལྡན་འདས་ཤེས་བྱ་ཡོད་ན་ཤེས་པ་འབྱུང་གི་མེད་ པ་ལས་མ་ལགས་ཏེ། དེ་དང་ལྡན་པས་ན་ཤེས་བྱ་ཤེས་པ་ཞེས་བྱའོ། ། དེ་སྟེ་རྩིག་པ་དང་། རེ་ལྡེ་དང་། རྫིང་དང་། ར་བ་དང་། ས་དང་། ཆུ་དང་། རླུང་དང་། མེས་ཆོད་པ་རྣམས་དང་། རྒྱང་རིང་པོ་དང་ཉེ་བའི་ཕྱིར་མི་དམིགས་པ་དང་། བྱིས་པ་དང་། རྒན་པོ་དང་། ལོང་ བར་གྱུར་པས་དབང་པོ་རྣམས་མ་ཚང་བའི་ཕྱིར་ཤེས་པས་མི་དམིགས་ན་ནི། བཅོམ་ལྡན་འདས་བློ་མ་ཚང་བའི་ཕྱིར་ཡོད་པའི་དོན་མི་དམིགས་ཏེ། དེ་ནི་ཤེས་པ་མ་ལགས་ཀྱི་མི་ཤེས་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་ནི་དེ་ལྟར་ན་མི་ཤེས་པ་མ་ཡིན་ཏེ་ཤེས་ པའོ། ། བློ་གྲོས་ཆེན་པོ་ངས་དེ་ལ་དགོངས་ཏེ་ནམ་མི་དམིགས་པའི་དོན་ཤེས་པས་མི་དམིགས་པ་དེ་ནི་རྣམ་པར་རིག་པ་ཙམ་དུ་གཞག་པ་ཡིན་ནོ། ། ཞེས་མ་བཤད་དེ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པ་དང་།
BO
ཡོད་པ་དང་མེད་པ་ལས་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པའི་ ཕྱིར་ཤེས་པས་དོན་མི་དམིགས་སོ། ། དེ་མི་དམིགས་པའི་ཕྱིར་ཤེས་བྱ་དང་ཤེས་པ་མི་འབྱུང་ངོ་། ། རྣམ་པར་ཐར་པ་གསུམ་རྗེས་སུ་རྟོགས་པས་ཤེས་པའང་མི་དམིགས་ཏེ། རྟོག་པ་ཅན་ཐོག་མ་མེད་པའི་དུས་ནས་དངོས་པོ་དང་དངོས་པོ་མེད་པར་སྤྲོས་པའི་བག་ཆགས་ཀྱིས་བསྒོས་པའི་ བློ་ཅན་རྣམས་ཀྱིས་ནི་དེ་ལྟར་མི་ཤེས་སོ། ། དེ་དག་མི་ཤེས་པས་ཕྱི་རོལ་གྱི་རྫས་དང་། དབྱིབས་དང་། མཚན་ཉིད་ཀྱི་དངོས་པོ་མེད་དོ་ཞེས་བྱས་ནས་རྣམ་པར་རྟོག་པ་མི་འབྱུང་བ་ནི་སེམས་ཙམ་དུ་སྟོན་ཏོ། ། བདག་དང་བདག་གི་མཚན་ཉིད་དུ་འཛིན་པ་ལ་མངོན་པར་ ཆགས་ཤིང་ཞེན་པ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པས་ཤེས་པ་དང་ཤེས་བྱ་སོ་སོར་རྣམ་པར་རྟོག་སྟེ། དེ་དག་ཤེས་པ་དང་ཤེས་བྱར་སོ་སོར་རྣམ་པར་རྟོག་པས་ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པ་ལ་རབ་ཏུ་རྣམ་པར་འབྱེད་པ་མི་དམིགས་པས་ཆད་པར་ལྟ་བ་ལ་རབ་ཏུ་རྟེན་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་སྟེ་དམིགས་བྱ་ཡོད་བཞིན་དུ། ། ཤེས་པས་མཐོང་བར་མི་འགྱུར་ན། ། དེ་ནི་ཤེས་མིན་མི་ཤེས་པ། ། དེ་དག་རྟོག་ཅན་རྣམས་ཀྱི་ཚུལ། །
BO
གཞན་མིན་མཚན་ཉིད་མེད་པ་དང་། ། ཆོད་པ་དང་ནི་ཉེ་རིང་ཕྱིར། ། དེ་སྟེ་ཤེས་པས་མི་མཐོང་ན། ། དེ་ནི་ ལོག་པའི་ཤེས་ཞེས་བྱ། ། བྱིས་པ་རྒན་པོ་ལྡོངས་གྱུར་པ། ། ཤེས་བྱ་དེ་ཡང་ཡོད་བཞིན་དུ། ། གལ་ཏེ་ཤེས་པ་མི་སྐྱེ་ན། ། དེ་ཡང་ལོག་པའི་ཤེས་ཞེས་བྱ། ། གཞན་ཡང་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་ལུས་ཀྱི་གནས་ངན་ལེན་རང་ གི་སོ་སོར་རྣམ་པར་རྟོག་པའི་གར་ཐབས་སུ་གར་བྱེད་ཅིང་། རང་གི་གྲུབ་པའི་མཐའི་ཚུལ་བསྟན་པ་ལ་མི་མཁས་ཏེ། རང་གི་སེམས་སྣང་བ་ཕྱི་རོལ་གྱི་དངོས་པོའི་མཚན་ཉིད་དུ་མངོན་པར་ཆགས་པས་ཐབས་སུ་བསྟན་པ་བརྗོད་པ་ལ་མངོན་པར་ཆགས་ཏེ། མཐའ་བཞིའི་ཚུལ་རྣམ་པར་དག་ པ་རང་གི་གྲུབ་པའི་མཐའི་ཚུལ་ལ་ནི་རབ་ཏུ་མི་སྒོམ་མོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ། བཀའ་སྩལ་པ་བཞིན་ནོ། ། བཅོམ་ལྡན་འདས་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས། མ་འོངས་ པའི་དུས་ན་བཤད་པ་དང་། གྲུབ་པའི་མཐའི་ཚུལ་ལ་མཁས་པས་མུ་སྟེགས་ཅན་དང་། ཉན་ཐོས་དང་།
BO
རང་སངས་རྒྱས་ཀྱི་ཐེག་པ་པ་ལོག་པར་རྟོག་པ་ཅན་རྣམས་ཀྱིས་སླུ་བར་མི་འགྱུར་བའི་བཤད་པ་དང་། གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་བདག་ལ་བཤད་དུ་གསོལ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ཚུལ་ནི་རྣམ་པ་གཉིས་སོ། ། འདི་ལྟ་སྟེ། བསྟན་ པའི་ཚུལ་དང་། གྲུབ་པའི་མཐའ་སོ་སོར་གཞག་པའི་ཚུལ་ལོ། ། དེ་ལ་བསྟན་པ་བརྗོད་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ཆོས་སྣ་ཚོགས་ཀྱི་མདོ་བཤད་པ་སྟེ། སེམས་ཅན་རྣམས་ལ་སེམས་དང་། མོས་པ་ཇི་ལྟ་བ་བཞིན་དུ་སྟོན་པའོ། ། བློ་གྲོས་ཆེན་པོ་དེ་ ལ་གྲུབ་པའི་མཐའི་ཚུལ་གང་ཞེ་ན། འདི་ལྟ་སྟེ།
BO
གང་གིས་རྣལ་འབྱོར་ཅན་རྣམས་རང་གི་སེམས་སྣང་བ་ནི་རྣམ་པར་རྟོག་པ་རྣམ་པར་ལྡོག་པར་བྱེད་པའོ། ། འདི་ལྟ་སྟེ། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པའི་ཕྱོགས་དང་བྲལ་བ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་པ་བདག་གི་སོ་སོ་རང་གིས་རིག་པ་འཕགས་པའི་སྤྱོད་ཡུལ་རྒྱུ་དང་། ལྟ་བ་དང་། རིགས་པའི་མཚན་ཉིད་ལས་རྣམ་པར་བཟློག་པ། མུ་སྟེགས་བྱེད་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ལོག་པའི་རྟོག་པ་ཅན་ ཡོད་པ་དང་། མེད་པའི་མཐར་ལྷུང་བ་རྣམས་ཀྱིས་མ་མྱངས་པ་དེ་ནི་ངས་གྲུབ་པའི་མཐར་བཤད་དོ། ། བློ་གྲོས་ཆེན་པོ་དེ་ལྟར་གྲུབ་པའི་མཐའི་ཚུལ་དང་། བསྟན་པའི་མཚན་ཉིད་དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་བརྩོན་པར་བྱའོ། ། དེ་ལ་ འདི་སྐད་ཅེས་བྱ་སྟེ། ང་ཡི་ཚུལ་ནི་རྣམ་གཉིས་ཏེ། ། གྲུབ་པའི་མཐའ་དང་བསྟན་པའོ། ། བྱིས་པ་རྣམས་ལ་བརྗོད་པ་བཤད། ། རྣལ་འབྱོར་ཅན་གྱི་གྲུབ་མཐའོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། ། བཅོམ་ལྡན་འདས་རེས་ཤིག་དུས་གཅིག་གི་ཚེ།
BO
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། འཇིག་རྟེན་རྒྱང་པན་པ་སྔགས་དང་། སྤོབས་པ་སྣ་ཚོགས་ཅན་ལ་མི་བསྟེན་ཏོ། ། མི་ འགྲོགས་སོ། ། བསྙེན་བཀུར་མི་བྱ་སྟེ། དེ་ལ་བརྟེན་པས་འཇིག་རྟེན་གྱི་ཟང་ཟིང་ཀུན་སྡུད་དེ། ཆོས་སྡུད་པ་མ་ཡིན་ནོ་ཞེས་གསུངས་ན། ཅིའི་སླད་དུ་འཇིག་རྟེན་རྒྱང་པན་པ་སྔགས་དང་། སྤོབས་པ་སྣ་ཚོགས་ཅན་དེ་ལ་བསྟེན་པས་འཇིག་རྟེན་གྱི་ཟང་ཟིང་ཀུན་སྡུད་དེ། ཆོས་སྡུད་ པར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས། བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་ནི་སྔགས་དང་། སྤོབས་པ་སྣ་ཚོགས་ཅན་ཏེ། རྒྱུ་དང་ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་བྱིས་པ་དག་རྣམ་པར་རྨོངས་པར་བྱེད་དེ། རིགས་པ་དང་ལྡན་པས་མ་ཡིན། དོན་དང་ལྡན་པས་མ་ ཡིན་ནོ། ། འདི་ལྟར་གྱི་ན་བྱིས་པའི་སྨྲ་བ་སྟོན་ཏེ། བློ་གྲོས་ཆེན་པོ་དེའི་ཕྱིར་འཇིག་རྟེན་རྒྱང་པན་པ་སྔགས་དང་། སྤོབས་པ་སྣ་ཚོགས་ཞེས་བྱའོ། ། ཡི་གེ་སྣ་ཚོགས་སྙན་པས་བྱིས་པ་རྣམས་ཡང་དག་པའི་ཚུལ་ལ་རབ་ཏུ་འཇུག་པས་ནི་མི་འཇུག་གོ། །
BO
བདག་ཉིད་ཆོས་ཐམས་ཅད་ཁོང་ དུ་མ་ཆུད་ཅིང་མཐའ་གཉིས་སུ་ལྷུང་བའི་ལྟ་བས་བྱིས་པ་དག་རྣམ་པར་རྨོངས་པར་བྱེད་དེ། འགྲོ་བའི་མཚམས་ལས་རབ་ཏུ་མ་ཐར་བའི་ཕྱིར་བདག་ཉིད་ཀྱང་ཕུང་བར་བྱེད་དེ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་ཅིང་ཕྱི་རོལ་གྱི་དངོས་པོའི་རང་བཞིན་ལ་མངོན་པར་ཆགས་པས་རྣམ་པར་རྟོག་པ་ ལྡོག་པར་མི་འགྱུར་རོ། ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་སྔགས་དང་། སྤོབས་པ་སྣ་ཚོགས་ཅན་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སློབ་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་ པ་ལ་སོགས་པ་ལས་ཡོངས་སུ་མ་ཐར་ཏེ། ཚིག་དང་། ཡི་གེ་སྣ་ཚོགས་དང་། རྒྱུ་དང་དཔེ་ཉེ་བར་བསྒྲུབས་པས་བྱིས་པ་དག་རྣམ་པར་རྨོངས་པར་བྱེད་དོ། ། བློ་གྲོས་ཆེན་པོ་དེའི་སློབ་མ་ཀླུའི་གཟུགས་དང་ཆ་བྱད་འཛིན་པས་དབང་པོ་ཡང་གཙུག་ལག་མང་པོ་ལ་མཁས་པའི་བློ་སྟེ། རང་ གི་སྒྲའི་གཙུག་ལག་སྟོན་པ་ཡིན་མོད་ཀྱི། མཐོ་རིས་སུ་དབང་པོའི་འཁོར་འདུས་པར་དམ་བཅའ་བར་བྱས་ཏེ། ཡང་ན་ཁྱོད་ཀྱི་ཤིང་རྟ་རྩིབ་མ་སྟོང་པ་བཅག་གོ། ། ཡང་ན་ངའི་ཀླུའི་ལུས་དང་།
BO
མགོ་གདེངས་ཀ་ཅན་རེ་རེ་ནས་གཅད་དོ་ཞེས་དམ་བཅས་ནས་འཇིག་རྟེན་རྒྱང་པན་པའི་སློབ་མ་ ཀླུའི་གཟུགས་ཅན་དང་། ཆ་བྱད་འཛིན་པས་བརྒྱ་བྱིན་ལྷའི་དབང་པོ་ཆོས་དང་ལྡན་པས་ཕམ་པར་བྱས་ཏེ། ཤིང་རྟའི་རྩིབ་མ་སྟོང་པ་བཅག་ནས་སླར་འཇིག་རྟེན་འདིར་འོངས་སོ། ། དེ་ལྟར་བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་ནི་རྒྱུ་དང་དཔེ་སྣ་ཚོགས་སུ་འབྲེལ་པ་སྟེ། འདི་ལྟར་བྱོལ་སོང་ ལས་བསླབས་པས་ཀྱང་ལྷ་དང་ལྷ་མ་ཡིན་གྱི་འཇིག་རྟེན་གྱི་ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་རྣམ་པར་རྨོངས་པར་བྱེད་དོ། ། འདུ་བ་དང་ཟད་པར་ལྟ་བར་མངོན་པར་ཆགས་པ་ལ་རབ་ཏུ་འགོད་ན་མི་རྣམས་ལྟ་ཅི་སྨོས། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་ནི་སྡུག་བསྔལ་སྐྱེ་ བའི་རྒྱུ་འཐོབ་པར་བྱེད་པས་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། མི་བསྙེན་ཏོ། མི་སྟེན་ཏོ། ། བསྙེན་བཀུར་མི་བྱའོ། ། བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་པ་རྣམས་ནི་ལུས་དང་། བློ་དང་། ཡུལ་དམིགས་པ་ཙམ་དུ་ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་སྟོན་ཏོ། །
BO
བློ་གྲོས་ཆེན་པོ་ འཇིག་རྟེན་རྒྱང་པན་པ་ནི་འབུམ་ལས་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་ངན་པའི་རྟོག་པའི་རྒྱུར་ལྟ་བ་བསྟན་པས་བསྡུས་པ་གྱེས་པར་འགྱུར་རོ། ། སློབ་མ་མ་ཡིན་པ་ཡོངས་སུ་བཟུང་བས་བསྡུས་པ་གྱེས་པར་འགྱུར་ཏེ། བློ་གྲོས་ཆེན་པོ་འཇིག་རྟེན་རྒྱང་པན་གྱི་བསྡུས་པ་རྒྱུ་དང་། ཚིག་སྣ་ཚོགས་སུ་འབྲེལ་པ་གྱེས་པ་དེ་ཉིད་རང་གི་རྒྱུ་ལ་ཆགས་ཤིང་ཞེན་པའི་མུ་སྟེགས་བྱེད་རྣམས་འཆད་དེ། རང་གི་ཚུལ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་གང་ལ་ཡང་རང་གི་གཙུག་ལག་གི་ཚུལ་མེད་དེ། གཞན་དུ་ན་འཇིག་རྟེན་རྒྱང་པན་ཉིད་རྒྱུའི་སྒོ་རྣམ་པ་བརྒྱ་སྟོང་དུ་ མས་འཆད་དེ། བདག་གི་ཚུལ་མ་ཡིན་མོད་ཀྱི་གཏི་མུག་པས་འདི་ནི་འཇིག་རྟེན་རྒྱང་པན་དུ་མི་ཤེས་སོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་མུ་སྟེགས་བྱེད་རྣམས་རང་གི་རྒྱུ་ལ་ཆགས་ཤིང་ཞེན་པས་འཇིག་རྟེན་རྒྱང་པན་པ་ཉིད་ཚིག་དང་། ཡི་གེ་དང་དཔེ་ཉེ་བར་ བསྒྲུབ་པ་སྣ་ཚོགས་ཀྱིས་འཆད་དེ། ། རང་གི་ཚུལ་མ་ལགས་ན་ཅི་བཅོམ་ལྡན་འདས་ཀྱང་མུ་སྟེགས་བྱེད་ཐམས་ཅད་ཀྱི་གཞུང་ཉེ་བར་སྟོན་པའི་ནང་དུ་གཏོགས་པས་ལྷ་དང་། མི་དང་།
BO
ལྷ་མ་ཡིན་འོངས་ཤིང་ལྷགས་པ་ཕྱོགས་སོ་སོ་ནས་འདུས་པ་རྣམས་ལ་ཚིག་དང་ཡི་གེ་སྣ་ ཚོགས་ཀྱིས་འཇིག་རྟེན་རྒྱང་པན་ཉིད་སྟོན་ཏེ་རང་གི་གཞུང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ང་ནི་འཇིག་རྟེན་རྒྱང་པན་མི་འཆད་དེ། འདུ་བ་དང་ཟད་པ་མ་ཡིན་གྱི། བློ་གྲོས་ཆེན་པོ་འདུ་བ་དང་ཟད་པ་མེད་པ་སྟོན་ཏོ། ། དེ་ལ་བློ་གྲོས་ཆེན་པོ་འདུ་ བ་ཞེས་བྱ་བ་ནི་སྐྱེ་བའི་ཕུང་པོ་སྟེ། འདུས་པ་འོང་བ་ལས་འབྱུང་བའོ། ། དེ་ལ་བློ་གྲོས་ཆེན་པོ་ཟད་པ་མེད་པ་ཞེས་བྱ་བ་ནི་འཇིག་པའོ། ། འདུ་བ་དང་ཟད་པ་མེད་པ་ཞེས་བྱ་བ་ནི་འདི་ནི་མི་སྐྱེ་བའི་ཚིག་{བླ་དགས་,བླ་དྭགས་}ཏེ། བློ་གྲོས་ཆེན་པོ་ང་ནི་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་ནང་ དུ་གཏོགས་པར་མི་འཆད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པ་ལ་མ་ཆགས་ཤིང་རང་གི་སེམས་སྣང་བ་ཙམ་ལ་གནས་པ་དང་། འཇུག་པ་རྣམ་པ་གཉིས་སུ་རྣམ་པར་རྟོག་པ་མི་འཇུག་པ་དང་། མཚན་མའི་སྤྱོད་ཡུལ་མེད་པ་དང་། རང་གི་ སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་རང་གི་སེམས་སྣང་བའི་རྣམ་པར་རྟོག་པར་མི་འཇུག་གོ། །
BO
རྣམ་པར་རྟོག་པ་མི་འཇུག་པས་མཚན་མ་མེད་པ་དང་། སྟོང་པ་ཉིད་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་གསུམ་ལ་ཞུགས་པའི་ཕྱིར་གྲོལ་བ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ངས་མངོན་ པར་ཤེས་པ་དུས་གཅིག་གི་ཚེ་སའི་ཕྱོགས་ཤིག་ན་འདུག་པ་ན། བྲམ་ཟེ་འཇིག་རྟེན་རྒྱང་པན་པ་ཞིག་ང་ག་ལ་བ་དེར་འོངས་ཏེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱིས་སྐབས་མ་ཕྱེ་བར་ང་ལ་འདི་སྐད་ཅེས་ཟེར་རོ། ། ཀྱེ་གཽ་ཏ་མ་ཐམས་ཅད་ནི་བྱས་པའོ། ། བློ་གྲོས་ཆེན་པོ་ངས་དེ་ལ་འདི་སྐད་ ཅེས་བྱས་སོ། ། ཀྱེ་བྲམ་ཟེ་གལ་ཏེ་ཐམས་ཅད་བྱས་ཤེ་ན། འདི་ནི་འཇིག་རྟེན་རྒྱང་པན་དང་པོའོ། ། ཀྱེ་གཽ་ཏ་མ་ཐམས་ཅད་མ་བྱས་པའོ། ། གལ་ཏེ་བྲམ་ཟེ་ཐམས་ཅད་མ་བྱས་ཤེ་ན། དེ་ཡང་འཇིག་རྟེན་རྒྱང་པན་གཉིས་སོ། ། དེ་བཞིན་དུ་ཐམས་ཅད་མི་རྟག་པ་དང་། ཐམས་ཅད་རྟག་ པ་དང་། ཐམས་ཅད་བསྐྱེད་པ་དང་། ཐམས་ཅད་བསྐྱེད་པ་མ་ཡིན་པ་དེ་ནི་བྲམ་ཟེ་འཇིག་རྟེན་རྒྱང་པན་དྲུག་གོ། ཡང་བློ་གྲོས་ཆེན་པོ་བྲམ་ཟེ་འཇིག་རྟེན་རྒྱང་པན་པ་ང་ལ་འདི་སྐད་ཅེས་ཟེར་རོ། ། ཀྱེ་གཽ་ཏ་མ་འཐད་པའི་གཏན་ཚིགས་སྣ་ཚོགས་མཐོང་བས་ན་ཐམས་ཅད་གཅིག་པའོ། ། ཐམས་ཅད་ཐ་དད་པའོ། ། ཐམས་ཅད་གཉི་གའོ། །
BO
ཐམས་ཅད་གཉི་ག་མ་ཡིན་པའོ། ། ཐམས་ཅད་རྒྱུ་ལ་རག་ལུས་པའོ། ། དེ་དག་ནི་བྲམ་ཟེ་འཇིག་རྟེན་རྒྱང་པན་བཅུ་གཅིག་གོ། ། གཞན་ཡང་ཀྱེ་གཽ་ཏ་མ་ཐམས་ཅད་ལུང་བསྟན་པའོ། ། ཐམས་ཅད་ལུང་མ་བསྟན་པའོ། ། བདག་ཡོད་དོ། ། བདག་མེད་དོ། ། འཇིག་རྟེན་འདི་ཡོད་དོ། ། འཇིག་རྟེན་འདི་མེད་དོ། ། འཇིག་རྟེན་ཕ་རོལ་ཡོད་དོ། ། འཇིག་རྟེན་ཕ་རོལ་མེད་པའོ། ། འཇིག་རྟེན་ཕ་རོལ་ཡོད་མེད་གཉི་གའོ། ། ཐར་པ་ཡོད་དོ། ། ཐར་པ་མེད་དོ། ། ཐམས་ཅད་སྐད་ཅིག་པའོ། ། ཐམས་ཅད་སྐད་ཅིག་པ་མ་ཡིན་པའོ། ། ནམ་མཁའ་དང་། མ་བརྟགས་པར་འགོག་པ་དང་། མྱ་ངན་ལས་འདས་པ་ནི། ཀྱེ་གཽ་ཏ་མ་བྱས་པའོ། ། མ་བྱས་པའོ། ། བར་མ་དོའི་སྲིད་པ་ཡོད་དོ། ། བར་མ་དོའི་སྲིད་པ་མེད་དོ་ཞེའོ། ། བློ་གྲོས་ཆེན་པོ་ངས་དེ་ལ་འདི་སྐད་ ཅེས་བྱས་སོ། ། ཀྱེ་བྲམ་ཟེ་དེ་ལྟར་ན་དེ་དག་ཀྱང་འཇིག་རྟེན་རྒྱང་པན་པ་ཉིད་ཡིན་ཏེ། ཀྱེ་བྲམ་ཟེ་འཇིག་རྟེན་རྒྱང་པན་པ་འདི་ནི་ཁྱོད་ཀྱི་ཡིན་གྱི་ངའི་མ་ཡིན་ནོ། ། ཀྱེ་བྲམ་ཟེ་ང་ནི་ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་རྟོག་པའི་བག་ཆགས་གནས་ངན་ལེན་གྱི་རྒྱུ་ལས་སྲིད་པ་ གསུམ་སྐྱེས་པར་སྟོན་ཏེ།
BO
བྲམ་ཟེ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པས་རྣམ་པར་རྟོག་པ་འབྱུང་གི ། ཕ་རོལ་གྱི་དངོས་པོ་མི་དམིགས་པ་ལས་ནི་མ་ཡིན་ནོ། ། འདི་ལྟ་སྟེ། མུ་སྟེགས་བྱེད་རྣམས་ཀྱི་བདག་དང་། དབང་པོ་དང་། དོན་གསུམ་ཕྲད་པ་ལྟ་བུ་ངའི་མ་ཡིན་ནོ། ། ཀྱེ་བྲམ་ཟེ་ང་ནི་རྒྱུར་སྨྲ་བ་ཡང་མ་ཡིན། རྒྱུ་མེད་པར་སྨྲ་བ་ཡང་མ་ཡིན་ཏེ། གཞན་དུ་ན་རྣམ་པར་རྟོག་པ་ཉིད་གཟུང་བ་དང་། འཛིན་པའི་དངོས་པོར་རབ་ཏུ་བཞག་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བར་སྟོན་ཏོ། ། ཁྱོད་ལྟ་བུ་དང་བདག་ཏུ་འཛིན་པར་ལྷུང་བའི་རྒྱུད་ཅན་གཞན་དག་གིས་མི་རིག་གོ ། བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་དང་། ནམ་མཁའ་དང་འགོག་པ་དག་གྲངས་གསུམ་དུའང་མི་རུང་ན་བྱས་པར་ལྟ་ཅི་སྨོས། གཞན་ཡང་བློ་གྲོས་ཆེན་པོ་བྲམ་ཟེ་འཇིག་རྟེན་རྒྱང་པན་པ་ང་ལ་འདི་སྐད་ཅེས་ཟེར་རོ། ། ཀྱེ་གཽ་ཏ་མ་སྲིད་པ་གསུམ་པོ་འདི་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྒྱུ་ལས་བྱུང་ངམ། དེ་སྟེ་རྒྱུ་མེད་པ། ཀྱེ་བྲམ་ཟེ་འདི་གཉི་ག་ཡང་འཇིག་རྟེན་རྒྱང་པན་པའོ། ། ཀྱེ་གཽ་ཏ་མ་དངོས་པོ་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བའོ། ། ཀྱེ་བྲམ་ཟེ་དེ་ཡང་འཇིག་རྟེན་རྒྱང་པན་པ་ཉིད་ཡིན་ཏེ།
BO
བྲམ་ཟེ་ཇི་ཙམ་དུ་ཡིད་ལས་རྣམ་པར་ གཡོས་པ་དང་། ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་ཤིང་རྣམ་པར་རྟོག་པ་དེ་ཙམ་དུ་འཇིག་རྟེན་རྒྱང་པན་པའོ། ། ཡང་བློ་གྲོས་ཆེན་པོ་བྲམ་ཟེ་འཇིག་རྟེན་རྒྱང་པན་པ་ང་ལ་འདི་སྐད་ཅེས་ཟེར་རོ། ། ཀྱེ་གཽ་ཏ་མ་བདག་གི་གྲགས་པ་ནི་མུ་སྟེགས་བྱེད་ཐམས་ཅད་ཀྱི་ཚིག་དང་། ཡི་གེ་དང་། རྒྱུ་དང་། དཔེ་སྣ་ཚོགས་ཉེ་བར་སྒྲུབ་པས་སྟོན་ན། ཀྱེ་གཽ་ཏ་མ་འཇིག་རྟེན་རྒྱང་པན་པ་མ་ཡིན་པ་གང་ཡང་ཡོད་དམ། ཀྱེ་བྲམ་ཟེ་གང་ཁྱོད་ཀྱི་གྲུབ་པའང་མ་ཡིན་ལ། མ་གྲུབ་པའང་མ་ཡིན། ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་མི་སྟོན་པའང་མ་ཡིན། དོན་དང་མི་ལྡན་པའང་མ་ཡིན་ཏེ། དོན་དང་ཡང་ལྡན་པ་ཡོད་དོ། ། གང་མ་གྲུབ་པར་སྟོན་པ་དེ་འཇིག་རྟེན་རྒྱང་པན་མ་ཡིན་ནམ། ཀྱེ་བྲམ་ཟེ་ཕྱི་རོལ་གྱི་དངོས་པོ་ཡང་དག་པ་མ་ཡིན་པར་རྣམ་པར་རྟོག་པ་སྤྲོས་པ་ལ་མངོན་པར་ཆགས་པའི་མུ་སྟེགས་བྱེད་ཐམས་ཅད་དང་། ཁྱོད་ཀྱི་བློས་མི་རྟོག་པ་འཇིག་རྟེན་རྒྱང་པན་མ་ཡིན་པ་ ཡོད་དོ། ། འདི་ལྟ་སྟེ། ཡོད་པ་དང་། མེད་པ་ལས་རྣམ་པར་རྟོག་པ་མི་འཇུག་པ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མི་འཇུག་སྟེ།
BO
ཕྱི་རོལ་གྱི་ཡུལ་ལ་འཛིན་པ་མེད་པས་རྣམ་པར་རྟོག་པ་རང་གི་གནས་ན་འདུག་གོ། ། དེ་བས་ན་འཇིག་རྟེན་རྒྱང་པན་པ་མ་ཡིན་ པ་འདི་ནི་ངའི་སྟེ་ཁྱོད་ཀྱི་མ་ཡིན་ནོ། ། རང་གི་གནས་ན་འདུག་ཅེས་བྱ་བ་ནི་མི་འཇུག་པའི་དོན་ཏེ། རྣམ་པར་རྟོག་པ་མི་སྐྱེ་བ་ནི་མི་འཇུག་པ་ཞེས་བྱའོ། ། ཀྱེ་བྲམ་ཟེ་དེ་ལྟར་ན་གང་འཇིག་རྟེན་རྒྱང་པན་པ་མ་ཡིན་པ་དེ་ནི་མདོར་ན་ཀྱེ་བྲམ་ཟེ་གང་དུ་རྣམ་པར་ཤེས་པ་རྒྱུ་བ་མེད་པའོ། ། འགྲོ་བ་ དང་། འཆི་འཕོ་དང་། སྐྱེ་བ་དང་། འདོད་པ་དང་། མངོན་པར་ཆགས་པས་ཞེན་པ་དང་། མངོན་པ་དང་། ལྟ་བའི་གནས་དང་། སྙེམས་པ་དང་། མཚན་ཉིད་སྣ་ཚོགས་ལ་མངོན་པར་ཆགས་པ་དང་། འདུ་བ་དང་། སྲེད་པའི་མཚམས་སྦྱོར་བ་དང་། རྒྱུ་ལ་མངོན་པར་ ཆགས་པ་དེ་དག་ནི་ཀྱེ་བྲམ་ཟེ་ཁྱོད་ཀྱི་འཇིག་རྟེན་རྒྱང་པན་ཏེ་ངའི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བྲམ་ཟེའི་འཇིག་རྟེན་རྒྱང་པན་པ་དེ་འོངས་ཏེ་ང་ལ་དེ་སྐད་དྲིས་ནས། དེ་ལ་ངས་དེ་སྐད་དུ་ལན་བཏབ་པ་དང་། ཅང་མི་ཟེར་བར་གྱུར་ཏེ་སོང་ངོ་། ། དེ་ནས་ཡང་ནག་པོའི་ཕྱོགས་ཀྱི་ཀླུའི་ རྒྱལ་པོ་བྲམ་ཟེའི་གཟུགས་སུ་འོངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BO
ཀྱེ་གཽ་ཏ་མ་འོན་ཀྱང་འཇིག་རྟེན་ཕ་རོལ་ཉིད་ཀྱང་མེད་དོ། ། འོ་ན་ཁྱེའུ་ཁྱོད་གང་ནས་འདིར་འོངས། གཽ་ཏ་མ་བདག་ནི་དཀར་པོའི་གླིང་ནས་འདིར་འོངས་སོ། ། བྲམ་ཟེ་དེ་ཉིད་འཇིག་ རྟེན་ཕ་རོལ་ཡིན་ནོ། ། དེ་ནས་ཁྱེའུ་སྤོབས་པ་མེད་པར་ཚར་བཅད་ནས་མི་སྣང་བར་གྱུར་ཏོ། ། ང་ལ་མ་དྲིས་པར་རང་གི་ཚུལ་སོ་སོར་བཅའ་བ་བརྗོད་པར་སེམས་ཏེ། ཤཱཀྱའི་བུ་ནི་ངའི་ཚུལ་གྱི་ཕྱི་རོལ་ཏེ། ཉོན་མོངས་འཇུག་པ་མེད་པ་དང་། མཚན་ཉིད་མེད་པ་དང་། རྒྱུ་མེད་ པར་སྨྲ་ཞིང་རང་གི་རྣམ་པར་རྟོག་པར་སྣང་བའི་མཚན་ཉིད་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མི་འཇུག་པར་སྨྲ་སྙམ་མོ། ། བློ་གྲོས་ཆེན་པོ་ཁྱོད་ཀྱང་འཇིག་རྟེན་རྒྱང་པན་པ་སྔགས་དང་། སྤོབས་པ་སྣ་ཚོགས་ཅན་ལ་བསྙེན་ནས་ཟང་ཟིང་ཀུན་སྡུད་པར་འགྱུར་ཏེ། ཆོས་སྡུད་པ་མ་ཡིན་ཞེས་ ཅིའི་ཕྱིར་དེ་ལྟར་ང་ལ་འདྲི། བཅོམ་ལྡན་འདས་ཟང་ཟིང་དང་ཆོས་ཞེས་བགྱི་བ་ཚིག་གི་དོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གང་ཁྱོད་ཀྱིས་མ་འོངས་པའི་འགྲོ་བའི་ཚོགས་ལ་བལྟས་ཏེ། ཚིག་གི་དོན་གཉིས་ལ་དཔྱོད་པར་ཞུགས་པ་ལེགས་སོ་ལེགས་སོ། །
BO
བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། ། དེ་ལ་བློ་གྲོས་ཆེན་པོ་ཟང་ཟིང་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་ནི་རེག་པ་དང་། འདྲེས་པ་དང་། ཉུག་པ་དང་། སྙེམས་པ་དང་། མྱང་བ་དང་། ཕྱི་རོལ་གྱི་ཡུལ་ལ་མངོན་པར་ཆགས་པ་དང་། ལྟ་བ་ངན་པས་མཐའ་གཉིས་ལ་འཇུག་པ་དང་། ཕུང་པོ་ཡང་འབྱུང་བ་དང་། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡི་མུག་པ་དང་། འཁྲུག་པ་འབྱུང་བ་དང་། ཡང་སྲིད་པ་ཅན་གྱི་སྲེད་པ་ལ་སོགས་པ་ནི་ང་དང་སངས་རྒྱས་གཞན་དག་གིས་ཀྱང་ཟང་ཟིང་ཞེས་བརྗོད་དོ། ། བློ་ གྲོས་ཆེན་པོ་འདི་ནི་འཇིག་རྟེན་རྒྱང་པན་པ་དེ་ལ་བསྟེན་པས་ཟང་ཟིང་ཀུན་སྡུད་པར་འགྱུར་ཏེ། ཆོས་མི་སྡུད་པ་དང་། འཇིག་རྟེན་རྒྱང་པན་འཐོབ་པར་འགྱུར་རོ། ། དེ་ལ་བློ་གྲོས་ཆེན་པོ་ཆོས་སྡུད་པ་གང་ཞེ་ན། འདི་ལྟ་སྟེ།
BO
རང་གི་སེམས་ཀྱི་ཆོས་བདག་མེད་པ་གཉིས་ཁོང་དུ་ཆུད་པ་དང་། ཆོས་དང་གང་ཟག་ལ་བདག་མེད་པའི་མཚན་ཉིད་མཐོང་བས་རྣམ་པར་རྟོག་པ་མི་འཇུག་པ་དང་། ས་རྣམས་གོང་ནས་གོང་དུ་ཡོངས་སུ་ཤེས་པས་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པས་ལྡོག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སུ་དབང་བསྐུར་བ་རྟོགས་པ་དང་། ཐུག་པ་མེད་པའི་གནས་ཡོངས་སུ་བཟུང་བ་དང་། ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པས་དབང་བྱེད་པ་ནི་ཆོས་ཞེས་བྱའོ། ། བློ་གྲོས་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྤྲོས་པ་ལ་རྣམ་པར་རྟོག་པའི་དངོས་པོ་མཐའ་གཉིས་སུ་ལྷུང་བར་བྱེད་པས་མུ་སྟེགས་བྱེད་སྨྲ་བ་ནི་འདི་ལྟ་སྟེ། བྱིས་པ་རྣམས་ ཕལ་ཆེར་རྟག་པ་དང་། ཆད་པ་དང་མཐའ་གཉིས་སུ་ལྷུང་བར་བྱེད་དེ། མཁས་པ་རྣམས་ནི་མ་ཡིན་ནོ། ། རྒྱུ་མེད་པར་སྨྲ་བ་ཡོངས་སུ་བཟུང་བས་རྟག་པར་ལྟ་བར་འགྱུར་རོ། ། རྒྱུ་ཞིག་པས་རྒྱུའི་དངོས་པོ་མེད་པའི་ཕྱིར་ཆད་པར་ལྟ་བར་འགྱུར་ཏེ། སྐྱེ་བ་དང་། གནས་པ་དང་། འཇིག་ པར་མི་མཐོང་བས་ཆོས་ཞེས་བྱའོ། ། དེ་ནི་བློ་གྲོས་ཆེན་པོ་ཆོས་དང་ཟང་ཟིང་ངེས་པར་གཏན་ལ་དབབ་པ་ཡིན་ཏེ།
BO
དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་བསླབ་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། བསྡུ་བ་དག་གིས་སེམས་ཅན་གདུལ། ། ཚུལ་ ཁྲིམས་ཀྱིས་ནི་དབང་དུ་བྱ། ། ཤེས་རབ་དག་གིས་ལྟ་བ་གཞིག ། རྣམ་པར་ཐར་པས་ཤིན་ཏུ་སྤེལ། ། འདི་ཀུན་འཇིག་རྟེན་རྒྱང་པན་ཏེ། ། མུ་སྟེགས་ཅན་གྱིས་གང་བཤད་{བརྫུན,རྫུན}། ། རྒྱུ་དང་འབྲས་བུ་ཡོད་ལྟ་བས། ། རང་གི་གྲུབ་པའི་མཐའ་ཡང་མེད། ། ང་འདྲ་གཅིག་པུ་ རང་གྲུབ་མཐའ། ། རྒྱུ་དང་འབྲས་བུ་རྣམ་པར་སྤངས། ། འཇིག་རྟེན་རྒྱང་པན་རྣམ་བྲལ་བ། ། སློབ་མའི་སྡེ་ལ་བཤད་པར་བྱ། ། སེམས་ཙམ་སྟེ་ནི་སྣང་བ་མེད། ། རྟག་དང་ཆད་པ་སྤངས་པ་ཡི། ། གཟུང་དང་འཛིན་པའི་དངོས་པོ་རུ། ། སེམས་ནི་རྣམ་པ་གཉིས་སུ་ སྣང་། ། ཇི་སྲིད་སེམས་ནི་འཇུག་པའི་བར། ། དེ་སྲིད་འཇིག་རྟེན་རྒྱང་པན་ཡིན། ། འཇིག་རྟེན་རང་གི་སེམས་མཐོང་ན། ། རྣམ་པར་རྟོག་པ་མི་འཇུག་གོ། ། འདུ་བ་འབྲས་བུ་དོན་གྲུབ་པ། ། ཟད་པ་འབྲས་བུ་མ་མཐོང་བ། ། འདུ་དང་ཟད་པ་ཡོངས་ཤེས་ན། ། རྣམ་པར་རྟོག་ པ་མི་འཇུག་གོ། ། རྟག་དང་མི་རྟག་བྱས་པ་དང་། ། མ་བྱས་པ་དང་གཞན་མིན་གཞན། ། དེ་ལ་སོགས་པ་ཐམས་ཅད་ནི། །
BO
འཇིག་རྟེན་རྒྱང་པན་ཚུལ་ཡིན་ནོ། ། ། ། འཕགས་པ་ལང་ཀར་གཤེགས་པ། བམ་པོ་དྲུག་པ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཞེས་གང་མུ་སྟེགས་བྱེད་ཐམས་ཅད་རྣམ་པར་རྟོག་པ་མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཞེས་བགྱི་བ་དེ་གང་གི་ཚིག་{བླ་དགས་,བླ་དྭགས་}ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་མུ་སྟེགས་བྱེད་རྣམས་མྱ་ངན་ལས་འདས་པར་རྟོག་ལ། དེ་དག་གི་རྣམ་པར་རྟོག་པ་དང་འཐུན་པར་མྱ་ངན་ལས་འདས་པར་འགྱུར་བ་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཁ་ཅིག་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འགོག་པ་དང་། ཡུལ་ལ་འདོད་ཆགས་དང་བྲལ་བ་དང་།
BO
རྟག་པ་དང་ཆོས་མི་འཐུན་པར་མཐོང་བས་སེམས་དང་སེམས་ལས་བྱུང་བ་མང་པོ་མི་འབྱུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ཡུལ་མི་དྲན་པ་དང་། མར་མེ་དང་། ས་བོན་དང་། རླུང་བཞིན་དུ་རྒྱུ་ཟད་པས་རྣམ་པར་རྟོག་པ་མི་འཇུག་པར་བརྗོད་དོ། ། དེའི་ཕྱིར་དེ་དག་ལ་མྱ་ངན་ལས་འདས་པའི་བློར་འགྱུར་མོད་ཀྱི། བློ་གྲོས་ཆེན་པོ་འཇིག་པར་ལྟ་བས་མྱ་ངན་ལས་མི་འདའོ། ། བློ་གྲོས་ཆེན་པོ་གཞན་དག་ནི་ཡུལ་ལ་རྣམ་པར་རྟོག་པ་ཟད་པས་ མདའི་ཤུགས་ཟད་པ་བཞིན་དུ་ཡུལ་གཞན་གྱི་གནས་སུ་སོང་ན་ཐར་པའོ་ཞེས་བརྗོད་དོ། ། ཡང་མུ་སྟེགས་བྱེད་ཁ་ཅིག་ནི་བློ་དང་རིག་པར་བྱ་བ་མཐོང་བ་རྣམ་པར་ཞིག་པས་ཐར་པར་བརྗོད་དོ། ། ཁ་ཅིག་ནི་རྣམ་པར་རྟོག་པ་མི་འཇུག་ཅིང་རྟག་པ་དང་མི་རྟག་པ་མཐོང་བས་ཐར་པར་རྟོག་ གོ། ། ཁ་ཅིག་ནི་མཚན་མར་རྣམ་པར་རྟོག་པ་མང་པོ་ནི་སྡུག་བསྔལ་སྐྱེ་བ་འཐོབ་པར་བྱེད་པའོ་སྙམ་ནས། རང་གི་སེམས་སྣང་བ་ཙམ་ལ་མི་མཁས་པ་དག་དང་། མཚན་མས་འཇིགས་ཤིང་སྐྲག་སྟེ། མཚན་མ་མཐོང་བས་བདེ་བ་འདོད་པའི་ཕྱིར། མྱ་ངན་ལས་འདས་པའི་བློར་འགྱུར་ བར་བརྗོད་དོ། །
BO
ཡང་ཁ་ཅིག་ནི་ནང་དང་ཕྱིའི་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་ཅིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོ་མི་འཇིག་སྟེ། ཡོད་པས་མྱ་ངན་ལས་འདས་པར་རྟོག་གོ། ། ཁ་ཅིག་ནི་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཆོས་ཐམས་ཅད་མི་འཇིག་པས་མྱ་ངན་ལས་འདས་པར་རྟོག་གོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་མི་མཁས་པའི་བློ་ཅན་ཁ་ཅིག་ནི་རང་བཞིན་དང་། སྐྱེས་བུའི་བྱེ་བྲག་མཐོང་བ་དང་། ཡོན་ཏན་འགྱུར་བར་བྱེད་པ་པོའི་ཕྱིར་མྱ་ངན་ ལས་འདས་པར་རྟོག་གོ། ། ཁ་ཅིག་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་ཡོངས་སུ་ཟད་པས། ཁ་ཅིག་ནི་ཉོན་མོངས་པ་ཟད་པར་ཤེས་པས། ཁ་ཅིག་ནི་འཇིག་རྟེན་རྣམས་ནི་དབང་པོས་རང་དབང་དུ་བྱས་པར་མཐོང་བས་མྱ་ངན་ལས་འདས་པར་རྟོག་གོ། ། ཁ་ཅིག་ནི་འཇིག་ རྟེན་གྱི་འབྱུང་བ་འདི་ནི་གཅིག་གིས་གཅིག་ཞུགས་པ་སྟེ། རྒྱུ་ལས་མ་ཡིན་ནོ། ། ཞེས་རྒྱུ་དེ་ལ་མངོན་པར་ཆགས་བཞིན་དུ་གཏི་མུག་པས་ཁོང་དུ་མི་ཆུད་དེ། དེ་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པར་རྟོག་གོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཁ་ཅིག་ནི་བདེན་པ་དང་།
BO
ལམ་ཁོང་དུ་ཆུད་ པས་མྱ་ངན་ལས་འདས་པར་རྟོག་གོ། ། ཁ་ཅིག་ནི་ཡོན་ཏན་དང་། ཡོན་ཏན་ཅན་མངོན་པར་ཁོང་དུ་ཆུད་ཅིང་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པར་མཐོང་བས་མྱ་ངན་ལས་འདས་པའི་བློར་འགྱུར་རོ། ། ཁ་ཅིག་ནི་རང་བཞིན་ལས་བྱུང་བ་ཡིན་ཏེ། རྨ་ བྱའི་རྣམ་པར་བཀྲ་བ་དང་། རིན་པོ་ཆེའི་འབྱུང་ཁུངས་རྣམ་པ་མང་པོ་དང་། ཚེར་མ་རྣོ་བ་ལྟ་བུར་དངོས་པོ་རྣམས་ཀྱི་རང་བཞིན་མཐོང་བས་མྱ་ངན་ལས་འདས་པར་རྟོག་གོ། ། བློ་གྲོས་ཆེན་པོ་ཁ་ཅིག་ནི་དེ་ཁོ་ན་ཉི་ཤུ་རྩ་ལྔ་ཁོང་དུ་ཆུད་པས། ཁ་ཅིག་ནི་སྐྱེ་དགུ་སྐྱོང་བ་དང་། ཡོན་ཏན་དྲུག་ བསྟན་པ་འཛིན་པས་མྱ་ངན་ལས་འདས་པར་རྟོག་གོ། ། ཁ་ཅིག་ནི་བྱེད་པ་པོ་དུས་ཡིན་པར་མཐོང་བའི་ཕྱིར་འཇིག་རྟེན་འབྱུང་བ་དུས་ལ་རག་ལས་སོ། ། ཞེས་དེ་ལྟར་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པར་རྟོག་གོ། ། བློ་གྲོས་ཆེན་པོ་ཁ་ཅིག་ནི་སྲིད་པས་སོ། ། ཁ་ཅིག་ནི་སྲིད་པ་མེད་པས་ སོ། ། ཁ་ཅིག་ནི་སྲིད་པ་དང་། སྲིད་པ་མེད་པར་ཡོངས་སུ་ཤེས་པས་སོ། ། ཁ་ཅིག་ནི་སྲིད་པ་དང་། མྱ་ངན་ལས་འདས་པ་བྱེ་བྲག་མེད་པར་མཐོང་བས་མྱ་ངན་ལས་འདས་པར་རྟོག་གོ། །
BO
བློ་གྲོས་ཆེན་པོ་ཐམས་ཅད་མཁྱེན་པའི་སེང་གེའི་སྒྲ་སྒྲོགས་པ་ཁ་ཅིག་ནི་འདི་ལྟ་སྟེ། རང་གི་ སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པ་དང་། ཕྱི་རོལ་གྱི་དངོས་པོ་ལ་མ་ཆགས་པ་དང་། མཐའ་བཞི་དང་བྲལ་བ་ཡང་དག་པར་ཇི་ལྟར་གནས་པ་བཞིན་དུ་མཐོང་བ་དང་། རང་གི་སེམས་སྣང་བར་རྣམ་པར་རྟོག་པའི་མཐའ་གཉིས་སུ་མ་ལྷུང་བ་དང་། གཟུང་བ་དང་། འཛིན་པ་མི་དམིགས་ པ་དང་། ཚད་མ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་གྲུབ་པར་མ་མཐོང་བ་དང་། རྣམ་པར་སླུ་བའི་ཕྱིར་དེ་ཁོ་ན་ཉིད་མི་རྟོག་སྟེ། དེ་བསལ་བ་དང་། བདག་གི་སོ་སོ་རང་གི་འཕགས་པའི་ཆོས་ཁོང་དུ་ཆུད་པ་དང་། བདག་མེད་པ་གཉིས་རྟོགས་པ་དང་། ཉོན་མོངས་པ་གཉིས་རྣམ་པར་ལོག་པ་ དང་། སྒྲིབ་པ་གཉིས་རྣམ་པར་དག་པ་དང་། སའི་གོང་ནས་གོང་དུ་དེ་བཞིན་གཤེགས་པའི་ས་ལ་སྒྱུ་མ་ལ་སོགས་པའི་གཟུགས་བརྙན་གྱི་ཏིང་ངེ་འཛིན་གྱིས་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་བཟློག་པས་མྱ་ངན་ལས་འདས་པར་རྟོག་ གོ། ། དེ་ལྟར་ལོག་པའི་མུ་སྟེགས་ཅན་རྟོག་པ་ཅན་རྣམས་ཀྱིས་གཞན་དག་བསྟན་ཀྱང་དེ་རིགས་པ་དང་མི་ལྡན་ཞིང་མཁས་པས་སྤངས་པ་ཡིན་ཏེ།
BO
བློ་གྲོས་ཆེན་པོ་དེ་དག་ཐམས་ཅད་ནི་མཐའ་གཉིས་སུ་ལྷུང་བའི་བསམ་པས་མྱ་ངན་ལས་འདས་པར་རྟོག་གོ། ། བློ་གྲོས་ཆེན་པོ་དེ་ལྟ་བུ་ལ་ སོགས་པའི་རྣམ་པར་རྟོག་པས་མུ་སྟེགས་བྱེད་ཐམས་ཅད་མྱ་ངན་ལས་འདས་པར་ཡོངས་སུ་རྟོགས་ཀྱང་འདི་ལ་གང་ཡང་འཇུག་པའམ་ལྡོག་པ་མེད་དོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་སོ་སོའི་མྱ་ངན་ལས་འདས་པ་དེ་ནི་རང་གི་གཙུག་ལག་ལ་མོས་པ་དང་། སྣ་ཚོགས་ཀྱིས་ཡོངས་སུ་ བརྟགས་ན་འཁྲུལ་ཏེ་ཇི་ལྟར་དེ་དག་གིས་རྣམ་པར་བརྟགས་པ་དེ་བཞིན་དུ་མི་གནས་སོ། ། ཡིད་ཀྱི་གཡོ་བ་དང་། འོང་བ་དང་། འགྲོ་བའི་ཕྱིར་གང་ལའང་མྱ་ངན་ལས་འདས་པ་མེད་དོ། ། བློ་གྲོས་ཆེན་པོ་དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་བསླབ་པར་བྱ་སྟེ། མུ་ སྟེགས་བྱེད་ཐམས་ཅད་ཀྱི་མྱ་ངན་ལས་འདས་པར་ལྟ་བ་ལས་བཟློག་པར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། མྱ་ངན་འདས་ལྟའི་མུ་སྟེགས་ཅན། ། ཐ་དད་པར་ནི་རྣམ་པར་རྟོག ། དེ་དག་གི་ནི་རྟོག་པ་ཙམ། ། ཐར་བའི་ཐབས་ནི་ཡོད་པ་མིན། ། བཅིངས་དང་བཅིང་བྱ་རྣམ་གྲོལ་ བ། ། ཐབས་རྣམས་རྣམ་པར་སྤངས་པ་སྟེ། ། མུ་སྟེགས་ཐར་པར་རྟོག་མོད་ཀྱི། ། ཐར་བར་རུང་བར་མི་འགྱུར་རོ། །
BO
མུ་སྟེགས་ཅན་ཚུལ་བློ་གྲོས་ཀྱིས། ། དུ་མར་ཐ་དད་བྲལ་བར་སྣང་། ། དེ་ཕྱིར་དེ་དག་ཐར་མེད་ན། ། བླུན་པོ་དག་གིས་ཇི་ལྟར་བརྟག ། རྒྱུ་དང་འབྲས་བུ་ ངན་ལྟ་བས། ། མུ་སྟེགས་ཅན་ཀུན་རྣམ་པར་མྱོས། ། ཡོད་མེད་ཕྱོགས་སུ་སྨྲ་བ་རྣམས། ། དེ་ཕྱིར་དེ་དག་ཐར་པ་མེད། ། བྱིས་པ་སྨྲ་བའི་སྤྲོས་ལ་དགའ་བ་དག ། ཡང་དག་ཉིད་ལ་བློ་གྲོས་ཡངས་མི་བྱེད། ། སྨྲ་བ་ཁམས་གསུམ་སྡུག་བསྔལ་སྐྱེ་གནས་ཏེ། ། ཡང་དག་ཉིད་ནི་ སྡུག་བསྔལ་འཇིག་པའི་རྒྱུ། ། མེ་ལོང་ལ་ནི་ཇི་ལྟར་གཟུགས། ། སྣང་ཡང་ཡོད་པ་མ་ཡིན་ལྟར། ། བག་ཆགས་དག་གི་མེ་ལོང་ལ། ། བྱིས་པས་སེམས་ནི་རྣམ་གཉིས་མཐོང་། ། སེམས་ཀྱི་སྣང་བ་མི་ཤེས་པས། ། རྣམ་པར་རྟོག་པ་རྣམ་གཉིས་སྐྱེ། ། སེམས་ཀྱི་སྣང་བ་ ཡོངས་ཤེས་ན། ། རྣམ་པར་རྟོག་པ་མི་འབྱུང་ངོ་། ། སེམས་ཉིད་སྣ་ཚོགས་འགྱུར་བ་སྟེ། ། མཚན་དང་མཚན་གྱི་གཞི་ཡང་སྤངས། ། ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། ། སྣང་བའི་རྣམ་པ་སྣང་བ་མེད། ། སྲིད་གསུམ་རྣམ་པར་རྟོག་ཙམ་པས། ། ཕྱི་རོལ་གྱི་ནི་ དོན་མེད་དེ། ། རྣམ་རྟོག་སྣ་ཚོགས་སྣང་བ་ནི། ། བྱིས་པ་དག་གིས་མི་རྟོགས་སོ། ། མིང་དང་འདུ་ཤེས་བྱེ་བྲག་གིས། །
BO
མདོ་དང་མདོ་ལས་རྣམ་རྟོག་བཤད། ། བརྗོད་པ་དག་ནི་མ་གཏོགས་པར། ། བརྗོད་པར་བྱ་བའང་མི་རིག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་གིས་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ལ་མཁས་པས། བདག་ཉིད་དང་གཞན་རྣམས་ཀྱང་ཁོང་དུ་ཆུད་པར་ བགྱི་བའི་སངས་རྒྱས་ཀྱི་རང་གི་སངས་རྒྱས་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཁྱོད་ཉིད་ཀྱིས་དྲིས་ཤིག་དང་། ཇི་ལྟར་ཁྱོད་ཀྱིས་བཟོད་ པ་དེ་བཞིན་དུ་ངས་ལན་སྦྱིན་ནོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱས་པའམ། མ་བྱས་པའམ། རྒྱུའམ། འབྲས་བུའམ། མཚན་ཏམ། མཚན་གྱི་གཞིའམ། བརྗོད་ པའམ། བརྗོད་པར་བྱ་བའམ། བློའམ། རིག་པར་བྱ་བའམ། བཅོམ་ལྡན་འདས་དེ་ལྟ་བུ་ལ་སོགས་པའི་ཚིག་གི་ངེས་པའི་སྒྲ་ནི་གཅིག་གམ་ཐ་དད་དམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ནི་དེ་ལྟ་བུ་ལ་སོགས་པའི་ཚིག་གི་ངེས་པའི་སྒྲར་བྱས་པའང་མ་ཡིན། མ་བྱས་པའང་མ་ཡིན། རྒྱུའང་མ་ཡིན། འབྲས་བུའང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཉི་ག་ཡང་ཉེས་པར་འགྱུར་བའི་ཕྱིར་རོ། ། བློ་གྲོས་ ཆེན་པོ་གལ་ཏེ་དེ་བཞིན་གཤེགས་པ་བྱས་པ་ཡིན་ན་ནི་མི་རྟག་པར་འགྱུར་ཏེ། མི་རྟག་པའི་ཕྱིར་འབྲས་བུ་འོ་ཅག་ཀྱང་དེ་བཞིན་གཤེགས་པར་འགྱུར་བས་ན། དེ་ནི་ང་དང་དེ་བཞིན་གཤེགས་པ་གཞན་དག་གིས་དེ་ལྟར་མ་དགོངས་སོ། ། དེ་སྟེ་མ་བྱས་པ་ཡིན་ན་ནི་བདག་ཉིད་ དུ་མ་རེད་པས་ན། ཚོགས་ཡང་དག་པར་བསྒྲུབ་པ་ཡང་དོན་མེད་པར་འགྱུར་ཏེ། མ་བྱས་པའི་ཕྱིར་རི་བོང་གི་རྭ་དང་མོ་ཤམ་གྱི་བུ་དང་མཚུངས་པར་ཡང་འགྱུར་རོ། ། བློ་གྲོས་ཆེན་པོ་གང་རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་པ་དེ་ནི་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ནོ། ། གང་ཡོད་པའང་ མ་ཡིན། མེད་པའང་མ་ཡིན་པ་དེ་ནི་མཐའ་བཞིའི་ཕྱི་རོལ་ཏོ། ། བློ་གྲོས་ཆེན་པོ་མཐའ་བཞི་ནི་འཇིག་རྟེན་གྱི་སྤྱོད་པ་ཡིན་ཏེ། གང་མཐའ་བཞིའི་ཕྱི་རོལ་དེ་ནི་མོ་ཤམ་གྱི་བུ་ལྟར་ཚིག་ཙམ་དུ་འགྱུར་རོ། །
BO
བློ་གྲོས་ཆེན་པོ་མོ་ཤམ་གྱི་བུ་ནི་ཚིག་ཙམ་སྟེ་མཐའ་བཞིར་ལྷུང་བ་མ་ཡིན་ནོ། ། མ་ལྷུང་བས་ན་མཁས་པ་རྣམས་ལ་ ཚད་མ་མ་ཡིན་ནོ། ། མཁས་པ་རྣམས་ཀྱིས་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིག་གི་དོན་རིག་པར་བྱའོ། ། བློ་གྲོས་ཆེན་པོ་མཁས་པ་རྣམས་ཀྱིས་གང་ཡང་ངས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་བཤད་པ་དེའི་དོན་ཀྱང་ཁོང་དུ་ཆུད་པར་གྱིས་ཤིག ། བློ་གྲོས་ ཆེན་པོ་བདག་མེད་པའི་དངོས་པོ་ནི་བདག་མེད་པ་ཉིད་དེ། རྟ་དང་བ་ལང་བཞིན་དུ་ཆོས་ཐམས་ཅད་ནི་བདག་གི་དངོས་པོར་ཡོད་དེ། གཞན་གྱི་དངོས་པོར་མེད་དོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་བ་ལང་གི་དངོས་པོ་ནི་རྟའི་བདག་ཉིད་མ་ཡིན། རྟའི་དངོས་པོ་ནི་བ་ལང་གི་བདག་ཉིད་ མ་ཡིན་ཏེ། དེ་ནི་ཡོད་དེ་མེད་པའང་མ་ཡིན་ནོ། ། དེ་གཉིས་ནི་རང་གི་མཚན་ཉིད་དུ་མེད་པ་མ་ཡིན་ཏེ། དེ་གཉིས་རང་གི་མཚན་ཉིད་དུ་ཡོད་དོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་ཆོས་ཐམས་ཅད་མཚན་ཉིད་དུ་མེད་པའང་མ་ཡིན་ཏེ། དེ་དག་ནི་ཡོད་དོ། ། དེ་བས་ན་བྱིས་པ་སོ་སོའི་ སྐྱེ་བོ་རྣམས་ཀྱིས་རྣམ་པར་རྟོག་པ་བཟུང་ནས། བདག་མེད་པར་ཁོང་དུ་ཆུད་དེ་རྣམ་པར་མི་རྟོག་པས་ནི་མ་ཡིན་ནོ། །
BO
དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། སྐྱེ་བ་མེད་པ་དང་། ངོ་བོ་ཉིད་མེད་པར་རིག་པར་བྱའོ། ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་། གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་ཏེ། གལ་ཏེ་ཕུང་པོ་རྣམས་དང་། གཅིག་པ་མ་ཡིན་ན་ནི་ཕུང་པོ་རྣམས་བྱས་པའི་ཕྱིར་མི་རྟག་པར་འགྱུར་རོ། ། དེ་སྟེ་ཐ་དད་ན་ནི་གཉིས་ཡོད་ན་གཞན་དུ་འགྱུར་ཏེ། བ་ལང་གི་རྭ་བཞིན་ནོ། ། དེ་ལ་དངོས་པོ་ཐམས་ཅད་ནི་འདྲ་ བས་ཐ་དད་པ་མ་ཡིན་ནོ། ། རིང་པོའི་བྱེ་བྲག་མཐོང་བས་ཐ་དད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བ་ལང་གི་རྭ་གཡས་པ་ལས་ནི་གཡོན་པ་གཞན། གཡོན་པ་ལས་ཀྱང་གཡས་པ་གཞན་ཡིན་ཏེ། དེ་བཞིན་དུ་རིང་པོ་དང་ཐུང་ངུ་ཡང་ཕན་ཚུན་དུའོ། ། དེ་བཞིན་དུ་ཁ་དོག་སྣ་ ཚོགས་ཀྱང་ཕན་ཚུན་ཐ་དད་དོ། ། དེ་བཞིན་གཤེགས་པའང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་ཐ་དད་པའང་མ་ཡིན་ནོ། ། དེ་བཞིན་དུ་ཐར་པ་དང་། དེ་བཞིན་གཤེགས་པའང་ཐ་དད་པའང་མ་ཡིན། གཅིག་པའང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་ཐར་ པའི་སྒྲར་བསྟན་ཏོ། ། དེ་སྟེ་ཐར་པ་དང་། དེ་བཞིན་གཤེགས་པ་ཐ་དད་པ་ནི་གཟུགས་ཀྱི་མཚན་ཉིད་དང་ལྡན་པར་འགྱུར་ཏེ།
BO
གཟུགས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་མི་རྟག་པར་འགྱུར་རོ། ། དེ་སྟེ་གཅིག་ན་ནི་རྣལ་འབྱོར་ཅན་རྣམས་ཀྱི་ཐོབ་པའི་མཚན་ཉིད་བྱེ་བྲག་མེད་པར་ འགྱུར་ཏེ། བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་རྣམས་ཀྱིས་ནི་བྱེ་བྲག་ཀྱང་མཐོང་བས་ན་དེའི་ཕྱིར་གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་ནོ། ། དེ་བཞིན་དུ་ཤེས་པ་དང་། ཤེས་བྱ་ཡང་གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་ནོ། ། བློ་གྲོས་ཆེན་པོ་གང་རྟག་པའང་མ་ ཡིན། མི་རྟག་པའང་མ་ཡིན། རྒྱུའང་མ་ཡིན། འབྲས་བུའང་མ་ཡིན། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན། བློ་ཡང་མ་ཡིན། རིག་པར་བྱ་བའང་མ་ཡིན། མཚན་ཀྱང་མ་ཡིན། མཚན་གྱི་གཞི་ཡང་མ་ཡིན། ཕུང་པོ་རྣམས་ཀྱང་མ་ཡིན། ཕུང་པོ་ རྣམས་ཐ་དད་པའང་མ་ཡིན། སྨྲ་བའང་མ་ཡིན། སྨྲ་བར་བྱ་བའང་མ་ཡིན། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། མ་འབྲེལ་པ་དེ་ནི་ཚད་མ་ཐམས་ཅད་ལས་རྣམ་པར་ལོག་པའོ། ། གང་ཚད་མ་ཐམས་ཅད་ལས་རྣམ་པར་ ལོག་པ་དེ་ནི་ཚིག་ཙམ་དུ་འགྱུར་ཏེ། གང་ཚིག་ཙམ་དེ་ནི་མ་སྐྱེས་པའོ། ། གང་མ་སྐྱེས་པ་དེ་ནི་མ་འགགས་པའོ། ། གང་མ་འགགས་པ་དེ་ནི་ནམ་མཁའ་དང་མཚུངས་སོ། །
BO
བློ་གྲོས་ཆེན་པོ་ནམ་མཁའ་ནི་རྒྱུ་ཡང་མ་ཡིན། འབྲས་བུའང་མ་ཡིན་ནོ། ། གང་རྒྱུ་ཡང་མ་ཡིན་པ་འབྲས་ བུ་ཡང་མ་ཡིན་པ་དེ་ནི་དམིགས་པ་མེད་པའོ། ། གང་དམིགས་པ་མེད་པ་དེ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའོ། ། གང་སྤྲོས་པ་ཐམས་ཅད་ལས་འདས་པ་དེ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེ་ནི་བློ་གྲོས་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ཉིད་དེ། ། དེ་ནི་སངས་རྒྱས་ པ་ཉིད་དེ། ཚད་མ་དང་། དབང་པོ་ཐམས་ཅད་ལས་རྣམ་པར་བཟློག་པའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཚད་དང་དབང་པོ་རྣམ་པར་ལོག ། འབྲས་བུ་མ་ཡིན་རྒྱུ་ཡང་མིན། ། བློ་དང་རིག་པར་བྱ་བ་མེད། ། མཚན་དང་མཚན་གྱི་གཞི་ཡང་སྤངས། ། ཕུང་པོར་བརྟེན་ནས་སངས་ རྒྱས་པ། ། གང་ནའང་སུས་ཀྱང་མ་མཐོང་སྟེ། ། གང་ན་སུས་ཀྱང་མ་མཐོང་བ། ། དེ་ལ་ཇི་ལྟར་རྣམ་པར་སྒོམ། ། བྱས་པ་མ་ཡིན་མ་བྱས་མིན། ། འབྲས་བུ་མ་ཡིན་རྒྱུ་ཡང་མིན། ། ཕུང་པོ་མ་ཡིན་ཕུང་དང་མིན། ། གཞན་དང་མ་ཡིན་འདྲེ་བའི་ཕྱིར། ། གང་རྣམས་གང་གི་ དངོས་པོ་རུ། ། བརྟགས་ཀྱང་མི་སྣང་མ་ཡིན་པ། ། དེ་ཡང་མེད་པར་མི་རྟག་སྟེ། ། དེ་ནི་ཆོས་ཀྱི་ཆོས་ཉིད་དོ། ། ཡོད་པའི་ཟླས་གྲངས་མེད་པ་སྟེ། །
BO
ཡོད་པའང་མེད་པའི་ཟླས་གྲངས་སོ། ། དེ་བས་མེད་པར་ཤེས་མི་བྱ། ། ཡོད་པར་ནི་ཡང་མི་བརྟག་གོ། ། བདག་དང་བདག་མེད་ ཕྱོགས་བསླད་ཅིང་། ། སྒྲ་ཙམ་ལ་ནི་འཇུག་པ་དག ། དེ་དག་གཉིས་ཀྱི་མཐར་བྱིང་སྟེ། ། བརླག་ནས་བྱིས་པ་རློག་པར་བྱེད། ། ཉེས་པ་ཀུན་ལས་གྲོལ་བ་ཡི། ། ང་ཡི་ཚུལ་ནི་ནམ་མཐོང་ན། ། དེ་ནི་ཡང་དག་མཐོང་བ་སྟེ། ། འདྲེན་པ་དག་ལའང་དེ་མི་སྨོད། ། དེ་ནས་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གང་འདི་བསྟན་པ་བརྗོད་པ་ལས་བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་ཞེས་སྨོས་པ་མཛད་དེ། བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་དང་། འགོག་པ་ མེད་པ་འདི་ནི། དེ་བཞིན་གཤེགས་པའི་ཚིག་{བླ་དགས་,བླ་དྭགས་}སོ། ། ཞེས་ཀྱང་གསུངས་ན། ། གང་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དེ་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་འདི་དངོས་པོ་མ་མཆིས་པའམ། འོན་ཏམ་འདི་དེ་བཞིན་གཤེགས་པའི་རྣམ་གྲངས་གཞན་ ལགས། ཡོད་པ་དང་མེད་པའི་ཕྱོགས་མི་མཐོང་བས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཤད་ན།
BO
གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་ཞེས་བགྱི་ན་ནི་བཅོམ་ལྡན་འདས་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཆོས་ཞེས་སྨོས་སུའང་མི་རུང་ངོ་། ། དེ་སྟེ་ཆོས་ལ་ལ་ཞིག་གི་རྣམ་གྲངས་གཞན་ཞིག་ལགས་ན་ནི། བཅོམ་ལྡན་འདས་དེ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་བློ་གྲོས་ཆེན་པོ་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་ བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་དངོས་པོ་ མེད་པའང་མ་ཡིན་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་སྨོས་པའང་མ་ཡིན། རྐྱེན་ལ་ལྟོས་པའང་མ་ཡིན། ངས་སྐྱེ་བ་མེད་པ་སྨོས་པར་བྱ་བ་དོན་མེད་པའང་མ་ཡིན་གྱི། བློ་གྲོས་ཆེན་པོ་འདི་ནི་དེ་བཞིན་གཤེགས་པའི་ཡིད་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུའི་ཚིག་ {བླ་དགས་,བླ་དྭགས་}ཏེ། མུ་སྟེགས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་དང་།
BO
ས་བདུན་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་མ་ཡིན་པ་མ་སྐྱེས་པ་དེ་ནི་དེ་བཞིན་གཤེགས་པའི་ཚིག་{བླ་དགས་,བླ་དྭགས་}ཏེ་རྣམ་གྲངས་ཀྱི་ཚིག་གོ། ། འདི་ལྟ་སྟེ། བློ་གྲོས་ཆེན་ པོ་བརྒྱ་བྱིན་དབང་པོ་གྲོང་ཁྱེར་འཇིག་དང་། ལག་པ་བྱེད་པ་སྤྱོད་པ་དང་། ལུས་འདུས་པ་གཟུགས་དང་། ས་གནས་ནོར་འཛིན་དང་། ནམ་མཁའ་གོ་འབྱེད་འོང་རྒྱུ་ཞེས་དེ་ལ་སོགས་པ་དངོས་པོ་རེ་རེ་ལ་རྣམ་གྲངས་ཀྱི་ཚིག་གི་སྒྲ་མང་པོ་རྣམ་པར་བརྟགས་པ་ཡོད་དེ། དེ་ དག་ནི་མིང་མང་བའི་ཕྱིར་དངོས་པོ་མང་པོར་མི་རྟོག་མོད་ཀྱི། རང་བཞིན་མ་ཡིན་པར་ཡང་མི་འགྱུར་རོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་ང་ཡང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་མིང་གྲངས་མེད་པ་བརྒྱ་སྟོང་ཕྲག་གསུམ་དུ་བྱིས་པ་རྣམས་ཀྱི་རྣ་ལམ་དུ་གྲག་སྟེ། དེ་དག་གིས་ང་བརྗོད་ཀྱང་ འདི་དག་ནི་དེ་བཞིན་གཤེགས་པའི་མིང་གི་རྣམ་གྲངས་སུ་ཤེས་སོ། ། དེ་ལ་བློ་གྲོས་ཆེན་པོ་ཁ་ཅིག་ནི་ང་ལ་དེ་བཞིན་གཤེགས་པར་ཤེས་སོ། ། ལ་ལས་ནི་རང་འབྱུང་བར། དེ་བཞིན་དུ་ལ་ལས་ནི་འདྲེན་པ་དང་། རྣམ་པར་འདྲེན་པ་དང་། ཡོངས་སུ་འདྲེན་པ་དང་། སངས་རྒྱས་དང་། ཁྱུ་མཆོག་དང་། ཚངས་པ་དང་།
BO
འཇུག་སེལ་དང་། དབང་ཕྱུག་དང་། གཙོ་བོ་དང་། སེར་སྐྱ་དང་། ཡང་དག་མུ་དང་། མི་གནོད་མུ་ཁྱུད་དང་། ཟླ་བ་དང་། ཉི་མ་དང་། རྩེ་བ་པོ་དང་། རྣམ་པར་འདོར་དང་། ནེ་ཙོ་དང་། དབང་པོ་དང་། སྟོབས་ཅན་དང་། ཆུ་བདག་ཅེས་ རབ་ཏུ་ཤེས་སོ། ། གཞན་ལ་ལས་ནི་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་དང་། སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། བདེན་པ་ཉིད་དང་། ཡང་དག་པ་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་། མྱ་ངན་ལས་འདས་པ་དང་། རྟག་པ་དང་། མཉམ་པ་ ཉིད་དང་། གཉིས་སུ་མེད་པ་དང་། མཚན་མ་མེད་པ་དང་། རྐྱེན་ལས་སངས་རྒྱས་སུ་འགྱུར་བའི་རྒྱུ་བསྟན་པ་དང་། རྣམ་པར་ཐར་པ་དང་། ལམ་དང་། བདེན་པ་རྣམས་དང་། ཐམས་ཅད་མཁྱེན་པ་དང་། རྒྱལ་བ་དང་། ཡིད་ཀྱི་རང་བཞིན་ནོ་ཞེས་རབ་ཏུ་ཤེས་སོ། ། བློ་གྲོས་ཆེན་ པོ་དེ་ལ་སོགས་པ་མིང་གྲངས་མེད་པ་བརྒྱ་སྟོང་ཕྲག་གསུམ་ཚང་བ་ལྷག་ཆད་མེད་པར་ང་ལ་འཇིག་རྟེན་གྱི་ཁམས་འདི་དང་། གཞན་དག་ན་སྐྱེ་བོ་རྣམས་ཀྱིས་ཤེས་ཏེ། ཆུའི་ཟླ་བ་བཞིན་དུ་ཞུགས་པའང་མེད། བྱུང་བའང་མེད་མོད་ཀྱི། བྱིས་པ་རྣམས་མཐའ་གཉིས་སུ་ལྷུང་བའི་རྒྱུད་ཀྱིས་ཁོང་དུ་ ཆུད་དེ། འོན་ཀྱང་ང་ལ་བཀུར་སྟི་བྱེད།
BO
ང་ལ་གཙོ་བོར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། ཚིག་གི་དོན་དང་ངེས་པའི་ཚིག་ལ་མི་མཁས་པས་མིང་ཐ་དད་པ་མ་ཡིན་པར་རང་གི་ཚུལ་མི་ཤེས་སོ། ། བཤད་པའི་སྒྲ་དང་། བརྗོད་པ་ལ་མངོན་པར་ཆགས་པས་སྐྱེ་བ་མེད་པ་དང་། འགོག་པ་མེད་པའི་དངོས་པོ་མེད་པར་རྟོག་སྟེ། དེ་བཞིན་གཤེགས་པའི་མིང་གི་རྣམ་གྲངས་གཞན་དུ་དབང་པོ་དང་། བརྒྱ་བྱིན་དང་། གྲོང་ཁྱེར་འཇིག་ལྟ་བུར་ནི་མི་རྟོག་གོ། ། ཆོས་ཐམས་ཅད་སྒྲ་ཇི་བཞིན་པའི་དོན་དུ་བརྗོད་པའི་ཕྱིར་འབྲང་བས་རང་གི་ཚུལ་སོ་སོར་གཞོག་པ་བརྗོད་པ་ལ་མི་ མོས་སོ། ། བློ་གྲོས་ཆེན་པོ་སྐྱེས་བུ་བླུན་པོ་དེ་དག་འདི་སྐད་དུ་དོན་ནི་སྒྲ་ཇི་བཞིན་པ་ཉིད་དེ། སྒྲ་ལས་དོན་གཞན་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དོན་ལ་ལུས་མེད་པའི་ཕྱིར་སྒྲ་ལས་དོན་གཞན་མ་ཡིན་ཏེ། སྒྲ་ཉིད་དོན་ཡིན་ནོ་ཞེས་ཟེར་རོ། ། བློ་གྲོས་ཆེན་པོ་སྒྲའི་རང་ བཞིན་ཡོངས་སུ་མི་ཤེས་པས་མི་མཁས་པའི་བློ་ཅན་རྣམས་ནི་ཇི་ལྟར་སྒྲ་ནི་སྐྱེ་ཞིང་འཇིག་གི་དོན་ནི་མ་སྐྱེས་མི་འཇིག་པ་དེ་ལྟར་མི་ཤེས་སོ། ། བློ་གྲོས་ཆེན་པོ་སྒྲ་ནི་ཡི་གེར་ལྷུང་བའོ། ། དོན་ནི་ཡི་གེར་མ་ལྷུང་བ་སྟེ།
BO
དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའི་ཕྱིར་སྐྱེ་བ་མེད་ཅིང་ལུས་མེད་ དོ། ། བློ་གྲོས་ཆེན་པོ་ཡི་གེ་རྣམས་ཡོད་པ་དང་། མེད་པ་མི་དམིགས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་ཡི་གེར་ལྷུང་བས་ཆོས་མི་སྟོན་ཏེ། གཞན་དུ་ན་ཡི་གེར་མ་ལྷུང་བས་ཆོས་སྟོན་ཏོ། ། བློ་གྲོས་ཆེན་པོ་ཆོས་ལ་ཡི་གེ་མེད་པའི་ཕྱིར་གང་གིས་ཡི་གེར་ལྷུང་བའི་ཆོས་འཆད་པ་དེ་ ནི་འཁྱལ་པ་སྟེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་བཤད་པ་བརྗོད་པ་ལས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡི་གེ་གཅིག་ཀྱང་མ་བཤད། འཆད་པར་མི་འགྱུར་རོ་ཞེས་ང་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་བསྟན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཡི་གེ་མེད་པའི་ཕྱིར་དོན་དང་མི་ལྡན་པར་ཡང་མི་འཆད་དེ། རྣམ་པར་རྟོག་པ་བཟུང་ནས་འཆད་དོ། ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་མ་བཤད་ན་ནི་བསྟན་པ་འཇིག་པར་འགྱུར་ཏེ། བསྟན་པ་ཞིག་ན་ནི་སངས་རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱང་མེད་པར་ འགྱུར་རོ། ། དེ་དག་མེད་ན་ནི་སུ་ལ་ཅི་ཞིག་བཤད་དེ།
BO
དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཤད་པ་བརྗོད་པའི་སྒྲ་ལ་མངོན་པར་མ་ཆགས་པར་བྱའོ། ། བློ་གྲོས་ཆེན་པོ་བཤད་པའི་བརྗོད་པ་ནི་སེམས་ཅན་རྣམས་ཀྱི་བསམ་པ་ བཞིན་དུ་ཞུགས་པས་འཁྲུལ་པ་ཡིན་ཏེ། ང་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་རྣམས་ཀྱིས་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་ཕྱིར་མོས་པ་ཐ་དད་པའི་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའི་ཆོས་ཐམས་ ཅད་སྣང་བ་མེད་པ། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར། རྣམ་པར་རྟོག་པ་རྣམ་པ་མང་པོ་ལོག་པས་བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་རྟོགས་པ་བཟློག་པ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་ལ་རྟོན་པར་བྱའི། ཡི་གེ་ ལ་རྟོན་པར་མི་བྱའོ། ། བློ་གྲོས་ཆེན་པོ་ཡི་གེའི་ཕྱིར་འབྲང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ནི་བདག་ཀྱང་དོན་ལས་ཉམས་པར་བྱེད་ཅིང་། གཞན་ཡང་ཁོང་དུ་ཆུད་པར་མི་བྱེད་དོ། ། ཆོས་ཐམས་ཅད་དང་། སའི་རང་གི་མཚན་ཉིད་ལ་མི་མཁས་པ།
BO
ཚིག་དང་ངེས་པའི་ སྒྲ་མངོན་པར་མི་ཤེས་པའི་ངན་པར་རྟོག་གེ་པ་རྣམས་ལྟ་བ་ངན་པར་ལྷུང་བའི་རྒྱུད་ཀྱིས་རང་གི་ཕྱོགས་སྒྲོགས་པར་བྱེད་དོ། ། དེ་སྟེ་ཆོས་ཐམས་ཅད་དང་། སའི་རང་གི་མཚན་ཉིད་ལ་མཁས་ཤིང་། ཚིག་གི་རྣམ་གྲངས་དང་། ངེས་པའི་ཚིག་རྟོགས་པར་ཁོང་དུ་ཆུད་དེ། དངོས་པོའི་དོན་ དང་། རིགས་པ་ལ་མཁས་པར་གྱུར་ན། དེའི་ཕྱིར་བདག་ཉིད་ཀྱང་ཡང་དག་པ་མཚན་མ་མེད་པའི་བདེ་བས་ཚིམ་པར་བྱེད་ཅིང་། གཞན་ཡང་ཡང་དག་པར་ཐེག་པ་ཆེན་པོ་ལ་འགོད་དོ། ། བློ་གྲོས་ཆེན་པོ་ཐེག་པ་ཆེན་པོ་ཡང་དག་པར་ཡོངས་སུ་བཟུང་ན། སངས་རྒྱས་དང་། བྱང་ཆུབ་ སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཡོངས་སུ་བཟུང་བ་བྱས་པ་ཡིན་ནོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཡོངས་སུ་བཟུང་བས་སེམས་ཅན་རྣམས་ཡོངས་སུ་བཟུང་བ་བྱས་པ་ཡིན་ནོ། ། སེམས་ཅན་ཐམས་ ཅད་ཡོངས་སུ་བཟུང་བས་དམ་པའི་ཆོས་ཡོངས་སུ་བཟུང་བ་ཡིན་ནོ། ། བློ་གྲོས་ཆེན་པོ་དམ་པའི་ཆོས་ཡོངས་སུ་བཟུང་བས་སངས་རྒྱས་ཀྱི་རིགས་མི་འཆད་པར་བྱས་པ་ཡིན་ནོ། ། སངས་རྒྱས་ཀྱི་རིགས་མི་འཆད་པའི་ཕྱིར་སྐྱེ་གནས་ཀྱི་བྱེ་བྲག་རབ་ཏུ་འཐོབ་པར་ཤེས་སོ། །
BO
དེ་བས་ན་སྐྱེ་གནས་ དམ་པ་འཐོབ་པ་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱེ་བ་ཡོངས་སུ་འཛིན་ཅིང་ཐེག་པ་ཆེན་པོ་རབ་ཏུ་བཟུང་བའི་ཕྱིར་དབང་བཅུས་གཟུགས་དང་། ཆ་བྱད་སྣ་ཚོགས་འཛིན་པར་གྱུར་ཏེ། སེམས་ཅན་གྱི་ཆ་བྱད་དང་། བག་ལ་ཉལ་གྱི་མཚན་ཉིད་རྟོགས་པར་ཁོང་དུ་ ཆུད་པས་དེ་བཞིན་ཉིད་དུ་ཆོས་སྟོན་ཏོ། ། དེ་ལ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་ཉིད་དང་། དེ་ཁོ་ན་ཉིད་དང་། བླང་བ་མེད་པ་དང་། དོར་བ་མེད་པའི་མཚན་ཉིད་དང་། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ནི་དེ་ཁོ་ན་ཉིད་ཅེས་བྱའོ། ། བློ་གྲོས་ཆེན་པོ་དེ་ཁོ་ན་ཉིད་ལ་ཡི་གེ་མེད་པའི་ཕྱིར་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་སྒྲ་ཇི་བཞིན་གྱི་དོན་དུ་ཆགས་པ་ལ་མཁས་པར་མི་བྱ་སྟེ། སོར་མོ་ལྟ་བ་ལྟ་བུར་མི་བྱའོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ལ་ལས་ཁ་ཅིག་ལ་སོར་མོའི་རྩེ་མོས་ཅི་ཞིག་བསྟན་ན། དེ་སོར་མོའི་རྩེ་མོ་ཉིད་ལ་ལྟ་ཞིང་འབྲང་བ་དེ་བཞིན་དུ། བློ་གྲོས་ཆེན་པོ་ བྱིས་པ་སོ་སོའི་སྐྱེ་བོའི་སྡེ་རྣམས་བྱིས་པའི་རང་བཞིན་ཅན་ལྟ་བུར་སྒྲ་ཇི་བཞིན་གྱི་སོར་མོའི་རྩེ་མོ་ལ་མངོན་པར་ཆགས་ཤིང་ཞེན་ཏོ། །
BO
དེ་ལྟར་སྒྲའི་སོར་མོའི་རྩེ་མོ་ལ་མངོན་པར་ཆགས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་ཏེ། སྒྲ་ཇི་བཞིན་གྱི་སོར་མོའི་རྩེ་མོའི་དོན་སྤངས་ལ། དོན་དམ་པ་ ཁོང་དུ་ཆུད་པར་བྱ་བ་ནི་མི་བྱེད་དོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་བྱིས་པ་རྣམས་ཀྱི་ཟས་དང་། སྐོམ་ནི་གཡོས་མ་བྱས་པར་སུ་ཡང་ཟ་བ་མེད་དེ། ལ་ལ་གཡོས་སུ་མ་བྱས་པར་ཟ་ན་ཡང་ཁ་ཟས་མཐར་གྱིས་གཡོས་སུ་བྱ་བ་མི་ཤེས་པས་དེ་སྨྱོན་པར་བརྟག་པར་འགྱུར་རོ། ། དེ་བཞིན་དུ་བློ་ གྲོས་ཆེན་པོ་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་ཡང་མངོན་པར་འདུས་མ་བྱས་ན་མཛེས་པར་མི་འགྱུར་གྱི། འདི་ལ་གདོན་མི་ཟ་བར་མངོན་པར་འདུ་བྱ་བར་འགྱུར་ཏེ། སོར་མོའི་རྩེ་མོའི་དོན་མཐོང་བ་བཞིན་དུ་ཚིག་ཙམ་ནི་མ་ཡིན་ནོ། ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་དོན་ལ་བརྩོན་པར་བྱའོ། བློ་གྲོས་ཆེན་པོ་དོན་ནི་རབ་ཏུ་དབེན་པ་སྟེ། མྱ་ངན་ལས་འདའ་བའི་རྒྱུའོ། ། སྒྲ་ནི་རྣམ་པར་རྟོག་པ་དང་འབྲེལ་པ་སྟེ། འཁོར་བ་འཐོབ་པར་བྱེད་དོ། ། བློ་གྲོས་ཆེན་པོ་དོན་ནི་མང་དུ་ཐོས་པ་རྣམས་ལས་རྙེད་པར་འགྱུར་རོ། ། བློ་གྲོས་ཆེན་པོ་མང་དུ་ཐོས་པ་ཞེས་བྱ་བ་ནི་འདི་ ལྟ་སྟེ།
BO
དོན་ལ་མཁས་པ་ཡིན་གྱི་སྒྲ་ལ་མཁས་པ་མ་ཡིན་ནོ། ། དེ་ལ་དོན་ལ་མཁས་པ་ནི་གང་མུ་སྟེགས་བྱེད་སྨྲ་བ་ཐམས་ཅད་དང་མ་འདྲེས་པར་ལྟ་བ་ཡིན་ཏེ། ནམ་བདག་ཀྱང་མི་ལྟུང་གཞན་ཡང་ལྟུང་བར་མི་བྱེད་པ་དེ་ན། བློ་གྲོས་ཆེན་པོ་དེ་ལྟར་དོན་ལ་མང་དུ་ཐོས་པ་དོན་དང་ལྡན་པ་ཡིན་ ནོ། ། དེ་བས་ན་དོན་འདོད་པས་དེ་དག་ལ་བསྟེན་པར་བྱའོ། ། དེ་ལས་བཟློག་པ་ནི་སྒྲ་ཇི་བཞིན་གྱི་དོན་ལ་མངོན་པར་ཆགས་པ་ཡིན་ཏེ། དེ་དག་ནི་དེ་ཁོ་ན་ཉིད་ཚོལ་བས་སྤང་བར་བྱའོ། ། ཡང་བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པས་འདི་སྐད་ཅེས་གསོལ་ཏོ། ། སྐྱེ་བ་མེད་པ་དང་། འགོག་པ་མེད་པའི་ལྟ་བས་ནི་བཅོམ་ལྡན་འདས་ཀྱིས་བྱེ་བྲག་ཏུ་བགྱིས་པ་གང་ཡང་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྒྱུ་རྣམས་ཀྱང་མ་སྐྱེས་མ་འགགས་པའོ། ། བཅོམ་ལྡན་འདས་ཁྱོད་ཀྱི་ཡང་ནམ་མཁའ་དང་མ་ བརྟགས་པར་འགོག་པ་དང་། མྱ་ངན་ལས་འདས་པའི་དབྱིངས་རྣམས་མ་སྐྱེས་མ་འགགས་པའོ། ། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་བྱེད་པ་དང་། རྐྱེན་གྱི་རྒྱུ་ལས་འགྲོ་བ་རྣམས་འབྱུང་བར་བརྗོད།
BO
བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུ་དེ་ཉིད་ལ་རྐྱེན་ཏོ་ཞེས་བགྱི་བར་མིང་གི་བྱེ་ བྲག་གཞན་བཏགས་ནས་མི་ཤེས་པ་དང་། སྲེད་པ་དང་། ལས་དང་། རྣམ་པར་རྟོག་པའི་རྐྱེན་རྣམས་ལས་འགྲོ་བ་རྣམས་སྐྱེ་བར་བརྗོད་དེ། ཁྱོད་དང་དེ་དག་ཕྱི་རོལ་གྱི་རྐྱེན་རྣམས་ཀྱིས་ཕྱི་རོལ་གྱི་དངོས་པོ་སྐྱེ་བ་ལ་ཡང་དེ་བཞིན་ཏེ། བཅོམ་ལྡན་འདས་དེའི་ཕྱིར་སྨྲ་བ་འདི་དང་མུ་སྟེགས་ བྱེད་ཀྱི་སྨྲ་བར་བྱེ་བྲག་མ་མཆིས་པར་འགྱུར་རོ། ། རྡུལ་ཕྲ་མོ་དང་། གཙོ་བོ་དང་། དབང་ཕྱུག་དང་། སྐྱེ་དགུའི་བདག་པོ་ལ་སོགས་པ་རྫས་དགུ་དང་བཅས་པ་རྣམས་མ་སྐྱེས་མ་འགགས་པ་སྟེ། བཅོམ་ལྡན་འདས་ཁྱོད་ཀྱི་ཡང་དངོས་པོ་ཐམས་ཅད་ཡོད་པ་དང་མེད་པ་མི་དམིགས་པས་ན་ མ་སྐྱེས་མ་འགགས་པའོ། ། འབྱུང་བ་མི་འཇིག་པས་ན་རང་གི་མཚན་ཉིད་མི་སྐྱེ་མི་འགག་གོ། ། གང་དེ་དག་གི་རྣམ་པར་གྱུར་ཀྱང་འབྱུང་བ་རྣམས་ནི་འབྱུང་བ་ཉིད་དེ། འབྱུང་བའི་རང་བཞིན་མི་འདོར་རོ། ། བཅོམ་ལྡན་འདས་དེ་ནི་འབྱུང་བའི་རྣམ་པར་རྟོག་པའི་འགྱུར་བར་ཁྱོད་དང་མུ་སྟེགས་ བྱེད་ཐམས་ཅད་ཀྱིས་རྣམ་པར་བརྟགས་ཏེ། དེས་ན་དེའི་ཕྱིར་སྨྲ་བ་འདི་ནི་བྱེ་བྲག་མ་མཆིས་ཏེ།
BO
གང་གིས་དེ་བཞིན་གཤེགས་པ་གསུང་བ་བྱེ་བྲག་ཏུ་འགྱུར་ཞིང་། མུ་སྟེགས་བྱེད་ཐམས་ཅད་ཀྱི་སྨྲ་བ་མ་ལགས་པའི་བྱེ་བྲག་བཤད་དུ་གསོལ། བཅོམ་ལྡན་འདས་རང་གི་སྨྲ་བ་བྱེ་བྲག་མ་མཆིས་ ན་ནི་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་རྒྱུར་གྱུར་པས་མུ་སྟེགས་བྱེད་རྣམས་ཀྱང་སངས་རྒྱས་སུ་འགྱུར་བར་མཆིའོ། ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་མང་པོ་འབྱུང་བ་ནི་གནས་མེད་དེ། སྐབས་མ་ཡིན་ནོ་ཞེས་གསུངས་ན། འབྲས་བུ་ཡོད་ པ་དང་མེད་པ་ཡོངས་སུ་བཟུང་བས་བདག་གི་སྨྲ་བ་བྱེ་བྲག་མ་མཆིས་ན་ནི། དེ་བཞིན་གཤེགས་པ་མང་པོར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་ནི་མུ་སྟེགས་བྱེད་རྣམས་ཀྱི་སྐྱེ་བ་མེད་པ་དང་། འགོག་པ་མེད་ པར་སྨྲ་བ་དང་མི་མཚུངས་ཏེ་སྐྱེ་བ་དང་། མི་རྟག་པར་སྨྲ་བ་དང་ཡང་མཚུངས་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་རྣམས་ཀྱི་ནི་དངོས་པོའི་རང་བཞིན་མ་སྐྱེས་པ། མི་འགྱུར་བའི་མཚན་ཉིད་ཐོབ་པ་ཡོད་དེ། ངའི་ནི་དེ་ལྟར་ཡོད་པ་དང་། མེད་པའི་ཕྱོགས་སུ་ ལྷུང་བ་མ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་ངའི་ནི་ཡོད་པ་དང་། མེད་པའི་ཕྱོགས་དང་བྲལ་བ་སྟེ། སྐྱེ་བ་དང་འཇིག་པ་དང་བྲལ་བ་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། སྒྱུ་མ་དང་རྨི་ལམ་གྱི་གཟུགས་སྣ་ཚོགས་མཐོང་བ་ལྟ་བུར་དངོས་པོ་མེད་པའང་མ་ཡིན་ནོ། ། ཇི་ལྟར་དངོས་པོ་མེད་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་རང་བཞིན་གྱི་མཚན་ཉིད་གཟུང་དུ་མེད་པའི་ཕྱིར་རོ། ། སྣང་བ་དང་། མི་སྣང་བ་དང་། གཟུང་བ་དང་། གཟུང་དུ་མེད་པས་དེས་ན་དེའི་ཕྱིར་དངོས་པོ་ཐམས་ཅད་དངོས་པོ་ཡང་མ་ཡིན། ངོ་བོ་མེད་པའང་མ་ཡིན་ནོ། ། འདི་ལྟར་རང་ གི་སེམས་སྣང་བ་ཙམ་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མི་འཇུག་པའི་ཕྱིར། འཇིག་རྟེན་རང་ལ་གནས་ཤིང་བྱ་བ་མེད་པ་ཡིན་ན། བྱིས་པ་རྣམས་ཀྱང་བྱ་བ་དང་ལྡན་པར་རྟོག་སྟེ། འཕགས་པ་རྣམས་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ནི་དྲི་ཟའི་གྲོང་ཁྱེར་དང་། སྒྱུ་མའི་སྐྱེས་ བུ་ལྟ་བུར་ཡང་དག་པ་མ་ཡིན་པའི་དོན་ལ་རྣམ་པར་རྟོག་པས་མྱོས་པའོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་བྱིས་པའི་རང་བཞིན་ཅན་ལ་ལ་དྲི་ཟའི་གྲོང་ཁྱེར་གྱི་ནང་དུ་སྒྱུ་མའི་སྐྱེས་བུ་སེམས་ཅན་འདྲོན་པོ་མང་པོ་སྣ་ཚོགས་འདི་དག་ཞུགས་སོ། །
BO
འདི་དག་བྱུང་ངོ་ཞེས་འཇུག་པ་དང་འབྱུང་བར་རྟོག་ སྟེ། དེ་ལ་གང་ཡང་ཞུགས་པ་དང་འབྱུང་བ་ནི་མེད་ཀྱི། དེ་ལྟར་དེ་དག་གི་རྣམ་པར་རྟོག་པ་ནོར་བ་ཉིད་དོ། ། དེ་བཞིན་དུ་འདི་ནི་བློ་གྲོས་ཆེན་པོ་སྐྱེ་བ་དང་། མི་སྐྱེ་བར་བྱིས་པ་རྣམས་ཀྱིས་ནོར་བ་ཡིན་ཏེ། སྒྱུ་མའི་སྐྱེས་བུ་སྐྱེ་བ་བཞིན་དུ་འདི་ལ་འདུས་བྱས་སམ། འདུས་མ་བྱས་གང་ཡང་ མེད་དོ། ། སྒྱུ་མའི་སྐྱེས་བུ་ནི་ཡོད་པ་དང་། མེད་པ་ཅི་ཡང་མི་བྱེད་པས་ན་སྐྱེ་བའམ་འགག་པ་མེད་དོ། ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྐྱེ་བ་དང་། འཇིག་པ་སྤངས་པ་སྟེ། གཞན་དུ་ན་བྱིས་པ་རྣམས་ལོག་པར་ལྷུང་བའི་འདུ་ཤེས་ཀྱིས་སྐྱེ་བ་དང་། འགག་པར་རྟོག་པ། འཕགས་པ་ རྣམས་ནི་མ་ཡིན་ནོ། ། དེ་ལ་བློ་གྲོས་ཆེན་པོ་ལོག་པ་ཞེས་བྱ་བ་ནི་ཇི་ལྟར་དངོས་པོའི་རང་བཞིན་བརྟགས་པ་དེ་བཞིན་དུའང་མ་ཡིན། གཞན་དུའང་མ་ཡིན་ནོ། ། གཞན་དུ་བརྟགས་ན་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ཆགས་པ་ཉིད་དུ་འགྱུར་བས་དབེན་པ་མི་མཐོང་ངོ་། ། དབེན་པ་མ་མཐོང་ ན་རྣམ་པར་རྟོག་པ་ལྡོག་པར་མི་འགྱུར་རོ། ། དེ་བས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་མཚན་མ་མེད་པ་མཐོང་བ་ནི་དགེ་བ་ཡིན་ཏེ།
BO
མཚན་མ་མཐོང་བ་ནི་མ་ཡིན་ནོ། ། མཚན་མ་ནི་སྐྱེ་བའི་རྒྱུ་ཡིན་པས་མི་དགེ་བའོ། ། བློ་གྲོས་ཆེན་པོ་མཚན་མ་མེད་པ་ནི་རྣམ་པར་རྟོག་པ་མི་འཇུག་པ་ཡིན་ཏེ། མི་སྐྱེ་བ་མྱ་ངན་ལས་འདས་པར་བཤད་དོ། ། དེ་ལ་བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་ནི་ཡང་དག་པ་གནས་པ་ཇི་ལྟ་བ་བཞིན་དུ་མཐོང་བས་རྣམ་པར་རྟོག་པ་སེམས་དང་། སེམས་ལས་བྱུང་བ་མང་པོ་ཤིན་ཏུ་གྱུར་པས། སྔར་དྲངས་པ་དེ་བཞིན་གཤེགས་པ་འཕགས་པ་བདག་གིས་སོ་ སོ་རང་གི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པ་ནི་མྱ་ངན་ལས་འདས་པ་ཞེས་བཤད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སྐྱེ་བ་རྣམ་པར་བཟློག་པའི་ཕྱིར། ། མི་སྐྱེ་བ་ནི་རབ་ཏུ་བསྒྲུབ། ། རྒྱུ་མེད་སྨྲ་བ་བཤད་པ་ནི། ། བྱིས་པ་རྣམས་ཀྱིས་མི་རིག་གོ། ། འདི་དག་ཐམས་ཅད་མ་སྐྱེས་པ། ། དངོས་ པོ་མེད་ཅིང་རྒྱུན་ཀྱང་མེད། ། རྨི་ལམ་སྒྱུ་འདྲ་དྲི་ཟའི་གྲོང་། ། རྒྱུ་མེད་པ་ཡི་དངོས་པོ་ཡོད། ། མ་སྐྱེས་རང་བཞིན་མེད་པ་དང་། ། ཇི་ལྟར་སྟོང་པའང་བདག་ལ་གསུངས། ། འདུས་པ་དག་ནི་མ་གཏོགས་པར། ། བློ་ཡིས་དངོས་པོ་མི་རིག་གོ། ། དེ་ཕྱིར་མ་སྐྱེས་སྟོང་པ་སྟེ། ། རང་བཞིན་ མེད་པ་ངས་བཤད་དོ། ། དེ་བཞིན་འདུས་པ་རེ་རེར་ཡང་། །
BO
སྣང་བ་མེད་པས་ཡོད་མ་ཡིན། ། འདུས་པ་མུ་སྟེགས་ལྟ་བ་ལྟར། ། འཇིག་པ་མེད་པར་འགྱུར་བ་མིན། ། རྨི་ལམ་སྐྲ་ཤད་འཛིངས་པ་དང་། ། སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་། ། རྒྱུ་མེད་པ་དག་སྣང་བ་ལྟར། ། འཇིག་རྟེན་སྣ་ ཚོགས་དེ་བཞིན་ནོ། ། རྒྱུ་མེད་སྨྲ་བས་བརྩད་བྱ་སྟེ། ། མ་སྐྱེས་པ་ཡང་རབ་ཏུ་བསྒྲུབ། ། སྐྱེ་བ་མེད་པར་རབ་བསྒྲུབས་ན། ། ང་ཡི་ཚུལ་ནི་མི་འཇིག་གོ། ། རྒྱུ་མེད་སྨྲ་བ་བསྟན་ན་ནི། ། ཇི་ལྟར་ཅི་ལས་ཅི་དག་གིས། ། གང་དུ་རྒྱུ་མེད་སྐྱེར་འགྱུར་ཞེས། ། མུ་སྟེགས་ཅན་རྣམས་ འཇིགས་པ་སྐྱེ། ། རྒྱུ་ལས་མ་ཡིན་རྒྱུ་མེད་པར། ། ནམ་ཞིག་འདུས་བྱས་མཐོང་བ་ན། ། དེ་ན་སྐྱེ་འཇིག་སྨྲ་བ་ཡི། ། ལྟ་བ་རྣམ་པར་ལྡོག་པར་འགྱུར། ། དངོས་པོ་མེད་པར་སྐྱེ་མེད་དམ། ། དེ་སྟེ་རྐྱེན་ལ་བརྟག་པའམ། ། འོན་ཏེ་དངོས་པོའི་མིང་ལགས་སམ། ། དོན་མེད་པའམ་ བདག་ལ་གསུངས། ། དངོས་མེད་མི་སྐྱེ་མ་ཡིན་ཏེ། ། རྐྱེན་ལ་བརྟགས་པའང་མ་ཡིན་ནོ། ། དངོས་པོའི་མིང་ཡང་དེ་མིན་ཏེ། ། དོན་མེད་པ་ཡང་མིང་མ་ཡིན། ། ཉན་ཐོས་དང་ནི་རང་རྒྱལ་དང་། ། ས་བདུན་དུ་ནི་ཕྱིན་རྣམས་དང་། ། མུ་སྟེགས་སྤྱོད་ཡུལ་མིན་པའོ། །
BO
དེ་ནི་མི་སྐྱེ་ མཚན་ཉིད་དོ། ། རྒྱུ་དང་རྐྱེན་རྣམས་བཟློག་པ་དང་། ། བྱེད་པ་དག་ནི་དགག་པ་དང་། ། སེམས་ཙམ་དུ་ནི་རྣམ་གཞག་པ། ། སྐྱེ་བ་མེད་པར་ངས་བཤད་དོ། ། དངོས་པོ་རྒྱུ་ལས་འབྱུང་མེད་པ། ། རྟོག་དང་བརྟགས་པ་སྤངས་པ་སྟེ། ། ཡོད་མེད་ཕྱོགས་ལས་གྲོལ་བ་ནི། ། སྐྱེ་བ་མེད་ པར་ངས་བཤད་དོ། ། སེམས་ནི་སྣང་ལས་རྣམ་གྲོལ་བ། ། རང་བཞིན་གཉིས་ཀྱང་སྤངས་པ་སྟེ། ། གནས་རྣམས་རབ་ཏུ་གྱུར་པ་ནི། ། སྐྱེ་བ་མེད་པར་ངས་བཤད་དོ། ། ཕྱི་རོལ་དངོས་པོ་དངོས་མེད་མིན། ། སེམས་ཀྱང་ཡོངས་སུ་གཟུང་བ་མེད། ། ལྟ་བ་ཐམས་ ཅད་རབ་སྤངས་པ། ། དེ་ནི་སྐྱེ་མེད་མཚན་ཉིད་དོ། ། དེ་བཞིན་སྟོང་པ་རང་བཞིན་མེད། ། དེ་ལ་སོགས་པའི་ཚིག་ཀུན་བརྟགས། ། ནམ་ཡང་སྟོང་པས་སྟོང་མ་ཡིན། ། སྐྱེ་བ་མེད་པའི་སྟོང་པའོ། ། རྐྱེན་གྱི་རྣམ་པར་འདུས་པ་ལས། ། རབ་ཏུ་འཇུག་ཅིང་ལྡོག་པར་འགྱུར། ། འདུས་པ་ ལས་ནི་ལོགས་ཤིག་ན། ། སྐྱེ་བ་མེད་ཅིང་འགག་པའང་མེད། ། གཅིག་པ་དང་ནི་ཐ་དད་དུ། ། ཇི་ལྟར་མུ་སྟེགས་ཅན་རྟོག་བཞིན། ། དངོས་པོ་ཐ་དད་མ་ཡིན་དང་། ། འདུས་ལས་གུད་ན་གང་ནའང་མེད། ། ཡོད་མེད་དངོས་པོ་མི་སྐྱེ་སྟེ། ། མེད་མིན་ཡོད་མིན་གང་ནའང་མེད།
BO
། དེ་ ཕྱིར་གཞན་དུ་འདུས་པ་ནི། ། རབ་ཏུ་འཇུག་ཅིང་ལྡོག་པར་འགྱུར། ། འདི་ནི་བརྟགས་པ་ཙམ་ཉིད་དེ། ། ཕན་ཚུན་ལྟོས་པ་འབྲེལ་པའོ། ། རྐྱེན་རྣམས་འབྲེལ་ལས་ལོགས་ཤིག་ན། ། བསྐྱེད་པར་བྱ་བའི་དོན་མེད་དོ། ། བསྐྱེད་པ་མེད་པས་སྐྱེ་བ་མེད། ། མུ་སྟེགས་ཅན་གྱི་སྐྱོན་གྱིས་ སྤངས། ། འབྲེལ་པ་ཙམ་དུ་ངས་བཤད་དེ། ། བྱིས་པ་རྣམས་ཀྱིས་མི་རིག་གོ། ། གང་ན་འབྲེལ་ལས་ལོགས་ཤིག་ན། ། དངོས་པོ་བསྐྱེད་པ་ཡོད་ཅེས་པ། ། འབྲེལ་པ་རྣམ་པར་འཇིག་པ་སྟེ། ། རྒྱུ་མེད་སྨྲ་བར་ཤེས་པར་བྱ། ། གང་ན་འབྲེལ་ལས་ལོགས་ཤིག་ན། ། དངོས་པོ་སུ་ལ་ཡོད་ ན་ནི། ། མར་མེ་བཞིན་དུ་རྫས་རིགས་རྣམས། ། འབྲེལ་པ་སྣང་བར་བྱེད་པར་འགྱུར། ། འབྲེལ་པ་དག་ལས་ལོགས་ཤིག་ཏུ། ། ཆོས་གང་མི་མཁས་རྟོག་པ་ནི། ། མ་སྐྱེས་ངོ་བོ་ཉིད་མེད་དེ། ། རང་བཞིན་ནམ་མཁའ་ལྟ་བུའོ། ། འཕགས་པས་ཐོབ་པའི་ཆོས་ཉིད་ནི། ། སྐྱེ་བ་ མེད་པ་གཞན་ཡིན་ཏེ། ། གང་དེའི་སྐྱེ་བ་མི་འབྱུང་བ། ། དེ་ནི་མི་སྐྱེའི་བཟོད་པ་ཡིན། ། ནམ་ཞིག་འཇིག་རྟེན་འདི་དག་ཀུན། ། འདི་ནི་འབྲེལ་པ་ཙམ་མོ་ཞེས། ། འབྲེལ་པ་ཉིད་དུ་མཐོང་བ་ན། ། དེ་ན་སེམས་ཀྱང་མཉམ་པར་འཇོག །
BO
མི་ཤེས་སྲེད་པ་ལས་ལ་སོགས། ། འབྲེལ་པ་ དག་ནི་ནང་གི་ཡིན། ། འཁོར་ལོ་ཆུ་ཤིང་འཇིམ་ལ་སོགས། ། ས་བོན་འབྱུང་སོགས་ཕྱི་རོལ་ལོ། ། འབྲེལ་པ་ཙམ་ནི་འདི་དག་མིན། ། གང་ན་དངོས་པོ་རྐྱེན་གཞན་ལས། ། ཁ་ཅིག་སྐྱེ་བར་འདོད་ན་ནི། ། རིགས་དང་ལུང་ལ་དེ་མི་གནས། ། གལ་ཏེ་བསྐྱེད་བྱའི་དངོས་མེད་ན། ། བློ་ཡང་ གང་གི་རྐྱེན་ལས་བྱུང་། ། འདི་དག་ཕན་ཚུན་བསྐྱེད་པ་སྟེ། ། དེ་ཕྱིར་དེ་དག་རྐྱེན་དུ་ཤེས། ། དྲོད་གཤེར་སྲ་དང་གཡོ་བ་ཡི། ། ཆོས་རྣམས་བྱིས་པས་རྣམ་བརྟགས་ཏེ། ། འདུས་པ་འདི་ནི་ཆོས་མ་ཡིན། ། དེ་ཕྱིར་ངོ་བོ་ཉིད་མེད་དོ། ། ནད་པའི་དབང་དུ་སྨན་པ་དག ། བྱ་བ་ཐ་དད་སྟོན་ མོད་ཀྱི། ། དེ་ལ་གཙུག་ལག་ཐ་དད་མེད། ། ནད་ཀྱིས་ཕྱེ་བ་ཐ་དད་དོ། ། དེ་བཞིན་ངས་ཀྱང་སེམས་ཅན་རྒྱུད། ། ཉོན་མོངས་ཉེས་པའི་སྐྱོན་ཆགས་པ། ། དབང་པོ་དག་གིས་སྟོབས་ཤེས་ནས། ། བྱིས་པ་དག་ལ་ཚུལ་བཤད་དོ། ། ཉོན་མོངས་དབང་པོ་ཐ་དད་པས། ། ང་ཡི་བསྟན་ པ་དབྱེར་མི་ཕྱེད། ། ཡན་ལག་བརྒྱད་ལྡན་ཞི་བ་ཡི། ། ལམ་ནི་ཐེག་པ་གཅིག་ཡིན་ནོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BO
བཅོམ་ལྡན་འདས་མི་རྟག་པ་ཉིད་དོ། ། མི་རྟག་པ་ཉིད་དོ་ཞེས་མུ་སྟེགས་ བྱེད་ཐམས་ཅད་ཀྱིས་རྣམ་པར་བརྟགས་ཏེ། ཁྱོད་ཀྱིས་ཀྱང་བསྟན་པ་བརྗོད་པ་ཐམས་ཅད་ལས། ཀྱེ་མ་འདུ་བྱེད་མི་རྟག་སྟེ། ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ནོ། ། ཞེས་གསུངས་ན། དེ་ཅི་བཅོམ་ལྡན་འདས་ཡང་དག་པའམ། ལོག་པའམ། བཅོམ་ལྡན་འདས་མི་རྟག་པ་ ཉིད་ལ་རྣམ་པ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཐམས་ཅད་ཀྱིས་རྣམ་པ་བརྒྱད་དུ་རྣམ་པར་བརྟགས་ཏེ་ངས་ནི་མ་ཡིན་ནོ། ། རྣམ་པ་བརྒྱད་གང་ཞེ་ན། དེ་ལ་བློ་གྲོས་ཆེན་པོ་ལ་ལ་ནི་རབ་ཏུ་རྩོམ་པ་ལས་རྣམ་པར་ལྡོག་པ་མི་རྟག་པ་ ཉིད་ཅེས་ཟེར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་རྩོམ་པ་ཞེས་བྱ་བ་ནི་སྐྱེ་བ་ཡིན་ཏེ། མི་སྐྱེ་བ་ནི་མི་རྟག་པ་ཉིད་དོ། ། ཁ་ཅིག་ནི་དབྱིབས་རྣམ་པར་ལྡོག་པ་མི་རྟག་པ་ཉིད་ཅེས་ཟེར་རོ། ། ཁ་ཅིག་ནི་གཟུགས་ཉིད་མི་རྟག་པ་ཞེའོ། ། ཁ་ཅིག་ནི་གཟུགས་འགྱུར་བའི་བྱེ་བྲག་གཞན་ནི་མི་རྟག་པ་ ཉིད་ཡིན་ཏེ། ཆོས་ཐམས་ཅད་བར་ཆད་མེད་པར་རྒྱུན་དུ་རང་གི་ངང་གིས་འཇིག་པ་འགྲོལ་བ། འོ་མ་ལས་ཞོར་འགྱུར་བའི་བྱེ་བྲག་ཐ་དད་པ་བཞིན་དུ་དངོས་པོ་ཐམས་ཅད་ལའང་མི་མཐོང་བ་དང་།
BO
ཞིག་པའི་མི་རྟག་པ་ཉིད་འཇུག་ཅེའོ། ། ཁ་ཅིག་ནི་དངོས་པོ་མི་རྟག་ པར་རྟོག་གོ། ། ཁ་ཅིག་ནི་དངོས་པོའི་དངོས་པོ་མེད་པར་མི་རྟག་པར་རྟོག་གོ། ། ཁ་ཅིག་ནི་མི་རྟག་པ་ཡང་དེའི་ནང་དུ་འདུས་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པའི་མི་རྟག་པ་ཞེའོ། ། དེ་ལ་བློ་གྲོས་ཆེན་པོ་དངོས་པོའི་དངོས་པོ་མེད་པ་མི་རྟག་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། འབྱུང་བ་ དང་འབྱུང་བ་ལས་གྱུར་པའི་རང་གི་མཚན་ཉིད་འཇིག་ཅིང་མི་དམིགས་པ་དང་། འབྱུང་བའི་ངོ་བོ་ཉིད་མི་འཇུག་པའོ། ། དེ་ལ་སྐྱེ་བ་མེད་པའི་མི་རྟག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྟག་ཏུ་མི་རྟག་པ་དང་། ཡོད་པ་དང་། མེད་པ་ལས་མི་འབྱུང་བ་དང་། ཆོས་ཐམས་ཅད་མི་མཐོང་བ་ དང་། རྡུལ་ཕྲ་མོའི་བར་དུ་བརྟགས་ན། མི་མཐོང་བ་འདི་ནི་མི་སྐྱེ་བའི་ཚིག་{བླ་དགས་,བླ་དྭགས་}ཀྱི་སྐྱེ་བ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ནི་མི་སྐྱེ་བ་མི་རྟག་པ་ཉིད་ཀྱི་མཚན་ཉིད་དེ། དེ་ཁོང་དུ་མ་ཆུད་པས་མུ་སྟེགས་བྱེད་ཐམས་ཅད་སྐྱེ་བ་མི་རྟག་པར་སྨྲ་བར་ལྷུང་ངོ་། ། གཞན་ཡང་ བློ་གྲོས་ཆེན་པོ་གང་དངོས་པོ་མི་རྟག་པར་འདོད་པ་ནི་རང་གི་བློས་རྣམ་པར་བརྟགས་པ་སྟེ།
BO
དངོས་པོ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་མི་རྟག་པ་ནི་རང་མི་འཇུག་གོ། ། འདི་ལ་བློ་གྲོས་ཆེན་པོ་དངོས་པོ་ཐམས་ཅད་ཀྱི་དངོས་ པོ་མེད་པ་ནི་མི་རྟག་པའི་འབྲས་བུའོ། ། མི་རྟག་པ་མེད་པར་དངོས་པོ་ཐམས་ཅད་ངོ་བོ་མེད་པ་མི་དམིགས་ཏེ། དབྱིག་པ་དང་། རྡོ་བ་དང་། ཐོ་བ་གང་ཡང་རུང་བས་བཅག་པར་བྱ་བ་དང་། གཅོག་པ་བཞིན་ཕན་ཚུན་དུ་བྱེ་བྲག་མེད་པར་སྣང་བ་མཐོང་ངོ་། ། དེའི་ཕྱིར་མི་རྟག་པ་ཉིད་ནི་རྒྱུ་དངོས་ པོ་ཐམས་ཅད་ཀྱི་ངོ་བོ་མེད་པ་ནི་འབྲས་བུ་སྟེ། འདི་ནི་མི་རྟག་པ་ཉིད་དོ། ། འདི་ནི་འབྲས་བུའོ་ཞེས་རྒྱུ་དང་འབྲས་བུ་བྱེ་བྲག་མེད་པའི་ཕྱིར་རྒྱུ་དང་འབྲས་བུ་ཡང་བྱེ་བྲག་མེད་དོ། ། དངོས་པོ་རྒྱུ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་རྟག་པའོ། ། བློ་གྲོས་ཆེན་པོ་དངོས་པོ་ཐམས་ཅད་ངོ་བོ་མེད་པ་ནི་རྒྱུ་མེད་པ་ ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མི་ཆུད་དོ། ། རྒྱུ་ནི་འབྲས་བུ་མི་འདྲ་བ་མི་སྐྱེད་དོ། ། དེ་སྟེ་སྐྱེད་དུ་ཟིན་ན་དངོས་པོ་དེ་དག་ཐམས་ཅད་མི་རྟག་པའི་འབྲས་བུ་མི་འདྲ་བར་འགྱུར་ཏེ།
BO
རྒྱུ་དང་འབྲས་བུ་བྱེ་བྲག་མེད་པར་འགྱུར་ན་རྒྱུ་དང་འབྲས་བུའི་བྱེ་བྲག་ཀྱང་མཐོང་ངོ་། ། གལ་ཏེ་དེ་ དག་གི་མི་རྟག་པ་ཉིད་དངོས་པོ་ཡིན་ན་ནི་བྱ་བ་དང་། རྒྱུའི་ངོ་བོ་དང་། མཚན་ཉིད་དུ་ལྷུང་བར་འགྱུར་རོ། ། དངོས་པོ་གཅིག་གམ་དངོས་པོ་ཐམས་ཅད་དུ་རྫོགས་པར་ཡང་འགྱུར་རོ། ། བྱ་བའི་རྒྱུ་དང་དངོས་པོའི་མཚན་ཉིད་དུ་ལྷུང་བའི་ཕྱིར་མི་རྟག་པ་བདག་ཉིད་མི་རྟག་པར་འགྱུར་རོ། ། མི་རྟག་ པ་ཉིད་མི་རྟག་པས་ན་དངོས་པོ་ཐམས་ཅད་རྟག་པར་ཡང་འགྱུར་ཏེ། རྟག་པ་ཉིད་དུ་འགྱུར་རོ། ། དེ་སྟེ་མི་རྟག་པ་དངོས་པོ་ཐམས་ཅད་ཀྱི་ནང་དུ་སོང་བ་ཡིན་ན་ནི། དེའི་ཕྱིར་དུས་གསུམ་དུ་ལྷུང་བར་འགྱུར་ཏེ། དེ་ལ་གང་འདས་པའི་གཟུགས་དེ་ནི་དེ་དང་ལྷན་ཅིག་ཏུ་ཞིག་གོ། ། མ་འོངས་ པ་ཡང་གཟུགས་མི་སྐྱེ་བའི་ཕྱིར་མ་སྐྱེས་པའོ། ། ད་ལྟར་ཡང་གཟུགས་དང་མཚན་ཉིད་ཐ་མི་དད་དེ། གཟུགས་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཀྱི་བྱེ་བྲག་གོ། ། འབྱུང་བ་རྣམས་ཀྱི་འབྱུང་བ་ལས་གྱུར་པའི་རང་བཞིན་ནི་མི་འཇིག་གོ། ། མུ་སྟེགས་བྱེད་གཅིག་དང་ཐ་དད་པ་སྤངས་པའི་ཕྱིར་ འབྱུང་བ་རྣམས་ཀྱི་འབྱུང་བ་ལས་གྱུར་པའི་རང་བཞིན་ནི་མི་འཇིག་གོ། །
BO
མུ་སྟེགས་བྱེད་ཐམས་ཅད་ཀྱི་འབྱུང་བ་ཐམས་ཅད་ནི་མི་འཇིག་པའི་ཕྱིར་སྲིད་པ་གསུམ་པོ་ཐམས་ཅད་ནི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་ཡིན་ཏེ། དེ་ལ་སྐྱེ་བ་དང་། གནས་པ་དང་། འགྱུར་བར་གདགས་སོ། ། གང་ལ་མུ་སྟེགས་བྱེད་རྣམས་ཀྱིས་མི་རྟག་པ་ཉིད་དུ་བརྟག་པ་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། ཐ་དད་པའི་མི་རྟག་པ་གཞན་གང་ཡོད། འབྱུང་བ་ནི་རང་བཞིན་གྱི་མཚན་ཉིད་མི་འཇིག་པས་ན་འཇུག་པའང་མེད། ལྡོག་པའང་མེད་དོ། ། དེ་ལ་རབ་ཏུ་རྩོམ་པ་ལས་ལྡོག་པ་མི་རྟག་ པ་ཉིད་ཅེས་བྱ་བ་ནི་འབྱུང་བ་རྣམས་འབྱུང་བ་གཞན་མི་རྩོམ་མོ། ། ཕན་ཚུན་མི་འཐུན་པའི་རང་གི་མཚན་ཉིད་པས་ན་བྱེ་བྲག་མི་རྩོམ་མོ། ། དེ་དག་དེའི་བྱེ་བྲག་མེད་པ་དང་། ཡང་མི་རྩོམ་པ་དང་། རྣམ་པ་གཉིས་དང་ལྡན་པའི་ཕྱིར་མི་རྩོམ་པ་ལ་མི་རྟག་པའི་བློར་འགྱུར་རོ། ། དེ་ལ་དབྱིབས་ རྣམ་པར་ལྡོག་པའི་མི་རྟག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་རབ་ཏུ་འཇིག་པའི་བར་དུ་མི་འགྱུར་རོ། ། བློ་གྲོས་ཆེན་པོ་རབ་ཏུ་འཇིག་པ་ཞེས་བྱ་བ་ནི་རྡུལ་ཕྲ་མོའི་བར་དུ་རབ་ཏུ་འབྱེད་ཅིང་ཡོངས་སུ་རྟོག་པའོ། ། འཇིག་པ་ནི་འབྱུང་བ་དང་།
BO
འབྱུང་ བ་ལས་གྱུར་པའི་དབྱིབས་གཞན་དུ་མཐོང་བའི་ཕྱིར་རིང་ཐུང་མི་དམིགས་པ་ཡིན་ཏེ། འབྱུང་བ་རྣམས་འཇིག་པའི་ཕྱིར་རྡུལ་ཕྲ་མོ་འབྱུང་བ་རྣམས་ལ་ནི་མ་ཡིན་ནོ། ། དབྱིབས་རྣམ་པར་ལྡོག་པར་ལྟ་བས་གྲངས་ཅན་གྱི་སྨྲ་བར་ལྷུང་ངོ་། ། དེ་ལ་དབྱིབས་མི་རྟག་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། སུ་ལ་གཟུགས་ཉིད་མི་རྟག་པ་དེ་ལ་དབྱིབས་ཉིད་མི་རྟག་པ་ཉིད་དེ། འབྱུང་བ་རྣམས་ཀྱི་མ་ཡིན་ནོ། ། དེ་སྟེ་འབྱུང་བ་རྣམས་མི་རྟག་པ་ཉིད་ན་ནི་འཇིག་རྟེན་གྱི་སྤྱོད་པ་མེད་པར་འགྱུར་རོ། ། འཇིག་རྟེན་གྱི་སྤྱོད་པ་མེད་པ་ན་ནི་དངོས་པོ་ཐམས་ཅད་ཚིག་ཙམ་དང་། ཡང་རང་གི་མཚན་ཉིད་ཡང་སྐྱེ་ བ་མཐོང་བའི་ཕྱིར་འཇིག་རྟེན་རྒྱང་པན་པའི་ལྟ་བར་ལྷུང་བར་འགྱུར་རོ། ། དེ་ལ་འགྱུར་བའི་མི་རྟག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། གཟུགས་གཞན་དུ་འགྱུར་བ་མཐོང་བ་སྟེ། འབྱུང་བ་རྣམས་ནི་མ་ཡིན་ནོ། ། གསེར་གྱི་དབྱིབས་དང་། རྒྱན་འགྱུར་བ་མཐོང་བ་བཞིན་ཏེ། གསེར་ནི་གསེར་གྱི་ དངོས་པོ་ལས་གཞན་ཞིག་པ་མེད་མོད་ཀྱི། རྒྱན་གྱི་དབྱིབས་ཞིག་པ་ཡིན་ནོ། །
BO
གང་རྣམ་པར་འགྱུར་བ་ལྷུང་བ་དེ་ལ་སོགས་པ་གཞན་དག་ཏུ་དེ་ལ་སོགས་པའི་རྣམ་པས་མུ་སྟེགས་བྱེད་རྣམས་མི་རྟག་པར་ལྟ་བ་ལ་རྣམ་པར་རྟོག་གོ། ། འབྱུང་བ་རྣམས་ནི་མེས་བསྲེགས་ཀྱང་རང་གི་མཚན་ ཉིད་ཡིན་པའི་ཕྱིར། གཅིག་གིས་གཅིག་མི་ཚིག་གོ། ། བློ་གྲོས་ཆེན་པོ་རང་གི་མཚན་ཉིད་མེད་པར་གྱུར་པས་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་དངོས་པོ་ཆད་པར་འགྱུར་རོ། ། བློ་གྲོས་ཆེན་པོ་ངའི་ནི་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཕྱི་ རོལ་གྱི་དངོས་པོ་ཁས་མི་ལེན་པ་དང་། སྲིད་པ་གསུམ་སེམས་ཙམ་དུ་བསྟན་པ་དང་། མཚན་ཉིད་སྣ་ཚོགས་མ་བསྟན་པའི་ཕྱིར་རོ། ། འབྱུང་བ་ཆེན་པོའི་གནས་ཀྱི་བྱེ་བྲག་ནི་འཇུག་པའང་མེད། ལྡོག་པའང་མེད་དོ། ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམ་པར་རྟོག་པ་གཉིས་སུ་མི་ འཇུག་སྟེ། གཟུང་བ་དང་། འཛིན་པའི་མཚན་ཉིད་མེད་པ་དང་། རྣམ་པར་རྟོག་པའི་འཇུག་པ་གཉིས་ཡོངས་སུ་ཤེས་པ་དང་། ཕྱི་རོལ་གྱི་དངོས་པོ་དང་། དངོས་པོ་མེད་པར་ལྟ་བ་དང་བྲལ་བ་དང་། རང་གི་སེམས་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་རྣམ་པར་རྟོག་པ་ནི་རྟོག་པའི་མངོན་པར་འདུ་ བྱེད་པས་འཇུག་གི །
BO
མངོན་པར་འདུ་མ་བྱས་པས་ནི་མ་ཡིན་ནོ། ། སེམས་དང་། རྣམ་པར་རྟོག་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་བྲལ་ཞིང་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་ པ་མཆོག་གི་ཆོས་ཐམས་ཅད་ནི་རྟག་པ་ཉིད་ཀྱང་མ་ཡིན། མི་རྟག་པ་ཉིད་ཀྱང་མ་ཡིན་ནོ། ། རང་གི་རྣམ་པར་རྟོག་པ་ཁོང་དུ་མ་ཆུད་པའི་ཕྱིར། ལྟ་བ་ངན་པ་མཐའ་གཉིས་སུ་ལྷུང་བའི་བསམ་པས་མུ་སྟེགས་བྱེད་གཏམ་གྱི་སྐྱེས་བུ་སྔོན་མ་གྲུབ་པ་ཐམས་ཅད་མི་རྟག་པ་ཉིད་དུ་རྟོག་གོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཐམས་ཅད་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གི་ཚིག་ཏུ་རྣམ་པར་རྟོག་པ་ལས་བྱུང་བའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་གསུམ་སྟེ། བྱིས་པ་ལྟ་བུའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་ དུ་མི་ཆུད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། རབ་ཏུ་རྩོམ་པ་རྣམ་ལྡོག་དང་། ། དབྱིབས་ཀྱི་རྣམ་པ་གཞན་གྱུར་དང་། ། གཟུགས་དང་དངོས་པོ་མི་རྟག་པར། ། མུ་སྟེགས་ཅན་རྣམས་མྱོས་ཤིང་རྟོག ། འབྱུང་བ་འབྱུང་བས་ཉིད་གནས་པས། ། དངོས་པོ་རྣམས་ལ་འཇིག་པ་ མེད། །
BO
ལྟ་བ་སྣ་ཚོགས་བྱིང་བས་ན། ། མུ་སྟེགས་ཅན་དག་མི་རྟག་རྟོག ། མུ་སྟེགས་ཅན་དག་གང་ལ་ཡང་། ། འཇིག་པ་མེད་ཅིང་འབྱུང་བའང་མེད། ། འབྱུང་བ་འབྱུང་བའི་དངོས་རྟག་ན། ། ཅི་ལ་མི་རྟག་ཉིད་དུ་རྟོག ། འདི་དག་ཐམས་ཅད་སེམས་ཙམ་སྟེ། ། གཟུང་ དང་འཛིན་པའི་དངོས་པོར་ནི། ། རྣམ་པ་གཉིས་སུ་སེམས་འཇུག་སྟེ། ། བདག་དང་བདག་གི་ཡོང་མེད་དོ། ། ཚངས་ལ་སོགས་པ་གནས་ཀྱི་བར། ། སེམས་ཙམ་དུ་ནི་ངས་བཤད་དེ། ། སེམས་ཙམ་པོ་ནི་མ་རྟོགས་པར། ། ཚངས་ལ་སོགས་པ་འགྲུབ་པ་མིན། ། ལང་ ཀར་གཤེགས་པ་ལས་མི་རྟག་པའི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། འགོག་པའི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱོར་བའི་མཚན་ཉིད་ལ་མཁས་ པ་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་འགོག་པའི་བདེ་བ་ལ་སྙོམས་པར་འཇུག་པའི་སྒོར་རྨོངས་པར་མི་འགྱུར་ཞིང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་བྱེད་རྣམས་རྨོངས་པར་མི་ལྟུང་བར་འགྱུར་བ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་།
BO
རང་སངས་རྒྱས་ཐམས་ཅད་ཀྱི་འགོག་པའི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱོར་བའི་མཚན་ཉིད་བཅོམ་ལྡན་འདས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་ དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོས་དྲུག་ནས་བཟུང་སྟེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་འགོག་པ་ལ་སྙོམས་པར་འཇུག་སྟེ། ས་བདུན་ལ་ནི་སེམས་སྐད་ཅིག་སེམས་སྐད་ཅིག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་བསལ་བས་ སྙོམས་པར་འཇུག་སྟེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་མ་ཡིན་ནོ། ། ཉན་ཐོས་དང་། རང་སངས་རྒྱས་དེ་དག་གི་འགོག་པ་ལ་སྙོམས་པར་འཇུག་པ་ནི་མངོན་པར་འདུ་བྱེད་པ་ཅན་གྱི་གཟུང་བ་དང་། འཛིན་པའི་མཚན་ཉིད་དུ་ལྷུང་བའོ། །
BO
དེ་བས་ན་དེ་དག་གི་ཆོས་ཐམས་ ཅད་ཀྱི་ཐོབ་པ་བྱེ་བྲག་མེད་པའི་མཚན་ཉིད་དང་། སྣ་ཚོགས་ཀྱི་མཚན་ཉིད་མེད་པར་གྱུར་ན་མི་རུང་བས་ས་བདུན་ལ་ནི་སེམས་སྐད་ཅིག་སེམས་སྐད་ཅིག་ལ་སྙོམས་པར་འཇུག་གོ། ། ཆོས་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བའི་རང་གི་མཚན་ཉིད་ཁོང་དུ་མ་ཆུད་པས་སྙོམས་པར་འཇུག་པ་ཡིན་ནོ། ། དེ་བས་ན་ས་བདུན་ལ་ནི་གང་གིས་སྙོམས་པར་འཇུག་པར་འགྱུར་བའི་སེམས་སྐད་ཅིག་སེམས་སྐད་ཅིག་ལ་སྙོམས་པར་འཇུག་པ་མཁས་པ་མེད་དོ། ། བློ་གྲོས་ཆེན་པོ་ས་བརྒྱད་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སེམས་དང་། ཡིད་ དང་། ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་དང་འདུ་ཤེས་ལྡོག་པར་འགྱུར་རོ། ། ས་དང་པོ་དང་ས་དྲུག་ལ་ནི་ཁམས་གསུམ་པ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཙམ་སྟེ། བདག་དང་བདག་གི་མེད་པ་རང་གི་རྣམ་པར་རྟོག་པ་ལས་བྱུང་བ་ཕྱི་རོལ་གྱི་ དངོས་པོའི་མཚན་ཉིད་སྣ་ཚོགས་སུ་ལྷུང་བ་མ་ཡིན་པར་མངོན་པར་རྗེས་སུ་མཐོང་ངོ་། ། གཞན་དུ་ན་བྱིས་པ་རྣམས་ཀྱི་རང་གི་སེམས་ཉིད་གཟུང་བ་དང་། འཛིན་པའི་དངོས་པོར་རྣམ་པ་གཉིས་སུ་འགྱུར་ཏེ།
BO
ཐོག་མ་མེད་པའི་དུས་ནས་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་ཀྱིས་ བསྒོས་པ་རྣམས་ཀྱི་མི་ཤེས་པས་ཁོང་དུ་མི་ཆུད་དོ། ། བློ་གྲོས་ཆེན་པོ་ས་བརྒྱད་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་གང་གིས་ཡོངས་སུ་མྱ་ངན་ལས་མི་འདའ་བར་ཏིང་ངེ་འཛིན་ གྱི་སངས་རྒྱས་རྣམས་ཀྱིས་ཏིང་ངེ་འཛིན་གྱི་བདེ་བ་དེ་ལས་རྣམ་པར་འཛིན་ཏོ། ། གལ་ཏེ་མ་བཟུང་དུ་ཟིན་ན་དེ་བཞིན་གཤེགས་པའི་ས་ཡོངས་སུ་མ་བསྐངས་པའི་ཕྱིར། སེམས་ཅན་གྱི་བྱ་བའང་རྒྱུན་ཆད་པར་འགྱུར། དེ་བཞིན་གཤེགས་པའི་རིགས་ཀྱི་གདུང་ཡང་ཆད་པར་འགྱུར་བས་ ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་སངས་རྒྱས་ཀྱི་ཆེ་བ་ཉིད་བསམ་གྱིས་མི་ཁྱབ་པའང་སྟོན་ཏེ། དེའི་ཕྱིར་དེ་དག་ཡོངས་སུ་མྱ་ངན་ལས་མི་འདའོ། ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་ཏིང་ངེ་འཛིན་གྱི་བདེ་བས་འཕྲོགས་པར་འགྱུར་ཏེ། དེ་བས་ན་དེ་དག་ནི་དེ་ལ་ མྱ་ངན་ལས་འདའ་བའི་བློར་འགྱུར་རོ། ། བློ་གྲོས་ཆེན་པོ་ས་བདུན་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་དང་། སྤྱིའི་མཚན་ཉིད་མི་ཤེས་ཤིང་སའི་{གོ་རིམས་,གོ་རིམ་}དང་།
BO
མཚམས་སྦྱར་བ་ལ་མི་མཁས་པས་མུ་སྟེགས་བྱེད་ཀྱི་ལྟ་བ་དང་ལམ་དུ་ལྷུང་ན་མི་རུང་ངོ་། ། ཞེས་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་འདྲིས་པར་བྱ་བ་ལ་མཁས་པ་དང་། བདག་དང་བདག་གིར་འཛིན་པ་དང་། ཆོས་དང་། གང་ཟག་ལ་བདག་མེད་པ་དང་། འཇུག་པ་དང་། ལྡོག་པ་དང་། རང་དང་། སྤྱིའི་ མཚན་ཉིད་ལ་འདྲིས་པར་བྱ་བ་དང་། སོ་སོ་ཡང་དག་པར་རིག་པ་རྣམ་པར་གདོན་མི་ཟ་བ་ལ་མཁས་པ་དང་། དབང་ལ་ཆགས་པའི་བདེ་བ་དང་། སའི་{གོ་རིམས་,གོ་རིམ་}ལ་རྗེས་སུ་འཇུག་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་པར་དབྱེ་བ་ངས་བྱས་སོ། ། དེའི་ཕྱིར་སའི་{གོ་རིམས་,གོ་རིམ་} རྣམ་པར་གཞག་པ་བྱས་ཏེ། བློ་གྲོས་ཆེན་པོ་འདི་ལ་གང་ཡང་འཇུག་པའམ། ལྡོག་པ་མེད་དོ། ། གཞན་དུ་ན་འདི་ལྟ་སྟེ། སའི་{གོ་རིམས་,གོ་རིམ་}དང་། མཚམས་སྦྱར་བ་ཁམས་གསུམ་པ་སྣ་ཚོགས་སུ་བཏགས་པ་འདི་ནི་རང་གི་སེམས་སྣང་བ་ཙམ་སྟེ། བྱིས་པ་རྣམས་ཀྱིས་ནི་ཁོང་དུ་ མི་ཆུད་དོ། ། བྱིས་པ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་ཁམས་གསུམ་པ་སྣ་ཚོགས་སུ་བཏགས་པ་འདི་ནི་སའི་{གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱར་བ་བསྟན་པ་དང་། ང་དང་སངས་རྒྱས་དེ་དག་གིས་རྣམ་པར་བཞག་གོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་ལ་འགོག་པའི་སྙོམས་པར་འཇུག་པའི་བདེ་བའི་མྱོས་པས་མྱོས་ཏེ། རང་གི་སེམས་སྣང་བ་ཙམ་ལ་མི་མཁས་པས་རང་དང་། སྤྱིའི་མཚན་ཉིད་ཀྱི་སྒྲིབ་པའི་བག་ཆགས་དང་། གང་ཟག་དང་། ཆོས་ལ་བདག་མེད་པར་འཛིན་པའི་ལྟ་བར་ལྷུང་བས་ རྣམ་པར་རྟོག་པ་དེ་ལ་མྱ་ངན་ལས་འདས་པ་མོས་པའི་བློར་འགྱུར་ཏེ། རབ་ཏུ་དབེན་པའི་ཆོས་ལ་མོས་པའི་བློ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་འགོག་པའི་ཏིང་ངེ་འཛིན་གྱི་བདེ་བའི་སྒོ་མཐོང་ནས་སྔོན་གྱི་སྨོན་ལམ་དང་། སྙིང་བརྩེ་བ་དང་། སྙིང་རྗེ་དང་ ལྡན་ཞིང་མཐར་ཐུག་པའི་གནས་ཀྱི་འཇུག་པ་རྣམ་པར་དབྱེ་བ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་དག་ནི་རྣམ་པར་རྟོག་པ་མི་འཇུག་པས། མྱ་ངན་ལས་འདས་པ་ཡང་ཡིན་ནོ། ། དེ་དག་གི་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་ནི་རྣམ་པར་ལོག་གོ། ། ཆོས་ ཐམས་ཅད་རང་གི་སེམས་ཙམ་དུ་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མི་འཇུག་ཀྱང་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཕྱི་རོལ་གྱི་དངོས་པོའི་ངོ་བོ་ཉིད་དང་།
BO
མཚན་ཉིད་ལ་མངོན་པར་ཆགས་པའི་རྣམ་པར་རྟོག་པ་དང་བྲལ་བ་རྣམས་ནི་སངས་རྒྱས་ཀྱི་ཆོས་ཀྱི་ཕྱིར་མི་ འཇུག་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པའི་བདག་གི་སོ་སོ་རང་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བས་སྐྱེས་བུ་རྨི་ལམ་ན་ཆུ་བོ་ལས་རྒལ་བ་བཞིན་དུ་འཇུག་གོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ལ་ལ་ཉལ་བའི་རྨི་ལམ་ན་འབད་པ་དང་། བརྩོན་པ་ཆེན་པོས་ཆུ་བོ་ཆེན་ པོ་ལ་བདག་ཉིད་རྒལ་བ་ལས་དེ་མ་རྒོལ་བར་སད་དོ། ། སད་ནས་ཇི་འདི་བདེན་ནམ། འོན་ཏེ་{བརྫུན་,རྫུན་}སྙམ་དུ་རྟོག་གོ། ། དེ་འདི་ལྟར་འདི་ནི་བདེན་པ་ཡང་མ་ཡིན། {བརྫུན་,རྫུན་}པའང་མ་ཡིན་ཏེ། གཞན་དུ་ན་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་དང་། མྱོང་བའི་རྣམ་པར་རྟོག་པའི་བག་ཆགས་སྣ་ཚོགས་ཀྱི་གཟུགས་དང་། དབྱིབས་སུ་ལྷུང་བ་ཡིན་ཏེ། ཡོད་པ་དང་མེད་པར་རྣམ་པར་རྟོག་པ་ཡོངས་སུ་སྤངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་མྱོང་བའི་རྨི་ལམ་ན་སྣང་བ་མཐོང་ངོ་སྙམ་མོ། ། དེ་བས་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ས་བརྒྱད་ལ་རྣམ་པར་རྟོག་པ་མི་འཇུག་པར་མཐོང་བ་དང་།
BO
ས་དང་པོ་ནས་བདུན་དུ་འཕོ་བ་དང་། ཆོས་ཐམས་ཅད་མངོན་པར་རྟོགས་པ་དང་། སྒྱུ་མ་ལ་སོགས་པའི་ཆོས་དང་མཚུངས་པས་ཆོས་ཐམས་ཅད་ལ་བརྩོན་པ་དང་། གཟུང་ བ་དང་། འཛིན་པ་རྣམ་པར་རྟོག་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་རྒྱུ་བ་མཐོང་ནས་སངས་རྒྱས་ཀྱི་ཆོས་རྣམས་ལ་རབ་ཏུ་སྦྱོར་རོ། ། བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པའི་ཕྱིར་ཁོང་དུ་མ་ཆུད་པ་ཁོང་དུ་ཆུད་པར་བྱ་བའི་ སྦྱོར་བ་ཡིན་ཏེ། རྣམ་པར་འཇིག་པ་ནི་མ་ཡིན་ནོ། ། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་རྟོག་པ་དང་། འདུ་ཤེས་མེད་པར་གྱུར་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། བློ་གྲོས་ཆེན་པོ་སྣང་བ་མེད་པ་རྣམ་པར་རྟོག་པས་དབེན་པའི་ ཆོས་བསྟན་པའི་ཕྱིར་དོན་དམ་པ་འདི་ལ་{གོ་རིམས་,གོ་རིམ་}དང་། {གོ་རིམས་ཀྱི་,གོ་རིམ་གྱི་}མཚམས་སྦྱར་བ་མེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཙམ་དང་ནི་སྣང་མེད་དང་། ། སངས་རྒྱས་ས་དང་གནས་རྣམས་ནི། ། དེ་དག་སངས་རྒྱས་རྣམས་ཀྱིས་བཤད། ། འཆད་ ཅིང་འཆད་པར་འགྱུར་བའོ། ། ས་བདུན་དག་ནི་སེམས་ཡིན་ཏེ། ། འདི་ལ་སྣང་མེད་བརྒྱད་པའོ། །
BO
འདིར་ནི་ས་གཉིས་གནས་ཡིན་ཏེ། ། ས་གཞན་ང་ཡི་རང་བཞིན་ནོ། ། བདག་དང་སོ་སོ་རང་རིག་པ། ། ས་འདི་ང་ཡི་རང་བཞིན་ཏེ། ། དབང་ཕྱུག་ཆེན་པོའི་གནས་ཀྱི་མཆོག ། འོག་མིན་ཤིན་ཏུ་རྣམ་པར་མཛེས། ། མེ་ཡི་ཇི་ལྟ་དེ་བཞིན་དུ། ། དེ་ཡི་འོད་ཟེར་སྣ་ཚོགས་པ། ། ཡིད་འོང་ཞི་བ་རབ་ཏུ་འབྱུང་། ། དེ་དག་སྲིད་གསུམ་སྤྲུལ་པར་བྱེད། ། སྲིད་པ་གསུམ་པོ་ཁ་ཅིག་སྤྲུལ། ། ཁ་ཅིག་སྔ་ནས་སྤྲུལ་པ་སྟེ། ། དེར་ནི་ཐེག་པ་རྣམས་སྟོན་པ། ། དེ་ནི་ང་ཡི་རང་བཞིན་ས། ། བཅུ་པོ་པ་ནི་དང་པོ་ཡིན། ། དང་པོ་པ་ནི་བརྒྱད་པ་ཡིན། ། དགུ་པོ་ཡང་ནི་བདུན་པ་སྟེ། ། བདུན་པོ་པ་ཡང་བརྒྱད་པོ་ཡིན། ། གཉིས་པོ་པ་ནི་གསུམ་པོ་ཡིན། ། བཞི་པོ་ཡང་ནི་ལྔ་པོ་ཡིན། ། གསུམ་པོ་ཡང་ནི་དྲུག་ཡིན་ཏེ། ། སྣང་མེད་པ་ལ་རིམ་ཅི་ ཡོད། ། མངོན་པར་རྟོགས་པའི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྟག་གམ། དེ་སྟེ་མི་རྟག་གམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཉི་གར་ཡང་ཉེས་པར་འགྱུར་བའི་ཕྱིར་རོ། ། བློ་གྲོས་ ཆེན་པོ་གཉི་གར་ཡང་ཉེས་པར་འགྱུར་བ་ནི་རྟག་ཏུ་ཟིན་ན་ནི་རྒྱུར་འགྱུར་རོ། ། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྒྱུ་རྣམས་ནི་མ་བྱས་པ་རྟག་པ་སྟེ། དེ་བས་ན་མ་བྱས་པ་རྟག་པའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པའང་མ་ཡིན་ནོ། ། མི་རྟག་ན་ནི་བྱས་པ་མི་རྟག་པར་འགྱུར་རོ། ། ཕུང་པོ་དང་མཚན་དང་། མཚན་གྱི་གཞི་མེད་པའི་ཕྱིར་ཕུང་པོ་ཞིག་པས་ཆད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་ཆད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་བྱས་པ་ཐམས་ཅད་ནི་མི་རྟག་པ་ཡིན་ཏེ། རྫ་མ་དང་། རས་དང་། རེ་ལྡེ་དང་། རྩྭ་དང་། ཤིང་དང་། ཕ་གུ་བཞིན་ དུ་ཐམས་ཅད་ཀྱང་མི་རྟག་པར་འགྱུར་རོ། ། བྱིས་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་ཀྱང་དོན་མེད་པར་འགྱུར་རོ། ། བྱེ་བྲག་གི་གཏན་ཚིགས་མེད་པས་ན་བྱིས་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་རོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་ པ་ནི་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་ནོ། །
BO
གཞན་ཡང་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་རྟག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་བཞིན་དུ་ཚོགས་དོན་མེད་པར་གྱུར་པའི་ཕྱིར་རོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ནམ་མཁའ་ནི་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་ཏེ། རྟག་པ་དང་། མི་རྟག་པ་སྤངས་པས་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པའི་ཉེས་པས་བརྗོད་པར་བྱ་བ་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་སྐྱེ་བ་མེད་པ་རྟག་པས་རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོ་དང་། སྦལ་པ་དང་། སྦྲུལ་དང་། བྱ་དང་། ཉའི་རྭ་དང་མཚུངས་པར་འགྱུར་ཏེ། སྐྱེ་བ་མེད་པ་རྟག་པར་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པ་ཡང་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་རྣམ་གྲངས་གང་གིས་དེ་བཞིན་གཤེགས་པ་ རྟག་པ་དེ་ལྟ་བུའི་རྣམ་གྲངས་ཀྱང་ཡོད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། མངོན་པར་རྟོགས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་རྟག་པས་ན་དེ་བཞིན་གཤེགས་པ་ནི་རྟག་པའོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ མངོན་པར་རྟོགས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་རྟག་པ་སྟེ།
BO
དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་བྱེད་ཐམས་ཅད་ཀྱིས་མངོན་པར་རྟོགས་པ་རྣམས་ལ་ཆོས་ཉིད་དང་། ཆོས་མི་འགྱུར་བ་ཉིད་ དང་། ཆོས་གནས་པ་ཉིད་འདི་ནི་འདུག་པ་སྟེ། ནམ་མཁའ་ལ་ནི་ཆོས་གནས་པ་མི་འགྱུར་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་ཁོང་དུ་མི་ཆུད་དོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་ཤེས་རབ་དང་། ཡེ་ཤེས་ཀྱིས་རབ་ཏུ་ ཕྱེ་བ་སྟེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། མ་རིག་པའི་བག་ཆགས་ཀྱིས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་སྲིད་པ་གསུམ་པོ་ཐམས་ཅད་ནི་ཡང་ དག་པ་མ་ཡིན་པར་རྣམ་པར་རྟོག་པ་ལས་བྱུང་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་ལས་བྱུང་བ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་གཉིས་པོ་ཡོད་ན་རྟག་པ་དང་། མི་རྟག་པ་ཉིད་དུ་འགྱུར་ཏེ། གཉིས་སུ་མེད་པ་ལ་ནི་མ་ཡིན་ནོ། ། བློ་གྲོས་ཆེན་ པོ་ཆོས་ཐམས་ཅད་གཉིས་སུ་མེད་པ་དང་།
BO
མ་སྐྱེས་པའི་མཚན་ཉིད་པས་ན་གཉིས་པོ་དབེན་པའོ། ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྟག་པ་ཡང་མ་ཡིན། མི་རྟག་པའང་མ་ཡིན་ཏེ། བློ་གྲོས་ཆེན་པོ་ ཇི་སྲིད་དུ་ཚིག་གི་རྣམ་པར་རྟོག་པ་འཇུག་པ་དེ་སྲིད་དུ་རྟག་པ་དང་མི་རྟག་པའི་ཉེས་པར་འགྱུར་རོ། ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པའི་བློ་ཟད་པས་བྱིས་པ་རྣམས་ཀྱི་རྟག་པ་དང་མི་རྟག་པར་ལྟ་བ་བཟློག་སྟེ། དབེན་པའི་བློ་ཟད་པའི་ཕྱིར་ནི་མ་ཡིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། རྟག་དང་མི་རྟག་རྣམ་གྲོལ་ཞིང་། ། རྟག་དང་མི་རྟག་རབ་ཕྱེ་བར། ། གང་གིས་སངས་རྒྱས་རྟག་མཐོང་བ། ། དེ་དག་ལྟ་བའི་དབང་མི་འགྲོ། ། རྟག་པ་དང་ནི་མི་རྟག་ལ། ། ཡང་དག་བསྡུ་བ་དོན་མེད་འགྱུར། ། རྣམ་པར་རྟོག་པའི་བློ་མེད་པས། ། མི་རྟག་པ་དང་རྟག་པ་བཟློག ། ཇི་སྲིད་དུ་ཡང་དམ་འཆའ་བ། ། དེ་སྲིད་ཐམས་ཅད་ འདྲེས་པ་ཅན། ། རང་སེམས་ཙམ་དུ་བལྟ་བྱ་སྟེ། ། རྩོད་པ་བརྩམ་པར་མི་བྱའོ། ། དེ་བཞིན་གཤེགས་པ་རྟག་པ་དང་མི་རྟག་པར་འགྱུར་བ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ། ། ། །
BO
དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་ བ་བཏབ་པ། བཅོམ་ལྡན་འདས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འཇུག་པ་དང་ལྡོག་པ་བདག་ལ་བཤད་དུ་གསོལ། བདེ་བར་གཤེགས་པས་བདག་ལ་བཤད་དུ་གསོལ། བདག་མ་མཆིས་ན་གང་ཞིག་འཇུག་པའམ། ལྡོག་པར་གྱུར་ན་བྱིས་པ་རྣམས་ནི་འཇུག་པ་དང་ལྡོག་པ་ ལ་གནས་པས་སྡུག་བསྔལ་ཟད་པ་ཁོང་དུ་མ་ཆུད་པའི་ཕྱིར་མྱ་ངན་ལས་འདས་པ་རབ་ཏུ་མི་ཤེས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བློ་ གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་དགེ་བ་དང་མི་དགེ་བའི་རྒྱུར་གྱུར་པ། སྐྱེ་བ་དང་། འགྲོ་བ་ཐམས་ཅད་བྱེད་པ་བདག་ དང་བདག་གི་སྤངས་པ་ནི་གར་མཁན་བཞིན་དུ་འགྲོ་བ་ཉམ་ང་བར་འཇུག་སྟེ། དེ་ཁོང་དུ་མ་ཆུད་པས་གསུམ་འདུས་པའི་རྐྱེན་གྱི་བྱ་བ་དང་ལྡན་པར་འཇུག་ན།
BO
རྒྱུ་ལ་མངོན་པར་ཆགས་ཤིང་ཞེན་པའི་མུ་སྟེགས་ཅན་རྣམས་ཀྱིས་ནི་ཁོང་དུ་མི་ཆུད་དོ། ། ཐོག་མ་མེད་པའི་དུས་ཀྱི་སྤྲོས་ པའི་གནས་ངན་ལེན་གྱི་བག་ཆགས་རྣམ་པ་མང་པོ་བསྒོས་པས། ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ། མ་རིག་པའི་གནས་ཀྱིས་ལས་སྐྱེས་པའི་རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོའི་རླབས་བཞིན་དུ་རྟག་ཏུ་ལུས་རྒྱུན་མི་འཆད་པ་མི་རྟག་པའི་ཉེས་པ་ དང་བྲལ་བ། བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ། ཤིན་ཏུ་རང་བཞིན་གྱི་ཡོངས་སུ་དག་པ་འཇུག་གོ། ། དེ་མ་ཡིན་པའི་རྣམ་པར་ཤེས་པ་སྐྱེས་ནས་འཇིག་པ་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་བདུན་པོ་སྐད་ཅིག་པ་ཡིན་ཏེ། ཡང་དག་པ་མ་ཡིན་པར་ ཡོངས་སུ་རྟོག་པའི་རྒྱུ་ལས་སྐྱེས་པ་དབྱིབས་ཀྱི་བྱ་བ་དང་བྱེ་བྲག་ལ་དམིགས་པ། མིང་དང་མཚན་མ་ལ་མངོན་པར་ཆགས་ཤིང་ཞེན་པ། རང་གི་སེམས་སྣང་བའི་གཟུགས་དང་མཚན་ཉིད་ཁོང་དུ་མ་ཆུད་པ་བདེ་བ་དང་། སྡུག་བསྔལ་མི་མྱོང་བར་ཐར་པའི་རྒྱུ་མ་ཡིན་པར་མིང་དང་མཚན་མ་དང་། ཀུན་ནས་ལྡང་བའི་འདོད་ཆགས་ཀྱིས་བསྐྱོད་ཅིང་སྐྱེད་པར་བྱེད་པ་དེའི་རྒྱུ་ལ་དམིགས་པའོ། །
BO
ཟིན་པའི་དབང་པོ་ཞེས་བྱ་བ་དེ་དག་ཡོངས་སུ་ཟད་ཅིང་འགགས་ནས་དེ་མ་ཐག་ཏུ་མི་སྐྱེ་ཞིང་གཞན་དག་ཀྱང་མི་འཇུག་པའི་ཕྱིར། རང་གི་བློའི་རྣམ་པར་རྟོག་པའི་ བདེ་བ་དང་། སྡུག་བསྔལ་མི་མྱོང་བ་འདུ་ཤེས་དང་། ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ། བསམ་གཏན་བཞི་དང་། བདེན་པ་དང་། རྣམ་པར་ཐར་པ་ལ་མཁས་པའི་རྣལ་འབྱོར་ཅན་རྣམས་ནི་རྣམ་པར་ཐར་པའི་བློར་འགྱུར་རོ། ། དེ་བཞིན་ གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་མ་གྱུར་ན། འཇུག་པའི་རྣམ་པར་ཤེས་པ་བདུན་རྣམས་འགག་པ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་རྣམས་དེའི་རྒྱུ་དང་དེ་ལ་དམིགས་པར་ཞུགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྣལ་འབྱོར་ལ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། གང་གིས་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་བཟུང་བས་ དེ་བཞིན་གཤེགས་པའི་སྙིང་པོ་འཇུག་སྟེ། ཆོས་ལྔ་དང་། རང་བཞིན་དང་། ཆོས་ལ་བདག་མེད་པར་མཐོང་བས་སའི་རིམ་པ་མཚམས་སྦྱར་བ་གཞན་དུ་འཕོས་ན་ལྡོག་པར་འགྱུར་ཏེ།
BO
གཞན་མུ་སྟེགས་ཅན་གྱི་ལམ་ལ་ལྟ་བ་རྣམས་ཀྱིས་བསྐྱོད་མི་ནུས་སོ། ། དེའི་ ཕྱིར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་རབ་ཏུ་གནས་པ་ནི་ཏིང་ངེ་འཛིན་བདེན་པའི་སྒོའི་ལམ་བཅུ་རབ་ཏུ་ཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱིས་ཡང་དག་པར་བཟུང་བ་དེའི་ཕྱིར་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་། རང་གི་སྨོན་ལམ་ ལ་རྣམ་པར་ལྟ་བས་ཏིང་ངེ་འཛིན་གྱི་སྒོ་ཡང་དག་པའི་མཐའ་ལས་བཟློག་ནས་བདག་གི་འཕགས་པ་སོ་སོ་རང་གིས་རིག་པས་ཤེས་པར་བྱ་བ་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་རྣལ་འབྱོར་གྱི་ལམ་གྱིས་འཕགས་པའི་རིགས་ཀྱི་ ལམ་བཅུ་དང་། ཡེ་ཤེས་དང་། ཡིད་ཀྱི་ལུས་དང་། ཏིང་ངེ་འཛིན་མངོན་པར་འདུ་བྱེད་པ་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཁྱད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་ གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་རྣམ་པར་སྦྱང་བར་བྱའོ། ། བློ་གྲོས་ཆེན་པོ་གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་མེད་དུ་ཟིན་ན།
BO
བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་ བསྒྲགས་པ་མེད་པས་འཇུག་པའང་མེད་ལྡོག་པའང་མེད་པར་འགྱུར་ན། བློ་གྲོས་ཆེན་པོ་བྱིས་པ་དང་། འཕགས་པ་རྣམས་ལ་འཇུག་པ་དང་། ལྡོག་པ་ཡང་ཡོད་དེ། རྣལ་འབྱོར་ཅན་བརྩོན་པ་མི་འདོར་བ་རྣམས་བདག་གི་སོ་སོ་རང་གིས་རིག་པ་ཚེ་འདི་ལ་བདེ་བར་སྤྱོད་པས་ གནས་སོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་རྣམས་དཔྱོད་པའི་ལྟ་བ་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་དཀའོ། ། རང་བཞིན་ཡོངས་སུ་དག་པ་ཡིན་མོད་ ཀྱི་བློ་བུར་གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་པའི་ཕྱིར་དེ་རྣམས་ལ་མ་དག་པ་ལྟར་སྣང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ལ་ནི་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་བཞིན་དུ་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། ། བློ་གྲོས་ཆེན་པོ་དེ་ཉིད་ལྷ་མོ་དཔལ་གྱི་ཕྲེང་བའི་ཕྱིར་བསྟན་པ་བརྗོད་པ་དང་།
BO
བློ་རྣམ་པར་དག་ཅིང་ཞིབ་མོ་ཡངས་པ་མཁས་པའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པར་བསྒྲགས་པ་རྣམ་པར་ཤེས་པ་བདུན་དང་ བཅས་པ། འཇུག་པ་ལ་མངོན་པར་ཆགས་པའི་ཉན་ཐོས་རྣམས་ལ་ཆོས་བདག་མེད་པ་བསྟན་པའི་ཕྱིར། ལྷ་མོ་དཔལ་གྱི་ཕྲེང་བའི་ཆེད་དུ་དེ་བཞིན་གཤེགས་པའི་ཡུལ་བཤད་དེ། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་བྱེད་གཞན་རྣམས་ཀྱིས་རྟོགས་ པའི་ཡུལ་མ་ཡིན་ནོ། ། གཞན་དུ་ན་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་ཡུལ་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། ཁྱོད་ལྟ་བུ་ཞིབ་ཅིང་མཁས་པའི་མོས་པ་དང་། བློས་རབ་ཏུ་འབྱེད་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དོན་ལ་རྟོན་པ་རྣམས་ཀྱིའང་ཡུལ་ཏེ། བསྟན་པ་བརྗོད་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཆགས་པའི་མུ་སྟེགས་ཅན་གཞན་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ནི་མ་ཡིན་ནོ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཁྱོད་དང་།
BO
བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་འདི་ལ་བརྩོན་པར་བྱ་སྟེ། ཐོས་པ་ཙམ་གྱིས་ནི་ཆོག་པར་མི་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་ སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ནི། ། རྣམ་ཤེས་བདུན་དང་ལྡན་པར་ཡང་། ། འཛིན་པ་གཉིས་ཀྱིས་རབ་འཇུག་སྟེ། ། ཡོངས་སུ་ཤེས་པས་ལྡོག་པར་འགྱུར། ། གཟུགས་བརྙན་བཞིན་དུ་སེམས་སྣང་སྟེ། ། ཐོག་མ་མེད་ནས་ཡོངས་སུ་བསྒོས། ། ཡང་ དག་ཇི་བཞིན་རྣམ་བལྟས་ན། ། དོན་དང་འདྲ་ཡང་དོན་མེད་དོ། ། ཇི་ལྟར་བྱིས་པ་སོར་མོའི་རྩེར། ། འཛིན་ཅིང་ཟླ་བ་མི་ལྟ་བར། ། དེ་བཞིན་ཡི་གེར་འབྲེལ་བ་རྣམས། ། ང་ཡི་ཡང་དག་ཉིད་མི་ཤེས། ། སེམས་ནི་གར་མཁན་བཞིན་དུ་གནས། ། ཡིད་ནི་བཞད་ གད་པ་འདྲ་སྟེ། ། ལྔ་དང་བཅས་པའི་རྣམ་པར་ཤེས། ། སྣང་བ་ཚོན་དང་འདྲ་བར་རྟོག། ། ། འཕགས་པ་ལང་ཀར་གཤེགས་པ། བམ་པོ་བདུན་པ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་ པོས་གསོལ་བ་བཏབ་པ། བདག་མེད་པ་གཉིས་རབ་ཏུ་དབྱེ་བ་རྟོགས་པའི་མཚན་ཉིད་གང་གིས་བདག་དང་།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཐམས་ཅད་ཀྱི་རིམ་པ་མཚམས་སྦྱར་བ་དག་ཏུ་ཆོས་འདི་དག་རྣམ་པར་སྒོམ་པར་འགྱུར་བ་ དང་། ཆོས་དེ་དག་གིས་ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པས་དེ་བཞིན་གཤེགས་པ་བདག་གི་སོ་སོ་རང་གི་སའི་བར་དུ་འཇུག་པར་འགྱུར་བའི་ཆོས་ལྔ་དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་རབ་ཏུ་དབྱེ་བ་རྟོགས་པའི་མཚན་ཉིད་བཅོམ་ལྡན་འདས་ཀྱིས་བདག་ལ་བཤད་དུ་གསོལ། བདེ་བར་གཤེགས་པས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་ པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ ཆེན་པོ་ཆོས་ལྔ་དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་ཀྱི་རབ་ཏུ་དབྱེ་བ་རྟོགས་པའི་མཚན་ཉིད་ཁྱོད་ལ་བཤད་དོ། ། འདི་ལྟ་སྟེ། མིང་དང་། མཚན་མ་དང་།
BO
རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དང་། དེ་བཞིན་ གཤེགས་པའི་བདག་གི་འཕགས་པ་སོ་སོ་རང་གིས་རིག་པ་ལ་འཇུག་པ། རྟག་པ་དང་། ཆད་པ་དང་། ཡོད་པ་དང་། མེད་པའི་ལྟ་བ་རྣམ་པར་སྤངས་པ། ཚེ་འདི་ལ་བདེ་བའི་སྒོར་སྙོམས་པར་འཇུག་པ། བདེ་བར་གནས་པ་རྣལ་འབྱོར་ཅན་རྣམས་ལ་མངོན་སུམ་དུ་འགྱུར་བའོ། ། དེ་ལ་བློ་གྲོས་ཆེན་པོ་ཆོས་ལྔ་དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་དང་། རང་གི་སེམས་དང་། ཕྱི་རོལ་གྱི་དངོས་པོ་དང་། དངོས་པོ་མེད་པར་ཁོང་དུ་མ་ཆུད་པའི་ཕྱིར་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པ་འཇུག་གི་འཕགས་པ་རྣམས་ཀྱི་ནི་ མ་ཡིན་ནོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཡང་ཇི་ལྟར་ན་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པ་འཇུག་ཅིང་། འཕགས་པ་རྣམས་ཀྱི་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་མིང་དང་། འདུ་ཤེས་དང་། བརྡ་ལ་ཆགས་ པས་བྱིས་པ་རྣམས་སེམས་ཀྱི་རྗེས་སུ་འབྲང་སྟེ། རྗེས་སུ་འབྲང་བས་མཚན་ཉིད་སྣ་ཚོགས་སུ་འདོད་པས། བདག་དང་བདག་གིར་ལྟ་བར་ལྷུང་བའི་བསམ་པ་ཅན་རྣམས་ཁ་དོག་རྒྱས་པ་ལ་མངོན་པར་ཆགས་པར་བྱེད་དེ།
BO
མངོན་པར་ཆགས་ནས་མི་ཤེས་པས་ བསྒྲིབས་པ་རྣམས་ཤིན་ཏུ་འདོད་ཆགས་སོ། ། ཤིན་ཏུ་འདོད་ཆགས་པའི་རྣམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་བྱུང་བའི་ལས་མངོན་པར་འདུ་བྱེད་དོ། ། མངོན་པར་འདུས་བྱས་ནས་ཕྱིར་ཕྱིར་ཞིང་དར་གྱི་སྲིན་བུ་བཞིན་དུ་རང་གི་རྣམ་པར་རྟོག་པས་ཡོངས་སུ་ དཀྲིས་པའི་བློ་ཅན་རྣམས་འགྲོ་བའི་རྒྱ་མཚོ་དང་། དགོན་པར་ལྷུང་ཞིང་ཟོ་བའི་འཁྲུལ་འཁོར་བཞིན་དུ་མི་འདའ་ཡང་གཏི་མུག་པའི་ཕྱིར། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུའི་ཟླ་བའི་རང་བཞིན་དང་འདྲ་བར། བདག་དང་བདག་གི་དང་བྲལ་བའི་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པར་ རྣམ་པར་རྟོག་པ་ལས་བྱུང་བ། མཚན་གྱི་གཞི་དང་། མཚན་མ་དང་བྲལ་བ། སྐྱེ་བ་དང་། གནས་པ་དང་། འཇིག་པ་འཇུག་པ་རྣམ་པར་ལོག་པ། རང་གི་སེམས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བ། དབང་ཕྱུག་དང་། དུས་དང་། རྡུལ་ཕྲ་མོ་དང་། གཙོ་བོ་ལས་ བྱུང་བ་མ་ཡིན་པར་ནི་མི་ཤེས་ཏེ། བློ་གྲོས་ཆེན་པོ་མིང་དང་མཚན་མས་གཡེངས་པའི་ཕྱིར། བྱིས་པ་རྣམས་མཚན་མའི་རྗེས་སུ་འཇུག་པས་མཚན་མའི་རྗེས་སུ་འབྲང་ངོ་། ། དེ་ལ་བློ་གྲོས་ཆེན་པོ་མཚན་མ་ནི་མིག་གི་རྣམ་པར་ཤེས་པའི་སྣང་བར་འགྱུར་བ་ཡིན་ཏེ།
BO
གཟུགས་ཞེས་བྱ་བའོ། ། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ལ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཞེས་བྱ་བ་སྟེ། འདི་ནི་མཚན་མ་ཞེས་བཤད་དོ། ། དེ་ལ་བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་ གང་གིས་མིང་དུ་བརྗོད་ཅིང་། འདི་ནི་གླང་པོ་དང་། རྟ་དང་ཤིང་རྟ་དང་། རྐང་ཐང་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གྱི་འདི་ནི་གཞན་དུ་མ་ཡིན་ནོ། ། ཞེས་མཚན་མ་གསལ་བར་བྱེད་པ་དེ་ནི་རྣམ་པར་རྟོག་པའོ། ། བློ་གྲོས་ཆེན་པོ་ ཡང་དག་པའི་ཡེ་ཤེས་ནི་གང་གིས་མིང་དང་། མཚན་མ་མི་དམིགས་ཤིང་། ཕན་ཚུན་བློ་བུར་དུ་འབྱུང་བའི་ཕྱིར་རྣམ་པར་ཤེས་པ་མི་འཇུག་པ། རྟག་པ་མེད་པ། ཆད་པ་མེད་པའི་ཕྱིར། མུ་སྟེགས་བྱེད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སར་ལྷུང་བར་མི་བྱེད་ པས་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིང་དང་དངོས་པོར་མི་བྱེད། མཚན་མ་དངོས་པོ་མེད་པར་ཡང་མི་བྱེད་དོ། ། སྒྲོ་འདོགས་པ་དང་།
BO
སྐུར་པའི་མཐའ་གཉིས་ སུ་ངན་པར་ལྟ་བ་རྣམ་པར་སྤངས་པ། མིང་དང་མཚན་མའི་དོན་མི་འཇུག་པར་ཤེས་པ་དེ་ལྟ་བུ་ནི་དེ་བཞིན་ཉིད་འདི་ཡིན་པར་བཤད་དོ། ། བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྣང་བ་མེད་པའི་རྟོགས་པའི་སྤྱོད་ཡུལ་ཐོབ་ པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་འཐོབ་སྟེ། དེས་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས། མུ་སྟེགས་ཅན་དང་། ངན་སོང་གི་འགྲོ་བ་ཐམས་ཅད་ལས་རྣམ་པར་ལྡོག་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པ་ལ་ཡང་ དག་པར་ཞུགས་པ། རྟོག་གེའི་ལྟ་བ་ལ་ལྟད་མོ་དང་རྣམ་པར་བྲལ་བས་མཚན་ཉིད་ལ་འདྲིས་པའི་ཕྱིར་སྒྱུ་མ་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོས་ཀྱི་ཚུལ་རྣམ་པར་སྒོམ་ཞིང་། མཐར་གྱིས་བདག་གི་འཕགས་པ་སོ་སོ་རང་གིས་རིག་པའི་ཆོས་ཀྱི་མཚན་ཉིད་ཆོས་ཀྱི་སྤྲིན་གྱི་སའི་ བར་དུ་འཐོབ་པར་འགྱུར་རོ། ། ཆོས་ཀྱི་སྤྲིན་གྱི་སའི་འོག་ཏུ་ཏིང་ངེ་འཛིན་དང་། སྟོབས་དང་། དབང་དང་། མངོན་པར་ཤེས་པའི་མེ་ཏོག་ཤིན་ཏུ་རྒྱས་པ། དེ་བཞིན་གཤེགས་པའི་སའི་བར་དུ་རབ་ཏུ་ཐོབ་པར་འགྱུར་རོ། །
BO
དེས་ཐོབ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་ བའི་ཕྱིར་སྤྲུལ་པའི་འོད་ཟེར་སྣ་ཚོགས་ཀྱིས་རྣམ་པར་མཛེས་ཏེ། ཆུའི་ཟླ་བ་བཞིན་དུ་ཐུག་པ་མེད་པའི་གནས་ལ་ཤིན་ཏུ་འབྲེལ་བའི་ཆོས་ཅན་མོས་པ་ཐ་དད་པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་ཉིད་ ལ་ཞུགས་པའི་ཕྱིར་ཡིད་དང་། རྣམ་པར་རིག་པ་དང་བྲལ་བའི་ལུས་དེ་ཡང་ཐོབ་པར་འགྱུར་རོ། ། ཡང་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རང་བཞིན་གསུམ་པོ་རྣམས་ཆོས་ལྔའི་ནང་དུ་འདུས་སམ། འོན་ཏེ་རང་གི་མཚན་ཉིད་དུ་གྲུབ་པའམ་ཅི་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ཉིད་ཀྱི་ནང་དུ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་བདག་མེད་པ་གཉིས་ཀྱང་འདུས་སོ། ། དེ་ལ་མིང་དང་མཚན་མ་ནི་ཡོངས་སུ་ཀུན་བརྟགས་པའི་རང་བཞིན་དུ་ཤེས་པར་བྱའོ། །
BO
གང་ཡང་བློ་གྲོས་ཆེན་པོ་དེ་ལ་གནས་ཤིང་ཞུགས་པའི་རྣམ་པར་རྟོག་ པ་སེམས་དང་སེམས་ལས་བྱུང་བ་ཞེས་བསྒྲགས་པ་ཉི་མ་དང་འོད་ཟེར་ལྷན་ཅིག་པ་བཞིན་དུས་གཅིག་ཏུ་བྱུང་བ་སྣ་ཚོགས་ཀྱི་མཚན་ཉིད་རང་གི་རྣམ་པར་རྟོག་པ་ཁོང་དུ་ཆུད་པར་བྱེད་པའི་རང་བཞིན་ནི་བློ་གྲོས་ཆེན་པོ་གཞན་གྱི་དབང་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་མི་འཇིག་ པའི་ཕྱིར་རང་བཞིན་ཡོངས་སུ་གྲུབ་པ་ཤེས་པར་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བ་ལ་མངོན་པར་ཆགས་པས་ནི་རྣམ་པར་རྟོག་པ་བརྒྱད་དུ་ཕྱེ་སྟེ། མཚན་མ་ཡང་དག་པ་མ་ཡིན་པའི་མཚན་ཉིད་ལ་ཀུན་བརྟགས་པའི་ཕྱིར། བདག་དང་བདག་གིར་འཛིན་པ་གཉིས་རྣམ་པར་ཞི་བས་བདག་ མེད་པ་གཉིས་སྐྱེའོ། ། བློ་གྲོས་ཆེན་པོ་ཆོས་ལྔ་པོ་འདི་རྣམས་ཀྱི་ནང་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ས་རྣམ་པར་དབྱེ་བའི་མཚམས་སྦྱར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་བདག་གི་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྟོགས་ པ་ལ་འཇུག་པ་རྣམས་ཀྱང་འདུས་སོ། ། གཞན་ཡང་བློ་གྲོས་ཆེན་པོ་ཆོས་ལྔ་རྣམས་ནི་མཚན་མ་དང་། མིང་དང་།
BO
རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཏེ། བློ་གྲོས་ཆེན་པོ་དེ་ལ་མཚན་མ་ནི་གང་། དབྱིབས་དང་། རྣམ་པ་དང་། ཁྱད་པར་དང་། བྱད་དང་གཟུགས་ལ་ སོགས་པའི་མཚན་ཉིད་དུ་སྣང་བ་དེ་ནི་མཚན་མའོ། ། གང་མཚན་མ་དེ་ཉིད་ལ་རྫ་མ་ལ་སོགས་པར་མིང་བཏགས་ཏེ། འདི་ནི་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མིང་ངོ་། ། བློ་གྲོས་ཆེན་པོ་གང་གིས་བདེ་བ་ཞེའམ། གོ་ཆ་ཞེས་མིང་དེ་བརྗོད་ཅིང་མཚན་མ་གསལ་བར་བྱེད་པ་ སེམས་དང་སེམས་ལས་བྱུང་བར་བསྒྲགས་པ་དེ་ནི་རྣམ་པར་རྟོག་པའོ། ། ཆོས་དེ་དག་ཕན་ཚུན་དུ་མྱོང་བ་མེད་ཅིང་ཀུན་བརྟགས་པའང་མ་ཡིན་པའི་ཕྱིར། གང་བློ་རབ་ཏུ་ཞིག་གི་བར་དུ་མིང་དང་། མཚན་མ་ཤིན་ཏུ་མི་དམིགས་པ་ནི་དེ་བཞིན་ཉིད་དེ་ཁོ་ན་ཉིད་ཡང་དག་པར་ངེས་པ་ མཐར་ཐུག་པ། རང་བཞིན་དང་། ངོ་བོ་ཉིད་དང་། མི་དམིགས་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་ང་དང་། དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང་ཐུགས་སུ་ཆུད་དེ། ཇི་ལྟ་བ་བཞིན་དུ་བཤད་དོ། ། བཏགས་སོ། ། བཀྲོལ་ལོ། ། གསལ་བར་བྱས་སོ། ། གང་གིས་ ཁོངས་སུ་ཆུད་ཅིང་ཡང་དག་པར་རྟོགས་པ་དང་། གང་ཆད་པ་མེད་པ་དང་།
BO
རྟག་པ་མེད་པའི་ཕྱིར་རྣམ་པར་རྟོག་པར་མི་འཇུག་པ། བདག་གི་འཕགས་པ་སོ་སོ་རང་གི་ཡེ་ཤེས་དང་འཐུན་པ། ཕ་རོལ་གྱི་ཕྱོགས་སུ་མུ་སྟེགས་བྱེད་དང་། ཉན་ཐོས་དང་། རང་སངས་རྒྱས་ རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ནི་ཡང་དག་པའི་ཡེ་ཤེས་ཏེ། བློ་གྲོས་ཆེན་པོ་དེ་དག་ནི་ཆོས་རྣམ་པ་ལྔའོ། ། འདི་དག་ཉིད་ཀྱི་ནང་དུ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་། བདག་མེད་པ་གཉིས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་འདུས་ཏེ། བློ་གྲོས་ཆེན་པོ་དེ་ལ་ཁྱོད་ཀྱིས་རང་གི་བློ་ལ་མཁས་པར་བྱའོ། ། གཞན་ཡང་བྱེད་དུ་གཞུག་ཅིང་གཞན་གྱི་དྲིང་ལ་གཞོག་པར་མི་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་ལྔ་དག་དང་རང་བཞིན་དང་། ། རྣམ་ཤེས་བརྒྱད་པོ་ཉིད་དག་དང་། ། བདག་མེད་རྣམ་པ་གཉིས་པར་ ནི། ། ཐེག་ཆེན་ཐམས་ཅད་འདུས་པ་ཡིན། ། མིང་དང་མཚན་མ་ཀུན་བརྟགས་པ། ། རང་བཞིན་གཉིས་ཀྱི་མཚན་ཉིད་དེ། ། ཡང་དག་ཡེ་ཤེས་དེ་བཞིན་ཉིད། ། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །
BO
གང་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་བསྟན་པ་བརྗོད་པ་ལས་དེ་བཞིན་གཤེགས་པ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་གྱི་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ་ཞེས་གསུང་ན། བཅོམ་ལྡན་འདས་འདི་ལ་སྒྲ་ཇི་བཞིན་གྱི་དོན་ གཟུང་བར་བགྱིའམ། འོན་ཏེ་དོན་གྱི་བྱེ་བྲག་གཞན་ཞིག་མཆིས་སམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་དེ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྒྲ་ཇི་བཞིན་གྱི་དོན་དུ་གཟུང་བར་མི་བྱ་སྟེ། བློ་གྲོས་ཆེན་པོ་གང་ གཱའི་ཀླུང་གི་བྱེ་མའི་ཚད་ཀྱིས་ནི་དུས་གསུམ་གཅིག་གི་སངས་རྒྱས་ཀྱི་ཚད་དུའང་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟ་སྟེ། འཇིག་རྟེན་གྱི་ཕུལ་ལས་འདས་པ་དང་འདྲ་བ་དག་དང་། མི་འདྲ་བའི་ཕྱིར་དཔེ་ནི་དཔེ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འཇིག་རྟེན་གྱི་ཕུལ་ལས་འདས་པ་དང་འདྲ་བས་མི་འདྲ་བའི་དཔེ་མི་སྟོན་ཏེ། བློ་གྲོས་ཆེན་པོ་གཞན་དུ་ན་རྟག་པ་དང་། མི་རྟག་པ་ལ་མངོན་པར་ཞེན་པའི་བྱིས་པ་སོ་སོའི་སྐྱེ་བོ་མུ་སྟེགས་བྱེད་ཀྱི་ལྟ་བ་ངན་པས་བརླག་པ།
BO
འཁོར་བ་ སྲིད་པའི་འཁོར་ལོའི་རྗེས་སུ་འབྲང་བའི་རྣམས་སྐྱོ་བར་བྱ་བའི་ཕྱིར་ཇི་ལྟར་འདི་དག་སྲིད་པའི་འགྲོ་བ་སྲིད་པའི་འཁོར་ལོ་ཉམ་ང་བ་དེ་ལས་སྐྱོ་བར་གྱུར་ཏེ། ཁྱད་པར་འདོད་པས་ཁྱད་པར་དུ་རྩོམ་པར་འགྱུར་ཞིང་། སངས་རྒྱས་ཐོབ་པ་སླ་བར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ རྣམས་སྐྱེ་བ་ནི་ཨུ་དུམ་བ་རའི་མེ་ཏོག་ལྟ་བུ་ཡིན་ནོ་ཞེས་བརྩོན་འགྲུས་རྩོམ་པར་འགྱུར་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱ་བ་འདི་ནི་དཔེ་ཙམ་དུ་བཞག་པའོ། ། བསྟན་པ་བརྗོད་པ་ལས་ངས་འདུལ་ བའི་སྐྱེ་བོ་རྣམས་བལྟས་ནས་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ནི་ཨུ་དུམ་བཱ་རའི་མེ་ཏོག་བཞིན་དུ་རྙེད་པར་དཀའོ་ཞེས་བཤད་མོད་ཀྱི། བློ་གྲོས་ཆེན་པོ་ཨུ་དུམ་བཱ་རའི་མེ་ཏོག་ནི་སྔོན་སུས་ཀྱང་མ་མཐོང་ཞིང་མཐོང་བར་མི་འགྱུར་ན། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ རྣམས་ནི་འཇིག་རྟེན་དུ་མཐོང་ཞིང་ད་ལྟར་ཡང་སྣང་སྟེ། རང་གི་ཚུལ་སོ་སོར་གཞག་པའི་གཏམ་གྱི་དབང་དུ་བྱ་བར་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ནི་ཨུ་དུམ་བཱ་རའི་མེ་ཏོག་བཞིན་རྙེད་པར་དཀའོ་ཞེས་ནི་མ་བཤད་དོ། །
BO
བློ་གྲོས་ཆེན་པོ་རང་གི་ཚུལ་སོ་སོར་གཞག་པའི་ གཏམ་བཤད་ན་འཇིག་རྟེན་གྱི་ཕུལ་ལས་འདས་པའི་དཔེ་རིགས་པ་རྣམས་མི་བྱ་སྟེ། ཡིད་ཆེས་པར་མི་རུང་བས་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དད་པར་མི་འགྱུར་རོ། ། དེ་ཁོ་ན་ཉིད་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་པའི་ཕྱིར་བདག་གི་འཕགས་པ་སོ་སོ་རང་ གི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ནི་དཔེ་རྣམས་མི་འཇུག་གོ། ། དེ་ཁོ་ན་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། དེའི་ཕྱིར་ན་དེ་དག་ལ་དཔེ་རྣམས་གཞག་པར་མི་བྱ་མོད་ཀྱི། བློ་གྲོས་ཆེན་པོ་འོན་ཀྱང་འདི་ནི་དཔེ་ཙམ་དུ་བྱས་པ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་གང་གཱའི་ཀླུང་ གི་བྱེ་མ་སྙེད་དང་མཉམ་སྟེ། མི་རྟོག་རྣམ་པར་མི་རྟོག་པས་ན་མཉམ་ཞིང་མི་མཉམ་པ་མེད་དོ། ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་ཉ་དང་། རུ་སྦལ་དང་། ཆུ་སྲིན་བྱིས་པ་གསོད་དང་། མི་དང་། མ་ཧེ་དང་། སེང་གེ་དང་། གླང་པོ་དང་། རྟ་ལ་ སོགས་པས་དཀྲུགས་ཀྱང་དཀྲུགས་སོ་ཞེའམ། མ་དཀྲུགས་སོ་ཞེས་མི་རྟོག་རྣམ་པར་མི་རྟོག་ཅིང་དང་ས་ལ་དྲི་མ་དང་བྲལ་ཏེ་རྣམ་པར་རྟོག་པ་མེད་དོ། །
BO
དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བདག་གི་འཕགས་ པ་སོ་སོ་རང་གི་ཡེ་ཤེས་ནི་གང་གཱའི་ཀླུང་གི་སྟོབས་དང་། དབང་དང་། མངོན་པར་ཤེས་པའི་བྱེ་མ་རྣམས་བྱིས་པ་མུ་སྟེགས་བྱེད་ཕ་རོལ་རྒོལ་བའི་ཉ་ཐམས་ཅད་ཀྱིས་དཀྲུགས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔོན་གྱི་སྨོན་ལམ་བཏབ་པའི་ཕྱིར་མི་རྟོག་རྣམ་པར་མི་རྟོག་སྟེ། བདེ་ བའི་སྙོམས་པར་འཇུག་པ་ཐམས་ཅད་ཡོངས་སུ་རྫོགས་པས་སེམས་ཅན་རྣམས་ལ་མི་རྟོག་རྣམ་པར་མི་རྟོག་གོ། ། དེ་བས་ན་དེ་བཞིན་གཤེགས་པ་དེ་དག་ནི་མཛའ་བ་དང་། ཁོང་ཁྲོ་བ་མེད་པའི་ཕྱིར་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་སྟེ། བྱེ་བྲག་མེད་དོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་སའི་མཚན་ཉིད་ཀྱི་རང་བཞིན་ཡིན་པས་བསྐལ་པ་འཚིག་པ་ནས་ནི་བསྲེགས་ཀྱང་སའི་རང་བཞིན་མི་འདོར་རོ། ། བློ་གྲོས་ཆེན་པོ་མེའི་ཁམས་དང་འབྲེལ་པའི་ཕྱིར་ས་ནི་མི་འཚིག་སྟེ། གཞན་དུ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལོག་པར་ལྟུང་བའི་བློས་ འཚིག་པར་རྟོག་མོད་ཀྱི། དེ་ནི་མེའི་རྒྱུ་ལས་བྱུང་བས་ན་མི་འཚིག་གོ། །
BO
དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡང་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་སྟེ་མི་འཇིག་གོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་གང་གཱའི་ཀླུང་གི་བྱེ་ མ་རྣམས་ནི་ཚད་མེད་དེ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་སྣང་བ་ཚད་མེད་པ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བསྐུལ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་གཏོང་ངོ་། ། འདི་ ལྟ་སྟེ། བློ་གྲོས་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་རྣམས་རང་བཞིན་གཞན་དུ་མི་རྩོམ་སྟེ། བྱེ་མ་རྣམས་ནི་བྱེ་མའི་གནས་ཉིད་དོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྲིད་པ་ཐམས་ཅད་དུ་འཇུག་པའི་ རྒྱུ་ཆད་པ་ཡིན་པས་ན་འཁོར་བར་འཇུག་པ་ཡང་མེད། ལྡོག་པ་ཡང་མེད་དོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་ཕྲི་ཡང་མངོན་པ་མེད་དེ། བསྣན་ཀྱང་མངོན་པ་མེད་དོ། །
BO
དེ་བཞིན་དུ་བློ་གྲོས་ཆེན་པོ་ཆོས་ལ་ལུས་མེད་པའི་ཕྱིར་དེ་བཞིན་གཤེགས་ པའི་ཡེ་ཤེས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྦྱོར་བས་མི་ཟད་མི་འཕེལ་ལོ། ། བློ་གྲོས་ཆེན་པོ་ཆོས་ནི་ལུས་མེད་དེ་ལུས་དང་ལྡན་པ་ལ་ནི་འཇིག་པ་ཡོད་ཀྱི་ལུས་དང་མི་ལྡན་པ་ལ་ནི་མ་ཡིན་ནོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་མར་དང་འབྲུ་མར་འདོད་པས་ རབ་ཏུ་བཙིར་ཀྱང་མར་དང་འབྲུ་མར་མེད་པ་དེ་བཞིན་དུ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གྱི་སྡུག་བསྔལ་དག་གིས་རབ་ཏུ་གཟིར་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་མྱ་ངན་ལས་མ་བཟླས་ཀྱི་བར་དུ་ཆོས་ཀྱི་ དབྱིངས་ཀྱི་རང་གི་ངང་གི་སྨོན་ལམ་གྱི་བདེ་བ་མི་འདོར་རོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་འབབ་པའི་རྒྱུན་དུ་འཐུན་པར་འབབ་སྟེ། ཆུ་མེད་པར་ནི་མ་ཡིན་ནོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ཐམས་ཅད་ཀྱང་མྱ་ངན་ལས་ འདས་པ་འབབ་པའི་རྒྱུན་དུ་འཐུན་པར་འཇུག་སྟེ།
BO
དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་ཞེས་བྱའོ། ། བློ་གྲོས་ཆེན་པོ་འགྲོ་བའི་དོན་འདི་ནི་དེ་བཞིན་གཤེགས་པ་རྣམས་ལ་མི་འཇུག་གོ། ། བློ་གྲོས་ཆེན་པོ་འཇུག་པ་ནི་འགྲོ་བའི་དོན་ཡིན་ཏེ། བློ་གྲོས་ ཆེན་པོ་འཁོར་བའི་ཐོག་མའི་མཐའ་ཤེས་པ་ཡང་མེད་དེ། མི་ཤེས་ན་ཇི་ལྟར་འགྲོ་བའི་དོན་དུ་བཤད། བློ་གྲོས་ཆེན་པོ་འགྲོ་བའི་དོན་ནི་ཆད་པ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་རབ་ཏུ་མི་ཤེས་སོ། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་གལ་ཏེ། སེམས་ཅན་རྣམས་འཁོར་བའི་ཐོག་མའི་མཐའ་ཤེས་པ་ཡང་མེད་ན། དེ་ཇི་ལྟར་སྲོག་ཆགས་རྣམས་ཐར་པར་ཤེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བ་ཕྱི་རོལ་གྱི་དོན་ཡོངས་སུ་ཤེས་པས་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ། གནས་ ངན་ལེན་གྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་རྣམ་པར་ལོག་ཅིང་རང་གི་གནས་ཤིན་ཏུ་གྱུར་པ་ནི་ཐར་པ་ཡིན་ཏེ། བློ་གྲོས་ཆེན་པོ་འཇིག་པ་ནི་མ་ཡིན་ནོ། ། དེ་བས་ན་བློ་གྲོས་ཆེན་པོ་མཐའ་མེད་པའི་གཏམ་ནི་ཅིར་ཡང་དགོས་པ་མ་ཡིན་ནོ། །
BO
བློ་གྲོས་ཆེན་པོ་མཐའ་མེད་པའི་མཐའ་ཞེས་ བྱ་བ་འདི་ནི་རྣམ་པར་རྟོག་པའི་རྣམ་གྲངས་ཏེ། འདི་ལ་བློས་ཡོངས་སུ་བརྟགས་ན་རྣམ་པར་རྟོག་པ་ལས་ཕྱིའམ་ནང་གི་སེམས་ཅན་གཞན་གང་ཡང་མེད་དོ། ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་ཤེས་པ་དང་ཤེས་པར་བྱ་བས་དབེན་པ་ཡིན་ཏེ། གཞན་དུ་ན་རང་གི་སེམས་སྣང་བའི་རྣམ་པར་ རྟོག་པ་ཡོངས་སུ་མི་ཤེས་པའི་ཕྱིར་རྣམ་པར་རྟོག་པ་འཇུག་སྟེ། དེ་ཁོང་དུ་ཆུད་པས་ལྡོག་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་གིས་གང་གཱའི་བྱེ་མཉམ་དུ། ། འཇིག་མེད་ཚུལ་གྱི་མཐར་ཐུག་པ། ། འདྲེན་པ་རབ་ཏུ་མཐོང་བ་ནི། ། དེ་དག་འདྲེན་པ་མཐོང་བའོ། ། གང་གཱའི་ བྱེ་མ་ཇི་བཞིན་དུ། ། ཉེས་པ་ཐམས་ཅད་རྣམ་སྤངས་ཏེ། ། འབབ་ཕྱོགས་འཐུན་ཞིང་རྟག་པ་ལྟར། ། དེ་བཞིན་སངས་རྒྱས་སངས་རྒྱས་ཉིད། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ བདེ་བར་གཤེགས་པས་ཆོས་ཐམས་ཅད་སྐད་ཅིག་ཏུ་འགྱུར་བས་འཇིག་པ་བདག་ལ་བཤད་དུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་བཤད་དུ་གསོལ།
BO
བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་ སྐད་ཅིག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཟིན་པ་དང་། མ་ཟིན་པ་རྣམས་ཡིན་ཏེ་བློ་གྲོས་ཆེན་པོ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ ཤེས་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་རྣམས་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་རྒྱས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དགེ་བ་དང་། མི་དགེ་བར་ཡོངས་སུ་བརྟགས་སོ། ། བློ་གྲོས་ཆེན་པོ་ཏིང་ངེ་འཛིན་གྱི་བདེ་བ་དང་།
BO
སྙོམས་པར་འཇུག་ པ་རྣམས་ནི་ཚེ་འདི་ལ་བདེ་བར་གནས་པའི་དངོས་པོས་འཕགས་པ་རྣམས་ཀྱི་དགེ་བ་ཟག་པ་མེད་པ་ཞེས་བྱའོ། ། བློ་གྲོས་ཆེན་པོ་ཡང་དགེ་བ་དང་མི་དགེ་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་བརྒྱད་རྣམས་སོ། ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ ཤེས་པ་ཞེས་བསྒྲགས་པ་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མུ་སྟེགས་བྱེད་ཀྱིས་བརྗོད་པའི་རྣམ་པར་ཤེས་པ་འདུས་པ་ལྔ་རྣམས་སོ། ། བློ་གྲོས་ཆེན་པོ་དེ་ལ་རྣམ་པར་ཤེས་པ་འདུས་པ་ལྔ་རྣམས་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པ་དགེ་བ་དང་། མི་དགེ་བའི་སྐད་ཅིག་མ་ གཅིག་ནས་གཅིག་ཏུ་དབྱེ་བས་ཐ་དད་དུ་གྱུར་པ། རྒྱུད་ཀྱི་རྒྱུན་གྱིས་ལུས་ཐ་མི་དད་པ་འབྱུང་ངོ་། ། བྱུང་ནས་ཀྱང་འཇིག་པར་འགྱུར་རོ། ། རང་གི་སེམས་སྣང་བ་མ་རྟོགས་པའི་ཕྱིར་འགགས་མ་ཐག་ཏུ་རྣམ་པར་ཤེས་པ་གཞན་འབྱུང་སྟེ། དབྱིབས་བྱད་ཀྱི་བྱེ་བྲག་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ འབྱུང་ངོ་། ། རྣམ་པར་ཤེས་པ་འདུས་པ་ལྔ་དང་ལྡན་པར་འབྱུང་བར་འགྱུར་ཏེ། སྐད་ཅིག་གི་དུས་སུ་མི་གནས་པ་དེ་ནི་སྐད་ཅིག་པའོ་ཞེས་ངས་བཤད་དོ། །
BO
བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་ཡིད་དང་ལྷན་ཅིག་པ་ནི། འཇུག་ པའི་རྣམ་པར་ཤེས་པའི་བག་ཆགས་ཀྱིས་སྐད་ཅིག་པ་ཡིན་ཏེ། ཟག་པ་མེད་པའི་བག་ཆགས་ཀྱིས་ནི་སྐད་ཅིག་པ་མ་ཡིན་ནོ། ། བྱིས་པ་སོ་སོའི་སྐྱེ་བོ་སྐད་ཅིག་མར་སྨྲ་བ་ལ་ཆགས་པ་རྣམས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་འདི་མི་རྟོགས་སོ། ། དེ་ མ་རྟོགས་པའི་ཕྱིར་ཆད་པར་ལྟ་བས་འདུས་མ་བྱས་པའི་ཆོས་རྣམས་ཀྱང་འཇིག་པར་བྱེད་དོ། ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་འདུས་པ་ལྔ་རྣམས་ནི་འཁོར་བ་ཡང་མ་ཡིན། བདེ་བ་དང་སྡུག་བསྔལ་མྱོང་བ་ཡང་མ་ཡིན། མྱ་ངན་ལས་འདའ་བའི་རྒྱུ་ཡང་མ་ཡིན་ནོ། ། བློ་གྲོས་ཆེན་ པོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་བདེ་བ་དང་སྡུག་བསྔལ་མི་མྱོང་བའི་རྒྱུ་དང་བཅས་པ་བག་ཆགས་བཞི་དང་ལྡན་པས་འཇུག་ཅིང་ལྡོག་སྟེ། བྱིས་པ་སྐད་ཅིག་མར་ལྟ་བའི་རྣམ་པར་རྟོག་པས་བསྒོས་པའི་བློ་ཅན་དག་གིས་ནི་མི་རྟོགས་སོ། ། བློ་གྲོས་ཆེན་པོ་གཞན་ཡང་གསེར་དང་། རྡོ་རྗེ་དང་། རྒྱལ་བའི་རིང་བསྲེལ་དང་། ཐོབ་པ་དང་ཁྱད་པར་དག་ནི་མི་འཇིག་པ་ཡིན་ཏེ།
BO
བློ་གྲོས་ཆེན་པོ་གལ་ཏེ་མངོན་པར་རྟོགས་པ་འཐོབ་པ་སྐད་ཅིག་པ་ཡིན་ན་ནི། འཕགས་པ་རྣམས་འཕགས་པ་མ་ཡིན་པར་འགྱུར་ཏེ། འཕགས་པ་རྣམས་ནི་འཕགས་པ་མ་ཡིན་པར་མི་ འགྱུར་རོ། ། བློ་གྲོས་ཆེན་པོ་གསེར་དང་། རྡོ་རྗེ་ནི་བསྐལ་པར་གཞལ་ཀྱང་དེ་བཞིན་འདུག་སྟེ། མི་འབྲི་མི་སྐྱེ་ན། བྱིས་པ་ལྡེམ་པོ་ངག་ཏུ་བཤད་པ་ལ་མི་མཁས་པ་དག་གིས་ཕྱི་ནང་གི་ཆོས་ཐམས་ཅད་སྐད་ཅིག་པའི་དོན་དུ་ཇི་ལྟར་བརྟག ། ཡང་བློ་གྲོས་ཆེན་པོས་གསོལ་པ། གང་ཡང་ བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། ། ཕ་རོལ་ཏུ་ཕྱིན་པ་དེ་དག་གང་ལགས། ཇི་ལྟར་ན་ཡོངས་སུ་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། བློ་གྲོས་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་ནི་འདི་གསུམ་སྟེ། གསུམ་གང་ཞེ་ན་འདི་ལྟ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ། ། བློ་གྲོས་ཆེན་པོ་དེ་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པའི་བདག་དང་།
BO
བདག་གིར་འཛིན་པ་ལ་ མངོན་པར་ཆགས་ཤིང་ཞེན་པས་མཐའ་གཉིས་སུ་འཛིན་པ་སྲིད་པར་སྐྱེ་བའི་གནས་སྣ་ཚོགས་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཡུལ་འདོད་པ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་རྣམས་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་ འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། ཚངས་པར་སྐྱེ་བར་བྱ་བའི་ཕྱིར་མངོན་པར་ཤེས་པ་དག་ཀྱང་མངོན་པར་སྒྲུབ་བོ། ། དེ་ལ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་བྱིས་པ་རྣམས་བདག་བདེ་བ་མྱ་ངན་ལས་ འདས་པ་འདོད་པ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་རྣམས་མྱ་ངན་ལས་འདས་པ་འདོད་པར་ལྷུང་བའི་བསམ་པ་ཅན་རྣམས་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་སྦྱོར་བའོ། ། བློ་གྲོས་ཆེན་པོ་འཇིག་རྟེན་ལས་འདས་པའི་མཆོག་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣལ་ འབྱོར་དམ་པ་ལ་རྣལ་འབྱོར་པ་རྣམས་རང་གི་སེམས་སྣང་བ་ཙམ་དུ་འཛིན་པ་དང་། རང་གི་སེམས་གཉིས་སུ་རྟོགས་པ་དང་། རྣམ་པར་རྟོག་པ་མི་འཇུག་པ་དང་། ལེན་པ་ལ་འཛིན་པ་མེད་པ་དང་། རང་གི་སེམས་དང་།
BO
གཟུགས་ཀྱི་མཚན་ཉིད་ལ་མངོན་པར་མ་ཆགས་པས་སེམས་ ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འགྱུར་རོ། ། གང་དམིགས་པ་དེ་ཉིད་ལ་རྣམ་པར་རྟོག་པར་མི་འཇུག་པར་སྒོམ་པ་དེ་ནི་ཚུལ་ཁྲིམས་ཏེ། ཕ་རོལ་ཏུ་ཕྱིན་པའང་དེའོ། ། གང་གཟུང་བ་དང་འཛིན་པ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་དེ་ཉིད་ མི་འཇུག་པར་བཟོད་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། བརྩོན་འགྲུས་གང་གིས་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་བརྩོན་པར་བྱེད་ཅིང་རྣལ་འབྱོར་དང་འཐུན་པར་མཐོང་བས་རྣམ་པར་རྟོག་པ་ལྡོག་པའི་ཕྱིར་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། གང་རྣམ་པར་རྟོག་པ་བཟློག་པའི་ ཕྱིར་མུ་སྟེགས་ཅན་གྱི་མྱ་ངན་ལས་འདས་པ་འཛིན་པར་མི་ལྟུང་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་མེད་པ་དང་། བློ་རབ་ཏུ་འབྱེད་པའི་བར་དུ་རབ་ཏུ་ཕྱེ་ན་མཐའ་གཉིས་སུ་མི་ལྟུང་ཞིང་གནས་གྱུར་པ་སྔོན་དུ་འགྲོ་ བ་མི་འཇིག་པས་བདག་གི་འཕགས་པའི་སོ་སོ་རང་གིས་རིག་པ་ཐོབ་པར་བྱ་བའི་ཕྱིར།
BO
རབ་ཏུ་སྦྱོར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བློ་གྲོས་ཆེན་པོ་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡིན་ཏེ། འདི་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སྟོང་པ་མི་རྟག་སྐད་ ཅིག་པར། ། འདུས་བྱས་ལ་ནི་བྱས་པ་རྟོག ། འབབ་ཆུ་མར་མེ་ས་བོན་དཔེས། ། སྐད་ཅིག་པ་ཡི་དོན་དུ་རྟོག ། བྱེད་པ་མེད་ཅིང་སྐད་ཅིག་པ། ། དབེན་པ་བྱེད་པ་སྤངས་པ་དང་། ། ཆོས་རྣམས་སྐྱེ་བ་མེད་པ་ནི། ། སྐད་ཅིག་དོན་དུ་ངས་བཤད་དོ། ། སྐྱེས་མ་ཐག་ཏུ་འཇིག་པར་ནི། ། བྱིས་པ་རྣམས་ལའང་ང་མི་འཆད། ། དངོས་པོ་རྣམས་ཀྱི་རྣམ་རྟོག་པ། ། བར་ཆད་མེད་པར་འགྲོ་བར་གཡོ། ། སེམས་དེ་འབྱུང་བར་བྱེད་པ་ཡི། ། རྒྱུ་ནི་མ་རིག་དེ་ཡིན་ཏེ། ། ཇི་སྲིད་གཟུགས་དག་མི་ཤེས་པ། ། དེ་སྲིད་བར་དུ་དེ་གནས་ཅི། ། ཞིག་པར་གྱུར་མ་ཐག་ཏུ་ནི། ། སེམས་ནི་གཞན་རྣམས་རབ་འབྱུང་སྟེ། ། གཟུགས་ནི་དུས་སུ་མི་གནས་ན། ། ཅི་ལ་དམིགས་ཏེ་འབྱུང་བར་འགྱུར། ། གང་ལས་གང་དུ་འཇུག་པ་ཡི། ། སེམས་ནི་ལོག་པའི་རྒྱུ་ལས་བྱུང་། ། དེ་ནི་རབ་ཏུ་མ་གྲུབ་ན། ། ཇི་ལྟར་སྐད་ཅིག་འཇིག་པར་རིག ། རྣལ་འབྱོར་ཅན་གྱི་ སྙོམས་འཇུག་དང་། །
BO
གསེར་དང་རྒྱལ་བའི་རིང་བསྲེལ་དང་། ། འོད་སྣང་གནས་ཀྱི་གཞལ་མེད་ཁང་། ། འཇིག་རྟེན་རྒྱུ་ཡིས་འཇིག་པ་མེད། ། གནས་པ་རྣམས་དང་ཐོས་པའི་ཆོས། ། སངས་རྒྱས་ཡེ་ཤེས་ཕུན་སུམ་ཚོགས། ། དགེ་སློང་ཉིད་དང་ཤེས་ཐོབ་རྣམས། ། སྐད་ཅིག་མར་ནི་ ཇི་ལྟར་མཐོང་། ། སྒྱུ་མ་དྲི་ཟའི་གྲོང་ལ་སོགས། ། གཟུགས་རྣམས་ཇི་ལྟར་སྐད་ཅིག་པ། ། འབྱུང་བ་མ་ཡིན་གཟུགས་རྣམས་དང་། ། འབྱུང་པོ་དེ་དག་གང་དུ་སོང་། ། སྐད་ཅིག་མའི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དང་། སེམས་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་དེ་བཞིན་ གཤེགས་པར་འགྱུར་བར་ཡང་ལུང་བསྟན། དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་བཅོམ་ལྡན་འདས་ཀྱིས་ཡི་གེ་གཅིག་ཀྱང་མ་ གསུངས་མ་བཤད།
BO
དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་མཉམ་པར་བཞག་པ་ལགས་ཏེ། མི་རྟོག་མི་དཔྱོད་པར་འཕྲུལ་པ་དག་ཀྱང་སྤྲུལ་ནས། དེ་དག་གིས་དེ་བཞིན་གཤེགས་པའི་བྱ་བ་མཛད་པ། རྣམ་པར་ཤེས་པ་རྣམས་ཀྱང་སྐད་ཅིག་མ་གཅིག་ནས་གཅིག་ཏུ་ཐ་དད་ པའི་མཚན་ཉིད་དུ་བཤད། ལག་ན་རྡོ་རྗེ་ཡང་ཁོར་མོར་རྟག་ཏུ་ཞབས་འབྲིང་དུ་འབྲང་། ཐོག་མའི་མཐར་མི་འདོགས་ལ། མྱ་ངན་ལས་འདས་པར་འདོགས། བདུད་དང་བདུད་ཀྱི་ལས་རྣམས་དང་། ལས་ཀྱི་རྒྱུ་རྣམས་དང་། བྲམ་ཟེའི་བུ་མོ་ཙན་ཙ་དང་། མཛེས་མ་ཀུན་ཏུ་ རྒྱུ་དང་། ལྷུང་བཟེད་བཀྲུས་བཞིན་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་དག་གདའ་ན། བཅོམ་ལྡན་འདས་དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ནོངས་པ་དག་མ་སྤངས་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ལའང་དགོངས་ནས།
BO
བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཀྱང་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་ཏེ། བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་དང་། གཞན་དག་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་གང་ དག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཡོད་དེ། དེ་དག་ཉན་ཐོས་ཀྱི་ཐེག་པ་འདོད་པ་ལས་བཟློག་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་སྤྲུལ་པའི་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་དག་གིས་ལུང་བསྟན་གྱི། ཆོས་ཉིད་ཀྱི་སངས་རྒྱས་ རྣམས་ཀྱིས་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་ལ་དགོངས་ནས་ཉན་ཐོས་ལུང་བསྟན་ཏོ། ། བློ་གྲོས་ཆེན་པོ་རྣམ་པར་གྲོལ་བ་རོ་གཅིག་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་བྱེ་བྲག་མེད་མོད་ཀྱི། ཤེས་བྱའི་སྒྲིབ་པ་སྤངས་པ་ནི་མ་ ཡིན་ནོ། ། བློ་གྲོས་ཆེན་པོ་ཤེས་བྱའི་སྒྲིབ་པ་ནི་ཆོས་ལ་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། ། ཉོན་མོངས་པའི་སྒྲིབ་པ་ནི་གང་ཟག་ལ་བདག་མེད་པར་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། ། ཉོན་མོངས་པའི་སྒྲིབ་པ་ནི་ཡིད་ཀྱི་རྣམ་པར་ ཤེས་པ་བཟློག་པའི་ཕྱིར།
BO
གང་ཟག་ལ་བདག་མེད་པ་མཐོང་བ་ལ་སྒོམ་པ་སྔོན་དུ་འགྲོ་བས་སྤང་བར་འགྱུར་རོ། ། ཆོས་ཀྱི་སྒྲིབ་པ་རྣམ་པར་གྲོལ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་བཟློག་པའི་ཕྱིར་རྣམ་པར་དག་པར་འགྱུར་རོ། ། སྔོན་གྱི་ཆོས་ཀྱི་ལུགས་ལ་དགོངས་ཏེ། སྔོན་དང་ཕྱིས་མེད་པ་མི་འབྱུང་བའི་ཕྱིར་སྔོན་བཤད་པའི་ཡི་གེ་དེ་དག་ཉིད་ཀྱིས་དེ་བཞིན་གཤེགས་པ་མི་རྟོག་མི་དཔྱོད་པར་ཆོས་འཆད་དེ། མཁྱེན་བཞིན་དུ་མཛད་པ་དང་། དྲན་པ་ཉམས་པ་མེད་པ་དང་། བག་ཆགས་ཀྱིས་གཞི་སྤངས་པ་དང་། ཤི་འཕོ་གཉིས་དང་བྲལ་བ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤངས་པའི་ཕྱིར་མི་རྟོག་མི་དཔྱོད་དོ། ། བློ་གྲོས་ཆེན་པོ་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བདུན་རྣམས་ནི་དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ་མི་འཁོར་བ་ཡིན་ཏེ། བག་ཆགས་ཀྱི་རྒྱུ་ ལས་འབྱུང་བའི་ཕྱིར་སྐད་ཅིག་མའོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འཁོར་ཞིང་མྱ་ངན་ལས་འདས་པ་དང་། བདེ་བ་དང་སྡུག་བསྔལ་བའི་རྒྱུ་ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་སྟོང་པ་ཉིད་ཀྱིས་གཡེངས་པའི་བློ་ཅན་དག་ནི་རྣམ་པར་དག་པ་ཉིད་མི་ཤེས་ སོ། །
BO
ཡང་བློ་གྲོས་ཆེན་པོ་ལག་ན་རྡོ་རྗེ་ནི་འཕྲུལ་པས་སྤྲུལ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་ན་འདུག་གི ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངོ་བོ་རྣམས་ཀྱི་དྲུང་ན་ནི་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ངོ་བོ་ནི་བྱིས་པ་སོ་ སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་ཚད་མ་དང་། དབང་པོ་ལས་རྣམ་པར་ལོག་པ་ཡིན་ཏེ། ཚེ་འདི་ལ་བདེ་བར་གནས་པ་དག་མཐོང་བར་རྟོགས་པའི་ཆོས་ཤེས་པའི་བཟོད་པས་དེ་རྟོགས་པར་བྱེད་དེ། དེ་བས་ན་ལག་ ན་རྡོ་རྗེ་དེའི་ཞབས་འབྲིང་ན་མི་འབྲང་ངོ་། ། སྤྲུལ་པའི་སངས་རྒྱས་ཐམས་ཅད་ནི་ལས་ལས་བྱུང་བ་མ་ཡིན་ཏེ། དེ་དག་ལ་ཡང་དེ་བཞིན་གཤེགས་པ་མེད། དེ་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མེད་དེ། རྫ་མཁན་གྱི་དམིགས་པ་ལ་སོགས་པའི་སྦྱོར་བ་ལྟ་བུས་བྱ་བ་ ཐམས་ཅད་བྱེད་ཅིང་མཚན་དང་ལྡན་པ་ཡང་སྟོན་མོད་ཀྱི་རང་གི་ཚུལ་སོ་སོར་གཞག་པའི་གཏམ་བདག་གི་འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ནི་མི་སྟོན་ཏོ། །
BO
བློ་གྲོས་ཆེན་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་རྣམ་པར་ཤེས་པ་འདུས་པ་དྲུག་འགགས་པས་ཆད་པར་ ལྟ་བ་ལ་བརྟེན་ཏོ། ། ཀུན་གཞི་མ་རྟོགས་པའི་ཕྱིར་རྟག་པར་ལྟ་བར་འགྱུར་རོ། ། བློ་གྲོས་ཆེན་པོ་རང་གི་བློའི་རྣམ་པར་རྟོག་པའི་ཐོག་མའི་མཐའ་ཤེས་པར་མི་རུང་སྟེ། རང་གི་བློའི་རྣམ་པར་རྟོག་པ་ཉིད་བཟློག་པས་ཐར་པར་ཡང་ཤེས་སོ། ། བག་ཆགས་བཞི་སྤངས་པའི་ཕྱིར་ ཉེས་པ་ཐམས་ཅད་སྤངས་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཐེག་པ་གསུམ་དང་ཐེག་མེད་དང་། ། སངས་རྒྱས་མྱ་ངན་འདས་མེད་དང་། ། ཐམས་ཅད་སངས་རྒྱས་ལུང་བསྟན་ཅིང་། ། ཉེས་པ་དང་ཡང་བྲལ་བཤད་དང་། ། མངོན་པར་རྟོགས་མཐའི་ཡེ་ཤེས་ དང་། ། དེ་བཞིན་ལེན་མེད་རྟོགས་པ་དག ། ཞུམ་པ་རྣམས་ཀྱང་སྤྲོ་བྱའི་ཕྱིར། ། དེ་དག་དགོངས་ཏེ་བཤད་པའོ། ། སངས་རྒྱས་དག་གིས་ཡེ་ཤེས་བསྐྱེད། ། དེ་དག་ཉིད་ཀྱིས་ལམ་ཡང་བཤད། ། གཞན་ནས་མ་ཡིན་དེ་ནས་འགྲོ། ། དེ་ཕྱིར་མྱ་ངན་དེ་མི་འདའ། ། སྲིད་པའི་ འདོད་གཟུགས་ལྟ་རྣམས་ཀྱིས། ། བག་ཆགས་རྣམ་པ་བཞིར་འགྱུར་ཏེ། ། ཡིད་ཀྱི་རྣམ་པར་ཤེས་ལས་བྱུང་། ། ཀུན་གཞི་དང་ནི་ཡིད་ལ་གནས། ། ཡིད་ཀྱི་རྣམ་ཤེས་མིག་ལ་སོགས། །
BO
མི་རྟག་ཕྱིར་ནི་ཆད་པར་སྟོན། ། ཐོག་མ་མེད་པས་རྟག་པ་དང་། ། མྱ་ངན་འདའ་ མོས་ལྟ་བར་འགྱུར། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་རྣམས་ཀྱིས་ཞུས་ནས། ཡང་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། གང་གིས་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན། བདག་དང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀྱིས་སེམས་ཅན་ཤ་ཟ་བ་ལ་སོགས་པའི་བག་ཆགས་ཀྱིས་བསྒོས་པ། ཤའི་ཟས་ལ་ཆགས་པའི་སེམས་ཅན་རྣམས་ཀྱི་རོ་ལ་སྲེད་པ་སྤང་བའི་སླད་དུ་ཅི་ནས་ཀྱང་སེམས་ཅན་དེ་དག་རོའི་སྲེད་པ་བསལ་ཏེ། ཆོས་ཀྱི་རོའི་ ཟས་ལ་མོས་པས་སེམས་ཅན་ཐམས་ཅད་ལ་བུ་གཅིག་ལྟ་བུར་སྡུག་པ་དང་ལྡན་ཞིང་ཕན་ཚུན་དུ་བྱམས་པ་ཐོབ་པ་དང་། ཐོབ་ནས་ཀྱང་བྱང་ཆུབ་སེམས་དཔའི་ས་རྣམས་སུ་བྱང་བར་བྱས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དང་། ཉན་ཐོས་ དང་རང་སངས་རྒྱས་ཀྱི་སར་ངལ་བསོ་སྟེ།
BO
དེ་བཞིན་གཤེགས་པའི་ས་བླ་ན་མེད་པ་འཐོབ་པར་འགྱུར་བའི་ཆོས་བཤད་པར་ཤ་ཟ་བ་ཉེས་པར་ལྟ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་མུ་སྟེགས་ཅན་གཞན་ངན་པར་བཤད་པའི་ཆོས་ཅན་འཇིག་རྟེན་རྒྱང་པན་གྱི་ལྟ་བ་ལ་མངོན་པར་ཞེན་པ་དང་། ཡོད་པ་དང་མེད་པའི་ཕྱོགས་དང་། རྟག་པ་དང་ཆད་པར་སྨྲ་བ་རྣམས་ཀྱིས་ཀྱང་ཤ་འཚལ་བ་བཀག་སྟེ། བདག་ཀྱང་མི་འཚལ་ན་འཇིག་རྟེན་གྱི་མགོན་པོ་ ཁྱོད་ཀྱིས་བསྟན་པ་ཐུགས་རྗེས་རོ་གཅིག་ཏུ་གྱུར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ལ་རང་ཤ་འཚལ་བ་དང་། འཚལ་བ་མི་བཟློག་པ་ལྟ་ཅིས་འབྱུང་། ཅི་ནས་ཀྱང་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀྱིས་ སེམས་ཅན་རྣམས་ལ་དེ་བཞིན་ཉིད་དུ་ཆོས་བསྟན་པར་བགྱི་བ་དེ་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་ཐམས་ཅད་དུ་བུ་གཅིག་པ་དང་མཚུངས་པར་གཟིགས་ནས་ཐུགས་རྗེ་ཆེན་པོ་ཅན་གྱིས་ཐུགས་བརྩེ་བའི་སླད་དུ་ཤ་འཚལ་བའི་ནོངས་པ་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། ། ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་ ཕྱིར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་རྒྱུ་ཚད་མེད་པའི་ཕྱིར་ཤ་ཐམས་ཅད་བཟའ་བར་མི་བྱ་སྟེ། དེ་དག་ལ་ཕྱོགས་ཙམ་ཞིག་བཤད་པར་བྱའོ། ། དེ་ལ་བློ་གྲོས་ ཆེན་པོ་སྲོག་ཆགས་ཡུན་རིང་པོ་ནས་འཁོར་བ་རྣམས་ལ་གང་ཕའམ། མའམ། སྤུན་ནམ། སྲིང་མོའམ། བུའམ། བུ་མོའམ། གཉེན་བཤེས་སམ། གཉེན་ནམ། གཉེན་ལྟ་བུར་གང་ཡང་རུང་བར་མ་གྱུར་པའི་སེམས་ཅན་དེ་ནི་རྙེད་པར་སླ་བའི་རྣམ་པ་གང་ཡང་མེད་དོ། ། གཉེན་དང་གཉེན་ལྟ་བུར་གྱུར་པ་དེ་དག་ཚེ་གཞན་དུ་ལུས་བརྗེས་པ་{རི་དགས་,རི་དྭགས་}དང་། ཕྱུགས་དང་། བྱའི་སྐྱེ་གནས་གང་ཡང་རུང་བར་གྱུར་ལ།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་འདོད་པ་འབྱུང་པོ་ཐམས་ཅད་བདག་དང་འདྲ་བར་གྱུར་པར་འདོད་པས་ སྐྱེ་བོ་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལས་བྱུང་བའི་ཤ་ཇི་སྐད་དུ་བཟའ་བར་བྱ། བློ་གྲོས་ཆེན་པོ་སྲིན་པོ་རྣམས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཆོས་ཉིད་བཟང་པོ་འདི་ཐོས་ནས་ཤ་ཟ་བ་ལས་རྣམ་པར་ལྡོག་ཅིང་སྲིན་པོའི་རང་བཞིན་དང་བྲལ་ནས་སྙིང་རྗེ་ཅན་དུ་འགྱུར་ན། ཆོས་ འདོད་པའི་སྐྱེ་བོ་རྣམས་ལྟ་ཅི་སྨོས། དེ་ལྟར་ན་བློ་གྲོས་ཆེན་པོ་ཚེ་རབས་འཕོས་པ་དེ་དང་དེ་དག་ཏུ་སེམས་ཅན་ཐམས་ཅད་གཉེན་བཤེས་དང་། གཉེན་དུ་གྱུར་པའི་འདུ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་གི་འདུ་ཤེས་སུ་བསྒོམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ ཅན་གྱིས་ཤ་ཐམས་ཅད་མི་བཟའོ། ། བློ་གྲོས་ཆེན་པོ་སྤྱོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཤ་བཟར་མི་རུང་བ་དང་། འཁྲུལ་པའི་ཕྱིར་ཡང་ཤ་ཐམས་ཅད་མི་བཟའ་སྟེ། བློ་གྲོས་ཆེན་པོ་བོང་བུ་དང་། རྔ་མོ་དང་། ཁྱི་དང་། གླང་དང་། མིའི་ཤ་ལ་སོགས་པ་ནི་འཇིག་ རྟེན་གྱིས་བཟའ་བ་མ་ཡིན་ན།
BO
འདི་ལྟར་ཤན་པ་དག་རིན་གྱི་ཕྱིར་བཟར་རུང་ངོ་ཞེས་ཟེར་ཞིང་སྲང་གི་དབུས་དག་ཏུ་འཚོང་བར་བྱེད་པས་དེའི་ཕྱིར་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། ། བློ་གྲོས་ཆེན་པོ་གཙང་བར་འདོད་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་ནི་ ཁུ་ཆུ་དང་ཁྲག་ལས་བྱུང་བའི་ཕྱིར་ཤ་མི་བཟའོ། ། འབྱུང་པོ་རྣམས་དངང་བར་བྱེད་པའི་ཕྱིར་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་བྱམས་པར་འདོད་པ་རྣལ་འབྱོར་ཅན་གྱིས་ཤ་ཐམས་ཅད་བཟའ་བར་མི་བྱའོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྨེ་ཤ་ཅན་དང་། གདོལ་པ་དང་། ཉ་པ་ལ་སོགས་པ་ཁྱིའི་ཤ་ཟ་བའི་སེམས་ཅན་རྣམས་ནི་རྒྱང་མ་ནས་མཐོང་ཡང་ཁྱི་རྣམས་འཇིགས་པས་ཟུགས་ཏེ། ལ་ལ་ནི་བདག་ཅག་ཀྱང་བསད་དུ་འོང་ངོ་ཞེས་ཤི་ལ་ཐུག་པར་འགྱུར་རོ། ། དེ་བཞིན་དུ་བློ་གྲོས་ཆེན་པོ་ནམ་མཁའ་དང་། ས་དང་ཆུ་ལ་གནས་པའི་འགྲོ་བ་ཤིན་ཏུ་ཕྲ་བ་གཞན་ ཡོད་པ་དེ་དག་ཀྱང་ཤ་ཟ་བ་རྣམས་རྒྱང་མ་ནས་མཐོང་མ་ཐག་ཏུ་སྣའི་དབང་པོ་རྣོན་པོས་དྲི་ཚོར་ནས་སྲིན་པོ་ལས་མི་དག་མྱུར་དུ་འབྱོལ་བ་བཞིན་ཏེ། ལ་ལ་ནི་ཤི་དོགས་པར་ཡང་འགྱུར་རོ། །
BO
བློ་གྲོས་ཆེན་པོ་དེའི་ཕྱིར་དངང་བར་འགྱུར་བས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པས་ཤ་ མི་བཟའོ། ། བློ་གྲོས་ཆེན་པོ་འཕགས་པ་མ་ཡིན་པའི་སྐྱེ་བོས་བསྙེན་ཅིང་དྲི་མི་ཞིམ་ལ་མི་སྙན་པར་བྱེད་པ་དང་། འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་བཟའོ། ། བློ་གྲོས་ཆེན་པོ་འཕགས་པའི་སྐྱེ་བོ་ནི་དྲང་སྲོང་གི་ཟས་ཟ་སྟེ། ཁྲག་དང་ཤ་མི་ ཟ་བས། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་ཟའོ། ། བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་བསྟན་པ་ལ་སྐུར་པ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་མི་བཟའོ། ། དེ་འདི་ལྟ་སྟེ། བློ་གྲོས་ ཆེན་པོ་འཇིག་རྟེན་ན་བསྟན་པ་ལ་སྐུར་པར་སྨྲ་བ་དག་ཡོད་དེ། ཀྱེ་མ་འདི་དག་གི་དགེ་སྦྱོང་ཉིད་ནི་ཅི་ཞིག་ཡོད། འདི་དག་གི་ཚངས་པར་འཇུག་པའང་ག་ལ་ཡོད་དེ། དེ་ལྟར་འདི་དག་ནི་སྔོན་གྱི་དྲང་སྲོང་གི་ཟས་བོར་ནས་ཤ་ཟན་བཞིན་དུ་ཤའི་ཟས་ཀྱིས་ལྟོ་གང་ཞིང་ནམ་མཁའ་དང་། ས་དང་། ཆུ་ལ་གནས་པའི་འགྲོ་བ་ཕྲ་མོ་སྐྲག་པར་བྱེད་པ་རྣམས་འཇིག་རྟེན་འདི་དག་ཀུན་ཏུ་རྒྱུའོ། ། འདི་དག་གི་དགེ་སྦྱོང་ཉིད་ནི་ཉམས་སོ། །
BO
འདི་དག་གི་སྡིག་པ་སྤངས་པ་ཉིད་ནི་ཞིག་གོ། ། འདི་དག་ལ་ནི་ཆོས་ཀྱང་མེད་འདུལ་བའང་མེད་དོ་ཞེས་དེ་ལྟར་སྡང་བའི་སེམས་འཆང་ བ་རྣམས་རྣམ་པ་དུ་མས་བསྟན་པ་ལ་སྐུར་ཏོ། ། དེའི་ཕྱིར་བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་བསྟན་པ་ལ་སྐུར་པ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། ། བློ་གྲོས་ཆེན་པོ་ཤི་བའི་རོ་དྲི་ མི་ཞིམ་ཞིང་མི་འཕྲོད་པ་དང་མཚུངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་བཟའོ། ། བློ་གྲོས་ཆེན་པོ་མི་ཤི་བའི་ཤ་བསྲེགས་པ་དང་། དེ་མ་ཡིན་པ་སྲོག་ཆགས་གཞན་གྱི་ཤ་བསྲེགས་པར་ཡང་དྲིའི་ཁྱད་པར་གང་ཡང་མེད་དེ། དེ་གཉིས་ཀ་དྲི་མི་ཞིམ་པར་ མཚུངས་སོ། ། དེའི་ཕྱིར་ཡང་བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་གཙང་བར་འདོད་པའི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། ། བློ་གྲོས་ཆེན་པོ་དུར་ཁྲོད་པ་རྣམས་དང་། དགོན་པ་ནགས་འདབ་མི་མ་ཡིན་པ་རྒྱུ་བ་བས་མཐའི་མལ་སྟན་ལ་གནས་པའི་རྣལ་འབྱོར་པ། རྣལ་འབྱོར་ལ་སྤྱོད་པ་བྱམས་པ་ལ་གནས་པ་རྣམས་དང་། རིག་སྔགས་འཆང་བ། རིག་སྔགས་གྲུབ་པར་འདོད་པ་རྣམས་ཀྱི་རིག་སྔགས་སྒྲུབ་པ་དང་།
BO
ཐར་པ་ལ་བགེགས་བྱེད་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱི་རྣལ་འབྱོར་ སྒྲུབ་པ་ཐམས་ཅད་ཀྱི་བར་ཆད་བྱེད་པར་འགྱུར་བར་རྗེས་སུ་མཐོང་ནས་བདག་དང་གཞན་གྱི་ལུས་ལ་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། ། གཟུགས་ལ་དམིགས་པ་རྣམ་པར་ཤེས་པའི་རྐྱེན་གྱིས་ཆགས་པ་སྐྱེད་པའི་ཕྱིར་ཡང་འབྱུང་པོ་ཐམས་ཅད་བདག་ཏུ་ གྱུར་པ་སྙིང་བརྩེ་བའི། བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། ། བློ་གྲོས་ཆེན་པོ་དེ་ལ་ལྷ་རྣམས་ཀྱང་སྤོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། ། བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལའང་དེའི་ཁ་ ཤིན་ཏུ་དྲི་མི་ཞིམ་པར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། ། སྡུག་བསྔལ་ཞིང་ཉལ་བ་དང་། སྡུག་བསྔལ་ཞིང་སད་པ་དང་། སྡིག་པའི་རྨི་ལམ་སྤུ་གཡོ་བར་བྱེད་པ་མཐོང་བ་དང་། ཁྱིམ་སྟོང་པ་ན་འདུག་ཅིང་གཅིག་པུ་དབེན་པར་གནས་པའི་ཚེ་ ཡང་དེ་ལ་མདངས་འཕྲོག་པའི་མི་མ་ཡིན་པ་རྣམས་མདངས་འཕྲོག་པ་དང་། བར་བར་སྔང་བ་དང་། བློ་བུར་དུ་འཇིགས་ཤིང་སྐྲག་པར་འགྱུར་བ་དང་།
BO
ཟས་ཀྱི་ཚོད་མི་ཟིན་ཏེ་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པའི་བཅུད་ལེགས་པར་འཇུ་བའི་འཚག་ཏུ་ མི་འགྱུར་བ་དང་། ལྟོ་སྲིན་བུ་སྐྱེས་པ་དང་། མཛེ་མང་པོའི་གཞིར་འགྱུར་བ། ནད་མང་བར་བྱེད་པ་ཡིན། མི་འཕྲོད་པའི་འདུ་ཤེས་ཀྱང་མི་འཐོབ་སྟེ། ངས་ཁ་ཟས་ནི་བུའི་ཤ་དང་། སྨན་བཞིན་དུ་བཤད་ལ། བློ་གྲོས་ཆེན་པོ་འཕགས་པ་མ་ཡིན་པའི་སྐྱེ་བོས་བསྙེན་པ། འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པ། ཉེས་པ་དུ་མ་ཐོབ་པར་བྱེད་པ། ཡོན་ཏན་དུ་མས་རྣམ་པར་སྤངས་པ། དྲང་སྲོང་མ་ཡིན་པའི་ཟས་མི་བསོད་པ་མི་རུང་བའི་ཟས། ཤ་དང་ཁྲག་རྣམས་ཇི་ལྟར་སློབ་མ་རྣམས་ལ་གནང་བར་བྱ། བློ་གྲོས་ཆེན་པོ། ངས་ ནི་འཕགས་པའི་སྐྱེ་བོས་རྣམ་པར་མ་སྤངས་པ། ཡོན་ཏན་མང་པོ་འཐོབ་པར་བྱེད་པ། ཉེས་པ་མང་པོ་རྣམ་པར་སྤངས་པ། སྔོན་གྱི་དྲང་སྲོང་གི་ཁ་ཟས་བསོད་པ། འབྲས་དང་། ནས་དང་། གྲོ་དང་། སྲན་མ་སྡེའུ་དང་། བལ་སྲན་དང་། སྲན་ཆུང་ལ་སོགས་པ་དང་། མར་དང་། འབྲུ་མར་དང་། སྦྲང་རྩི་དང་། ཧྭགས་དང་། བུ་རམ་དང་། ཁ་འདའ་དང་། ཤ་ཁ་ར་ལ་སོགས་པའི་ཟས་རྣམས་འོས་ཤིང་བརྟགས་པ་ཡིན་ཞེས་གནང་ན། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན།
BO
སྐྱེས་བུ་བླུན་པོ་ འདུལ་བ་ལ་རྣམ་པར་རྟོག་པ། རྣམ་པ་མང་པོ་སྨྲ་བ་ཤ་ཟན་གྱི་རིགས་ཀྱི་བག་ཆགས་ཀྱིས་བསྒོས་པ་རོ་ལ་སྲེད་པ་ལ་ཤིན་ཏུ་ཆགས་པ། ཁ་ཅིག་ནི་འདི་བསོད་པའི་ཁ་ཟས་ཡིན་པར་འཛིན་ཏེ། བློ་གྲོས་ཆེན་པོ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དད་ པ་ཅན་རྣམ་པར་རྟོག་པ་མི་མངའ་བ། ཤཱཀྱའི་རིགས་ཀྱི་བུ། མིའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ལུས་དང་། སྲོག་དང་། ལོངས་སྤྱོད་ལ་མ་ཆགས་པ། རོ་ལ་མ་ཞེན་པ། རོ་ལ་མི་བརྐམ་པ། སྙིང་རྗེ་ཅན། འབྱུང་པོ་ཐམས་ཅད་བདག་བཞིན་དུ་རེད་པར་འདོད་པ། སེམས་ ཅན་ཐམས་ཅད་ལ་བུ་གཅིག་བཞིན་དུ་སྡུག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དེ་སྙམ་དུ་འཛིན་པར་བཤད་དོ། ། བློ་གྲོས་ཆེན་པོ་སྔོན་འདས་པའི་དུས་ན། རྒྱལ་པོ་སེང་གེ་འབངས་{བཟངས་,བཟང་}ཞེས་བྱ་བ་ཞིག་བྱུང་སྟེ། དེ་ཟས་སུ་ཤ་ཟོས་ཞིང་མ་འོས་པར་ བསྟེན་པས་རོ་ལ་སྲེད་ཅིང་ཆགས་པ་ལ་འདུན་པའི་ཕྱིར་མིའི་ཤའང་ཟོས་པར་གྱུར་ནས། དེའི་ཕྱིར་མཛའ་བོ་དང་། བློན་པོ་དང་། གཉེན་དང་། གཉེན་འདབ་ཀྱི་སྐྱེ་བོའི་ཚོགས་ཀྱིས་ཀྱང་སྤངས་པར་གྱུར་ན། ། གྲོང་ཁྱེར་བ་དང་།
BO
ཡུལ་གྱི་འགྲོ་བ་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། བདག་གི་སྲིད་དང་ཡུལ་ཡོངས་སུ་བཏང་བའི་ཕྱིར་རབ་ཏུ་ཉོན་མོངས་པར་གྱུར་ཏོ། ། བློ་གྲོས་ཆེན་པོ་དབང་པོས་ཀྱང་སྔོན་ལྷའི་དབང་པོ་ཐོབ་པར་གྱུར་ནས་ཤ་ཟ་བའི་བག་ཆགས་ཀྱི་ཉེས་པས་ཁྲའི་གཟུགས་སུ་བྱས་ནས་ལས་ཀུན་པ་བྱ་ཐི་བའི་གཟུགས་དང་ཆ་བྱད་འཆང་བ་ཤིན་ཏུ་གཙེས་ པར་གྱུར་ཏེ། རྒྱལ་པོ་ཞི་ལྡན་ཉེས་པ་མེད་པ་འབྱུང་པོ་ལ་སྙིང་བརྩེ་བ་ཅན་ཉིད་ཀྱང་སྲང་ལ་བཏབ་ཅིང་སྡུག་བསྔལ་ཆེན་པོ་ཐོབ་པར་བྱས་སོ། ། བློ་གྲོས་ཆེན་པོ་དེ་ལྟར་ཚེ་དུ་མར་གོམས་ཤིང་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཀྱང་བདག་དང་གཞན་ལ་ཉེས་པ་འཐོབ་པར་བྱེད་པར་འགྱུར་ན་ གཞན་དག་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་མིའི་དབང་པོར་གྱུར་པ་གཞན་རྣམས་ཀྱང་རྟ་ཤུགས་ཆེན་པོས་ཁྱེར་ནས་འབྲོག་དགོན་པ་ན་འཁྱམ་འཁྱམ་པ་ལས་སྲོག་གི་རིམ་གྲོའི་ཕྱིར་སེང་གེ་མོ་དང་འཚོགས་པར་གྱུར་ཏེ། བུ་དག་ཀྱང་སྐྱེས་པར་གྱུར་ཏོ། ། སེང་གེ་དང་འགྲོགས་པའི་ རྒྱུས་རྒྱལ་པོའི་བུ་རྐང་བཀྲ་ལ་སོགས་པའང་སྔོན་གྱི་ཚེ་རབས་ལ་ཤ་ཟ་བའི་ཉེས་པའི་བག་ཆགས་ཀྱིས་མིའི་དབང་པོར་གྱུར་ཀྱང་ཤ་ཟ་བར་གྱུར་ཏོ། །
BO
བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལའང་ཁྱིམ་བདུན་པའི་གྲོང་ན་ཤ་ལ་ཤིན་ཏུ་བརྐམ་ཞིང་མི་འོས་པར་བསྟེན་ན། མི་ཤ་ཟ་བའི་ཕྲ་མེན་ཕ་ དང་། ཕྲ་མེན་མ་མ་རུངས་པ་དག་ཏུ་སྐྱེའོ། ། བློ་གྲོས་ཆེན་པོ་དེ་དག་ཚེ་རྗེས་ནས་ཀྱང་ཤའི་རོ་ལ་ཆགས་པ་དེ་ཉིད་ཀྱིས་སེང་གེ་དང་། སྟག་དང་། གཟིག་དང་། སྤྱང་ཀི་དང་། ཏ་རཀྵ་དང་། བྱི་ལ་དང་། ཝ་དང་། འུག་པ་ཤ་མང་པོ་ཟ་བའི་སྐྱེ་གནས་དང་། ཤ་མང་དུ་ཟ་བའི་ སྲིན་པོ་ལ་སོགས་པ་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུ་ཡང་ལྟུང་བར་བྱེད་དོ། ། དེར་ལྷུང་བ་རྣམས་མིའི་སྐྱེ་གནས་ཀྱང་འཐོབ་པར་དཀའ་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ལ་སོགས་པ་ཡིན་ན། ཤིན་ཏུ་བསྙེན་པ་རྣམས་ལྟ་ལ་ ལོས་ཀྱང་སྐྱེ་མོད། ཕྱིར་བཟློག་པས་ན་ཡོན་ཏན་ཤིན་ཏུ་མང་ན། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་ཡོན་ཏན་དང་། ཉེས་པ་འདི་དག་དང་། གཞན་ཡང་ཁོང་དུ་མི་ཆུད་དོ། ། བློ་གྲོས་ཆེན་པོ་ཡོན་ཏན་དང་ཉེས་པ་འདི་དག་ལ་སོགས་པ་མཐོང་བའི་ཕྱིར་ བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའ་བར་བཤད་དོ། །
BO
བློ་གྲོས་ཆེན་པོ་གལ་ཏེ་ཇི་ལྟར་ཡང་སུའང་ཤ་མི་ཟ་ན་ནི་དེའི་ཕྱིར་སྲོག་ཆགས་རྣམས་ཀྱང་གསོད་པར་མི་འགྱུར་ན། བློ་གྲོས་ཆེན་པོ་སྲོག་ཆགས་ཉེས་པ་མེད་པར་རིན་གྱི་ཕྱིར་བསད་པ་ནི་ ཕལ་ཆེའི་དེ་ལས་གཞན་གྱི་ཕྱིར་ནི་ཉུང་ངོ་། ། བློ་གྲོས་ཆེན་པོ་རོ་ལ་སྲེད་པ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། དེ་ལ་ཤིན་ཏུ་བསྙེན་པས་མིའི་ཤ་དག་ཀྱང་མིས་བཟའ་བར་གྱུར་ན། {རི་དགས་,རི་དྭགས་}དང་། ཕྱུགས་དང་། བྱ་དང་། སྲོག་ཆགས་ལས་བྱུང་བའི་ཤ་དེ་དག་ལྟ་ཅི་སྨོས། བློ་གྲོས་ཆེན་ པོ་ཤའི་རོ་ལ་སྲེད་པས་གཟིར་བ་རྣམས་ཀྱིས་རྒྱ་དང་འཁྲུལ་འཁོར་འདི་དག་དེ་ལྟ་དེ་ལྟར་བཅའ་སྟེ་དེ་དག་གིས་ནི་བྱ་བ་དང་། ཤན་པ་དང་། ཉ་པ་ལ་སོགས་པས་ནམ་མཁའ་ལ་རྒྱུ་བ་དང་། ས་ལ་འགྲོ་བ་དང་། ཆུ་ལ་རྒྱུ་བའི་སྲོག་ཆགས་ཉེས་པ་མེད་པ་རྣམས་རྣམ་ པ་དུ་མས་གསོད་པར་བྱེད་དོ། ། བློ་གྲོས་ཆེན་པོ་འོན་ཀྱང་རྔོན་པར་གྱུར་པའི་སེམས་གཏུམ་པ་ཅན་སྲིན་པོ་ལྟར་སྙིང་རྗེ་མེད་པ་རྣམས་ནི་སྲོག་ཆགས་སུ་འདུ་ཤེས་པས་གསོད་ཅིང་ཟ་ཡང་སྙིང་རྗེ་ནམ་ཡང་མི་སྐྱེའོ། ། བློ་གྲོས་ཆེན་པོ་གང་ཉེ་བར་བཟུང་སྟེ་ཉན་ཐོས་རྣམས་ལ་གནང་བར་ བྱ་བ་མ་བྱས་པ་དང་། བྱེད་དུ་མ་བཅུག་པ་དང་།
BO
མ་བརྟགས་པ་ཞེས་བྱ་བའི་ཤ་ཡང་རུང་བ་མེད་ན། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཤཱཀྱའི་སྲས་ཀྱི་ཡིན་ནོ་ཞེས་ཁས་ལེན་པ་ངུར་སྨྲིག་གི་རྒྱལ་མཚན་ཐོགས་པ། སྐྱེས་བུ་གླེན་པ་ ལོག་པའི་རྟོག་གེས་སེམས་ཉམས་པར་གྱུར་པ། འདུལ་བ་ལ་རྣམ་པ་མང་པོར་རྣམ་པར་རྟོག་པ། སྨྲ་བའི་འཇིག་ཚོགས་ལ་ལྟ་བ་རྒྱས་པ། རོའི་སྲེད་པ་ལ་ཆགས་པ་རྣམས་ཤ་ཟ་བའི་གཏན་ཚིགས་སུ་སྣང་བ། དེ་དང་དེ་དག་སྟོན་ཏེ། ང་ལ་ཡང་ཡང་དག་ པ་མ་ཡིན་པར་སྐུར་པ་འདེབས་པར་སེམས་སོ། ། དོན་བྱུང་བའི་གླེང་གཞི་དེ་དང་དེ་དག་ལ་བརྟགས་ནས་སྨྲ་སྟེ། དོན་བྱུང་བ་འདི་ནི་གླེང་གཞི་ལས་བཅོམ་ལྡན་འདས་ཀྱིས་ཤའི་ཟས་གནང་སྟེ་རུང་བའང་མ་ཡིན། ཁ་ཟས་བསོད་པར་ཡང་གསུངས་ཏེ། དེ་བཞིན་ གཤེགས་པ་ཉིད་ཀྱིས་ཀྱང་གསོལ་ཅེའོ་ཞེས་ཟེར་རོ། ། བློ་གྲོས་ཆེན་པོ་མདོ་གང་ལས་བསྙེན་པར་གནང་བ་མེད་དེ། ཟས་བསོད་པའི་ནང་དུའང་རུང་བར་མ་བཤད་དོ། ། བློ་གྲོས་ཆེན་པོ་གལ་ཏེ་ངས་གནང་བར་བྱ་བར་འདོད་དམ། ངའི་ཉན་ཐོས་རྣམས་ཀྱིས་ བསྙེན་པར་རུང་བ་ཞིག་ཡིན་ན་ནི། བྱམས་པས་གནས་པའི་རྣལ་འབྱོར་ཅན་དུར་ཁྲོད་པ་རྣམས་དང་།
BO
ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་སེམས་ཅན་ཐམས་ཅད་བུ་གཅིག་བཞིན་དུ་འདུ་ཤེས་བསྒོམ་པའི་ཕྱིར་ཤ་ཐམས་ ཅད་ཟ་བ་གཅོད་པར་ཡང་བྱས་སོ། ། བློ་གྲོས་ཆེན་པོ་ངས་ནི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཆོས་འདོད་པ་ཐེག་པ་ཐམས་ཅད་ལ་རབ་ཏུ་ཞུགས་པ་རྣམས་དང་། དུར་ཁྲོད་པ་བྱམས་པ་ལ་གནས་པ་དགོན་པ་པ་རྣལ་འབྱོར་ལ་སྤྱོད་པ་རྣམས་ཀྱི་རྣལ་འབྱོར་ཐམས་ཅད་སྒྲུབ་པ་དང་། སེམས་ཅན་ཐམས་ཅད་བུ་བཞིན་དུ་འདུ་ཤེས་བསྒོམ་པའི་ཕྱིར། ཤ་ཐམས་ཅད་གཅོད་པར་ཡང་བྱས་སོ། ། བསྟན་པ་བརྗོད་པ་དེ་དང་དེ་ལ་བསླབ་པའི་གཞི་རིམ་པས་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་གསུམ་བཅས་ནས་དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་ སྟེ་དེའི་ཕྱིར་རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ཐབས་མེད་པར་རིལ་གྱིས་བཀག་སྟེ། དེ་ལྟར་བློ་གྲོས་ཆེན་པོ། ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་ གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །
BO
བློ་གྲོས་ཆེན་པོ་གང་ཡང་ང་ལ་དེ་བཞིན་གཤེགས་པས་ཀྱང་གསོལ་ཏོ་ཞེས་སྐུར་པ་འདེབས་པར་སེམས་པ་དེ་ཡང་བློ་གྲོས་ཆེན་པོ་སྐྱེས་བུ་བླུན་པོ་རང་གི་ལས་ཀྱི་ཉེས་པའི་སྒྲིབ་པ་ལ་གནས་པ་དེ་དག་ལ་ཡུན་ རིང་པོར་དོན་མེད་པ་དང་། གནོད་པ་དང་། མི་བདེ་བ་སྒྲུབ་པར་འགྱུར་རོ། ། བློ་གྲོས་ཆེན་པོ་ངའི་འཕགས་པ་ཉན་ཐོས་རྣམས་ནི་ཁ་ཟས་ཐ་མལ་པའང་མི་ཟ་ན་ཤ་དང་ཁྲག་གི་ཟས་མི་རུང་བ་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་ངའི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་ སེམས་དཔའ་རྣམས་ནི་ཆོས་ཀྱི་ཟས་ཟ་སྟེ། ཟང་ཟིང་གི་ཟས་ནི་མ་ཡིན་ན། དེ་བཞིན་གཤེགས་པ་རྣམས་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ། ཆོས་ཀྱི་ཟས་ཀྱིས་གནས་པ་ཡིན་ཏེ། ཟང་ཟིང་གི་སྐུ་མ་ཡིན། ཟང་ཟིང་གི་ཟས་ཐམས་ ཅད་ཀྱིས་གནས་པ་མ་ཡིན་ཏེ། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་སྲེད་པས་ཚོལ་བའི་བག་ཆགས་ཐམས་ཅད་སྤངས་ཤིང་ཉོན་མོངས་པའི་ཉེས་པའི་བག་ཆགས་ཐམས་ཅད་མེད་པ། སེམས་དང་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཐམས་ཅད་མཁྱེན་པ། ཐམས་ ཅད་གཟིགས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་མཚུངས་པར་གཟིགས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །
BO
དེ་ལྟར་བློ་གྲོས་ཆེན་པོ་ང་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན། ཇི་ལྟར་བདག་གི་ བུའི་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་བཟའ་བ་ལྟ་ཅི་སྨོས་ཏེ། ངས་ཉན་ཐོས་རྣམས་ལ་གནང་བ་དང་། བདག་ཉིད་ཀྱིས་ཟོས་སོ་ཞེས་བྱ་བ་འདི་ནི་བློ་གྲོས་ཆེན་པོ་གནས་མེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ སེམས་ཆེན་གྱིས། ། ཆང་དང་ཤ་དང་སྒོག་བཙོང་དག ། བཟའ་ཞིང་བཏུང་བར་མི་བགྱི་བ། ། རྒྱལ་བ་ཁྱུ་མཆོག་བཤད་དུ་གསོལ། ། དྲི་ང་འཕགས་པ་མིན་པས་བསྙེན། ། མི་སྙན་པར་ཡང་བྱེད་པ་སྟེ། ། ཤ་ནི་གཅན་གཟན་རྣམས་ཀྱི་ཟས། ། བཟར་མི་རུང་ བར་ཐུབ་ཆེན་གསུངས། ། ཟོས་ན་ཉེས་པ་གང་ཡིན་དང་། ། མ་ཟོས་པ་ཡི་ཡོན་ཏན་དག ། ཤ་ཟ་དེ་ལ་གང་ཡོད་པ། ། བློ་གྲོས་ཆེན་པོས་ཤེས་པར་གྱིས། ། འཁྲུལ་བ་དང་ནི་གཉེན་བཤེས་དང་། ། ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། ། འབྱུང་པོ་རྣམས་ནི་ དངང་འགྱུར་བས། ། རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། ། ཤ་རྣམས་དང་ནི་སྒོག་བཙོང་དག ། ཆང་དག་རྣམ་པ་སྣ་ཚོགས་དང་། ། ཀེའུ་དང་སྒོག་སྐྱ་དེ་བཞིན་ཏེ། ། རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤང་། ། འབྲུ་མར་གྱིས་ཀྱང་བྱུག་པ་སྤང་།
BO
། ཁྲི་ལ་རྟེན་ འཆའི་སེམས་ཅན་རྣམས། ། བུ་ག་བུ་གར་འཇིག་འགྱུར་ཕྱིར། ། ཁྲི་ལ་ཉལ་བར་མི་བྱའོ། ། ཟས་ལས་དྲེགས་པ་སྐྱེ་བར་འགྱུར། ། རྟོག་པ་དྲེགས་ལས་བྱུང་བ་སྟེ། ། རྟོག་པས་འདོད་ཆགས་རབ་ཏུ་བསྐྱེད། ། དེ་ཡི་ཕྱིར་ན་བཟར་མི་བྱ། ། རྟོག་པ་ལས་ནི་འདོད་ ཆགས་བསྐྱེད། ། འདོད་ཆགས་ཀྱིས་ནི་སེམས་རྨོངས་བྱེད། ། རྨོངས་པས་འདུ་བར་རབ་ཏུ་འགྱུར། ། སྐྱེ་སྟེ་འགྲོལ་བར་མི་འགྱུར་རོ། ། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། ། ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། ། དེ་དག་གཉིས་ཀ་སྡིག་ལས་ཅན། ། འོ་དོད་འབོད་ལ་སོགས་ པར་བཙོ། ། གང་གིས་ཐུབ་པའི་ཚིག་འདས་ཏེ། ། བསམ་པ་ངན་པ་ཤ་ཟ་ན། ། འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། ། ཤཱཀྱའི་བསྟན་ལས་བརྟུལ་ཞུགས་བླངས། ། ཤིན་ཏུ་མི་བཟད་དམྱལ་བར་ཡང་། ། སྡིག་གི་ལས་ཅན་དེ་དག་འདོང་། ། མ་རུངས་འོ་དོད་འབོད་ སོགས་སུ། ། ཤ་ཟ་དེ་དག་བཙོ་བར་འགྱུར། ། རྣམ་གསུམ་དག་པའི་ཤ་རྣམས་ནི། ། མ་བརྟགས་པ་དང་མ་བསླངས་དང་། ། མ་བསྐུལ་བ་ཡང་ཡོད་མེད་པས། ། དེ་བས་ཤ་ནི་མི་བཟའོ། ། རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། ། ང་དང་སངས་རྒྱས་དག་གིས་ བཤད། ། སེམས་ཅན་གཅིག་ལ་གཅིག་ཟ་བ། །
BO
ཤ་ཟན་དག་གི་རིགས་སུ་སྐྱེ། ། དྲི་མི་ཞིམ་ཞིང་སྨད་པ་དང་། ། སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། ། གདོལ་པ་སྨེ་ཤ་ཅན་རིགས་དང་། ། བཙོ་བླག་མཁན་དུ་ཡང་ཡང་སྐྱེ། ། ཕྲ་མེན་རིགས་ཀྱི་སྐྱེ་གནས་དང་། ། ཤ་ ཟའི་རིགས་སུ་སྐྱེ་བར་འགྱུར། ། མི་ཡི་ཐ་མ་དེ་དག་ནི། ། སྲིན་དང་བྱི་ལའི་མངལ་དུ་སྐྱེ། ། གླང་པོའི་རྩལ་དང་སྤྲིན་ཆེན་དང་། ། མྱ་ངན་འདས་དང་སོར་ཕྲེང་དང་། ། ལང་ཀར་གཤེགས་པའི་མདོ་ལས་ཀྱང་། ། ངས་ནི་ཤ་ཡང་རྣམ་པར་སྨད། ། སངས་རྒྱས་བྱང་ ཆུབ་སེམས་དཔའ་དང་། ། ཉན་ཐོས་རྣམས་ཀྱིས་སྨད་པ་ལ། ། ངོ་མི་ཚ་བར་ཟ་བ་ནི། ། རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། ། ཤ་ལ་སོགས་པ་སྤངས་པའི་ཕྱིར། ། བྲམ་ཟེའི་རིགས་སམ་རྣལ་འབྱོར་ཅན། ། ཤེས་རབ་ཅན་དང་ནོར་ལྡན་པར། ། དེ་དག་རྣམས་ནི་སྐྱེ་བར་འགྱུར། ། མཐོང་དང་ཐོས་དང་དོགས་པ་ཡིས། ། ཤ་རྣམས་ཐམས་ཅད་རྣམ་པར་སྨད། ། ཤ་ཟན་རིགས་སུ་སྐྱེས་པ་ཡི། ། རྟོག་གེ་པ་རྣམས་མི་ཤེས་སོ། ། ཇི་ལྟར་འདོད་ཆགས་ཐར་པ་ལས། ། བར་ཆད་བྱེད་པར་འགྱུར་བ་བཞིན། ། དེ་ལྟར་ཤ་དང་ཆང་ལ་སོགས། ། བར་ཆད་ བྱེད་པར་འགྱུར་བའོ། ། མ་འོངས་པ་ཡི་དུས་ན་ནི། ། ཤ་ཟ་གཏི་མུག་སྨྲ་བ་དག །
BO
ཤ་ནི་སྡིག་མེད་རུང་བའོ་ཞེས། ། སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། ། ཟས་ལ་སྨན་དང་འདྲ་བ་དང་། ། བུ་ཡི་ཤ་དང་མཚུངས་པ་ཡང་། ། རན་པ་དང་ནི་མི་འཕྲོད་པར། ། རྣལ་འབྱོར་ ཅན་གྱིས་ཟས་ལ་སྤྱོད། ། སེང་གེ་དག་དང་སྟག་རྣམས་དང་། ། ཝ་ལ་སོགས་དང་འགྲོགས་བྱ་བ། ། ངས་ནི་བྱམས་པས་གནས་པ་ལ། ། རྟག་པར་རྣམ་པ་ཀུན་ཏུ་སྨད། ། ཐར་པའི་ཆོས་དང་འགལ་བའི་ཕྱིར། ། མི་རྣམས་དངང་བར་འགྱུར་བའི་ཤ། ། དེ་ཕྱིར་ བཟའ་བར་མི་བྱ་སྟེ། ། འདི་ནི་འཕགས་པའི་རྒྱལ་མཚན་ནོ། ། ལང་ཀར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཀྱི་སྙིང་པོ་ལས་ཤ་མི་ཟ་བའི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་བཀའ་སྩལ་པ། གང་ འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པ་དང་། འཆད་པ་དང་། འཆད་པར་འགྱུར་བ་དང་། ད་ངས་ཀྱང་ཆོས་སྨྲ་བ་རྣམས་ཡོངས་སུ་གཟུང་བའི་ཕྱིར་བཤད་ཀྱིས། ལང་ཀར་གཤེགས་པའི་སྔགས་ཀྱི་ཚིག་ཁྱོད་ ཀྱིས་ཟུང་ཤིག ། འདི་ལྟ་སྟེ། ཏུད་ཊེ་ཏུད་ཊེ། བུད་ཊེ་བུད་ཊེ། པད་ཊེ་པད་ཊེ། ཀད་ཊེ་ཀད་ཊེ། ཨ་མ་ལེ། ཨ་མ་ལེ། བི་མ་ལེ། བི་མ་ལེ། ནི་མེ་ནི་མེ།
BO
ཧི་མེ་ཧི་མེ། བ་མེ་བ་མེ། ཀ་ལེ་ཀ་ལེ། ཀ་ལ་ཀ་ལེ། ཨད་ཊེ། མད་ཊེ། བད་ཊེ། ཏུད་ཊེ། རྙད་ཊེ། སྤུད་ཊེ། ཀད་ཊེ། ལད་ཊེ། པད་ཊེ། ཧི་མེ་ཧི་མེ། དི་མེ་དི་མེ། ཙ་ལེ་ཙ་ལེ། པ་ཙེ་པ་ཙེ། བྷན་དེ་བྷན་དེ། ཨན་ཚེ་མན་ཙེ། ཊུ་ཌཱ་རེ། དྷུ་ཌཱ་རེ། པ་ཌཱ་རེ། ཨག་ཀེ ། ཨག་ཀེ ། མག་ཀེ ། མག་ཀེ ། ཙག་ཀྲེ། ཙག་ཀྲེ། དི་མེ་དི་མེ། ཧི་མེ་ཧི་མེ། ཊུ་ཊུ་ཊུ་ཊུ། ཋུ་ཋུ་ཋུ་ཋུ། ཌུ་ཌུ་ཌུ་ཌུ། ཊྚུ་ཊྚུ་ཊྚུ་ཊྚུ། སྭཱ་ཧཱ། བློ་གྲོས་ཆེན་པོ་ལང་ཀར་གཤེགས་པའི་མདོའི་སྔགས་ཀྱི་ཚིག་ནི་འདི་དག་ཡིན་ནོ། ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་སྔགས་ཀྱི་ཚིག་འདི་དག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པར་འགྱུར་བ་དེ་ལས་སུས་ཀྱང་སྐབས་མི་རྙེད་དེ། ལྷའམ། ལྷ་མོའམ། ཀླུའམ། ཀླུ་མོའམ། གནོད་སྦྱིན་ནམ། གནོད་སྦྱིན་མོའམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོའམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་མོའམ། མིའམ་ཅིའམ། མིའམ་ཅི་མོའམ། ལྟོ་འཕྱེ་ཆེན་པོའམ། ལྟོ་འཕྱེ་ཆེན་པོ་མོའམ། དྲི་ཟའམ། དྲི་ ཟ་མོའམ། འབྱུང་པོའམ། འབྱུང་པོ་མོའམ། གྲུལ་བུམ་མམ། གྲུལ་བུམ་མོའམ། ཤ་ཟའམ། ཤ་ཟ་མོའམ། གནོན་པོའམ། གནོན་མོའམ། བརྗེད་བྱེད་དམ།
BO
བརྗེད་བྱེད་མོའམ། སྲིན་པོའམ། སྲིན་མོའམ། ཕྲ་མེན་ཕའམ། ཕྲ་མེན་མའམ། མདངས་འཕྲོག་ཕོའམ། མདངས་ འཕྲོག་མོའམ། ལུས་སྲུལ་པོའམ། ལུས་སྲུལ་མོའམ། མིའམ། མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་དེ། གལ་ཏེ་གདོན་དྲག་པོ་ཞིག་བྱུང་ན་དེ་ལ་བརྒྱ་རྩ་བརྒྱད་དུ་བསྔགས་པས་ངུ་འབོད་ཅིང་ཕྱོགས་གཅིག་ཏུ་བལྟ་སྟེ་འགྲོ་བར་འགྱུར་རོ། ། བློ་གྲོས་ཆེན་པོ་ ཡང་སྔགས་ཀྱི་ཚིག་གཞན་དག་ཀྱང་བཤད་པར་བྱའོ། ། འདི་ལྟ་སྟེ། པད་མེ། པད་མ། དེ་བེ། ཧེ་ནེ་ཧི་ན་ཧི་ནེ། ཙུ་ལེ་ཙུ་ལཱ་ཙུ་ལེ། ཧུ་ལེ་ཧུ་ལ་ཧུ་ལེ། ཡུ་ལེ་ཡུ་ལ་ཡུ་ལེ། པ་ལེ་པ་ལ་པ་ལེ། མུན་ཙེ། ཚིན་དྷེ། བྷིན་དྷེ། བྷན་ཚེ། མརྡེ་པྲ་མརྡེ་དི་ན་ཀ་རེ་སྭཱ་ཧཱ། བློ་གྲོས་ཆེན་པོ་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་སྔགས་ཀྱི་ཚིག་འདི་དག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་ན། ལྷའམ། ལྷ་མོའམ། ཀླུའམ། ཀླུ་མོའམ། གནོད་སྦྱིན་ནམ། གནོད་སྦྱིན་མོའམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོའམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་མོའམ། མིའམ་ཅིའམ། མིའམ་ཅི་མོའམ། ལྟོ་འཕྱེ་ཆེན་པོའམ། ལྟོ་འཕྱེ་ཆེན་མོའམ། དྲི་ཟའམ། དྲི་ཟ་མོའམ། འབྱུང་པོའམ།
BO
འབྱུང་མོའམ། གྲུལ་བུམ་མམ། གྲུལ་བུམ་མོའམ། ཤ་ཟའམ། ཤ་ཟ་མོའམ། གནོན་པོའམ། གནོན་མོའམ། བརྗེད་བྱེད་དམ། བརྗེད་བྱེད་མོའམ། སྲིན་པོའམ། སྲིན་མོའམ། ཕྲ་མེན་ཕའམ། ཕྲ་མེན་མའམ། མདངས་འཕྲོག་ཕའམ། མདངས་འཕྲོག་མའམ། ལུས་སྲུལ་པོའམ། ལུས་སྲུལ་མོའམ། མིའམ་མི་མ་ཡིན་པ་དེ་དག་ ཐམས་ཅད་ཀྱིས་ཀྱང་གླགས་མི་རྙེད་དོ། ། གང་སྔགས་ཀྱི་ཚིག་འདི་དག་ཀློག་པར་བྱེད་པ་དེས་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་རོ། ། སྔགས་ཀྱི་ཚིག་འདི་དག་ནི་བཅོམ་ལྡན་འདས་ཀྱིས་སྲིན་པོ་རྣམས་བཟློག་པའི་ཕྱིར་གསུངས་སོ། ། ། ། འཕགས་པ་ལང་ཀར་གཤེགས་པ་བམ་པོ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། འཇིག་རྟེན་འདི་ནི་སྐྱེ་འཇིག་བྲལ། ། ནམ་མཁའི་མེ་ཏོག་རབ་ཏུ་འདྲ། ། ཁྱོད་ཀྱི་ ཤེས་རབ་ཐུགས་རྗེ་ཡིས། ། ཡོད་དང་མེད་པར་མ་དམིགས་སོ། ། འཇིག་རྟེན་རྟག་དང་ཆད་སྤངས་པ། ། ཁོར་ཟུག་རྨི་ལམ་འདྲ་བ་སྟེ། ། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། ། ཡོད་དང་མེད་པར་མ་དམིགས་སོ། ། ཆོས་རྣམས་ཐམས་ཅད་སྒྱུ་མ་བཞིན། ། སེམས་དང་རྣམ་པར་ ཤེས་པ་སྤངས། །
BO
ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། ། ཁྱོད་ཀྱིས་ཡོད་དང་མེད་མ་དམིགས། ། ཆོས་དང་གང་ཟག་བདག་མེད་དང་། ། ཁྱོད་ཀྱི་ཉོན་མོངས་ཤེས་བྱའི་རྣམས། ། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་དང་། ། མཚན་མ་མེད་པས་རྟག་ཏུ་དག ། མྱ་ངན་མི་འདའ་འདའ་ ལ་མིན། ། ཁྱོད་ལ་མྱ་ངན་འདའ་མི་གནས། ། བློ་དང་རིག་པར་བགྱི་དང་བྲལ། ། ཡོད་དང་མེད་པའི་ཕྱོགས་ཀྱང་སྤངས། ། དེ་ལྟར་སྐྱེ་འཇིག་སྤངས་པ་ཡི། ། ཐུབ་པ་ཞི་བ་སུས་མཐོང་བ། ། དེ་དག་འདི་དང་སླད་མར་ཡང་། ། ཆགས་མེད་ཉེར་ལེན་མེད་པར་འགྱུར། ། སེམས་ སླུ་བ་ཡི་སྨིག་རྒྱུ་བ། ། ཇི་ལྟར་དཔྱིད་ཀ་གཡོ་བ་ན། ། {རི་དགས་,རི་དྭགས་}རྣམས་ནི་ཆུར་འཛིན་ཏེ། ། དེ་ལ་དངོས་པོ་ཡོད་པ་མིན། ། དེ་བཞིན་རྣམ་ཤེས་ས་བོན་ཡང་། ། ལྟ་བའི་ཡུལ་ལ་རབ་ཏུ་གཡོ། ། བྱིས་པ་རྣམས་ནི་སྐྱེ་བར་འཛིན། ། རབ་རིབ་ཅན་གྱི་རབ་རིབ་བཞིན། ། བསམ་ གཏན་བསམ་བྱ་བསམ་གཏན་པ། ། སྤོང་དང་བདེན་པ་མཐོང་བ་དང་། ། དེ་དག་རྟོག་པ་ཙམ་ཡིན་པར། ། གང་གིས་རྟོགས་པ་དེ་འགྲོལ་ལོ། ། ཆོས་འདི་དག་ནི་སྙིང་པོ་མེད། ། རློམ་སེམས་ལས་ནི་བྱུང་བ་ཡིན། ། གང་གིས་སྟོང་ཞེས་སྙེམས་པ་ཡི། ། སྙེམས་པ་དེ་ཡང་སྟོང་ པའོ། །
BO
ཕུང་པོ་རྣམ་པར་ཤེས་དང་ལྔ། ། ཆུ་ལ་ཤིང་གི་གྲིབ་མ་བཞིན། ། སྣང་བ་སྒྱུ་མ་རྨི་ལམ་འདྲ། ། རྣམ་པར་རིག་པར་མ་རྟོག་ཤིག ། སྒྱུ་མ་རོ་ལངས་འཁྲུལ་འཁོར་དང་། ། རྨི་ལམ་གློག་དང་སྤྲིན་ལྟ་བུར། ། ནམ་ཡང་རྒྱུད་གསུམ་རྣམ་འཆད་པར། ། སྐྱེ་བོས་མཐོང་ན་རྣམ་ པར་འཐར། ། ཚུལ་བཞིན་མ་ཡིན་རྣམ་རྟོག་པས། ། སྣ་ཚོགས་རྣམ་པ་བརྒྱད་དམ་དགུར། ། རྣམ་པར་ཤེས་པ་འཇུག་འགྱུར་ཏེ། ། ཇི་ལྟར་རྒྱ་མཚོའི་རླབས་བཞིན་ནོ། ། རྟག་ཏུ་བག་ཆགས་དག་གིས་བསྐྱེད། ། རྩ་བ་ཟུག་ཅིང་གནས་ཀྱང་བརྟན། ། སྤྱོད་ཡུལ་དག་ཏུ་སེམས་ འཁྱམ་སྟེ། ། ཁབ་ལོང་གིས་ནི་ལྕགས་བཞིན་ནོ། ། སེམས་ཅན་ཀུན་ལ་གནས་པ་སྟེ། ། རིགས་ཀྱི་ས་ནི་རྟོག་པ་སྤངས། ། ཤེས་རབ་ཤེས་བྱ་རྣམ་སྤངས་ཤིང་། ། བྱེད་ལས་གྲོལ་ན་རྣམ་པར་ལྡོག ། ས་བཅུ་ལས་ནི་རྣམ་བྱུང་བ། ། སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། ། འདུ་ ཤེས་རྣམ་ཤེས་སྤངས་པ་ཡི། ། སེམས་ཀྱི་རྒྱལ་པོ་བལྟ་བར་བྱ། ། སེམས་ནི་ནམ་ཞིག་གྱུར་པ་ན། ། པད་མོ་འདྲ་བའི་གཞལ་མེད་ཁང་། ། སྒྱུ་མའི་སྤྱོད་ཡུལ་འབྱུང་བ་ན། ། དེ་ཡི་ཚེ་ན་ཐེར་ཟུག་གནས། ། དེ་ན་གནས་པར་གྱུར་ནས་ནི། ། ལྷུན་གྱིས་གྲུབ་པའི་སྤྱོད་རིག་ པས། །
BO
སྣ་ཚོགས་གཟུགས་ཀྱི་ནོར་བུ་བཞིན། ། སེམས་ཅན་ཀུན་གྱི་དོན་བྱེད་དོ། ། རྣམ་པར་རྟོག་ལས་གུད་ན་ནི། ། འདུས་བྱས་འདུས་མ་བྱས་མེད་ན། ། མོ་ཤམ་རྨི་ལམ་བུ་བཞིན་ནོ། ། བྱིས་པ་ཕྱོགས་བསླད་འཛིན་པར་བྱེད། ། རང་བཞིན་མེད་དང་མི་སྐྱེ་དང་། ། གང་ ཟག་དང་ནི་ཕུང་པོའི་རྒྱུད། ། རྐྱེན་དང་ཁམས་དང་ཤེས་བྱ་དང་། ། སྟོང་པ་སྲིད་དང་མི་སྲིད་རྣམས། ། ངས་ནི་ཐབས་སུ་བཤད་པ་སྟེ། ། ང་ནི་མཚན་ཉིད་མི་འཆད་ན། ། མཚན་གྱི་གཞི་དང་མཚན་ཉིད་དུ། ། བྱིས་པ་རྣམས་ནི་དངོས་པོར་འཛིན། ། ཐམས་ཅད་མཁྱེན་ ཀྱང་ཐམས་ཅད་མཁྱེན་པ་མིན། ། ཐམས་ཅད་ཀྱི་ཡང་དབུས་ལ་ཐམས་ཅད་མེད། ། བྱིས་པ་འཇིག་རྟེན་སངས་རྒྱས་འདི་ཞེས་རྟོག ། ཤེས་པར་མི་བྱེད་སྟོན་པར་ཡང་མི་བྱེད། ། བཏགས་པ་འདི་ནི་མིང་ཙམ་སྟེ། ། མཚན་ཉིད་ཀྱིས་ནི་མེད་པའོ། ། གང་ལ་དེ་ནི་རྣམ་ བརྟག་པའི། ། ཕུང་པོ་སྐྲ་ཤད་འཛིངས་པ་འདྲ། ། མེད་ལས་འབྱུང་བ་{ཆུང་ཟད་,ཅུང་ཟད་}མེད། ། རྐྱེན་རྣམས་ཀྱིས་ནི་འཇིག་མི་འགྱུར། ། ནམ་མཁའི་མེ་ཏོག་མོ་ཤམ་བུ། ། དེ་ལྟར་འདུས་བྱས་ནམ་མཐོང་བ། ། དེ་ཚེ་གཟུང་དང་འཛིན་པ་ནི། ། ནོར་བར་མཐོང་ནས་ལྡོག་པར་འགྱུར། ། མཚན་ཉིད་དང་ནི་བྱ་བ་དང་། །
BO
དངོས་པོར་མྱ་ངན་ང་མི་འདས། ། རྣམ་རྟོག་རྣམ་ཤེས་བཟློག་པ་ན། ། ང་ནི་མྱ་ངན་འདས་པའོ། ། ཇི་ལྟར་ཆུ་ཆེན་ཟད་པའི་ཚེ། ། རླབས་རྣམས་འབྱུང་བར་མི་འགྱུར་བ། ། དེ་བཞིན་འགགས་པར་གྱུར་ན་ནི། ། རྣམ་ཤེས་ སྣ་ཚོགས་མི་འབྱུང་ངོ་། ། སྟོང་པ་ངོ་བོ་ཉིད་མེད་པ། ། སྒྱུ་མ་བཞིན་དུ་མ་སྐྱེས་རྣམས། ། ཡོད་དང་མེད་པ་མ་ཡིན་ཏེ། ། དངོས་པོ་འདི་དག་རྨི་ལམ་བཞིན། ། ང་ནི་རང་བཞིན་གཅིག་འཆད་པ། ། རྟོག་གེ་མཚན་མ་རིགས་སྤངས་པ། ། འཕགས་པའི་ལྷ་ཡི་སྤྱོད་ཡུལ་ཏེ། ། རང་བཞིན་རྣམ་གཉིས་སྤངས་པའོ། ། འཛིན་པ་མེད་ཅིང་གཟུང་བ་མེད། ། ཐར་པ་མེད་ཅིང་འཆིང་བ་མེད། ། སྒྱུ་མ་དང་ནི་སྨིག་རྒྱུ་འདྲ། ། རྨི་ལམ་རབ་རིབ་ཇི་བཞིན་དུ། ། གང་ཚེ་ཡང་དག་དོན་འདོད་པ། ། རྣམ་པར་མི་རྟོག་ཆགས་མེད་པས། ། མཐོང་བ་དེ་ལ་རྣལ་འབྱོར་ཞུགས། ། ཐེ་ཙོམ་མེད་པར་ང་ཡང་མཐོང་། ། དེ་ལ་རྣམ་རིག་གང་ཡང་མེད། ། ཇི་ལྟར་ནམ་མཁའི་སྨིག་རྒྱུ་བཞིན། ། ཆོས་རྣམས་དེ་ལྟར་ཤེས་ན་ནི། ། ཅི་ཡང་ཤེས་པ་མེད་པའོ། ། ཁམས་རྣམས་རབ་ཏུ་འཁྲུགས་པའི་ཕྱིར། ། སྲིན་བུ་མེ་ཁྱེར་ལྟ་བུ་དག ། མེད་ཀྱང་མྱོས་ལ་སྣ་ཚོགས་སྣང་། ། དེ་བཞིན་འཇིག་རྟེན་རང་བཞིན་ནི། །
BO
རྩྭ་དང་ཤིང་དང་གྱོ་མོ་ལས། ། སྒྱུ་མ་རྣམ་པར་མཛེས་གྱུར་ཀྱང་། ། སྒྱུ་མ་དེ་ནི་མེད་པ་སྟེ། ། ཆོས་ཀྱི་རང་བཞིན་དེ་བཞིན་ནོ། ། རྐྱེན་རྣམས་ཡོད་དང་མེད་པ་ལས། ། ཆོས་རྣམས་འབྱུང་བ་མེད་པ་སྟེ། ། ཁམས་གསུམ་ན་ནི་ནོར་བ་ཡི། ། དེ་ཕྱིར་སྣ་ ཚོགས་སྣང་བར་འགྱུར། ། འཇིག་རྟེན་རྨི་ལམ་ངོ་བོ་ཉིད་མཚུངས་ཏེ། ། དེ་ན་སྣ་ཚོགས་ཀྱི་ཡང་གཟུགས་རྣམས་སྣང་། ། རེག་དང་ལོངས་སྤྱོད་ལུས་ཀྱི་མཐར་འགྲོ་དང་། ། འཇིག་རྟེན་གཙོ་དང་བྱེད་པ་རྣམས་མཚུངས་སོ། ། སེམས་འདི་ཁམས་གསུམ་སྐྱེ་གནས་གྱུར་པ་ཡིན། ། སེམས་ འཁྲུལ་འདི་དང་ཕ་རོལ་སྣང་བའོ། ། འཇིག་རྟེན་མེད་ཕྱིར་དེ་ལ་བརྟག་མི་བྱ། ། འཇིག་རྟེན་དེ་འདྲའི་རང་བཞིན་རྟོགས་ནས་ནི། ། མི་གཙང་གནས་ཀྱི་ཐ་མར་ཕྱིན་པར་འགྱུར། ། བྱིས་པ་རྣམས་ནི་གཏི་མུག་ཕྱིར། ། འབྱུང་བ་དང་ནི་འཇིག་པ་མཐོང་། ། ཤེས་རབ་ལྡན་པ་རྣམས་དག་ནི། ། འབྱུང་བ་འཇིག་པ་མཐོང་བ་མེད། ། ལྷ་ཡི་ཕོ་བྲང་འོག་མིན་ནོ། ། སྡིག་པ་ཐམས་ཅད་རྣམ་སྤངས་པར། ། རྟག་ཏུ་རྣམ་པར་མི་རྟོག་ལྡན། ། སེམས་དང་སེམས་ལས་བྱུང་བ་སྤངས། ། སྟོབས་དང་མངོན་ཤེས་དབང་ཐོབ་པ། ། དེ་དག་ཏིང་འཛིན་དབང་རྙེད་ནས། །
BO
རྫོགས་པའི་སངས་རྒྱས་ དེར་འཚང་རྒྱ། ། སྤྲུལ་པ་རྣམས་ནི་འདིར་འཚང་རྒྱ། ། སངས་རྒྱས་རྣམས་ཀྱི་སྤྲུལ་པ་དག ། བྱེ་བ་དཔག་མེད་འབྱུང་བར་འགྱུར། ། བྱིས་པ་ཀུན་ནི་དེ་དག་ལས། ། བྲག་ཅ་འདྲ་ཆོས་བསམ་ཡས་ཉོན། ། ཐོག་མ་དབུས་དང་མཐའ་ལས་གྲོལ། ། དངོས་པོ་དང་ནི་དངོས་མེད་སྤངས། ། ཁྱབ་པ་ མི་གཡོ་དག་པ་སྟེ། ། སྣ་ཚོགས་མེད་ལ་སྣ་ཚོགས་འབྱུང་། ། རྣམ་པར་རིག་པའི་རིགས་ཀྱིས་གཡོགས། ། ལུས་ཅན་ཀུན་ལ་གནས་པ་སྟེ། ། སྒྱུ་མ་ནོར་བ་ཡོད་མོད་ཀྱི། ། སྒྱུ་མ་ནོར་བའི་རྒྱུ་མ་ཡིན། ། འཇིག་རྟེན་དག་ན་སེམས་སླུ་བ། ། ཅུང་ཟད་ཙམ་ནི་གང་ཡོད་པ། ། རང་བཞིན་གཉིས་ དང་འབྲེལ་བ་སྟེ། ། ཀུན་གཞི་རྣམ་པར་ཤེས་པས་སྤྲུལ། ། རྣམ་རིག་ཙམ་གྱི་ལྟ་ཤྭ་དང་། ། གང་ཟག་ཆོས་སུ་སྤྱོད་པར་ཡང་། ། འཇིག་རྟེན་དེ་ལྟར་རྣམ་བསྒོམས་ནས། ། ནམ་ཞིག་ཤིན་ཏུ་གྱུར་པ་ན། ། དེ་ཚེ་ང་ཡི་བུ་ཡིན་ཏེ། ། རྫོགས་པའི་ཆོས་རྣམས་རབ་སྟོན་པ། ། དྲོད་དང་ གཤེར་དང་སྲ་གཡོ་བར། ། ཆོས་རྣམས་བྱིས་པས་རྣམ་པར་བརྟགས། ། ཡང་དག་མ་ཡིན་སྒྲོ་བཏགས་ཏེ། ། མཚན་ཉིད་མེད་ཅིང་མཚན་གཞི་མེད། ། རྒྱུན་རྣམས་ཀྱི་ནི་ལུས་འདི་ལ། ། འདི་ནི་རྫས་བརྒྱད་གཟུགས་ཡིན་ཏེ། །
BO
ལུས་ཀྱི་དབྱིབས་དང་དབང་པོར་ནི། ། བྱིས་པ་ནོར་བ་ རྣམས་རྟོག་གོ། ། རྒྱུ་དང་རྐྱེན་རྣམས་ཚོགས་པ་ལས། ། བྱིས་པ་འབྱུང་བར་རྟོག་པར་བྱེད། ། ཚུལ་འདི་དག་ནི་མི་ཤེས་པས། ། སྲིད་པ་གསུམ་གྱི་གནས་ན་འཁྱམ། ། དངོས་པོ་ཐམས་ཅད་རང་བཞིན་མེད་པ་སྟེ། ། རྟོག་པ་མེ་ཡི་ཚིག་ཡིན་དེ་ཡང་མེད། ། སྲིད་པ་རྨི་ལམ་སྤྲུལ་བཞིན་ བརྟགས་བྱས་ནས། ། འཁོར་བར་མི་བྱ་མྱ་ངན་འདས་མི་བྱ། ། སྣ་ཚོགས་ས་བོན་ཞེས་བྱའི་སེམས། ། སེམས་ཀྱི་སྤྱོད་ཡུལ་ལ་སྣང་སྟེ། ། སྣང་ནས་རྟོག་པ་གཉིས་དག་གི། ། བྱིས་པ་རྣམས་ནི་སྐྱེ་བར་རྟོག ། མི་ཤེས་པ་དང་སྲེད་དང་ལས། ། སེམས་དང་སེམས་ལས་བྱུང་གནས་ཏེ། ། གང་ཕྱིར་དེ་ལས་འབྱུང་བས་ན། ། དེ་ནི་གཞན་གྱི་དབང་དུ་འདོད། ། དེ་དག་གང་དངོས་རྟོག་པ་ནི། ། སེམས་ཀྱི་སྤྱོད་ཡུལ་ནོར་བ་སྟེ། ། རྟོག་པས་གྲུབ་པ་མ་ཡིན་ནོ། ། ལོག་པར་ནོར་བ་རྣམ་པར་བརྟགས། ། རྐྱེན་རྣམས་དང་ནི་འབྲེལ་པ་ལས། ། ལུས་ཅན་རྣམས་ ཀྱི་སེམས་འབྱུང་ངོ་། ། རྐྱེན་རྣམས་ལས་ནི་རྣམ་གྲོལ་ཞིང་། ། རང་གི་མཚན་ཉིད་རྣམ་སྤངས་ཏེ། ། ནམ་ཞིག་ལུས་ལ་མི་གནས་ན། ། དེ་ཕྱིར་ང་ཡི་སྤྱོད་ཡུལ་མིན། ། ཇི་ལྟར་རྒྱལ་པོ་ཚོང་དཔོན་དག །
BO
{རི་དགས་,རི་དྭགས་}འདྲ་བ་སྣ་ཚོགས་ཀྱིས། ། བུ་བྲིད་ཁྱིམ་ན་རྩེར་བཅུག་ནས། ། ནགས་ཀྱི་{རི་དགས་,རི་དྭགས་}ཕྲད་པ་བསྟན། ། དེ་ལྟར་ངས་ནི་ཆོས་རྣམས་ཀྱི། ། གཟུགས་བརྙན་ཙམ་ཉིད་སྣ་ཚོགས་ཀྱིས། ། སོ་སོ་རང་རིག་ཡང་དག་མཐའ། ། བུ་རྣམས་ལ་ནི་ང་འཆད་དོ། ། ཇི་ལྟར་རྒྱ་མཚོའི་རླབས་རྣམས་ནི། ། རླུང་གི་རྐྱེན་གྱིས་བྱུང་བ་དག ། གར་བྱེད་རབ་ཏུ་འཇུག་པར་ འགྱུར། ། རྒྱུན་ཀྱང་ཆད་པར་མི་འགྱུར་རོ། ། དེ་བཞིན་ཀུན་གཞི་ཆུ་བོ་ཡང་། ། རྟག་ཏུ་ཡུལ་གྱི་རྐྱེན་གྱིས་བྱུང་། ། རྣམ་ཤེས་དབའ་རླབས་སྣ་ཚོགས་ཀྱིས། ། གར་བྱེད་རབ་ཏུ་འདུད་པར་འགྱུར། ། གཟུང་དང་འཛིན་པའི་དངོས་པོར་ནི། ། ལུས་ཅན་རྣམས་ཀྱི་སེམས་འཇུག་གོ། ། ཇི་ལྟར་བྱིས་པས་བརྟགས་པ་ལྟར། ། སྣང་བ་ཡི་ནི་མཚན་ཉིད་མེད། ། ཀུན་གཞི་རྣམ་ཤེས་དམ་པ་ནི། ། རྣམ་པར་རིག་སྟེ་ཀུན་གཞི་ཡང་། ། གཟུང་དང་འཛིན་པ་སྤངས་པའི་ཕྱིར། ། དེ་བཞིན་ཉིད་དུ་ངས་བཤད་དོ། ། ཕུང་པོ་རྣམས་ལ་བདག་མེད་དེ། ། སྲོག་ཀྱང་མེད་ཅིང་ གང་ཟག་མེད། ། རྣམ་པར་ཤེས་པ་སྐྱེ་བར་འགྱུར། ། རྣམ་པར་ཤེས་ནི་འགགས་པར་འགྱུར། ། ཇི་ལྟར་རི་མོ་མཐོན་དམན་དུ། ། སྣང་ཡང་ཡོད་པ་མ་ཡིན་པ། །
BO
དེ་བཞིན་དངོས་པོ་རྣམས་ལ་ཡང་། ། དངོས་ཉིད་སྣང་ཡང་ཡོད་པ་མིན། ། ཇི་ལྟར་དྲི་ཟའི་གྲོང་ཁྱེར་དང་། ། ཇི་ལྟ་བུར་ནི་སྨིག་རྒྱུ་དག ། དེ་ལྟར་སྣང་བ་རྟག་མཐོང་ཡང་། ། ཤེས་རབ་ཀྱིས་ནི་ཡོད་མ་ཡིན། ། ཚད་མ་དབང་པོ་རྣམ་པར་ལོག ། འབྲས་བུ་མེད་ཅིང་རྒྱུ་ཡང་མེད། ། བློ་དང་རིག་པར་བྱ་དང་བྲལ། ། མཚན་དང་མཚན་གྱི་གཞི་ཡང་སྤངས། ། ཕུང་པོར་རྟེན་ཅིང་སངས་རྒྱས་པ། ། གང་ནའང་སུས་ཀྱང་མ་མཐོང་སྟེ། ། གང་ན་སུས་གང་མ་མཐོང་བ། ། དེ་ལ་ཇི་ལྟར་རྣམ་པར་བསྒོམ། ། རྐྱེན་དང་གཏན་ཚིགས་དཔེ་རྣམས་དང་། ། དམ་འཆའ་བ་དང་རྒྱུ་རྣམས་ཀྱིས། ། རྨི་ལམ་དྲི་ཟའི་འཁོར་ལོ་དང་། ། སྨིག་རྒྱུ་ཉི་མ་ཟླ་བ་དང་། ། {མྱི་,མི་}གུ་འོད་སོགས་དཔེ་རྣམས་ཀྱིས། ། སྐྱེ་བ་དེ་དག་ངས་བཟློག་གོ། ། འགྲོ་བ་རྨི་ལམ་སྒྱུ་མ་འདྲ། ། སྟོང་པ་དང་ནི་བརྟགས་པ་སྟེ། ། འཇིག་རྟེན་གསུམ་ལ་མི་གནས་ཤིང་། ། ཕྱི་ནང་དུ་ཡང་དེ་བཞིན་ཏེ། ། སྲིད་པ་མ་སྐྱེས་མཐོང་བས་ན། ། མི་སྐྱེ་བཟོད་པ་འབྱུང་བར་འགྱུར། ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། ། ལུས་ཀྱང་སྒྱུ་ མ་ལྟ་བུ་སྟེ། ། མངོན་ཤེས་དབང་དང་སྟོབས་རྣམས་ཀྱང་། ། དེ་ཡི་སེམས་ལ་སྣ་ཚོགས་འགྱུར། །
BO
གང་གི་དངོས་པོ་མ་སྐྱེས་པ། ། སྟོང་པ་ཤིན་ཏུ་རང་བཞིན་མེད། ། དེ་དག་ལ་ནི་རྐྱེན་རྣམས་ཀྱིས། ། ནོར་བ་སྐྱེ་ཞིང་འགག་པར་འགྱུར། ། ཕྱི་རོལ་སྣང་བའི་གཟུགས་ཅན་གྱིས། ། སེམས་ དང་སེམས་ནི་སྣང་བར་འགྱུར། ། ཇི་ལྟར་བྱིས་པས་བརྟགས་པ་ལྟར། ། མཐོང་བར་བྱ་བ་གཞན་མེད་དོ། ། འབྲེལ་བ་རྣམས་དང་སངས་རྒྱས་གཟུགས། ། འབྱུང་བ་རྣམས་ནི་འཇིག་པ་དང་། ། ཤིན་ཏུ་བསླབས་པས་རྣམ་རིག་གིས། ། འགྲོ་བ་སྣ་ཚོགས་བྱིན་གྱིས་རློབ། ། ལུས་དང་གནས་ དང་ལོངས་སྤྱོད་རྣམས། ། གཟུང་བ་རྣམ་རིག་གསུམ་པོ་སྟེ། ། ཡིད་དང་འཛིན་པའི་རྣམ་རིག་དང་། ། རྣམ་པར་རྟོག་ནི་འཛིན་པ་གསུམ། ། རྣམ་པར་རྟོག་དང་རྣམ་བརྟག་པ། ། ཇི་སྲིད་ཡི་གེའི་སྤྱོད་ཡུལ་བ། ། རྟོག་ཅན་རྟོག་གེས་ནོར་པའི་ཕྱིར། ། དེ་སྲིད་ཡང་དག་མི་མཐོང་ངོ་། ། གང་ གི་ཚེ་ན་ཤེས་རབ་ཀྱིས། ། དངོས་པོ་རང་བཞིན་མེད་པར་ཤེས། ། དེ་ཡི་ཚེ་ན་རྣལ་འབྱོར་ཅན། ། མཚན་མེད་གནས་ཤིང་ངལ་ཡང་བསོ། ། བྱ་གག་སྣག་ཙས་བསྐུས་པ་ལ། ། དེ་ཉིད་ཐི་བར་མི་ཤེས་འཛིན། ། མི་ཤེས་པ་ཡི་བྱིས་པ་དག ། ཐེག་པ་གསུམ་ལའང་དེ་བཞིན་ནོ། ། འདི་ལ་ ཉན་ཐོས་གང་ཡང་མེད། ། རང་རྒྱལ་བ་དག་དེ་བཞིན་ཏེ། །
BO
ཉན་ཐོས་དང་ནི་རང་རྒྱལ་བའི། ། གང་གཟུགས་འདི་དག་སྣང་བ་ནི། ། བྱང་ཆུབ་སེམས་དཔའ་སྙིང་བརྩེ་ཅན། ། དེ་དག་སྤྲུལ་པ་སྟོན་པའོ། ། སྲིད་པ་གསུམ་ནི་རྣམ་རིག་ཙམ། ། རང་བཞིན་གཉིས་ནི་བརྟགས་པ་སྟེ། ། ཆོས་ དང་གང་ཟག་འཕོས་པའི་ཕྱིར། ། དེ་གྱུར་པ་ནི་དེ་བཞིན་ཉིད། ། ཉི་མ་ཟླ་བ་མར་མེའི་འོད། ། དེ་བཞིན་འབྱུང་བ་ནོར་བུ་རྣམས། ། རྣམ་པར་མི་རྟོག་ཤིན་ཏུ་འབྱུང་། ། དེ་བཞིན་སངས་རྒྱས་སངས་རྒྱས་ཉིད། ། ཇི་ལྟར་རབ་རིབ་ཅན་དག་གིས། ། སྐྲ་ཤད་ལོག་པར་འཛིངས་ པ་ལྟར། ། དེ་བཞིན་དངོས་པོར་རྟོག་པ་འདི། ། བྱིས་པས་ལོག་པ་རྣམ་པར་བརྟགས། ། ཉོན་མོངས་རྣམ་བྱང་དངོས་པོ་རྣམས། ། སྐྲ་ཤད་འཛིངས་པ་ལྟ་བུ་སྟེ། ། གནས་དང་འཇིག་དང་སྐྱེ་དང་བྲལ། ། རྟག་དང་མི་རྟག་སྤངས་པའོ། ། ཇི་ལྟར་ལ་ལས་དྷ་ཏུར་ཟོས། ། གསེར་ལྟ་ བུར་ནི་འགྲོ་བ་མཐོང་། ། དེ་ན་གསེར་ཡོད་མ་ཡིན་ཡང་། ། ས་དག་ཀྱང་ནི་གསེར་དུ་སྣང་། ། ཐོག་མ་མེད་སེམས་སེམས་བྱུང་བས། ། དེ་ལྟར་བྱིས་པ་ཉམས་པར་བྱས། ། སྲིད་པ་སྒྱུ་མ་སྨིག་རྒྱུ་སྐྱེས། ། ཡང་དག་ཉིད་དུ་འཛིན་པར་བྱེད། ། ས་བོན་གཅིག་དང་ས་བོན་མེད། ། མཉམ་ དང་ཤས་ཆེ་ས་བོན་ཅན། །
BO
ས་བོན་ཀུན་ཀྱང་དེ་བཞིན་ནོ། ། སྣ་ཚོགས་གྱུར་གྱི་སེམས་ལ་ལྟོས། ། ནམ་དག་པ་ན་ས་བོན་གཅིག ། ཤིན་ཏུ་གྱུར་པ་ས་བོན་མེད། ། མི་རྟོག་པས་ན་མཉམ་པའོ། ། ཤས་ཆེ་བས་ན་ཚེ་རབས་འདྲེས། ། ས་བོན་སྣ་ཚོགས་འདེབས་པས་ན། ། དེ་ནི་ ས་བོན་ཀུན་ཅེས་བྱ། ། འདི་ལ་རྐྱེན་གྱིས་མི་སྐྱེ་སྟེ། ། གང་ཡང་འགག་པར་མི་འགྱུར་རོ། ། བརྟགས་པ་ཡི་ནི་རྐྱེན་རྣམས་ཉིད། ། སྐྱེ་བ་དང་ནི་འགག་པར་འགྱུར། ། སྲིད་པ་གསུམ་ནི་བཏགས་ཙམ་སྟེ། ། ངོ་བོ་ཉིད་ཀྱིས་དངོས་པོ་མེད། ། བཏགས་པ་དངོས་པོའི་ངོ་བོར་ནི། ། རྟོག་གེ་ པ་དག་རྟོག་པར་འགྱུར། ། དངོས་པོའི་རང་བཞིན་ཤེས་འདོད་ལ། ། ནོར་པ་དག་ནི་མི་རྟོགས་སོ། ། དངོས་པོའི་རང་བཞིན་མི་སྐྱེ་བ། ། དེ་ལྟར་མཐོང་ནས་རྣམ་པར་འགྲོལ། ། སྒྱུ་མ་མེད་དང་ཆོས་མཚུངས་པས། ། དངོས་པོ་རྣམས་ནི་ཡོད་བརྗོད་བཞིན། ། ལོག་པ་གློག་ལྟར་མགྱོགས་ པས་ན། ། དེ་ཕྱིར་སྒྱུ་མ་ལྟ་བུར་རིག ། བསྐྱེད་པ་མེད་ཅིང་སྐྱེས་པ་མེད། ། རྐྱེན་རྣམས་ཀྱང་ནི་གང་ན་ཡང་། ། གང་ཡང་ཡོད་པ་མ་ཡིན་ཏེ། ། ཁ་ཅིག་གིས་ནི་སྤྱོད་པར་བརྗོད། ། རྐྱེན་གྱི་སྐྱེ་འཇིག་འབྲེལ་བ་ནི། ། བཟློག་པར་བྱ་བ་མ་ཡིན་ཏེ། །
BO
རང་བཞིན་མེད་ཅིང་རྣམ་རིག་མེད། ། རྐྱེན་རྣམས་ ཀྱིས་ནི་བྱིས་པ་དག ། གང་ལ་རྟོག་པ་དེ་བཟློག་གོ། ། རང་བཞིན་མེད་ཅིང་རྣམ་རིག་མེད། ། ཀུན་གཞི་མེད་ཅིང་དངོས་མེད་ན། ། བྱིས་པ་ངན་པའི་རྟོག་གེ་པ། ། རོ་དང་འདྲ་བས་འདི་དག་བརྟགས། ། ནམ་ཞིག་འཇིག་རྟེན་སེམས་ཙམ་དུ། ། རྒྱལ་བའི་སྲས་ཀྱིས་མཐོང་བ་ན། ། དེ་ཚེ་རིས་སུ་གཏོགས་པའི་ལུས། ། བྱིས་པའི་འདུ་བྱེད་སྤངས་པ་སྟེ། ། སྟོབས་དང་མངོན་པར་ཤེས་པ་དང་། ། དབང་དང་ལྡན་པ་རབ་ཏུ་འཐོབ། ། ཐམས་ཅད་གཟུགས་སུ་སྣང་བ་ཡི། ། སེམས་དེ་ནམ་ཞིག་བྱུང་བ་ན། ། འདི་ལ་སེམས་མེད་གཟུགས་མེད་ཀྱི། ། ནོར་སེམས་ ཐོག་མ་མེད་ཅེས་པ། ། དེ་ཚེ་རྣལ་འབྱོར་ཅན་གྱི་རྣམས། ། ཤེས་པས་འགྲོ་བ་སྣང་མེད་མཐོང་། ། མཚན་མ་དངོས་པོ་རྣམ་རིག་དང་། ། གང་རིག་རྣམ་པར་གཡོས་པ་ལས། ། ང་ཡི་བུ་རྣམས་འདས་ནས་ནི། ། དེ་དག་རྣམ་པར་མི་རྟོག་སྤྱོད། ། སྒྱུ་མ་དྲི་ཟའི་གྲོང་ཁྱེར་དང་། ། སྐྲ་ ཤད་འཛིངས་པའི་སྨིག་རྒྱུ་དག ། མེད་བཞིན་དུ་ནི་ཡོད་པར་སྣང་། ། དེ་བཞིན་དངོས་པོ་དངོས་ཉིད་དོ། ། དངོས་པོ་ཐམས་ཅད་མ་སྐྱེས་ཏེ། ། ནོར་བ་ཙམ་ནི་སྣང་བར་འགྱུར། ། བྱིས་པ་རྟོག་གཉིས་དགའ་བ་དང་། །
BO
ནོར་པ་ལས་ནི་སྐྱེས་པར་རྟོག ། སྣ་ཚོགས་བག་ཆགས་ལས་བྱུང་བའི། ། སྐྱེ་བའི་ཆར་ནི་གཏོགས་པའི་སེམས། ། ཆུ་བོའི་རླབས་བཞིན་ཤིན་ཏུ་འབྱུང་། ། དེ་ཆད་ནས་ནི་མི་འབྱུང་ངོ་། ། རྣམ་པ་སྣ་ཚོགས་དམིགས་པའི་སེམས། ། སྣ་ཚོགས་ལ་ནི་འཇུག་པ་བཞིན། ། དེ་བཞིན་ནམ་མཁའ་རྩིག་པ་ལ། ། ཅི་ཡི་ཕྱིར་ན་འཇུག་མི་འགྱུར། ། མཚན་མ་ཞིག་ལ་དམིགས་ནས་ནི། ། གལ་ཏེ་སེམས་ནི་འཇུག་འགྱུར་ན། ། སེམས་ཀྱང་རྐྱེན་གྱིས་བསྐྱེད་འགྱུར་ཏེ། ། སེམས་ཙམ་དུ་ནི་མི་རུང་ངོ་། ། སེམས་ཀྱིས་སུ་ནི་སེམས་ལ་གཟུང་། ། རྒྱུ་དང་བཅས་པ་གང་ཡང་མེད། ། སེམས་ཀྱི་ཆོས་ཉིད་དག་པ་སྟེ། ། ནམ་མཁའ་ལ་ནི་བག་ཆགས་མེད། ། རང་གི་སེམས་ལ་མངོན་ཆགས་ པས། ། སེམས་ནི་ཤིན་ཏུ་འབྱུང་བར་འགྱུར། ། ཕྱི་རོལ་སྣང་བ་ཡོད་མེད་དེ། ། དེ་ཡི་ཕྱིར་ན་སེམས་ཙམ་མོ། ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། ། ངར་སེམས་ཉིད་ནི་ཡིད་ཡིན་ནོ། ། གང་གིས་ཡུལ་རྣམས་འཛིན་པ་ནི། ། དེ་ནི་རྣམ་པར་ཤེས་ཞེས་བྱ། ། སེམས་ནི་རྟག་ཏུ་ལུང་མ་བསྟན། ། ཡིད་ནི་གཉི་གར་རྒྱུ་བ་སྟེ། ། རྣམ་པར་ཤེས་པ་འབྱུང་བ་ཡང་། ། དེ་ནི་དགེ་དང་མི་དགེའོ། ། ལུས་དང་གནས་དང་ལོངས་སྤྱོད་ནི། །
BO
གཟུང་བའི་རྣམ་རིག་གསུམ་པའོ། ། ཡིད་དང་འཛིན་པའི་རྣམ་རིག་དང་། ། རྣམ་པར་རྟོག་པ་འཛིན་པ་གསུམ། ། རྣམ་རིག་གཉིས་པོ་སྤངས་ པ་ནི། ། དམ་པའི་དོན་གྱི་སྒོ་ཡིན་ཏེ། ། སྣང་བ་མེད་ལ་འདུག་ན་ནི། ། ཐེག་པ་གསུམ་གཞག་ག་ལ་ཡོད། ། སེམས་ཙམ་དང་ནི་སྣང་མེད་དང་། ། སངས་རྒྱས་ས་དང་གནས་རྣམས་ནི། ། དེ་དག་སངས་རྒྱས་རྣམས་ཀྱིས་བཤད། ། འཆད་ཅིང་འཆང་བར་འགྱུར་བའོ། ། ས་བདུན་དག་ནི་ སེམས་ཡིན་ཏེ། ། སྣང་བ་མེད་པ་བརྒྱད་པའོ། ། འདིར་ནི་ས་གཉིས་གནས་ཡིན་ཏེ། ། ས་གཞན་ང་ཡི་རང་བཞིན་ནོ། ། ངག་དང་སོ་སོ་རང་རིག་པ། ། ས་འདི་ང་ཡི་རང་བཞིན་ཏེ། ། དབང་ཕྱུག་ཆེན་པོའི་གནས་ཀྱི་མཆོག ། འོག་མིན་ཤིན་ཏུ་རྣམ་པར་མཛེས། ། མེ་ཡི་ཇི་ལྟ་དེ་བཞིན་ དུ། ། དེ་ཡི་འོད་ཟེར་སྣ་ཚོགས་པ། ། ཡིད་འོང་ཞི་བ་རབ་ཏུ་འབྱུང་། ། དེ་དག་སྲིད་གསུམ་སྤྲུལ་པར་བྱེད། ། སྲིད་པ་གསུམ་པོ་ཁ་ཅིག་སྤྲུལ། ། ཁ་ཅིག་སྔ་ནས་སྤྲུལ་པ་སྟེ། ། དེར་ནི་ཐེག་པ་རྣམས་སྟོན་པ། ། དེ་ནི་ང་ཡི་རང་བཞིན་ས། ། ཞིང་དུ་འཕོ་དང་རྟོགས་པ་ལ། ། ས་རྣམས་ཀྱི་ ནི་དུས་མེད་དེ། ། སེམས་ཙམ་ལས་ཀྱང་འདས་ནས་ནི། ། སྣང་མེད་གནས་པའི་འབྲས་བུའོ། ། རྣམ་པ་སྣ་ཚོགས་ཡོད་པ་དང་།
BO
། མེད་པ་དག་ཀྱང་སྣང་བར་འགྱུར། ། བྱིས་པ་འཛིན་པས་རྣམ་བསླད་དེ། ། སྣ་ཚོགས་པ་ནི་ཕྱིན་ཅི་ལོག ། ནམ་ཞིག་མི་རྟོག་ཡེ་ཤེས་ནི། ། དངོས་པོ་ཡོད་ པར་མི་རུང་ངོ་། ། གང་ཕྱིར་སེམས་ནི་གཟུགས་མིན་པས། ། དེ་ཕྱིར་དེ་ནི་རྣམ་མི་རྟོག ། དབང་པོ་རྣམས་ནི་སྒྱུ་མ་བཞིན། ། ཡུལ་རྣམས་ཀྱང་ནི་རྨི་ལམ་འདྲ། ། བྱེད་དང་ལས་དང་བྱ་བ་འདི། ། རྣམ་པ་ཀུན་ཏུ་ཡོད་པ་མིན། ། བསམ་གཏན་རྣམས་དང་ཚད་མེད་དང་། ། གཟུགས་མེད་པ་དང་ཏིང་ འཛིན་དང་། ། འདུ་ཤེས་འགོག་པ་མ་ལུས་པར། ། སེམས་ཙམ་ལ་ནི་ཡོད་པ་མིན། ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ། ལན་ཅིག་ཕྱིར་འོང་འབྲས་བུ་དང་། ། ཕྱིར་མི་འོང་བའི་འབྲས་བུ་དང་། ། དགྲ་བཅོམ་ཉིད་ནི་སེམས་ནོར་པའོ། ། བྱིས་པ་རྣམས་ནི་འདུས་བྱས་ལ། ། མི་རྟག་སྐད་ཅིག་ སྟོང་པར་རྟོག ། ས་བོན་འབབ་ཆུ་མར་མེ་དཔེས། ། སྐད་ཅིག་པ་ཡི་དོན་དུ་རྟོག ། བྱེད་པ་མེད་ཅིང་སྐད་ཅིག་པ། ། དབེན་པར་བྱ་བ་སྤངས་པ་དང་། ། ཆོས་རྣམས་ཀྱིས་ནི་མི་སྐྱེ་བ། ། སྐད་ཅིག་དོན་དུ་ངས་བཤད་དོ། ། ཡོད་དང་མེད་ལས་སྐྱེས་པར་ནི། ། ཁྱད་པར་པ་དང་གྲངས་ཅན་ཤེས། ། ལུང་དུ་མ་བསྟན་ཐམས་ཅད་ཀྱང་། ། དེ་དག་ཉིད་ཀྱིས་བཤད་པའོ། །
BO
ལུང་བསྟན་པ་ནི་རྣམ་བཞི་སྟེ། ། མགོ་གཅིག་དང་ནི་དྲི་བ་དང་། ། རྣམ་པར་དབྱེ་དང་གཞག་པ་རྣམས། ། མུ་སྟེགས་སྨྲ་བ་བཟློག་པའོ། ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། ། དམ་པའི་དོན་དུ་ཡོད་མ་ཡིན། ། ཆོས་རྣམས་ རང་བཞིན་མེད་པ་ལ། ། དམ་པའི་དོན་དུ་འདོད་ན་ནི། ། དམིགས་པ་རང་བཞིན་མེད་པ་ལ། ། དེ་ཕྱིར་ཀུན་རྫོབ་བསྟན་པ་ཡིན། ། དངོས་པོ་བརྗོད་པའི་རྒྱུས་བྱུང་བ། ། གལ་ཏེ་རང་བཞིན་ཡོད་ན་ནི། ། བརྗོད་པ་དག་ལས་བྱུང་བ་ཡི། ། དངོས་པོ་མེད་ཅེས་བྱ་བ་མེད། ། བརྗོད་པ་འདི་ན་དངོས་མེད་དེ། ། ཀུན་རྫོབ་ཏུ་ཡང་ཡོད་མ་ཡིན། ། ཕྱིན་ཅི་ལོག་ནི་ཡོད་མིན་པས། ། དམིགས་པ་ཡོད་པ་མ་ཡིན་ནོ། ། གལ་ཏེ་ཕྱིན་ཅི་ལོག་ཡོད་ན། ། ངོ་བོ་ཉིད་མེད་མེད་པར་འགྱུར། ། ཕྱིན་ཅི་ལོག་ནི་བཞི་ཡི་ཕྱིར། ། གང་དང་གང་དག་དམིགས་གྱུར་པ། ། དེ་ནི་རང་བཞིན་མེད་པར་འགྱུར། ། ཐམས་ཅད་དུ་ཡང་མེད་པ་ ཡིན། ། གང་འདི་སྣ་ཚོགས་སྣང་བ་ནི། ། གནས་ངན་ལེན་གྱིས་བསྒོས་པའི་སེམས། ། གཟུགས་སུ་སྣང་བ་འཛིན་པ་སྟེ། ། ཕྱི་རོལ་དག་ནི་སེམས་འཁྲུལ་བ། ། རྟོག་པ་དང་ནི་མི་རྟོག་པས། ། རྣམ་རྟོག་རབ་ཏུ་སྤོང་འགྱུར་ཏེ། ། མི་རྟོག་རྣམ་པར་རྟོག་པའི་ས། །
BO
སྟོང་པ་ཉིད་ནི་ཡང་དག་མཐོང་། ། སྒྱུ་མ་ གླང་པོ་སྣ་ཚོགས་ལྟར། ། ལོ་མ་རྣམས་དང་གསེར་བཞིན་དུ། ། མི་ཤེས་པས་ནི་སེམས་བསྒོས་པས། ། དེ་བཞིན་མི་ལ་སྣང་བ་མངོན། ། འཕགས་པས་ནོར་བ་མི་མཐོང་སྟེ། ། ཡང་དག་ཉིད་ཀྱང་སྐབས་དེར་མིན། ། གང་ཕྱིར་སྐབས་དེར་ཡང་དག་ན། ། ནོར་པ་ཡང་དག་ཉིད་དུ་འགྱུར། ། ནོར་བ་ཐམས་ཅད་སྤངས་ནས་ཀྱང་། ། གལ་ཏེ་མཚན་མ་སྐྱེར་ཟིན་ན། ། དེ་ཉིད་དེ་ཡི་ནོར་བ་སྟེ། ། རབ་རིབ་ཡོངས་སུ་མ་དག་བཞིན། ། རབ་རིབ་ཅན་རྣམས་བསླད་པ་ཡིས། ། སྐྲ་ཤད་མཐོང་བ་ཇི་བཞིན་དུ། ། དེ་བཞིན་བྱིས་པ་རྣམས་ཀྱི་ཡང་། ། འཛིན་པ་ཡུལ་ལ་ཤིན་ཏུ་འཇུག ། སྲིད་གསུམ་འདི་ནི་སྐྲ་ཤད་འདྲ། ། སྨིག་རྒྱུ་ཆུ་ལྟར་ནོར་བ་སྟེ། ། རྨི་ལམ་སྒྱུ་མ་ལྟ་བུར་ནི། ། རྣམ་པར་བསྒོམས་ན་གྲོལ་བར་འགྱུར། ། རྣམ་པར་རྟོག་དང་རྣམ་བརྟག་དང་། ། རྣམ་པར་རྟོག་པ་འཇུག་པ་དང་། ། འཆིང་དང་བཅིང་བྱ་བཅིངས་པ་དང་། ། དྲུག་པོ་འདི་དག་ཐར་ པའི་རྒྱུ། ། ས་རྣམས་མེད་ཅིང་བདེན་པ་མེད། ། ཞིང་རྣམས་མེད་ཅིང་སྤྲུལ་པ་མེད། ། སངས་རྒྱས་རྣམས་དང་རང་སངས་རྒྱས། ། ཉན་ཐོས་རྣམས་ཀྱང་བརྟགས་པའོ། ། གང་ཟག་རྒྱུ་དང་ཕུང་པོའི་རྣམས། །
BO
དེ་བཞིན་རྐྱེན་དང་རྡུལ་ཕྲན་དང་། ། གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། ། སེམས་ཙམ་ལ་ནི་རྣམ་པར་རྟོག ། སེམས་ནི་ཐམས་ཅད་ཐམས་ཅད་དུ། ། ཐམས་ཅད་ལུས་ལ་འཇུག་པ་སྟེ། ། རྣམ་པ་དྲུག་གིས་སྣ་ཚོགས་འཛིན། ། སེམས་ཀྱི་རིགས་ནི་མཚན་ཉིད་མེད། ། ཕུང་པོ་རྣམས་ལ་བདག་མེད་དེ། ། བདག་ཀྱང་ཕུང་པོ་རྣམས་ལ་མེད། ། དེ་དག་བརྟགས་ པ་བཞིན་དུ་མེད། ། དེ་དག་མེད་པའང་མ་ཡིན་ནོ། ། ཇི་ལྟར་བྱིས་པས་བརྟགས་པ་བཞིན། ། དངོས་པོ་ཐམས་ཅད་ཡོད་པ་སྟེ། ། དེ་དག་མཐོང་བཞིན་ཡོད་ན་ནི། ། ཐམས་ཅད་ཡང་དག་མཐོང་བར་འགྱུར། ། དངོས་པོ་ཐམས་ཅད་མེད་པའི་ཕྱིར། ། ཀུན་ནས་ཉོན་མོངས་དག་ པ་མེད། ། ཇི་ལྟར་མཐོང་བཞིན་དེ་མེད་དེ། ། དེ་དག་མེད་པའང་མ་ཡིན་ནོ། ། ཀུན་རྟོག་ནོར་བའི་མཚན་མ་སྟེ། ། གཞན་གྱི་དབང་གི་མཚན་ཉིད་དོ། ། མཚན་ཉིད་དེ་ལ་མིང་བཏགས་པ། ། དེ་ནི་རྣམ་བརྟགས་མཚན་ཉིད་དོ། ། རྐྱེན་དང་མིང་གི་བརྡ་དག་ལས། ། ཀུན་རྟོག་ནོར་ བའི་མཚན་མ་དག ། ནམ་ཞིག་དེ་ལ་མི་འབྱུང་ན། ། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། ། རྣམ་པར་སྨིན་པའི་སངས་རྒྱས་དང་། ། སྤྲུལ་པ་ཡི་ནི་རྒྱལ་བ་དང་། ། བྱང་ཆུབ་སེམས་དཔའ་སེམས་ཅན་དང་། །
BO
ཕྱོགས་ཕྱོགས་ཀྱི་ནི་ཞིང་རྣམས་དང་། ། སྒྱུ་འདྲའི་ཆོས་དང་འཕྲུལ་པ་དང་། ། རྒྱལ་བ་གང་རྣམས་སྤྲུལ་པ་དག ། དེ་ཀུན་སྣང་བ་མཐའ་ཡས་ཀྱི། ། བདེ་བ་ཅན་ནས་བྱུང་བའོ། ། གང་ཡང་སྤྲུལ་པས་བཤད་པ་དང་། ། རྣམ་སྨིན་སྐྱེས་པས་གང་བཤད་པ། ། མདོ་སྡེ་ཤིན་ཏུ་རྒྱས་པའི་ཚུལ། ། དེ་ཡི་དགོངས་པ་ཤེས་པར་གྱིས། ། གང་ཡང་རྒྱལ་བའི་བུས་བཤད་ དང་། ། གང་ཡང་འདྲེན་པ་རྣམས་ཀྱིས་བཤད། ། སྤྲུལ་པ་དག་གིས་གང་བཤད་པ། ། རྣམ་སྨིན་རྒྱལ་བས་མ་ཡིན་ནོ། ། ཆོས་འདི་རྣམས་ནི་མ་སྐྱེས་པ། ། དེ་དག་པ་ཡང་མ་ཡིན་ཏེ། ། དྲི་ཟའི་གྲོང་ཁྱེར་སྒྱུ་མ་དང་། ། རྨི་ལམ་སྤྲུལ་པ་རྣམས་དང་འདྲ། ། སྣ་ཚོགས་སེམས་ནི་འཇུག་པ་སྟེ། ། སེམས་ནི་རྣམ་པར་གྲོལ་བར་འགྱུར། ། འགོག་པར་འགྱུར་བའང་སེམས་ཉིད་དེ། ། སེམས་ཉིད་སྐྱེ་ཡི་གཞན་མ་ཡིན། ། མི་ཡི་སྣ་ཚོགས་བརྟགས་པའི་སེམས། ། དོན་དུ་སྣང་བ་མངོན་པ་སྟེ། ། འདི་ནི་སེམས་ཙམ་དོན་ཀྱང་མེད། ། རྣམ་པར་མི་རྟོག་གྲོལ་བར་འགྱུར། ། ཐོག་མ་མེད་ དུས་སྤྲོས་པ་ཡིས། ། གནས་ངན་ལེན་རྣམས་རབ་ཏུ་བསྡུས། ། རྣམ་པར་རྟོག་པ་བསྒོས་པས་ན། ། དེ་ཕྱིར་ལོག་པར་སྣང་བ་འབྱུང་། ། དོན་དུ་སྣང་ལ་རྣམ་ཤེས་ཏེ། །
BO
ཡེ་ཤེས་ཡང་དག་སྤྱོད་ཡུལ་ཅན། ། ཤིན་ཏུ་གྱུར་པ་སྣང་མེད་དེ། ། དེ་ནི་འཕགས་པའི་སྤྱོད་ཡུལ་ལོ། ། དོན་རབ་ འབྱེད་པའི་བསམ་གཏན་དང་། ། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། ། དེ་བཞིན་ཉིད་དམིགས་བསམ་གཏན་པས། ། དེ་བཞིན་གཤེགས་པའི་བསམ་གཏན་དགེ། ། ཀུན་བརྟགས་པ་ཡི་རང་བཞིན་གྱིས། ། ཐམས་ཅད་ཆོས་ནི་མ་སྐྱེས་པ། ། གཞན་གྱི་དབང་ལ་གནས་ནས་ནི། ། མི་ཡི་རྣམ་རྟོག་འཁྱམ་པ་ཡིན། ། ནམ་ཞིག་གཞན་གྱི་དབང་དག་ནས། ། རྣམ་པར་རྟོག་དང་བྲལ་བ་ན། ། ཤིན་ཏུ་གྱུར་པ་དེ་བཞིན་ཉིད། ། རྟོག་པ་སྤངས་པར་གནས་པའོ། ། རྣམ་རྟོག་བདེན་པར་ཡོད་མིན་གྱིས། ། རྣམ་པར་རྟོག་པས་མ་རྟོག་ཅིག ། གཟུང་དང་འཛིན་པའི་མཚན་ཉིད་ དུ། ། ནོར་པ་དེ་དག་རྣམ་རྟོག་ན། ། ཕྱི་རོལ་དོན་མཐོང་བརྟགས་པ་ནི། ། ཀུན་ཏུ་བརྟགས་པའི་རང་བཞིན་ནོ། ། དེ་དག་ཐམས་ཅད་སྤངས་ནས་ནི། ། ནམ་ཞིག་སྣང་བ་མེད་གྱུར་ན། ། དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག ། ཞིང་རྣམས་ཀུན་ནས་བྱུང་བའི་ས། ། དེ་ཡི་མགོ་ལ་ཉུག་མཛད་དེ། ། དེ་བཞིན་ཉིད་ཀྱི་རྗེས་འགྲོ་ལྟས། ། གང་ཕྱིར་བློ་ཡིས་རབ་གཞིགས་ན། ། རང་བཞིན་དག་ནི་མི་དམིགས་ཏེ། ། དེ་ཕྱིར་དེ་དག་བརྗོད་དུ་མེད། །
BO
ངོ་བོ་ཉིད་ཀྱང་མེད་པར་བཤད། ། རྐྱེན་གྱིས་བསྐྱེད་པའི་དོན་ལ་ནི། ། ཡོད་དང་མེད་པ་ཡོད་མ་ཡིན། ། རྐྱེན་དུ་གཏོགས་པའི་དངོས་པོ་ལ། ། ཡོད་དང་མེད་པ་གང་རྟོག་པར། ། མུ་སྟེགས་ལྟ་བ་ཅན་དག་ནི། ། བསྟན་ལས་རིང་དུ་གྱུར་པར་ཤེས། ། དངོས་པོ་ཀུན་གྱི་སྨྲ་བ་ལ། ། རྟག་ཏུ་ཚེ་རབས་གཞན་སོང་ཚེ། ། ཕན་ཚུན་རྣམ་པར་རྟོག་པ་ཡིས། ། གོམས་ཤིང་གོམས་པར་བྱེད་པའོ། ། མིང་ནི་བརྗོད་པར་ མ་བྱས་ན། ། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། ། དེ་བས་རྨོངས་པ་བསལ་བའི་ཕྱིར། ། མིང་དུ་གདགས་པར་བྱ་བ་ཡིན། ། མིང་དང་ནོར་བའི་རྣམ་རྟོག་དང་། ། རྐྱེན་རྣམས་ཀྱིས་ནི་བསྐྱེད་པ་ཡི། ། རྣམ་པར་རྟོག་པ་གསུམ་དག་གིས། ། བྱིས་པ་རྣམས་ནི་དངོས་པོར་ རྟོག། ། འགགས་པ་མེད་ཅིང་མ་སྐྱེས་ཏེ། ། རང་བཞིན་གྱིས་ནི་ནམ་མཁའ་འདྲ། ། དངོས་པོ་མེད་པའི་རང་བཞིན་གང་། ། དེ་དག་རྣམ་བརྟགས་མཚན་ཉིད་དོ། ། མིག་ཡོར་འདྲ་ཞིང་སྒྱུ་མ་བཞིན། ། སྨིག་རྒྱུ་རྨི་ལམ་མགལ་མེ་བསྐོར། ། དྲི་ཟའི་གྲོང་ཁྱེར་བྲག་ཅ་འདྲ། ། ཆོས་དེ་རྐྱེན་ ལས་བྱུང་མ་ཡིན། ། དེ་བཞིན་ཉིད་དང་གཉིས་སུ་མེད། ། སྟོང་པ་ཆོས་ཉིད་ཡང་དག་མཐའ། ། རྣམ་པར་མི་རྟོག་བཤད་པ་ནི། །
BO
གང་དེ་གྲུབ་པའི་མཚན་ཉིད་དོ། ། ལུས་དང་ངག་གི་སྤྱོད་ཡུལ་{བརྫུན,རྫུན}། ། ཤེས་རབ་མི་རྟོག་བདེན་པ་སྟེ། ། སེམས་ནི་གཉིས་ཀྱི་མཐར་ལྷུང་ བས། ། དེ་ཕྱིར་ཤེས་རབ་རྣམ་མི་རྟོག ། ཇི་སྲིད་སེམས་ཀྱི་སྤྱོད་ཡུལ་བ། ། ཡོད་དང་མེད་པའི་མཐའ་གཉིས་ཡིན། ། སྤྱོད་ཡུལ་སྤངས་པར་གྱུར་ན་ནི། ། དེ་ཚེ་སེམས་ཀྱང་ཡང་དག་འགག ། རྐྱེན་ལས་སྐྱེས་པའི་རང་བཞིན་ལ། ། རྟོག་པ་གང་གིས་རྟོག་བྱེད་པ། ། ཕྱི་རོལ་ དོན་མཐོང་ལོག་པ་སྟེ། ། དོན་མེད་སེམས་ནི་འབའ་ཞིག་གོ། ། རིགས་པས་རྣམ་པར་གཞིགས་ན་ནི། ། གཟུང་བ་དང་ནི་འཛིན་པ་འགག ། ཇི་ལྟར་བྱིས་པས་བརྟགས་པ་ལྟར། ། ཕྱི་རོལ་གྱི་ནི་དོན་མེད་དོ། ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། ། དོན་དུ་སྣང་བ་ཤིན་ཏུ་ འབྱུང་། ། རྟོག་པའི་རྣམ་པ་གཉིས་འགགས་ན། ། ཡང་དག་སྤྱོད་ཡུལ་ཡེ་ཤེས་ཏེ། ། འཕགས་པའི་སྤྱོད་ཡུལ་བསམ་མི་ཁྱབ། ། སྣང་བ་མེད་པར་འབྱུང་བར་འགྱུར། ། མིང་དང་མཚན་མ་ཀུན་རྟོག་ནི། ། རང་བཞིན་གཉིས་ཀྱི་མཚན་ཉིད་དོ། ། ཡང་དག་ཡེ་ཤེས་དེ་ བཞིན་ཉིད། ། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། ། ཕ་མ་ཕྲད་པར་གྱུར་པའི་ཕྱིར། ། ཀུན་གཞི་ཡིད་དང་ལྡན་པ་ནི། །
BO
མར་གྱི་བུམ་པའི་བྱི་བ་བཞིན། ། ཁུ་ཆུ་དང་ནི་ལྷན་ཅིག་སྐྱེས། ། སླ་གར་རྨན་བུ་འབྲས་མི་སྡུག ། ལས་ཀྱིས་རྣམ་པ་སྣ་ཚོགས་བྱས། ། ལས་རླུང་འབྱུང་བ་ཆེན་པོ་ཡིས། ། ཤིང་ཏོག་བཞིན་དུ་འབྱུང་བར་འགྱུར། ། ལྔ་དང་ལྔ་དང་ལྔ་ཉིད་དང་། ། རྨ་ཡང་དགུ་པོ་ཉིད་རྣམས་དང་། ། སོ་དང་སེན་མོ་སྤུས་གཡོགས་ནས། ། འགུལ་ཞིང་རབ་ཏུ་སྐྱེས་པར་འགྱུར། ། མི་གཙང་སྲིན་བུ་སྐྱེས་མ་ཐག ། མི་ དག་ཉལ་ལས་སད་པ་བཞིན། ། མིག་ནི་གཟུགས་ལས་མཆེད་པར་བྱེད། ། རྟོག་པ་དག་ཀྱང་རྣམ་པར་འཕེལ། ། མཆུ་གཉིས་དང་ནི་རྐན་ཚོགས་ལས། ། རྣམ་པར་རྟོག་པས་རིག་ནས་ཀྱང་། ། མི་ཡི་ཚིག་གི་རྣམ་བརྟག་པ། ། ནེ་ཅོ་བཞིན་དུ་འཇུག་པར་འགྱུར། ། མུ་སྟེགས་སྨྲ་བ་བསྟེན་པ་སྟེ། ། ཐེག་པ་ཆེན་པོ་མི་གནས་པ། ། དེ་ནི་སེམས་ཅན་བསམ་བཞིན་ཞུགས། ། ངན་པར་ལྟ་བའི་གནས་མེད་དེ། ། སོ་སོ་རང་རིག་ཐེག་པ་ནི། ། རྟོག་གེ་པ་ཡི་སྤྱོད་ཡུལ་མིན། ། མགོན་པོ་འདས་པའི་འོག་ཏུ་ནི། ། འཛིན་པར་ སུ་འགྱུར་བཤད་དུ་གསོལ། ། བདེ་གཤེགས་མྱ་ངན་འདས་པའི་འོག ། ཚུལ་རྣམས་འཛིན་པར་འགྱུར་བ་སྟེ། ། དུས་དག་འདས་ནས་འབྱུང་བ་ནི། ། བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །
BO
ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། ། དགེ་སློང་དཔལ་ལྡན་ཆེར་གྲགས་པ། ། དེ་མིང་ཀླུ་ཞེས་བོད་པ་སྟེ། ། ཡོད་དང་མེད་པའི་ཕྱོགས་འཇིག་པ། ། ང་ཡི་ཐེག་པ་འཇིག་རྟེན་དུ། ། བླ་མེད་ཐེག་ཆེན་རབ་བཤད་ནས། ། རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། ། བདེ་བ་ཅན་དུ་དེ་འགྲོའོ། ། འགྲོ་བ་ཀུན་ཏུ་རབ་འཁོར་བས། ། སྲིད་པ་ ལས་ནི་སྐྱོ་བའི་ཡིད། ། ཞི་བ་ཞི་ལམ་སོང་ནས་ཀྱང་། ། རྣལ་འབྱོར་སྣ་ཚོགས་དག་ལ་བརྩོན། ། རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། ། ཉི་མ་ཟླ་བའི་དབྱིབས་དང་འདྲ། ། འོད་དང་པད་མོ་ལྟ་བུ་དང་། ། རི་མོ་ནམ་མཁའི་མེ་འདྲ་ མཐོང་། ། མཚན་མ་སྣ་ཚོགས་དེ་དག་ནི། ། མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། ། ཉན་ཐོས་དག་དང་རང་རྒྱལ་གྱི། ། སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། ། ཡུལ་ལ་འཛིན་པ་མེད་པའི་ཕྱིར། ། འགོག་པ་མེད་པ་མ་ཡིན་ཏེ། ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལྟར། ། དེ་བཞིན་ཉིད་ཀྱི་དངོས་ པོ་ཡོད། ། མཁས་པ་རྣམས་ལ་སྣང་བ་ལྟར། ། བྱིས་པ་རྣམས་ལ་མི་སྣང་སྟེ། ། ཇི་ལྟར་ཆོས་ཀུན་མ་སྐྱེས་ཤིང་། ། མཚན་ཉིད་མེད་པར་སྣང་བའོ། ། གསེར་མིན་གསེར་ལྟར་སྣང་བ་ཡི། ། ར་གན་སྤུངས་ལ་བྱིས་པ་རྣམས། ། གསེར་དུ་ཇི་ལྟར་རྟོག་པ་བཞིན། །
BO
ངན་པའི་རྟོག་གེས་ཆོས་དེ་བཞིན། ། རྐྱེན་ གྱིས་ཡོད་དང་མེད་པ་ལས། ། གང་གི་མ་བྱུང་སྐྱེ་བ་དང་། ། བྱུང་ནས་ཀྱང་ནི་འཇིག་ཅེས་པ། ། ང་ཡི་བསྟན་ལ་དེ་མི་གནས། ། ཡོངས་སུ་གྱུར་དང་དུས་དང་དབྱིབས། ། འབྱུང་བའི་དངོས་དང་དབང་པོ་དང་། ། བར་མ་དོ་དག་བསྡུ་བ་ནི། ། གང་རྟོག་དེ་དག་མཁས་མ་ཡིན། ། འཇིག་རྟེན་རྟེན་ཅིང་ འབྲེལ་འབྱུང་བར། ། རྒྱལ་བ་དག་ནི་མི་གསུང་གི། ། འཇིག་རྟེན་འདི་ན་རྐྱེན་ཉིད་དེ། ། དྲི་ཟ་ཡི་ནི་གྲོང་ཁྱེར་འདྲ། ། འདི་ཡོད་ན་ནི་འདི་ཞེས་བྱ། ། འདི་ནི་ཆོས་ཀྱི་བརྡ་ཡིན་ཏེ། ། བརྡ་ལས་ཐ་དད་གྱུར་པ་ནི། ། མ་སྐྱེས་འགག་པར་མི་འགྱུར་རོ། ། མིག་དང་ཆུ་དང་མེ་ལོང་དང་། ། སྣོད་རྣམས་ དང་ནི་ནོར་བུ་ལ། ། དེ་དག་ལ་ནི་གཟུགས་བརྙན་སྣང་། ། གཟུགས་བརྙན་གང་ནའང་ཡོད་པ་མིན། ། ཇི་ལྟར་ནམ་མཁར་སྨིག་རྒྱུ་བ། ། དངོས་པོར་སྣང་སེམས་དེ་བཞིན་ཏེ། ། རྨི་ལམ་མོ་ཤམ་བུ་བཞིན་ཏེ། ། རྣམ་པ་སྣ་ཚོགས་གཟུགས་སུ་སྣང་། ། ཐེག་ཆེན་ང་ཡི་ཐེག་པ་མིན། ། ཡི་གེ་མེད་ ཅིང་སྒྲ་ཡང་མེད། ། བདེན་པ་མ་ཡིན་ཐར་པ་མིན། ། སྣང་མེད་སྤྱོད་ཡུལ་མ་ཡིན་ནོ། ། འོན་ཀྱང་ཐེག་ཆེན་ཐེག་པ་སྟེ། ། ཏིང་ངེ་འཛིན་ལ་དབང་བྱེད་པ། །
BO
ཡིད་ཀྱི་ལུས་ནི་སྣ་ཚོགས་པ། ། དབང་གི་མེ་ཏོག་རྣམས་ཀྱིས་བརྒྱན། ། དངོས་པོ་དག་ནི་རྐྱེན་རྣམས་དང་། ། གཅིག་དང་ཐ་དད་མ་ཡིན་ཏེ། ། སྐྱེ་བ་ དག་ནི་མདོར་བཤད་དེ། ། འགོག་པ་དག་ནི་རྒྱས་པར་རོ། ། མ་སྐྱེས་སྟོང་པ་གཅིག་ཡིན་ཏེ། ། སྐྱེས་པའི་སྟོང་པ་ཉིད་ཀྱང་གཅིག ། མ་སྐྱེས་སྟོང་པ་མཆོག་ཡིན་ཏེ། ། སྐྱེས་པའི་སྟོང་པ་འཇིག་པར་འགྱུར། ། སྟོང་པ་དེ་བཞིན་ཉིད་དང་མཐའ། ། མྱ་ངན་འདས་དང་ཆོས་ཀྱི་དབྱིངས། ། ཡིད་ཀྱི་ ལུས་ནི་སྣ་ཚོགས་པ། ། རྣམ་གྲངས་དག་གིས་ངས་བཤད་དོ། ། མདོ་སྡེ་འདུལ་བ་ཆོས་མངོན་པས། ། དོན་གྱིས་མ་ཡིན་ཚིག་རྣམས་ཀྱིས། ། རྣམ་པར་དག་པ་གང་རྟོག་པ། ། བདག་མེད་པ་ལ་དེ་མི་གནས། ། ང་དང་སངས་རྒྱས་རྣམས་དང་ནི། ། མུ་སྟེགས་ཅན་དག་གང་གིས་ཀྱང་། ། རྐྱེན་གྱིས་ཡོད་པ་ནམ་ བསྒྲུབས་ན། ། ཇི་ལྟ་བུར་ནི་ཡོད་པར་འགྱུར། ། རྐྱེན་རྣམས་ཀྱིས་ནི་ཡོད་པར་ཡང་། ། སུ་ཡིས་བསྒྲུབས་ན་གང་མེད་བསྒྲུབས། ། སྐྱེ་བར་སྨྲ་བ་ངན་ལྟ་བས། ། ཡོད་དང་མེད་པར་རྣམ་པར་རྟོག ། གང་གི་ཅི་ཡང་མི་སྐྱེ་ལ། ། ཅི་ཡང་འགག་པར་མི་འགྱུར་བ། ། འགྲོ་བ་དབེན་པར་མཐོང་བས་ན། ། དེ་ལ་ཡོད་མེད་ཉེར་མི་འགྲོ། །
BO
སྣང་བ་རི་བོང་རྭ་བཞིན་ཏེ། ། མི་རྣམས་ཀྱི་ནི་རྣམ་རྟོག་ཡོད། ། སྨིག་རྒྱུ་ལ་ནི་{རི་དགས་,རི་དྭགས་}བཞིན། ། གང་རྣམས་རྟོག་པ་དེ་དག་ནོར། ། རྣམ་རྟོག་མངོན་པར་ཆགས་པ་ཡིས། ། རྣམ་པར་རྟོག་པ་ཤིན་ཏུ་འབྱུང་། ། སྐྱེ་བ་དང་ནི་འཇིག་ལས་གྲོལ། ། སྣང་བ་མེད་ལ་རབ་ཏུ་ སྤྱོད། ། ཟབ་ཡངས་རྒྱ་ཆེ་ཡེ་ཤེས་དང་། ། ཕུན་སུམ་ཚོགས་པའི་ཞིང་རྣམས་ནི། ། རྒྱལ་བའི་སྲས་པོ་རྣམས་ལ་བཤད། ། ཉན་ཐོས་རྣམས་ལ་མི་རྟོག་པ། ། སྲིད་གསུམ་མི་རྟག་སྟོང་པ་སྟེ། ། བདག་དང་བདག་གི་རྣམ་སྤངས་དང་། ། རྒྱུ་མེད་པ་ཡི་རྣམ་རྟོག་ནི། ། རྣམ་པར་རྟོག་ཅེས་བྱར་མི་རུང་། ། ཇི་ལྟ་བུར་ ནི་སྨིག་རྒྱུ་ལ། ། ཆུ་མེད་པར་ནི་ཆུར་འཛིན་འགྱུར། ། དེ་བཞིན་སྣང་ལ་བྱིས་པ་རྣམས། ། འཕགས་པ་རྣམས་ནི་བྱེ་བྲག་ཏུ། ། འཕགས་པའི་ལྟ་བ་དག་པ་སྟེ། ། རྣམ་པར་ཐར་པ་གསུམ་ལས་བྱུང་། ། རང་དང་སྤྱི་ཡི་མཚན་ཉིད་རྣམས། ། ཉན་ཐོས་རྣམས་ལ་རབ་ཏུ་བཤད། ། ཐམས་ཅད་ཆོས་ལ་ མ་ཆགས་དང་། ། གཅིག་པུ་དབེན་པར་སྤྱོད་པ་དང་། ། མ་བརྟགས་པ་ཡི་འབྲས་བུ་ནི། ། རང་རྒྱལ་སྲས་པོ་དག་ལ་བཤད། ། ཕྱི་རོལ་བརྟགས་པའི་རང་བཞིན་ཏེ། ། གཞན་དབང་རང་གི་གཞི་ལས་སྐྱེས། །
BO
བདག་ལས་སྐྱེས་པའི་འཁྲུལ་མ་མཐོང་། ། དེ་ཕྱིར་སེམས་རྣམས་རབ་ཏུ་འཇུག ། བཅུ་པོ་པ་ནི་ དང་པོ་ཡིན། ། དང་པོ་པ་ནི་བརྒྱད་པོ་ཡིན། ། དགུ་པོ་ཡང་ནི་བདུན་པ་སྟེ། ། བདུན་པོ་པ་ཡང་བརྒྱད་པོ་ཡིན། ། གཉིས་པོ་པ་ནི་གསུམ་པ་ཡིན། ། བཞི་པོ་ཡང་ནི་ལྔ་པོ་ཡིན། ། གསུམ་པོ་ཡང་ནི་དྲུག་ཡིན་ཏེ། ། སྣང་མེད་པ་ལ་རིམ་ཅི་ཡོད། ། དངོས་པོ་རྣམས་ནི་སྣང་མེད་ཚེ། ། རྣལ་འབྱོར་ཅན་ལ་ དངོས་མེད་མེད། ། དངོས་དང་དངོས་མེད་མཉམ་པས་ནི། ། འཕགས་པ་རྣམས་ནི་འབྲས་བུ་སྐྱེ། ། ཇི་ལྟར་དངོས་རྣམས་དངོས་པོ་མེད། ། ཇི་ལྟར་མཉམ་པ་ཉིད་དུ་བྱེད། ། གང་གི་ཚེ་ན་ཕྱི་ནང་གི། ། གཡོ་བ་ཡི་ནི་སེམས་མི་ཤེས། ། དེ་ཚེ་འཇིག་པར་བྱེད་པ་སྟེ། ། སེམས་ཀྱི་མཉམ་པ་ ཉིད་ཀྱང་མཉམ། ། ཐོག་མ་མེད་ལྡན་འཁོར་བ་ན། ། བྱིས་པ་དངོས་འཛིན་གྱིས་གཡོགས་པ། ། གཟེར་གྱིས་གཟེར་ལ་ཇི་བཞིན་དུ། ། བྲིད་ནས་འཛིན་པ་རྣམ་པར་བཟློག ། དེ་ཡི་རྒྱུ་ཅན་དེ་ལ་དམིགས། ། ཡིད་ཀྱི་འཇུག་པའི་གནས་ཡིན་ཏེ། ། སེམས་ཀྱི་རྒྱུ་ཡང་འབྱིན་པར་བྱེད། ། རྣམ་ པར་ཤེས་ཀྱང་དེ་ལ་གནས། ། རྣམ་པར་སྨིན་སྐྱེས་བྱིན་རླབས་དང་། ། རིས་དང་འགྲོ་བ་རྣམས་ཀྱང་འབྱུང་། །
BO
རྨི་ལམ་དུ་ནི་གང་རྙེད་དང་། ། མངོན་པར་ཤེས་པ་རྣམ་བཞི་སྟེ། ། གང་ཡང་རྨི་ལམ་རྙེད་པ་དང་། ། གང་ཡང་སངས་རྒྱས་གནང་བ་དང་། ། གང་རིས་འགྲོ་དང་རིགས་ཀྱི་རྣམས། ། མངོན་ཤེས་རྣམ་སྨིན་སྐྱེས་དེ་མིན། ། བག་ཆགས་ཀྱིས་ནི་བསྒོས་པའི་སེམས། ། དངོས་པོར་སྣང་བ་ཤིན་ཏུ་འཇུག ། བྱིས་པས་གང་ཚེ་མི་ཤེས་པ། ། དེ་ཚེ་སྐྱེ་བར་བཤད་པར་བྱ། ། དངོས་པོ་མཚན་ཉིད་ལྡན་པར་ནི། ། ཕྱི་རོལ་ཇི་སྲིད་རྣམ་རྟོག་ཅིང་། ། རང་གི་ནོར་པ་མ་མཐོང་ན། ། དེ་སྲིད་དུ་ནི་ སེམས་རྒྱས་བྱེད། ། ཅི་ཡི་ཕྱིར་ནི་སྐྱེ་བརྗོད་ལ། ། དེ་ཡི་ཕྱིར་ནི་སྣང་བ་བརྗོད། ། སྣང་བ་དག་ནི་སྣང་བ་མིན། ། གང་གི་ཅི་ལ་ཅི་ཞིག་བརྗོད། ། སེམས་ནི་རང་བཞིན་དང་བ་སྟེ། ། རྙོག་པར་བྱེད་པ་ཡིད་ཡིན་ནོ། ། རྣམ་པར་ཤེས་དང་བཅས་པའི་ཡིད། ། རྟག་ཏུ་བག་ཆགས་འདེབས་ པར་བྱེད། ། ཀུན་གཞི་ཡིས་ནི་འདོར་བར་བྱེད། ། ཡིད་ནི་འགྲོ་ལ་སྨོན་པར་བྱེད། ། རྣམ་ཤེས་ཡུལ་དུ་སྣང་བ་ཡི། ། ནོར་པ་མཐོང་ནས་རབ་ཏུ་ཆགས། ། ང་ཡི་སེམས་ནི་སྣང་བ་སྟེ། ། ཕྱི་རོལ་གྱི་ནི་དོན་མེད་པར། ། ནོར་པ་ལ་ནི་དེ་ལྟར་བསྒོམས། ། དེ་བཞིན་ཉིད་ཀྱང་དྲན་ པར་གྱིས། ། བསམ་གཏན་པ་ཡི་ཡུལ་དང་ལས། །
BO
སངས་རྒྱས་རྣམས་ཀྱི་ཆེ་བ་ཉིད། ། དེ་གསུམ་བསམ་གྱིས་མི་ཁྱབ་སྟེ། ། རྣམ་ཤེས་སྤྱོད་ཡུལ་བསམ་མི་ཁྱབ། ། མ་འོངས་པ་དང་འདས་པ་དང་། ། ནམ་མཁའ་གང་ཟག་མྱ་ངན་འདས། ། ཀུན་རྫོབ་ཏུ་ནི་དེ་དག་བཤད། ། དམ་པའི་ དོན་དུ་ཡི་གེ་མེད། ། རིས་སུ་གཏོགས་དང་མུ་སྟེགས་ཅན། ། ལྟ་བ་གཅིག་ལ་གནས་པ་སྟེ། ། སེམས་ཙམ་ལ་ནི་རྨོངས་པས་ན། ། ཕྱི་རོལ་གྱི་ནི་དངོས་ལ་རྟོག ། རྨི་ལམ་ན་ནི་དབང་བསྐུར་དང་། ། རང་རྒྱལ་དང་ནི་སངས་རྒྱས་དང་། ། དགྲ་བཅོམ་སངས་རྒྱས་མཐོང་ན་ནི། ། བྱང་ཆུབ་ ས་བོན་འཕེལ་བ་ཡིན། ། གང་ན་དེ་དག་ཇི་ལྟ་བུར། ། གང་ལས་ཅི་ཡི་ཕྱིར་བ་དང་། ། སྒྱུ་མའི་སེམས་ཀྱི་རྣམ་པ་ཞི། ། ཡོད་མེད་ཕྱོགས་བཤད་བདག་ལ་གསུངས། ། སེམས་ཙམ་ལ་ནི་རྨོངས་པ་ལ། ། སྒྱུ་མ་བཞིན་དུ་ཡོད་མེད་བཤད། ། སྐྱེ་བ་དང་ནི་འཇིག་པར་ལྡན། ། མཚན་དང་ མཚན་གྱི་གཞིར་ཡང་ཤེས། ། ཡིད་ཅེས་བྱ་བ་རྣམ་རྟོག་པ། ། རྣམ་ཤེས་ལྔ་དང་ལྷན་ཅིག་ཏུ། ། གཟུགས་བརྙན་ཆུ་བོའི་ཆུ་འདྲ་བ། ། སེམས་ཀྱི་ས་བོན་དག་ལས་འབྱུང་། ། གང་གི་ཚེ་ན་སེམས་དང་ཡིད། ། རྣམ་པར་ཤེས་པ་མི་འཇུག་པ། ། དེ་ཡི་ཚེ་ན་ཡིད་ལུས་དང་། ། སངས་རྒྱས་ས་ཡང་ ཐོབ་པར་འགྱུར། །
BO
རྐྱེན་དང་ཁམས་དང་ཕུང་པོ་དང་། ། ཆོས་རྣམས་ཀྱི་ནི་རང་བཞིན་ཉིད། ། བཏགས་དང་སེམས་དང་གང་ཟག་རྣམས། ། རྨི་ལམ་སྐྲ་ཤད་འཛིངས་པ་འདྲ། ། འཇིག་རྟེན་རྨི་ལམ་སྒྱུ་མ་ལྟར། ། མཐོང་ནས་ཡང་དག་གནས་པར་གྱིས། ། དེ་བཞིན་ཉིད་ནི་མཚན་ ཉིད་བྲལ། ། རིག་པ་དང་ནི་གཏན་ཚིགས་སྤངས། ། འཕགས་པའི་སོ་སོ་རང་རིག་པ། ། སྤྱོད་པ་རྟག་ཏུ་དྲན་པར་གྱིས། ། རིགས་པ་དང་ནི་རྒྱུ་རྨོངས་པའི། ། འཇིག་རྟེན་དེ་བཞིན་ཉིད་ལ་ཁོད། ། སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར། ། ཤེས་རབ་ནོར་པར་མི་འཇུག་སྟེ། ། ཇི་སྲིད་ནོར་ པར་རྣམ་རྟོག་པ། ། དེ་སྲིད་རྨོངས་པས་སེམས་འཇུག་གོ། ། རང་བཞིན་མེད་དང་དངོས་པོ་དང་། ། སྟོང་པ་རྟག་དང་མི་རྟག་རྣམས། ། སྐྱེ་བར་སྨྲ་བའི་ལྟ་བ་སྟེ། ། མི་སྐྱེ་སྨྲ་བའི་མ་ཡིན་ནོ། ། འགྲོ་གཅིག་ཐ་དད་གཉིས་ཀར་ཡང་། ། དབང་ཕྱུག་དང་ནི་འདོད་རྒྱལ་དང་། ། དུས་དང་གཙོ་དང་ རྡུལ་ཕྲན་དང་། ། རྐྱེན་རྣམས་ཀྱིས་ནི་བརྟག་པ་ཡིན། ། འཁོར་བའི་ས་བོན་རྣམ་པར་ཤེས། ། ས་བོན་ཡོད་ན་འབྱུང་བར་འགྱུར། ། རྩིག་པ་ཡོད་ན་རི་མོ་བཞིན། ། ཡོངས་སུ་ཤེས་ནས་འགག་པར་འགྱུར། ། ཇི་ལྟར་སྒྱུ་མའི་སྐྱེས་བུ་བཞིན། ། མི་དག་འཆི་དང་སྐྱེ་བར་འགྱུར།
BO
། དེ་བཞིན་བྱིས་པ་ རྨོངས་པའི་ཕྱིར། ། བཅིངས་དང་ཐར་པ་ཤིན་ཏུ་འབྱུང་། ། ཕྱི་དང་ནང་གི་རྣམ་གཉིས་ཏེ། ། ཆོས་རྣམས་དང་ནི་རྐྱེན་རྣམས་སོ། ། རྣལ་འབྱོར་དེ་ལ་རབ་བསྒོམ་ཞིང་། ། སྣང་བ་མེད་ལ་གནས་པར་བྱ། ། བག་ཆགས་དག་གིས་སེམས་དབྱེ་སྟེ། ། སེམས་དང་བག་ཆགས་ཐ་མི་དད། ། སེམས་ནི་ཐ་དད་མ་ཡིན་མཚན། ། བག་ཆགས་རྣམས་ཀྱིས་ཡོངས་སུ་དཀྲིས། ། ཡིད་ཀྱི་ཤེས་ལས་བྱུང་བ་ཡི། ། བག་ཆགས་དྲི་མ་བཞིན་དུ་ལྟོས། ། སེམས་ནི་རས་ཡུག་དཀར་པོ་འདྲ། ། བག་ཆགས་རྣམས་ཀྱིས་མི་མཛེས་སོ། ། ཇི་ལྟར་ངས་ནི་ནམ་མཁའ་ལ། ། དངོས་དང་དངོས་མེད་མ་ཡིན་བཤད། ། དེ་བཞིན་ལུས་ལ་ཀུན་གཞི་ནི། ། དངོས་དང་དངོས་པོ་མེད་པས་སྤངས། ། རྙོག་པ་སྤངས་པའི་སེམས་ཉིད་ནི། ། ཡིད་ཀྱི་རྣམ་ཤེས་བཟློག་པ་སྟེ། ། ཆོས་རྣམས་ཐམས་ཅད་ཤེས་པའི་ཕྱིར། ། སེམས་ནི་སངས་རྒྱས་ཤེས་ང་འཆད། ། རྒྱུད་གསུམ་རྣམ་པར་འཆད་པ་སྟེ། ། ཡོད་པ་དང་ནི་མེད་པ་སྤངས། ། མཐའ་བཞི་དག་ལས་རྣམ་པར་གྲོལ། ། སྲིད་པ་རྟག་ཏུ་སྒྱུ་མ་བཞིན། ། སེམས་ལས་བྱུང་བའི་ས་བདུན་རྣམས། ། ངོ་བོ་ཉིད་ནི་གཉིས་སུ་འགྱུར། ། ས་གཞན་དང་ནི་སངས་རྒྱས་ས། ། དེ་དག་ཤིན་ཏུ་རྫོགས་པ་ཡིན། །
BO
གཟུགས་ཅན་དང་ནི་གཟུགས་མེད་ཁམས། ། འདོད་པའི་ཁམས་དང་ མྱ་ངན་འདས། ། སེམས་ཀྱི་སྤྱོད་ཡུལ་ཐམས་ཅད་ཀྱང་། ། ལུས་འདི་ཉིད་དུ་བཤད་པ་ཡིན། ། གང་ཚེ་ཇི་སྲིད་དམིགས་གྱུར་པ། ། དེ་སྲིད་ནོར་པ་འཇུག་པར་འགྱུར། ། ནོར་པ་རང་གི་སེམས་རྟོགས་ན། ། འཇུག་པ་མེད་ཅིང་ལྡོག་པ་མེད། ། སྐྱེ་བ་མེད་ལ་རྒྱུ་ཡང་མེད། ། དངོས་པོས་འཁོར་བ་ ཀུན་འཛིན་ཏེ། ། རྒྱུ་ལ་སོགས་དང་འདྲར་མཐོང་ན། ། མཚན་ཉིད་ལ་ནི་མི་བརྟག་གོ། ། བྱིས་པ་ཞན་པའི་བློ་ཅན་ལ། ། ཐེག་པ་གཅིག་དང་ཐེག་གསུམ་དང་། ། ཐེག་པ་མེད་པ་རང་འཆད་དོ། ། འཕགས་པ་རྣམས་ལ་དབེན་པ་ཉིད། ། མཚན་ཉིད་དང་ནི་རྟོག་པ་དེ། ། ང་ཡི་སྐྱེ་བ་རྣམ་གཉིས་ སོ། ། ཚུལ་བསྟན་པ་ནི་རྣམ་བཞི་སྟེ། ། རིགས་པ་བསྟན་དང་གྲུབ་པའི་མཐའ། ། དབྱིབས་དང་བྱད་ཀྱི་ཁྱད་པར་གྱིས། ། ནོར་བ་མཐོང་ནས་རྣམ་པར་རྟོག ། མིང་དང་དབྱིབས་དང་བྲལ་གྱུར་ནས། ། རང་བཞིན་འཕགས་པའི་སྤྱོད་ཡུལ་གཙང་། ། ཇི་སྲིད་རྣམ་པར་རྟོག་པས་རྟོག ། དེ་ སྲིད་བརྟགས་པའི་མཚན་ཉིད་དེ། ། བརྟག་བྱ་རྟོག་པ་མེད་པའི་ཕྱིར། ། རང་བཞིན་འཕགས་པའི་སྤྱོད་ཡུལ་ལོ། ། རྟག་པ་ཐེར་ཟུག་ཡང་དག་ཉིད། ། རིགས་དང་དངོས་པོའི་ངོ་བོ་ཉིད། །
BO
དེ་བཞིན་ཉིད་ནི་སེམས་ལས་གྲོལ། ། རྟོག་པ་རྣམས་ཀྱང་སྤངས་པའོ། ། དངོས་པོ་མེད་ན་དག་མི་འགྱུར། ། ཉོན་མོངས་པ་ཡང་སུ་ལའང་མེད། ། གང་ཕྱིར་སེམས་ནི་དག་གྱུར་པས། ། ཀུན་ནས་ཉོན་མོངས་སྣང་བར་འགྱུར། ། དེ་ཕྱིར་རྣམ་དག་འཕགས་པའི་ཡུལ། ། ཡང་དག་ཉིད་ནི་དངོས་པོར་འགྱུར། ། སེམས་ནི་རྐྱེན་གྱིས་བསྐྱེད་པ་སྟེ། ། རྟོག་པ་དག་གིས་རྣམ་པར་སྤེལ། ། རྨི་ལམ་སྒྱུ་མ་ལ་ སོགས་ལྟར། ། མཐོང་ན་རྣམ་པར་འཚང་རྒྱ་འགྱུར། ། བག་ཆགས་སྣ་ཚོགས་གནས་ངན་ལེན། ། སེམས་དང་ལྷན་ཅིག་རབ་ཏུ་ལྡན། ། མི་ལ་ཕྱི་རོལ་རྣམས་སྣང་སྟེ། ། སེམས་ཀྱི་ཆོས་ཉིད་མ་ཡིན་ནོ། ། སེམས་ཀྱི་ཆོས་ཉིད་དག་པ་སྟེ། ། སེམས་ནི་ནོར་ལས་བྱུང་བ་ཡིན། ། ནོར་པ་གནས་ ངན་ལེན་པ་སྟེ། ། དེ་ཡི་ཕྱིར་ན་སེམས་མི་མཐོང་། ། དེ་བཞིན་ཉིད་ནི་ནོར་པ་ཙམ། དེ་བཞིན་ཉིད་ནི་གུད་ན་མེད། ། འདུ་བྱེད་ལ་མིན་གུད་ནའང་མིན། ། འོན་ཀྱང་འདུ་བྱེད་མཐོང་བས་སོ། ། ནམ་ཞིག་འདུས་བྱས་རྣམས་ལ་ནི། ། མཚན་དང་མཚན་གཞི་བྲལ་མཐོང་ན། ། འགྲོ་བ་རང་ གི་སེམས་མཐོང་བས། ། དེ་ཡི་ཕྱིར་ནི་སྤངས་པར་འགྱུར། ། སེམས་ཙམ་ལ་ནི་གནས་ནས་ནི། ། ཕྱི་རོལ་དོན་ལ་མི་བརྟག་གོ། །
BO
ཡང་དག་དམིགས་ལ་གནས་ནས་ནི། ། སེམས་ཙམ་ལས་ནི་འདའ་བར་བྱ། ། སེམས་ཙམ་ལས་ནི་འདས་ནས་ནི། ། སྣང་བ་མེད་ལས་འདའ་བར་བྱ། ། རྣལ་ འབྱོར་སྣང་བ་མེད་གནས་ན། ། ཐེག་པ་ཆེན་པོ་མི་མཐོང་ངོ་། ། ལྷུན་གྱིས་གྲུབ་རྟོགས་ཞི་བ་སྟེ། ། སྨོན་ལམ་དག་གིས་རྣམ་པར་སྦྱངས། ། བདག་མེད་ཡེ་ཤེས་མཆོག་ཡིན་ཏེ། ། སྣང་བ་མེད་ཚེ་མི་མཐོང་ངོ་། ། སེམས་ཀྱི་སྤྱོད་ཡུལ་བལྟ་བར་བྱ། ། ཡེ་ཤེས་ཀྱི་ཡང་སྤྱོད་ཡུལ་བལྟ། ། ཤེས་ རབ་སྤྱོད་ཡུལ་མཐོང་ན་ནི། ། མཚན་ཉིད་ལ་ནི་རྨོངས་མི་འགྱུར། ། སྡུག་བསྔལ་བདེན་པ་སེམས་ཀྱི་སྟེ། ། ཀུན་འབྱུང་ཡེ་ཤེས་སྤྱོད་ཡུལ་ལོ། ། བདེན་པ་གཉིས་དང་སངས་རྒྱས་ས། ། དེ་ལ་ཤེས་རབ་ཤིན་ཏུ་འཇུག ། འབྲས་བུ་ཐོབ་དང་མྱ་ངན་འདས། ། དེ་བཞིན་ཡན་ལག་བརྒྱད་པའི་ལམ། ། ཆོས་རྣམས་ཐམས་ཅད་རྟོགས་པའི་ཕྱིར། ། སངས་རྒྱས་ཡེ་ཤེས་རྣམ་དག་འགྱུར། ། མིག་དང་གཟུགས་དང་སྣང་བ་དང་། ། ཡིད་དང་ནམ་མཁའ་དེ་བཞིན་ཏེ། ། དེ་དག་གིས་ནི་མི་རྣམས་ཀྱི། ། ཀུན་གཞི་ལས་བྱུང་རྣམ་ཤེས་ཏེ། ། གཟུང་དང་འཛིན་དང་འཛིན་བྱེད་པ། ། མིང་དང་དངོས་མིན་མེད་པ་དང་། ། རྣམ་པར་རྟོག་པ་རྒྱུ་མེད་པར། ། གང་སེམས་དེ་དག་མཁས་མ་ཡིན། །
BO
དོན་ལས་མིང་ནི་མ་བྱུང་སྟེ། ། མིང་ལས་དོན་ཀྱང་དེ་བཞིན་ནོ། ། རྒྱུ་དང་རྒྱུ་མེད་ལས་བྱུང་བའི། ། རྣམ་པར་རྟོག་པ་མ་རྟོག་ཅིག ། དངོས་པོ་ཐམས་ཅད་རང་བཞིན་མེད། ། ཚིག་ཀྱང་དེ་བཞིན་མེད་པ་ཡིན། ། སྟོང་པ་དང་ནི་སྟོང་པའི་དོན། ། བྱིས་པ་མ་མཐོང་རྣམ་པར་རྒྱུག ། རློམ་སེམས་བདེན་དགོད་མཐོང་བས་ནི། ། བཏགས་པ་ཡི་ནི་བཤད་པའོ། ། གཅིག་པོ་རྣམ་པ་ལྔར་གྲུབ་པས། ། བདེན་པ་པོ་འདི་སྤོང་བར་འགྱུར། ། སྤྲོས་པ་བདུད་ཀྱིས་བཟུང་བ་ཡིན། ། ཡོད་དང་མེད་ལས་འདའ་བར་བྱ། ། ལོག་པའི་འདུ་ཤེས་བདག་མེད་པར། ། མཐོང་བས་སྲིད་ལ་འདུན་མི་བྱ། ། བརྟག་པ་བྱེད་དང་བཅས་པ་ནི། ། རྩོད་པ་ཙམ་ཞིག་འཇུག་པ་སྟེ། ། བདེན་པའི་མཆོག་ནི་སྨྲར་མེད་པ། ། འགགས་ན་ཆོས་ནི་མཐོང་བ་ཡིན། ། ཀུན་གཞི་ལ་ནི་རྟེན་བཅས་ནས། ། ཡིད་ ཀྱང་ཤིན་ཏུ་འཇུག་པར་འགྱུར། ། སེམས་དང་ཡིད་ལ་རྟེན་བཅས་ནས། ། རྣམ་པར་ཤེས་པ་འཇུག་པར་འགྱུར། ། སྒྲོ་བཏགས་པ་དང་སྒྲོ་འདོགས་པ། ། སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད། ། རྣལ་འབྱོར་པས་ནི་དེ་བསྒོམས་ན། ། སེམས་ཙམ་ཤེས་པ་ཐོབ་པར་འགྱུར། ། ཡིད་དང་མཚན་ ཉིད་དངོས་པོ་ལ། ། རྟག་དང་མི་རྟག་རློམ་སེམས་མེད། །
BO
སྐྱེ་དང་མི་སྐྱེར་རྣལ་འབྱོར་ལ། ། རྣལ་འབྱོར་པ་ནི་རློམ་སེམས་མེད། ། ཀུན་གཞི་ལས་བྱུང་རྣམ་ཤེས་ནི། ། དོན་གཉིས་ལ་ནི་རྟོག་པར་བྱེད། ། དེ་ལས་བྱུང་བའི་དོན་གཅིག་ལ། ། སེམས་གཉིས་ཀྱིས་ནི་མི་ཤེས་འགྱུར། ། སྨྲ་བ་མེད་ ཅིང་ཚིག་མེད་དེ། ། སེམས་མཐོང་ཕྱིར་ནི་སྟོང་མ་ཡིན། ། རང་གི་སེམས་ནི་མ་མཐོང་ཕྱིར། ། ལྟ་བའི་དྲ་བ་འཇུག་པར་འགྱུར། ། རྐྱེན་རྣམས་འོང་བ་མེད་པ་སྟེ། ། དངོས་པོ་དག་ནི་གང་ཡང་མེད། ། ཁམས་རྣམས་མེད་ཅིང་ཕུང་པོ་མེད། ། འདོད་ཆགས་མེད་ཅིང་འདུས་བྱས་མེད། ། ལས་དང་ མེ་མེད་སྔོན་ཡང་མེད། ། བྱས་པ་མེད་ཅིང་འདུས་བྱས་མེད། ། མཐའ་ཡང་མེད་ཅིང་ཆགས་པ་མེད། ། ཐར་པ་མེད་ཅིང་བཅིངས་པ་མེད། ། ལུང་མ་བསྟན་ལ་དངོས་པོ་མེད། ། ཆོས་དང་ཆོས་མ་ཡིན་པ་མེད། ། དུས་མེད་མྱ་ངན་འདས་པ་མེད། ། ཆོས་ཉིད་དག་ཀྱང་མེད་པ་ཡིན། ། སངས་རྒྱས་མེད་ཅིང་བདེན་རྣམས་མེད། ། འབྲས་ བུ་མེད་ཅིང་རྒྱུ་རྣམས་མེད། ། ལོག་དང་མྱ་ངན་འདས་པ་མེད། ། འབྱུང་བ་དང་ནི་འཇིག་པ་མེད། ། ཡན་ལག་བཅུ་གཉིས་ཡོད་མ་ཡིན། ། མཐའ་དང་མཐའ་མེད་པ་ཡང་མེད། ། ལྟ་བ་ཐམས་ཅད་སྤང་བའི་ཕྱིར། ། སེམས་ཙམ་དུ་ནི་ངས་བཤད་དོ། །
BO
ལུས་དང་ཉོན་མོངས་ལས་ལམ་དང་། ། བྱེད་པ་པོ་དང་འབྲས་བུ་རྣམས། ། རྨི་ལམ་དང་ནི་སྨིག་རྒྱུ་འདྲ། ། དྲི་ཟ་ཡི་ནི་གྲོང་ཁྱེར་བཞིན། ། སེམས་ཙམ་དུ་ནི་རྣམ་བཞག་པས། ། དངོས་པོའི་མཚན་ལས་རྣམ་པར་ལྡོག ། སེམས་ཙམ་ལ་ནི་གནས་པའི་ཕྱིར། ། རྟག་དང་ཆད་པ་མཐོང་བར་འགྱུར། ། མྱ་ངན་འདས་ལ་ཕུང་པོ་མེད། ། བདག་ཀྱང་མེད་ཅིང་མཚན་ཉིད་མེད། ། སེམས་ཙམ་ལ་ནི་འཇུག་པ་ཡིས། ། ཐར་པ་འཛིན་ལས་ལོག་པར་འགྱུར། ། ས་སྣང་རྒྱུས་བྱུང་ངེས་པ་ནི། ། མི་རྣམས་ལ་ནི་ཕྱི་རོལ་སྣང་། ། སེམས་ནི་སྣང་བ་མེད་ལས་བྱུང་། ། དེ་ཡི་ཕྱིར་ན་སེམས་མི་སྣང་། ། མི་རྣམས་ཀྱིས་ནི་བག་ཆགས་རྣམས། ། ལུས་ དང་ལོངས་སྤྱོད་གནས་ལྟར་སྣང་། ། སེམས་ནི་དངོས་མིན་དངོས་མེད་མིན། ། བག་ཆགས་དག་གིས་མི་མཛེས་སོ། ། དཀར་པོ་ལ་ནི་དྲི་མ་སྣང་། ། དྲི་མ་ལ་ནི་དཀར་མི་སྣང་། ། ནམ་མཁའ་ལ་ནི་སྤྲིན་བཞིན་དུ། ། དེ་བཞིན་སེམས་ཀྱང་མི་སྣང་ངོ་། ། སེམས་ནི་ལས་ཀྱང་སོགས་པར་བྱེད། ། ཡེ་ཤེས་ཀྱིས་ནི་ རྣམ་པར་སེལ། ། ཤེས་རབ་ཀྱིས་ནི་སྣང་མེད་དང་། ། མཐུ་ཡང་རབ་ཏུ་ཐོབ་པར་བྱེད། ། སེམས་ནི་ཡུལ་དང་འབྲེལ་པ་སྟེ། ། ཤེས་པ་རྟོག་གེ་དག་ལ་འཇུག །
BO
སྣང་བ་མེད་དང་ཁྱད་པར་ལ། ། ཤེས་རབ་དག་ལ་ཤིན་ཏུ་འཇུག ། སེམས་དང་ཡིད་དང་རྣམ་ཤེས་དང་། ། འདུ་ཤེས་རྟོག་པ་སྤངས་པ་སྟེ། ། རྣམ་པར་མི་རྟོག་ཆོས་ཐོབ་པས། ། ཉན་ཐོས་དག་ནི་རྒྱལ་སྲས་མིན། ། ཞི་བ་བཟོད་པའི་ཁྱད་པར་ལ། ། དེ་བཞིན་གཤེགས་ཀྱི་ཡེ་ཤེས་དགེ། ། ཀུན་ཏུ་སྤྱོད་པ་སྤངས་པ་ནི། ། ཁྱད་པར་ཕྱིར་ནི་སྐྱེ་བར་འགྱུར། ། ཀུན་ཏུ་བརྟགས་པའི་རང་བཞིན་ཡོད། ། གཞན་གྱི་དབང་ནི་མེད་པ་སྟེ། ། ནོར་པ་དག་ གིས་བརྟགས་པ་འཛིན། ། གཞན་གྱི་དབང་ནི་མི་རྟག་གོ། ། ཐམས་ཅད་འབྱུང་འགྱུར་གཟུགས་མེད་དེ། ། འབྱུང་ལས་མ་གྱུར་གཟུགས་ཡོད་དོ། ། དྲི་ཟའི་གྲོང་ཁྱེར་རྨི་ལམ་དང་། ། སྒྱུ་མ་སྨིག་རྒྱུ་འབྱུང་འགྱུར་མིན། ། ང་ཡི་ཤེས་རབ་རྣམ་གསུམ་སྟེ། ། གང་གིས་འཕགས་པ་རབ་ཕྱེ་བ། ། གང་གིས་ཡང་དག་མཚན་ ཉིད་རྟོག ། གང་གིས་དངོས་པོ་འབྱེད་པའོ། ། ཉན་ཐོས་ཤེས་རབ་སྣང་སྤངས་པ། ། ཐེག་པ་གཉིས་དང་བྲལ་བ་ནི། ། དངོས་པོ་ཡོད་པར་ཆགས་པས་ན། ། ཤིན་ཏུ་འཇུག་པར་འགྱུར་བ་ཡིན། ། སེམས་ཙམ་ལ་ནི་འཇུག་པ་ཡིན། ། བདེ་གཤེགས་ཤེས་རབ་དྲི་མ་མེད། ། ཡོད་པ་དང་ནི་མེད་པ་ལས། ། རྐྱེན་གྱིས་ གལ་ཏེ་སྐྱེར་ཟིན་ན། ། གཅིག་དང་ཐ་དད་ལྟ་བ་ལ། །
BO
གདོན་མི་ཟ་བར་དེ་དག་གནས། ། ཡན་ལག་མང་པོས་བསྒྲུབས་པ་ཡི། ། སྒྱུ་མ་བསྒྲུབ་པར་མི་འགྱུར་བར། ། དེ་བཞིན་མཚན་མ་སྣ་ཚོགས་ཀྱང་། ། བརྟགས་ན་འགྲུབ་པར་མི་འགྱུར་རོ། ། མཚན་མ་གནས་ངན་ལེན་པ་ཡི། ། འཆིང་བ་སེམས་ལས་བྱུང་བ་སྟེ། ། ཀུན་ ཏུ་བརྟགས་པ་མི་ཤེས་པས། ། གཞན་གྱི་དབང་ཞེས་རྟོག་པར་འགྱུར། ། གང་བརྟགས་པ་ཡི་དངོས་པོ་འདི། ། གཞན་གྱི་དབང་ཡང་དེ་ཉིད་དོ། ། བརྟགས་པ་སྣ་ཚོགས་སྣང་བ་ཡང་། ། གཞན་གྱི་དབང་གིས་རྟོག་པར་བྱེད། ། ཀུན་རྫོབ་དང་ནི་དམ་པའི་དོན། ། རྒྱུ་ལས་སྐྱེས་པ་གསུམ་དུ་མེད། ། བརྟགས་པ་ཀུན་ རྫོབ་ཅེས་བྱ་སྟེ། ། དེ་ཆད་འཕགས་པའི་སྤྱོད་ཡུལ་ལོ། ། རྣལ་འབྱོར་ཅན་གྱི་དངོས་པོ་ལྟར། ། སྣ་ཚོགས་གཅིག་ཏུ་རྣམ་པར་མཛེས། ། དེ་ལ་རྣམ་པ་སྣ་ཚོགས་མེད། ། བརྟགས་པའི་མཚན་ཀྱང་དེ་བཞིན་ནོ། ། ཇི་ལྟར་རབ་རིབ་ཅན་དག་གིས། ། གཟུགས་མཐོང་བ་ལ་སྣ་ཚོགས་རྟོག ། རབ་རིབ་གཟུགས་མིན་ གཟུགས་མེད་མིན། ། མཁས་པས་གཞན་དབང་དེ་བཞིན་ནོ། ། ཇི་ལྟར་གསེར་ནི་དག་པ་དང་། ། ཆུ་ཡང་རྙོག་པ་སྤངས་པ་དང་། ། ནམ་མཁའ་ལ་ནི་སྤྲིན་མེད་ལྟར། ། རྣམ་རྟོག་དག་པ་དེ་བཞིན་ནོ། ། ང་ཡི་ཉན་ཐོས་རྣམ་གསུམ་སྟེ། །
BO
སྤྲུལ་དང་སྨོན་ལམ་ལས་སྐྱེས་པ། ། འདོད་ཆགས་ཞེ་སྡང་སྤངས་པ་ཡི། ། ཆོས་ ལས་བྱུང་བའི་ཉན་ཐོས་སོ། ། བྱང་ཆུབ་སེམས་དཔའ་འང་རྣམ་གསུམ་སྟེ། ། སངས་རྒྱས་ལ་ནི་མཚན་ཉིད་མེད། ། སེམས་ཅན་དག་གི་སེམས་སེམས་ལ། ། སངས་རྒྱས་གཟུགས་ནི་རབ་ཏུ་སྣང་། ། བརྟགས་པ་ཡི་ནི་དངོས་པོ་མེད། ། གཞན་གྱི་དབང་ནི་ཡོད་པ་སྟེ། ། སྒྲོ་འདོགས་པ་དང་སྐུར་པ་ནི། ། རྣམ་པར་ བརྟགས་ན་འཇིག་པར་འགྱུར། ། གལ་ཏེ་བརྟགས་པའི་དངོས་མེད་ལ། ། གཞན་གྱི་དབང་གི་དངོས་ཡོད་ན། ། དངོས་པོ་མེད་པར་དངོས་པོར་འགྱུར། ། དངོས་པོ་དངོས་མེད་ལས་བྱུང་འགྱུར། ། ཀུན་ཏུ་བརྟགས་ལ་གནས་བཅས་ཏེ། ། གཞན་གྱི་དབང་ནི་དམིགས་པར་འགྱུར། ། མིང་དང་མཚན་མ་འབྲེལ་པ་ལས། ། ཀུན་ཏུ་བརྟགས་པ་འབྱུང་བར་འགྱུར། ། བརྟགས་པ་ཤིན་ཏུ་མ་གྲུབ་ན། ། གཞན་ལས་བྱུང་བ་མ་ཡིན་ནོ། ། དམ་པའི་དོན་གྱི་ངོ་བོ་ཉིད། ། དག་པ་དེ་ཚེ་ཤེས་པར་འགྱུར། ། ཀུན་ཏུ་རྟོག་པ་རྣམ་པ་བཅུ། ། གཞན་གྱི་དབང་ནི་རྣམ་པ་དྲུག ། སོ་སོ་རང་རིག་དེ་བཞིན་ཉིད། ། དེ་ཡི་ཕྱིར་ན་ཁྱད་མེད་དོ། ། ཆོས་ལྔ་དེ་བཞིན་ཉིད་ ཡིན་ཏེ། ། རང་བཞིན་གསུམ་ཡང་དེ་བཞིན་ནོ། ། རྣལ་འབྱོར་ཅན་གྱིས་དེ་བསྒོམས་ན། །
BO
དེ་བཞིན་ཉིད་ལས་མི་འདའོ། ། སྐར་མ་དང་ནི་སྤྲིན་ལྟ་བུར། ། ཉི་མ་ཟླ་བ་འདྲ་བ་དང་། ། བག་ཆགས་ལས་བྱུང་སྣང་འདྲ་བ། ། མི་རྣམས་ཀྱི་ནི་སེམས་སྣང་ངོ་། ། འབྱུང་བ་འདི་དག་ལུས་མ་རེད། ། མཚན་ཉིད་མེད་ཅིང་མཚན་ གཞི་མེད། ། ཇི་སྟེ་འབྱུང་བའི་འབྱུང་ཡིན་ལ། ། གཟུགས་ནི་འབྱུང་ལས་གྱུར་ཡིན་ན། ། འབྱུང་བ་ཆེན་པོ་ཡང་དག་མིན། ། འབྱུང་བ་འབྱུང་ལས་གྱུར་པ་མེད། ། འབྱུང་བ་ཆེན་པོ་རྒྱུ་ཡིན་ཏེ། ། འབྲས་བུ་ས་དང་ཆུ་ལ་སོགས། ། རྫས་དང་བཏགས་དང་གཟུགས་རྣམས་དང་། ། སྒྱུ་མའི་རྣམ་བྱས་དེ་བཞིན་ཏེ། ། རྨི་ལམ་དྲི་ཟའི་ གྲོང་གི་གཟུགས། ། སྨིག་རྒྱུ་བ་དང་ལྔ་ཡིན་ནོ། ། འདོད་པ་ཅན་ནི་རྣམ་ལྔ་དང་། ། རིགས་ཀྱང་དེ་བཞིན་ལྔ་ཡིན་ཏེ། ། ཐེག་པ་ལྔ་དང་ཐེག་པ་མེད། ། མྱ་ངན་འདས་པ་རྣམ་དྲུག་ཡིན། ། ཕུང་པོ་ཐ་དད་ཉི་ཤུ་བཞི། ། གཟུགས་ཀྱང་རྣམ་པ་བརྒྱད་དུ་འགྱུར། ། སངས་རྒྱས་ཉི་ཤུ་རྩ་བཞི་ཡིན། ། རྒྱལ་བའི་སྲས་ནི་རྣམ་ པ་གཉིས། ། ཚུལ་ཡང་བརྒྱ་པོ་རྩ་བརྒྱད་དེ། ། དེ་བཞིན་ཉན་ཐོས་རྣམ་གསུམ་མོ། ། སངས་རྒྱས་རྣམས་ཀྱི་ཞིང་གཅིག་སྟེ། ། དེ་བཞིན་སངས་རྒྱས་གཅིག་ཏུ་འགྱུར། ། རྣམ་པར་གྲོལ་བ་དེ་བཞིན་གསུམ། །
BO
སེམས་ཀྱི་རྒྱུད་ནི་རྣམ་པ་བཞི། ། ང་ཡི་བདག་མེད་རྣམ་པ་དྲུག ། ཤེས་པར་བྱ་བའང་རྣམ་པ་བཞི། ། རྒྱུ་རྣམས་ དང་ནི་བྲལ་གྱུར་པ། ། ལྟ་བའི་ཉེས་པ་རྣམ་པར་སྤངས། ། སོ་སོ་རང་རིག་མི་གཡོ་བ། ། ཐེག་པ་ཆེན་པོ་བླ་ན་མེད། ། སྐྱེ་བ་དང་ནི་མི་སྐྱེ་བ། ། རྣམ་པ་བརྒྱད་དང་རྣམ་དགུར་འགྱུར། ། གཅིག་དང་རིམ་གྱིས་རྟོགས་པ་སྟེ། ། གྲུབ་པའི་མཐའ་ཡང་གཅིག་ཉིད་དོ། ། གཟུགས་མེད་ཁམས་ནི་རྣམ་པ་བརྒྱད། ། བསམ་ གཏན་ཐ་དད་རྣམ་པ་དྲུག ། རང་རྒྱལ་སྲས་པོ་རྣམས་ཀྱིས་ནི། ། འབྱུང་བ་རྣམ་པ་བདུན་དུ་འགྱུར། ། དུས་གསུམ་པོ་ཡང་ཡོད་མ་ཡིན། ། རྟག་པ་དང་ནི་མི་རྟག་མེད། ། བྱེད་དང་ལས་དང་འབྲས་བུ་རྣམས། ། རྨི་ལམ་གྱི་ནི་བྱ་བ་བཞིན། ། སངས་རྒྱས་ཉན་ཐོས་རྒྱལ་བའི་སྲས། ། ཐོག་མ་ཐ་མར་འབྱུང་བ་ མེད། ། སེམས་ཀྱི་སྣང་དང་བྲལ་བ་སྟེ། ། རྟག་ཏུ་སྒྱུ་མའི་ཆོས་དང་འདྲ། ། རུམ་དང་འཁོར་ལོ་སྐྱེ་དེ་བཞིན། ། འབྱུང་དང་དགའ་ལྡན་གྱི་གནས་དང་། ། ཞིང་ཀུན་ཏུ་ནི་གཤེགས་པར་ཡང་། ། སྣང་ཡང་མངལ་ནས་སྐྱེ་བ་མིན། ། འཕོ་དང་རྒྱུ་དང་སེམས་ཅན་དང་། ། དེ་བཞིན་སྟོན་དང་མྱ་ངན་འདས། ། བདེན་པ་ དང་ནི་ཞིང་རྟོགས་པ། །
BO
རྐྱེན་རྣམས་ཀྱིས་ནི་འཕངས་པ་ཡིན། ། འཇིག་རྟེན་དང་ནི་ནགས་ཚལ་གླིང་། ། མུ་སྟེགས་འཕོ་དང་བདག་མེད་དང་། ། བསམ་གཏན་ཐེག་གནས་ཐོབ་པ་དང་། ། འབྲས་བུའི་སྤྱོད་ཡུལ་བསམ་མི་ཁྱབ། ། ཟླ་བ་སྐར་མའི་རིགས་རྣམས་དང་། ། རྒྱལ་པོའི་རིགས་དང་ལྷ་ཡི་རྣམས། ། གནོད་སྦྱིན་དྲི་ཟའི་རིགས་རྣམས་ནི། ། ལས་ལས་སྐྱེས་ཤིང་སྲིད་ལས་བྱུང་། ། བསམ་གྱིས་མི་ཁྱབ་འགྱུར་བ་ན། ། ཤི་འཕོ་བག་ཆགས་ལྡན་པ་སྟེ། ། ཤི་འཕོར་སྣང་བ་ཆད་ན་ནི། ། ཉོན་མོངས་དྲ་བ་འགག་པར་འགྱུར། ། བ་ལང་ལུག་དང་བྲན་རྣམས་དང་། ། དེ་བཞིན་གླང་པོ་རྟ་ལ་སོགས། ། ནོར་དང་འབྲུ་ དང་གསེར་རྣམས་དང་། ། ཞིང་གི་དངོས་པོར་རྣམ་པར་རྟོག ། ཁྲི་དག་ལ་ཡང་ཉལ་མི་བྱ། ། ས་ལ་ཡང་ནི་མི་བསྐུའོ། ། གསེར་དང་དངུལ་དང་ཁར་བ་དང་། ། ཟངས་ཀྱི་ལྷུང་བཟེད་མི་བཅང་ངོ་། ། སྣམ་བུ་སྔོན་པོར་བཙོས་པ་དང་། ། བ་ལང་ལྕི་བ་ངུར་སྨྲིག་དང་། ། ས་དང་འབྲས་བུ་ལོ་མ་ཡིས། ། རྣལ་འབྱོར་ རྟག་ཏུ་དཀར་པོ་བསྒྱུར། ། ལྕགས་དང་རྡོ་དང་ཁམ་པ་དང་། ། དུང་དང་ཤེལ་ལས་བྱས་པ་ཡི། ། མ་ག་དྷཱ་ཡི་བྲེ་གང་ཚད། ། ལྷུང་བཟེད་རྣལ་འབྱོར་ཅན་གྱིས་བཅང་། ། དགུ་པོ་གོས་དྲའི་གྲི་ཡང་ནི། །
BO
སོར་བཞི་པ་ཡི་ཚད་དུ་བྱ། ། རྣལ་འབྱོར་གཞོལ་བའི་རྣལ་འབྱོར་པས། ། བཟོ་ཡི་རིག་པ་མི་བསླབ་བོ། ། རྣལ་འབྱོར་ཞུགས་པའི་རྣལ་འབྱོར་པས། ། ཉོ་དང་བཙོང་བར་མི་བྱའོ། ། ཀུན་དགའི་ཁྱིམ་པས་དེ་བྱས་ཏེ། ། དེ་ནི་ཆོས་སུ་ངས་བཤད་དོ། ། དབང་པོ་བསྡམས་ཤིང་དོན་ཤེས་པས། ། མདོ་དང་འདུལ་ལ་དེ་བཞིན་ཏེ། ། ཁྱིམ་པ་དང་ནི་མ་འདྲེས་པར། ། རྣལ་འབྱོར་ཅན་ལ་དེ་ངས་བཤད། ། སྟོང་པའི་ཁྱིམ་འམ་ དུར་ཁྲོད་དམ། ། ཤིང་གི་དྲུང་དང་ཕུག་རྣམས་དང་། ། བླ་གབ་མེད་པའམ་སོག་ཁྲོད་དུ། ། རྣལ་འབྱོར་ཅན་གྱིས་གནས་བཅའོ། ། དུར་ཁྲོད་དུ་འམ་གཞན་གང་དུའང་། ། རྟག་པར་གོས་གསུམ་བགོ་བར་བྱ། ། གང་ཡང་བདེ་བར་བྱིན་པ་དག ། གོས་ཀྱི་ཕྱིར་ནི་སྦྱར་བར་བྱ། ། སློངས་མོའི་ཟས་ལ་གཞོལ་བྱས་ཏེ། ། གཉའ་ཤིང་གང་དུ་བལྟ་བར་བྱ། ། མེ་ཏོག་ལ་ནི་བུང་བ་ལྟར། ། དེ་ལྟར་བསོད་སྙོམས་སྤྱད་པར་བྱ། ། མང་པོའི་ཚོགས་དང་འདྲེས་པ་དང་། ། དགེ་སློང་མ་དང་གང་འདྲེས་པ། ། འདྲེས་པར་གྱུར་པའི་འཚོ་བ་དེ། ། རྣལ་འབྱོར་ཅན་ལ་རུང་མ་ཡིན། ། རྣལ་འབྱོར་གཞོལ་བའི་རྣལ་འབྱོར་པས། ། རྒྱལ་པོ་དང་ནི་རྒྱལ་ པོའི་བུ། ། དེ་བཞིན་བློན་པོ་ཚོང་དཔོན་ལ། །
BO
ཟས་ཀྱི་ཕྱིར་ནི་བསྟེན་མི་བྱ། ། ཤིང་དང་བཙས་པའི་ཁྱིམ་ཟས་དང་། ། དགའ་དང་མཛའ་དང་ལྡན་པ་དང་། ། དགེ་སློང་དགེ་སློང་མ་དང་འདྲེས། ། རྣལ་འབྱོར་ཅན་ལ་དེ་མི་རུང་། ། དུ་བ་གར་འཐུལ་གཙུག་ལག་ཁང་། ། ཆོ་ག་བཞིན་དུ་རྟག་འཚེད་དང་། ། བདག་གི་ ཕྱིར་ནི་གང་བྱས་པ། ། རྣལ་འབྱོར་ཅན་ལ་དེ་མི་རུང་། ། འཇིག་རྟེན་མཚན་གཞི་མཚན་ལྡན་ལ། ། སྐྱེ་དང་འཇིག་ལས་གྲོལ་བ་དང་། ། ཡོད་དང་མེད་ཀྱི་ཕྱོགས་སྤངས་པ། ། རྣལ་འབྱོར་ཅན་གྱིས་རྣལ་འབྱོར་བསྒོམས། ། གལ་ཏེ་སྐྱེ་བར་མི་རྟོག་ན། ། ཏིང་ངེ་འཛིན་དང་སྟོབས་རྣམས་དང་། ། མངོན་པར་ཤེས་ དང་དབང་ལྡན་གྱིས། ། རྣལ་འབྱོར་པར་ནི་མྱུར་དུ་འགྱུར། ། རྡུལ་ཕྲན་དུས་དང་གཙོ་བོ་དང་། ། བྱེད་པ་ལས་ཀྱང་མི་བརྟག་གོ། ། འཇིག་རྟེན་རྒྱུ་རྐྱེན་ལས་བྱུང་བར། ། རྣལ་འབྱོར་པས་ནི་མི་བརྟག་གོ། ། འཇིག་རྟེན་རང་གི་རྟོག་པས་བརྟགས། ། སྣ་ཚོགས་བག་ཆགས་དག་ལས་བྱུང་། ། སྲིད་པ་སྒྱུ་མ་རྨི་འདྲ་བར། ། རྣལ་འབྱོར་ཅན་གྱིས་རྟག་ཏུ་ལྟོས། ། སྒྲོ་འདོགས་པ་དང་སྐུར་པ་ཡིས། ། སྤངས་པར་ལྟ་བ་རྟག་ཏུ་སྟེ། ། ཞི་བའི་ལམ་ནི་དགེར་སོང་ནས། ། རྣལ་འབྱོར་སྣ་ཚོགས་རྩོམ་པར་བྱེད། །
BO
ལུས་དང་ལོངས་སྤྱོད་གནས་འདྲ་བར། ། སྲིད་པ་གསུམ་ལ་མ་རྟོགས་ཤིག ། ཟས་ཀྱི་བྱ་བ་བྱས་པ་དང་། ། བསམ་པ་མེད་པར་ ལུས་བསྲང་ནས། ། སངས་རྒྱས་དང་ནི་བྱང་ཆུབ་ལ། ། ཡང་དང་ཡང་དུ་ཕྱག་འཚལ་ཏེ། ། རྣལ་འབྱོར་ཤེས་པས་མདོ་འདུལ་དང་། ། འཐད་པས་ཡང་དག་བསྡུས་ནས་ནི། ། ཆོས་ལྔ་དང་ནི་རང་སེམས་དང་། ། བདག་མེད་པ་ལ་རྣམ་པར་སྒོམས། ། སོ་སོ་རང་རིག་ཆོས་ཉིད་གཙང་། ། ས་རྣམས་དང་ནི་སངས་རྒྱས་ས། ། རྣལ་ འབྱོར་ཅན་གྱིས་དེ་བསྒོམས་ན། ། པད་མོ་ཆེ་ལ་དབང་བསྐུར་འགྱུར། ། འགྲོ་བ་ཀུན་ཏུ་རབ་འཁྱམས་པས། ། སྲིད་པ་ལ་ནི་སྐྱོ་བའི་ཡིད། ། རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། ། ཉི་མ་ཟླ་བའི་དབྱིབས་འདྲ་དང་། ། འོད་དང་པད་མོ་ལྟ་བུ་དང་། ། རི་མོ་ནམ་མཁའི་མེ་འདྲ་མཐོང་། ། མཚན་མ་སྣ་ཚོགས་དེ་དག་ནི། ། མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། ། ཉན་ཐོས་དག་དང་རང་རྒྱལ་གྱི། ། སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། ། འདི་དག་ཐམས་ཅད་རྣམ་སྤངས་ཤིང་། ། སྣང་བ་མེད་པར་ནམ་གྱུར་པ། ། དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག ། ཐམས་ཅད་ཞིང་ནས་བྱུང་བ་ཡིས། ། དེ་ཡི་མགོ་ལ་ཉུག་མཛད་ དེ། ། ཡང་དག་རྗེས་སུ་འགྲོ་བའི་ལྟས། ། རྒྱུ་མེད་པ་ལས་དངོས་པོ་ནི། །
BO
རྟག་དང་ཆད་པ་སྤངས་པ་ཡི། ། ཡོད་མེད་ཕྱོགས་བྲལ་ཡོད་དོ་ཞེས། ། དབུ་མར་རྣམ་པར་རྟོག་པར་འགྱུར། ། རྒྱུ་མེད་པར་ནི་སྨྲ་བས་ནི། ། རྒྱུ་མེད་ཆད་པར་ལྟ་བར་རྟོག ། ཕྱི་རོལ་དངོས་པོ་མ་རྟོགས་ཕྱིར། ། དབུ་མ་འཇིག་པར་བྱེད་ པར་འགྱུར། ། ཆད་པའི་ལྟ་བར་འགྱུར་སྙམ་པས། ། དངོས་པོ་འཛིན་པ་མི་གཏོང་སྟེ། ། སྐུར་པ་དང་ནི་སྒྲོ་འདོགས་པས། ། དབུ་མ་དག་ནི་སྟོན་པར་འགྱུར། ། སེམས་ཙམ་དུ་ནི་རྟོགས་པ་དང་། ། ཕྱི་རོལ་དངོས་པོ་རྣམ་བསལ་བས། ། རྣམ་པར་རྟོག་པ་རྣམ་ལྡོག་སྟེ། ། ལམ་དེ་ཉིད་ནི་དབུ་མའོ། ། སེམས་ཙམ་ ཡིན་ཏེ་སྣང་བ་མེད། ། སྣང་བ་མེད་པས་མི་སྐྱེ་སྟེ། ། དབུ་མ་ཡི་ནི་ལམ་འདི་ཡང་། ། ང་དང་གཞན་དག་གིས་ཀྱང་བཤད། ། སྐྱེ་བ་དང་ནི་མི་སྐྱེ་དང་། ། དངོས་དང་དངོས་མེད་སྟོང་པ་དང་། ། དངོས་པོ་རང་བཞིན་མེད་པ་ནི། ། གཉིས་པོ་དེ་དག་རྣམ་མི་བརྟག ། རྣམ་པར་རྟོག་པ་འཇུག་མེད་པས། ། བྱིས་པ་རྣམས་ནི་ཐར་པར་ རྟོག ། སེམས་འཇུག་པ་ནི་མ་རྟོགས་པས། ། འཛིན་པ་གཉིས་ནི་སྤོང་མི་འགྱུར། ། རང་གི་སེམས་སྣང་རྟོགས་པའི་ཕྱིར། ། འཛིན་པ་རྣམ་གཉིས་སྤོང་བར་འགྱུར། ། སྤོང་དང་ཡོངས་སུ་འཛིན་པ་ནི། །
BO
རྣམ་རྟོག་འཇིག་པར་བྱེད་མ་ཡིན། ། སེམས་སྣང་ཡོངས་སུ་ཤེས་པའི་ཕྱིར། ། རྣམ་པར་རྟོག་པ་མི་འཇུག་གོ། ། རྣམ་པར་རྟོག་པ་མི་འཇུག་པ། ། དེ་བཞིན་ཉིད་ནི་སེམས་སྤངས་པའོ། ། མུ་སྟེགས་ཅན་གྱི་ཉེས་སྤངས་པ། ། འཇུག་པ་གལ་ཏེ་སྣང་གྱུར་ན། ། ལྡོག་པ་འཇུག་པར་མི་བྱེད་པས། ། མཁས་པ་དག་གིས་དེ་བཟུང་ངོ་། ། དེ་རྟོགས་ཕྱིར་ནི་སངས་རྒྱས་སུ། ། ང་དང་སངས་རྒྱས་གཞན་གྱིས་བཤད། ། རྣམ་པ་གཞན་དུ་རྟོག་ན་ནི། ། མུ་སྟེགས་ཅན་གྱི་སྨྲ་བར་འགྱུར། ། མི་སྐྱེ་བ་ལ་སྐྱེ་བ་མང་། ། ཤི་འཕོས་མེད་ཅིང་འཆི་འཕོར་འགྱུར། ། ཞིང་རྣམས་བྱེ་བར་ཅིག་ཅར་ཡང་། ། ཆུ་ཡི་ཟླ་བ་བཞིན་དུ་སྣང་། ། གཅིག་དང་མང་པོར་གྱུར་ནས་ནི། ། མེ་ཡང་འབར་ཞིང་ཆར་ཡང་འབེབས། ། སེམས་ལ་སེམས་ཀྱིར་གྱུར་ནས་ནི། ། དེ་དག་སེམས་ཙམ་དུ་ཡང་ སྨྲ། ། སེམས་རྣམས་ལ་ནི་སེམས་ཙམ་དང་། ། སེམས་མེད་པར་ནི་སེམས་ལས་བྱུང་། ། རྣམ་པ་སྣ་ཚོགས་གཟུགས་དང་དབྱིབས། ། སེམས་ཙམ་དུ་ནི་རྟོགས་པར་རིག ། ཐུབ་དབང་དང་ནི་ཉན་ཐོས་གཟུགས། ། རང་རྒྱལ་དང་ཡང་འདྲ་བ་དང་། ། རྣམ་པ་མང་པོའི་གཟུགས་གཞན་གྱིས། ། སེམས་ཙམ་དུ་ནི་དེ་ དག་སྨྲ། ། གཟུགས་མེད་པས་ནི་གཟུགས་མེད་གཟུགས། །
BO
དམྱལ་བ་པ་ལ་དམྱལ་བའི་གཟུགས། ། སེམས་ཙམ་གྱི་ནི་རྒྱུ་དག་ཀྱང་། ། སེམས་ཅན་རྣམས་ལ་སྟོན་པར་བྱེད། ། དེ་དག་ཤིན་ཏུ་གྱུར་ནས་ནི། ། སྒྱུ་མ་འདྲ་བའི་ཏིང་འཛིན་དང་། ། ཡིད་ཀྱི་ལུས་ཀྱང་དེ་བཞིན་ཏེ། ། དབང་དང་ས་བཅུ་རྣམས་ཀྱང་འཐོབ། ། རང་གི་རྣམ་རྟོག་ཕྱིན་ཅི་ལོག ། སྤྲོས་པ་དང་ནི་གཡོ་བ་དང་། ། ཐོས་མཐོང་ཤེས་དང་རྟོགས་པ་དང་། ། འདུ་ཤེས་དག་གིས་བུས་པ་བཅིངས། ། གཞན་གྱི་དབང་ནི་མཚན་མ་སྟེ། ། གང་མིང་དེ་ནི་ཀུན་བརྟགས་པས། ། ཀུན་རྟོག་པ་དང་མཚན་མ་ནི། ། གཞན་གྱི་དབང་ལས་ཤིན་ཏུ་འབྱུང་། ། བློ་ཡིས་རབ་ཏུ་གཞིག་ ནས་ནི། ། བརྟག་པ་མེད་ཅིང་དབང་ཡང་མེད། ། གྲུབ་པའི་དངོས་པོ་ཡོད་མེད་ན། ། ཇི་ལྟར་བློ་ཡིས་རྣམ་པར་བརྟག ། ཡོད་དང་མེད་པ་སྤངས་པ་ཡི། ། གྲུབ་པ་ཡི་ནི་དངོས་པོ་ཡོད། ། དངོས་པོ་ཡོད་མེད་རྣམ་གྲོལ་བའི། ། རང་བཞིན་གཉིས་སུ་ཇི་ལྟར་འགྱུར། ། ཀུན་ཏུ་བརྟགས་པའི་རང་བཞིན་ལ། ། རང་བཞིན་དག་ནི་གཉིས་གནས་ཏེ། ། བརྟགས་པ་རྣམ་པ་སྣ་ཚོགས་སྣང་། ། རྣམ་དག་འཕགས་པའི་སྤྱོད་ཡུལ་ལོ། ། བརྟགས་པ་སྣ་ཚོགས་སྣང་བ་ལ། ། གཞན་གྱི་དབང་ཞེས་རྟོག་བྱེད་དེ། ། རྣམ་པ་གཞན་དུ་ རྟོག་ན་ནི། །
BO
མུ་སྟེགས་སྨྲ་ལ་གནས་པར་འགྱུར། ། རྟོག་པས་བརྟགས་ཤེས་བཤད་པ་སྟེ། ། མཐོང་ཕྱིར་རྒྱུ་ལས་བྱུང་བ་ཡིན། ། རྣམ་རྟོག་གཉིས་ལས་གྲོལ་བ་ནི། ། རྫོགས་པ་ཉིད་ཀྱང་དེ་ཡིན་ནོ། ། འཕགས་པ་ལང་ཀར་གཤེགས་པ། བམ་པོ་དགུ་པ་སྟེ་ཐ་མ། ཞིང་དང་སངས་རྒྱས་སྤྲུལ་པ་དང་། ། ཐེག་པ་གཅིག་དང་དེ་བཞིན་གསུམ། ། མྱ་ངན་འདས་དང་ང་མེད་དེ། ། ཐམས་ཅད་སྟོང་པ་སྐྱེ་སྤངས་པའོ། ། སངས་རྒྱས་བྱེ་བྲག་སུམ་ཅུ་དྲུག ། བྱེ་བྲག་དག་ནི་བཅུ་པོ་དང་། ། སེམས་ཅན་སོ་སོའི་སེམས་རྒྱུད་རྣམས། ། དེ་དག་ཞིང་གི་སྣོད་ཡིན་ནོ། ། ཇི་ལྟར་བརྟགས་པའི་དངོས་པོ་ནི། ། སྣ་ཚོགས་བལྟ་བར་སྣང་མོད་ཀྱི། ། སྣ་ཚོགས་ཉིད་ནི་དེ་ལ་མེད། ། འགྲོ་བ་དེ་བཞིན་ཆོས་སངས་རྒྱས། ། ཆོས་ཀྱི་སངས་རྒྱས་སངས་རྒྱས་ཡིན། ། ལྷག་མ་དེ་ཡི་སྤྲུལ་པའོ། ། སེམས་ཅན་ རང་གི་ས་བོན་རྒྱུད། ། སངས་རྒྱས་སྣང་བར་མཐོང་བའོ། ། མཚན་མ་འབྲེལ་ལས་ནོར་བ་ཡི། ། རྣམ་པར་རྟོག་པ་རབ་ཏུ་འཇུག ། རྟོག་ལས་དེ་བཞིན་ཉིད་གཞན་མིན། ། མཚན་མ་ལས་ཀྱང་རྣམ་རྟོག་མིན། ། རང་བཞིན་གྱི་དང་རྫོགས་ལོངས་སྤྱོད། ། འཕྲུལ་པ་དང་ནི་སྤྲུལ་པ་གང་། ། སངས་རྒྱས་ མང་པོ་སུམ་ཅུ་དྲུག །
BO
རང་བཞིན་གྱི་ནི་སངས་རྒྱས་ཡིན། ། སྔོན་པོ་དམར་པོ་ལན་ཚྭ་དང་། ། དུང་དང་འོ་མ་ཁ་ར་དང་། ། བསྐ་བའི་འབྲས་བུ་མེ་ཏོག་སོགས། ། ཇི་ལྟར་ཉི་ལས་འོད་ཟེར་དང་། ། རྒྱ་མཚོ་རླབས་དང་ལྡན་པ་ནི། ། མི་གཅིག་ཐ་དད་མ་ཡིན་ཏེ། ། སེམས་དང་ལྷན་ཅིག་ལྡན་པ་ཡི། ། རྣམ་ ཤེས་བདུན་པོ་དེ་བཞིན་ནོ། ། རྒྱ་མཚོ་ཡོངས་སུ་གྱུར་པ་ནི། ། དབའ་རླབས་སྣ་ཚོགས་དེ་དག་སྟེ། ། རྣམ་པར་ཤེས་ཞེས་བྱ་བ་སྟེ། ། ཀུན་གཞི་དེ་བཞིན་སྣ་ཚོགས་འབྱུང་། ། སེམས་དང་ཡིད་དང་རྣམ་ཤེས་པ། ། མཚན་ཉིད་དོན་དུ་རབ་ཏུ་བརྟག ། བརྒྱད་པོ་ཐ་དད་མ་ཡིན་མཚན། ། མཚན་གྱི་གཞི་མེད་ མཚན་ཉིད་མེད། ། རྒྱ་མཚོ་དང་ནི་དབའ་རླབས་རྣམས། ། ཇི་ལྟར་ཁྱད་པར་མེད་པ་ལྟར། ། དེ་བཞིན་སེམས་ལ་རྣམ་ཤེས་དག ། ཡོངས་སུ་གྱུར་པ་མི་རྙེད་དོ། ། སེམས་ཀྱིས་ལས་རྣམས་སོགས་པར་བྱེད། ། ཡིད་ཀྱིས་ཀྱང་ནི་རྣམ་པར་སོགས། ། རྣམ་པར་ཤེས་པས་རྣམ་པར་རིག ། ལྔ་པ་ སྣང་ལ་རྟག་པར་བྱེད། ། སྔོན་པོ་དམར་པོའི་རྣམ་པར་ནི། ། མི་ཡི་རྣམ་པར་ཤེས་པར་གདའ། ། དབའ་རླབས་སེམས་དང་ཆོས་འཐུན་པ། ། ཇི་སྲིད་ཐུབ་ཆེན་བཤད་དུ་གསོལ། ། སྔོན་པོ་དམར་པོའི་རྣམ་པ་རྣམས། ། དབའ་རླབས་དག་ལ་མ་མཆིས་ལ། །
BO
མཚན་ཉིད་དོན་དུ་བྱིས་པ་ལ། ། སེམས་ཀྱི་འཇུག་པ་དག་ཀྱང་བཤད། ། དེ་ལ་འཇུག་པ་མེད་པ་སྟེ། ། རང་གི་སེམས་ནི་གཟུང་བ་སྤངས། ། གཟུང་བ་ཡོད་ན་འཛིན་པ་ཡང་། ། དབའ་རླབས་འཐུན་པར་བསྒྲུབ་པར་འགྱུར། ། ལུས་དང་ལོངས་སྤྱོད་གནས་ལྟ་བུར། ། མི་ཡི་རྣམ་པར་ཤེས་པ་སྣང་། ། དེ་ཕྱིར་དེ་ཡི་འཇུག་པ་ནི། ། དབའ་རླབས་དག་དང་འདྲ་བར་སྣང་། ། དབའ་རླབས་དངོས་པོར་རྒྱ་མཚོ་ནི། ། གར་བྱེད་རྣམ་པར་རིག་འགྱུར་ན། ། ཀུན་གཞི་འཇུག་པ་དེ་བཞིན་དུ། ། ཅི་ཡི་ཕྱིར་ནི་བློས་མི་རིག ། བྱིས་པ་བློ་དང་མི་ལྡན་པས། ། ཀུན་གཞི་རྒྱ་མཚོ་ཇི་བཞིན་དུ། ། དབའ་རླབས་འབྱུང་བའི་ཆོས་འཐུན་ཕྱིར། ། དཔེ་ཡིས་ཉེ་བར་སྦྱར་བ་ཡིན། ། བཟང་ངན་བར་མའི་སྐྱེ་བོ་ལ། ། གདུགས་འཆར་འགྱུར་བ་ཇི་བཞིན་དུ། ། དེ་བཞིན་འཇིག་རྟེན་སྒྲོན་མ་ཁྱོད། ། བྱིས་པ་རྣམས་ལ་ཡང་དག་སྟོན། ། ཆོས་ལ་རབ་ཏུ་ཞུགས་མཛད་ཅིང་། ། ཇི་སླད་དེ་བཞིན་ཉིད་མི་གསུང་། ། དེ་སྟེ་དེ་བཞིན་ཉིད་གསུང་ན། ། སེམས་ལ་དེ་བཞིན་ཉིད་མ་མཆིས། ། ཇི་ལྟར་རྒྱ་མཚོའི་དབའ་རླབས་དང་། ། མེ་ལོང་རྨི་ལམ་ཇི་བཞིན་དུ། ། ཅིག་ཆའི་དུས་སུ་སྣང་བ་ལྟར། ། དེ་བཞིན་སེམས་ཀྱང་རང་ཡུལ་ལ། །
BO
ཡུལ་རྣམས་དང་ནི་མི་ལྡན་པས། ། རིམ་གྱིས་འཇུག་པས་རབ་ཏུ་འབྱུང་། ། རྣམ་པར་ཤེས་པས་རྣམ་པར་རིག ། ཡིད་ཀྱིས་ཀྱང་ནི་རློམ་སེམས་བྱེད། ། ལྔ་པོ་རྣམས་ལ་སྣང་བར་མངོན། ། མཉམ་པར་བཞག་ལ་རིམ་པ་མེད། ། རི་མོའི་མཁན་པོ་ལ་ལ་འམ། ། རི་མོའི་སློབ་མ་ཇི་ལྟ་བུར། ། རི་མོའི་དོན་དུ་ཚོན་འགྱེད་པ། ། ང་ཡི་བཤད་པ་དེ་དང་འདྲ། ། ཚོན་ལ་རི་མོ་ཡོད་པ་མིན། ། པིར་ལ་མེད་ཅིང་སྣོད་ལ་ མེད། ། སེམས་ཅན་རྣམས་ནི་དྲང་བའི་ཕྱིར། ། ཚོན་གྱི་རི་མོ་རྣམ་པར་བརྟག ། ཡང་དག་ཡི་གེ་སྤངས་པ་སྟེ། ། བཤད་པ་དག་ནི་འཁྲུལ་པའོ། ། ཆོས་རྣམས་ལ་ནི་གནས་བཅས་ཤིང་། ། རྣལ་འབྱོར་ཅན་ལ་ཡང་དག་བསྟན། ། སོ་སོ་རང་རིག་ཡང་དག་ཉིད། ། རྟོག་དང་བརྟག་བྱ་སྤངས་ པ་ནི། ། རྒྱལ་སྲས་རྣམས་ལ་བསྟན་པ་ཡི། ། བྱིས་པ་རྣམས་ལ་རྣམ་གཞན་བཤད། ། ཇི་ལྟར་སྒྱུ་མ་སྣ་ཚོགས་དག ། སྣང་ཡང་ཡོད་པ་མ་ཡིན་པ། ། བཤད་པ་སྣ་ཚོགས་འཁྲུལ་པ་ཡང་། ། དེ་བཞིན་དུ་ན་བཤད་པ་ཡིན། ། གཞན་ལ་གང་ཞིག་བསྟན་པ་དེ། ། གཞན་ལ་བཤད་པ་ མ་ཡིན་ཏེ། ། ཇི་ལྟར་ནད་པ་ནད་པ་ལ། ། སྨན་པས་སྨན་རྣམས་གཏོང་བ་ལྟར། ། སངས་རྒྱས་དེ་བཞིན་སེམས་ཅན་ལ། ། སེམས་ཙམ་དུ་ཡང་རབ་ཏུ་གསུང་། །
BO
ཕྱི་རོལ་བག་ཆགས་ས་བོན་གྱིས། ། རྣམ་པར་རྟོག་པ་རབ་ཏུ་འབྱུང་། ། གང་གིས་འཛིན་པ་དབང་ཡིན་ཏེ། ། གང་བཟུང་དེ་ ནི་བརྟགས་པ་ཡིན། ། ཕྱི་རོལ་དམིགས་པ་བཟུང་བྱས་ཤིང་། ། སེམས་ལའང་བརྟེན་ཏེ་སྐྱེ་བར་འགྱུར། ། ནོར་པ་རྣམ་པ་གཉིས་འབྱུང་སྟེ། ། གསུམ་པ་ཡི་ནི་རྒྱུ་མེད་དོ། ། གང་ལས་ནོར་པ་འབྱུང་བ་དང་། ། གང་ལ་བརྟེན་ཏེ་འབྱུང་བ་ནི། ། སེམས་ལ་བཅུ་གཉིས་{བཅྭ་,བཅོ་}བརྒྱད་དྲུག ། དེ་ཡི་ཕྱིར་ ནི་ངས་བཤད་དོ། ། བདག་གི་ས་བོན་གཟུང་འབྲེལ་ལས། ། བདག་ཏུ་འཛིན་པ་རབ་ཏུ་འབྱུང་། ། སེམས་ནི་བརྟག་བྱར་འཇུག་པ་ཡིས། ། ཆོས་སུ་འཛིན་པ་སྤོང་བར་འགྱུར། ། ཀུན་གཞི་རྣམ་པར་ཤེས་པ་ལས། ། རྣམ་པར་ཤེས་པ་གང་འབྱུང་བ། ། ནང་གི་སྐྱེ་མཆེད་རྣམས་ཡིན་ཏེ། ། སྣང་ བ་གང་ཡིན་ཕྱི་རོལ་ཏེ། ། ཇི་ལྟར་མི་མཁས་པ་རྣམས་ཀྱིས། ། སྐ་དང་སྐྲར་གཟུང་རྨི་ལམ་གཟུགས། ། འདུས་བྱས་པ་དང་འདུས་མ་བྱས། ། རྟག་པར་རྟོག་སྟེ་དེ་མེད་དོ། ། ཇི་ལྟར་དྲི་ཟའི་གྲོང་ཁྱེར་དང་། ། སྒྱུ་མ་དང་ནི་སྨིག་རྒྱུའི་ཆུ། ། མེད་བཞིན་དུ་ནི་སྣང་བ་ལྟར། ། དེ་བཞིན་གཞན་གྱི་དབང་ ཡིན་ནོ། ། བདག་དང་དབང་པོར་གདགས་པ་ནི། ། ངས་ནི་སེམས་ལ་མི་བཤད་དེ། །
BO
སེམས་དང་ཡིད་དང་རྣམ་ཤེས་པ། ། རང་གི་མཚན་ཉིད་བྲལ་བའོ། ། སེམས་དང་ཡིད་དང་རྣམ་ཤེས་དང་། ། དེ་བཞིན་བདག་མེད་རྣམ་གཉིས་དང་། ། ཆོས་ལྔ་དག་དང་རང་བཞིན་རྣམས། ། དེ་ནི་ སངས་རྒྱས་སྤྱོད་ཡུལ་ཡིན། ། མཚན་ཉིད་ཀྱིས་ནི་གསུམ་དུ་འགྱུར། ། བག་ཆགས་གཅིག་གི་རྒྱུ་ལས་བྱུང་། ། ཇི་ལྟར་ཚོན་རྩི་གཅིག་པུ་ཡང་། ། རྩིག་པ་ལ་ནི་སྣ་ཚོགས་སྣང་། ། སེམས་དང་བདག་མེད་གཉིས་པོ་དང་། ། ཡིད་དང་རྣམ་པར་ཤེས་པ་དང་། ། རང་བཞིན་རྣམས་དང་ཆོས་ ལྔ་པོ། ། དེ་དག་ང་ཡི་རིགས་ལ་མེད། ། སེམས་ཀྱི་མཚན་ཉིད་བྲལ་བ་དང་། ། རྣམ་པར་ཤེས་དང་ཡིད་སྤངས་ཤིང་། ། ཆོས་ཀྱི་རང་བཞིན་མེད་པ་ནི། ། དེ་བཞིན་གཤེགས་པའི་རིགས་ཡིན་ནོ། ། ལུས་དང་ངག་དང་ཡིད་རྣམས་ཀྱིས། ། དེ་ལ་དགེ་བར་བྱ་བ་ཡིན། ། དེ་བཞིན་ གཤེགས་རིགས་དག་པ་སྟེ། ། ཀུན་ཏུ་རྒྱུ་བ་སྤངས་པའོ། ། མངོན་པར་ཤེས་དང་དབང་གིས་དག ། ཏིང་ངེ་འཛིན་དང་སྟོབས་ཀྱིས་བརྒྱན། ། ཡིད་ཀྱི་ལུས་ནི་སྣ་ཚོགས་པ། ། དེ་བཞིན་གཤེགས་པའི་དགེ་བའི་རིགས། ། སོ་སོ་རང་རིག་དྲི་མ་མེད། ། རྒྱུ་ཡི་མཚན་ཉིད་སྤངས་པ་སྟེ། ། ས་ བརྒྱད་པ་དང་སངས་རྒྱས་ས། ། དེ་བཞིན་གཤེགས་པའི་རིགས་ཡིན་ནོ། །
BO
ལེགས་པའི་བློ་གྲོས་རིང་དུ་སོང་། ། ཆོས་སྤྲིན་དེ་བཞིན་གཤེགས་པ་ཡང་། ། དེ་དག་སངས་རྒྱས་རྣམས་ཀྱི་རིགས། ། ལྷག་མ་ཐེག་པ་གཉིས་འཐོབ་བྱེད། ། སེམས་ཅན་རྒྱུད་ཀྱི་བྱེ་བྲག་དང་། ། མཚན་ཉིད་ ཕྱིར་ཡང་བྱིས་པ་ལ། ། སེམས་ཀྱི་དབང་དུ་འགྲོ་བའི་ས། ། བདུན་པོ་སངས་རྒྱས་རྣམས་ཀྱིས་བཤད། ། ངག་ལུས་སེམས་ཀྱི་གནས་ངན་ལེན། ། ས་བདུན་ལ་ནི་མི་འཇུག་སྟེ། ། ས་བརྒྱད་ལ་ནི་དེ་ཡི་གནས། ། རྨི་ལམ་ཆུ་བོ་མཚུངས་ཤིང་འདྲ། ། ས་བརྒྱད་དང་ནི་ལྔ་པ་ལ། ། བཟོ་དང་རིག་དང་སྒྱུ་རྩལ་ རྣམས། ། རྒྱལ་སྲས་རྣམས་ནི་ཤེས་བྱེད་ཅིང་། ། སྲིད་པའི་གནས་ན་རྒྱལ་པོའང་བྱེད། ། སྐྱེ་དང་མི་སྐྱེ་སྟོང་མི་སྟོང་། ། བློ་ལྡན་གྱིས་ནི་བརྟག་མི་བྱ། ། རང་བཞིན་ཉིད་དང་རང་བཞིན་མེད། ། སེམས་ཙམ་ལ་ནི་ཡོད་པ་མིན། ། ཡང་དག་འདི་འོ་ཡང་དག་འདི། ། འདི་ནི་ལོག་ཅེས་བརྟག་བྱ་བ། ། རང་རྒྱལ་ཉན་ཐོས་རྣམས་ལ་བཤད། ། རྒྱལ་བའི་སྲས་ལ་མ་ཡིན་ནོ། ། སེམས་ཙམ་ལ་ནི་ཡོད་མིན་ཏེ། ། ཡོད་དང་མེད་པ་ཡོད་ལས་མིན། ། སྐད་ཅིག་པ་དང་མཚན་ཉིད་མེད། ། བརྟགས་པ་དང་ནི་རྫས་ཀྱང་མེད། ། ཀུན་རྫོབ་ཏུ་ནི་དངོས་རྣམས་ཡོད། ། དོན་དམ་དུ་ནི་རང་བཞིན་མེད། །
BO
རང་བཞིན་མེད་ལ་གང་ནོར་བ། ། དེ་ནི་ཀུན་རྫོབ་བདེན་པ་ཡིན། ། ཆོས་རྣམས་ཐམས་ཅད་མེད་པ་ལ། ། ང་ཡིས་རབ་ཏུ་གདགས་པ་བྱས། ། བྱིས་པ་རྣམས་ཀྱི་བརྗོད་སྤྱོད་ནི། ། ཡང་དག་རྣམ་པར་སྤངས་པ་ཡིན། ། བརྗོད་པ་ལས་བྱུང་དངོས་པོ་ཡི། ། དོན་གྱི་སྤྱོད་ཡུལ་ཡོད་པའོ། ། བརྗོད་ པ་ལས་བྱུང་དངོས་པོ་དག ། ལྟ་བས་ཡོད་པ་མ་ཡིན་ནོ། ། རྩིག་པ་མེད་པར་རི་མོ་དང་། ། སྡོང་དུམ་ལ་སོགས་སྤངས་གྲིབ་ལྟར། ། དེ་བཞིན་ཀུན་གཞི་དག་པ་ནི། ། རླབས་ཀྱིས་རྣམ་པར་མི་མཛེས་སོ། ། སེམས་ནི་གར་མཁན་བཞིན་དུ་གནས། ། ཡིད་ནི་བཞད་གད་པ་འདྲ་སྟེ། ། ལྔ་དང་བཅས་པའི་རྣམ་པར་ཤེས། ། སྣང་བ་ཚོན་དང་འདྲ་བར་རྟོག ། ཆོས་བསྟན་རྒྱུ་དང་འདྲ་བ་དང་། ། རྒྱུ་དང་འདྲ་བས་གང་སྤྲུལ་པ། ། དེ་དག་ངོ་བོའི་སངས་རྒྱས་ཡིན། ། ལྷག་མ་སྤྲུལ་པའི་སྐུ་ཡིན་ནོ། ། སྣང་བ་རྣམ་པ་སྣ་ཚོགས་མེད། ། སེམས་ནི་སྣང་བས་རབ་ཏུ་རྨོངས། ། ལུས་དང་ལོངས་སྤྱོད་གནས་འདྲ་བར། ། མི་རྣམས་ལ་ནི་ཀུན་གཞི་སྣང་། ། སེམས་དང་ཡིད་དང་རྣམ་ཤེས་དང་། ། རང་བཞིན་དང་ནི་ཆོས་ལྔ་དང་། ། བདག་མེད་གཉིས་པོ་དག་པ་ནི། ། རྣམ་པར་འདྲེན་པ་རབ་ཏུ་འཆད། ། རྫོགས་པའི་སངས་རྒྱས་གང་འཆད་པ། །
BO
སོ་སོ་རང་རིག་སྤྱོད་ཡུལ་ནི། ། རྟོག་གེ་ཅན་གྱི་ཡུལ་མ་ཡིན། ། ཉན་ཐོས་རྣམས་ཀྱིའང་མ་ཡིན་ནོ། ། རིང་དང་ཐུང་ལས་སོགས་འབྲེལ་པ། ། གཅིག་གིས་གཅིག་ནི་རབ་ཏུ་འཇུག ། ཡོད་པར་སྒྲུབ་པ་མེད་པ་སྟེ། ། མེད་པར་སྒྲུབ་པ་ཡོད་པ་ཡིན། ། རྡུལ་ཕྲན་དུ་ནི་རྫས་གཞིགས་ཤིང་། ། གཟུགས་ལ་རྣམ་པར་མི་རྟོག་གོ། ། སེམས་ ཙམ་དུ་ནི་རྣམ་གཞག་པ། ། ལྟ་བ་ངན་པས་མི་དད་དོ། ། སྟོང་པ་རྣམ་པར་རྟོག་ཙམ་འམ། ། སྟོང་པ་མ་ཡིན་ཞེས་པ་ནི། ། དེ་ཉིད་ཡོད་དང་མེད་རྟོག་པ། ། བརྟག་པར་བྱ་བའི་དོན་མེད་དོ། ། ཡོན་ཏན་རྡུལ་ཕྲན་རྫས་འདུས་པས། ། བྱིས་པ་རྣམས་ནི་གཟུགས་ལ་རྟོག ། རྡུལ་ཕྲན་རེ་རེ་ཡོད་པ་མིན། ། དེ་ ཡི་ཕྱིར་ཡང་དོན་མེད་དོ། ། རང་གི་སེམས་ནི་སྣང་བའི་དབྱིབས། ། མི་རྣམས་ལ་ནི་ཕྱི་རོལ་སྣང་། ། ཕྱི་རོལ་གྱི་ནི་སྣང་བ་མེད། ། དེ་ཡི་ཕྱིར་ཡང་དོན་མེད་དོ། ། སྣ་ཚོགས་སྐྲ་ཤད་འཛིངས་དང་སྒྱུ། ། རྨི་ལམ་དྲི་ཟའི་གྲོང་ཁྱེར་དང་། ། མགལ་མེ་དང་ནི་སྨིག་རྒྱུ་རྣམས། ། མེད་ཀྱང་མིག་ལ་རབ་ཏུ་སྣང་། ། རྟག་དང་མི་རྟག་དེ་བཞིན་གཅིག ། གཉིས་དང་གཉིས་མིན་དེ་བཞིན་ཏེ། ། ཐོག་མ་མེད་ཀྱི་ཉེས་འབྲེལ་པ། །
BO
བྱིས་པ་གཏི་མུག་རྟོག་པར་བྱེད། ། ཐེག་པ་རྣམ་པར་གཞག་མེད་དེ། ། ཐེག་པ་གཅིག་ཏུ་ངས་བཤད་དོ། ། བྱིས་པ་རྣམས་ནི་དྲང་བའི་ཕྱིར། ། ཐེག་པ་ཐ་དད་ངས་བཤད་དོ། ། དེ་ བཞིན་རྣམ་པར་གྲོལ་གསུམ་དང་། ། ཆོས་ལ་བདག་མེད་པ་ཉིད་དང་། ། མཉམ་ཉིད་ཡེ་ཤེས་ཉོན་མོངས་མིན། ། དེ་དག་རྣམ་པར་གྲོལ་བས་སྤངས། ། ཇི་ལྟར་ཤིང་ནི་རྒྱ་མཚོ་ལ། ། རླབས་ཀྱིས་རྣམ་པར་གཡེང་བ་ལྟར། ། དེ་བཞིན་ཉན་ཐོས་རྨོངས་པ་ཡང་། ། མཚན་ཉིད་ཀྱིས་ཀྱང་རྣམ་པར་ གཡེངས། ། མཐར་ཕྱིན་པ་ནི་དེ་ལ་མེད། ། ཕྱིར་ཡང་ལྡོག་པར་མི་འགྱུར་ཏེ། ། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། ། བསྐལ་པའི་བར་དུ་མི་སད་དོ། ། བག་ཆགས་ཉོན་མོངས་པ་དང་འབྲེལ། ། ཀུན་ནས་ལྡང་དང་རྣམ་པར་བྲལ། ། དེ་དག་ཏིང་འཛིན་མྱོས་པས་མྱོས། ། ཟག་མེད་པ་ཡི་དབྱིངས་ན་འཁོད། ། ཇི་ལྟར་སྐྱེས་བུ་ར་རོ་བ། ། ཆང་མེད་ནས་ནི་སངས་འགྱུར་ལྟར། ། ང་ཡི་སངས་རྒྱས་ཆོས་ཀྱི་སྐུ། ། དེ་དག་དེ་ཚེ་འཐོབ་པར་འགྱུར། ། ཇི་ལྟར་གླང་པོ་འདམ་བྱིང་བ། ། ཕན་ཚུན་དུ་ནི་མི་རྒྱུག་ལྟར། ། ཏིང་ངེ་འཛིན་གྱི་འདམ་བྱིང་བའི། ། ཉན་ཐོས་རྣམས་ནི་དེ་བཞིན་འཁོད། ། མི་ཡི་དབང་པོ་ བྱིན་རླབས་ལས། །
BO
དབང་བསྐུར་ཏིང་འཛིན་དག་ལ་སོགས། ། སྨོན་ལམ་དག་གིས་རྣམ་སྦྱངས་པ། ། དང་པོ་དང་ནི་བཅུ་པོར་འབྱུང་། ། རི་བོང་རྭ་དང་ནམ་མཁའ་དང་། ། མོ་ཤམ་བུ་ཡང་དེ་བཞིན་ཏེ། ། མེད་བཞིན་ཚིག་ཏུ་བརྗོད་པ་ལྟར། ། དངོས་ལ་རྟོག་པའང་དེ་བཞིན་ནོ། ། འཇིག་རྟེན་ བག་ཆགས་རྒྱུ་ལས་བྱུང་། ། གང་ནའང་མེད་མིན་ཡོད་མེད་མིན། ། བདག་མེད་ཆོས་མཁས་གང་དག་གིས། ། མཐོང་ན་རྣམ་པར་གྲོལ་བར་འགྱུར། ། མིང་ནི་བཏགས་པའི་རང་བཞིན་ཏེ། ། གཞན་ལས་བྱུང་བ་དབང་ལས་སྐྱེས། ། དེ་བཞིན་ཉིད་ནི་གྲུབ་པར་ངས། ། མདོ་དང་མདོ་ལས་རྟག་ཏུ་བཤད། ། ཚིག་དང་ཡི་གེ་མང་པོ་དང་། ། མིང་དག་ལ་ཡང་བྱེ་བྲག་ཏུ། ། བྱིས་པ་བློ་ངན་ཆགས་པ་ནི། ། ཇི་ལྟར་འདམ་ལ་གླང་ཆེན་བཞིན། ། ལྷ་ཡི་ཐེག་པ་ཚངས་ཐེག་དང་། ། ཉན་ཐོས་ཀྱི་ཡང་དེ་བཞིན་དུ། ། རང་རྒྱལ་དེ་བཞིན་གཤེགས་པའི་སྟེ། ། ཐེག་པ་དེ་རྣམས་ངས་བཤད་དོ། ། ཇི་སྲིད་ སེམས་འཇུག་བར་དུ་ནི། ། ཐེག་པ་རྣམས་ལ་ཐུག་པ་མེད། ། སེམས་ནི་རབ་ཏུ་གྱུར་པ་ནི། ། ཐེག་པ་མེད་ཅིང་འགྲོ་བའང་མེད། ། སེམས་དང་རྣམ་རྟོག་རྣམ་རིག་དང་། ། ཡིད་དང་རྣམ་ཤེས་ཉིད་ཀྱང་སྟེ། ། ཀུན་གཞི་སྲིད་གསུམ་གཡོ་བ་རྣམས། །
BO
དེ་དག་སེམས་ཀྱི་རྣམ་གྲངས་ཡིན། ། ཚེ་དང་ དྲོད་དང་རྣམ་ཤེས་དང་། ། ཀུན་གཞི་སྲོག་གི་དབང་པོ་དང་། ། ཡིད་དང་ཡིད་ཀྱི་རྣམ་ཤེས་པ། ། རྣམ་པར་རྟོག་པའི་བྱེ་བྲག་གོ། ། སེམས་ཀྱིས་སུ་ནི་ལུས་འཛིན་ཏེ། ། ཡིད་ནི་རྟག་ཏུ་རློམ་སེམས་བྱེད། ། རྣམ་པར་ཤེས་པ་སེམས་ཡུལ་ལ། ། རྣམ་ཤེས་བཅས་པས་བྱེ་བྲག་འབྱེད། ། སྲེད་ པ་དག་ནི་མར་བཤད་དེ། ། མ་རིག་པ་ཡང་ཕར་ཤེས་སོ། ། རྣམ་ཤེས་ཡུལ་རྣམས་རིག་པས་ན། ། སངས་རྒྱས་སུ་ནི་དེ་ངས་བསྟན། ། བག་ལ་ཉལ་ནི་དགྲ་བཅོམ་སྟེ། ། ཕུང་པོ་ལྔ་འདུས་དགེ་འདུན་ནོ། ། མཚམས་མེད་པར་ནི་མཚམས་བཅད་པས། ། དེ་ནི་མཚམས་མེད་ལས་ཡིན་ ནོ། ། བདག་མེད་གཉིས་དང་ཉོན་མོངས་རྣམས། ། དེ་བཞིན་སྒྲིབ་པ་གཉིས་པོ་དང་། ། ཤི་འཕོ་བསམ་གྱིས་མི་ཁྱབ་པ། ། ཐོབ་པས་དེ་བཞིན་གཤེགས་པ་ཡིན། ། གྲུབ་པའི་མཐའ་དང་ཚུལ་རྣམས་དང་། ། སོ་སོ་རང་རིག་བསྟན་པ་ཡང་། ། བྱེ་བྲག་ཤེས་པ་སུས་མཐོང་བ། ། དེ་དག་རྟོག་པའི་དབང་ མི་འགྲོ། ། ཇི་ལྟར་བྱིས་པས་བརྟགས་པ་ལྟར། ། དངོས་པོ་ལ་ནི་བདེན་མེད་ན། ། དངོས་པོ་མེད་པར་མཐར་མིན་པར། ། རྟོག་གེ་ཅན་དག་ཅིས་མི་འདོད། ། སྐྱེ་དང་འཇིག་པར་འབྲེལ་པ་ཡི། །
BO
འདུས་བྱས་རབ་ཏུ་མཐོང་བ་ནི། ། ལྟ་བ་གཉིས་པོ་རྒྱས་པར་བྱེད། ། རྐྱེན་རྣམས་ཤེས་པ་མ་ཡིན་ནོ། ། མྱ་ ངན་འདས་པ་ཡིད་སྤངས་པ། ། གཅིག་པུ་དེ་ནི་བདེན་པ་ཡིན། ། འཇིག་རྟེན་བརྟགས་པ་སྒྱུ་མ་དང་། ། ཆུ་སྐྱེས་ཕུང་ལྟར་བལྟ་བར་བྱ། ། འདོད་ཆགས་དང་ནི་ཞེ་སྡང་དང་། ། གཏི་མུག་ཡོད་དེ་གང་ཟག་མེད། ། ཕུང་པོ་རྣམས་ནི་སྲིད་ལས་བྱུང་། ། རྨི་ལམ་དག་དང་འདྲ་བ་ཡོད། ། གང་གི་ནུབ་མོ་ཐུགས་སུ་ཆུད། ། གང་ལ་ཡོངས་སུ་མྱ་ངན་འདས། ། ངས་ནི་དེ་ཡི་བར་དུ་ཡང་། ། ཅུང་ཟད་བསྟན་པའང་མ་ཡོད་དོ། ། སོ་སོ་རང་ཆོས་ལུགས་རྣམས་ལ། ། དགོངས་ནས་རབ་ཏུ་ངས་བཤད་དེ། ། ང་དང་སངས་རྒྱས་དེ་དག་གིས། ། ཅུང་ཟད་བྱེ་བྲག་བྱས་པ་མེད། ། བདག་ནི་རྫས་དང་འདྲ་བར་ཡོད། ། ཕུང་པོ་རྣམས་ནི་མཚན་ཉིད་ སྤངས། ། དངོས་པོར་ཕུང་པོ་ཡོད་པ་སྟེ། ། དེ་དག་ལ་ནི་བདག་མེད་དོ། ། ཉོན་མོངས་བག་ལ་ཉལ་བཅས་པས། ། སོ་སོར་རྣམ་པར་སྒོམ་པ་དང་། ། འགྲོ་བ་རང་གི་སེམས་མཐོང་ན། ། སྡུག་བསྔལ་ཀུན་ལས་ཐར་བར་འགྱུར། ། གང་གི་རྒྱུ་དང་རྐྱེན་རྣམས་དང་། ། མཐའ་བཞི་ཡི་ནི་རིགས་པ་ཡིས། ། འཇིག་རྟེན་རབ་དུ་འབྱུང་ཞེས་པ། ། དེ་དག་ང་ཡི་ཚུལ་མི་མཁས། །
BO
འཇིག་རྟེན་ཡོད་དང་མེད་མི་སྐྱེ། ། མེད་མིན་ཡོད་མིན་གང་ནའང་མེད། ། རྒྱུ་དང་རྐྱེན་རྣམས་དག་གིས་ཀྱང་། ། བྱིས་པ་རྣམས་ནི་ཇི་ལྟར་རྟོག ། གང་གི་ཚེ་ན་འཇིག་རྟེན་རྣམས། ། ཡོད་མིན་མེད་མིན་ཡོད་མེད་མིན། ། མཐོང་ན་དེ་ཚེ་ སེམས་ལྡོག་སྟེ། ། བདག་མེད་པ་ཡང་རྟོགས་པར་འགྱུར། ། གང་ཕྱིར་རྐྱེན་ལས་བྱུང་བས་ན། ། དངོས་པོ་ཐམས་ཅད་མ་སྐྱེས་པས། ། རྐྱེན་རྣམས་ཐམས་ཅད་འབྲས་བུ་སྟེ། ། འབྲས་བུ་ལ་ནི་སྲེད་མི་འབྱུང་། ། འབྲས་བུ་ལས་ནི་གཉིས་འགྱུར་ཕྱིར། ། འབྲས་བུ་ལས་ནི་འབྲས་མི་འབྱུང་། ། གཉིས་སུ་ འགྱུར་བའི་སྐྱོན་གྱི་ཕྱིར། ། འབྲས་བུ་ལས་ནི་དངོས་མི་དམིགས། ། གང་གི་ཚེ་ན་འདུས་བྱས་རྣམས། ། དམིགས་དང་དམིགས་པར་བྱེ་བྲལ་ཞིང་། ། སེམས་མེད་སེམས་ཙམ་མཐོང་བ་ལ། ། སེམས་ཙམ་དུ་ནི་ངས་བཤད་དོ། ། སེམས་ནི་ངོ་བོ་ཉིད་ཀྱི་དབྱིབས། ། རྐྱེན་དང་དངོས་པོ་སྤངས་པ་སྟེ། ། མཐར་ཕྱིན་ངོ་བོ་ཚངས་པའི་མཆོག ། དེ་ལ་ངས་ནི་ཙམ་ཞེས་བཤད། ། བདག་ནི་བརྟགས་པའི་བདེན་པ་སྟེ། ། རྫས་སུ་ཡོད་པ་མ་ཡིན་ནོ། ། ཕུང་པོ་ཕུང་པོ་ཉིད་དེ་བཞིན། ། བརྟགས་པས་ཡིན་གྱི་རྫས་སུ་མེད། ། མཉམ་པ་ཉིད་ནི་རྣམ་བཞི་སྟེ། །
BO
མཚན་ཉིད་རྒྱུ་དང་དངོས་ལས་སྐྱེས། ། བདག་མེད་པ་ཡི་མཉམ་ཉིད་དེ། ། རྣལ་འབྱོར་ཞུགས་པའི་བཞི་པའོ། ། ལྟ་བ་ཐམས་ཅད་རྣམ་བཟློག་པ། ། བརྟག་པར་བྱ་དང་རྟོག་པ་སྤངས། ། དམིགས་པ་མེད་ཅིང་སྐྱེ་མེད་ལ། ། སེམས་ཙམ་དུ་ནི་ངས་བཤད་དོ། ། དངོས་མིན་དངོས་པོ་མེད་པའང་མིན། ། དངོས་དང་དངོས་མེད་སྤངས་པ་ ཡི། ། དེ་བཞིན་ཉིད་ནི་སེམས་བྲལ་བ། ། སེམས་ཙམ་དུ་ནི་ངས་བཤད་དོ། ། སྟོང་པ་མཐའ་དང་དེ་བཞིན་ཉིད། ། མྱ་ངན་འདས་དང་ཆོས་ཀྱི་དབྱིངས། ། ཡིད་ཀྱི་ལུས་ནི་སྣ་ཚོགས་པ། ། སེམས་ཙམ་དུ་ནི་ངས་བཤད་དོ། ། རྣམ་པར་རྟོག་པའི་བག་ཆགས་འབྲེལ། ། སེམས་ལས་བྱུང་བ་སྣ་ ཚོགས་པ། ། མི་ལ་ཕྱི་རོལ་སྣང་བ་ནི། ། འཇིག་རྟེན་པ་ཡི་སེམས་ཙམ་མོ། ། ཕྱི་རོལ་གྱི་ནི་སྣང་བ་མེད། ། ལུས་དང་ལོངས་སྤྱོད་གནས་ལྟ་བུར། ། སེམས་ནི་སྣ་ཚོགས་པར་སྣང་བ། ། སེམས་ཙམ་དུ་ནི་ངས་བཤད་དོ། ། ཉན་ཐོས་ཟད་པའི་ཡེ་ཤེས་དང་། ། སངས་རྒྱས་རྣམས་ཀྱི་སྐྱེ་འབྱུང་ དང་། ། རང་རྒྱལ་སངས་རྒྱས་རྣམས་ཀྱི་ནི། ། ཉོན་མོངས་མེད་པས་ཤིན་ཏུ་འབྱུང་། ། ཕྱི་རོལ་གྱི་ནི་གཟུགས་མེད་དེ། ། རང་གི་སེམས་ནི་ཕྱི་རོལ་སྣང་། ། སེམས་ནི་ཁོང་དུ་མི་ཆུད་ཕྱིར། །
BO
བྱིས་པ་རྣམས་ནི་འདུས་བྱས་རྟོག ། རང་སེམས་སྣ་ཚོགས་སྣང་བ་ཡི། ། ཕྱི་རོལ་དོན་རྣམས་མི་ ཤེས་པས། ། མཐའ་བཞིན་སྦྱར་བའི་གཏན་ཚིགས་ཀྱིས། ། བླུན་པོ་དག་གིས་ཟློག་པར་བྱེད། ། གཏན་ཚིགས་མེད་དེ་མཐའ་ཡང་མེད། ། དཔེ་དང་ཡན་ལག་རྣམས་ཀྱང་མེད། ། རང་གི་སེམས་ནི་དོན་རྒྱུད་དེ། ། གལ་ཏེ་ཤེས་ན་མཁས་པ་ཡིན། ། གང་ཞིག་རྟོག་ པས་བརྟག་བྱ་བ། ། དེ་ནི་བརྟགས་པའི་མཚན་ཉིད་དེ། ། བརྟག་པ་ལ་ནི་རྟེན་བཅས་ཏེ། ། རྣམ་པར་རྟོག་པ་རབ་ཏུ་འཇུག ། ཕན་ཚུན་མ་གྱེས་འབྲེལ་པ་ཡི། ། བག་ཆགས་གཅིག་གི་རྒྱུ་ལས་བྱུང་། ། གཉིས་པོ་བློ་བུར་བྱུང་བའི་ཕྱིར། ། མི་རྣམས་ཀྱི་ནི་སེམས་མི་སྐྱེ། ། སྲིད་པ་གསུམ་ན་གནས་པ་ ཡི། ། སེམས་དང་སེམས་བྱུང་རྣམ་རྟོག་ཡིན། ། གང་ཞིག་དོན་སྣང་འཇུག་པ་ནི། ། བརྟགས་པའི་རང་བཞིན་དེ་ཡིན་ཏེ། ། སྣང་བའི་ས་བོན་ལྡན་པའི་ཕྱིར། ། སྐྱེ་མཆེད་རྣམས་ནི་བཅུ་གཉིས་སོ། ། གནས་དང་དམིགས་བྱ་ལྡན་པའི་ཕྱིར། ། ལོ་རྒྱུས་སུ་ནི་ངས་བཤད་དོ། ། ཇི་ལྟར་མེ་ལོང་གཟུགས་ བརྙན་དང་། ། རབ་རིབ་ཅན་ལ་སྐྲ་འཛིངས་པ། ། དེ་བཞིན་བག་ཆགས་ཀྱིས་གཡོགས་སེམས། ། བྱིས་པ་རྣམས་ཀྱིས་མཐོང་བ་ཡིན། །
BO
བདག་གིས་རྟོག་པས་བརྟགས་དོན་ལ། ། རྣམ་པར་རྟོག་པ་རབ་ཏུ་འཇུག ། མུ་སྟེགས་ཅན་གྱིས་བརྟགས་པ་ལྟར། ། ཕྱི་རོལ་གྱི་ནི་དོན་མེད་དེ། ། ཇི་ལྟར་ཐག་པར་མ་ ཤེས་ནས། ། བྱིས་པ་སྦྲུལ་དུ་འཛིན་པ་བཞིན། ། རང་གི་སེམས་དོན་མ་ཤེས་པས། ། ཕྱི་རོལ་གྱི་ནི་དོན་དུ་རྟོག ། དེ་ལྟར་ཐག་པ་ཐག་ཉིད་དུ། ། གཅིག་དང་ཐ་དད་སྤངས་མོད་ཀྱི། ། གང་གིས་ཐག་པར་རྣམ་རྟོག་པ། ། དེ་ནི་རང་སེམས་ཉེས་པ་ཡིན། ། གང་ལ་གང་གི་དངོས་པོར་ཡང་། ། བརྟགས་ན་ མི་དམིགས་མ་ཡིན་པ། ། དེ་ནི་མེད་པར་ཤེས་མི་བྱ། ། ཆོས་ཀྱི་ཆོས་ཉིད་དེ་ཡིན་ནོ། ། ཡོད་པའི་ཟླ་དྲངས་མེད་པ་སྟེ། ། མེད་པའི་ཟླ་དྲངས་ཡོད་པ་ཡིན། ། དེ་ཕྱིར་མེད་པར་ཤེས་མི་བྱ། ། ཡོད་པ་ཉིད་དུའང་མི་བརྟག་གོ། ། གང་འདི་ཀུན་ཏུ་བརྟགས་པ་ལ། ། བརྟགས་ན་དེ་ཡི་བདག་ཉིད་ མིན། ། དེ་ཡི་བདག་ཉིད་མིན་མཐོང་ཞིང་། ། ཇི་ལྟར་རྣམ་པར་རྟོག་པ་འཇུག ། གཟུགས་ནི་གཟུགས་ཀྱི་བདག་ཉིད་མེད། ། དེ་བཞིན་བུམ་པ་རས་ལ་སོགས། ། སྣང་བ་ཡོད་པ་མ་ཡིན་པས། ། ཁྱོད་ཀྱི་རྣམ་རྟོག་མི་འབྱུང་ངོ་། ། ཐོག་མ་མེད་ལྡན་འདུས་བྱས་ལ། ། གལ་ཏེ་ཁྱོད་ཀྱི་རྟོག་ནོར་ན། ། དངོས་པོ་དངོས་ཉིད་སུ་ཞིག་གིས། །
BO
འཁོར་བྱས་ཐུབ་ཆེན་བདག་ལ་གསུངས། ། དངོས་པོ་དངོས་ཉིད་མེད་པ་སྟེ། ། སེམས་ཙམ་པོ་ནི་སྣང་བ་ཡིན། ། རང་གི་སེམས་ནི་མ་མཐོང་བས། ། རྣམ་པར་རྟོག་པ་རབ་ཏུ་འཇུག ། ཇི་ལྟར་བྱིས་པས་བརྟགས་པ་ཡི། ། བརྟགས་པ་གལ་ཏེ་ཡོད་མེད་ཅིང་། ། དེ་ལས་རྣམ་པ་གཞན་ཡོད་ན། ། བློས་ཀྱང་རྟོག་པར་མི་རུང་ངོ་། ། འཕགས་ལ་གལ་ཏེ་དེ་ཡོད་ན། ། དེ་ནི་བྱིས་པས་བརྟགས་མ་ཡིན། ། གལ་ཏེ་འཕགས་ལས་དེ་ལོག་ན། ། འཕགས་དང་བྱིས་པ་མཉམ་པར་གྱུར། ། གང་ཕྱིར་སེམས་ནི་རྣམ་སྦྱངས་པས། ། འཕགས་པ་རྣམས་ལ་ནོར་པ་མེད། ། སེམས་ཀྱི་རྒྱུད་ནི་མ་དག་པའི། ། བྱིས་པ་བརྟགས་ལ་རྟོག་པར་བྱེད། ། ཇི་ལྟར་བུ་ལ་མ་ཞིག་ནི། ། མཁའ་ལ་ཤིང་ཐོག་ལེན་བྱེད་ཅིང་། ། འདི་རེ་བུ་གཅིག་མ་ངུ་བར། ། ཤིང་ཐོག་སྣ་ཚོགས་འདི་ཡང་ལོང་། ། དེ་བཞིན་སེམས་ཅན་ཀུན་ལ་ངས། ། བརྟགས་པའི་འབྲས་བུ་སྣ་ཚོགས་ཀྱིས། ། བྲིས་ ནས་ཡོད་དང་མེད་པ་ཡི། ། ཕྱོགས་སྤངས་ཚུལ་ནི་རབ་ཏུ་བཤད། ། གང་གི་མ་བྱུང་རྐྱེན་རྣམས་ཀྱིས། ། འབྱུང་སྟེ་འབྲེལ་ལས་མ་ཡིན་ན། ། སྔོན་མ་སྐྱེས་པ་ད་སྐྱེས་ཏེ། ། བདག་ཉིད་དུ་ཡང་རེད་པ་མེད། ། བདག་ཉིད་མ་རེད་སྐྱེས་པ་མེད། ། རྐྱེན་མེད་པར་ཡང་གང་ནའང་མེད། །
BO
སྐྱེས་པའི་དངོས་ པོ་དེ་དག་ཀྱང་། ། རྐྱེན་མེད་པར་ཡང་གང་ནའང་མེད། ། དེ་ལྟ་བུ་ཡི་མདོར་མཐོང་ན། ། གང་ནའང་མེད་མིན་ཡོད་མིན་མིན། ། དངོས་པོ་རྐྱེན་ལས་སྐྱེ་བར་ནི། ། མཁས་པ་རྣམས་ཀྱིས་མི་བརྟག་གོ། ། མུ་སྟེགས་ཅན་རྣམས་བྱིས་པ་ལ། ། རྐྱེན་གྱིས་གཅིག་དང་ཐ་དད་གཏམ། ། ཟེར་ཡང་འགྲོ་ བ་རྨི་ལམ་དང་། ། སྒྱུ་མ་འདྲ་བར་མི་ཤེས་སོ། ། བརྗོད་པའི་ཡུལ་གྱི་ཐེག་པ་ནི། ། ཐེག་པ་ཆེན་པོ་བླ་ན་མེད། ། ངས་ནི་དོན་ཀྱང་ལེགས་པར་བསྟན། ། བྱིས་པ་རྣམས་ཀྱིས་མི་ཤེས་སོ། ། གང་དག་འཇུངས་པའི་ཉན་ཐོས་དང་། ། མུ་སྟེགས་ཅན་གྱིས་བྱས་པ་ནི། ། གང་ཕྱིར་རྟོག་གིས་བཤད་པས་ ན། ། དེ་དག་དོན་ལ་འཁྲུལ་པའོ། ། མཚན་ཉིད་དང་ནི་དངོས་དབྱིབས་དང་། ། མིང་ནི་རྣམ་པ་བཞི་པོ་ཡང་། ། དེ་དག་ལ་ནི་དམིགས་བྱས་ཤིང་། ། རྣམ་པར་རྟོག་པ་རབ་ཏུ་འཇུག ། གང་རྣམས་གཅིག་དང་དུ་མ་དང་། ། ཚངས་པའི་རིས་ལ་དབང་སྒྱུར་ཞིང་། ། ཉི་མ་ཟླ་བའི་འོད་དག་ཀྱང་། ། གང་འཇིག་བྱེད་པ་སྲས་མ་ཡིན། ། འཕགས་པའི་མཐོང་བ་ཕུན་སུམ་ཚོགས། ། ཡང་དག་ཇི་བཞིན་རྟོགས་རིག་ཅིང་། ། འདུ་ཤེས་ཟློག་ལ་མཁས་པ་རྣམས། ། རྣམ་པར་རྟོག་པའི་མཆོག་ཕྱིན་ཅིང་། །
BO
དེ་ནི་ང་ཡི་བསྟན་པ་ལ། ། སྲས་པོ་གྲོལ་བའི་ཕྱག་རྒྱ་སྟེ། ། དངོས་དང་དངོས་ མེད་རྣམ་གྲོལ་ཞིང་། ། འོང་དང་འགྲོ་བ་རྣམ་སྤངས་པའོ། ། གཟུགས་ཀྱི་རྣམ་ཤེས་ཕྱིར་ལྡོག་ནས། ། གལ་ཏེ་ལས་ནི་འཇིག་འགྱུར་ན། ། རྟག་དང་མི་རྟག་པར་མི་འགྱུར། ། འཁོར་བ་དག་ཀྱང་མེད་འགྱུར་རོ། ། ལྡོག་པའི་ཚེ་ནི་ཞིག་གྱུར་པ། ། གཟུགས་ཀྱི་ཡུལ་ལས་ཕྱིར་ལྡོག་སྟེ། ། ཡོད་མེད་ཉེས་ དང་བྲལ་བའི་ལས། ། ཀུན་གཞི་ལ་ནི་རབ་ཏུ་གནས། ། སྲིད་པའི་གནས་སུ་རྣམ་ཤེས་དང་། ། གཟུགས་ལྷུང་རབ་ཏུ་འཇིག་པ་སྟེ། ། གཟུགས་དང་རྣམ་ཤེས་འབྲེལ་པ་ཡི། ། ལས་ནི་འཇིག་པར་མི་འགྱུར་རོ། ། གལ་ཏེ་དེ་དག་དང་འབྲེལ་པའི། ། མི་ཡི་ལས་ནི་འཇིག་འགྱུར་ན། ། ལས་ཀྱི་འབྲེལ་ པ་ཞིག་པའི་ཕྱིར། ། འཁོར་མེད་མྱ་ངན་འདའ་བའང་མེད། ། ཞིག་ཀྱང་དེ་དང་ལྷན་ཅིག་ཏུ། ། གལ་ཏེ་འཁོར་བར་སྐྱེ་འགྱུར་ན། ། གཟུགས་ནི་དེ་དང་འབྲེལ་པའི་ཕྱིར། ། ཐ་མི་དད་པས་འབྱུང་བར་འགྱུར། ། སེམས་ནི་གཟུགས་སུ་རྣམ་རྟོག་ལས། ། གཅིག་པ་མ་ཡིན་ཐ་དད་མིན། ། ཡོད་དང་མེད་ པའི་ཕྱོགས་སྤངས་ཕྱིར། ། དངོས་པོ་རྣམས་ལ་འཇིག་པ་མེད། ། ཀུན་ཏུ་བརྟགས་དང་གཞན་གྱི་དབང་། ། ཕན་ཚུན་མཚན་ཉིད་ཐ་མི་དད། །
BO
གཟུགས་ཀྱི་མི་རྟག་ཉིད་བཞིན་ཏེ། ། གཅིག་ལ་གཅིག་ཀྱང་སྐྱེད་བྱེད་པའོ། ། གཅིག་དང་ཐ་དད་རྣམ་གྲོལ་བའི། ། བརྟགས་པ་ཁོང་དུ་མི་ཆུད་ན། ། ཡོད་དང་ མེད་པར་ཇི་ལྟར་འགྱུར། ། གཟུགས་ཀྱི་མི་རྟག་ཉིད་བཞིན་ནོ། ། བརྟགས་པ་ཤིན་ཏུ་མཐོང་འགྱུར་ན། ། གཞན་གྱི་དབང་ནི་མི་སྐྱེའོ། ། གཞན་གྱི་དབང་ནི་རབ་མཐོང་ན། ། བརྟགས་པ་དེ་བཞིན་ཉིད་དུ་འགྱུར། ། རྟོག་པ་རྣམ་པར་འཇིག་པ་ན། ། ང་ཡི་ཚུལ་ཀྱང་རྣམ་འཇིག་བྱེད། ། ང་ཡི་བསྟན་པ་འདི་ ལ་ནི། ། སྒྲོ་འདོགས་སྐུར་པ་འདེབས་པ་ཡིན། ། གང་ན་གང་ཚེ་དེ་འདྲ་བ། ། ཆོས་ལ་སུན་འབྱིན་ཡོད་པའི་རྣམས། ། ང་ཡི་ཚུལ་ནི་འཇིག་པར་བྱེད། ། དེ་དག་ཀུན་དང་འགྲོགས་མི་བྱ། ། གང་ཞིག་སྒྲོ་འདོགས་སྐུར་པ་འདེབས། ། བརྟགས་པ་རྣམ་པར་འཇིག་བྱེད་དང་། ། མཁས་པ་དག་ཏུ་གཏམ་མི་བྱ། ། དགེ་སློང་དོན་ལ་སྤང་བར་བྱ། ། སྐྲ་ཤད་འཛིངས་དང་སྒྱུ་འདྲ་དང་། ། རྨི་ལམ་འདྲ་ཞིང་དྲི་ཟ་འདྲ། ། རྟོག་པ་སྨིག་རྒྱུ་སྣང་འདྲ་ལ། ། གང་དག་ཡོད་དང་མེད་ལྟ་བ། ། དེ་དག་སྡུད་པར་སུ་སྤྱོད་པ། ། སངས་རྒྱས་ཀྱི་ལ་དེ་མི་སློབ། ། དེ་དག་མཐའ་གཉིས་ལྷུང་བ་སྟེ། ། གཞན་ཡང་རྣམ་ པར་འཇིག་པར་བྱེད། །
BO
བརྟགས་པའི་དངོས་པོ་རབ་དབེན་ཞིང་། ། དངོས་དང་དངོས་མེད་རྣམ་གྲོལ་བ། ། རྣལ་འབྱོར་ཅན་ནི་སུས་མཐོང་བ། ། དེ་དག་བསྡུ་བར་སྤྱད་པར་གྱིས། ། མུ་ཏིག་ནོར་བུ་གསེར་འབྱུང་བའི། ། འབྱུང་ཁུངས་འཇིག་རྟེན་ན་ཡོད་པ། ། སྣ་ཚོགས་ལས་ཀྱི་རྒྱུས་མ་བྱུང་། ། བུས་པ་རྣམས་ཀྱི་འཚོ་བ་ལྟར། ། དེ་བཞིན་སེམས་ཅན་རིགས་རྣམས་ནི། ། རྣམ་པ་སྣ་ཚོགས་ལས་ཀྱིས་སྤངས། ། སྣང་བ་མེད་ཕྱིར་ལས་མེད་དོ། ། ལས་ལས་བྱུང་བའི་འགྲོ་བའང་མེད། ། ཇི་ལྟར་འཕགས་པས་རྣམ་སྒོམ་ལྟར། ། དངོས་པོའི་དངོས་ཉིད་མེད་མོད་ཀྱི། ། ཇི་ལྟར་བྱིས་པས་བརྟགས་ པ་ལྟར། ། དངོས་པོ་དག་ནི་ཡོད་པའོ། ། ཇི་ལྟར་བྱིས་པས་བརྟགས་པ་ལྟར། ། གལ་ཏེ་དངོས་པོ་མེད་ན་ནི། ། དངོས་པོ་ཐམས་ཅད་མེད་པས་ན། ། སུ་ལའང་ཉོན་མོངས་པར་འགྱུར་ཏེ། ། དངོས་པོ་སྣ་ཚོགས་ཉོན་མོངས་ལས། ། འཁོར་བ་དབང་པོ་ཉེར་འགྲོ་བ། ། མི་ཤེས་པ་དང་སྲིད་འབྲེལ་ ནི། ། ལུས་ཅན་རྣམས་ཀྱི་འབྱུང་བར་འགྱུར། ། ཇི་ལྟར་བྱིས་པས་བརྟགས་པ་ལྟར། ། གང་གི་དངོས་པོ་ཡོད་མིན་པ། ། དེ་དག་དབང་པོ་འཇུག་པ་མེད། ། རྣལ་འབྱོར་ཉིད་ཀྱང་འཇུག་པ་ཡིན། ། བཅོམ་ལྡན་གལ་ཏེ་འཁོར་བ་ཡི། ། རྒྱུ་ཡི་དངོས་པོ་མ་མཆིས་ན། །
BO
བྱིས་པ་ནན་ཏན་མ་བགྱིས་ པར། ། བྱེད་པ་སྤངས་པའི་ཐར་པར་འགྱུར། ། ཁྱོད་ཀྱི་འཕགས་པ་བྱིས་པའི་ཁྱད། ། དངོས་པོ་མེད་ན་ཇི་ལྟར་མཆིས། ། རྣམ་པར་ཐར་པ་གསུམ་སྤྱོད་པའི། ། འཕགས་པ་དག་ལ་དངོས་པོ་མེད། ། ཕུང་པོ་གང་ཟག་ཆོས་རྣམས་དང་། ། རང་དང་སྤྱི་ཡི་མཚན་ཉིད་མེད། ། དབང་པོ་རྣམས་ དང་རྐྱེན་གྱི་རྣམས། ། ཉན་ཐོས་དག་ལ་ངས་བཤད་དོ། ། རྒྱུ་མེད་པ་དང་སེམས་ཙམ་དང་། ། འབྱོར་པ་རྣམས་དང་ས་རྣམས་དང་། ། སོ་སོ་རང་གི་དེ་བཞིན་ཉིད། ། དག་པ་རྒྱལ་བའི་སྲས་ལ་བཤད། ། ང་ཡི་བསྟན་ལ་སུན་འབྱིན་པ། ། ངུར་སྨྲིག་གི་ནི་གོས་བགོས་ཤིང་། ། འབྲས་བུ་ཡོད་དང་ མེད་སྨྲ་བ། ། མ་འོངས་པ་ཡི་དུས་ན་འབྱུང་། ། དངོས་པོ་མེད་དེ་རྐྱེན་རྣམས་ཀྱིས། ། ཡོད་པ་འཕགས་པའི་སྤྱོད་ཡུལ་ལོ། ། བརྟགས་པའི་དངོས་པོ་ཤིན་ཏུ་མེད། ། རྟོག་གེ་པ་རྣམས་རྟོག་པར་བྱེད། ། མ་འོངས་པ་ཡི་དུས་ན་ནི། ། བྱིས་པའི་རང་བཞིན་གཟེགས་ཟན་འབྱུང་། ། འབྲས་བུ་མེད་སྨྲའི་ལྟ་ངན་པས། ། སྐྱེ་བོ་མང་པོ་རླག་པར་བྱེད། ། རྡུལ་ཕྲན་ལས་ནི་འགྲོ་བ་འབྱུང་། ། རྡུལ་ཕྲན་རྣམས་ནི་རྒྱུ་མེད་དེ། ། རྫས་དགུ་རྣམས་ཀྱང་རྟག་པའོ་ཞེས། ། ལྟ་བ་ངན་པས་སྟོན་པར་འགྱུར། །
BO
རྫས་རྣམས་ཀྱིས་ནི་རྫས་བརྩམས་ཏེ། ། ཡོན་ཏན་གྱིས་ཀྱང་ཡོན་ཏན་ནོ། ། དངོས་པོ་ དག་གི་དངོས་ཉིད་གཞན། ། ཡོད་པ་དག་ནི་འཇིག་པར་བྱེད། ། གལ་ཏེ་མ་བྱུང་འབྱུང་འགྱུར་ན། ། འཇིག་རྟེན་ཐོག་མ་ཡོད་པར་འགྱུར། ། འཁོར་བ་སྔོན་གྱི་མཐའ་མ་ནི། ། ངས་ནི་མེད་པར་བཤད་པ་ཡིན། ། སྲིད་གསུམ་ཐམས་ཅད་བགྲང་བ་དག ། དེ་སྟེ་མ་བྱུང་འབྱུང་ན་ནི། ། ཁྱི་དང་རྔ་ མོ་བོང་བུ་ལའང་། ། རྭ་སྐྱེར་འགྱུར་བ་ཐེ་ཙོམ་མེད། ། གལ་ཏེ་གཟུགས་དང་རྣམ་ཤེས་དང་། ། མིག་ནི་མ་སྐྱེས་སྐྱེ་འགྱུར་ན། ། ཅོད་པན་རེ་ལྡེ་རས་ལ་སོགས། ། འཇིམ་པ་བསྒོངས་ལས་འབྱུང་བར་འགྱུར། ། རས་ལ་རེ་ལྡེ་ཡོད་པ་མིན། ། རྩི་སྐྱང་ལ་ཡང་རས་མེད་དོ། ། གཅིག་པོ་ལས་ནི་ གཅིག་འབྱུང་ན། ། རྐྱེན་རྣམས་ཀྱིས་ཀྱང་ཅིར་མི་འབྱུང་། ། འཚོ་བ་དེ་དང་ལུས་དེ་དང་། ། གང་ཡང་མ་བྱུང་སྐྱེ་བ་ནི། ། དེ་དག་ཐམས་ཅད་གཞན་སྨྲ་བ། ། ངས་ཀྱང་དེ་དག་ཤིན་ཏུ་བཤད། ། སྔ་མའི་ཕྱོགས་ནི་བརྗོད་བྱ་སྟེ། ། དེ་དག་བློ་ནི་བཟློག་པར་བྱ། ། དེ་དག་བློ་ནི་བཟློག་བྱས་ནས། ། བདག་གི་ ཕྱོགས་ནི་ངས་བཤད་དོ། ། ང་ཡི་སློབ་མ་རྨོངས་པའི་སྡེ། ། ཡོད་མེད་ཕྱོགས་ལ་གནས་འོང་ཞེས། །
BO
དེ་ཕྱིར་མུ་སྟེགས་སྨྲ་བ་དག ། ངས་ནི་བརྗོད་པར་བྱས་པ་ཡིན། ། ཡན་ལག་སེར་སྐྱ་བློ་ངན་པའང་། ། འགྲོ་བ་གཙོ་ལས་སྐྱེས་པ་དང་། ། ཡོན་ཏན་རྣམ་པར་འགྱུར་བ་ཡང་། ། སློབ་མ་རྣམས་ལ་ རབ་ཏུ་སྟོན། ། རྐྱེན་གྱིས་བྱུང་དང་མ་བྱུང་མིན། ། རྐྱེན་རྣམས་ཡོད་པ་མ་ཡིན་ཏེ། ། རྐྱེན་རྣམས་དངོས་པོ་མེད་པའི་ཕྱིར། ། མ་བྱུང་བ་ནི་མི་འབྱུང་ངོ་། ། ཡོད་དང་མེད་པའི་ཕྱོགས་བྲལ་ཞིང་། ། རྒྱུ་དང་རྐྱེན་རྣམས་སྤངས་པ་དང་། ། སྐྱེ་དང་འཇིག་པ་མེད་པ་དང་། ། རང་གི་ཕྱོགས་ཏེ་མཚན་གཞི་ སྤངས། ། སྒྱུ་མ་རྨི་ལམ་འདྲ་བ་ཡི། ། འཇིག་རྟེན་རྒྱུ་དང་རྐྱེན་སྤངས་པ། ། རྟག་ཏུ་རྒྱུ་མེད་པར་མཐོང་ན། ། རྣམ་པར་རྟོག་པ་མི་འཇུག་གོ། ། དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་འདྲ། ། རྟག་པར་སྐྲ་ཤད་འཛིངས་པ་བཞིན། ། ཡོད་དང་མེད་པའི་ཕྱོགས་བྲལ་ཞིང་། ། རྒྱུ་དང་རྐྱེན་གྱིས་སྤངས་པ་ཡི། ། སྲིད་ པ་རྒྱུ་མེད་པར་མཐོང་ན། ། སེམས་ཀྱི་རྒྱུ་ནི་རྣམ་པར་འདག ། གང་གི་དངོས་པོ་མེད་པ་དང་། ། སེམས་ཙམ་པོ་ཡང་མེད་འགྱུར་ན། ། དངོས་པོ་མེད་པར་ཇི་ལྟར་སེམས། ། སེམས་ཙམ་དུ་ཡང་མི་རུང་ངོ་། ། དངོས་པོ་ལ་ནི་དམིགས་བྱས་ཤིང་། །
BO
མི་རྣམས་སེམས་ཀྱང་སྐྱེ་བར་འགྱུར། ། རྒྱུ་མེད་པར་ནི་ ཇི་ལྟར་སེམས། ། སེམས་ཙམ་དུ་ནི་མི་རུང་ངོ་། ། འཕགས་པའི་དངོས་པོའི་ཚུལ་ལ་ནི། ། དེ་བཞིན་ཉིད་དང་སེམས་ཙམ་ཡོད། ། ཡོད་པའང་མིན་པ་དེ་དག་ནི། ། ང་ཡི་ཚུལ་ལ་མི་མཁས་པའོ། ། གཟུང་དང་འཛིན་པའི་དངོས་པོར་ནི། ། གལ་ཏེ་སེམས་ནི་འཇུག་འགྱུར་ན། ། དེ་ནི་འཇིག་རྟེན་པ་ ཡི་སེམས། ། སེམས་ཙམ་དུ་ཡང་མི་རུང་ངོ་། ། ལུས་དང་ལོངས་སྤྱོད་གནས་འདྲ་དང་། ། གལ་ཏེ་རྨི་ལམ་འདྲ་སྐྱེ་ན། ། སེམས་ནི་རྣམ་པ་གཉིས་སུ་འགྱུར། ། སེམས་ལ་གཉིས་ཀྱི་མཚན་ཉིད་མེད། ། ཇི་ལྟར་རལ་གྲི་རང་སོ་དང་། ། ཇི་ལྟར་མཛུབ་མོ་རང་རྩེ་ལ། ། མི་གཅོད་རེག་པར་མི་ འགྱུར་བ། ། དེ་བཞིན་སེམས་ཀྱིས་རང་བལྟའོ། ། གཞན་དག་མེད་ཅིང་དབང་ཡང་མེད། ། བརྟགས་པ་ཡི་ནི་དངོས་པོ་མེད། ། ཆོས་ལྔ་རྣམས་དང་སེམས་གཉིས་ཀྱང་། ། སྣང་བ་མེད་ལ་མེད་པའོ། ། སྐྱེ་བར་བྱ་དང་སྐྱེ་བྱེད་དང་། ། དངོས་པོའི་མཚན་ཉིད་རྣམ་གཉིས་ཏེ། ། སྐྱེ་བར་བྱེད་ལས་དགོངས་ བྱས་ནས། ། རང་བཞིན་མེད་པར་ངས་བཤད་དོ། ། རྣམ་པ་སྣ་ཚོགས་དོན་དབྱིབས་སུ། ། གལ་ཏེ་རྣམ་པར་རྟོག་སྐྱེ་ན། ། རི་བོང་རྭ་དང་ནམ་མཁའ་ཡང་། །
BO
དོན་དུ་སྣང་བ་འབྱུང་བར་འགྱུར། ། གལ་ཏེ་མ་བརྟགས་དོན་ཡོད་ན། ། སེམས་ཀྱང་དོན་དུ་སྣང་བར་འགྱུར། ། སེམས་དང་ཐ་དད་བརྟགས་ པ་ཡི། ། དོན་ནི་ཤིན་ཏུ་མི་དམིགས་སོ། ། ཐོག་མ་མེད་ལྡན་འཁོར་བ་ན། ། དོན་ནི་གང་ནའང་མེད་པ་སྟེ། ། སེམས་ནི་རྒྱས་པར་མ་གྱུར་ན། ། ཇི་ལྟར་དོན་དུ་སྣང་བར་འཇུག ། གལ་ཏེ་མེད་པས་རྒྱས་འགྱུར་ན། ། རི་བོང་རྭ་ཡང་དེར་འགྱུར་རོ། ། དངོས་པོ་མེད་པས་རྒྱས་གྱུར་པའི། ། རྣམ་ པར་རྟོག་པ་མི་འབྱུང་ངོ་། ། ཇི་ལྟར་དེ་ལྟར་མེད་པ་བཞིན། ། སྔོན་ཀྱང་དེ་ནི་ཡོད་པ་མིན། ། དོན་མེད་པར་ནི་དོན་འབྲེལ་སེམས། ། ཇི་ལྟ་བུར་ན་འཇུག་པར་འགྱུར། ། དེ་བཞིན་ཉིད་དང་སྟོང་ཉིད་མཐའ། ། མྱ་ངན་འདས་དང་ཆོས་ཀྱི་དབྱིངས། ། ཆོས་རྣམས་སྐྱེ་བ་མེད་པ་ནི། ། དོན་དམ་གྱི་ ནི་རང་བཞིན་ནོ། ། རྒྱུ་དང་རྐྱེན་ལ་རྟོག་པ་ཡིས། ། སྲིད་པ་རྒྱུ་མེད་མ་བྱུང་བར། ། རབ་ཏུ་ཤེས་པར་མ་གྱུར་པས། ། བྱིས་པ་ཡོད་དང་མེད་པར་ལྷུང་། ། སྣང་བ་མེད་པར་སེམས་མངོན་ཏེ། ། བྱེ་བྲག་ཐོག་མ་མེད་རྒྱུས་འབྱུང་། ། ཐོག་མ་མེད་ནས་དོན་མེད་ན། ། བྱེ་བྲག་ཅི་ཡིས་སྐྱེ་བར་འགྱུར། ། གལ་ ཏེ་མེད་པས་རྒྱས་འགྱུར་ན། །
BO
དབུལ་པོ་དག་ཀྱང་ནོར་ལྡན་འགྱུར། ། དོན་མེད་ཇི་ལྟར་སེམས་སྐྱེ་བ། ། ཐུབ་པས་བདག་ལ་བཤད་དུ་གསོལ། ། འདི་དག་ཐམས་ཅད་རྒྱུ་མེད་དེ། ། སེམས་ཀྱང་མེད་ཅིང་སྤྱོད་ཡུལ་མེད། ། སེམས་ཀྱང་རྒྱས་པར་མི་འགྱུར་ཏེ། ། སྲིད་པ་གསུམ་ནི་བྱེད་སྤངས་པའོ། ། སྐྱེ་བ་རྣམ་པར་བཟློག་པའི་ཕྱིར། ། མི་སྐྱེ་བ་ནི་རབ་ཏུ་བསྒྲུབ། ། རྒྱུ་མེད་སྨྲ་བ་བཤད་པ་ནི། ། བྱིས་པ་རྣམས་ཀྱིས་མི་རིག་གོ། ། འདི་དག་ཐམས་ཅད་མ་སྐྱེས་པ། ། དངོས་པོ་མེད་པའང་མ་ཡིན་ཏེ། ། རྨི་ལམ་སྒྱུ་འདྲ་དྲི་ཟའི་གྲོང་། ། རྒྱུ་མེད་པ་ཡི་དངོས་པོ་ཡོད། ། མ་སྐྱེས་རང་བཞིན་མེད་པ་དང་། ། ཅི་ ཕྱིར་སྟོང་པའང་བདག་ལ་གསུངས། ། འདུས་པ་དག་ནི་མ་གཏོགས་པར། ། ནམ་ཞིག་དངོས་པོ་མི་སྣང་བ། ། དེ་ཚེ་མ་སྐྱེས་སྟོང་པ་སྟེ། ། རང་བཞིན་མེད་པར་ངས་བཤད་དོ། ། རྨི་ལམ་སྐྲ་ཤད་སྒྱུ་མ་དང་། ། དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་རྣམས། ། རྒྱུ་མེད་པར་ཡང་སྣང་གྱུར་པ། ། འཇིག་རྟེན་ སྣ་ཚོགས་དེ་བཞིན་ནོ། ། དེ་བཞིན་འདུས་པ་རེ་རེར་ཡང་། ། སྣང་བ་མེད་པས་ཡོད་མ་ཡིན། ། འདུས་པ་མུ་སྟེགས་ལྟ་བ་ལྟར། ། འཇིག་པས་རྣམ་པར་འགྱུར་བ་མིན། ། རྒྱུ་མེད་སྨྲ་བས་བརྩད་བྱས་ཏེ། །
BO
མ་སྐྱེས་པ་ཡང་རབ་ཏུ་བསྒྲུབ། ། སྐྱེ་བ་མེད་པ་རབ་བསྒྲུབས་ན། ། ང་ཡི་ཚུལ་ནི་མི་འཇིག་གོ། ། རྒྱུ་མེད་སྨྲ་བ་བསྟན་ན་ནི། ། ཇི་ལྟར་ཅི་ལས་ཅི་དག་གིས། ། གང་དུ་རྒྱུ་མེད་སྐྱེར་འགྱུར་ཞེས། ། མུ་སྟེགས་ཅན་རྣམས་འཇིགས་པ་སྐྱེ། ། རྒྱུ་ལས་མ་ཡིན་རྒྱུ་མེད་པར། ། ནམ་ཞིག་འདུས་བྱས་མཐོང་བ་ན། ། དེ་ཡི་སྐྱེ་འཇིག་སྨྲ་བ་ཡི། ། ལྟ་བ་རྣམ་པར་ལྡོག་པར་འགྱུར། ། དངོས་པོ་མེད་པ་སྐྱེ་ མེད་དམ། ། དེ་སྟེ་རྐྱེན་ལ་བརྟགས་པའམ། ། འོན་ཏེ་དངོས་པོའི་མིང་ལགས་སམ། ། དོན་མེད་པ་ཡང་བདག་ལ་གསུངས། ། དངོས་མེད་མི་སྐྱེ་མ་ཡིན་ཏེ། ། རྐྱེན་ལ་བརྟག་པའང་མ་ཡིན་ནོ། ། དངོས་པོའི་མིང་ཡང་དེ་མིན་ཏེ། ། དོན་མེད་པ་ཡང་མིང་མ་ཡིན། ། ཉན་ཐོས་དང་ནི་རང་རྒྱལ་དང་། ། ས་བདུན་ དུ་ནི་ཕྱིན་རྣམས་དང་། ། མུ་སྟེགས་སྤྱོད་ཡུལ་མ་ཡིན་པ། ། དེ་ནི་མི་སྐྱེ་མཚན་ཉིད་དོ། ། རྒྱུ་དང་རྐྱེན་རྣམས་བཟློག་པ་དང་། ། བྱེད་པ་དག་ནི་དགག་པ་དང་། ། སེམས་ཙམ་དུ་ནི་རྣམ་གཞག་པ། ། སྐྱེ་བ་མེད་པར་ངས་བཤད་དོ། ། དངོས་པོ་རྒྱུ་ལས་འབྱུང་མེད་པ། ། རྟོག་དང་བརྟག་པ་སྤངས་པ་སྟེ། ། ཡོད་མེད་ཕྱོགས་ལས་གྲོལ་བ་ནི། ། སྐྱེ་བ་མེད་པར་ངས་བཤད་དོ། །
BO
སེམས་ནི་སྣང་དང་རྣམ་བྲལ་བ། ། རང་བཞིན་གཉིས་ཀྱང་སྤངས་པ་སྟེ། ། གནས་རྣམས་རབ་ཏུ་གྱུར་པ་ནི། ། སྐྱེ་བ་མེད་པར་ངས་བཤད་དོ། ། ཕྱི་རོལ་དངོས་པོ་དངོས་མེད་མིན། ། སེམས་ཀྱང་ཡོངས་སུ་གཟུང་བ་མེད། ། ལྟ་བ་ ཐམས་ཅད་རབ་སྤངས་པ། ། དེ་ནི་སྐྱེ་མེད་མཚན་ཉིད་དོ། ། དེ་བཞིན་སྟོང་པ་རང་བཞིན་མེད། ། དེ་ལས་བསགས་པའི་ཚིག་ཀུན་བརྟག ། ནམ་ཡང་སྟོང་པས་སྟོང་མ་ཡིན། ། སྐྱེ་བ་མེད་པའི་སྟོང་པའོ། ། རྐྱེན་གྱི་རྣམ་པ་འདུས་པ་ལས། ། རབ་ཏུ་འཇུག་ཅིང་ལྡོག་པར་འགྱུར། ། འདུས་པ་ལས་ནི་ལོགས་ ཤིག་ན། ། སྐྱེས་པ་མེད་ཅིང་འགགས་པའང་མེད། ། གཅིག་པ་དང་ནི་ཐ་དད་དུ། ། ཇི་ལྟར་མུ་སྟེགས་ཅན་རྟོག་བཞིན། ། དངོས་པོ་ཐ་དད་མ་ཡིན་དང་། ། འདུས་ལས་གུད་ན་གང་ནའང་མེད། ། ཡོད་མེད་དངོས་པོ་མི་སྐྱེ་སྟེ། ། མེད་མིན་ཡོད་མིན་གང་ནའང་མེད། ། དེ་ཕྱིར་གཞན་དུ་འདུས་ པ་ནི། ། རབ་ཏུ་འཇུག་ཅིང་ལྡོག་པར་འགྱུར། ། འདི་ནི་བརྡ་ཙམ་ཉིད་ཡིན་ཏེ། ། ཕན་ཚུན་ལྟོས་པ་འབྲེལ་བ་ཡིན། ། རྐྱེན་རྣམས་འབྲེལ་ལས་ལོགས་ཤིག་ན། ། བསྐྱེད་པར་བྱ་བའི་དོན་མེད་དོ། ། བསྐྱེད་པ་མེད་པས་སྐྱེ་བ་མེད། ། མུ་སྟེགས་ཅན་གྱི་སྐྱོན་གྱིས་སྤངས། །
BO
འབྲེལ་པ་ཙམ་དུ་ངས་བཤད་དེ། ། བྱིས་པ་རྣམས་ཀྱིས་མི་རིག་གོ། ། གང་ན་འབྲེལ་ལས་ལོགས་ཤིག་ན། ། དངོས་པོ་བསྐྱེད་པ་ཡོད་ཅེས་པ། ། འབྲེལ་པ་རྣམ་པར་འཇིག་པ་སྟེ། ། རྒྱུ་མེད་སྨྲ་བར་ཤེས་པར་བྱ། ། གང་ན་འབྲེལ་ལས་ལོགས་ཤིག་ན། ། དངོས་པོ་སུ་ལ་ཡོད་ན་ནི། ། མར་མེ་བཞིན་དུ་རྫས་རིགས་རྣམས། ། འབྲེལ་ པ་སྣང་བར་བྱེད་པར་འགྱུར། ། འབྲེལ་བ་དག་ལས་ལོགས་ཤིག་ཏུ། ། ཆོས་གང་མི་མཁས་རྟོག་པ་ནི། ། མ་སྐྱེས་ངོ་བོ་ཉིད་མེད་དེ། ། རང་བཞིན་ནམ་མཁའ་ལྟ་བུའོ། ། འཕགས་པས་ཐོབ་པའི་ཆོས་ཉིད་ནི། ། སྐྱེ་བ་མེད་པ་གཞན་ཡིན་ཏེ། ། གང་དེའི་སྐྱེ་བ་མེད་པ་ནི། ། དེ་ནི་ མི་སྐྱེ་བཟོད་པ་ཡིན། ། ནམ་ཞིག་འཇིག་རྟེན་འདི་དག་ཀུན། ། འདི་ནི་འབྲེལ་པ་ཙམ་མོ་ཞེས། ། འབྲེལ་པ་ཉིད་དུ་མཐོང་བ་ན། ། དེ་ན་སེམས་ཀྱང་མཉམ་པར་འཇོག ། མི་ཤེས་སྲེད་པ་ལས་ལ་སོགས། ། འབྲེལ་པ་དག་ནི་ནང་གི་ཡིན། ། འཁོར་ལོ་འཇིམ་ཤིང་སྲུབ་ལ་སོགས། ། ས་བོན་ འབྱུང་སོགས་ཕྱི་རོལ་ལོ། ། འདི་ནི་འབྲེལ་བ་ཙམ་ཡིན་ཏེ། ། གང་གི་དངོས་པོ་རྐྱེན་གཞན་ལས། ། གང་ཡང་སྐྱེ་བར་འདོད་པ་ནི། ། འཐད་དང་ལུང་ལ་དེ་མི་གནས། ། གལ་ཏེ་བསྐྱེད་བྱའི་དངོས་མེད་ན། །
BO
བློ་ཡང་གང་གི་རྐྱེན་ལས་བྱུང་། ། འདི་དག་ཕན་ཚུན་རྐྱེན་གྱུར་པས། ། དེ་ཕྱིར་དེ་ དག་རྐྱེན་དུ་ཤེས། ། དྲོད་གཤེར་སྲ་དང་གཡོ་བ་ཡི། ། ཆོས་རྣམས་བྱིས་པས་རྣམ་བརྟགས་ཏེ། ། དེ་ནི་འདུས་པ་ཆོས་མ་ཡིན། ། དེ་ཕྱིར་ངོ་བོ་ཉིད་མེད་དོ། ། ནད་པའི་དབང་དུ་སྨན་པ་དག ། བྱ་བ་ཐ་དད་སྟོན་མོད་ཀྱི། ། དེ་ལ་གཙུག་ལག་ཐ་དད་མེད། ། ནད་ཀྱིས་ཕྱེ་བས་ཐ་དད་དོ། ། དེ་བཞིན་ ངས་ཀྱང་སེམས་ཅན་རྒྱུད། ། ཉོན་མོངས་ཉེས་པའི་སྐྱོན་ཆགས་པ། ། དབང་པོ་དག་གི་སྟོབས་ཤེས་ནས། ། བྱིས་པ་དག་ལ་ཚུལ་བཤད་དོ། ། ཉོན་མོངས་དབང་པོ་ཐ་དད་པས། ། ང་ཡི་བསྟན་པ་དབྱེར་མི་ཕྱེད། ། ཡན་ལག་བརྒྱད་ལྡན་ཞི་བ་ཡི། ། ལམ་ནི་ཐེག་པ་གཅིག་ཡིན་ནོ། ། རྫ་དང་ སྣམ་བུ་ཅོད་པན་རྭ། ། རི་བོང་རྭ་ནི་མེད་པའི་རྒྱུ། ། གང་རྒྱུ་ཚོགས་ལས་བྱུང་བ་དེ། ། ཁྱོད་ཀྱིས་མེད་པར་ཤེས་མི་བྱ། ། ཡོད་པའི་རྒྱུས་ནི་མེད་པ་སྟེ། ། མེད་པ་མེད་པར་མི་རུང་ངོ་། ། ཡོད་པ་མེད་པའི་ཟླ་ལས་བྱུང་། ། ཕན་ཚུན་ཟླ་ཡི་རྒྱུ་ཡིན་ནོ། ། ཅི་ཞིག་ལ་ནི་གནས་བཅས་ཤིང་། ། ཅི་ཞིག་སྣང་ བར་སུས་བསམས་པ། ། གང་ལ་རྟེན་པ་ཅི་ཞིག་ནི། ། རྒྱུ་མེད་པ་སྟེ་རྒྱུ་མེད་མིན། །
BO
གལ་ཏེ་གཞན་ལ་དེ་རྟེན་ཅིང་། ། དེ་ཡང་གཞན་ལ་སྣང་གྱུར་ན། ། ཐུག་པ་མེད་པར་རབ་འགྱུར་ཏེ། ། ཅི་ཞིག་ཅི་ཡང་མེད་པར་འགྱུར། ། ཇི་ལྟར་ལོ་མ་ཤིང་སོགས་ལ། ། རྟེན་ཅིང་སྒྱུ་མ་སྣང་བ་ལྟར། ། དེ་བཞིན་ དངོས་ལ་བརྟེན་བྱས་ཤིང་། ། མི་རྣམས་ལ་ནི་སྣ་ཚོགས་སྣང་། ། སྒྱུ་མའི་དྲ་བ་ལོ་མ་མིན། ། གྱོ་མོ་མ་ཡིན་ཤིང་མ་ཡིན། ། བྱིས་པ་རྣམས་ཀྱིས་སྒྱུ་མར་མཐོང་། ། སྒྱུ་མ་བྱེད་པས་གནས་མཐོང་ངོ་། ། དེ་བཞིན་དངོས་ལ་བརྟེན་བཅས་ཏེ། ། ཅི་ཞིག་བྱེ་བྲག་ཏུ་འགྱུར་ན། ། སྣང་བའི་ཚེ་ན་ གཉིས་མེད་པར། ། ཅི་ཞིག་ཏུ་ནི་ཇི་ལྟར་བརྟག ། རྣམ་པར་རྟོག་ལ་རྣམ་བརྟགས་མེད། ། རྣམ་པར་རྟོག་པའང་མེད་པ་སྟེ། ། རྣམ་པར་རྟོག་ལ་མེད་པས་ན། ། མྱ་ངན་འདས་མེད་འཁོར་བ་མེད། ། རྣམ་པར་རྟོག་པ་མེད་པས་ན། ། རྣམ་པར་རྟོག་པ་མི་འཇུག་གོ། ། མ་ཞུགས་ན་ནི་ཇི་ལྟར་ སེམས། ། སེམས་ཙམ་དུ་ནི་མི་རུང་ངོ་། ། བསམ་པ་དུ་མ་ཐ་དད་ཕྱིར། ། བསྟན་པ་ལ་ནི་སྙིང་པོ་མེད། ། སྙིང་པོ་མེད་ཕྱིར་ཐར་པ་མེད། ། འཇིག་རྟེན་རྣམ་པ་སྣ་ཚོགས་མེད། ། ཇི་ལྟར་བྱིས་པས་བརྟགས་པ་ཡི། ། ཕྱི་རོལ་གྱི་ནི་སྣང་བ་མེད། ། སེམས་ནི་གཟུགས་བརྙན་བཞིན་དུ་སྣང་། །
BO
བག་ ཆགས་ཀྱིས་ནི་མགོ་ཡུང་བསླང་། ། ཡོད་མེད་མ་བྱུང་མེད་པས་ན། ། དངོས་པོ་ཐམས་ཅད་མ་སྐྱེས་ཏེ། ། འདི་དག་ཐམས་ཅད་སེམས་ཙམ་མོ། ། རྟོག་པ་རྣམས་ཀྱིས་རྣམ་པར་སྤངས། ། བྱིས་པ་རྐྱེན་གྱིས་དངོས་པོར་འཆད། ། མཁས་པ་དག་ནི་མ་ཡིན་ནོ། ། རང་བཞིན་སེམས་དང་བྲལ་བ་སྟེ། ། སེམས་ནི་ འཕགས་པར་ཉེར་འགྲོ་ཞིང་། ། གྲངས་ཅན་གཅེར་བུ་ཁྱད་པར་ཅན། ། དེ་བཞིན་བྲམ་ཟེ་ཕྱུགས་བདག་རྣམས། ། ཡོད་དང་མེད་པའི་ལྟ་བར་ལྷུང་། ། རྣམ་པར་དབེན་པའི་དོན་གྱིས་སྤངས། ། རང་བཞིན་མེད་དང་མ་སྐྱེས་དང་། ། སྟོང་པ་སྒྱུ་མ་དྲི་མེད་རྣམས། ། སངས་རྒྱས་རྣམས་དང་ཁྱོད་ཀྱིས་ཀྱང་། ། སུ་ཡི་ཕྱིར་ནི་དེ་དག་བཤད། ། རྣལ་འབྱོར་ཅན་ནི་སེམས་བཙལ་ལ། ། ལྟ་བ་རྟོག་གེ་རྣམ་སྤངས་པའི། ། སངས་རྒྱས་རྣམས་ཀྱིས་རྣལ་འབྱོར་བཤད། ། ངས་ཀྱང་རབ་ཏུ་བཤད་པ་ཡིན། ། གལ་ཏེ་འདི་ཀུན་སེམས་ཡིན་ན། ། འཇིག་རྟེན་ཅི་ལ་རབ་ཏུ་གནས། ། ཅི་ཕྱིར་མི་རྣམས་འོང་འགྲོ་བར། ། ས་ལ་ རབ་ཏུ་སྣང་བར་གྱུར། ། ཇི་ལྟར་བྱ་རྣམས་ནམ་མཁའ་ལ། ། རྟོག་པས་ཀུན་ཏུ་བསྐྱོད་པས་ན། ། གནས་མེད་རྟེན་པ་མེད་བཞིན་དུ། ། ས་ཡི་སྟེང་བཞིན་དེ་དག་སྤྱོད། ། དེ་བཞིན་ལུས་ཅན་ཐམས་ཅད་ཀྱང་། །
BO
རྣམ་པར་རྟོག་པས་བསྐྱོད་པས་ན། ། དེ་དག་བདག་གི་སེམས་ལ་རྒྱུ། ། ནམ་མཁའ་ ལ་ནི་བྱ་བཞིན་ནོ། ། ལུས་དང་ལོངས་སྤྱོད་གནས་སྣང་བའི། ། སེམས་ནི་རབ་ཏུ་འཇུག་བཤད་པ། ། སྣང་དང་འཇུག་པ་ཇི་ལྟར་ཅིས། ། སེམས་ཙམ་པོ་ནི་བདག་ལ་གསུངས། ། ལུས་དང་ལོངས་སྤྱོད་གནས་རྣམས་དང་། ། སྣང་དང་འཇུག་པ་བག་ཆགས་དང་། ། སྣང་དང་འཇུག་ པར་རྣམ་རྟོག་པས། ། མི་བརྩོན་རྣམས་ལ་སྐྱེ་བར་འགྱུར། ། དངོས་པོ་རྣམ་པར་བརྟགས་པ་ཡུལ། ། སེམས་ནི་ཡུལ་ལས་བྱུང་བ་སྟེ། ། སྣང་བའི་སེམས་ནི་ཡོངས་ཤེས་པས། ། རྣམ་པར་རྟོག་པ་མི་འཇུག་གོ། ། བཏགས་པའི་མིང་ནི་མིང་བྲལ་དང་། ། བློ་དང་རིག་བྱ་སྤངས་པར་ནི། ། འདུས་ བྱས་ནམ་ཞིག་མཐོང་གྱུར་པ། ། དེ་ཡི་ཚེ་ན་གྲོལ་བར་འགྱུར། ། མིང་ལ་མིང་ནི་རྣམ་སྒོམ་པར། ། ཤེས་པར་བྱ་བ་དེ་ཙམ་སྟེ། ། གང་དག་གཞན་དུ་ཤེས་བྱེད་པ། ། དེ་དག་མི་ཤེས་ཤེས་བྱེད་མིན། ། ཆོས་ལྔ་རྣམས་དང་རང་བཞིན་དང་། ། རྣམ་པར་ཤེས་པ་བརྒྱད་རྣམས་དང་། ། བདག་ མེད་གཉིས་ཀྱི་ནང་དུ་ནི། ། ཐེག་པ་ཆེན་པོ་ཐམས་ཅད་འདུས། ། གང་གི་ཚེ་ན་འགྲོ་བ་དག ། བློ་དང་རིག་བྱས་དབེན་མཐོང་བ། ། དེ་ཚེ་མིང་ལ་མིང་རྟོག་པ། །
BO
མངོན་པར་འཇུག་པར་མི་འགྱུར་རོ། ། སེམས་མཐོང་ཕྱིར་ནི་བྱ་བ་དང་། ། ཡི་གེ་རྟོག་པ་ཕྱིར་ལྡོག་གོ། ། རང་གི་སེམས་ནི་མ་ མཐོང་ཕྱིར། ། རྣམ་པར་རྟོག་པ་རབ་ཏུ་འཇུག ། གཟུགས་མེད་པ་ཡི་ཕུང་པོ་བཞིན། ། དེ་དག་ལས་ནི་བགྲང་བ་མེད། ། འབྱུང་བ་ཐ་དད་མཚན་གྱི་གཟུགས། ། ཇི་ལྟར་གཟུགས་རྣམས་མང་པོར་འགྱུར། མཚན་ཉིད་ཡོངས་སུ་བཏང་བའི་ཕྱིར། ། འབྱུང་ལས་གྱུར་མིན་འབྱུང་བ་མིན། ། འོན་ཏེ་མཚན་ཉིད་གཞན་གཟུགས་ན། ། ཕུང་པོ་རྣམས་ཀྱིས་ཅིར་མི་སྐྱེ། ། ཕུང་པོ་སྐྱེ་མཆེད་རྣམ་གྲོལ་བ། ། གང་ཚེ་མཚན་ཉིད་མེད་མཐོང་ཞིང་། ། ཆོས་ལ་བདག་མེད་མཐོང་བའི་ཕྱིར། ། དེ་ཚེ་སེམས་ནི་ལྡོག་པར་འགྱུར། ། ཡུལ་དང་དབང་པོ་ཐ་དད་ཕྱིར། ། རྣམ་པར་ཤེས་པ་ བརྒྱད་དུ་སྐྱེ། ། མཚན་ཉིད་ཀྱིས་ནི་གསུམ་ཡིན་ཏེ། ། སྣང་བ་མེད་ལ་ལྡོག་པར་འགྱུར། ། ཀུན་གཞི་ཡིད་ཀྱི་བདག་ཡིན་ཏེ། ། ཤེས་པ་ཉིད་ནི་བདག་གི་ཡིན། ། གཉིས་སུ་འཛིན་པས་རབ་ཏུ་འཇུག ། ཡོངས་སུ་རྟོག་ན་ལྡོག་པར་འགྱུར། ། གཅིག་དང་ཐ་དད་རྣམ་གྲོལ་ ཞིང་། ། རྒྱུ་བ་མེད་པར་ནམ་མཐོང་བ། ། དེ་ཚེ་བདག་དང་བདག་གིར་ཡང་། ། གཉིས་སུ་རྟོག་པར་མི་འགྱུར་རོ། ། མ་ཞུགས་པར་ནི་རྒྱས་མི་འགྱུར། །
BO
རྣམ་པར་ཤེས་པའི་རྒྱུ་ཡང་མིན། ། རྒྱུ་དང་འབྲས་བུ་སྤངས་པ་ཡི། ། འགགས་པ་འཇུག་པར་མི་འགྱུར་རོ། ། ཅི་ཡི་ ཕྱིར་ན་འཇིག་རྟེན་རྣམས། ། རྣམ་རྟོག་སེམས་ཙམ་བདག་ལ་གསུངས། ། རྒྱུ་དང་རྣམ་པར་འབྲེལ་པ་ཡི། ། མཚན་དང་མཚན་གཞི་རྣམ་སྤངས་པ། ། རང་གི་སེམས་ནི་སྣ་ཚོགས་སྣང་། ། མཐོང་བ་ལྟ་བུར་རྣམ་པར་བརྟགས། ། སེམས་ཀྱི་སྣང་བ་ཤེས་པ་དང་། ། སེམས་ཀྱི་དོན་གཞན་གཟུང་ བའི་ཕྱིར། ། བློ་ཡིས་གང་ཚེ་མ་མཐོང་ན། ། མེད་པའི་ལྟ་བར་འགྱུར་བ་ནི། ། སེམས་སུ་འཛིན་པར་གྱུར་པའི་ཕྱིར། ། ཇི་ལྟར་དེ་ཡི་ཡོང་མི་འབྱུང་། ། རྣམ་རྟོག་དངོས་མིན་དངོས་མེད་མིན། ། དེ་ཕྱིར་ཡོད་པ་མི་སྐྱེ་སྟེ། ། སེམས་སྣང་ཡོངས་སུ་ཤེས་པའི་ཕྱིར། ། རྣམ་རྟོག་འཇུག་པར་མི་འགྱུར་ རོ། ། རྣམ་པར་རྟོག་པ་མི་འཇུག་པ། ། རབ་ཏུ་གྱུར་པ་གནས་མེད་པའོ། ། བཞི་ཡི་ཕྱོགས་རྣམས་ཕྱིར་བཟློག་ཅིང་། ། གལ་ཏེ་དངོས་པོ་རྒྱུ་ཅན་ན། ། མིང་གི་བྱེ་བྲག་གཞན་དེ་བྱས། ། དེ་ནི་བསྒྲུབས་པ་མ་ཡིན་ནོ། ། རྒྱུ་དང་རྐྱེན་རྣམས་འདུས་པ་དང་། ། རྒྱུ་ནི་བཀག་པར་གྱུར་པའི་ཕྱིར། ། དེ་ དག་དོན་གྱིས་དཔོག་པར་འགྱུར། ། ཡང་ན་རྒྱུ་ལས་བྱུང་བར་འགྱུར། །
BO
གལ་ཏེ་རྐྱེན་རྣམས་མི་རྟག་ན། ། རྟག་པའི་ཉེས་པ་བཟློག་པར་འགྱུར། ། བྱིས་པ་རྣམས་ནི་མི་རྟག་ཕྱིར། ། འབྱུང་བ་མེད་ཅིང་འཇིག་པ་མེད། ། གང་ཡང་འཇིག་པར་འགྱུར་བཞིན་དུ། ། རྒྱུར་གྱུར་པ་ནི་མི་སྣང་ ངོ་། ། མི་མཐོང་བ་ནི་ཇི་ལྟར་ཅིས། ། མི་རྟག་པ་ལས་སྲིད་མི་འབྱུང་། ། བསྡུ་བ་དག་གིས་སེམས་ཅན་གདུལ། ། ཚུལ་ཁྲིམས་ཀྱིས་ནི་དབང་དུ་བྱ། ། ཤེས་རབ་དག་གིས་ལྟ་བ་གཞིག ། རྣམ་པར་ཐར་པས་ཤིན་ཏུ་སྤེལ། ། འདི་ཀུན་འཇིག་རྟེན་རྒྱང་པན་ཏེ། ། མུ་སྟེགས་ཅན་གྱིས་ གང་བཤད་{བརྫུན,རྫུན}། ། རྒྱུ་དང་འབྲས་བུ་ཡོད་ལྟ་བས། ། རང་གི་གྲུབ་པའི་མཐའ་ཡང་མེད། ། ང་འདྲ་གཅིག་པུ་རང་གྲུབ་མཐའ། ། རྒྱུ་དང་འབྲས་བུ་རྣམ་པར་སྤངས། ། འཇིག་རྟེན་རྒྱང་པན་རྣམ་བྲལ་བ། ། སློབ་མའི་སྡེ་ལ་བཤད་པར་བྱ། ། སེམས་ཙམ་སྟེ་ནི་སྣང་བ་མེད། ། རྟག་དང་ ཆད་པ་སྤངས་པ་ཡི། ། གཟུང་དང་འཛིན་པའི་དངོས་པོ་རུ། ། སེམས་ནི་རྣམ་པ་གཉིས་སུ་སྣང་། ། ཇི་སྲིད་སེམས་ནི་འཇུག་པའི་བར། ། དེ་སྲིད་འཇིག་རྟེན་རྒྱང་པན་ཡིན། ། འཇིག་རྟེན་རང་གི་སེམས་མཐོང་ན། ། རྣམ་པར་རྟོག་པ་མི་འཇུག་གོ། ། འདུ་བ་འབྲས་བུ་དོན་གྲུབ་ པ། ། ཟད་པ་འབྲས་བུ་མ་མཐོང་བ། །
BO
འདུ་དང་ཟད་པ་ཡོངས་ཤེས་ན། ། རྣམ་པར་རྟོག་པ་མི་འཇུག་གོ། ། རྟག་དང་མི་རྟག་བྱས་པ་དང་། ། མ་བྱས་པ་དང་གཞན་མིན་གཞན། ། དེ་ལ་སོགས་པ་ཐམས་ཅད་ནི། ། འཇིག་རྟེན་རྒྱང་པན་ཚུལ་ཡིན་ནོ། ། ལྷ་དང་ལྷ་མ་ཡིན་དང་མི། ། བྱོལ་སོང་{ཡི་དགས་,ཡི་དྭགས་}གཤིན་རྗེའི་གནས། ། གང་དུ་ལུས་ཅན་སྐྱེ་བ་ཡི། ། འགྲོ་བ་རྣམ་པ་དྲུག་ཏུ་བཤད། ། རབ་འབྲིང་ཐ་མའི་ལས་རྣམས་ཀྱིས། ། དེ་དག་ཏུ་ནི་སྐྱེ་བར་འགྱུར། ། དགེ་བ་ཐམས་ཅད་བསྲུངས་ན་ནི། ། ཁྱད་པར་དུ་ཡང་ཐར་པར་འགྱུར། ། ཁྱོད་ཀྱིས་དགེ་སློང་སྡེ་རྣམས་ལ། ། སྐད་ཅིག་སྐད་ཅིག་དག་ལ་ཡང་། ། ཚེ་དང་སྐྱེ་དང་འཆི་བཤད་པ། ། དགོངས་པ་བདག་ལ་བཤད་དུ་གསོལ། ། ཇི་ལྟར་གཟུགས་ལས་གཟུགས་གཞན་བཞིན། ། སེམས་ཀྱང་འདུས་ནས་འཇིག་པར་འགྱུར། ། དེའི་ཕྱིར་སློབ་མ་རྣམས་ལ་ནི། ། སྐད་ཅིག་གཅིག་ནས་གཅིག་སྐྱེ་བཤད། ། གཟུགས་དང་གཟུགས་ལ་རྣམ་རྟོག་པ། ། འབྱུང་དང་འཇུག་པ་དེ་བཞིན་ནོ། ། རྣམ་པར་རྟོག་པ་སྐྱེ་བ་ཡིན། ། རྣམ་པར་རྟོག་པ་གཞན་མེད་དོ། ། སྐད་ཅིག་སྐད་ཅིག་གང་ངས་བཤད། ། འདི་ནི་རྐྱེན་དུ་བཤད་པ་ཡིན། ། གཟུགས་སུ་འཛིན་པ་རྣམ་སྤངས་པ། ། སྐྱེ་བ་མེད་ཅིང་འཇིག་ པ་མེད། །
BO
རྐྱེན་དང་རྐྱེན་ལས་སྐྱེས་པ་རྣམས། ། མ་རིག་དེ་བཞིན་ཉིད་ལ་སོགས། ། ཆོས་གཉིས་ཀྱིས་ནི་འཇུག་པར་འགྱུར། ། མི་གཉིས་དེ་བཞིན་ཡིད་གཉིས་སོ། ། རྐྱེན་དང་རྐྱེན་ལས་སྐྱེས་པ་ཡི། ། ཆོས་རྣམས་གལ་ཏེ་ཁྱད་མེད་ན། ། རྟག་ལ་སོགས་པ་འབྲས་བུར་འགྱུར། ། རྐྱེན་ རྣམས་ཀྱང་ནི་རྒྱུར་འགྱུར་རོ། ། རྒྱུ་དང་འབྲས་བུ་བཟང་བའི་ཕྱིར། ། ཁྱོད་དང་སངས་རྒྱས་རྣམས་ཀྱི་གསུང་། ། མུ་སྟེགས་ཅན་དང་ཁྱད་མེད་འགྱུར། ། དེ་ཕྱིར་ཐུབ་ཆེན་འཕགས་མ་ཡིན། ། འདོམ་གང་ཙམ་གྱི་ལུས་ལ་ནི། ། འཇིག་རྟེན་ཀུན་འབྱུང་འཇིག་རྟེན་དང་། ། འགོག་པར་འགྲོ་བའི་ ལམ་གྱི་རྣམས། ། རྒྱལ་སྲས་རྣམས་ལ་རབ་ཏུ་བཤད། ། རང་བཞིན་གསུམ་ལ་འཛིན་པ་ཡིས། ། སོ་སོའི་སྐྱེ་བོའི་གཟུང་འཛིན་ལྟ། ། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། ཆོས་རྣམས་རྣམ་པར་རྟོག་པར་བྱེད། ། དེ་ཕྱིར་སྔོན་ལ་བལྟ་བྱ་སྟེ། ། རང་བཞིན་རྣམས་ནི་སྨོས་པར་ བྱ། ། ལྟ་བ་རྣམས་ནི་བཟློག་པའི་ཕྱིར། ། རང་བཞིན་རྣམ་པར་མི་བརྟག་གོ། ། ཉམས་པའི་ཉེས་ཕྱིར་སྡོམ་པ་མེད། ། སེམས་ཀྱང་འཇུག་པར་མི་འགྱུར་རོ། ། གཉིས་སུ་འཛིན་ཕྱིར་འཇུག་པར་འགྱུར། ། དེ་བཞིན་ཉིད་ནི་གཉིས་མེད་ཡིན། །
BO
མི་ཤེས་པ་དང་སྲེད་པ་ལས། ། རྣམ་ ཤེས་ལ་སོགས་ཚུལ་མ་སྐྱེས། ། མཐར་ཐུག་མེད་དང་བྱས་པ་དང་། ། སྲིད་པ་བྱས་ལས་མི་སྐྱེའོ། ། དངོས་པོ་རྣམས་ཀྱི་འཇིག་པ་ནི། ། མི་མཁས་རྣམས་ཀྱིས་རྣམ་བཞིར་བཤད། ། རྣམ་པར་རྟོག་པ་གཉིས་འཇུག་ཕྱིར། ། དངོས་པོ་ཡོད་དང་དངོས་མེད་མེད། ། མཐའ་བཞི་དག་ལས་གྲོལ་ བ་ཡི། ། ལྟ་བ་གཉིས་པོ་རྣམ་སྤངས་པ། ། མཐོང་ནས་རྣམ་རྟོག་གཉིས་འཇུག་ནི། ། མངོན་པར་འཇུག་པར་མི་འགྱུར་རོ། ། མ་སྐྱེས་པ་ཡི་དངོས་པོ་རྣམས། ། བློ་ནི་རྣམ་པར་ལྡང་བའི་ཕྱིར། ། སྐྱེས་པའི་དངོས་པོ་དག་ལ་ཡང་། ། དེ་དང་འདྲ་ཕྱིར་མི་བརྟག་གོ། ། ཇི་ལྟར་བདག་དང་གཞན་ རྣམས་ནི། ། རྟག་ཏུ་ཡོད་མེད་མ་འདྲེས་པར། ། ལྟ་བ་རྣམ་གཉིས་བཟློག་པ་ཡི། ། རིགས་པ་མགོན་པོ་བདག་ལ་གསུངས། ། མུ་སྟེགས་སྨྲ་དང་མ་འདྲེས་ཤིང་། ། རང་རྒྱལ་ཉན་ཐོས་རྣམས་སྤངས་པ། ། རྒྱལ་སྲས་རྣམས་ནི་མི་འཇིག་ཕྱིར། ། རྒྱལ་བས་མངོན་རྟོགས་སྤྱོད་པ་དག ། རྣམ་ཐར་རྒྱུ་དང་རྒྱུ་མེད་ཀྱང་། ། སྐྱེ་བ་མེད་པར་མཚན་ཉིད་གཅིག ། རྣམ་གྲངས་གཞན་གྱིས་དེ་དག་སླུ། ། མཁས་པ་རྣམས་ཀྱིས་རྟག་ཏུ་སྤང་། ། སྤྲིན་དང་སྤྲིན་གྱི་ཕུང་པོ་འཇའ་འདྲ་བ། །
BO
སྨིག་རྒྱུ་སྐྲ་ཤད་འཛིངས་པ་སྒྱུ་མ་འདྲ། ། དངོས་པོ་ཐམས་ཅད་རང་གི་རྟོག་བྱུང་བ། ། མུ་ སྟེགས་འགྲོ་བ་རང་གི་རྒྱུ་ཡིས་རྟོག ། སྐྱེ་བ་མེད་དང་དེ་བཞིན་ཏེ། ། ཡང་དག་མཐའ་དང་སྟོང་པ་ཉིད། ། དེ་དག་གཟུགས་ཀྱི་མིང་ཡིན་ཏེ། ། དངོས་པོ་མེད་པར་མི་རྟོག་གོ། ། ལག་དང་བྱེད་པ་འཇིག་རྟེན་ན། ། དབང་པོ་བརྒྱ་བྱིན་གྲོང་འཇིག་ལྟར། ། དེ་བཞིན་དངོས་པོ་ཐམས་ཅད་ ཀྱི། ། རང་བཞིན་བརྟག་པར་མི་བྱའོ། ། གཟུགས་ལས་སྟོང་པ་གཞན་མ་ཡིན། ། མི་སྐྱེ་བ་ཡང་དེ་བཞིན་ཏེ། ། གཞན་མ་ཡིན་ཕྱིར་མི་བརྟག་གོ། ། ལྟ་བའི་ཉེས་པར་རབ་ཏུ་འགྱུར། ། དངོས་པོའི་མཚན་ཉིད་གཟུང་བའི་ཕྱིར། ། ཀུན་རྟོག་རྣམ་པར་རྟོག་པའོ། ། ཡོངས་སུ་ རྟོག་པ་བཟུང་བས་ན། ། རིང་ཐུང་ཟླུམ་ལ་སོགས་པའོ། ། སེམས་ནི་ཀུན་ཏུ་རྟོག་པ་ཡིན། ། ཡིད་ནི་ཡོངས་སུ་རྟོག་པ་སྟེ། ། ཡིད་ཀྱི་རྣམ་ཤེས་རྣམ་རྟོག་ནི། ། མཚན་དང་མཚན་གྱི་གཞི་སྤངས་པ། ། གང་ཡང་མུ་སྟེགས་མི་སྐྱེ་དང་། ། གང་ཡང་ང་ཡི་ཚུལ་བལྟ་བས། ། རྟོག་པ་དེ་ནི་ཁྱད་པར་ མེད། ། ལྟ་བའི་ཉེས་པར་རབ་ཏུ་འགྱུར། ། དགོངས་དང་སྐྱེ་བ་མེད་པ་དང་། ། སྐྱེ་བ་མེད་པའི་དོན་ཉིད་དེ། ། རིགས་པ་ཤེས་པ་སུས་ཤེས་པ། །
BO
དེ་དག་ང་ཡི་ཚུལ་ཤེས་སོ། ། དགོས་པ་ལྟ་བ་དགོངས་པ་དང་། ། མི་སྐྱེ་བ་ནི་གནས་མེད་པ། ། དོན་གཉིས་ཡོངས་སུ་ཤེས་པ་ནི། ། སྐྱེ་ བ་མེད་པར་ངས་བཤད་དོ། ། དངོས་པོ་མ་སྐྱེ་རྣམས་མཆིས་སམ། ། འོན་ཏམ་ལགས་སམ་ཐུབ་ཆེན་གསུངས། ། རྒྱུ་མེད་སྨྲ་དང་མི་མཉམ་དང་། ། མེད་དང་ཆོས་རྣམས་འདྲེས་པར་འགྱུར། ། རྒྱུ་མེད་སྨྲ་དང་མི་སྐྱེ་དང་། ། མི་མཉམ་མུ་སྟེགས་ལྟ་བ་སྟེ། ། ཡོད་དང་མེད་ལས་ རྣམ་གྲོལ་བས། ། སེམས་ཙམ་དུ་ནི་ངས་བཤད་དོ། ། ལྟ་བའི་རྒྱུ་ལས་བྱུང་བ་ཡི། ། སྐྱེ་དང་མི་སྐྱེ་སྤང་བར་བྱོས། ། རྒྱུ་མེད་སྨྲ་བས་མི་སྐྱེ་དང་། ། སྐྱེ་བས་རྒྱུ་ཡི་གནས་སུ་འགྱུར། ། ལྷུན་གྱིས་གྲུབ་ལ་བྱ་བ་མེད། ། གལ་ཏེ་བྱ་ཡོད་ལྟ་འདྲེས་འགྱུར། ། ཐབས་དང་སྨོན་ལམ་ལ་སོགས་པས། ། ལྟ་བ་ཉིད་ནི་བདག་ལ་གསུངས། ། ཆོས་རྣམས་ཐམས་ཅད་མེད་པའི་ཕྱིར། ། ཇི་ལྟ་བུར་ན་དཀྱིལ་འཁོར་སྐྱེ། ། གཟུང་དང་འཛིན་དང་བྲལ་བའི་ཕྱིར། ། འཇུག་པ་མེད་ཅིང་ལྡོག་པ་མེད། ། དངོས་པོ་ལས་ནི་དངོས་གཞན་མཐོང་། ། སེམས་ཀྱང་དེ་ལས་བྱུང་བ་སྟེ། ། ཆོས་རྣམས་ཀྱི་ ནི་སྐྱེ་མེད་པ། ། དེ་ནི་ཇི་ལྟར་བདག་ལ་གསུངས། ། གལ་ཏེ་སེམས་ཙམ་མི་ཤེས་ན། །
BO
དེ་ཡི་ཕྱིར་ནི་དེ་བཤད་དོ། ། ཐུབ་ཆེན་བཤད་པ་ཐམས་ཅད་ལ། ། སྔ་མ་དང་ནི་ཕྱི་མར་འགལ། ། མུ་སྟེགས་ལྟ་བས་རྣམ་གྲོལ་བ། ། མི་མཉམ་རྒྱུ་མེད་སྤངས་པ་ཡི། ། འཇུག་པ་དང་ ནི་ལྡོག་པ་རྣམས། ། སྨྲ་བའི་མཆོག་གིས་བདག་ལ་གསུངས། ། ཡོད་དང་མེད་ལས་རྣམ་གྲོལ་ཞིང་། ། རྒྱུ་དང་འབྲས་བུ་མི་འཇིག་པའི། ། ས་ཡི་རིམ་པའི་མཚམས་སྦྱོར་བ། ། པད་མོའི་སྤྱན་གྱིས་བདག་ལ་གསུངས། ། འཇིག་རྟེན་མཐའ་གཉིས་ལྷུང་བ་ནི། ། ལྟ་བས་རྣམ་པར་དཀྲུགས་ གྱུར་པས། ། སྐྱེ་དང་མི་སྐྱེ་ལ་སོགས་ཕྱིར། ། ཞི་བ་ཡི་ནི་རྒྱུ་མི་རྟོགས། ། ང་ལ་དཀྱིལ་འཁོར་གང་ཡང་མེད། ། ང་ནི་ཆོས་ཉིད་མི་འཆད་དེ། ། གཉིས་ཡོད་ན་ནི་ཉེས་པར་འགྱུར། ། གཉིས་ནི་སངས་རྒྱས་རྣམས་ཀྱིས་སྦྱངས། ། སྟོང་པ་སྐད་ཅིག་དངོས་པོ་རྣམས། ། རང་བཞིན་མེད་ ཅིང་སྐྱེ་མེད་པ། ། ལྟ་ངན་སྨྲ་བས་གཡོགས་པ་རྟོག ། དེ་བཞིན་གཤེགས་པ་རྣམས་ཀྱིས་མིན། ། ཇི་ལྟར་རྣམ་པ་གང་དག་གིས། ། ཡུལ་ལ་མངོན་སུམ་འགྱུར་བ་དང་། ། རྣམ་པར་རྟོག་པ་རབ་འཇུག་དང་། ། ལྡོག་པ་བདག་ལ་བཤད་དུ་གསོལ། ། ཁ་དོག་རྒྱས་དང་ལྡན་པའི་ ཕྱིར། ། སྤྲོས་པ་རྣམས་ཀྱིས་བསྡུས་པའི་གཟུགས། ། མཐོང་ནས་ཕྱི་རོལ་དག་ཏུ་ཡང་། །
BO
རྣམ་པར་རྟོག་པ་རབ་ཏུ་འཇུག ། དེ་ཉིད་ཡོངས་སུ་ཤེས་པ་དང་། ། ཡང་དག་ཇི་བཞིན་དོན་མཐོང་ཕྱིར། ། འཕགས་པའི་རིགས་དང་འཐུན་པ་ཡི། ། སེམས་ནི་མངོན་པར་མི་འཇུག་གོ། ། འབྱུང་བ་རྣམས་ནི་མ་གཏོགས་པར། ། དངོས་པོ་སྐྱེ་བ་མེད་པ་སྟེ། ། རྟག་པར་འབྱུང་བ་འདྲ་བའི་སེམས། ། མ་སྐྱེས་པར་ནི་རྣམ་པར་བསྒོམ། ། རྣམ་པར་རྟོག་ལ་མ་རྟོག་ཤིག ། རྣམ་པར་རྟོག་མེད་མཁས་པའོ། ། རྣམ་པར་རྟོག་ལ་བརྟགས་གྱུར་ན། ། གཉིས་མིན་མྱ་ངན་ འདས་མ་ཡིན། ། མི་སྐྱེ་བར་ནི་དམ་བཅས་པའི། ། ཚུལ་ནི་སྒྱུ་མ་བཞིན་དུ་སྣང་། ། སྒྱུ་མ་རྒྱུ་མེད་བྱུང་བ་སྟེ། ། གྲུབ་མཐའ་འདས་ཤིང་ཉམས་པར་འགྱུར། ། ཐོག་མ་མེད་ནས་བསྒོམས་པ་ཡི། ། སེམས་ནི་གཟུགས་བརྙན་བཞིན་དུ་སྣང་། ། དོན་ལྟ་བུ་སྟེ་དོན་མེད་མིན། ། ཡང་དག་ཇི་བཞིན་རྣམ་པར་བསྒོམ། ། མེ་ལོང་ལ་ནི་ཇི་ལྟར་གཟུགས། ། གཅིག་དང་ཐ་དད་ཉིད་སྤངས་པ། ། སྣང་སྟེ་དེ་ནི་མེད་པའང་མིན། ། སྐྱེ་བའི་མཚན་ཉིད་དེ་བཞིན་ནོ། ། དྲི་ཟ་སྒྱུ་མ་ལ་སོགས་དག ། རྒྱུ་དང་རྐྱེན་ལ་ལྟོས་པ་ལྟར། ། དེ་བཞིན་དངོས་པོ་ཐམས་ཅད་ཀྱི། ། འབྱུང་བ་ ཡིན་ཏེ་མི་འབྱུང་མེད། ། བདག་དང་ཆོས་སུ་བརྟགས་པ་ཡིས། །
BO
རྣམ་པར་རྟོག་པ་སྐྱེས་བུ་ལྟར། ། འཇུག་པ་རྣམ་པ་གཉིས་ཀྱིས་འཇུག ། བྱིས་པ་རྣམས་ཀྱིས་མི་རྟོགས་སོ། ། མ་ཚང་བ་དང་རྐྱེན་གྱི་དབང་། ། དེ་བཞིན་ཉན་ཐོས་དགྲ་བཅོམ་ པ། ། བདག་མཐུ་རག་ལས་རྒྱལ་བ་ཡང་། ། རག་ལུས་ཉན་ཐོས་ལྔ་པོར་བཤད། ། དུས་གཞན་དུ་ནི་ཞིག་པ་དང་། ། དོན་དམ་དུ་དང་ཕན་ཚུན་དང་། ། མི་རྟག་པ་ནི་རྣམ་པ་བཞི། ། བྱིས་པ་མི་མཁས་རྟོག་པར་བྱེད། ། ཡོན་ཏན་རྡུལ་ཕྲན་རང་བཞིན་རྒྱུས། ། བྱིས་ པ་མཐའ་གཉིས་ལྷུང་བ་དག ། ཡོད་དང་མེད་པའི་ཕྱོགས་འཛིན་ཕྱིར། ། ཐར་པ་ཡི་ནི་ཐབས་མི་ཤེས། ། ཇི་ལྟར་བྱིས་པ་སོར་མོའི་རྩེར། ། ཟླ་བར་འཛིན་ཏེ་གཞན་དུ་མིན། ། ཇི་ལྟར་ཡི་གེར་ཆགས་པའི་རྣམས། ། ང་ཡི་དེ་བཞིན་ཉིད་མི་རྟོགས། ། འབྱུང་བ་མཚན་ ཉིད་མི་འཐུན་པ། ། གཟུགས་ཀྱི་དངོས་པོ་བསྐྱེད་པ་སྟེ། ། དེ་ནི་འབྱུང་བ་གནས་པ་ཡིན། ། འབྱུང་འགྱུར་འབྱུང་བས་མ་བྱས་སོ། ། མེ་ནི་གཟུགས་ལ་སྲེག་པར་བྱེད། ། སྤྲུལ་པའི་རང་བཞིན་ཆུ་ཡི་ཁམས། ། རླུང་ནི་གཟུགས་ལ་འདོར་བྱེད་པ། ། འབྱུང་བས་ཇི་ལྟར་སྐྱེ་ བར་འགྱུར། ། རྣམ་པར་ཤེས་དང་གཟུགས་ཕུང་པོ། ། དེ་ནི་གཉིས་ཏེ་ལྔ་མ་ཡིན། ། ཕུང་པོའི་རྣམ་གྲངས་ཐ་དད་པ། །
BO
ངས་ནི་རྣམ་པ་བརྒྱར་ཡང་བཤད། ། སེམས་དང་སེམས་བྱུང་བྱེ་བྲག་ནི། ། འཇུག་པ་རབ་ཏུ་འཇུག་པ་ཡིན། ། གཟུགས་ཀྱི་རྣམ་པར་འདྲེས་པ་སྟེ། ། འབྱུང་ལས་གྱུར་མིན་སེམས་གཟུགས་སོ། ། སྔོ་ལ་སོགས་པ་ཟླ་ཡིས་དཀར། ། དཀར་ལ་སོགས་པའི་ཟླ་ཡིས་སྔོ། ། རྒྱུ་དང་འབྲས་བུ་བསྐྱེད་པ་དང་། ། ཡོད་དང་མེད་པ་སྟོང་པ་ཉིད། ། གྲུབ་བྱེད་གྲུབ་དང་བསྒྲུབ་བྱ་དང་། ། གྲང་དྲོ་མཚན་དང་མཚན་གཞི་དང་། ། དེ་ལ་ སོགས་པ་ཐམས་ཅད་ནི། ། རྟོག་གེ་ཅན་གྱིས་མ་བསྒྲུབས་སོ། ། སེམས་དང་ཡིད་དང་རྣམ་ཤེས་དྲུག ། དེ་དག་བདག་དང་ལྡན་པ་སྟེ། ། གཅིག་དང་ཐ་དད་བྲལ་བ་ཡི། ། ཀུན་གཞི་དེ་ནི་རབ་ཏུ་འཇུག ། གྲངས་ཅན་གཅེར་བུ་ཁྱད་པར་ཅན། ། དབང་ཕྱུག་སྨྲས་ པའི་རྟོག་གེ་བ། ། ཡོད་དང་མེད་པའི་ཕྱོགས་སུ་ལྷུང་། ། དབེན་པའི་དོན་གྱིས་རྣམ་པར་སྤངས། ། དབྱིབས་དང་བྱད་ཀྱི་བྱེ་བྲག་དག ། འབྱུང་ལས་སྐྱེས་ཏེ་འབྱུང་བ་མིན། ། མུ་སྟེགས་ཅན་ནི་འབྱུང་འགྱུར་དང་། ། འབྱུང་བ་རྣམས་ཀྱང་སྐྱེ་བར་སྨྲ། ། དེ་ལས་གང་གཞན་མུ་ སྟེགས་ཅན། ། རྒྱུ་ལས་མ་སྐྱེས་རྟོག་པར་བྱེད། ། ཡོད་མེད་ཕྱོགས་ལས་རྟེན་པའི་རྣམས། ། རྨོངས་པས་ཁོང་དུ་མི་ཆུད་དོ། །
BO
སེམས་དང་ལྷན་ཅིག་ལྡན་པ་སྟེ། ། ཡིད་ལ་སོགས་དང་བྲལ་བ་ཡིན། ། རྣམ་དག་མཚན་ཉིད་སེམས་ཅན་ནི། ། ཡེ་ཤེས་དང་ནི་ ལྷན་ཅིག་གནས། ། གཟུགས་དང་ལས་ནི་གང་ཡོད་དང་། ། ཕུང་པོ་ཡུལ་གྱི་རྒྱུས་བྱུང་དང་། ། སེམས་ཅན་རྣམས་ཀྱང་ཉེར་ལེན་མེད། ། གཟུགས་མེད་པ་ན་མི་གནས་སོ། ། སེམས་ཅན་མེད་པར་གྱུར་པའི་ཕྱིར། ། སེམས་ཅན་སྨྲ་ལ་བདག་མེད་གྱུར། ། རྣམ་ པར་ཤེས་པའང་མི་འབྱུང་ཕྱིར། ། བདག་མེད་སྨྲ་བ་ཆད་པར་གྱུར། ། དེ་ཡི་གནས་པ་བཞི་པོ་རྣམས། ། གཟུགས་མེད་པར་ནི་ཇི་ལྟར་ཡོད། ། ཕྱི་ནང་དངོས་པོ་མེད་པའི་ཕྱིར། ། རྣམ་པར་ཤེས་པ་མི་འཇུག་གོ། ། སྲིད་པ་བར་མའི་ཕུང་པོ་རྣམས། ། རྟོག་གེ་ཅན་རྣམས་ འདོད་པ་ལྟར། ། དེ་བཞིན་གཟུགས་མེད་པར་སྐྱེས་པའི། ། སྲིད་པའི་གཟུགས་ནི་མེད་དམ་ཅི། ། སེམས་ཅན་རྣམ་ཤེས་མེད་ན་ནི། ། ནན་ཏན་མ་བྱས་ཐར་པར་འགྱུར། ། མུ་སྟེགས་སྨྲ་བ་ཐེ་ཙོམ་མེད། ། རྟོག་གེ་ཅན་གྱིས་མི་ཤེས་སོ། ། དེ་ན་གཟུགས་ཀྱང་ཡོད་པ་སྟེ། ། གཟུགས་མེད་པ་ལ་ལྟ་བ་མེད། ། དེ་མེད་པས་ན་གྲུབ་མཐའ་མེད། ། ཐེག་པ་མེད་ཅིང་འགྲོ་བ་མེད། ། དབང་པོ་རྣམས་དང་ལྡན་པ་ཡི། ། བག་ཆགས་ལས་བྱུང་རྣམ་ཤེས་པ། །
BO
རྣམ་པ་བརྒྱད་ལས་ཕྱོགས་གཅིག་ནི། ། སྐད་ཅིག་དུས་སུ་མི་འཛིན་ཏོ། ། ཇི་ལྟར་ གཟུགས་ནི་མི་འཇུག་ལྟར། ། དབང་པོ་རྣམས་དང་དབང་མི་འཇུག ། དེ་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་། ། དབང་པོ་ལ་སོགས་སྐད་ཅིག་བཤད། ། གཟུགས་ནི་རྟོག་པར་མ་གྱུར་པར། ། རྣམ་པར་ཤེས་པར་ཇི་ལྟར་འཇུག ། རྣམ་པར་ཤེས་པར་མ་ཞུགས་ ན། ། ཇི་ལྟར་འཁོར་བ་སྐྱེས་པར་འགྱུར། ། སྐྱེས་མ་ཐག་ཏུ་འཇུག་པར་ནི། ། རྣམ་པར་འདྲེན་པ་མི་འཆད་དོ། ། དངོས་པོ་རྣམས་ཀྱི་རྣམ་རྟོག་པ། ། འགྲོ་བར་བར་ཆད་མེད་པར་གཡོ། ། དབང་པོ་རྣམས་དང་དབང་པོའི་དོན། ། མཁས་ལ་མ་ཡིན་བླུན་པོ་ལ། ། བྱིས་པ་རྣམས་ནི་མིང་གིས་འཛིན། ། འཕགས་པ་མིང་གིས་དོན་ལ་མཁས། ། དྲུག་པོ་ལ་ནི་ཉེར་ལེན་མེད། ། ཉེར་ལེན་བཅས་པ་མི་ཟིན་ཏོ། ། ཡོད་པའི་ཉེས་དང་རྣམ་བྲལ་བ། ། བྱེ་བྲག་མི་འབྱེད་འཕགས་པ་སྨྲ། ། ཤེས་པ་སྤངས་པའི་རྟོག་གེ་པ། ། རྟག་དང་ཆད་ པས་འཇིགས་པ་དག ། འདུས་བྱས་འདུས་མ་བྱས་ལ་བདག ། བྱིས་པ་བྱེ་བྲག་མི་བྱེད་དོ། ། གཅིག་པ་ལ་ཡང་སྦྱིན་པ་ཡོད། ། ཐ་དད་པ་ལའང་ཡོད་པ་མིན། ། སེམས་དང་ལྷན་ཅིག་གཅིག་པ་སྟེ། ། ཡིད་ལ་སོགས་དང་ཐ་དད་དོ། ། སེམས་དང་སེམས་ལས་བྱུང་བསྒྲགས་ པའི། །
BO
སྦྱིན་པ་གང་ཚེ་ཉེར་ལེན་ལས། ། དབྱེ་ན་དེ་ལ་ཇི་ལྟར་ན། ། གཅིག་པར་ཁོང་དུ་ཆུད་པར་བྱ། ། ཉེར་ལེན་བཅས་པའི་དམིགས་པ་ནི། ། ལས་དང་ཚེ་དང་བྱེད་སོགས་པས། ། འདྲ་དང་མི་འདྲ་ཚུལ་རྣམས་ཀྱིས། ། མེད་བཞིན་དུ་ནི་སྒྲུབ་པར་བྱེད། ། ཇི་ལྟར་བསྲེག་བྱ་སྲེག་ བྱེད་ལ། ། མེ་ནི་ཅིག་ཅར་སྲེག་པ་བཞིན། ། དེ་བཞིན་ཉེར་ལེན་བཅས་པའི་བདག ། ཅི་ཕྱིར་རྟོག་གེ་ཅན་མི་སྟོན། ། རྟག་ཏུ་སྐྱེས་དང་མ་སྐྱེས་ཀྱང་། ། སེམས་ནི་ཤིན་ཏུ་འོད་གསལ་ན། ། བདག་བསྒྲུབས་པ་ཡི་དཔེ་དག་དང་། ། ཅི་ཕྱིར་རྟོག་གེ་ཅན་མི་བྱེད། ། རྟོག་གེ་ ཅན་ནི་ཚུལ་སྤངས་པ། ། རྣམ་ཤེས་ཐིབས་པོར་རྨོངས་པ་དག ། བདག་ཏུ་སྨྲ་བར་བྱེད་འདོད་པས། ། ཕན་ཚུན་དག་ཏུ་རབ་ཏུ་རྒྱུག ། སོ་སོ་རང་རིག་རྟོགས་བྱ་བ། ། བདག་ནི་རྣམ་དག་མཚན་ཉིད་དེ། ། དེ་བཞིན་གཤེགས་པའི་སྙིང་པོ་དེ། ། རྟོག་ གེ་ཅན་གྱི་སྤྱོད་ཡུལ་མིན། ། ཉེར་ལེན་ཉེར་བར་ལེན་བྱེད་ཀྱི། ། བྱེ་བྲག་དང་ནི་ཕུང་པོ་ཡི། ། མཚན་ཉིད་གལ་ཏེ་ཤེས་གྱུར་ན། ། ཚུལ་གྱི་ཡེ་ཤེས་སྐྱེ་བར་འགྱུར། ། མུ་སྟེགས་ཅན་གྱིས་བརྗོད་པ་ནི། ། ཀུན་གཞི་སྙིང་པོ་ལྟ་བུ་བསམ། ། བདག་ དང་ལྷན་ཅིག་ལྡན་པའི་ཆོས། །
BO
རབ་ཏུ་བརྗོད་པ་མ་བྱས་སོ། ། དེ་དག་རབ་ཏུ་ཕྱེ་བས་ན། ། རྣམ་པར་ཐར་དང་བདེན་མཐོང་ན། ། སྒོམ་དང་མཐོང་བས་སྤང་བ་ཡི། ། ཉོན་མོངས་རྣམས་ཀྱང་སྦྱང་བ་ཡི། ། སེམས་ནི་རང་བཞིན་འོད་གསལ་ཏེ། ། དེ་བཞིན་གཤེགས་ པའི་སྙིང་པོ་དགེ། ། སེམས་ཅན་རྣམས་ཀྱི་ཉེར་ལེན་ནི། ། མཐའ་དང་མཐའ་མེད་སྤངས་པའོ། ། བྱི་དོར་བྱས་པས་གསེར་མདོག་དང་། ། ས་ལེ་སྦྲམ་དང་ཁ་ར་དག ། ཇི་ལྟར་མཐོང་བ་དེ་བཞིན་དུ། ། ཕུང་པོ་རྣམས་ལ་སེམས་ཅན་ནོ། ། གང་ཟག་མེད་ཅིང་ཕུང་པོ་མེད། ། སངས་རྒྱས་ཡེ་ཤེས་ཟག་མེད་པ། ། རྟག་ཏུ་ཞི་བ་རྣམས་བསྒོམས་ཏེ། ། དེ་ལ་བདག་ནི་སྐྱབས་སུ་མཆི། ། སེམས་ཀྱི་རང་བཞིན་འོད་གསལ་བ། ། ཡིད་ལ་སོགས་པའི་ཉོན་མོངས་དང་། ། བདག་དང་ལྷན་ཅིག་ལྡན་པར་ནི། ། སྨྲ་བའི་མཆོག་གིས་རབ་ཏུ་བསྟན། ། སེམས་ ནི་རང་བཞིན་འོད་གསལ་བ། ། དེ་ལས་གཞན་པ་ཐོག་མ་མེད། ། དེ་དག་གིས་ནི་བསགས་པའི་ལས། ། དེས་ནི་དེ་གཉིས་ཉོན་མོངས་འགྱུར། ། ཐོག་མ་མེད་པའི་བློ་བུར་གྱི། ། ཉོན་མོངས་རྣམས་དང་ལྡན་པས་ན། ། རང་བཞིན་འོད་གསལ་བདག་ཉོན་མོངས། ། རས་ དང་འདྲ་བར་དག་པར་འགྱུར། ། ཇི་ལྟར་གོས་སམ་གསེར་ཡང་རུང་། ། དྲི་མ་མེད་ཕྱིར་ཉེས་སྤངས་བཞིན། །
BO
གནས་ཤིང་འཇིག་པར་མི་འགྱུར་ཏེ། ། ཉེས་མེད་བདག་ཉིད་དེ་བཞིན་ནོ། ། རྔ་འམ་དུང་ངམ་པི་ཝང་ལ། ། སྒྲ་སྙན་ཕུན་སུམ་ཚོགས་པ་དག ། མི་མཁས་ལ་ལ་ཚོལ་བར་ བྱེད། ། དེ་བཞིན་གང་ཟག་ཕུང་པོ་ལའོ། ། ས་ལ་གཏེར་དང་ནོར་བུ་དང་། ། དེ་བཞིན་དུ་ནི་ཆུ་རྣམས་ཀྱང་། ། ཡོད་བཞིན་དུ་ཡང་མི་སྣང་བ། ། དེ་བཞིན་གང་ཟག་ཕུང་པོ་ལའོ། ། སེམས་དང་སེམས་ལས་བྱུང་ཚོགས་དང་། ། བདག་གི་ཡོན་ཏན་ཕུང་པོ་ལྡན། ། མི་མཁས་ པས་ནི་མི་ཤེས་ཏེ། ། དེ་བཞིན་གང་ཟག་ཕུང་པོ་ལའོ། ། ཇི་ལྟར་སྦྲུམ་པར་གྱུར་པའི་བུ། ། ཡོད་བཞིན་དུ་ཡང་མི་སྣང་བ། ། དེ་བཞིན་བདག་ཉིད་ཕུང་པོ་ལ། ། རིག་པ་མི་ཤེས་པས་མི་མཐོང་། ། ཇི་ལྟར་སྨན་གྱི་གསོད་པ་དང་། ། ཇི་ལྟར་མེ་ ནི་ཤིང་རྣམས་ལ། ། རིགས་པ་མི་ཤེས་པས་མི་མཐོང་། ། དེ་བཞིན་གང་ཟག་ཕུང་པོ་ལའོ། ། དངོས་པོ་རྣམས་ལ་མི་རྟག་དང་། ། སྟོང་པ་ཉིད་ཀྱང་ཡོད་བཞིན་དུ། ། མི་མཁས་རྣམས་ཀྱིས་མི་མཐོང་བ། ། དེ་བཞིན་གང་ཟག་ཕུང་པོ་ལའོ། ། ས་ དང་དབང་དང་མངོན་ཤེས་དང་། ། བླ་མ་ཡི་ནི་དབང་བསྐུར་དང་། ། ཏིང་ངེ་འཛིན་གྱི་ཁྱད་པར་རྣམས། ། བདག་མེད་ན་ནི་མེད་པ་ཡིན། ། གང་ཚེ་འཇིག་བྱེད་སོང་ནས་ནི། །
BO
གལ་ཏེ་ཡོད་ན་སྟོན་ཅེས་ཟེར། ། རང་གི་རྣམ་རྟོག་སྟོན་ཅིག་ཅེས། ། དེ་ལ་མཁས་ པས་བསྒོ་བར་བྱ། ། སངས་རྒྱས་ཆོས་ལ་གནོད་བྱེད་པ། ། ཡོད་མེད་ཕྱོགས་ལ་ལྟ་བ་ཡི། ། བདག་མེད་སྨྲ་དང་སྨྲ་མི་བྱ། ། དགེ་སློང་ལས་ལ་སྤང་བར་བྱ། ། བདག་མེད་ནགས་ཚལ་སྲེག་བྱེད་ཅིང་། ། མུ་སྟེགས་ཉེས་ལས་རྣམ་གྲོལ་བ། ། དུས་མཐའི་མེ་ནི་འབར་བ་ བཞིན། ། བདག་ཏུ་སྨྲ་འདི་རབ་ཏུ་འབར། ། ཁ་འདའ་སྦྲང་རྩི་ཁ་ར་དང་། ། མར་དང་ཏིལ་ལ་སོགས་པ་དང་། ། དེ་དག་རང་གི་རོ་ཡོད་ཀྱང་། ། མ་མྱངས་རབ་ཏུ་རྟོགས་མི་འགྱུར། ། ཕུང་པོ་མཐོང་བ་རྣམས་ལ་བདག ། རྣམ་པ་ལྔར་ནི་གཟུང་བྱས་ཀྱང་། ། མི་མཁས་རྣམས་ཀྱིས་མི་མཐོང་སྟེ། ། མཁས་པས་མཐོང་ནས་རྣམ་པར་འགྲོལ། ། རིག་སྔགས་ལ་སོགས་དཔེ་རྣམས་ཀྱིས། ། སེམས་ནི་རྟོགས་པར་མི་ནུས་ཏེ། ། གང་ལ་གང་ཕྱིར་གང་དོན་དུ། ། འདུས་པ་རྣམས་ནི་མི་རྟོགས་སོ། ། ཆོས་རྣམས་མཚན་ ཉིད་མི་འདྲ་སྟེ། ། སེམས་གཅིག་པོ་ནི་མི་གཟུང་ངོ་། ། རྒྱུ་མེད་པ་དང་མི་འཇུག་པར། ། རྟོག་གེ་པ་ལ་ཉེས་པར་འགྱུར། ། སེམས་ཀྱི་རྗེས་ལྟ་རྣལ་འབྱོར་པ། ། སེམས་རྣམས་ཀྱིས་ནི་སེམས་མི་མཐོང་། ། མཐོང་བྱེད་སྣང་ལས་བྱུང་བ་ན། །
BO
སྣང་བ་ཅི་ཡི་རྒྱུ་ ལས་འབྱུང་། ། ང་ནི་ཀཱ་ཏྱཱ་ཡ་ནའི་རིགས། ། གཙང་མའི་གནས་ནས་བྱུང་བ་སྟེ། ། མྱ་ངན་འདས་པའི་གྲོང་འགྲོ་བའི། ། ཆོས་ནི་སེམས་ཅན་རྣམས་ལ་སྟོན། ། འདི་ནི་སྔོན་གྱི་ལམ་ཡིན་ཏེ། ། ང་དང་དེ་བཞིན་གཤེགས་རྣམས་ཀྱིས། ། སྟོང་ཕྲག་གསུམ་ གྱི་མདོ་རྣམས་ཀྱིས། ། མྱ་ངན་འདས་པ་ཤིན་ཏུ་བཤད། ། འདོད་པའི་ཁམས་དང་གཟུགས་མེད་དུ། ། སངས་རྒྱས་རྣམ་པར་འཚང་མི་རྒྱ། ། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། ། འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། ། འཆི་བའི་རྒྱུ་ནི་ཡུལ་མ་ཡིན། ། རྒྱུ་ནི་ ཡུལ་ལ་འཆིང་བ་སྟེ། ། ཡེ་ཤེས་ཀྱིས་ནི་ཉོན་མོངས་བསད། ། འདི་ནི་བརྟུལ་ཞུགས་རལ་གྲིའི་སོ། ། བདག་མེད་སྒྱུ་མ་ལ་སོགས་པའི། ། ཆོས་རྣམས་ཇི་ལྟར་ཡོད་མེད་འགྱུར། ། བྱིས་པ་རྣམས་ལ་ཡང་དག་སྣང་། ། བདག་མེད་ཉིད་ནི་ཇི་ལྟར་མེད། ། བྱས་པ་དང་ནི་མ་བྱས་ཕྱིར། ། རྒྱུ་ནི་འཇུག་པར་བྱེད་པ་མེད། ། འདི་དག་ཐམས་ཅད་མ་སྐྱེས་ཏེ། ། བྱིས་པ་རྣམས་ཀྱིས་མི་ཤེས་སོ། ། རྒྱུ་ཡི་རྣམས་ནི་མ་སྐྱེས་ཏེ། ། རྐྱེན་རྣམས་དེ་དག་བྱས་པའོ། ། དེ་གཉིས་བསྐྱེད་པ་མ་ཡིན་ན། ། རྒྱུ་རྣམས་ཀྱིས་ན་ཇི་ལྟར་བརྟག ། སྔ་ཕྱི་དང་ནི་ཅིག་ཅར་ཡང་། །
BO
རྟོག་གེ་རྣམས་ཀྱང་རྒྱུར་སྟོན་ཏོ། ། སྣང་དང་སློབ་མ་རྫས་སོགས་ཀྱིས། ། དངོས་པོ་རྣམས་ཀྱི་སྐྱེ་བ་འཆད། ། མངོན་པར་འདུ་བྱེད་མཚན་རྣམས་ཀྱིས། ། སངས་རྒྱས་མཚན་ལྡན་མ་ཡིན་ཏེ། ། དེ་དག་འཁོར་ལོས་སྒྱུར་ཡོན་ཏན། ། དེས་ནི་སངས་ རྒྱས་མི་བརྗོད་དོ། ། སངས་རྒྱས་མཚན་ནི་ཡེ་ཤེས་ཏེ། ། ལྟ་བའི་ཉེས་པས་རྣམ་སྤངས་པ། ། སོ་སོ་རང་རིག་ལྟ་བས་རྟོགས། ། ཉེས་པ་ཐམས་ཅད་རྣམ་འཇོམས་པའོ། ། འོན་ལྐུགས་ལོང་བ་ཞར་བ་དང་། ། རྒན་པ་དག་ནི་ཤར་གཉེར་དང་། ། བྱིས་པ་རྣམས་ལ་བྱེ་ བྲག་ཏུ། ། ཚངས་པར་སྤྱོད་པ་མེད་པའོ། ། བསྒྲིབས་དང་གསལ་དང་ལྷ་ཡི་ནི། ། མཚན་རྣམས་ཀྱིས་ནི་འཁོར་ལོས་སྒྱུར། ། གསལ་བ་ལ་ལ་རབ་ཏུ་འབྱུང་། ། གཉིས་པོ་གཞན་ནི་བག་མེད་པའོ། ། རྒྱས་དང་གཟེགས་ཟན་ཁྱུ་མཆོག་དང་། ། སེར་སྐྱ་ཤཱཀྱའི་གཙོ་བོ་ རྣམས། ། ང་ནི་མྱ་ངན་འདས་འོག་ཏུ། ། དེ་ལ་སོགས་པ་འབྱུང་བར་འགྱུར། ། མྱ་ངན་ང་འདས་ལོ་བརྒྱ་ན། ། རྒྱས་དང་ཁུར་འཕེལ་དེ་བཞིན་དུ། ། པན་ཌ་བ་དང་ཀོའུ་ར་བ། ། དགའ་བོའི་འོག་ཏུ་མོའུ་རི་འབྱུང་། ། མོའུ་རྱ་དགའ་བོ་སྐྱབས་འོག་ཏུ། ། ཀླ་ཀློ་ རྒྱལ་པོའི་ཐ་ཤལ་རྣམས། ། ཀླ་ཀློའི་རྗེས་ལ་མཚོན་གྱིས་འཁྲུག །
BO
མཚོན་གྱི་རྗེས་ལ་རྩོད་དུས་སོ། ། རྩོད་པའི་དུས་ཀྱི་ཐ་མ་ལ། ། འཇིག་རྟེན་དམ་ཆོས་མི་སྒོམ་མོ། ། དེ་ལ་སོགས་པ་འདས་པ་དག ། འགྲོ་བ་འཁོར་ལོ་བཞིན་དུ་འཁོར། ། མེ་ དང་ཉི་མར་ཕྲད་པའི་ཕྱིར། ། འདོད་པའི་ཁམས་ནི་བསྲེགས་ནས་ཀྱང་། ། གང་ལ་འཇིག་རྟེན་གནས་གྱུར་པར། ། ཕྱི་ནས་ལྷ་རྫས་གནས་སུ་འགྱུར། ། རིགས་བཞི་མི་མགོན་དབང་པོ་དང་། ། དྲང་སྲོང་རྣམས་དང་ཆོས་ཀྱང་སྟེ། ། རིག་བྱེད་ཆོས་སྦྱིན་མཆོད་ སྦྱིན་དང་། ། ཆོས་ཀྱི་རྣམས་ནི་འབྱུང་བར་འགྱུར། ། གཏམ་དང་སྲུང་ལ་སོགས་པ་དང་། ། རྐྱང་བ་རྟོགས་བྱེད་འགྲེལ་པ་དང་། ། འདི་སྐད་བདག་གིས་ཐོས་སོགས་པས། ། འཇིག་རྟེན་ཤིན་ཏུ་རྨོངས་པར་འགྱུར། ། ཤིན་ཏུ་བཅོས་ཤིང་བཅག་བྱས་ནས། ། སྟེང་ནས་ཁ་དོག་སྦྱར་བར་བྱ། ། སྔོ་དང་ལྕི་བ་འདམ་སོགས་པས། ། སྣམ་བུ་ཤིན་ཏུ་བྲི་བར་བྱ། ། ལུས་ནི་གོས་རྣམས་ཀྱིས་བཀྲ་བ། ། མུ་སྟེགས་མཚན་མ་སྤངས་པ་ཡི། ། རྣལ་འབྱོར་ཅན་གྱིས་བསྟན་པ་བཤད། ། དེ་ནི་སངས་རྒྱས་རྒྱལ་མཚན་ནོ། ། ཚགས་ཀྱིས་བཙགས་པའི་ཆུ་ཡང་བཏུང་། ། རྐེད་པའི་སྲད་བུ་བཅིང་བར་བྱ། ། དུས་སུ་འོས་པར་གྱུར་པ་དང་། ། དམའ་བ་སྤངས་པའི་སློངས་མོ་ཟས། །
BO
མཐོ་རིས་ནས་ནི་ལྷ་རྫས་འབྱུང་། ། གཉིས་པོ་གཞན་ནི་མི་ལས་འབྱུང་། ། རིན་ཆེན་མཚན་རྣམས་ཕུན་སུམ་ ཚོགས། ། ལྷར་སྐྱེས་པ་ཡི་འགྲོ་བའི་དབང་། ། མཐོ་རིས་ཕན་བྱེད་ཆོས་སྟོན་པ། ། གླིང་བཞི་རྣམས་ལ་རབ་ཏུ་སྤྱོད། ། ཤིན་ཏུ་ཡུན་རིང་གླིང་སྤྱད་ནས། ། སྲེད་པས་རྣམ་པར་འཇིག་པར་འགྱུར། ། བྱིས་པའི་དུས་དང་སྐྱབས་བྱུང་དུས། ། གཉིས་པོ་ བཞིན་དང་རྩོད་པ་སྟེ། ། ང་དང་གཞན་ནི་བྱས་དུས་ལ། ། ཤཱཀྱ་སེང་གེ་རྩོད་པའི་དུས། ། དོན་གྲུབ་པ་དང་ཤཱཀྱའི་སྲས། ། འཇུག་སེལ་རྒྱས་དང་དབང་ཕྱུག་དང་། ། དེ་ལ་སོགས་པའི་མུ་སྟེགས་ཅན། ། མྱ་ངན་ང་འདས་འབྱུང་བར་འགྱུར། ། འདི་སྐད་ བདག་གིས་ཐོས་ལ་སོགས། ། ཤཱཀྱ་སེང་གེའི་བཤད་པ་ཡིན། ། སྒྲུང་དང་སྔན་ཆད་བྱུང་བ་དག ། དེ་དག་རྒྱས་པའི་ཡིན་པར་འགྱུར། ། འཇུག་སེལ་དང་ནི་དབང་ཕྱུག་ཀྱང་། ། འབྱིན་པར་བྱེད་པ་འཆད་པར་འགྱུར། ། མྱ་ངན་ང་འདས་ཕྱིན་ཆད་ནི། ། དེ་ལྟ་བུ་ ལ་སོགས་པར་འབྱུང་། ། ང་ཡི་མ་ནི་ནོར་ལྡན་ཏེ། ། ཕ་ནི་བྲམ་ཟེ་སྐྱེ་དགུའི་བདག ། ང་ནི་ཀཱ་ཏྱཱ་ཡ་ནའི་རིགས། ། མིང་ནི་རྡུལ་མེད་རྒྱལ་བའོ། ། ཡབ་དང་མེས་དང་ང་བདག་ཀྱང་། ། ཡུལ་ནི་ཙམ་པར་སྐྱེས་པ་སྟེ། །
BO
མཚན་ནི་ཟླ་བ་སྐྱབས་ཞེས་བྱ། ། ཟླ་བའི་ རིགས་ལས་དེ་སྐྱེས་སོ། ། ཐར་པར་ཞུགས་ཤིང་བརྟུལ་ཞུགས་སྤྱད། ། ཚུལ་ཡང་རྣམ་པ་སྟོང་བཤད་ནས། ། བློ་གྲོས་ཆེན་པོ་དབང་བསྐུར་ཏེ། ། ལུང་བསྟན་བྱས་ནས་མྱ་ངན་འདའ། ། ཆོས་ལ་བློ་ནི་སྦྱིན་པར་བྱ། ། ཆོས་ཀྱིས་མེ་ཁལ་ལ་ལ་སྦྱིན། ། མེ་ཁལ་སློབ་མ་ཞན་པས་ན། ། བསྐལ་པའི་མཐར་ནི་འཇིག་པར་འགྱུར། ། འོད་སྲུང་དང་ནི་ལོག་དད་སེལ། ། འདྲེན་པ་གསེར་ཐུབ་རྣམ་དག་དང་། ། རྡུལ་མེད་ང་དང་གཞན་དག་དང་། ། དེ་དག་ཐམས་ཅད་བྱས་དུས་རྒྱལ། ། དེ་ཡི་འོག་ཏུ་བྱས་དུས་ལ། ། འདྲེན་པ་བློ་གྲོས་ཞེས་བྱ་བ། ། ཤེས་བྱ་ ལྔ་རྣམས་སྟོན་པའོ། ། དཔའ་བོ་ཆེན་པོ་འབྱུང་བར་འགྱུར། ། གཉིས་གཞན་ལ་མིན་སྐྱོབ་བྱུང་མིན། ། རྩོད་དུས་ཕྱི་མའི་ཚེ་ལ་ཡང་། ། འཇིག་རྟེན་མགོན་པོ་འབྱུང་མི་འགྱུར། ། བྱས་དུས་ལ་ནི་རྫོགས་འཚང་རྒྱ། ། མི་ཕྲོག་པ་དང་ངོ་ཤེས་བྱ། ། མ་དྲས་ཁ་ཚར་བཅས་ པ་སྟེ། ། རྨ་བྱའི་མདོངས་སུ་འདྲ་བ་ཡིས། ། སྟེང་ཡོག་རི་མོ་བྲི་བར་བྱ། ། མདོངས་དང་མདོངས་ཀྱི་བར་དུ་ནི། ། སོར་གཉིས་སོར་གསུམ་ཚད་དུ་བྱ། ། དེ་ལས་གཞན་དུ་བྲིས་ན་ནི། ། བྱིས་པ་རྣམས་ཀྱང་ཆགས་པར་འགྱུར། །
BO
རྟག་པར་འདོད་ཆགས་མེ་ཞི་བྱ། ། ཡེ་ཤེས་ཆུས་ནི་ཁྲུས་ཀྱང་བྱ། ། རྣལ་འབྱོར་གྱིས་ནི་ནན་ཏན་དུ། ། དུས་མཚམས་གསུམ་དང་སྡོམ་གསུམ་བྱས། ། མདའ་དང་རྡོ་དང་ཤིང་ལ་སོགས། ། འཕེན་ལ་སོགས་པས་བསྐྱོད་པ་དང་། ། གཅིག་འཕགས་ན་ནི་གཅིག་ལྷུང་འགྱུར། ། དགེ་དང་མི་དགེ་དེ་བཞིན་ནོ། ། གཅིག་པུ་མང་པོ་མ་ཡིན་ཏེ། ། མི་འདྲའི་མཚན་ཕྱིར་གང་ནའང་མེད། ། ལེན་པ་ཀུན་ནི་རླུང་དང་འདྲ། ། སྦྱིན་པ་བྱེད་པ་ཞིང་བཞིན་ནོ། ། གལ་ཏེ་གཅིག་པོ་མང་འགྱུར་ན། ། ཐམས་ཅད་མ་བྱས་པར་འགྱུར་རོ། ། བྱས་ན་རྣམ་པར་འཇིག་པར་འགྱུར། ། འདི་ནི་རྟོག་གེ་ཅན་གྱི་ཚུལ། ། དེ་ནི་མར་མེ་ས་བོན་འདྲ། ། འདྲ་ཕྱིར་མང་དུ་ག་ལ་འགྱུར། ། དེ་ལྟ་བུར་ན་མང་དུ་འགྱུར། ། དེ་ནི་རྟོག་གེ་པ་ཡི་ཚུལ། ། ཏིལ་ལས་བལ་སྲན་སྐྱེ་མི་འགྱུར། ། འབྲས་ནི་ནས་ཀྱི་རྒྱུ་ལས་མིན། ། གྲོ་དང་འབྲུ་ཡི་རྣམ་པ་དག ། གཅིག་ནི་ ཇི་ལྟར་མང་པོར་འགྱུར། ། སྒྲ་བྱེད་པ་ནི་པ་ཎི་ནི། ། རྐང་པའི་མིག་དང་ཆེ་དབང་དང་། ། ཚངས་པ་དང་ནི་གར་ག་དང་། ། འཇིག་རྟེན་རྒྱང་ཕན་བྱེད་པ་འབྱུང་། ། ཀཱ་ཏྱཱ་ཡ་ན་མདོ་བྱེད་པ། ། མཆོད་སྦྱིན་བལ་ཀ་དེ་བཞིན་ཏེ། ། བྷུ་དྷུ་ཀ་དང་སྐར་མཁན་དག །
BO
རྩོད་ པའི་དུས་ན་འབྱུང་བར་འགྱུར། ། བསོད་ནམས་བྱས་པའི་འཇིག་རྟེན་གྱི། ། སྐྱེ་དགུའི་དཔལ་གྱི་སྟོབས་ཅན་འབྱུང་། ། ཆོས་ཀུན་ལ་ནི་སྲུང་བྱེད་པ། ། རྒྱལ་པོ་སྟོབས་ཅན་ས་གཏོང་བའོ། ། གྲོག་མའི་མཁར་དང་སྲན་ཆུང་མིག ། གྱ་གྱུ་ཅན་དང་རྟ་འཛིན་བུ། ། ཁྱུ་མཆོག་དཔལ་ཆེན་རྣམ་དག་ཀྱང་། ། མ་འོངས་དུས་ན་འབྱུང་བར་འགྱུར། ། དོན་གྲུབ་པ་དང་ཤཱཀྱའི་བུ། ། ཡང་དག་མཐའ་དང་ཕུད་བུ་ལྔ། ། ཚིག་སྟོབས་ཅན་དང་ཡིད་གཞུངས་པ། ། ཕྱི་མའི་དུས་ན་འབྱུང་བར་འགྱུར། ། ནགས་ཀྱི་གནས་ན་འདུག་པའི་ཚེ། ། དབྱུ་ གུ་ཤིང་དང་པགས་པ་དང་། ། རྐེད་ཆིངས་དང་ནི་རིལ་བ་རྣམས། ། ང་ལ་ཚངས་པ་སྦྱིན་པར་བྱེད། ། རྣལ་འབྱོར་ལྡན་པ་ཆེན་པོ་སྟེ། ། ཐུབ་པ་རྡུལ་མེད་ཅེས་བྱ་བའི། ། ཐར་པ་འཆད་པའི་སྟོན་པར་འགྱུར། ། འདི་ནི་ཐུབ་པའི་རྒྱལ་མཚན་ཞེས། ། ཚངས་པ་ཚངས་པ་ བརྒྱ་རྣམས་དང་། ། ལྷ་རྣམས་མང་པོར་བཅས་པ་ཡིས། ། ང་ལ་མཁའ་ལས་འཕགས་བོར་ནས། ། དབང་ལྡན་དེ་ཉིད་མི་སྣང་འགྱུར། ། དབང་པོ་ལྷ་དང་བཅས་པ་དང་། ། འཕགས་སྐྱེས་པོ་ལ་སོགས་པ་ཡི། ། སྣ་ཚོགས་གོས་དང་སློང་སྣོད་ཀུན། ། ནགས་ཀྱི་གནས་སུ་ ང་ལ་འབུལ། ། མི་སྐྱེ་སྨྲ་བའི་རྒྱུར་འདོད་པ། །
BO
སྐྱེས་སམ་སྐྱེས་པར་འགྱུར་ཡང་རུང་། ། མ་སྐྱེས་པ་ནི་སྒྲུབ་པར་འགྱུར། ། ཚིག་ཙམ་དུ་ནི་བརྗོད་པ་ཡིན། ། སེམས་དེ་འབྱུང་བར་བྱེད་པ་ཡི། ། རྒྱུ་ནི་མ་རིག་དེ་ཡིན་ཏེ། ། ཇི་སྲིད་གཟུགས་དག་མི་ཤེས་པ། ། དེ་སྲིད་བར་དུ་དེ་ གནས་ཅི། ། ཞིག་པར་གྱུར་མ་ཐག་ཏུ་ནི། ། སེམས་ནི་གཞན་རྣམས་རབ་འབྱུང་སྟེ། ། གཟུགས་ནི་དུས་སུ་མི་གནས་ན། ། ཅི་ལ་དམིགས་ཏེ་འབྱུང་བར་འགྱུར། ། གང་ལས་གང་དུ་འཇུག་པ་ཡི། ། སེམས་ནི་ལོག་པའི་རྒྱུ་ལས་བྱུང་། ། དེ་ནི་རབ་ཏུ་མ་གྲུབ་ན། ། ཇི་ལྟར་ སྐད་ཅིག་འཇིག་པར་རིག ། རྣལ་འབྱོར་ཅན་གྱི་སྙོམས་འཇུག་དང་། ། གསེར་དང་རྒྱལ་བའི་རིང་བསྲེལ་དང་། ། འོད་སྣང་གནས་ཀྱི་གཞལ་མེད་ཁང་། ། འཇིག་རྟེན་རྒྱུ་ཡིས་འཇིག་པར་མེད། ། གནས་པ་རྣམས་དང་ཐོབ་པའི་ཆོས། ། སངས་རྒྱས་ཡེ་ཤེས་ཕུན་སུམ་ ཚོགས། ། དགེ་སློང་ཉིད་དང་ཤེས་ཐོབ་རྣམས། ། སྐད་ཅིག་མར་ནི་ཇི་ལྟར་མཐོང་། ། སྒྱུ་མ་དྲི་ཟའི་གྲོང་སོགས་ཀྱི། ། གཟུགས་རྣམས་ཇི་ལྟར་སྐད་ཅིག་པ། ། འབྱུང་བ་རྣམས་ནི་འབྱུང་འགྱུར་མིན། ། འགྲོ་བར་འབྱུང་བཅང་མི་བྱེད། ། སེམས་ནི་མ་རིག་རྒྱུ་ལས་བྱུང་། ། ཐོག་མ་མེད་ནས་བསགས་པ་ཡིན། །
BO
སྐྱེ་བར་འཇིག་དང་ཀུན་འབྲེལ་བར། ། རྟོག་གེ་པ་དག་རབ་ཏུ་རྟོག ། གྲངས་ཅན་སྨྲ་བ་རྣམ་གཉིས་ཏེ། ། གཙོ་བོ་ལས་ནི་འགྱུར་བ་དག ། གཙོ་བོ་ཡོད་ན་འབྲས་བུ་ཡོད། ། འབྲས་བུ་བདག་ཉིད་རབ་ཏུ་སྒྲུབ། ། གཙོ་བོ་དང་ནི་དངོས་ འཇུག་པར། ། ཡོན་ཏན་བྱེ་བྲག་རབ་ཏུ་བསྒྲགས། ། རྒྱུ་དང་འབྲས་བུ་སྣ་ཚོགས་པ། ། འགྱུར་བ་ལ་ནི་མེད་པ་ཡིན། ། ཇི་ལྟར་དངུལ་ཆུ་དག་པ་ལ། ། དྲི་མ་རྣམས་ཀྱིས་མི་ཆགས་པ། ། དེ་བཞིན་ལུས་ཅན་ཐམས་ཅད་ཀྱི། ། ཀུན་གཞི་གནས་ཀྱང་དག་པའོ། ། ཤིང་ཀུན་དྲི་དང་སྒོག་པ་དང་། ། སྦྲུམ་མའི་བུར་ནི་མཐོང་བ་དང་། ། ལན་ཚྭ་ལ་སོགས་རོ་ཡོད་དང་། ། ཅི་ཕྱིར་ས་བོན་བཞིན་མི་འགྱུར། ། དེ་ཉིད་དང་ནི་ཐ་དད་དང་། ། དེ་བཞིན་གཉིས་ཀ་གཉིས་མ་ཡིན། ། ཡོད་པ་ཡི་ནི་རྒྱུ་མེད་དེ། ། འདུས་བྱས་ལ་མེད་མེད་པ་མིན། བདག་ནི་རྟ་དང་འདྲ་བར་ཡོད། ། ཕུང་པོ་བ་ལང་ངོ་བོ་སྤངས། ། འདུས་བྱས་འདུས་མ་བྱས་པ་ལ། ། སྨྲར་མེད་བརྗོད་མེད་རང་བཞིན་ནོ། ། ལུང་དང་རིགས་པས་ངན་པར་མཐོང་། ། རྟོག་གེའི་ལྟ་བས་དྲི་མར་བྱས། ། ཕྱེ་བ་མེད་པར་བདག་ཏུ་སྨྲ། ། རྒྱུ་མེད་མ་ཡིན་གཞན་ན་མེད། ། དེ་དག་གི་ནི་ཉེས་བསགས་པ། །
BO
ཕུང་པོ་བདག་ཏུ་མི་བསྒོམ་སྟེ། ། གཅིག་པ་དང་ནི་དེ་ལས་གཞན། ། རྟོག་གེ་ཅན་གྱིས་མི་ཤེས་སོ། ། མེ་ལོང་ཆུ་དང་མིག་རྣམས་ལ། ། ཇི་ལྟར་གཟུགས་བརྙན་སྣང་འགྱུར་བ། ། གཅིག་དང་ཐ་དད་བྲལ་བ་ བཞིན། ། དེ་བཞིན་གང་ཟག་ཕུང་པོ་ལའོ། ། བསྒོམ་དང་རྣམ་བསྒོམ་བསམ་གཏན་པ། ། ལམ་དང་བདེན་དང་མཐོང་བ་སྟེ། ། དེ་རྣམས་གསུམ་ནི་རྣམ་བསྒོམས་ན། ། ལྟ་བ་ངན་ལས་གྲོལ་བར་འགྱུར། ། ཇི་ལྟར་མཐོང་ན་ཞིག་པའི་གློག ། ཁྱིམ་གྱི་བུ་གའི་འཁོར་ལོ་ལྟར། ། དེ་བཞིན་ཆོས་ཀུན་འགྱུར་བ་ལ། ། བྱིས་པ་བཞིན་དུ་མ་རྟོག་ཤིག ། དངོས་པོ་མེད་པས་མྱ་ངན་འདས། ། བྱིས་པའི་སེམས་ནི་རྨོངས་པར་བྱེད། ། ཇི་ལྟར་འདུག་བཞིན་མཐོང་བ་དང་། ། འཕགས་པས་མཐོང་བ་ཡོད་པའི་ཕྱིར། ། སྐྱེ་བ་དང་ནི་འཇིག་བྲལ་ཞིང་། ། དངོས་པོ་ ཡོད་དང་མེད་སྤངས་པ། ། མཚན་ཉིད་མཚན་གཞི་བྲལ་བ་ཡི། ། འགྱུར་བ་རྣམ་པར་བསྒོམ་པར་བྱ། ། མུ་སྟེགས་ཅན་གྱི་སྨྲ་དང་བྲལ། ། མིང་དང་དབྱིབས་ནི་སྤངས་གྱུར་པ། ། ནང་གི་ལྟ་བའི་གནས་རྣམས་ཀྱི། ། འགྱུར་བ་རྣམ་པར་བསྒོམ་པར་གྱིས། ། རེག་པ་དང་ ནི་གཟིར་བ་ཡིས། ། ལྷ་དང་སེམས་ཅན་དམྱལ་བའི་ལུས། ། བར་མ་དོ་ཡི་སྲིད་མེད་དེ། །
BO
རྣམ་པར་ཤེས་པས་བསྐྱེད་པ་ཡིན། ། མངལ་སྒོང་དྲོད་གཤེར་ལ་སོགས་པའི། ། སྲིད་པ་བར་མར་འབྱུང་བ་དག ། སེམས་ཅན་མང་པོ་སྣ་ཚོགས་བཞིན། ། འགྲོ་དང་འགྲོ་བར་ རྣམ་པར་བསྒོམས། ། ལུང་དང་རིགས་པར་བྲལ་གྱུར་པ། ། ཉོན་མོངས་ཕྱོགས་དང་ཟད་འཐོབ་བྱེད། ། མུ་སྟེགས་ལྟ་བའི་སྨྲ་བ་ལ། ། བློ་གྲོས་ཅན་གྱིས་མི་སྤྱད་དོ། ། ཐོག་མར་ཉེ་བར་ལེན་པ་ལས། ། བདག་ནི་ཕྱེ་བས་བྱེ་བྲག་དབྱེ། ། མ་ཕྱེ་བྱེ་བྲག་འབྱེད་ པ་ནི། ། མོ་ཤམ་བུ་ལ་བྱེ་བྲག་འབྱེད། ། འཕྲུལ་གྱིས་མཐོང་བ་སེམས་ཅན་རྣམས། ། ཤའི་དང་ཤེས་རབ་རྣམ་པར་སྤངས། ། ལུས་ཅན་ཀུན་གྱི་གཟུགས་ཡོད་པ། ། འདུ་བྱེད་ཕུང་པོར་སྤངས་གྱུར་པའོ། ། ཁ་དོག་བཟང་དང་ངན་གྱུར་ཅིང་། ། གྲོལ་དང་མ་གྲོལ་ཁྱད་གྱུར་པ། ། ལྷ་རྫས་འདུ་བྱེད་གཏོགས་པ་ཡི། ། འདུ་བྱེད་གནས་པ་རབ་ཏུ་མཐོང་། ། འགྲོ་བའི་མཚམས་སུ་གཟུགས་ལྡན་རྣམས། ། རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། ། མི་ཡི་ཡུལ་ལས་ང་འདས་ཏེ། ། ངན་པའི་རྟོག་གེ་ཅན་གཞན་མིན། ། བདག་མེད་ཡིན་ལ་སེམས་འབྱུང་ན། ། ཅི་ལས་ དེ་ནི་འབྱུང་བར་འགྱུར། ། འབབ་ཆུ་མེ་མར་ས་བོན་བཞིན། ། ཅི་ཕྱིར་དེ་ཡི་འབྱུང་མི་བཤད། ། རྣམ་པར་ཤེས་པ་མ་སྐྱེས་ལ། །
BO
མི་ཤེས་ལ་སོགས་མེད་པ་སྟེ། ། དེ་མེད་པར་ནི་རྣམ་ཤེས་པ། ། རྒྱུད་ཀྱི་སྐྱེ་བར་ཇི་ལྟར་འགྱུར། ། དུས་གསུམ་དང་ནི་དུས་མེད་དང་། ། བརྗོད་པ་མེད་དང་རྣམ་པ་ལྔ། ། དེ་ནི་སངས་རྒྱས་ཞེས་བྱ་བར། ། རྟོག་གེ་ཅན་རྣམས་རབ་ཏུ་བརྗོད། ། ཤེས་པ་འདུ་བྱེད་རྒྱུས་འབྱུང་བ། ། འདུ་བྱེད་རྣམས་ཀྱིས་མི་བརྗོད་དེ། ། འདུ་བྱེད་བསྒྲུབས་པའི་ཤེས་པ་ནི། ། འདུ་བྱེད་དུ་ནི་གཏོགས་པར་འཛིན། ། འདི་ཡོད་པས་ནི་འདི་འབྱུང་སྟེ། ། རྐྱེན་རྣམས་ ལ་ནི་རྒྱུ་མེད་པ། ། གསལ་བར་བྱེད་པར་རབ་ཏུ་སྟོན། ། དེ་མེད་པས་ན་བྱེད་པ་མེད། ། རླུང་ནི་མེ་དང་སྤྲིན་དག་ལ། ། སྐྱོད་པ་ཡིན་ཏེ་འབྱིན་པ་མིན། ། བསྐྱོད་ནས་དེས་ནི་ཞིར་འགྱུར་ན། ། ཇི་ལྟར་སེམས་ཅན་རབ་ཏུ་བསྒྲུབས། ། འདུས་བྱས་འདུས་མ་བྱས་པ་ནི། ། ཉེར་ ལེན་རྣམ་པར་སྤངས་པར་བརྗོད། ། མེ་ནི་དེ་ལ་བསྒྲུབས་པར་ཡང་། ། ཇི་ལྟར་བྱིས་པ་རྟོག་པར་བྱེད། ། ཕན་ཚུན་སྟོབས་དང་མཐུ་ཡི་ཕྱིར། ། མི་རྣམས་ཀྱི་ནི་མེ་འབྱུང་ན། ། གང་ཕྱིར་མེ་བཞིན་བརྟག་བྱ་བའི། ། སེམས་ཅན་གང་གིས་རབ་ཏུ་ཕྱུང་། ། ཕུང་པོ་ སྐྱེ་མཆེད་ཚོགས་རྣམས་ཀྱི། ། རྒྱུ་ནི་ཡིད་ལ་སོགས་པ་སྟེ། །
BO
བདག་མེད་རྟག་ཏུ་འདྲོན་མང་བཞིན། ། སེམས་དང་བཅས་ཏེ་རབ་ཏུ་འཇུག ། འདི་གཉིས་རྟག་ཏུ་འོད་གསལ་བ། ། རྒྱུ་དང་འབྲས་བུ་སྤངས་པའོ། ། དེ་དག་སྒྲུབ་པ་མེ་མ་ཡིན། ། རྟོག་གེ་ ཅན་གྱིས་མི་ཤེས་སོ། ། སེམས་དང་སེམས་ཅན་མྱ་ངན་འདས། ། རང་བཞིན་གྱིས་ནི་འོད་གསལ་ཏེ། ། ཡིད་ལ་སོགས་པའི་ཉེས་པ་ཡིས། ། ཉོན་མོངས་མཁའ་བཞིན་ཐ་དད་མིན། ། གླང་པོའི་མལ་སོགས་བཞིན་སྔོན་ཡོད། ། མུ་སྟེགས་ལྟ་བས་དྲི་མར་བྱས། ། ཡིད་ཀྱི་རྣམ་ པར་ཤེས་པས་གཡོགས། ། མེ་ལ་སོགས་པས་རྣམ་པར་སྦྱངས། ། དེ་ཡིས་ཡང་དག་ཇི་བཞིན་མཐོང་། ། མཐོང་ནས་ཉོན་མོངས་རྣམས་ཀྱང་བཤིག ། ཐིབས་པོའི་དཔེ་རྣམས་རབ་སྤངས་ཏེ། ། དེ་དག་འཕགས་པའི་སྤྱོད་ཡུལ་དོང་། ། ཤེས་དང་ཤེས་བྱའི་བྱེ་བྲག་གིས། ། དེ་ གཉིས་གཞན་དུ་མི་བརྟག་པ། ། བློ་ངན་རྣམས་ཀྱིས་མི་རྟོགས་ཏེ། ། བརྗོད་དུ་མེད་པ་སྨྲ་བར་བྱེད། ། ཇི་ལྟར་ཙན་དན་བྱས་པའི་རྔ། ། བྱིས་པ་དག་ནི་གཞན་དུ་བྱེད། ། དེ་བཞིན་ཙན་དན་ཨ་གར་འདྲའི། ། ཤེས་པ་རྟོག་གེ་ངན་པས་སོ། ། ལངས་ནས་ཁ་ཟས་ཕྱིས་མི་ ལེན། ། ལྷུང་བཟེད་གནས་དང་ཕྱིང་པ་ཅན། ། གདོང་འགྱུར་ལ་སོགས་ཉེས་པ་ཅན། ། དག་པས་ཟས་ལ་སྤྱད་པར་བྱ། །
BO
སུ་ཞིག་ཚུལ་འདི་རིགས་པས་དཔོག་བྱེད་པ། ། དད་ལྡན་རྣལ་འབྱོར་བརྩོན་ཞིང་མི་རྟོག་པ། ། མི་གནས་དོན་ལ་རྟེན་པར་གྱུར་པ་དེ། ། ཆོས་ཀྱི་རྣམ་ པར་གསེར་བཞིན་སྤྱད་པར་བྱ། ། བླུན་པས་སྲིད་དང་མི་སྲིད་རྐྱེན་རྟོག་པ། ། དེ་ནི་ལྟ་ངན་དྲ་བ་དྲི་མར་བཅས། ། འདོད་ཆགས་ཞེ་སྡང་གཏི་མུག་བཅས་པ་ལྡོག ། ཆགས་མེད་སངས་རྒྱས་ཕྱག་གིས་དབང་བསྐུར་འགྱུར། ། མུ་སྟེགས་རྒྱུ་ཡི་ཕྱོགས་ཀྱིས་བསླད། ། གཞན་ ཡང་རྐྱེན་གྱིས་རྣམ་པར་རྨོངས། ། གཞན་དག་རྒྱུ་མེད་དེ་འབྱུང་བས། ། དོན་མེད་པ་ནི་ཆད་པའོ། ། ཡིད་དང་རྣམ་པར་ཤེས་པ་དང་། ། རྣམ་པར་སྨིན་པ་གྱུར་པ་སྟེ། ། ཡིད་ནི་ཀུན་གཞི་ལས་བྱུང་བ། ། རྣམ་པར་ཤེས་པ་ཡིད་ལས་བྱུང་། ། ཀུན་གཞི་ལས་ནི་ སེམས་ཀུན་ཀྱང་། ། དབའ་རླབས་བཞིན་དུ་འབྱུང་བར་འགྱུར། ། ཐམས་ཅད་བག་ཆགས་རྒྱུ་ལས་བྱུང་། ། རྐྱེན་བཞིན་དུ་ནི་འབྱུང་བའོ། ། སྐད་ཅིག་ཐ་དད་འབྲེལ་བས་སྦྲེལ། ། རང་གི་སེམས་ནི་དོན་ལ་འཛིན། ། དབྱིབས་ཀྱི་མཚན་ཉིད་རྣམ་པར་དག ། ཡིད་དང་ མིག་ལ་སོགས་ལས་བྱུང་། ། ཐོག་མ་མེད་ནས་རྣམ་པར་འབྲེལ། ། དོན་སྣང་བག་ཆགས་རྣམས་ལས་བྱུང་། ། ཇི་ལྟར་སྣང་བ་སེམས་སྣང་སྟེ། །
BO
མུ་སྟེགས་ལྟ་བ་བཟློག་པ་ཡི། ། དེ་ཡི་རྒྱུས་བྱུང་གཞན་ཉིད་ཀྱང་། ། དེ་ལ་དམིགས་ནས་འཇུག་པར་འགྱུར། ། དེ་ལས་ལྟ་བ་ཤེས་པ་དག ། འཁོར་བར་རབ་ཏུ་འཇུག་པར་འགྱུར། ། དངོས་པོ་རྨི་ལམ་སྒྱུ་མ་འདྲ། ། དྲི་ཟའི་གྲོང་ཁྱེར་རྣམས་བཞིན་ཏེ། ། སྨིག་རྒྱུ་བ་དང་ཆུ་ཟླ་ལྟར། ། རང་གི་རྣམ་རྟོག་རྣམ་པར་སྒོམས། ། འཇུག་པའི་རྣམ་པས་དེ་བཞིན་ཉིད། ། ཡང་དག་ཡེ་ཤེས་དེ་ཡི་གནས། ། སྒྱུ་མ་དཔའ་བར་འགྲོ་ལ་སོགས། ། ཏིང་ངེ་འཛིན་ནི་གཞན་རྣམས་དང་། ། མངོན་པར་ཤེས་དང་དབང་རྣམས་དང་། ། ཡེ་ཤེས་སྒྱུ་མ་ལྟ་བུ་དང་། ། དེ་བཞིན་གཤེགས་པས་དབང་བསྐུར་བ། ། ས་ལ་ཞུགས་ནས་ཐོབ་པར་འགྱུར། ། གང་ཚེ་འགྲོ་བ་རྣམ་རྟོག་མཐོང་། ། དེ་ཚེ་སེམས་ནི་ལྡོག་པར་འགྱུར། ། ས་ནི་རབ་ཏུ་དགའ་བ་ དང་། ། སངས་རྒྱས་ས་དང་ས་རྣམས་འཐོབ། ། གནས་ནི་རབ་ཏུ་གྱུར་པའི་ཕྱིར། ། ཇི་ལྟར་སྣ་ཚོགས་ནོར་བུ་བཞིན། ། སེམས་ཅན་རྣམས་ཀྱི་དོན་བྱེད་དེ། ། ཆུ་ལ་གཟུགས་བརྙན་ཇི་བཞིན་ནོ། ། ཡོད་དང་མེད་པའི་ཕྱོགས་རྣམས་དང་། ། གཉིས་དང་གཉིས་མེད་པ་དང་བྲལ། ། ཉན་ཐོས་རང་ རྒྱལ་འདས་གྱུར་ན། ། ས་བདུན་པོར་ནི་འགྱུར་བ་ཡིན། ། སོ་སོ་རང་ཆོས་མཐོང་བས་ནི། །
BO
ཡང་དག་པ་ཡི་ས་སྦྱངས་ཏེ། ། ཕྱི་རོལ་མུ་སྟེགས་རྣམས་སྤངས་པའི། ། ཐེག་པ་ཆེན་པོ་བཤད་པར་བྱ། ། རྣམ་པར་རྟོག་པར་རབ་གྱུར་ན། ། ཤི་འཕོས་འཇིག་པ་རྣམས་སྤངས་པ། ། རི་བོང་སྤུ་ཡི་ནོར་བུ་ བཞིན། ། གྲོལ་བ་རྣམས་ལ་ཚུལ་ཡང་བཤད། ། ཇི་ལྟར་ཚིག་ལ་ཚིག་གནས་པ། ། གལ་ཏེ་རིགས་ལ་རིགས་དེ་བཞིན། ། དེ་ཕྱིར་རིགས་པའི་རིགས་པ་ཡིན། ། དེ་ལས་གཞན་དུ་མ་རྟོག་ཅིག ། མིག་དང་ལས་དང་སྲེད་པ་དང་། ། མ་རིག་དེ་བཞིན་ཚུལ་བཞིན་མིན། ། མིང་དང་གཟུགས་དང་ཡིད་རྣམས་ དང་། ། རྙོག་པའི་ཡིད་ཀྱང་དེ་བཞིན་ནོ། ། འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཇི་སྙེད་པ་རྫོགས་སོ། ། ། ། བཅོམ་ལྡན་འདས་ཀྱི་རིང་ལུགས་པ་འགོས་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཏེ་གཏན་ལ་ཕབ་པའོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source
འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ། — Reader · Sutraya