The Great Perfection of the Ten Stages of the Heart's Circle

འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

The Great Perfection of the Ten Stages of the Heart's Circle

འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

BO
༄༅༅། ། རྒྱ་གར་སྐད་དུ། ད་ཤ་ཙཀྲ་ཀྵི་ཏི་གར་བྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་ཁ་ལ་དེ་ཡ་ཞེས་བྱ་བ་དྲང་སྲོང་ཐུབ་པ་མང་པོའི་སྤྱོད་ཡུལ་གྱི་གནས་ན། དགེ་སློང་གི་དགེ་འདུན་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཉན་ཐོས་ཀྱི་ དགེ་འདུན་ཆེན་པོ་ཤ་སྟག་གོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་ཅིག་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཤ་སྟག་སྟེ། ཟླ་བའི་སྙིང་པོ་ཞེས་བྱ་བ་བཤད་མ་ཐག་ཏུ། དེའི་ཚེ་ལྷོ་ཕྱོགས་ནས་བསུང་ གི་སྤྲིན་ཆེན་པོ་འདུས་པ་ལས་བསུང་གི་ཆར་ཆེན་པོ་རབ་ཏུ་འབབ་བོ། ། མེ་ཏོག་གི་སྤྲིན་ཆེན་པོ་འདུས་པ་ལས་མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་འབབ་བོ། ། རིན་པོ་ཆེའི་ལྷ་རྫས་ཀྱི་རྒྱན་གྱི་སྤྲིན་ཆེན་པོ་འདུས་པ་ལས། རིན་པོ་ཆེའི་ལྷ་རྫས་ཀྱི་རྒྱན་གྱི་ཆར་ཆེན་པོ་རབ་ཏུ་འབབ་ བོ། །
BO
ལྷ་རྫས་ཀྱི་གོས་ཀྱི་སྤྲིན་ཆེན་པོ་འདུས་པ་ལས་ལྷ་རྫས་ཀྱི་གོས་ཀྱི་ཆར་ཆེན་པོ་རབ་ཏུ་འབབ་བོ། ། དེ་ལྟ་བུའི་སྤྲིན་དང་ཆར་ཆེན་པོས་དྲང་སྲོང་ཐུབ་པ་མང་པོའི་སྤྱོད་ཡུལ་གྱི་གནས་ཀྱི་རི་དེ་ལ་ཁྱབ་པར་གྱུར་ཏོ། ། བསུང་དང་། མེ་ཏོག་དང་། རིན་པོ་ཆེའི་ རྒྱན་དང་། གོས་དེ་དག་ལས་ཆོས་ཆེན་པོའི་སྒྲ་དབྱངས་རྣམ་པ་སྣ་ཚོགས་བརྒྱ་སྟོང་སྙེད་གྲགས་པར་གྱུར་པ་ནི་འདི་ལྟ་སྟེ། དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྒྲ་དང་། བསླབ་པའི་གནས་འཛིན་པའི་སྒྲ་དང་། ངང་དེས་ཤིང་བཟོད་པ་ཅན་གྱི་སྒྲ་དང་། བརྩོན་འགྲུས་ རྩོམ་པའི་སྒྲ་དང་། བདུད་བཞི་བཏུལ་བའི་སྒྲ་དང་། ཤེས་རབ་ལ་གཞོལ་ཞིང་འཇུག་པའི་སྒྲ་དང་། གྲགས་པ་ཆེན་པོས་འཇིག་རྟེན་གསུམ་དུ་རྒྱ་ཆེར་གྲགས་པའི་སྒྲ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་ཁྱད་པར་ལ་ནན་ཏན་བྱ་བའི་སྒྲ་དང་། སྟོང་ པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒྲ་དང་། འདོད་ཆགས་ཀྱིས་ཡོངས་སུ་སྐྱོ་བའི་སྒྲ་དང་། གཟུགས་ནི་ཆུའི་ལྦུ་བ་ལྟ་བུའོ་ཞེས་པའི་སྒྲ་དང་། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ་ཞེས་པའི་སྒྲ་དང་། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ་ཞེས་པའི་སྒྲ་དང་།
BO
འདུ་བྱེད་ནི་ཆུ་ ཤིང་ལྟ་བུའོ་ཞེས་པའི་སྒྲ་དང་། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ་ཞེས་པའི་སྒྲ་དང་། མི་རྟག་པའི་སྒྲ་དང་། སྡུག་བསྔལ་བའི་སྒྲ་དང་། བདག་མེད་པའི་སྒྲ་དང་། སྟོང་པའི་སྒྲ་དང་། འཛེམ་པ་དང་། ངོ་ཚ་བར་ལྡན་པའི་སྒྲ་དང་། ཀུན་སྤོང་བའི་སྒྲ་དང་། དྲན་པ་ཉེ་བར་ གཞག་པའི་སྒྲ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སྒྲ་དང་། ཆོས་ཀུན་ཆུབ་པའི་སྒྲ་དང་། མཐོ་རིས་སུ་སྐྱེ་བ་དང་། མྱ་ངན་ལས་འདའ་བའི་སྒྲ་དང་། ཐེག་པ་གསུམ་ལ་འབབ་པའི་སྒྲ་དང་། ཆོས་ཆེན་པོའི་འཁོར་ལོ་བསྐོར་བའི་སྒྲ་དང་། ཆོས་ཆེན་པོའི་ཆར་རབ་ཏུ་འབེབས་པའི་སྒྲ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒྲ་དང་། ངན་སོང་གསུམ་ལས་ཡོངས་སུ་སྒྲོལ་བའི་སྒྲ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་ནན་ཏན་བྱ་བའི་སྒྲ་དང་། ཐབས་མཁས་པའི་སྒྲ་དང་། ས་བཅུ་ལ་ འབབ་པའི་སྒྲ་དང་། མངོན་པར་ཤེས་པས་རྣམ་པར་རོལ་པའི་སྒྲ་དང་། བླ་ན་མེད་པའི་ཐེག་པ་ཆེན་པོ་རྣམ་པར་དག་པ་ལ་རྣམ་པར་རོལ་པའི་སྒྲ་དང་། ས་ལས་ཕྱིར་མི་ལྡོག་པའི་སྒྲ་དང་། མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་སྒྲ་དང་།
BO
སྤྱི་བོ་ནས་དབང་བསྐུར་བའི་སྒྲ་དང་། སངས་ རྒྱས་ཐམས་ཅད་ཀྱི་རྒྱ་མཚོ་ཆེན་པོ་ལ་འཇུག་པའི་སྒྲའི་ང་རོ་གྲགས་པར་གྱུར་ཏོ། ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོ་དེ་དག་ཐམས་ཅད་ཀྱིས་དེ་ལྟ་བུའི་སྤྲིན་དང་ཆར་རྣམ་པ་སྣ་ཚོགས་མཐོང་ཞིང་དེ་ལྟར་ཆོས་ཀྱི་སྒྲའི་ང་རོ་ཡང་ཐོས་པར་གྱུར་ནས་དེ་དག་གི་སོ་སོའི་ཡིད་ཅི་ལ་ མོས་པ་བཞིན་དུ་སོ་སོའི་ལུས་ལ་རྣམ་པ་སྣ་ཚོགས་ཀྱི་བསུང་དང་། མེ་ཏོག་དང་། རིན་པོ་ཆེའི་རྒྱན་དང་། ལྷ་རྫས་ཀྱི་གོས་དམ་པས་ཡོངས་སུ་བརྒྱན་པར་མཐོང་ངོ་། ། ཡང་སོ་སོའི་ལག་མཐིལ་གཉིས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་ཤིང་ཡིད་བཞིན་གྱི་ནོར་ བུ་རིན་པོ་ཆེ་དེ་དག་རེ་རེ་ལས་ཀྱང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཆར་བཞིན་དུ་འབབ་པར་མཐོང་ངོ་། ། གཞན་ཡང་ནོར་བུ་རིན་པོ་ཆེ་དེ་དག་ལས་འོད་ཟེར་རྣམ་པ་སྣ་ཚོགས་སུ་བྱུང་སྟེ། འོད་ཟེར་དེ་དག་གི་དབང་གིས་སེམས་ཅན་དེ་དག་སོ་སོ་ནས་ཕྱོགས་བཅུའི་ ཆུ་ཀླུང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཡང་མཐོང་ངོ་། །
BO
ཡང་འོད་ཟེར་དེ་དག་གི་དབང་གིས་སངས་རྒྱས་ཀྱི་ཞིང་དེ་དག་ན་དེ་བཞིན་གཤེགས་པ་དེ་རེ་རེ་ལ་ཡང་འཁོར་མང་པོ་ཚད་མེད་པས་བསྟི་སྟང་དང་བཅས་ཏེ་ཡོངས་སུ་བསྐོར་བར་མཐོང་ངོ་། ། གཞན་ ཡང་འོད་ཟེར་དེའི་དབང་གིས་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་ནད་ཀྱིས་གཟིར་བ་ཐམས་ཅད་ཀྱང་འོད་ཟེར་དེ་དག་གིས་རེག་མ་ཐག་ཏུ་ནད་ཀྱི་སྡུག་བསྔལ་དང་བྲལ་བར་གྱུར་ཏོ། ། གང་བསད་པ་ལ་ཐུག་པ་དང་། བཙོན་དུ་བཟུང་ཞིང་བཅིངས་པ་དག་ཀྱང་འོད་ ཟེར་དེ་དག་གིས་རེག་མ་ཐག་ཏུ་དེ་དག་ལས་ཡོངས་སུ་ཐར་བར་གྱུར་ཏོ། ། གང་ལུས་དང་ངག་དང་ཡིད་མི་བདེ་བར་སྤྱོད་པའི་གནས་ངན་ལེན་ལྕི་བ་དག་ཀྱང་འོད་དེའི་དབང་གིས་ཤིན་ཏུ་ཡང་ཞིང་རྣམ་པར་དག་པར་གྱུར་ཏོ། ། གང་བཀྲེས་ཤིང་སྐོམ་པ་དག་ཀྱང་འགྲངས་ ཤིང་ངོམས་པར་གྱུར་ཏོ། ། གང་བསད་པ་དང་། ཆད་པ་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས་པར་གྱུར་པ་དག་ཀྱང་འོད་ཟེར་དེ་དག་གིས་རེག་མ་ཐག་ཏུ་སྡུག་བསྔལ་བ་དང་བྲལ་བར་གྱུར་ཏོ། ། གང་བགོ་བ་དང་། རིན་པོ་ཆེའི་རྒྱན་དང་། དབྱིག་དང་། ནོར་རྫས་ཀྱིས་བྲེལ་ཅིང་ ཕོངས་པ་དག་ཀྱང་བསམས་པ་བཞིན་དུ་འབྱོར་ཅིང་ལྡན་པར་གྱུར་ཏོ། །
BO
སེམས་ཅན་གང་སྲོག་གཅོད་པ་ལ་དགའ་ཞིང་མོས་པ་ནས་ལོག་པར་ལྟ་བའི་བར་དུ་དགའ་ཞིང་མོས་པ་དག་ཀྱང་འོད་ཟེར་དེས་རེག་མ་ཐག་ཏུ་སྲོག་གཅོད་པ་ཡོངས་སུ་སྤོང་བ་ལ་དགའ་ཞིང་མོས་ པ་ནས་ལོག་པར་ལྟ་བའི་བར་དུ་ཡོངས་སུ་སྤོང་བ་ལ་དགའ་ཞིང་མོས་པར་གྱུར་ཏོ། ། སེམས་ཅན་གང་འདོད་པ་མི་རྙེད་པ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བར་གྱུར་པ་དག་ཀྱང་འོད་ཟེར་དེས་རེག་མ་ཐག་ཏུ་ཇི་ལྟར་རེ་བ་བཞིན་དུ་རྙེད་པར་གྱུར་ཏོ། ། གཞན་ཡང་འོད་ ཟེར་དེའི་དབང་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སེམས་ཅན་གང་སྡུག་བསྔལ་གྱིས་གདུངས་པ་དག་ཐམས་ཅད་ཞི་ནས་རབ་ཏུ་བདེ་བ་དང་ལྡན་པར་མཐོང་ངོ་། ། གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུ་འོད་ཀྱིས་སྣང་བར་བྱས་པས་སྤྲིན་དང་། རྡུལ་དང་། ན་བུན་དང་། རླུང་དང་། རྫི་ཆར་དང་། བཀྲ་མི་ཤིས་པའི་སྒྲ་དང་། དྲི་མི་ཞིམ་པ་དང་། ཁ་བ་དང་ཚ་བ་ལ་སོགས་པའི་རོ་ངན་པ་དང་། ཡིད་དུ་མི་འོང་བའི་རེག་བྱ་དང་། འཇིགས་སྐྲག་པ་དང་། གནོད་པ་མང་པོ་རྣམས་མེད་པར་གྱུར་ཏོ། ། གཞན་ཡང་ལས་ངན་པ་དང་། ལོག་པའི་ ངག་དང་། ལོག་པའི་བསམ་པ་དང་། ལོག་པར་ཕྱོགས་པ་དང་ཡོངས་སུ་བྲལ་ཏེ་ལྷག་པར་མི་གྲང་བ་དང་།
BO
ལྷག་པར་མི་ཚ་བ་དང་། རབ་ཏུ་ཞི་ཞིང་བདེ་བ་དང་། ས་གཞི་ལག་མཐིལ་ལྟར་མཉམ་པ་དང་། བདེ་བའི་ཡོ་བྱད་དམ་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་ གྱུར་ཏོ། ། དེའི་ཚེ་ན་འཁོར་མང་པོ་རྣམས་ཀྱི་སོ་སོའི་ལུས་ཀྱི་སའི་ཁམས་ལྷག་པར་ལྕི་ཞིང་མི་ཐེག་པ་ཙམ་དུ་གྱུར་ཏོ། ། ལྟས་འདི་ལྟ་བུར་གྱུར་པ་མཐོང་ནས་ཐམས་ཅད་ཀྱང་དངངས་ཏེ། དེ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ལྟས་འདི་ལྟ་བུར་གྱུར་སྙམ་དུ་རྟོག་པ་སྐྱེས་སོ། ། དེའི་ཚེ་འཁོར་ གྱི་དཀྱིལ་འཁོར་དེའི་ནང་ན་བརྒྱ་བྱིན་ལྷའི་དབང་པོ་དྲི་མ་མེད་པར་སྐྱེས་ཞེས་བྱ་བ་བཅོམ་ལྡན་འདས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་པ་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། ། བདེན་པར་གསུང་ཞིང་བདེན་གཟིགས་པ། ། བདེན་ལ་རབ་གནས་ཐུབ་པ་ཁྱོད། ། འདུས་པའི་འཁོར་མང་ཐམས་ཅད་ལ། ། མཐར་ཕྱིན་བདེན་པའི་ཆོས་གསུངས་ཤིག ། སོ་སོའི་སྐྱེ་བོ་མང་པོ་དག ། སྡུག་བསྔལ་ རྒྱུ་དང་སྡུག་བསྔལ་སེལ། ། ཅི་ཡི་སླད་དུ་འཁོར་འདིར་ནི། ། སྤྲིན་དང་ཆར་རྣམས་གདའ་བར་གྱུར། ། འཁོར་རྣམས་རབ་ཏུ་དགའ་རངས་ནས། །
BO
ཤིན་ཏུ་དད་པའི་བསམ་པ་སྐྱེས། ། ཐེག་པ་ཆེན་པོར་ཐམས་ཅད་གཞོལ། ། ཡང་དག་ལྟ་སྐྱེ་སོམ་ཉི་རྒལ། ། འཁོར་མང་ ལྷ་དང་མི་ཡི་ལུས། ། ལྷག་པར་ས་ཡི་ཁམས་ལྕི་བས། ། རང་གིས་མི་ཐེག་གྱུར་པ་འདི། ། ཅི་ཡི་རྐྱེན་གྱིས་ལྟས་འདི་བྱུང་། ། ལག་མཐིལ་གཉིས་ན་ནོར་བུའི་ལས། ། རིན་ཆེན་ཆར་འབབ་འོད་ཀྱང་འགྱེད། ། ཕྱོགས་བཅུར་སྣང་བྱས་སྡིག་པ་བསལ། ། སྡུག་བསྔལ་ཞི་ནས་བདེ་བ་ཐོབ། ། འདྲེན་པས་གསུངས་ཤིག་ཅི་ཡི་རྐྱེན། ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ། ། སྤོས་དང་ཕྲེང་བ་སྣ་ཚོགས་ཀྱིས། ། སོ་སོའི་ལུས་ལ་བརྒྱན་པ་གདའ། ། ལྷ་དང་མི་ཀུན་ཐེ་ཙོམ་སྐྱེས། ། ཅི་ཡི་རྒྱུ་དང་ཅི་ཡི་རྐྱེན། ། སུ་ཞིག་ གང་ནས་འདིར་མཆི་ན། ། རྫུ་འཕྲུལ་མཐུ་འདི་སྟོན་པར་གྱུར། ། སངས་རྒྱས་བྱང་ཆུབ་སེམས་དཔའ་འམ། ། འོན་ཏེ་ཚངས་པའམ་བདུད་ལགས་སམ། ། བརྒྱ་བྱིན་ལགས་སམ་སུ་མཆི་བ། ། འདྲེན་པ་ཆེན་པོས་བཤད་དུ་གསོལ། ། དེའི་ཚེ་བཅོམ་ལྡན་འདས་ ཀྱིས་བརྒྱ་བྱིན་དྲི་མ་མེད་པར་སྐྱེས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཁྱེད་ཀྱིས་འདི་ལྟར་ཤེས་པར་བྱོས་ཤིག ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ཞེས་བྱ་བ་ཡོད་དེ།
BO
སྔོན་བསྐལ་པ་ཆེན་པོ་ཚད་མེད་གྲངས་མེད་པའི་བར་དུ་རྙོག་པ་ལྔའི་ཚེ། སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ། ད་ལྟར་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་དང་བཅས་ཏེ་འཇིག་རྟེན་གྱི་ཁམས་འདིར་ང་ལ་ཕྱག་འཚལ་བ་དང་། བསྙེན་བཀུར་དང་མཆོད་ པ་བྱ་བ་དང་། གཞན་ཡང་འཁོར་གྱི་དཀྱིལ་འཁོར་རྣམས་ལ་བལྟ་བ་དང་། རྗེས་སུ་ཡི་རང་བ་བསྐྱེད་པའི་ཕྱིར་འཁོར་དང་བཅས་ཏེ་དགེ་སྦྱོང་གི་གཟུགས་ཀྱིས་འདིར་འོང་བས་མངོན་པར་ཤེས་པའི་མཐུས་ཆོ་འཕྲུལ་འདི་དག་བསྟན་ཏོ། ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སའི་སྙིང་པོ་ཞེས་བྱ་བ་དེ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཁྱད་པར་གྱིས་ཡོངས་སུ་བརྒྱན་པས་ཉན་ཐོས་དང་། རང་སངས་རྒྱས་དང་། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་དཔོག་ནུས་པ་མེད་དོ། ། བྱང་ཆུབ་སེམས་དཔའ་ དེ་ནི་ཡོན་ཏན་ཕུལ་དུ་གྱུར་པ་ཐམས་ཅད་ཀྱི་གཏེར་དུ་གྱུར་པའོ། ། རྣམ་པར་གྲོལ་བའི་རིན་པོ་ཆེའི་འབྱུང་གནས་ཡིན་ནོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ཡོངས་སུ་དག་པར་བྱེད་པའོ། །
BO
མྱ་ངན་ལས་འདའ་བར་འགྲོ་བའི་དེད་དཔོན་དུ་གྱུར་པའོ། ། ཡིད་བཞིན་གྱི་ནོར་བུ་རིན་པོ་ ཆེ་ལྟར་རིན་པོ་ཆེ་ཐམས་ཅད་ཆར་བཞིན་དུ་འབབ་པས་ཇི་ལྟར་རེ་ཞིང་འདོད་པ་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པའོ། ། ཚོང་པ་མང་པོའི་རིན་པོ་ཆེའི་གླིང་ལྟ་བུའོ། ། དགེ་བའི་རྩ་བ་འཕེལ་ཞིང་སྐྱེ་བའི་ཕྱིར་ཞིང་གཤིན་པ་ལྟ་བུའོ། ། རྣམ་པར་གྲོལ་བའི་བདེ་བ་ལ་འཇོག་པའི་ ཕྱིར་སྣོད་ལྟ་བུའོ། ། རིན་པོ་ཆེ་དམ་པའི་འབྱུང་གནས་སུ་གྱུར་པའི་ཕྱིར་ཡོན་ཏན་གྱི་བུམ་པ་བཟང་པོ་ལྟ་བུའོ། ། དགེ་བའི་ནན་ཏན་ཅན་ལ་སྣང་བར་བྱེད་པའི་ཕྱིར་ཉི་མ་གསལ་བ་ལྟ་བུའོ། ། ལམ་སྟོར་བ་རྣམས་ལ་སྣང་བར་བྱེད་པའི་ཕྱིར་སྒྲོན་མ་ལྟ་བུའོ། ། ཉོན་མོངས་པའི་ གདུང་བ་སེལ་བའི་ཕྱིར་ཟླ་བ་ལྟར་སིམ་པ་ལྟ་བུའོ། ། རྐང་མེད་པ་ལ་ཐེག་པར་གྱུར་པ་ལྟ་བུའོ། ། ལམ་རིང་པོར་འགྲོ་བ་ལ་ཚོགས་ཀྱི་སྟེགས་བུ་ལྟ་བུའོ། ། འབྲོག་བསླད་པ་ལ་ལམ་སྟོན་པ་ལྟ་བུའོ། ། སྨྱོས་ཤིང་འཁྲུགས་པ་ལ་སྨན་དམ་པ་ལྟ་བུའོ། ། ནད་ཀྱིས་གཟིར་ བ་ལ་སྨན་པ་མཁས་པ་དང་ཕྲད་པ་ལྟ་བུའོ། ། རྒས་ཤིང་འཁོགས་པ་ལ་རྟེན་དང་ཁར་བ་ལྟ་བུའོ། ། ངལ་བ་དང་དུབ་པ་ལ་ཁྲི་དང་སྟན་ལྟ་བུའོ། །
BO
ཆུ་བོ་བཞི་རྒལ་བ་ལ་ཟམ་པ་ལྟ་བུའོ། ། ཕ་རོལ་དུ་འགྲོ་བ་ལ་གྲུ་དང་གཟིངས་ལྟ་བུའོ། ། དགེ་བའི་རྩ་བ་རྣམ་གསུམ་ གྱི་འབྲས་བུ་ཁྱད་པར་ཅན་སྨིན་པར་བྱེད་པའོ། ། དགེ་བ་རྣམ་གསུམ་གྱི་གཞི་འདྲེན་ཅིང་རྒྱུན་དུ་འབེབས་པའོ། ། སྦྱིན་པ་གཏོང་བའི་རྒྱུན་མི་འཆད་པ་འཁོར་ལོ་ལྟར་འཇུག་པའོ། ། ཚུལ་ཁྲིམས་སྲུང་བ་བརྟན་པས་རི་རབ་ལྷུན་པོ་ལྟ་བུའོ། ། བརྩོན་འགྲུས་གཞིག་པར་དཀའ་ བ་ནི་རྡོ་རྗེ་རིན་པོ་ཆེ་ལྟ་བུའོ། ། བཟོད་པ་མི་གཡོ་བ་ནི་ས་ཆེན་པོ་ལྟ་བུའོ། ། བསམ་གཏན་ཟབ་པ་ནི་གཏེར་གསང་བ་ལྟ་བུའོ། ། མཉམ་པར་འཇོག་པས་མཛེས་པ་ནི་མེ་ཏོག་གི་ཕྲེང་བ་དམ་པ་ལྟ་བུའོ། ། ཤེས་རབ་ཟབ་ཅིང་ཡངས་པ་ནི་རྒྱ་མཚོ་ཆེན་པོ་ལྟ་བུའོ། ། ཅིས་ཀྱང་ མི་ཆགས་པ་ནི་ནམ་མཁའ་ལྟ་བུའོ། ། འབྲས་བུ་དམ་པའི་རྒྱུ་དང་ཉེ་བ་ནི་མེ་ཏོག་རྒྱས་པ་ལྟ་བུའོ། ། མུ་སྟེགས་ཅན་འདུལ་བ་ལ་སེང་གེའི་རྒྱལ་པོ་ལྟ་བུའོ། ། ལྷའི་བདུད་ཡོངས་སུ་འཇོམས་པ་ནི་ཀླུའམ་གླང་པོ་ཆེ་ལྟ་བུའོ། ། ཉོན་མོངས་པའི་དགྲ་ ཐམས་ཅད་གཅོད་པ་ནི་ལྷའི་རལ་གྲི་ལྟ་བུའོ། ། འདུ་འཛི་མང་པོས་སྐྱོ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་ལྟ་བུའོ། །
BO
ཉོན་མོངས་པའི་དྲི་མ་འཁྲུ་བ་ནི་ཆུ་དང་བ་ལྟ་བུའོ། ། མི་གཙང་བའི་ཉལ་ཉིལ་སེལ་བ་ནི་རླུང་དྲག་པོ་ལྟ་བུའོ། ། ཀུན་ནས་ཉོན་མོངས་པས་གླགས་པ་ གཅོད་པ་ནི་མཚོན་རྣོན་པོ་ལྟ་བུའོ། ། འཇིགས་པ་དང་བག་ཚ་བ་ཀུན་ལས་སྲུང་བ་ནི་གཉེན་ནམ་མཛའ་བོ་ལྟ་བུའོ། ། ཕས་ཀྱི་རྒོལ་བའི་དགྲ་ལས་སྐྱོབ་པ་ནི་འོབས་སམ་མཁར་ལྟ་བུའོ། ། ཉམ་ང་བ་ཐམས་ཅད་ལས་གྲོལ་བར་བྱེད་པས་ཕ་མ་ལྟ་བུའོ། ། ཞན་ཅིང་ཉམ་ཆུང་བ་ རྣམས་སྦེད་པ་ནི་ནགས་སྟུག་པོ་ལྟ་བུའོ། ། དབྱར་ལམ་རིང་པོར་འགྲོ་བ་ལ་བསིལ་གྲིབ་ཀྱི་ཤིང་ཆེན་པོ་ལྟ་བུའོ། ། ཚ་བ་དང་སྐོམ་གྱིས་གདུངས་པ་རྣམས་ལ་ཆུ་གྲང་ལྟ་བུའོ། ། བཀྲེས་པ་རྣམས་ལ་འབྲས་བུ་ཞིམ་པོ་ལྟ་བུའོ། ། གཅེར་བུ་རྣམས་ལ་བགོ་བའི་གོས་བྱེད་ པའོ། ། ཚ་བས་ཉེན་པ་རྣམས་ལ་སྤྲིན་སྟུག་པོར་གྱུར་པའོ། ། དབུལ་ཕོངས་པ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་གྱུར་པའོ། ། འཇིགས་སྐྲག་པ་དག་ལ་སྐྱབས་དང་གནས་སུ་གྱུར་པའོ། ། ལོ་ཏོག་རྣམས་ལ་ཆར་པར་གྱུར་པའོ། ། ཆུ་རྙོག་མ་ཅན་རྣམས་ལ་ནོར་ བུ་ཆུ་འདང་དུ་གྱུར་པའོ། །
BO
སེམས་ཅན་མང་པོའི་དགེ་བའི་རྩ་བ་མི་འགོང་བར་བྱེད་པས་སྤྱོད་ཡུལ་དམ་པ་སྟོན་ཅིང་འཁོར་སྤྲོ་བ་དང་ཚིམ་པར་བྱེད་པའོ། ། སེམས་ཅན་རྣམས་ལྷག་པའི་འཛེམ་པ་དང་ངོ་ཚ་བ་ལ་སྐུལ་ཞིང་འཛུད་པའོ། ། བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་སོགས་པ་ལ་དེའི་རྒྱན་དང་ལྡན་པར་བྱེད་པའོ། ། ཉོན་མོངས་པ་ཡོངས་སུ་སེལ་བ་ལ་སྐྱུག་པ་དང་འཁྲུ་བའི་སྨན་ལྟ་བུར་གྱུར་པའོ། ། སེམས་འཁྲུགས་པ་སྡུད་པ་ནི་མཉམ་པར་འཇོག་པའི་སྤྱོད་ཡུལ་ལྟ་བུར་གྱུར་པའོ། ། སྤོབས་པ་ཐོགས་པ་མེད་པ་ནི་ཟོ་ཆུན་རྒྱུད་ པའི་འཁོར་ལོ་ལྟ་བུའོ། ། དམིགས་པ་ལ་སེམས་སྡུད་པ་ནི་གཟུགས་བཟང་པོ་ལ་རྟོག་པ་ལྟ་བུའོ། ། བཟོད་པ་བརྟན་པ་ནི་རི་རབ་ལྷུན་པོ་ལྟ་བུའོ། ། གཟུགས་ཟབ་ཅིང་རྒྱ་ཆེ་བ་ནི་རྒྱ་མཚོ་ཆེན་པོ་ལྟ་བུའོ། ། རྫུ་འཕྲུལ་གྱི་རྐང་པ་ཐོགས་པ་མེད་པ་ནི་ནམ་མཁའ་ལྟ་བུའོ། ། སྒྲིབ་ པའི་བག་ཆགས་ཐམས་ཅད་ཡོངས་སུ་སེལ་བ་ནི་ཇི་ལྟར་ཉི་མ་ཚ་བས་འཁྱག་པ་ཆམ་ཆོམ་བཞུ་བ་ལྟ་བུའོ། ། རྟག་ཏུ་བསམ་གཏན་དང་། གཟུགས་མེད་པ་དང་།
BO
ཡང་དག་པའི་ལམ་ལ་རོལ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རིན་པོ་ཆེ་དམ་པའི་གླིང་ལྟ་བུར་གྱུར་པས་ཆེད་དུ་ མ་བརྩམས་ཀྱང་ཆོས་ཆེན་པོའི་འཁོར་ལོ་རབ་ཏུ་བསྐོར་རོ། ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དེ་ནི་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཚད་མེད་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་འཁོར་དང་བཅས་ཏེ་གནས་འདིར་ཕྱིན་ དུ་ཉེ་བས་འོད་ལས་འདི་ལྟ་བུའི་ཆོ་འཕྲུལ་དང་ལྟས་སྔར་བསྟན་པ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་ཡོན་ཏན་མང་པོ་བཤད་མ་ཐག་ཏུ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འཁོར་བྱང་ཆུབ་སེམས་དཔའ་བྱེ་ བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་དང་བཅས་ཏེ། རྫུ་འཕྲུལ་གྱི་མཐུས་དགེ་སྦྱོང་གི་གཟུགས་སུ་སྟོན་ཅིང་ལྷོ་ཕྱོགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ། འཁོར་མང་པོ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ནས་ལན་གསུམ་ བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ཐལ་མོ་སྦྱར་ནས། འགྲེང་བཞིན་དུ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །
BO
རྣམ་པར་འདྲེན་པ་རྐང་གཉིས་མཆོག ། བྱམས་པའི་ཐུགས་ཀྱིས་ཀུན་ལ་སྐྱོབ། ། ས་ཆེན་ལྟར་ནི་ཤིན་ཏུ་བཟོད། ། ཞེ་སྡང་ ཁྲོ་བའི་སེམས་ཀུན་བསལ། ། མཚན་དང་དཔེ་བྱད་མཆོག་ལྡན་པས། ། སངས་རྒྱས་ཀུན་གྱི་ཞིང་རབ་བརྒྱན། ། བདེན་པའི་བྱམས་དང་སྙིང་རྗེ་ཡིས། ། རྒྱལ་བའི་ཞིང་ཀུན་རབ་ཏུ་འགེངས། ། སྲེད་པའི་དྲ་བ་ཀུན་བཅད་ནས། ། ཡང་དག་ཅི་བཞིན་བདེ་བར་གནས། ། ཡོངས་ སུ་དག་པའི་ཞིང་སྤངས་ནས། ། རྙོག་པ་ཅན་གྱི་སེམས་ཅན་དགྲོལ། ། རྙོག་པའི་ཞིང་འདིར་དམ་བཅས་ཏེ། ། ངན་འགྲོ་སེམས་ཅན་སྨིན་པར་མཛད། ། ཡང་དག་བརྟན་པའི་རྩོལ་བ་ཡིས། ། རིང་མོ་ཞིག་ནས་དཀའ་ཐུབ་སྤྱད། ། ཡུན་{རིངས་,རིང་}དཀའ་ཐུབ་ སྤྱད་པ་དག ། ཐོས་ནས་འཇིགས་པའི་སེམས་ཀྱང་སྐྱེ། ། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། ། བརྩོན་འགྲུས་བསམ་གཏན་ཤེས་རབ་བསྐྱེད། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ། ཚད་མེད་ཉན་ཐོས་བསྙེན་བཀུར་མཆོག ། གཞན་ཡང་སྐྱེ་བོ་མང་པོ་དག ། བཀྲེས་སྐོམ་ན་འཆི་ཀུན་ལས་བསྒྲལ། ། སོ་སོའི་སྐྱེ་བོ་གཞན་གྱི་ཕྱིར། ། ལུས་སྲོག་མ་ཆགས་མང་དུ་བཏང་། ། ཡང་དག་དམ་པའི་ཆོས་ཚོལ་ཕྱིར། ། ཤ་དང་རུས་པའང་མང་དུ་བཏང་། ། བདག་གི་བདེ་བ་ཀུན་བཏང་ནས། །
BO
སྐྱེ་བོ་རྣམས་ལ་ཐུགས་བརྩེར་དགོངས། ། སོ་སོའི་སྐྱེ་བོ་མང་པོའི་ཕྱིར། ། ཐེ་ཙོམ་དྲ་བ་གཅོད་ལ་བརྩོན། ། དབང་པོ་དྲུག་རྣམས་རབ་བསྡམས་ནས། ། འདོད་པ་ཐམས་ཅད་རིང་དུ་སྤངས། ། འདུས་བྱས་མི་རྟག་སྡུག་བསྔལ་ཏེ། ། བདག་མེད་སྟོང་པ་ཉིད་དུ་རྟོགས། ། སྡུག་བསྔལ་ལས་ཀུན་སྐྱེ་བ་ཡི། ། རྒྱུ་ནི་འདོད་ ཆགས་སྲེད་པའོ། ། དེ་ཕྱིར་དབང་པོ་དྲུག་པས་སྔར། ། འདོད་ཆགས་ཡོངས་སུ་གཅད་པར་བྱ། ། སེམས་ཅན་གནས་པའི་ཁམས་ཀུན་དུ། ། རྟག་པར་ཐུགས་རྗེ་ཆེན་པོས་གནས། ། བྱང་ཆུབ་མཆོག་ཏུ་སངས་རྒྱས་ཀྱང་། ། སྔོན་གྱི་སྨོན་ལམ་ཀུན་མི་གཏོང་། ། སེམས་ ཅན་གང་ཞིག་སྡུག་བསྔལ་གྱིས། ། རྣམ་པར་གཟིར་བ་དག་གཟིགས་ནས། ། ཤིན་ཏུ་འབབ་པའི་བརྩོན་འགྲུས་ཀྱིས། ། དེ་ལས་སྒྲོལ་ཕྱིར་རབ་ཏུ་བརྩོན། ། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། ། བསམ་གཏན་ཤེས་རབ་ཀུན་བསྒོམས་ནས། ། ཇི་ལྟར་མ་ནི་བུ་ གཅིག་ལ། ། བྱམས་པའི་སེམས་ཀྱིས་གསོ་བཞིན་དུ། ། སྔོན་ཡང་སེམས་ཅན་རིས་ཀུན་ལ། ། རྟག་ཏུ་བྱམས་པའི་ཐུགས་བསྐྱེད་པས། ། དེ་ཕྱིར་མྱུར་དུ་སངས་རྒྱས་ནས། ། ཚད་མེད་པ་ཡི་འཁོར་རྣམས་སྒྲོལ། ། ཇི་ཙམ་བྱང་ཆུབ་སྤྱོད་བསྒོམས་པ། །
BO
སེམས་ཅན་དོན་དུ་ མ་བསྔོས་མེད། ། དེ་བས་སེམས་ཅན་ཐམས་ཅད་ལ། ། ཕ་རོལ་ཕྱིན་པ་དྲུག་མི་གཏོང་། ། རྟག་ཏུ་དུས་ངན་ཐ་མའི་ཚེ། ། བླ་མེད་བྱང་ཆུབ་བསྒྲུབས་པས་ན། ། ད་ཡང་དུས་ངན་ཐ་མའི་ཚེ། ། བླ་མེད་བྱང་ཆུབ་མངོན་སངས་རྒྱས། ། ངན་པར་ལྟ་བའི་ལྷ་ཀླུ་མི། ། གནོད་ སྦྱིན་དག་ནི་ཀུན་བཏུལ་ཏེ། ། ཐེ་ཙོམ་གཅོད་ཅིང་བདེར་བཀོད་པ། ། རྡོ་རྗེ་ལྟ་བུའི་ལམ་ལའོ། ། ཚད་མེད་པ་ཡི་སྐྱེ་བོ་དག ། བྱང་ཆུབ་མཆོག་ཏུ་ལུང་ཡང་སྟོན། ། མཆོད་འོས་འདྲེན་པའི་གཙོར་གྱུར་ཏེ། ། མཆོག་གི་བསོད་ནམས་ཞིང་དུ་གྱུར། ། དཔེ་ཟླ་མེད་པའི་ བཅོམ་ལྡན་འདས། ། བྱམས་པས་འགྲོ་བ་ཀུན་ལ་སྐྱོབ། ། ཚད་མེད་གྲགས་པ་ཆེན་པོ་ཡིས། ། ཕྱོགས་བཅུའི་འཇིག་རྟེན་ཡོངས་སུ་ཁྱབ། ། དེ་བས་བྱང་ཆུབ་སེམས་དཔའ་རྣམས། ། བདག་གི་དོན་དུ་བསྒྲུབ་པའི་ཕྱིར། ། ཀུན་ནས་ལྷན་ཅིག་འདིར་འདུས་ནས། ། ཐུབ་ པ་ཆེན་པོ་སྤྱན་སྔར་ལྷགས། ། དམ་པའི་ཆོས་རྣམས་ཐོས་ནས་ནི། ། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ། ལྷག་པར་ཡང་དག་བརྩོན་བསྐྱེད་ནས། ། བྱང་ཆུབ་སྤྱོད་ལ་ནན་ཏན་བགྱིད། ། རྣམ་པར་འདྲེན་པའི་ཆོས་ཀྱི་མཐུས། ། ཐམས་ཅད་མངོན་པར་འཚང་རྒྱ་བས། །
BO
དེ་བས་དེང་འདིར་འདྲེན་ཁྱོད་ཀྱིས། ། བསྡུས་པའི་འཁོར་ནི་སྔོན་མ་བྱུང་། ། གནོད་སྦྱིན་ཁྲི་ཕྲག་བཅུ་གསུམ་སྙེད། ། རྟག་ཏུ་ཤ་ཟ་ཁྲག་འཐུང་བ། ། ཐམས་ཅད་སྡིག་པའི་ལས་བཏང་ནས། ། བྱང་ཆུབ་ཆེན་པོར་འབབ་ཅིང་གཞོལ། ། ཁ་ཅིག་ཁྱད་པར་གཟུགས་མཆོག་ དང་། ། བཟོད་པ་ཏིང་ངེ་འཛིན་ཡང་ཐོབ། ། ཁ་ཅིག་ཟག་པ་ཀུན་ཟད་ནས། ། འཇིག་རྟེན་མཆོག་གི་དགྲ་བཅོམ་གྱུར། ། ཁ་ཅིག་ཚད་མེད་བཞི་བསྒོམས་ཤིང་། ། ཁ་ཅིག་བསྡུ་བ་བཞི་ལ་གནས། ། ཁ་ཅིག་ཡང་དག་རིག་བཞི་ཐོབ། ། ཁ་ཅིག་འཐུན་པའི་བཟོད་ལ་གནས། ། ཁ་ཅིག་ དཔའ་འགྲོའི་ཏིང་འཛིན་ཐོབ། ། ཁ་ཅིག་ཤེས་རབ་མིག་དང་ལྡན། ། ཁ་ཅིག་མི་སྐྱེ་བཟོད་ལ་གནས། ། དེ་ཀུན་འདྲེན་པས་བྱིན་གྱིས་བརླབས། ། བཅོམ་ལྡན་གཟི་བརྗིད་ཆེན་པོའི་མཐུས། ། བདུད་ཀྱི་འཁོར་རྣམས་བཅོམ་ནས་སུ། ། རྣམ་པ་དགུ་བཅུ་རྩ་ལྔ་ཡི། ། མུ་སྟེགས་ ཅན་གྱི་རིས་ཀུན་བཏུལ། ། སེམས་ཅན་དམྱལ་བ་བྱོལ་སོང་དང་། ། {ཡི་དགས་,ཡི་དྭགས་}ལྷ་མིན་རྒྱུད་ཀུན་བཅོམ། ། བདེ་བས་སེམས་ཅན་བདེན་པ་རྣམས། ། ཐམས་ཅད་རྒྱལ་བའི་སྤྱན་སྔར་ལྷགས། ། ནད་དང་མཚོན་གྱིས་འཇིགས་པ་དང་། ། མུ་གེས་འཇིགས་པའང་དེང་ འདིར་བཅིལ། །
BO
སེམས་ཅན་མདོངས་ཤིང་འཐོམ་པ་དང་། ། ཡང་དག་ལམ་ནི་སྟོར་བ་བསྒྲལ། ། ཉོན་མོངས་མྱོས་ཤིང་འཁྲུགས་པ་དག ། ཐམས་ཅད་ཞི་བའི་ལམ་ལ་བཀོད། ། བདག་གིས་བྱ་བ་ཀུན་སྤངས་ཏེ། ། ལྷགས་ནས་བཅོམ་ལྡན་ཞབས་ལ་ཐུག ། དཔག་ཏུ་མེད་ པའི་ཞིང་རྣམས་ན། ། བཅོམ་ལྡན་ད་ལྟར་བཞུགས་པའི་རྣམས། ། ཐམས་ཅད་ཁྱོད་ལ་ཀུན་བསྔགས་པས། ། ཐོས་ནས་ཐམས་ཅད་འདི་རུ་ལྷགས། ། ཐམས་ཅད་མཁྱེན་པ་རྒྱ་མཚོ་ཡི། ། ཡང་དག་ཡོན་ཏན་ཚད་མ་མཆིས། ། སེམས་ཅན་མང་པོའི་དོན་མཛད་པ། ། མོས་ པའི་སེམས་ཀྱིས་ཕྱག་འཚལ་ལོ། ། ཚད་མེད་བསོད་ནམས་རྫོགས་བགྱིས་པས། ། བཅོམ་ལྡན་ཞབས་ལ་ཕྱག་འཚལ་གྱུར། ། ཚད་མེད་བསྐལ་པའི་བར་དུ་ཡང་། ། མཆོད་པ་མང་པོས་མཆོད་པར་ཤོག ། བདག་ཀྱང་བཅོམ་ལྡན་ཇི་བཞིན་དུ། ། དེ་ལྟ་བུ་ཡི་དམ་བཅས། ། རྙོག་པ་ཅན་གྱི་འཇིག་རྟེན་འདིར། ། བླ་མེད་བྱང་ཆུབ་ཐོབ་པར་ཤོག ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་ཚིགས་སུ་བཅད་པ་དམ་པ་འདི་དག་གིས། བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་འཁོར་དང་བཅས་ཏེ་གཞན་ཡང་ལྷ་རྫས་ཀྱི་བསུང་ དང་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་རིན་པོ་ཆེའི་རྒྱན་ཚད་མེད་པ་སྙེད་ཀྱིས།
BO
བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས་སྟེང་གི་བར་སྣང་ལ་རིན་པོ་ཆེའི་གདུགས་སུ་གྱུར་ཏེ། དམ་པའི་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཅི་ཡང་མི་སྨྲ་བར་འདུག་གོ། ། དེའི་ཚེ་འཁོར་ གྱི་དཀྱིལ་འཁོར་དེར་འདུས་པའི་འཁོར་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་མཐོང་ནས་ངོ་མཚར་རྨད་དུ་གྱུར་ཏེ། སོ་སོ་ནས་རྣམ་པ་སྣ་ཚོགས་ཀྱི་ལྷ་རྫས་ཀྱི་སྤོས་དང་། མེ་ཏོག་རིན་པོ་ཆེའི་རྒྱན་དང་། ན་བཟའ་དང་། རྒྱལ་མཚན་དང་། བ་དན་ དང་། གདུགས་ལ་སོགས་པ་ཕུལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་སྨྲས་སོ། ། བདག་ཅག་གིས་རྙེད་པ་རབ་ཏུ་རྙེད་དོ། ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་མངོན་སུམ་དུ་སྐྱེས་བུ་ཆེན་པོ་ཁྱོད་མཐོང་ནས་ བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་པར་གྱུར་ཏོ་ཞེས་སྨྲའོ། ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་པར་ཐེ་ཙོམ་འདྲི་ཞེས་བྱ་བ་ཞིག་འདུག་པ་སྟན་ལས་ལངས་ནས་གོས་ཚགས་བཅོས་ཏེ་ཕྲག་པ་གཡས་པ་ཕྱུང་ནས།
BO
བཅོམ་ ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འདི་གང་ནས་མཆིས། གནས་པའི་ སངས་རྒྱས་ཀྱི་ཞིང་འདི་ནས་ཇི་སྲིད་ཅིག་ན་མཆིས། ཡོན་ཏན་དང་དགེ་བའི་རྩ་བ་ཇི་ཙམ་ཞིག་དང་ལྡན་ན་བཅོམ་ལྡན་འདས་ཀྱིས་བསྟོད་པ་རྣམ་པ་སྣ་ཚོགས་ཀྱིས་བསྔགས་ལ་ཕྱིར་ཡང་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་བསྟོད་ པར་གྱུར། བདག་ཅག་གིས་སྔོན་མ་མཐོང་བས་ངོ་མཚར་དུ་གྱུར་ན་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཐོང་ཤིག ། སྐྱེས་བུ་ཆེན་པོ་འདིའི་ཡོན་ཏན་དང་དགེ་བའི་རྩ་བ་ཇི་ཙམ་པ་དེ་འཇིག་རྟེན་དུ་ བཅས་པ་ལྷ་དང་མིའི་འཁོར་ཐམས་ཅད་ཀྱིས་རྟོགས་པར་ནུས་པ་མ་ཡིན་ནོ། ། གལ་ཏེ་དེ་བཞིན་གཤེགས་པས་སྐྱེས་བུ་ཆེན་པོ་དེའི་ཡོན་ཏན་དང་དགེ་བའི་རྩ་བ་རྒྱས་པར་བཤད་ན་འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་ཀྱི་མགོ་རྨོངས་ཏེ་ཡིད་མི་ཆེས་པར་འགྱུར་རོ། །
BO
དེ་ནས་ བྱང་ཆུབ་སེམས་དཔའ་རིགས་པར་ཐེ་ཙོམ་འདྲི་བས་ཡང་། གསོལ་པ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་ཕྱོགས་ཙམ་ ཞིག་བཤད་པར་བྱའོ། ། ཇི་ལྟར་སྐྱེས་བུ་ཆེན་པོ་དེའི་ཡོན་ཏན་གྱི་ཁྱད་པར་ཚད་མེད་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། ། འདི་ལྟ་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་ལ་བདེ་བར་གནས་པའོ། ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང་ཤིན་ ཏུ་རྟོགས་པར་འཇུག་པའོ། ། མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་ཁྱད་པར་ཡང་ཐོབ་པའོ། ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་དུ་གྱུར་པའོ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ལ་བཟོད་པ་ཐོབ་པའོ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའོ། ། སེང་གེ་རབ་ཏུ་བསྒྱིངས་པའི་རྒྱལ་མཚན་གྱི་ཏིང་ངེ་འཛིན་ལ་ཡང་ཤིན་ཏུ་གནས་པའོ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རི་ལ་ཡང་རབ་ཏུ་འཛེགས་པའོ། ། མུ་སྟེགས་ཅན་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཆོམས་པ་སྟེ།
BO
སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་ བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་ཐམས་ཅད་དུ་དེ་གནས་པར་བྱེད་དོ། ། སྐྱེས་བུ་ཆེན་པོ་དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་གནས་ཏེ། གང་ཏིང་ངེ་འཛིན་རྣམས་ཀྱིས་ཚད་མེད་པའི་ཡོན་ཏན་གྱི་ཁྱད་པར་སྐྱེད་པར་གྱུར་པས་གདུལ་བའི་སེམས་ ཅན་ཚད་མེད་པ་དག་ཡོངས་སུ་སྨིན་པར་བྱེད་དོ། ། སྐྱེས་བུ་ཆེན་པོ་དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་ཡེ་ཤེས་མངོན་པར་སྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་ དེ་ན་གནས་པའི་སེམས་ཅན་ཐམས་ཅད་འཐུན་པར་ཏིང་ངེ་འཛིན་རྣམས་ཀྱི་སྤྱོད་ཡུལ་ཀུན་མཐོང་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ།
BO
གལ་ཏེ་དཔག་ཏུ་མེད་པའི་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ཅི་ནུས་པ་བཞིན་དུ་ཚད་མེད་པའི་མཆོད་པའི་ཡོ་བྱད་དམ་པས་སངས་རྒྱས་བཅོམ་ལྡན་འདས་དེ་ལ་བསྟི་སྟང་དང་བཅས་པས་མཆོད་པར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་ སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་རྣམ་པར་དག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་འཐུན་པར་འདོད་པའི་སྤྱོད་ཡུལ་གྱི་ ཉེས་པའི་སྐྱོན་ཚད་མེད་པ་མཐོང་ནས་སེམས་རྣམ་པར་དག་པར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ།
BO
གལ་ཏེ་ཁྲེལ་བ་དང་ངོ་ཚ་བ་དང་ལྡན་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་ མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ལྷག་པའི་འཛེམ་པ་དང་ངོ་ཚ་བ་དང་ལྡན་ཞིང་སྡིག་པ་མི་དགེ་བའི་ཆོས་དང་ཡོངས་སུ་བྲལ་ནས་བསམ་པ་མི་ཉམས་པར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ ཏེ། གལ་ཏེ་ཐེག་པ་ཐམས་ཅད་དང་ལྡན་པ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ཐབས་མཁས་པའི་རྫུ་འཕྲུལ་གྱི་མིག་གི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་དྲན་པའི་མངོན་པར་ཤེས་ པ་དང་། འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་དང་། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་རྒྱུ་དང་འབྲས་བུ་མངོན་པར་རྟོགས་པར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་མྱ་ངན་མེད་པའི་མངོན་པར་ཤེས་པས་ རིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་མྱ་ངན་དང་།
BO
ཡི་མུག་པ་དང་། རྨུགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་ རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་མངོན་པར་ཤེས་པའི་ཁྱད་པར་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན། སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ཐབས་མཁས་པའི་མངོན་པར་ཤེས་པ་དང་ལྡན་པར་འགྱུར་རོ། ། དེ་ཇི་ ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་འཇིག་རྟེན་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་པ་དང་བྲལ་ཏེ། སངས་ རྒྱས་ཀྱི་ཞིང་དེ་ན་གནས་པ་ཐམས་ཅད་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཀུན་མངོན་སུམ་དུ་མཐོང་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་སངས་རྒྱས་ཀྱི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ལོག་པར་ལྟ་བ་ཡོངས་སུ་སྤངས་ནས།
BO
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་གྱུར་ཏེ། གལ་ཏེ་རྡོ་རྗེའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་གི་རི་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། རི་རབ་ལྷུན་པོ་དང་། དེ་མ་ཡིན་པའི་རི་གཞན་དང་། ལུང་པ་དང་། ལུང་ཕྲན་དང་། གཅོང་རོང་དང་། གསེག་མ་དང་། གྱོ་མོ་དང་། ཚེར་མ་དང་། རྩྭ་དང་། ཤིང་ངན་པ་ཐམས་ཅད་མི་སྣང་ངོ་། ། སངས་རྒྱས་ཀྱི་ཞིང་དེ་ན་ཇི་ཙམ་དུ་ངན་པར་གདགས་པ་དུག་དང་། བྱད་སྟེམས་དང་། གཅན་གཟན་མ་རུངས་པ་དང་། ཡེ་འདྲོག་དང་། གློ་བུར་དང་། རིམས་ནད་དང་། ཡུལ་ ངན་དང་། ནམ་རྨུས་པ་དང་། རྡུལ་དང་། དྲི་མ་དང་། མི་གཙང་བའི་ཉལ་ཉིལ་ཐམས་ཅད་ཀྱང་ཞི་ཞིང་མེད་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་དེའི་ས་གཞི་ཡང་ལག་མཐིལ་བཞིན་དུ་མཉམ་ཞིང་བཀྲ་ཤིས་པ་རྣམ་པ་སྣ་ཚོགས་རང་འབྱུང་བ་དང་། རྣམ་པར་དག་པར་འགྱུར་ བ་དང་། ཕུལ་དུ་འགྱུར་བ་དང་། དམ་པར་འགྱུར་བ་དང་། མཚན་མ་བཟང་པོ་དུ་མས་ཡོངས་སུ་བརྒྱན་པར་འགྱུར་རོ། །
BO
དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་ཡེ་ཤེས་ཀྱི་སྟོབས་གདུལ་དཀའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་ཏེ་ཐམས་ཅད་འཇིགས་སྐྲག་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ དེ་བཞིན་དུ་འགྱུར་ཏེ། གལ་ཏེ་གློག་གི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་འཇིག་རྟེན་ཕ་རོལ་གྱི་འཇིགས་པ་དང་བྲལ་ཞིང་ཆོས་ཀྱིས་སྤྲོ་བར་འགྱུར་རོ། ། དེ་ཇི་ལྟར་ གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་མཆོག་དམ་པའི་རོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་སེམས་ཅན་ཐམས་ཅད་བསམས་པ་བཞིན་དུ་ཟས་དང་ སྐོམ་གྱིས་ཚིམ་པར་འགྱུར་རོ། །
BO
དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་མཆོག་གི་མདངས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ ཐམས་ཅད་གང་ཡང་ལྷག་པའི་མཐུ་སྟོབས་དང་མི་ལྡན་པ་མེད་དེ་ནད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་མཆོག་དམ་པའི་ཡོ་བྱད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ན། ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ཅི་ལ་མོས་པ་བཞིན་དུ་ཁྲི་སྟན་དང་། གདིང་བ་དང་། གོས་དང་། རིན་པོ་ཆེའི་རྒྱན་དང་། ཅི་ཙམ་དུ་འཚོ་བའི་ཡོ་བྱད་དུ་གཏོགས་པ་དེ་དག་ཐམས་ཅད་ཀྱིས་བྲེལ་ཞིང་ཕོངས་པ་ མེད་དེ་རབ་ཏུ་མཛེས་པ་ཤིན་ཏུ་ཡིད་དུ་འོང་བ་དང་ལྡན་པར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ།
BO
གལ་ཏེ་རྩོད་པ་མེད་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་ དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ལུས་དང་། སེམས་ཟོ་མདོག་བདེ་ཞིང་ཡང་བ་དང་། དགྲ་སྡང་བ་དང་། འཆིང་བ་ཐམས་ཅད་དང་བྲལ་བ་དང་། འདུམ་ཞིང་དགའ་བ་དང་། སྤྲོ་བ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་ འགྲུས་རྩོམ་པ་དང་། སེམས་མི་འཁྲུག་པ་དང་། ཤེས་རབ་ཡོངས་སུ་རྫོགས་པ་ལ་དགའ་ཞིང་མོས་པར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་ཕུལ་དུ་གྱུར་པའི་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་ཁྱད་པར་ཅན་གྱི་རབ་ཏུ་དགའ་བ་ཚད་མེད་པ་དང་ལྡན་པར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ།
BO
གལ་ཏེ་འཇིག་རྟེན་པའི་ལམ་གྱི་འོད་ཅེས་བྱ་བའི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་ཡེ་ཤེས་ཐོབ་ཅིང་རྣམ་པར་དག་པའི་ལས་རྣམ་པ་སྣ་ཚོགས་སྦྱོང་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་ དུ་འགྱུར་ཏེ། གལ་ཏེ་རྒྱལ་བའི་རྡོ་རྗེ་ལ་ཤིན་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་སེམས་ཅན་ཐམས་ཅད་དབང་པོ་ཀུན་དང་ལྡན་ཞིང་དབང་པོ་མི་ཉམས་པ་དང་། རྟག་ཏུ་ཡང་དག་པར་འབྱུང་བའི་ ལམ་ལ་མོས་ཤིང་སེམས་རབ་ཏུ་ཞི་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་ལྷག་པའི་རྒྱལ་མཚན་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་ གནས་པའི་སེམས་ཅན་ཐམས་ཅད་བདག་སྡིག་པ་མི་དགེ་བའི་ཆོས་ལ་ཤིན་ཏུ་སྐྱོ་ཞིང་མི་འདོད་པ་དང་། ཐམས་ཅད་ཀྱང་དགེ་བ་སྲུང་བ་དང་།
BO
དགེ་བ་བཅུའི་ལས་ཀྱི་ལམ་གྱིས་མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་ དུ་འགྱུར་ཏེ། གལ་ཏེ་བྱམས་པ་དང་། སྙིང་རྗེར་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། གནོད་པའམ། འཚེ་བ་མེད་ པའི་སེམས་དང་། ཀུན་ལ་སྙོམས་པའི་སེམས་དང་། གཅིག་ལ་གཅིག་ཕན་པ་དང་བདེ་བར་བྱེད་པའི་སེམས་སྐྱེ་བར་འགྱུར་རོ། ། དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་བསོད་ནམས་ཐམས་ཅད་ཤིན་ཏུ་སྡུད་པ་ཞེས་བྱ་བའི་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པའི་སེམས་ཅན་ཐམས་ཅད་འཐབ་པ་དང་། རྩོད་པ་དང་། ནད་དང་། མུ་གེ་དང་ཡོངས་སུ་བྲལ་ཏེ། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ཁ་བ་དང་། རྩུབ་པ་དང་། ཚ་བ་དང་། སྡུག་བསྔལ་བ་ལ་སོགས་པའི་རེག་བྱའི་ཡུལ་ཡིད་དུ་མི་འོང་བ་ཐམས་ཅད་ཡོངས་སུ་ཞི་བར་འགྱུར་རོ། །
BO
དེ་ལྟར་སྐྱེས་བུ་ཆེན་པོ་དེ་གལ་ཏེ་རྒྱ་མཚོ་གློག་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་དག་གི་ས་ཆེན་པོ་ཐམས་ ཅད་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་བྱས་པར་འགྱུར་ཞིང་ཉེས་པའི་སྐྱོན་ཐམས་ཅད་དང་ཡོངས་སུ་བྲལ་ཏེ་རྣམ་པ་སྣ་ཚོགས་ཀྱི་རིན་པོ་ཆེའི་ཤིང་དང་། གོས་ཀྱི་ཤིང་དང་། སྣོད་ཀྱི་ཤིང་དང་། རྒྱན་གྱི་ཤིང་དང་། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། རོལ་མོ་སྣ་ཚོགས་ཀྱི་ ཤིང་ལ་སོགས་པ་འཚོ་བའི་ཡོ་བྱད་དམ་པ་ཚད་མེད་པ་སྙེད་ཀྱིས་ཡོངས་སུ་བརྒྱན་པར་གྱུར་ཏོ། ། དེ་བཞིན་དུ་མ་དོར་ན་རིགས་ཀྱི་བུ་དེ་ནི་སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཉིན་རེ་ཞིང་སྔ་དྲོའི་དུས་སུ་ཏིང་ངེ་འཛིན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་ཏིང་ངེ་འཛིན་ལ་སྙོམས་ པར་འཇུག་སྟེ། ཏིང་ངེ་འཛིན་དེ་ལས་ལངས་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཀུན་ན་གདུལ་བའི་སེམས་ཅན་ཐམས་ཅད་ལ་ཅི་དང་ཅིས་འདུལ་བ་བཞིན་དུ་ཕན་པ་དང་བདེ་བའི་དོན་དེ་དང་དེ་དག་གིས་ཡོངས་སུ་སྨིན་པར་བྱེད་དོ། །
BO
རིགས་ཀྱི་བུ་འདི་ནི་སྔོན་བསྐལ་པ་ཆེན་པོ་ ཚད་མེད་དཔག་ཏུ་མེད་པའི་བར་དུ་རྙོག་པ་ལྔའི་ཚེ་དེ་བཞིན་གཤེགས་པ་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། ། ཕྱི་མ་མ་འོངས་པའི་དུས་སུ་འཇིག་རྟེན་གྱི་ཁམས་ལ་ལར་གལ་ཏེ་མཚོན་གྱིས་འཇིགས་པ་བྱུང་སྟེ། སེམས་ཅན་དག་ཡོངས་སུ་གདུངས་པར་གྱུར་པ་ན། རིགས་ཀྱི་བུ་འདི་དེ་ལྟ་བུ་དག་མཐོང་ནས་སྔ་དྲོའི་དུས་ཀྱི་ཚེ་ཏིང་ངེ་འཛིན་རྣམས་ཀྱི་མཐུས་མཚོན་གྱིས་འཇིགས་པ་དེ་དག་ཡོངས་སུ་བཅིལ་ནས་སེམས་ཅན་རྣམས་གཅིག་ལ་གཅིག་བྱམས་པའི་སེམས་ཀྱིས་སྙིང་བརྩེ་བར་ བྱེད་དོ། ། འཇིག་རྟེན་གྱི་ཁམས་ལ་ལར་ནད་ཀྱིས་འཇིགས་པ་བྱུང་སྟེ། སེམས་ཅན་ཁ་བཏག་པ་ན་རིགས་ཀྱི་བུ་འདིས་དེ་ལྟ་བུ་དག་མཐོང་ནས་སྔ་དྲོའི་དུས་ཀྱི་ཚེ་ཏིང་ངེ་འཛིན་རྣམས་ཀྱི་མཐུས་ནད་ཀྱིས་འཇིགས་པ་ཡོངས་སུ་བཅིལ་ནས་སེམས་ཅན་རྣམས་རབ་ཏུ་བདེ་བ་ཐོབ་པར་ བྱེད་དོ། ། འཇིག་རྟེན་གྱི་ཁམས་ལ་ལར་གལ་ཏེ་མུ་གེས་འཇིགས་པ་བྱུང་སྟེ་སེམས་ཅན་ཁ་བཏག་པ་ན། རིགས་ཀྱི་བུ་འདིས་དེ་ལྟ་བུ་དག་མཐོང་ནས་སྔ་དྲོའི་དུས་ཀྱི་ཚེ་ཏིང་ངེ་འཛིན་གྱི་མཐུས་མུ་གེས་འཇིགས་པ་ཡོངས་སུ་བཅིལ་ཏེ།
BO
སེམས་ཅན་རྣམས་ཁ་ཟས་ཀྱིས་ཡོངས་ སུ་ཚིམ་པར་བྱེད་དོ། ། རིགས་ཀྱི་བུ་འདིས་དེ་ལྟར་ཏིང་ངེ་འཛིན་མང་པོའི་ཤུགས་ཀྱིས་དེ་ལྟ་བུ་ལ་སོགས་པ་ཚད་མེད་དཔག་ཏུ་མེད། བསམ་གྱིས་མི་ཁྱབ་པའི་ཕན་པ་དང་བདེ་བའི་དོན་གྱིས་སེམས་ཅན་གྱི་དབུགས་འབྱིན་ཏོ། ། རིགས་ཀྱི་བུ་འདི་དེ་ལྟར་ནན་ཏན་གྱི་ཁྱད་པར་ཚད་མེད་གྲངས་ མེད་པ། བསམ་གྱིས་མི་ཁྱབ་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱེད་པའི་དོན་ལ་རབ་ཏུ་བརྩོན་པའོ། ། སྔོན་འདས་པའི་དུས་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བ་དང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་ པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ཟད་མི་ཤེས་པའི་ཡི་དམ་ཆེན་པོ་བཅས་ཏེ། སྙིང་རྗེ་ཆེན་པོ་དང་མི་འཕྲོགས་པའི་བརྩོན་འགྲུས་ཆེན་པོ་རབ་ཏུ་བསྐྱེད་དོ། ། དེ་ལྟར་སྙིང་རྗེ་ཆེན་པོ་དང་མི་འཕྲོགས་པའི་བརྩོན་འགྲུས་བསྐྱེད་དེ་ཟད་མི་ཤེས་པའི་ཡི་དམ་བཅས་པས་གོང་ནས་གོང་དུ་ འཕགས་པའི་ཤུགས་ཀྱིས་ཉིན་ཞག་གཅིག་གམ། སྐད་ཅིག་ཐང་ཅིག་ཙམ་གྱིས་ཀྱང་སོ་སོའི་སྐྱེ་བོ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བཏུལ་ཏེ།
BO
སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་བསྒྲལ་ནས་ཐམས་ཅད་ཅི་དང་ཅི་འདོད་པ་དེ་དང་དེ་དག་གིས་རེ་བ་ཡོངས་སུ་རྫོགས་པར་བྱེད་དོ། ། གནས་གང་ དག་ན་སེམས་ཅན་གང་འདོད་པ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་ཏེ། འདོད་པས་ཡོངས་སུ་གདུངས་པར་གྱུར་པ་དག་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་། དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན་ཅི་དང་ ཅི་འདོད་པ་ཐམས་ཅད་འཐོབ་ཅིང་སྡུག་བསྔལ་དང་བྲལ་ཏེ། སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་བཟའ་བ་དང་། བཏུང་བས་ཕོངས་པར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན་ཅི་དང་ཅི་འདོད་པ་ཐམས་ཅད་འཐོབ་ཅིང་བཟའ་བ་དང་བཏུང་བ་དང་ལྡན་ཏེ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་བགོ་བའམ། རིན་པོ་ཆེའི་རྒྱན་ནམ། ནད་ཀྱི་རྐྱེན་སྨན་ནམ། གདིང་བའམ། ཁྲི་སྟན་ནམ།
BO
འཚོ་བའི་ཡོ་བྱད་ཀྱིས་བྲེལ་ཅིང་ཕོངས་པར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན་ཅི་དང་ཅི་འདོད་པ་རྙེད་ཅིང་བགོ་བ་དང་། རིན་པོ་ཆེའི་རྒྱན་དང་། ནད་ཀྱི་རྐྱེན་སྨན་དང་། གདིང་བ་དང་། ཁྲི་དང་། འཚོ་བའི་ཡོ་བྱད་ཐམས་ཅད་འབྱོར་ཅིང་སྐལ་བ་ཇི་ལྟ་བ་བཞིན་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་དག་བྱམས་སྡུག་པ་དང་བྲལ་ཏེ། དགྲ་སྡང་བར་གྱུར་པ་དང་ཕྲད་པར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་ དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན། བྱམས་སྡུག་པ་དང་ཕྲད་ཅིང་དགྲ་སྡང་བ་དང་བྲལ་ཏེ། སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། །
BO
གནས་གང་དག་ན་སེམས་ཅན་གང་དག་ལུས་དང་ སེམས་ནད་དང་སྡུག་བསྔལ་མང་པོས་གཟིར་བར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན་དེ་ཀུན་ལུས་དང་སེམས་བདེ་ཞིང་ནད་ཐམས་ཅད་དང་བྲལ་ཏེ་སྐལ་ བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་འཐབ་ཅིང་རྩོད་པར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་ བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན་ཞེ་འགྲས་པའི་སེམས་དང་བྲལ་ཏེ་གཅིག་ལ་གཅིག་དགའ་བ་དང་། བཟོད་པ་དང་། གཅིག་ལ་གཅིག་བྱམས་པའི་སེམས་ཀྱིས་འགྱོད་ཅིང་ཆགས་པར་འགྱུར་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་ པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་བཙོན་དུ་བཟུང་སྟེ། བཙོན་རར་བཅུག་གམ། ལྕགས་དང་། ཁོང་སྒྲིལ་དང་། ཤིང་གི་གདོས་ཀྱིས་བཅིངས་སམ།
BO
ཡན་ལག་བཅིངས་ཏེ་སྡུག་བསྔལ་བར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན། དེ་ཀུན་བཙོན་ར་དང་། ལྕགས་དང་། ཁོང་སྒྲིལ་དང་། ལྕགས་སྒྲོག་ལས་ཐར་ཏེ་བག་ཡངས་སུ་གྱུར་ནས་དགའ་བ་དང་། སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་དག་བཙོན་དུ་བཟུང་ནས་གཞུ་བའམ། འཚོག་པའམ། ནན་ལ་བོར་བ་དང་། གསོད་པ་ལ་ཐུག་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་ མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན། དེ་ཀུན་བཙོན་དུ་བཟུང་བ་དང་། གཞུ་འཚོག་པ་དང་། ནན་ལ་བོར་བ་ལས་ཐམས་ཅད་ཐར་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་ གང་དག་ན་སེམས་ཅན་གང་དག་ལུས་དང་སེམས་དུབ་པ་དང་། མཐུ་སྟོབས་དང་མི་ལྡན་ཅིང་།
BO
ཉམ་ཆུང་བདག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན་ དེ་ཀུན་ལུས་དང་སེམས་ཡང་ཞིང་བདེ་བ་དང་མཐུ་སྟོབས་བསྐྱེད་དེ་ཅིས་འདུལ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་དབང་པོ་ཉམས་པ་དང་མ་ཚང་བར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན། དེ་ཀུན་དབང་པོ་མ་ཚང་བ་མེད་ཅིང་དབང་པོ་དང་ལྡན་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་ རོ། ། གནས་གང་དག་ན་སེམས་ཅན་གང་དག་སྨྱོས་ཤིང་སེམས་འཁྲུགས་སམ། འབྱུང་པོའི་གདོན་གྱིས་བརླམས་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་ མཆོད་པ་བྱས་ན།
BO
དེ་ཀུན་སྨྱོས་ཤིང་སེམས་འཁྲུགས་པ་དང་བྲལ་ཏེ་རབ་ཏུ་བདེ་བ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་ མུག་དང་། ཁོང་ཁྲོ་བ་དང་། ཕྲག་དོག་དང་། ང་རྒྱལ་དང་། ངན་པར་ལྟ་བ་དང་། གཉིད་དང་། བག་མེད་པ་དང་། ཐེ་ཙོམ་ལ་སོགས་པས་ལུས་དང་སེམས་གདུངས་ཏེ་མི་འཕོ་བར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་ མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན། དེ་ཀུན་འདོད་ཆགས་ལ་སོགས་པ་དང་བྲལ་ཏེ་ལུས་དང་སེམས་རབ་ཏུ་བདེ་བ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་དག་མེས་ཚིག་པར་གྱུར་པའམ། ཆུས་ཁྱེར་བའམ། རླུང་གིས་ཁྱེར་བའམ། རྦབ་ཏུ་ལྷུང་བའམ། ཤིང་ཀའམ།
BO
ཁང་ཐོག་ནས་ལྷུང་སྟེ་སེམས་དངངས་ཤིང་འཁུམས་པར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན། དེ་ཀུན་མི་བདེ་བའི་བགེགས་དང་། གཡང་ས་དེ་དག་ཐམས་ཅད་ལས་ཐར་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་དག་སྦྲུལ་གདུག་པའམ། གཅན་གཟན་གདུག་པས་ཟིན་ཏམ། དུག་རྣམ་པ་སྣ་ཚོགས་ཀྱིས་ཕོག་པར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་ དང་བཅས་པས་མཆོད་པ་བྱས་ན། དེ་ཀུན་འཚེ་ཞིང་གནོད་པ་ཐམས་ཅད་དང་བྲལ་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་འབྱུང་པོའི་གདོན་གྱིས་བཏབ་སྟེ། རྟག་པའི་རིམས་དང་། ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། སྨྱོས་ནས་ལུས་དང་སེམས་འདར་ཞིང་འཁྲུགས་ཏེ།
BO
དྲན་པ་ཉམས་ཤིང་ཤེས་པ་མེད་པར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་ མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན། དེ་ཀུན་འཇིགས་པ་ལས་རྣམ་པར་གྲོལ་ཏེ་ལུས་དང་སེམས་རབ་ཏུ་བདེ་བ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་ དག་ན་སེམས་ཅན་གང་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། གྲུལ་བུམ་དང་། མདངས་ཟ་བ་དང་། དེ་མ་ཡིན་པ་གཞན་ཡང་སེང་གེ་དང་། སྟག་དང་། སྤྱང་ཀི་ལ་སོགས་པ་གཅན་གཟན་གདུག་པས་ཉེན་པ་དང་། སྔགས་ དང་། བྱད་དང་། གཡུལ་ངོར་ལྷགས་པ་དང་། གཞན་ཡང་འཇིགས་པར་གྱུར་པ་རྣམ་པ་སྣ་ཚོགས་ཀྱིས་དཀྲིས་ཤིང་གླགས་ཏེ། ལུས་དང་སེམས་རབ་ཏུ་དངངས་པར་གྱུར་ནས་ཤི་བས་འཇིགས་ཤིང་འཚོ་བར་འདོད་པ་དང་། བདེ་བ་ཚོལ་ཞིང་སྡུག་བསྔལ་མི་འདོད་པ་དག་གིས་སེམས་ རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན།
BO
དེ་ཀུན་འཇིགས་པ་ཐམས་ཅད་དང་བྲལ་ཏེ་ལུས་དང་སྲོག་ལ་མི་དམའ་བ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་ མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་མང་དུ་ཐོས་པར་འདོད་པའམ། མོས་པ་དག་པར་འདོད་པའམ། ཚུལ་ཁྲིམས་དག་པར་འདོད་པའམ། བསམ་གཏན་བསྒྲུབ་པར་འདོད་པའམ། མངོན་པར་ཤེས་པ་འདོད་པའམ། ཤེས་རབ་འདོད་པའམ། རྣམ་པར་གྲོལ་བ་འདོད་པའམ། གཟུགས་དམ་པ་འདོད་པའམ། སྒྲ་སྙན་པ་འདོད་པའམ། དྲི་ཞིམ་པོ་འདོད་པའམ། རོ་ཞིམ་པོ་འདོད་པའམ། རེག་བྱ་མཆོག་འདོད་པའམ། ཁེ་དང་རྙེད་པ་འདོད་པའམ། གྲགས་པ་འདོད་པའམ། བསོད་ནམས་འདོད་པའམ། བཟོས་འཚོ་བར་འདོད་པའམ། མེ་ཏོག་དང་འབྲས་བུ་འདོད་པའམ། སྐྱེད་མོས་ཚལ་འདོད་པའམ། ཁྲི་སྟན་འདོད་པའམ། གདིང་བ་འདོད་པའམ། ཡུལ་རྒྱུ་བར་འདོད་པའམ། ནོར་དང་འབྲུ་འདོད་པའམ། ནད་ཀྱི་རྐྱེན་སྨན་འདོད་པའམ། ཁང་ཁྱིམ་ འདོད་པའམ། བྲན་ཁོལ་འདོད་པའམ། ཚོན་རྩི་འདོད་པའམ། ཆར་པ་འདོད་པའམ། ཆུ་འདོད་པའམ། ལོ་ཐོག་འདོད་པའམ། བསིལ་ཡབ་འདོད་པའམ། རླུང་བསིལ་བ་འདོད་པའམ། མེ་འདོད་པའམ། ཐེག་པ་འདོད་པའམ། བུ་ཕོ་དང་བུ་མོ་འདོད་པའམ། ཐབས་ མཁས་པར་འདོད་པའམ།
BO
བསོད་ནམས་བྱ་བར་འདོད་པའམ། དྲོ་བར་འདོད་པའམ། བསིལ་བར་འདོད་པའམ། ཡིད་གཞུངས་པར་འདོད་པའམ། དེ་མ་ཡིན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གྱི་དངོས་པོ་རྣམ་པ་སྣ་ཚོགས་འདོད་པའི་ཕྱིར་ཉོན་མོངས་ ཤིང་སྡུག་བསྔལ་གྱིས་གདུངས་པར་གྱུར་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན། རིགས་ཀྱི་བུ་དེའི་ཏིང་ངེ་འཛིན་དམ་པའི་ཡོན་ཏན་དང་། མཐུ་དང་གཟི་བརྗིད་ ཀྱི་ཤུགས་ཀྱིས་དེ་དག་ཐམས་ཅད་སྡུག་བསྔལ་གྱིས་གདུངས་པ་དང་བྲལ་ཏེ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། གནས་གང་དག་ན་སེམས་ཅན་གང་དག་ཞིང་གཤིན་པའམ། ཞིང་མི་གཤིན་པ་ལ་ས་བོན་བཏབ་ནས། གལ་ཏེ་ནན་ཏན་བྱས་ཀྱང་རུང་། ནན་ཏན་མ་བྱས་ཀྱང་རུང་སྟེ། སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན། རིགས་ཀྱི་བུ་ དེའི་ཏིང་ངེ་འཛིན་དམ་པའི་ཡོན་ཏན་དང་། མཐུ་དང་།
BO
གཟི་བརྗིད་ཀྱི་ཤུགས་ཀྱིས་དེ་དག་གི་ལོ་ཐོག་ཐམས་ཅད་ལེགས་ཤིང་འབྲས་བུ་སྨིན་ཅིང་ལེགས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ནི་སྔོན་བསྐལ་པ་ཆེན་པོ་ཚད་མེད་གྲངས་མེད་པའི་བར་དུ་སངས་རྒྱས་ བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་དག་ལ་བརྩོན་འགྲུས་ཆེན་པོའི་སྦྱོར་བ་དང་། བརྟན་པའི་ཡི་དམ་བཅས་པའི་སྨོན་ལམ་གྱི་དབང་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྟག་ཏུ་ས་ཆེན་པོ་ཐམས་ཅད་ཡོངས་སུ་འཛིན་པ་དང་། རྟག་ཏུ་ས་བོན་གྱི་ཚོགས་ཐམས་ཅད་ ཡོངས་སུ་འཛིན་ཅིང་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས་ཡིད་བཞིན་དུ་སྤྱོད་པར་བྱེད་དོ། ། རིགས་ཀྱི་བུ་དེའི་རྫུ་འཕྲུལ་གྱི་མཐུས་ས་ཆེན་པོ་འདི་ལས་སྐྱེ་བའི་རྩྭ་དང་། ཤིང་གི་རྩ་བ་དང་། ཡལ་ག་དང་། མྱུ་གུ་དང་། ལོ་མ་དང་། སྡོང་པོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་ བུ་ལ་སོགས་པ་ཐམས་ཅད་རྒྱས་པར་སྐྱེ་ཞིང་། རྩི་ཤིང་དང་། ལོ་ཏོག་ལ་སོགས་པའི་མེ་ཏོག་དང་། འབྲས་བུ་ཡང་སྨིན་ཅིང་གྲུང་བ་དང་། མངར་བ་དང་། སྣུམ་པ་དང་། དྲི་ཞིམ་པར་བྱེད་དོ། ། གནས་གང་དག་ན་སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་།
BO
གཏི་མུག་ལ་ སོགས་པ་དྲག་ལ་རྣོ་བས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། {བརྫུན་,རྫུན་}དུ་སྨྲ་བ་དང་། ངག་རྩུབ་པོར་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། ཚིག་ཀྱལ་པར་སྨྲ་བ་དང་། འདོད་ཆགས་ཅན་དང་། ཞེ་སྡང་ཅན་དང་། ལོག་པར་ལྟ་བ་དང་། མི་ དགེ་བ་བཅུའི་ལས་ཀྱི་ལམ་མངོན་དུ་སྤྱོད་པ་དག་གིས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན་ཉོན་མོངས་པ་ཐམས་ཅད་ཞི་ཞིང་མི་དགེ་བ་བཅུ་དང་ཡོངས་སུ་བྲལ་ཏེ་དགེ་བ་ བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བ་དང་། ཕན་པ་དང་། བདེ་བའི་སེམས་སྐྱེ་བར་འགྱུར་རོ། ། དེ་ལྟར་རིགས་ཀྱི་བུ་འདི་ནི་དེ་ལྟ་བུའི་ཡོན་ཏན་དམ་པ་དང་། ཏིང་ངེ་འཛིན་དང་། མཐུ་དང་། གཟི་བརྗིད་ཀྱི་ཤུགས་དང་། ཤིན་ཏུ་ བརྩོན་པའི་ཏིང་ངེ་འཛིན་གྱིས་སྐད་ཅིག་ཐང་ཅིག་ཏུ་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པར་ཕྱིན་ཅིང་། སངས་རྒྱས་ཀྱི་ཞིང་དེ་རེ་རེར་ཡང་སྐད་ཅིག་ཐང་ཅིག་གིས་སེམས་ཅན་སྣོད་དུ་གྱུར་པ།
BO
ཚད་མེད་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་སྡུག་བསྔལ་ལས་བསྒྲལ་ནས་ བདེ་བ་ཐོབ་པར་བྱས་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། དེ་ལྟར་རིགས་ཀྱི་བུ་དེ་ནི་དེ་ལྟ་བུའི་ཡོན་ཏན་དང་། སྨོན་ལམ་བརྟན་པ་དང་། ཤིན་ཏུ་འབད་པའི་བརྩོན་འགྲུས་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཁ་ཅིག་ལ་ནི་ཚངས་པ་ཆེན་པོའི་རྒྱལ་པོའི་ལུས་སུ་སྟོན་ཏེ། སེམས་ཅན་རྣམས་ཅིས་འདུལ་བའི་ཆོས་སྟོན་ཏོ། ། ཁ་ཅིག་ལ་ནི་དབང་ཕྱུག་ཆེན་པོའི་ལྷའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་འདོད་ པའི་ཁམས་ཀྱི་གཞན་འཕྲུལ་དབང་བྱེད་གནམ་གྱི་ལྷའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་འཕྲུལ་དགའ་གནམ་གྱི་ལྷའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་དགའ་ལྡན་གནམ་གྱི་ལྷའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་ར་བ་མཚེ་མ་གནམ་གྱི་ལྷའི་ལུས་སུ་སྟོན་ཏོ། ། ཁ་ ཅིག་ལ་ནི་སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་རྒྱལ་ཆེན་བཞིའི་ལྷའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་སངས་རྒྱས་ཀྱི་སྐུར་སྟོན་ཏོ། །
BO
ཁ་ཅིག་ལ་ནི་བྱང་ཆུབ་སེམས་དཔའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ ནི་ཉན་ཐོས་ཀྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་རྒྱལ་རིགས་ཀྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་བྲམ་ཟེའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་དམངས་རིགས་ཀྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་རྗེའུ་རིགས་ཀྱི་ལུས་སུ་ སྟོན་ཏོ། ། ཁ་ཅིག་ལ་ནི་སྐྱེས་པའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་བུད་མེད་ཀྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་གཞོན་ནུའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་བུ་མོའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་དྲི་ཟའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་ལྷ་མ་ཡིན་གྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ ལ་ནི་མིའམ་ཅིའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་ལྟོ་འཕྱེ་ཆེན་པོའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་ཀླུའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་གནོད་སྦྱིན་གྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་སྲིན་པོའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་གྲུལ་བུམ་གྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་ཤ་ ཟའི་ལུས་སུ་སྟོན་ཏོ། །
BO
ཁ་ཅིག་ལ་ནི་{ཡི་དགས་,ཡི་དྭགས་}ཀྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་སྲུལ་པོའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་ལུས་སྲུལ་པོའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་གནོན་པོའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་སེང་གེའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་སྤོས་ཀྱི་བ་ལང་ གི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་རྟའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་ཁྱུ་མཆོག་གི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་གཅན་གཟན་སྣ་ཚོགས་ཀྱི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་གཤིན་རྗེའི་ལུས་སུ་སྟོན་ཏོ། ། ཁ་ཅིག་ལ་ནི་སེམས་ཅན་དམྱལ་བའི་སྲུང་མའི་ལུས་སུ་སྟོན་ཏོ། ། ཁ་ ཅིག་ལ་ནི་སེམས་ཅན་དམྱལ་བ་བའི་སེམས་ཅན་གྱི་ལུས་སུ་སྟོན་ཏོ། ། དེ་དག་ལ་སོགས་པ་ཚད་མེད་གྲངས་མེད་པའི་རྣམ་པ་སྣ་ཚོགས་ཀྱི་ལུས་སྟོན་ཅིང་སྐྱེ་བོ་མང་པོ་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པའི་ས་ལ་འཛུད་དོ། ། རིགས་ཀྱི་བུ་ སྐྱེས་བུ་ཆེན་པོ་དེ་ནི་དེ་ལྟར་དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་ཏེ། དེ་ནི་ཡོན་ཏན་མཆོག་ཏུ་གྱུར་པ་ཕུལ་དུ་གྱུར་པའི་གཏེར་ཡིན་ནོ། །
BO
རྣམ་པར་གྲོལ་བ་རིན་པོ་ཆེ་ཐམས་ཅད་འབྱུང་བའི་འབྱུང་གནས་ཡིན་ནོ། ། བྱང་ཆུབ་སེམས་དཔའ་མང་པོའི་མིག་ཡོངས་སུ་ དག་པ་ཡིན་ནོ། ། མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོར་འགྲོ་བའི་དེད་དཔོན་ཡིན་ནོ། ། དེ་ལྟར་ཆེད་དུ་མ་བྱས་པར་གོང་དུ་རྒྱས་པར་བཤད་པའི་ཡོན་ཏན་ཆེན་པོས་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ཡིན་ནོ། ། འདི་ལྟ་སྟེ། རིགས་ཀྱི་བུ་གལ་ཏེ་འགའ་ཞིག་གིས་བྱམས་པའམ། འཇམ་དཔལ་ལམ། ཀུན་དུ་སྤྱན་རས་གཟིགས་སམ། ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྐལ་པ་བརྒྱའི་བར་དུ་སེམས་རྩེ་གཅིག་ཏུ་སྐྱབས་སུ་སོང་ནས་དེ་དག་གི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་ བཅས་པས་མཆོད་ཅིང་ཕྱག་འཚལ་བ་དང་། འདོད་པའི་རེ་བའི་ཕྱིར་སྨོན་ལམ་བཏབ་པ་བས་འགའ་ཞིག་གིས་སྐད་ཅིག་ཐང་ཅིག་ཡུད་ཙམ་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་ མཆོད་པ་དང་ཕྱག་བྱས་ན་རེ་བའི་སྨོན་ལམ་ཐམས་ཅད་མྱུར་དུ་འགྲུབ་ཅིང་རྫོགས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འདི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་རྣམས་ཀྱི་སྨོན་ལམ་ཡོངས་སུ་ རྫོགས་པར་བྱེད་ན་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲའོ། ། དེ་ལྟར་སྐྱེས་བུ་ཆེན་པོ་འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡུན་རིང་པོ་ནས་སྨོན་ལམ་ཆེན་པོ་ཤིན་ཏུ་བརྟན་པ་དང་། སྙིང་རྗེ་ཆེན་པོ་དང་ཤིན་ཏུ་འབད་པའི་བརྩོན་འགྲུས་བསྒོམས་པའི་ཕྱིར་བྱང་ ཆུབ་སེམས་དཔའ་ཀུན་པས་ཁྱད་པར་དུ་འཕགས་པ་ཡིན་པས་ཁྱེད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་པར་བྱའོ། ། དེ་ནས་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ཉན་ཐོས་དང་། ལྷ་དང་། མི་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་འདུག་པ་ལས་ལངས་ནས་ཅི་ནུས་སུ་སོ་སོ་ནས་གསེར་དང་། དངུལ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་དང་། སྤོས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་མཆོད་པའི་ཕྱིར་མངོན་པར་གཏོར་ཏོ། ། དེ་ མ་ཡིན་པ་གཞན་ཡང་ལྷ་རྫས་ཀྱི་ན་བཟའ་དང་། ནོར་བུ་དང་། ནོར་བུ་རིན་པོ་ཆེ་དང་།
BO
མུ་ཏིག་གི་ཕྲེང་བ་དང་། མུ་ཏིག་གི་སེ་མོ་དོ་དང་། གསེར་དང་། དངུལ་དང་། རིན་པོ་ཆེའི་ཕྲེང་བ་དང་། རྒྱལ་མཚན་དང་། བ་དན་དང་། གདུགས་ལ་སོགས་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སའི་སྙིང་པོ་ལ་མཆོད་པའི་ཕྱིར་ཕུལ་ལོ། ། གཞན་ཡང་ཚད་མེད་པའི་ལྷ་རྫས་ཀྱི་རོལ་མོ་སྙན་པ་དང་། ཚིགས་སུ་བཅད་པའི་བསྟོད་པ་རྣམ་པ་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་བསྟི་སྟང་དང་བཅས་པས་མཆོད་པ་བྱས་སོ། ། དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་རྣམ་པ་སྣ་ཚོགས་ཀྱི་ལྷ་རྫས་ཀྱི་མཆོད་པའི་ཡོ་བྱད་དེ་དག་སླར་བཅོམ་ལྡན་འདས་ལ་ཕུལ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་ རྣམས། ། ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་དབུལ། ། མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་ཚིགས་སུ་བཅད་པ་དེ་སྨྲས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་བ་དང་། དེ་ལ་བཅོམ་ ལྡན་འདས་ཀྱིས་ཚིགས་སུ་བཅད་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །
BO
བརྟན་པའི་བློ་དང་རྣམ་དག་སེམས་བསྐྱེད་ནས། ། སེམས་ཅན་ཚད་མེད་པ་ཡི་སྡུག་བསྔལ་བཅིལ། ། རིན་ཆེན་དག་ལྟར་བདེ་བ་འབྱུང་བར་མཐོང་། ། རྡོ་རྗེ་བཞིན་དུ་ཐེ་ཙོམ་དྲ་བ་གཅོད། ། སྙིང་རྗེ་ཆེན་པོའི་བློ་ཅན་ བརྩོན་འགྲུས་ཀྱིས། ། མཆོད་པ་དམ་པ་བཅོམ་ལྡན་འདས་ལ་དབུལ། ། རྒྱ་མཚོ་ཡེ་ཤེས་སེམས་ཅན་སྡུག་བསྔལ་སྒྲོལ། ། འཇིགས་པ་མེད་པས་སྲིད་པའི་ཕ་རོལ་ཕྱིན། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འདུག་པ་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ཆུ་བོ་བཞི་ལས་སྒྲོལ་བའི་བཅོམ་ལྡན་འདས་ཀྱི་ཉེ་གནས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པ་དྲན་པ་འཕེལ་བ་དང་། བསྲུང་བའི་དྲན་པ་འཕེལ་བ་དང་། འཚོ་བ་འཕེལ་བ་དང་། ལུས་བདེ་ བ་འཕེལ་བ་དང་། ནད་མ་མཆིས་པ་འཕེལ་བ་དང་། གཟུགས་དང་སྟོབས་འཕེལ་བ་དང་། གྲགས་པ་འཕེལ་བ་དང་། འཚོ་བའི་ཡོ་བྱད་འཕེལ་བ་དང་། གཉེན་བཤེས་འཕེལ་བ་དང་། སློབ་མ་འཕེལ་བ་དང་། ཚུལ་ཁྲིམས་འཕེལ་བ་དང་། མང་དུ་ཐོས་པ་འཕེལ་བ་དང་། སྦྱིན་པ་ འཕེལ་བ་དང་། ཏིང་ངེ་འཛིན་འཕེལ་བ་དང་། བཟོད་པ་འཕེལ་བ་དང་།
BO
ཐབས་མཁས་པ་འཕེལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་དག་དང་། འཕགས་པའི་བདེན་པ་འཕེལ་བ་དང་། ཐེག་པ་ཆེན་པོའི་ཡང་དག་པའི་ལམ་ལ་གཞོལ་བའི་འཕེལ་བ་དང་། ཆོས་ཀྱི་སྒྲོན་མ་འཕེལ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་འཕེལ་བ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་འཕེལ་བ་དང་། རྣམ་པར་དཀར་བའི་ཆོས་འཕེལ་བ་དང་། ཁམས་གསུམ་དུ་གྲགས་པ་འཕེལ་བ་དང་། ཁམས་གསུམ་དུ་ཆོས་ཀྱི་ཆར་འཕེལ་བ་དང་། ས་ཆེན་པོ་ཐམས་ཅད་ཀྱི་རོ་བྲོ་བ་ འཕེལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མདངས་དང་དགེ་བའི་ལས་འཕེལ་བ་དང་། ཆོས་ཀྱི་དགའ་བ་དང་དགེ་བ་སྤྱོད་པ་འཕེལ་བ་དང་། ཤེས་རབ་ཀྱི་འོད་འཕེལ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་འཕེལ་བ་དང་། སྤྱན་ལྔ་འཕེལ་བ་དང་། དབང་བསྐུར་བ་འཐོབ་པ་དང་། ལྷར་སྐྱེ་བ་དང་། མྱ་ངན་ལས་འདའ་བ་འཕེལ་བ་ལ་སོགས་པ་ཐོབ་པར་བྱེད་པ་ནས། འདི་ལྟ་སྟེ། མེ་དང་ཆུར་ལྡན་པ་དང་། བཀྲ་ཤིས་ཀྱི་འོད་སྣང་བ་དང་། ཐོས་པ་འཛིན་པའི་རིག་སྔགས་ཆེན་པོ་དང་། གཟུངས་ཀྱི་ཚིག་འདི་བདག་གིས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ལ་བསྙེན་བཀུར་བགྱིས་ནས་གཟུངས་འདི་ཐོས་ཏེ།
BO
གཟུངས་འདིས་ནི་རྣམ་པར་དཀར་བའི་ཆོས་ཐམས་ཅད་འཕེལ་ཞིང་སྐྱེ་བ་དང་། ས་བོན་གྱི་ཚོགས་དང་། རྩ་བ་དང་། མྱུ་གུ་དང་། ཡལ་ག་དང་། སྡོང་པོ་དང་། ལོ་མ་དང་། འདབ་མ་དང་། མེ་ ཏོག་དང་། འབྲས་བུ་དང་། རྩི་ཤིང་དང་། ལོ་ཐོག་གི་བྲོ་བ་དང་། བསུང་འཕེལ་ཞིང་སྐྱེ་བ་དང་། ཆར་ཆུ་དང་ལྡན་པ་དང་། ཕན་པར་འགྱུར་བའི་ས་དང་། ཆུ་དང་། མེ་དང་། རླུང་འཕེལ་ཞིང་སྐྱེ་བ་དང་། དགའ་བ་དང་། བདེ་བ་འཕེལ་ཞིང་སྐྱེ་བ་དང་། རིན་པོ་ཆེ་དང་ནོར་རྫས་འཕེལ་ཞིང་སྐྱེ་བ་དང་། མཐུ་སྟོབས་འཕེལ་ཞིང་སྐྱེ་བ་དང་། འཚོ་བའི་ཡོ་བྱད་ཐམས་ཅད་འཕེལ་ཞིང་སྐྱེ་བར་འགྱུར་རོ། ། ཡང་གཟུངས་འདིས་ནི་ཤེས་རབ་སྐྱེ་བས་ཉོན་མོངས་པའི་དགྲ་ཡང་ཡོངས་སུ་བཅོམ་པར་འགྱུར་བའི་སྔགས་ལ་འདི་ལྟ་སྟེ། ཚིམ་བྷོ་ཚིམ་བྷོ། ཙིམ་ཚིམ་བྷོ། ཨཱ་ཀཱ་ཥ་ཚིམ་བྷོ། བ་ཀ་ར་ ཚིམ་བྷོ། ཨ་མ་བར་ཚིམ་བྷོ། བར་ཚིམ་བྷོ། བ་ཙིར་ཚིམ་བྷོ། ཨ་རོ་ག་ཚིམ་བྷོ། དྷརྨ་ཚིམ་བྷོ། ས་ཏེ་བ་ཚིམ་བྷོ། ས་ཏེ་ནི་ཧ་ལ་ཚིམ་བྷོ། བི་བ་རོ་ཀ་ཤ་བ་ཚིམ་བྷོ། ཨུ་པ་ཤ་མ་ཚིམ་བྷོ། ནཱ་ཡན་ཚིམ་བྷོ། པྲཛྙཱ་ས་མ་མོ་ནེ་རཏྣ་ཚིམ་བྷོ། ཀྵ་ཎ་ཚིམ་བྷོ། བི་ཥེ་མ་བ་རི་ཡཱ་ཚིམ་ བྷོ། ཤཱ་སཱི་ཏ་ལ་མ་བ་ཚིམ་བྷོ།
BO
བི་ཨ་དྲ་སོ་ཏ་མ་ཧེ་ལེ། དམ་བེ་ཡ་མ་བེ། ཙཀྲཱ་སེ། ཙཀྲཱ་བ་སི་ལེ། ཀྵི་ལེ་ཕི་ལེ་ཀ་ར་བྷ། བཱ་ར་བ་རཱི་ཏེ། ཧ་སེ་རེ་པྲ་རཱ་བེ། པ་རེ་ཙ་རཱ་བྷན་དཱ་ནེ། ཨ་ར་དཱ་ནེ། ཕཱན་ར། ཙ་ཙ་ཙ་ཙ། ཧི་ལེ་མི་ལེ། ཨ་ཁ་ཏ་ཐཱ་གེ་ཁེ། ཐག་ཁཱི་ལོ། ཐྷཱ་རེ་ཐྷཱ་རེ། མི་ལེ་མ་དྷེ། ནན་ཏེ་ཀུ་ལེ་མི་ལེ། ཨང་ཀུ་ཙི་ཏ་བྷེ། ཨཱ་རཻ་གྱི་རེ། བ་ར་གྱི་རེ། ཀུ་ཏ་ཤ་མ་མ་ལེ། ཏོན་གྱེ་ཏོན་གྱེ། ཏོན་གཱུ་ལེ། ཧུ་རཱུ་ཧུ་རཱུ་ཧུ་རཱུ། ཀུ་ལོ་སྟོ་མི་ལེ། མེ་རི་ཏོ། མེ་རི་ཏེ། བྷན་དྷ་ཏ། ཧ་ར་ཁ་མ་རེ་མ། ཧུ་རུ་ཧུ་རུ། སྲིད་པའི་དྲི་མ་སྦྱོང་བ་དགེ་བར་གསུངས། ། འཐབ་ རྩོད་བསྐལ་པ་ཞི་བའང་དགེ་བར་གསུངས། ། མི་དགེ་བསམ་པ་སྦྱོང་བ་དགེ་བར་གསུངས། ། འབྱུང་བ་ཆེན་པོ་སྦྱོང་བའང་དགེ་བར་གསུངས། ། ངན་པར་འགྲོ་བ་སྦྱོང་བ་དགེ་བར་གསུངས། ། སྡིག་པའི་བག་ཆགས་སྦྱོང་བའང་དགེ་བར་གསུངས། ། རེ་བ་རྫོགས་པར་བྱེད་པ་དགེ་བར་གསུངས། ། ལོ་ ཐོག་སྨིན་པར་བྱེད་པའང་དགེ་བར་གསུངས། ། སངས་རྒྱས་ཀུན་གྱིས་དགེ་བར་གསུངས་པ་འདི། ། དེ་བཞིན་གཤེགས་པ་ཀུན་གྱིས་བྱིན་བརླབས་པ། ། དགེ་བར་གསུངས་འདིས་བྱང་ཆུབ་སེམས་དཔའི་རྣམས། །
BO
བྱིན་གྱིས་རློབ་མཛད་རྗེས་སུ་ཡི་རང་ངོ་། ། བཅོམ་ལྡན་འདས་དེ་ལྟར་མེ་དང་ཆུ་དང་ ལྡན་པ་དང་། བཀྲ་ཤིས་ཀྱི་འོད་སྣང་བ་དང་། ཐོས་པ་འཛིན་པའི་རིག་སྔགས་ཆེན་པོ་གཟུངས་ཀྱི་ཚིག་འདི་ནི་བདག་གིས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ལ་བསྙེན་བཀུར་བགྱིས་པས་ཐོས་སོ། ། གཟུངས་འདི་ནི་རྣམ་པར་དཀར་བའི་ཆོས་ཐམས་ཅད་འཕེལ་ ཞིང་སྐྱེ་བར་བགྱིད་པ་ནས་དེ་བཞིན་དུ་རྒྱས་པའི་ལོངས་སྤྱོད་པའི་ཡོ་བྱད་ཐམས་ཅད་ཀྱི་བར་དུ་འཕེལ་ཞིང་སྐྱེ་བར་བགྱིད་དོ། ། བཙུན་པ་བཅོམ་ལྡན་འདས་གཟུངས་འདིས་ནི་ཆུ་བོ་བཞི་ལས་སྒྲོལ་བར་བྱེད་དོ། ། བཅོམ་ལྡན་འདས་ཀྱི་ཉེ་གནས་སུ་གྱུར་པ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པའི་དམིགས་པ་འཕེལ་བར་བགྱིད་པ་ནས། དེ་བཞིན་དུ་རྒྱས་པར་འཚོ་བའི་ཡོ་བྱད་ཐམས་ཅད་ཀྱི་བར་དུ་འཕེལ་ཞིང་སྐྱེ་བར་བགྱིད་དོ། ། གཟུངས་འདི་ནི་བཅོམ་ལྡན་འདས་ཀྱིས་འཕགས་པའི་གསུང་རབ་བདུད་རྩི་ལྟ་བུ་ཡོངས་སུ་རྒྱས་པ་དང་། ཡུན་དུ་གནས་ཤིང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་འགྱུར་རོ། །
BO
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་ཐོས་པ་འཛིན་པའི་རིགས་སྔགས་ཆེན་པོ་དང་། གཟུངས་ཀྱི་ཚིག་འདི་སྨྲས་པ་ན། རི་ཁ་ལ་ཏེ་ཡ་རབ་ཏུ་གཡོས་ནས་ ལྷའི་རོལ་མོ་བྱེ་བ་ཁྲག་ཁྲིག་ཀྱང་མ་དཀྲོལ་བར་རང་འཁྲོལ་ཏེ། ལྷའི་སྤོས་དང་། མེ་ཏོག་དང་། རིན་པོ་ཆེ་ཚད་མེད་པ་རྣམ་པ་སྣ་ཚོགས་ཆར་བཞིན་དུ་བབས་ནས་དེའི་ཚེ་འཁོར་མང་པོ་དེ་དག་ཐམས་ཅད་ཀྱང་ངོ་མཚར་རྨད་དུ་གྱུར་ཏོ། ། དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་ན་ལྷ་མོ་ བཀྲ་ཤིས་ཆེན་མོ་དང་། དཔལ་ལྡན་ལྷ་མོ་ཆེན་མོ་དང་། མཆོད་དབྱངས་ལྷ་མོ་ཆེན་མོ་དང་། བརྟན་པ་ལྷ་མོ་ཆེན་མོ་དང་། ཆུ་ཅན་ལྷ་མོ་ཆེན་མོ་དང་། འོད་ཆེན་ལྷ་མོ་ཆེན་མོ་ལ་སོགས་པ་ལྷ་མོ་འབྱུང་བ་ཆེན་པོ་བཞི་ལ་དབང་དུ་གྱུར་པ་སྟོང་ཕྲག་{བཅྭ་,བཅོ་}བརྒྱད་འདུག་པ་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་བསྟི་སྟང་དང་བཅས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ངོ་མཚར་ཆེའོ། ། བཅོམ་ལྡན་འདས་ངོ་མཚར་ཆེའོ། ། བདེ་བར་གཤེགས་པ་བདག་གིས་འབྱུང་བ་ཆེན་པོ་བཞི་དག་ལ་དབང་སྒྱུར་མོད་ཀྱི་ འབྱུང་བ་ཆེན་པོ་བཞིའི་ཐོག་མ་དང་། བར་མ་དང་།
BO
ཐ་མའི་སྐྱེ་བ་དང་། འགག་པ་དང་། འཐུན་པ་དང་། མི་འཐུན་པའི་ཕྱོགས་མི་འཚལ་ཏེ། སྐྱེས་བུ་ཆེན་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྲ་བ་ཤིན་ཏུ་ཟབ་མོ་ཐོབ་ནས་འབྱུང་བ་ཆེན་པོ་བཞིའི་ཐོག་མ་དང་། བར་མ་དང་། ཐ་མའི་མཚན་ཉིད་ དང་། སྐྱེ་བ་དང་། འགག་པ་དང་། འཐུན་པ་དང་། མི་འཐུན་པའི་ཕྱོགས་ལ་ཤིན་ཏུ་མཁས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། རིགས་ཀྱི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྲ་བ་ཤིན་ཏུ་ཟབ་མོ་ཐོབ་པས་འབྱུང་བ་ཆེན་པོ་བཞིའི་ཐོག་མ་དང་། བར་ མ་དང་། ཐ་མའི་མཚན་ཉིད་སྐྱེ་བ་དང་། འགག་པ་དང་། འཐུན་པ་དང་། མི་འཐུན་པའི་ཕྱོགས་ལ་ཤིན་ཏུ་མཁས་སོ། ། ལྷ་མོ་འདི་ལྟར་ཤེས་པར་བྱའོ། ། འདི་ལྟ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཡོན་ཏན་མང་པོ་དང་ལྡན་པས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཆར་ བཞིན་དུ་འབབ་སྟེ། སེམས་ཅན་མང་པོ་ལ་སྦྱིན་པ་བྱེད་དོ། ། རིགས་ཀྱི་བུ་འདི་ཡང་དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཆར་བཞིན་དུ་འབེབས་ཏེ་སེམས་ཅན་ལ་སྦྱིན་པ་བྱེད་དོ། ། འདི་ལྟ་སྟེ།
BO
རིན་པོ་ཆེའི་གླིང་ལྟར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་ གང་བ་བཞིན་དུ་རིགས་ཀྱི་བུ་འདི་ཡང་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་ལྡན་ནོ། ། འདི་ལྟ་སྟེ། ལྷ་རྫས་ཀྱི་ཤིང་པ་རི་ཙི་ཏྲ་ལ་བསུང་དང་མེ་ཏོག་གིས་མཛེས་པ་བཞིན་དུ་རིགས་ཀྱི་བུ་འདི་ཡང་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་མཛེས་སོ། ། འདི་ལྟ་སྟེ། སེང་གེའི་རྒྱལ་པོ་ནི་{རི་དགས་,རི་དྭགས་}ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་ཅིང་མི་སྐྲག་པ་བཞིན་དུ་རིགས་ཀྱི་བུ་འདི་ཡང་སེམས་ཅན་ཐམས་ཅད་ཀྱིས་བག་ཚ་བའམ་ཟིལ་གྱིས་ནོན་པ་མེད་དོ། ། འདི་ལྟ་སྟེ། ཇི་ལྟར་ཉི་མ་གསལ་བས་འཇིག་རྟེན་གྱི་མུན་པ་ཐམས་ཅད་ཡོངས་སུ་སེལ་བ་ བཞིན་དུ་རིགས་ཀྱི་བུ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་ངན་པར་ལྟ་བའི་མ་རིག་པའི་མུན་པ་ཐམས་ཅད་སེལ་བའོ། ། འདི་ལྟ་སྟེ། ནམ་ཐང་བའི་ཟླ་བ་ནི་མཚན་མོའི་དུས་སུ་ལམ་སྟོར་བའི་སེམས་ཅན་ཐམས་ཅད་ལ་བདེ་བའི་ལམ་སྟོན་ཏེ། གར་འགྲོ་བར་དགའ་བ་བཞིན་དུ་ཕྱིན་པར་འགྱུར་ བ་ལྟར།
BO
རིགས་ཀྱི་བུ་འདི་ཡང་མ་རིག་པའི་མཚན་མོར་ཐེག་པ་གསུམ་ལས་འབྲོག་བསླད་དེ་འཁོར་བའི་འབྲོག་དགོན་པར་འཁྱམ་པའི་སེམས་ཅན་ཐམས་ཅད་ལ་ཐེག་པ་གསུམ་གྱིས་ཡང་དག་པའི་ལམ་སྟོན་ཅིང་སྐལ་བ་ཇི་ལྟ་བ་བཞིན་དུ་ཐབས་ཀྱིས་ཡང་དག་པར་འབྱུང་བའི་ལམ་ལ་འགོད་ པར་བྱེད་དོ། ། འདི་ལྟ་སྟེ། ས་ཆེན་པོ་ལ་ནི་ས་བོན་གྱི་ཚོགས་ཐམས་ཅད་དང་། རྩི་ཤིང་དང་། ལོ་ཐོག་དང་། སའི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་ལྟར། རིགས་ཀྱི་བུ་འདི་ལ་ཡང་བྱང་ཆུབ་ཀྱི་ཡན་ལག་ཁྱད་པར་ཅན་གྱི་ཆོས་ཐམས་ཅད་སྟོན་པའི་ གནས་སོ། ། འདི་ལྟ་སྟེ། རིན་པོ་ཆེ་ཆེན་པོའི་རི་རབ་རིའི་རྒྱལ་པོ་ནི་ཤིན་ཏུ་བརྟན་ཞིང་མ་གོད་མ་ཉམས་པ་བཞིན་དུ་རིགས་ཀྱི་བུ་འདི་ཡང་སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་གནས་ཤིང་སེམས་ཅན་ཐམས་ཅད་མི་གཏོང་བའི་ཕྱིར་མི་ཉམས་པ་དང་། དགེ་བའི་རྩ་ བ་ཐམས་ཅད་ལ་གཏོང་བའི་ཕྱིར་མ་གོད་པའོ། ། འདི་ལྟ་སྟེ། ནམ་མཁའ་ལ་སེམས་ཅན་ཐམས་ཅད་སྤྱོད་པ་བཞིན་དུ། རིགས་ཀྱི་བུ་འདི་ཡང་སེམས་ཅན་ཐམས་ཅད་དེ་ལ་ལོངས་སྤྱོད་དོ། ། རིགས་ཀྱི་བུ་འདི་ནི་དེ་ལྟར་ཡོན་ཏན་ཚད་མེད་དཔག་ཏུ་མེད་པ་དང་ལྡན་ནོ། །
BO
དེའི་ཚེ་ འཁོར་མང་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་ཡོན་ཏན་ཚད་མེད་པ་དང་ལྡན་པ་བསྟོད་པ་ཐོས་ནས་ངོ་མཚར་རྨད་དུ་གྱུར་ཏེ། བཀུར་སྟི་དང་རིམ་གྲོ་བྱས་ནས་རབ་ཏུ་དགའ་བས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་མིག་མི་ འཛུམས་པར་ལྟའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྐྱེས་བུ་ཡང་དག་ས་ཡི་སྙིང་པོ་ནི། ། ཡོན་ཏན་མང་པོ་ཕུན་སུམ་ཚོགས་པར་ལྡན། ། དགེ་སྦྱོང་ཆ་ལུགས་འཛིན་ཅིང་སྟོན་བྱེད་པ། ། སྟོན་པ་ཆེན་ པོ་ལ་ནི་ཕྱག་འཚལ་ལྷགས། ། སེམས་ཅན་ཀུན་ལ་བདེ་བ་རབ་ཏུ་བྱིན། ། སྲིད་པ་གསུམ་གྱི་སྡུག་བསྔལ་ཀུན་ལ་སྒྲོལ། ། ཚད་མེད་རྣམ་པ་སྣ་ཚོགས་ཆར་ཕབ་ནས། ། སྟོན་པ་ཆེན་པོ་ལ་ནི་མཆོད་པ་བྱེད། ། བརྒྱ་བྱིན་དྲི་མ་མེད་པར་སྐྱེས་པ་དེས། ། ཕྱོགས་བཞི་ཀུན་ དུ་བལྟས་ཤིང་བརྟགས་ནས་སུ། ། ཐལ་མོ་སྦྱར་ནས་བསྟི་སྟང་རབ་བཅས་ཏེ། ། སྟོན་པ་ཆེན་པོ་ལ་ནི་བསྔགས་ཤིང་བསྟོད། ། བདག་གིས་བཅོམ་ལྡན་འདས་ཀྱི་འཁོར་མཐོང་བ། ། ནོར་བུ་རིན་པོ་ཆེ་ཡི་འོད་ཟེར་ལྟར། ། སངས་རྒྱས་མང་པོའི་ཞིང་ཀུན་སྣང་བྱས་ཏེ། །
BO
ཐམས་ཅད་གསལ་ བར་མ་གྱུར་གང་ཡང་མེད། ། མངོན་ཤེས་དྲུག་གིས་འཇིག་རྟེན་སྣང་བར་བྱེད། ། དེང་འདིར་འདུས་ཤིང་ལྷགས་པར་འགྱུར་བ་ནི། ། ཤིན་ཏུ་དཔའ་བ་ས་ཡི་སྙིང་པོ་སྟེ། ། རབ་ཏུ་བྱུང་བའི་སྤྱོད་ལམ་མངོན་པར་སྟོན། ། འཕགས་པའི་ནོར་བདུན་འབྱུང་བའི་གཏེར་ཡིན་ཏེ། ། འཇིགས་ པ་མེད་པའི་སངས་རྒྱས་ང་རོ་དབྱངས། ། བྱང་ཆུབ་སེམས་དཔའ་མང་པོའི་རྒྱལ་མཚན་ཏེ། ། སེམས་ཅན་མང་པོ་འདྲེན་པའི་གཙོ་བོའོ། ། རྣམ་པར་གྲོལ་བའི་རིན་ཆེན་འབྱུང་ཁུང་སྟེ། ། བརྩོན་འགྲུས་བརྟན་པའི་བསོད་ནམས་རྒྱ་མཚོ་ཡིན། ། བྱམས་པའི་བློ་གྲོས་སྙིང་རྗེ་བརྩེ་ལ་མོས། ། སྡུག་བསྔལ་བ་ཡི་སེམས་ཅན་མང་པོ་སྒྲོལ། ། འཇིགས་པ་སྲུང་བའི་འོབས་དང་མཁར་ཡིན་ཏེ། ། ནམ་མཁའ་དང་བའི་ཟླ་བཞིན་ལམ་ཡང་སྟོན། ། ས་ལྟར་དགེ་བའི་རྩ་བ་ཐམས་ཅད་སྐྱེད། ། རྡོ་རྗེ་ལྟར་ནི་ཐེ་ཙོམ་ཡོངས་སུ་གཅོད། ། རྣམ་པར་གྲོལ་བའི་རིན་ཆེན་ཀུན་ལ་གཏོར། ། ཆུ་ལྟར་སྒྲིབ་པ་ཐམས་ཅད་འདག་པར་བྱེད། ། ཉོན་མོངས་ཚ་བས་གདུངས་པའི་གདུགས་སུ་འགྱུར། ། སྨན་པ་ལྟར་ནི་ནད་ཀུན་འཚོ་བར་བྱེད། ། ཞག་གཅིག་ས་ཡི་སྙིང་པོའི་མིང་བརྗོད་པའི། ། གྲགས་པ་ཆེན་པོའི་བསོད་ནམས་ཐོབ་པ་ནི། །
BO
བསྐལ་པ་བྱེ་བ་ཁྲག་ཁྲིག་བར་དུ་ཡང་། ། བློ་ ཅན་གཞན་གྱི་མིང་ནས་བརྗོད་པས་ལྷག ། སོ་སོའི་སྐྱེ་བོ་གྲོལ་བར་བྱེད་པ་ནི། ། ཉོན་མོངས་ཐམས་ཅད་རྣམ་པར་འཆིང་བྱེད་པའོ། ། དཔའ་བར་འགྲོ་བའི་ཏིང་འཛིན་མཐར་ཕྱིན་ཅིང་། ། ཏིང་འཛིན་གཞན་དག་གི་ཡང་ཕ་རོལ་ཕྱིན། ། རྐྱེན་མང་བཅུ་གསུམ་པོ་ཡང་རྣམ་དག་པས། ། མང་པོ་ཀུན་ལ་ཡེ་ཤེས་ནམ་མཁའ་བཞིན། ། དཔག་ཏུ་མེད་པའི་སངས་རྒྱས་ཞིང་རྣམས་ཀྱི། ། སྐྱེ་བོ་མང་པོའི་མུན་པའི་ཚོགས་ཀྱང་བཅོམ། ། ཞིང་རྣམས་ཇི་བཞིན་ཏིང་འཛིན་དེར་འཇུག་ཅིང་། ། བསམ་གཏན་བཞི་པོ་ལ་ཡང་རྒྱུན་དུ་འཇུག ། ཏིང་ངེ་འཛིན་དུ་ཞུགས་ནས་སེམས་ཅན་ གྱི། ། ཉོན་མོངས་པ་ཡི་གདུང་བ་རབ་ཏུ་སེལ། ། སོ་སོའི་སྐྱེ་བོ་སྔོན་གྱི་སྡིག་པའི་ལས། ། མཚོན་དང་ནད་དང་མུ་གེས་འཇིགས་པ་དང་། ། རྣམ་པ་མང་པོས་འཚེ་ཞིང་གསོད་གྱུར་པ། ། དེ་དག་ཀུན་ནས་རྣམ་པར་གྲོལ་བར་བྱེད། ། སེམས་ཅན་ཉེ་བར་ལེན་པའི་ཕུང་པོ་ལྔ། ། སྡུག་བསྔལ་ མང་པོས་འཚེ་ཞིང་གདུངས་གྱུར་པ། ། ས་ཡི་སྙིང་པོ་དེ་ལ་སྐྱབས་གསོལ་ན། ། སྲིད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར། ། སེམས་ཅན་སྡུག་བསྔལ་འཁོར་ལོ་རབ་བསྐོར་ཏེ། །
BO
གཅིག་གིས་གཅིག་ལ་འཚེ་ཞིང་གནོད་གྱུར་པ། ། ས་ཡི་སྙིང་པོ་དེ་ལ་སྐྱབས་གསོལ་ན། ། བཟོད་ ཅིང་བྱམས་པའི་སེམས་ལ་གནས་པར་འགྱུར། ། བཅུ་གསུམ་རྐྱེན་གྱིས་རབ་འཇིགས་སྐྲག་བྱེད་ཅིང་། ། ཚོལ་བ་མི་རྙེད་རྐྱེན་གྱིས་སྡུག་པ་དག ། ས་ཡི་སྙིང་པོ་དེ་ལ་སྐྱབས་གསོལ་ན། ། འཇིགས་པ་མེད་ལ་བདེ་བར་གནས་པར་འགྱུར། ། བསོད་ནམས་བྱེད་ལ་མོས་ཤིང་དྲན་པ་དང་། ། ཚུལ་ཁྲིམས་མང་ཐོས་ཤེས་རབ་འདོད་པ་དག ། ས་ཡི་སྙིང་པོ་དེ་ལ་སྐྱབས་གསོལ་ན། ། རེ་བ་བཞིན་དུ་ཐམས་ཅད་རྫོགས་པར་འགྱུར། ། ཡོན་ཏན་སོ་སོར་སྨོས་པའི་བཟོད་རྩལ་དང་། ། སྨན་དང་ས་བོན་ཚོགས་ལ་མོས་པ་དག ། ས་ཡི་སྙིང་པོ་དེ་ལ་སྐྱབས་གསོལ་ན། ། རེ་བ་ ཀུན་དང་ལྡན་ཞིང་རྫོགས་པར་འགྱུར། ། ལོ་ཐོག་རྩི་ཤིང་ལེགས་པར་འདོད་པ་དང་། ། ཁྱེའུ་དང་བུ་མོ་གོས་དང་བྲན་ཁོལ་ཕྱིར། ། ས་ཡི་སྙིང་པོ་དེ་ལ་སྐྱབས་གསོལ་ན། ། རེ་བ་བཞིན་དུ་ཐམས་ཅད་རྫོགས་པར་འགྱུར། ། ཡོན་ཏན་མང་པོ་ཀུན་དང་ལྡན་པས་ན། ། ས་ཆེན་འདི་ཡང་ མི་གཏོང་རབ་ཏུ་འཛིན། ། དེ་ཡི་རྐྱེན་གྱིས་སྨན་དང་ལོ་ཐོག་རྣམས། ། སྣུམ་ཞིང་འཇམ་ལ་རོ་དང་ལྡན་པར་འགྱུར། ། ཉོན་མོངས་མང་པོས་བསྒྲིབས་པར་གྱུར་ནས་སུ། །
BO
མི་དགེ་བཅུ་ཡི་ལས་ལ་མོས་པ་དག ། ས་ཡི་སྙིང་པོ་དེ་ལ་སྐྱབས་གསོལ་ན། ། མི་དགེ་ཉོན་མོངས་ཐམས་ཅད་ ཞི་བར་འགྱུར། ། རྣམ་པ་སྣ་ཚོགས་ཀུན་གྱི་ལུས་སྟོན་ཅིང་། ། སྐྱེ་བོ་མང་པོ་དག་ལ་ཆོས་ཀྱང་སྟོན། ། སྦྱིན་པའི་ཡོན་ཏན་ཐམས་ཅད་རྫོགས་པས་ནི། ། སེམས་ཅན་ཀུན་ལ་སྙིང་བརྩེ་བདེ་བར་གྱུར། ། གལ་ཏེ་བསྐལ་པ་མང་པོ་བརྒྱ་ཡི་བར། ། དེ་ཡི་ཡོན་ཏན་ བསྔགས་ཤིང་རབ་བསྟོད་དེ། ། མཐར་ཕྱིན་རྫོགས་པར་འགྱུར་བ་ཤིན་ཏུ་དཀའ། ། དེ་བས་ཀུན་གྱིས་བསྟི་སྟང་བཅས་པས་མཆོད། ། འདུས་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། ། ། ། བམ་པོ་གཉིས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། ། ཡོན་ཏན་ཚད་མེད་རྒྱ་མཚོ་ཅན། ། བཅོམ་ལྡན་འདས་ལ་ཞུ་གསོལ་བ། ། ཐེ་ཙོམ་ནེམ་ནུར་ཅི་མཆིས་པ། ། བདག་ལ་རྒྱས་པར་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BO
སྐྱེས་བུ་ཡང་དག་པ་ཁྱོད་ནི་ཆོས་ཐམས་ཅད་ཡེ་ཤེས་ ཀྱིས་མཐོང་བ་ལ་ཐོགས་པ་མེད་དོ། ། འོན་ཀྱང་སེམས་ཅན་ལ་ཕན་པ་དང་བདེ་བར་འདོད་པའི་ཕྱིར་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། བཅོམ་ལྡན་འདས་ཀྱིས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་ཚིགས་སུ་བཅད་དེ་གསོལ་པ། བདག་སྔོན་བསྐལ་པ་བཅུ་གསུམ་དུ། ། སྤྱོད་པ་དཀའ་བ་ཤིན་དུ་སྤྱད། ། སོ་སོའི་སྐྱེ་བོ་ཀུན་དོན་དུ། ། འཇིགས་པ་གསུམ་དང་རྙོག་ལྔ་བསལ། ། སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ། ། ཚད་མ་མཆིས་པའི་ མཆོད་བགྱིས་པས། ། བསམ་པ་དག་པའི་འཁོར་འདི་དང་། ། ཚོགས་ཆེན་འདུས་པའང་སྔོན་མཐོང་ངོ་། ། བློ་ཅན་བརྩོན་འགྲུས་རྩོལ་བ་དག ། ཐམས་ཅད་འདུས་ཤིང་ཚོགས་འདིར་ལྷགས། ། ཤིན་ཏུ་སྐྱོན་མེད་འཁོར་འདི་དག ། མཐོང་བར་གྱུར་པ་ངོ་མཚར་རྨད། ། ཅི་སླད་སངས་ རྒྱས་ཞིང་འདི་ཀུན། ། སྡིག་པས་དགེ་བ་ཉམས་བགྱིས་ཤིང་། ། བློ་ཅན་དག་གིས་སྤངས་པ་ཡི། ། ངན་པར་སྤྱོད་ཀུན་ལྷན་ཅིག་གནས། ། མཚམས་མེད་སྡིག་པ་བགྱིད་པ་དང་། ། ཡང་དག་དམ་པའི་ཆོས་ལ་སྐུར། །
BO
འཕགས་ལ་སྨོད་ཅིང་ལོག་ལྟ་བས། ། རྟག་དང་ཆད་པའི་གཙུག་ ལག་འཆད། ། སྡིག་པ་བཅུ་ཡི་ལས་བགྱིད་ཅིང་། ། འཇིག་རྟེན་ཕྱི་མས་མི་འཇིགས་པ། ། ཐེག་པ་རྣམ་གསུམ་རིང་སྤངས་ཤིང་། ། སྡིག་ཅན་དག་ལ་ངན་འགྲོར་གཞོལ། ། མ་རིག་པས་ནི་བསྒྲིབས་པའི་མིག ། འདོད་ཆགས་ཕྲག་དོག་སྒྱུས་འཚོ་བ། ། སངས་རྒྱས་འཁོར་ལོ་རབ་ བསྐོར་ཏེ། ། སེམས་ཅན་འདི་དག་སྒྲོལ་བར་མཛད། ། ཇི་ལྟར་ཉིང་མཚམས་སྦྱོར་བ་ཡི། ། ཉོན་མོངས་རྡོ་རྗེ་ལྟ་བུས་བཅད། ། ཇི་ལྟ་བུར་ན་གཟུངས་དག་འཐོབ། ། དེ་བཞིན་བཟོད་པའང་ངེས་པར་འགྱུར། ། བདག་གིས་འདྲེན་པ་ཚོགས་ཆེན་དག ། མཐོང་བར་གྱུར་པ་ངོ་མཚར་ཆེ། ། འདི་འདྲའི་ཡོན་ཏན་ཀུན་ཚོགས་པ། ། ཕྱོགས་གཞན་དག་ན་མ་མཐོང་ངོ་། ། ཡོན་ཏན་མང་པོ་ཀུན་ལྡན་ཞིང་། ། བྱང་ཆུབ་ལམ་ལ་རབ་བརྩོན་པས། ། ཇི་ལྟར་བྱིས་པའི་འཁོར་དག་ལ། ། སངས་རྒྱས་འཁོར་ལོ་བསྐོར་བ་མཛད། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་ སོ་ལེགས་སོ། ། རིགས་ཀྱི་བུ་ཁྱོད་ཀྱི་སྔོན་འདས་པའི་དུས་ན་ཡང་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་དག་གི་ཞིང་ན་རྙོག་པ་ལྔའི་ཚེ།
BO
སངས་རྒྱས་བཅོམ་ལྡན་འདས་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ལ་སྔོན་འདི་ལྟ་བུའི་དོན་དག་ཞུ་བ་ཞུས་སོ། ། ཁྱོད་ཀྱིས་དྲིས་པའི་དོན་འདི་དག་ལ་ སྔོན་ཡང་ནན་ཏན་ཤིན་ཏུ་བྱས་པས་ཤིན་ཏུ་རྟོགས་ཤིང་ཁོང་དུ་ཆུད་དོ། ། སྤྱོད་པ་མང་པོ་ཕུན་སུམ་ཚོགས་པ་ཕ་རོལ་ཏུ་ཕྱིན་པས་ཤིན་ཏུ་ཐབས་མཁས་པའི་ཤེས་རབ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། ཕན་པ་དང་བདེ་བའི་དོན་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཐབས་མཁས་པས་འཕགས་པའི་སྤྱོད་པའི་གཏེར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པའི་ཁྱད་པར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་རྒྱ་མཚོ་ཡོངས་སུ་རྫོགས་ པར་བྱ་བ་དང་། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་སྤྱོད་པ་མི་དགེ་བ་ལ་གནས་པ་ཐམས་ཅད་ངན་སོང་གསུམ་ལས་བཟློག་ཅིང་མི་ལྟུང་བར་བྱ་བ་དང་། ཞིང་འདིར་དཀོན་མཆོག་གསུམ་གྱི་གདུང་ཤིན་ཏུ་རྒྱས་ཤིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་འདི་ལྟ་བུའི་དོན་ དྲིས་པ་ལེགས་སོ། ། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བསྟན་པར་བྱའོ། །
BO
བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། བཅོམ་ལྡན་འདས་ལ་སླར་ཉན་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་ པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སངས་རྒྱས་ཀྱི་འཁོར་ལོ་རྣམ་པ་བཅུ་དང་ལྡན་ཏེ། སངས་རྒྱས་ཀྱི་ཞིང་རྙོག་པ་ལྔ་ཅན་གྱི་སེམས་ཅན་ཐམས་ཅད་རྣམ་པར་དཀར་བའི་ཆོས་ཐམས་ཅད་ལས་ཕྱིར་ལྡོག་པ་དང་། འཕགས་པའི་ནོར་རིན་པོ་ཆེ་བདུན་གྱིས་བྲེལ་བ་དང་། མཁས་པ་དག་དང་རིང་དུ་གྱུར་པ་ཆད་པ་དང་། རྟག་པའི་དྲ་བས་ཀུན་ནས་གླགས་པ་དང་། ངན་སོང་དུ་འགྲོ་བའི་ཤིང་རྟ་ལ་སྤྲོ་ཞིང་དགའ་བ་དང་། སྐྱེ་བ་ཕྱི་མའི་སྡུག་བསྔལ་ལ་འཇིགས་པར་མི་ལྟ་བ་དང་། མ་རིག་པའི་མུན་ནག་ ཐིབས་པོ་ལ་གནས་པ་ལ་དད་པ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་རྫོགས་པར་བྱེད་པ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། དམ་པའི་ཆོས་ལ་སྐུར་ཅིང་འཕགས་པ་ལ་དབང་ཟ་བ། དགེ་བའི་ཆོས་ཐམས་ཅད་རིང་དུ་སྤོང་ཞིང་མི་དགེ་བའི་ཆོས་རྫོགས་པར་བྱེད་པའི་གནས་ན་ བཞུགས་སོ། །
BO
དེ་ལྟ་བུའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པའི་ཞིང་ན་བཞུགས་ཀྱང་རབ་ཏུ་བདེ་བར་བཞུགས་ཏེ། བག་ཚ་བ་མེད་པ་དང་། འཇིགས་སྐྲག་པ་མེད་པས་དྲང་སྲོང་ཆེན་པོའི་གནས་སུ་ཕྱིན་ཏེ། སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་བདུད་དུ་བཅས་པའི་མུ་ སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་བཏུལ་ནས། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་རིགས་ལ་ཉོན་མོངས་པ་ཤིན་ཏུ་སྲ་བ་རྡོ་རྗེ་ལྟ་བུ་དག་བསལ་ནས་ཅི་ལ་མོས་པ་བཞིན་དུ་སོ་སོར་བཀོད་དོ། ། མཐུ་དང་ལྡན་པའི་སེམས་ཅན་དག་ནི་ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པར་ཡང་མཛད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ། ཡུལ་ཁ་ཅིག་ཏུ་སྲིད་མེད་པར་འགྱུར་བ་ན་དེ་ན་གནས་པའི་མི་ཐམས་ཅད་བདག་གི་དམག་དང་། གཞན་གྱི་དམག་གིས་ཡོངས་སུ་གཙེས་ཤིང་ཉོན་མོངས་པ་དང་སྡུག་བསྔལ་བར་གྱུར་ཏེ། དེ་ན་གནས་པའི་མི་མང་པོ་ཡང་མི་བདེ་བས་འཐབ་པ་དང་། རྩོད་ པ་དང་། གཅིག་ལ་གཅིག་སྨོད་པ་ཚད་མེད་པ་སྙེད་འབྱུང་སྟེ། {བརྫུན་,རྫུན་}དུ་སྨྲ་བ་དང་། གཡོ་སྒྱུ་དང་། ཚིག་རྩུབ་པོར་སྨྲ་བ་དང་། སྐུར་ཀླང་འདེབས་ཤིང་འཁྲུག་པ་དང་། དམུས་ལོང་དང་། ལིང་ཏོག་ཅན་དུ་འགྱུར་བ་དང་། ནད་རྣམ་པ་སྣ་ཚོགས་ཀྱིས་གཟིར་བ་དང་། གྲང་བ་དང་།
BO
ཚ་བའི་ ནད་མ་རུངས་པ་དང་། རིམས་རྣམ་པ་མང་པོ་དང་། སྨྱོ་བ་དང་། སྐེམ་བྱེད་དང་། ཁ་ཟས་མི་འཇུ་བ་དང་། སེམས་འཁྲུག་ཅིང་མྱོས་པ་དང་། དབང་པོ་མ་ཚང་ཞིང་ཡན་ལག་དང་ཉིང་ལག་ཉམས་པ་དང་། བགོ་བ་དང་། བཟའ་བ་དང་། འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་ཕོངས་ཤིང་ བྲེལ་ཏེ། བདོག་པ་ཐམས་ཅད་ཡིད་དུ་མི་འོང་བ་དང་། སྐྱེ་བོ་ཐམས་ཅད་མུ་སྟེགས་ཅན་དང་། འཇིག་རྟེན་གྱི་ལྷ་ལ་སྐྱབས་སུ་སོང་ཞིང་ལྟ་བ་ངན་པ་དང་། བསམ་པ་ངན་པ་དང་། མོས་པ་ངན་པ་ཡོངས་སུ་རྒྱས་ཏེ། ཡང་དག་པའི་ལམ་སྟོར་ནས་ངན་སོང་དུ་ལྟུང་བར་འགྱུར་བ་ ན། དེའི་ཚེ་ཡུལ་དེ་ན་གནས་པའི་རྒན་པོ་བློ་དང་ལྡན་ཞིང་ཡིད་གཞུངས་པ། མང་དུ་ཐོས་པ། དྲང་དཀན་ཆེ་བ་འདུས་ནས་གྲོས་སུ་བགྲོས་ཏེ། ཡུལ་དང་གྲོང་མི་ཀུན་བསྡུས་ནས་ཐམས་ཅད་ཀྱིས་འཐུན་པར་རྒྱལ་བུ་གཅིག་བཏུས་པ་ནི་སྔོན་སྦྱིན་པ་རབ་ཏུ་བྱས་པ། ཚུལ་ཁྲིམས་ཤིན་ ཏུ་བསྲུངས་པ། བརྩོན་འགྲུས་ལ་བརྟུན་པ། ཤིན་ཏུ་དཀའ་བ་སྤྱོད་པ་དང་ལྡན་པ། མཆོག་ཏུ་གྱུར་པའི་བསོད་ནམས་ཀྱི་མཚན་དང་ལྡན་པ། དབང་པོ་ཡོངས་སུ་རྫོགས་ཤིང་ཡན་ལག་མ་ཉམས་པ། ལུས་བྱད་ཆེ་ཆུང་རན་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ།
BO
ཕུལ་དུ་ གྱུར་པའི་མདོག་དམ་པ་དང་ལྡན་པ། ཐམས་ཅད་ཀྱིས་བཀུར་སྟི་དང་རིམ་གྲོ་བྱེད་པ། ཡུལ་དེ་ན་གནས་པའི་མི་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ལྟ་འདོད་པ། རང་བཞིན་གྱིས་དྲང་ཞིང་བརྟན་པ། བྱམས་པ་དང་སྙིང་རྗེར་ལྡན་པ། མང་དུ་ཐོས་པ། རྩལ་ཐམས་ཅད་དང་ལྡན་པ་དང་། དེས་ པའི་བཟོད་པས་སེམས་རབ་ཏུ་བརྒྱན་པ། བཙུན་མོ་དམ་པའི་སྲས་ཐུ་བོར་གྱུར་པ། སྤོས་དམ་པ་རྣམ་པ་སྣ་ཚོགས་རྣམ་པར་དག་པའི་ཆུས་ལུས་བཀྲུས་ནས། རིན་པོ་ཆེས་བརྒྱན་པའི་གོས་དམ་པ་སྤོས་ཀྱིས་བདུགས་པ་རྣམ་པ་སྣ་ཚོགས་གྱོན་ཞིང་། ནོར་བུ་རིན་པོ་ཆེ་སྤྱི་ བོའི་གཙུག་ཕུད་ལ་བཏགས་པ། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གསེར་གྱི་ཅོད་པན་མགོ་ལ་ཐོགས་པ། རབ་ཏུ་ཡང་ལ་འཇམ་པའི་དར་གྱིས་བཅིངས་པ། གཞན་ཡང་ནོར་བུ་རིན་པོ་ཆེ་དང་། མུ་ཏིག་དང་། གསེར་དང་། དངུལ་ལ་སོགས་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་ བྱས་པའི་རྣ་ཆ་དང་། སེ་མོ་དོ་དང་། དཔུང་རྒྱན་དང་། གདུ་བུ་ལ་སོགས་པ་ཐོགས་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་བྱས་པའི་ལྷམ་གྱིས་རྐང་པ་བཏེག་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་བྱས་པའི་གདུགས་ཀྱིས་སྟེང་གི་བླ་རེས་བྲེས་པ།
BO
སྔོན་ལྷ་དང་དྲང་སྲོང་ཐམས་ཅད་ཀྱིས་ བསྲུང་ཞིང་འཛིན་པའི་ཁྲི་བཤམས་པ། བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ཀྱིས་བསྲུང་ཞིང་སྐྱོབ་པ། བཟོ་ཤིན་ཏུ་མཁས་པས་ལས་སུ་བྱས་པའི་གཞལ་མེད་ཁང་ཆེན་པོར་སྔོན་རྒྱལ་པོ་སྔ་མ་འདུག་འདུག་པའི་ཁྲི་ལ་བཞག་ནས་རྒྱལ་པོར་བཅུག་གོ། ། རྒྱལ་སར་ཞུགས་ནས་ལྷའི་དབང་པོ་ དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། གྲུལ་བུམ་གྱི་དབང་པོས་བསྲུང་ཞིང་འཛིན་པའི་དྲིལ་བུ་དང་། རྔ་ཆེན་པོ་བརྡུངས་ནས་དེའི་སྒྲས་ཡུལ་ཁམས་ཀུན་དུ་གྲགས་པར་གྱུར་ཏེ། རྒྱལ་རིགས་ལ་སོགས་པ་རིགས་ཆེན་པོ་བཞི་ལ་གཏོགས་ པའི་མི་ཚད་མེད་པ་སྙེད་ལུས་ཡང་དག་པར་བཀྲུས་ནས་གོས་གཙང་མ་གྱོན་ཏེ། ལག་ན་རྣམ་པ་སྣ་ཚོགས་ཀྱི་རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ནོར་བུ་རིན་པོ་ཆེ་དང་། མུ་ཏིག་དང་། གསེར་དང་། དངུལ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། བཻ་དཱུརྱ་ ལ་སོགས་པ་ཚད་མེད་པ་སྙེད་ཐོགས་ཏེ་རྒྱལ་པོ་དེ་ལ་ཕུལ་ལོ། ། གཞན་ཡང་རིགས་མཐོ་ཞིང་བཙུན་པ་ཚངས་པར་སྤྱོད་པ། ཐོས་པ་དང་ལྡན་ཞིང་ཤེས་པ་ཆེ་བའི་བྲམ་ཟེ་ཐམས་ཅད་ཀྱིས་ཀྱང་ཚིགས་སུ་བཅད་པས་བསྟོད་པ་དང་།
BO
གླུ་དང་དབྱངས་དམ་པ་ཚད་མེད་པ་སྙེད་ཀྱིས་རྒྱལ་པོ་དེ་ལ་ བསྟོད་པ་བྱས་སོ། ། ལེགས་པར་འགྱུར་བ་རྣམ་པ་སྣ་ཚོགས་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་ཡང་བཏབ་བོ། ། བཀྲ་ཤིས་པ་རྣམ་པ་སྣ་ཚོགས་ཀྱིས་རྒྱལ་པོའི་སྤྱི་བོར་གཏོར་ཏོ། ། རྒྱལ་པོ་སྔ་མའི་བློན་པོའི་རིགས་ལ་གཏོགས་པ་ཐོས་པ་དང་ལྡན་ཞིང་ཤེས་པ་ཆེ་བ། དྲང་བ། གཡོ་ མེད་པ། མཛངས་པ་དག་ཀྱང་ཅི་རིགས་སུ་བློན་པོར་རིམ་པར་ཕྱེ་སྟེ་བཅུག་ནས། རྒྱལ་པོའི་ལས་བྱེད་པས་སྔོན་ཡུལ་དེ་ན་བདག་དང་གཞན་གྱི་དམག་ཐམས་ཅད་ཀྱིས་གཙེ་བར་འགྱུར་བ་དང་། ཕྱིར་རྒོལ་བ་དང་གྲོགས་པོ་ངན་པ་ཐམས་ཅད་མེད་པར་བྱས་ནས་ཕས་རྒོལ་བའི་དགྲ་དང་། གནོད་པ་བྱེད་པ་ཐམས་ཅད་ཞི་བར་གྱུར་ནས། ནག་པོའི་ཕྱོགས་ཐམས་ཅད་བྱང་ཞིང་རྣམ་པར་དཀར་བའི་ཕྱོགས་ཐམས་ཅད་སྐྱེས་ཏེ་འཕེལ་བར་གྱུར་ཏོ། ། རིགས་ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་འཁོར་ལོ་གཅིག་དང་ལྡན་ན། འཁོར་ ལོ་དེའི་དབང་གིས་བདག་གི་རྒྱལ་སྲིད་རབ་ཏུ་ཆེ་ཞིང་ཕས་རྒོལ་བའི་དགྲ་ཐམས་ཅད་ཤིན་ཏུ་ཐུལ་བ་ལས་ཚེ་ཡང་རིང་བར་འགྱུར་རོ། །
BO
རིགས་ཀྱི་བུ་དེ་བཞིན་དུ་རྙོག་པ་ལྔའི་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་མི་བཞུགས་པའི་ཚེ། དེ་ན་གནས་པའི་ སེམས་ཅན་ཐམས་ཅད་རང་གི་སེམས་ཀྱི་བག་ལ་ཉལ་བའི་ཉོན་མོངས་པས་ཡོངས་སུ་བཅིངས་ནས་ནང་གི་དགྲ་དང་། ཕྱི་རོལ་གྱི་དགྲས་རྣམ་པར་གཙེས་ཏེ། ཀུན་ནས་ཉོན་མོངས་པས་ཉོན་མོངས་ནས་གཏི་མུག་གིས་ལྡོངས་ཏེ། མི་བདེ་བར་གྱུར་པས་རྟག་པ་དང་ཆད་པ་ལ་རྣམ་པར་ཞེན་ ཅིང་ཆགས་པ་ཚད་མེད་པ་བསྐྱེད་ནས་ཕན་ཚུན་རྩོད་ཅིང་འགལ་བར་བྱེད་དེ། གཅིག་ལ་གཅིག་དབང་ཟ་ཞིང་སྨོད་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྐྱེད་དེ་གཡོ་དང་སྒྱུའི་ཚུལ་དུ་སྨྲ་ཞིང་མི་དགེ་བ་བཅུའི་ལས་ཀྱི་ལམ་རྫོགས་པར་བྱེད་པ་དང་། རྣམ་པར་ཞེན་ཅིང་ཆགས་ པའི་སྐྱེ་བོ་དག་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འདིར་རྣམ་པ་སྣ་ཚོགས་ཀྱི་ཉོན་མོངས་པའི་ནད་ཀྱིས་གཟིར་བ་དང་ལྡན་པས་ཡང་དག་པའི་ཆོས་ཀྱི་མིག་ལྡོངས་ཏེ། ཞེ་སྡང་དང་ཁོང་ཁྲོ་བས་གདུངས་ཤིང་འཁྲུགས་ཀྱང་ཡང་དག་པ་བདེན་པའི་ཆོས་ཅུང་ཟད་ཀྱང་ཡིད་ལ་མི་བྱེད་དེ། ཡང་དག་པའི་ཆོས་ཀྱི་རོ་ཡོངས་སུ་བཏང་ནས་དགེ་བ་བྱེད་པ་ལ་དབང་ཟ་ཞིང་སྨོད་དོ། །
BO
དེ་སྔར་བདེ་ཞིང་སྐྱིད་པས་ནི་བྲེལ་ཅིང་ཕོངས་པར་འགྱུར་གྱི་རྟག་ཏུ་ཉོན་མོངས་པའི་དྲ་བ་རྣམ་པ་མང་པོས་དཀྲིས་ཤིང་གླགས་ནས་མུ་སྟེགས་ཅན་གྱི་སྟོན་པ་རྣམ་པ་དྲུག་པོ་ལ་སྐྱབས་ སུ་སོང་སྟེ། འཕགས་པའི་ལམ་ལས་ཕྱིར་ལོག་ཅིང་ངན་སོང་གསུམ་ལས་གཞོལ་བར་གྱུར་ཏོ། ། དེའི་ཚེ་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་སངས་རྒྱས་ཚད་མེད་པ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པ། སངས་རྒྱས་ཀྱི་ཡོན་ཏན་གྱི་རྒྱ་མཚོར་ཞུགས་པ། སྔ་མ་ འདས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་གནས་པ་ཐམས་ཅད་འདུས་ཤིང་ཚོགས་ནས་ངའི་སྤྱན་སྔར་ལྷགས་ཏེ་ཚིག་འཐུན་པར་འདི་སྐད་ཟེར་རོ། ། ཁྱོད་སྔོན་འདས་པའི་དུས་ན་སྦྱིན་པ་ཚད་མེད་པ་ལ་ནན་ཏན་བྱས་པ་དང་། ཚུལ་ཁྲིམས་རབ་ཏུ་བསྲུངས་པ་དང་། ཤིན་ཏུ་འབད་པའི་ བརྩོན་འགྲུས་ཀྱིས་ཤིན་ཏུ་སྤྱད་དཀའ་བ་སྤྱད་དེ། ཐམས་ཅད་ཡོངས་སུ་རྫོགས་པར་བསྒོམས་སོ། ། དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཤེས་རབ་དང་། ཐབས་མཁས་པ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པས་ཡོངས་སུ་བརྒྱན་པས་ཡོན་ཏན་ཆེན་པོའི་ གཏེར་དུ་གྱུར་པ། ཏིང་ངེ་འཛིན་ཐམས་ཅད་དང་གཟུངས་རྣམས་ལས་རབ་ཏུ་བཟོད་པ།
BO
སའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱ་མཚོར་གྱུར་པའོ། ། གཡོ་དང་སྒྱུ་མེད་ཅིང་ལུས་བྱད་ཤིན་ཏུ་རིང་ལ་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པར་གྱུར་པ་དང་དེས་པའི་བཟོད་ པ་དང་ལྡན་ཞིང་ཤིན་ཏུ་མཛེས་པར་གྱུར་པ། གཞན་གྱི་དྲིང་ལ་མི་འབྲང་བས་བྱང་ཆུབ་ཀྱི་ལམ་བསྒོམ་པར་ཡེ་ཤེས་ཀྱི་རྒྱ་མཚོ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ། ཕུལ་དུ་གྱུར་པའི་མདོག་མཆོག་དམ་པ་དང་ལྡན་པར་གྱུར་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ ཅད་ཀྱི་སྟོན་པ་ཆེན་པོར་གྱུར་པ། འཁོར་བས་འཇིགས་སྐྲག་པའི་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་པ། བྱམས་པ་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་ཡོན་ཏན་ཚད་མེད་པས་ཡོངས་སུ་བརྒྱན་པ། བཅོམ་ལྡན་འདས་ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་ སྲུང་ལ་སོགས་པའི་སྲས་ཡང་དག་པ་བསྐལ་པ་བཟང་པོ་འདིར་མངོན་པར་འཚང་རྒྱ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ། ཡོན་ཏན་རྣམ་པ་སྣ་ཚོགས་ཀྱི་སྤོས་ཅན། ཞི་གནས་དང་ལྷག་མཐོང་གི་ཆུ་ཡོངས་སུ་དག་པས་ཁྲུས་བྱས་པ། ཁྲེལ་བ་དང་ འཛེམ་པའི་གོས་གྱོན་པ། རྣམ་པར་དག་པའི་ཆོས་ཀྱི་དབྱིངས་གཙུག་གི་ནོར་བུར་ཐོགས་པ།
BO
སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་རྒྱ་ཆེན་པོའི་མེ་ཏོག་གི་ཕྲེང་བའི་ཅོད་པན་ཐོགས་པ། རྣམ་པར་གྲོལ་བའི་སྲད་བུས་བཅིངས་པ། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ ཤེས་དང་། མི་སྐྱེ་བའི་བཟོད་པ་ལ་སོགས་པ་ཡོན་ཏན་གྱི་རིན་པོ་ཆེ་ས་ཡོངས་སུ་བརྒྱན་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ལྷམ་རིན་པོ་ཆེ་གྱོན་པ། ཁམས་གསུམ་ཡོངས་སུ་ཁེབས་པའི་སྤྱོད་པ་རྣམ་གསུམ་གྱིས་འཕགས་པའི་ རྒྱུ་ཡོངས་སུ་རྫོགས་པར་འགྱུར་བའི་གདུགས་ཀྱིས་བཀབ་པ། སྔོན་གྱི་སངས་རྒྱས་དང་། ལྷ་དང་། དྲང་སྲོང་གིས་ཡོངས་སུ་བཟུང་བའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གདན་བཤམས་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་བཀུར་སྟི་དང་བཅས་ཏེ་ཡོངས་སུ་བཟུང་བའི་དྲན་ པ་ཉེ་བར་གཞག་པ་བཞི་ལ་བཞུགས་པ། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཏིང་བའི་གདན་ལ་བཞུགས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྱུར་པ་དཀོན་མཆོག་གསུམ་གྱི་གདུང་མི་གཅད་པའི་ཕྱིར་ཆོས་ཀྱི་འཁོར་ ལོ་བསྐོར་ཏོ། ། ཆོས་ཀྱི་རྔ་རབ་ཏུ་བརྡུངས་ནས་ཁམས་གསུམ་ཀུན་དུ་ཆོས་ཀྱི་སྒྲ་བསྒྲགས་ཏེ། ལྷ་དང་།
BO
ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་འཕགས་པའི་བདེན་པ་བཞིས་གྲོལ་བར་བྱས་སོ། ། ཡན་ལག་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གང་འཇིག་རྟེན་དུ་བཅས་པ་དགེ་སྦྱོང་དང་། བྲམ་ཟེ་དང་། ལྷ་དང་། བདུད་དང་། ཚངས་པ་ དང་། མི་དང་མི་མ་ཡིན་པ་ལ་སོགས་པ་གང་གིས་ཀྱང་མ་བསྐོར་བ་དེ། འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཚད་མེད་པ་དག་ལ་ཕན་པ་དང་བདེ་བའི་དོན་ཆེན་པོ་མཆོག་དམ་པ་ཐོབ་པར་བྱ་བའི་ཕྱིར་སྔོན་གང་གིས་ཀྱང་མ་བསྐོར་བ་དེ་རྣམ་པ་གསུམ་དུ་རབ་ཏུ་བསྐོར་ཏོ། ། རིགས་ཀྱི་བུ་ང་དེ་ལྟ་བུའི་སངས་རྒྱས་ཀྱི་འཁོར་ལོ་གཅིག་པ་དེ་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་འདི་དང་འཇིག་རྟེན་ཕྱི་མ་དང་། གནས་དང་གནས་མ་ཡིན་པ་མངོན་སུམ་དུ་མཁྱེན་པས་འཇིགས་པ་མེད་པ་ཐོབ་སྟེ།
BO
བདེ་བར་གནས་ ཤིང་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་ཤིན་ཏུ་བཏུལ་ནས་ཚངས་པ་ཆེན་པོའི་འཁོར་ལོ་བསྐོར་ཏེ། ཚངས་པ་ཆེན་པོའི་སྤྱད་པ་ཤིན་ཏུ་གྲུབ་པས་ང་ནི་རྙོག་པ་ལྔའི་སྡིག་པ་ཅན་གྱི་འཇིག་རྟེན་གྱི་ཁམས་འདིར་འཁོར་གྱི་དཀྱིལ་འཁོར་དུ་སེང་གེའི་སྒྲ་ཡང་ དག་པར་བསྒྲགས་ཏེ། སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔའི་ལས་ཞི་བར་བྱས་སོ། ། དེ་བཞིན་དུ་མི་དགེ་བའི་རྩ་བར་གཏོགས་པ་ཐམས་ཅད་བསལ་ནས་སྐྱེ་བོ་ཐམས་ཅད་ཀྱི་ཉོན་མོངས་པའི་རྒྱུན་རྡོ་རྗེ་ལྟར་སྲ་བདག་ཀྱང་ཞི་བར་བྱེད་དོ། ། ཟག་པ་ཐམས་ཅད་ཡོངས་སུ་ ཟད་པ་རྣམ་པར་གྲོལ་བའི་འབྲས་བུ་དམ་པ་ལ་རྣམ་པར་བཞག་ནས་ཅི་དང་ཅི་ལ་མོས་པ་བཞིན་དུ་ཐམས་ཅད་བདེ་བར་འཇོག་པ་དང་། མཐུ་དང་ལྡན་པའི་སེམས་ཅན་དག་ནི་ཐེག་པ་གསུམ་ལ་བཞག་སྟེ་ཕྱིར་མི་ལྡོག་པར་ཡང་མཛད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ། རྒྱལ་རིགས་ རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ཐོག་མ་རྒྱལ་སར་ཞུགས་ནས་རྒྱལ་པོའི་སྲིད་བཟུང་མ་ཐག་ཏུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་རྒྱལ་པོ་ཐམས་ཅད་ཀྱིས་ཆོས་དང་ཁྲིམས་ལ་ཤིན་ཏུ་ལྟ་ཞིང་རྟོག་གོ། །
BO
དེ་ལྟར་རྒྱལ་པོ་ཀུན་གྱི་ལས་ཀྱི་འཁོར་ ལོ་ཤིན་ཏུ་རྟོགས་ནས་རྒྱུ་དང་འབྲས་བུ་སྨིན་པ་ཡང་ཤེས་ཏེ། ཅི་དང་ཅིར་ལྡན་པ་བཞིན་དེ་དང་དེ་ལྟ་བུའི་ཐབས་བྱིན་ཏེ་ལས་སུ་བཅུག་པས། ཡུལ་དེ་ན་གནས་པའི་མཛངས་ངན་ལས་ལས་ཀྱི་འཁོར་ལོ་རྣམ་པ་གསུམ་བྱེད་དུ་བཅུག་གོ། ། ལས་ཀྱི་འཁོར་ལོ་དེའི་དབང་གིས་ དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཡུན་རིང་པོར་འཚོ་བའི་ཡོ་བྱད་ཡིད་དུ་འོང་བ་རྣམ་པ་སྣ་ཚོགས་ལ་ལོངས་སྤྱོད་པ་དང་། བདེ་སྐྱིད་འཕེལ་ཞིང་སྐྱེ་བ་དང་། ཕས་རྒོལ་བའི་དགྲ་ཐམས་ཅད་ཀྱང་ཐུལ་བར་གྱུར་ཏོ། ། ལས་ཀྱི་འཁོར་ལོ་རྣམ་པ་གསུམ་གང་ཞེ་ན། འདི་ལྟ་ སྟེ། རྒྱལ་པོ་སྲིད་ཀྱི་ལས་ཀྱི་འཁོར་ལོ་རྣམ་པར་བཞག་པས་གང་དགྲ་ཐབས་མཁས་པར་བསླབས་ཤིང་རྩལ་སྦྱངས་ཏེ། ཕས་རྒོལ་བའི་དགྲ་འདུལ་ཞིང་མི་མང་པོ་སྲུང་བར་བྱེད་པ་དང་། ཞིང་དང་གནས་བྱེད་པའི་ལས་ཀྱི་འཁོར་ལོ་རྣམ་པར་བཞག་པས་གང་ཁང་ཁྱིམ་བརྩིགས་ པ་དང་ཞིང་གི་ལས་ལག་བྱད་ཀྱིས་ཕྱིན་པར་བྱེད་དུ་འཇུག་ཅིང་བདེ་བར་བྱས་པས་བཟའ་བ་དང་བཏུང་བས་མི་བྲེལ་བར་བྱེད་པ་དང་། ། ནོར་རིན་པོ་ཆེ་ཚོལ་བའི་ལས་ཀྱི་འཁོར་ལོ་རྣམ་པར་བཞག་པས་གང་ཚོང་སྤོགས་དང་།
BO
བཟོ་རྣམ་པ་སྣ་ཚོགས་སློབ་ཏུ་གཞུག་ཅིང་འཚོ་བའི་ ཡོ་བྱད་རྣམ་པ་སྣ་ཚོགས་ཡིད་བཞིན་དུ་སྤྱད་དུ་ཡོད་ལ་བདེ་ཞིང་སྐྱིད་པ་འཕེལ་བར་བྱེད་པའོ། ། རིགས་ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་རྒྱལ་པོའི་འཁོར་ལོ་གསུམ་པོ་འདི་དང་ལྡན་ན་འཁོར་ལོ་འདིའི་དབང་གིས་བདག་གི་ཡུལ་རབ་ཏུ་བདེ་ ཞིང་སྐྱིད་པ་དང་། ཕས་རྒོལ་བའི་དགྲ་དང་གྲོགས་པོ་ངན་པ་བཏུལ་ཞིང་ལུས་སྲུང་བའི་ནན་ཏན་ལ་མཁས་པས་ཚེ་ཡང་རིང་བར་འགྱུར་རོ། ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡང་ཐོག་མ་མངོན་པར་སངས་རྒྱས་ཏེ་བླ་ན་མེད་པའི་ཡེ་ཤེས་ཐོབ་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མིག་ལ་ཤིན་ཏུ་རྟོག་གོ། ། དེ་ལྟར་ཤིན་ཏུ་བརྟགས་པས་ལས་དང་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུ་རབ་ཏུ་མཁྱེན་ཏེ། འདུལ་བར་འགྱུར་བའི་སེམས་ཅན་ཐམས་ཅད་ལ་ལས་ཀྱི་འཁོར་ལོ་རྣམ་པ་གསུམ་རྣམ་པར་གཞག་ གོ། ། ལས་ཀྱི་འཁོར་ལོ་དེའི་དབང་གིས་དཀོན་མཆོག་གསུམ་གྱི་གདུང་དང་། ཆོས་ཀྱི་མིག་ཡུན་རིང་དུ་གནས་པ་དང་། བླ་ན་མེད་པ་ཡང་དག་པའི་ཆོས་རྒྱ་ཆེར་ཀུན་དུ་ཁྱབ་པ་དང་།
BO
སྐྱེ་བོ་ཐམས་ཅད་རྟག་ཏུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བར་དུ་ཤིན་ཏུ་བདེ་ བ་ཐོབ་པ་དང་། མུ་སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་ཀྱིས་མི་ཚུགས་ཤིང་ཡང་དག་པའི་ཆོས་ཀྱི་མིག་གིས་ཕས་རྒོལ་བ་ཐམས་ཅད་ཆོས་བཞིན་དུ་ཐུལ་བར་འགྱུར་རོ། ། དེ་ལ་རིགས་ཀྱི་བུ་ལས་ཀྱི་འཁོར་ལོ་རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཏིང་ངེ་ འཛིན་བསྒོམ་པའི་ལས་ཀྱི་འཁོར་ལོ་རྣམ་པར་གཞག་པ་དང་། ཁ་དོན་གོམས་པར་བྱ་བའི་ལས་ཀྱི་འཁོར་ལོ་རྣམ་པར་གཞག་པ་དང་། བསོད་ནམས་བྱ་བའི་ལས་ཀྱི་འཁོར་ལོ་རྣམ་པར་གཞག་པ་དང་གསུམ་མོ། ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ བསྒོམ་པའི་ལས་ཀྱི་འཁོར་ལོ་གང་ཞེ་ན། ཏིང་ངེ་འཛིན་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་ལ་བརྟགས་ན་ཡུལ་དྲུག་དང་། བདག་དང་བདག་གིར་ཞེན་ཅིང་ཆགས་པའི་རྒྱུ་དང་། ལས་ཀྱི་ཞིང་དང་། མ་རིག་ པས་བསྒྲིབས་པ་དང་། སྲེད་པའི་ཆུས་བརླན་པའི་དབང་མེད་པར་གཞན་གྱི་དབང་གིས་ཡོད་པར་གྱུར་པས་རྐྱེན་མང་པོ་ལ་རག་ལས་པའོ། །
BO
ལས་དང་ཉོན་མོངས་པ་དང་སྡུག་བསྔལ་གྱི་རྒྱུན་རྣམ་པ་གསུམ་པོ་དགག་པའི་ཕྱིར་དེ་ལྟར་བརྟག་གོ། ། ལས་ཀྱི་རྒྱུན་གང་ཞེ་ན། གང་སེམས་ ཅན་རྣམས་ཇི་སྙེད་ཀྱི་འདུ་བྱེད་མངོན་དུ་སྤྱོད་པ་དེ་མ་རིག་པ་དང་། སྲེད་པའི་རྒྱུ་ལས་སྲིད་པ་སྐྱེ་བས་ཉོན་མོངས་པའི་རྒྱུན་ཅེས་བྱའོ། ། ཉོན་མོངས་པའི་དབང་གིས་རྣམ་པར་ཤེས་པའི་རྒྱུ་དང་རྐྱེན་མང་པོ་འདུས་པ་ལས་མིང་དང་གཟུགས་སྐྱེའོ། ། མིང་དང་གཟུགས་ཀྱི་རྒྱུ་དང་རྐྱེན་མང་པོ་འདུས་ པ་ལས་སྐྱེ་མཆེད་དྲུག་སྐྱེའོ། ། སྐྱེ་མཆེད་དྲུག་གི་རྒྱུ་དང་རྐྱེན་མང་པོ་འདུས་པ་ལས་རེག་པ་དང་། ཚོར་བ་དང་། སྲིད་པ་ཕྱི་མའི་སྐྱེ་བ་དང་། རྒ་བ་དང་། འཆི་བ་ལ་སོགས་པ་རིམ་གྱིས་འབྱུང་བ་ནི་སྡུག་བསྔལ་གྱི་རྒྱུན་ཅེས་བྱའོ། ། དེ་ལྟར་རྒྱུན་གསུམ་པོ་འདི་ནི་ལས་ཀྱི་ཞིང་ལ་མ་རིག་པའི་རྒྱུ་ དང་། སྲེད་པའི་བརླན་གྱིས་སྐྱེ་བར་གྱུར་ཏོ། ། འདི་ལྟར་ལས་ཀྱི་ཞིང་ལ་མ་རིག་པའི་རྒྱུ་དང་། སྲེད་པའི་བརླན་གྱིས་རྣམ་པ་གསུམ་པོ་བསྐམ་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། བེམས་པོ་དང་། གཡོ་བ་མེད་པ་དང་། སྒྱུ་ མ་ལྟ་བུ་དང་།
BO
སྨིག་རྒྱུ་བ་ལྟ་བུ་དང་། ཆུའི་ཟླ་བ་ལྟ་བུ་དང་། རྨི་ལམ་ལྟ་བུ་སྟོང་པ་ཅི་ཡང་མེད་པ། མཚན་མ་མེད་པ། སྨོན་པ་མེད་པ། བྱས་པ་མེད་པ། མ་བྱུང་བ། མ་སྐྱེས་པ། གཟུགས་མེད་པ། ཞི་བ་དང་། དབེན་པ་དང་། བྱུང་བ་དང་། སྐྱེ་བའི་གནས་མེད་པར་རྟོགས་སོ། ། དེ་ལྟར་ ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཤིན་ཏུ་བརྟགས་པས་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་བཟོད་པ་དང་། མཚན་མ་མེད་པའི་རྗེས་སུ་འཐུན་པའི་བཟོད་པ་དང་། སྨོན་པ་མེད་པའི་རྗེས་སུ་འཐུན་པའི་བཟོད་པ་ལ་ཕྱོགས་སོ། ། ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་རྗེས་སུ་བརྟག་པར་བྱ་བའི་ཕྱིར་གཞན་ ཡང་ཐབས་མཁས་པས་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་སྟེ་ནང་དུ་རྒྱུ་བ་དང་། ཕྱིར་རྒྱུ་བའི་དྲན་པ་གོམས་པར་བྱེད་དོ། ། དེ་ལ་ཇི་ལྟར་ན་དྲན་པའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་བགྲང་བ་དང་། རྗེས་སུ་འབྲང་ བ་དང་། ཞི་གནས་དང་། ལྷག་མཐོང་དང་། འཇུག་པ་དང་། ཡོངས་སུ་དག་པ་ལ་རྟོག་གོ། ། དེ་ལ་བགྲང་བས་ནི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། རྟེན་དུ་གྱུར་པས་རྣམ་པར་རྟོག་པ་དང་།
BO
རྣམ་པར་དཔྱོད་པ་རྣམས་ཐུལ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་ མཚན་ཉིད་འཛིན་པར་ནུས་པའོ། ། རྗེས་སུ་འབྲང་བས་ཀྱང་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཡང་དག་པར་འབྱུང་བ་ལ་རྟེན་ཅིང་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་བྲལ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་འཇུག་པའི་མཚན་ཉིད་ལ་མཁས་པར་གྱུར་ པའོ། ། ཞི་གནས་ཀྱིས་ཀྱང་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་བྲི་བར་མངོན་དུ་སྟོན་པ་དང་། ཏིང་ངེ་འཛིན་གྱི་མཆོག་ལ་གནས་པར་ནུས་པའོ། ། ལྷག་མཐོང་གིས་ཀྱང་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ ནང་དུ་རྒྱུ་བ་ཟད་པར་མངོན་དུ་སྟོན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་སོ་སོར་རྟོགས་པ་ལ་གནས་པའོ། ། འཇུག་པས་ཀྱང་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཉེ་བར་ལེན་པའི་ཕུང་པོ་སྤོང་བའི་སྦྱོར་བ་ལ་མཁས་པ་དང་། འཕགས་པའི་སར་འཇུག་ པ་ལ་སྦྱོར་བའོ། ། ཡོངས་སུ་དག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་གཉིས་བྱེད་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་སྤོང་བ་དང་། ལྟ་བ་ཡོངས་སུ་དག་པའོ། །
BO
དེ་ལྟར་སྦྱོར་བ་རྣམ་པ་དྲུག་གིས་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་པ་བསྒོམས་པས་ཉེ་ བར་ལེན་པའི་ཕུང་པོ་ལྔ་རྟོགས་པ་དང་རྗེས་སུ་འཐུན་པར་འཇུག་གོ། ། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དབུགས་ཕྱི་ནང་དུ་རྒྱུ་བའི་རང་བཞིན་ནི་གཟུགས་ཉེ་བར་ལེན་པའི་ཕུང་པོའོ། ། དབུགས་ཕྱི་ནང་དུ་རྒྱུ་བ་ལེན་ཅིང་མྱོང་བར་བྱེད་པ་ནི་ཚོར་བ་ཉེ་བར་ལེན་པའི་ཕུང་པོའོ། ། དབུགས་ཕྱི་ནང་དུ་རྒྱུ་བའི་ མཚན་ཉིད་ལེན་པ་ནི་འདུ་ཤེས་ཉེ་བར་ལེན་པའི་ཕུང་པོའོ། ། དབུགས་ཕྱི་ནང་དུ་རྒྱུ་བ་མངོན་དུ་བྱེད་པ་ནི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོའོ། ། དབུགས་ཕྱི་ནང་དུ་རྒྱུ་བ་བྱེ་བྲག་ཏུ་འབྱེད་པ་ནི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་སྟེ། དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་རྣམ་པ་ལྔ་བཤད་པ་ནི་ སོ་སོ་བ། ཐ་དད་པ་མི་འདྲ་བ། གསར་མ་ཡིན་པ། རྙིང་མ་ཡིན་པ། གནས་མེད་པ། སྤུངས་པ་མེད་པ་མ་ཡིན་པ། བརྗོད་དུ་མེད་པའོ། ། དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་ཤིན་ཏུ་རྟོགས་པས་འདུ་བྱེད་རྣམ་པ་གསུམ་ཡོངས་སུ་སྤོང་བར་འགྱུར་རོ། །
BO
གལ་ཏེ་དེ་ལྟར་འདུ་ བྱེད་རྣམ་པ་གསུམ་ཡོངས་སུ་ཟད་པར་རྗེས་སུ་བརྟགས་པའི་མཐར་ཕྱིན་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་དང་། ཡུལ་དྲུག་རྗེས་སུ་རྟོགས་པའི་མཐར་ཕྱིན་པར་འགྱུར་རོ། ། བདག་དང་བདག་གིར་ཞེན་པ་དང་། ལས་དང་། མ་རིག་པ་དང་། སྲིད་པའི་རྒྱུ་དང་། ཞིང་དང་། ཀུན་ནས་འགེབས་པའི་རླན་པ་ཡང་ཐམས་ཅད་ཟད་པར་འགྱུར་རོ། ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡང་ཡོངས་སུ་རྫོགས་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་བཞིན་དུ་སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཀྱི་བར་དུ་ཡང་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་བར་དུ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ རོ། ། དེ་བཞིན་དུ་འགྲོ་བ་དང་འོང་བ་རྗེས་སུ་དྲན་པས་གཟུང་བར་བསམ་གཏན་དག་ལ་ཞུགས་པ་ནི་ཡང་དག་པའི་ཆོས་དོན་དམ་པ་ལ་གནས་པའི་སེམས་ཅན་ཞེས་བྱའོ། ། བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྒོམ་པ་ཞེས་བྱའོ། །
BO
དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ ལ་ཡང་དག་པར་མཆོད་པ་ཞེས་བྱའོ། ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལས་བྱུང་བའི་སྲས་ཐམས་ཅད་ཀྱི་གསུང་ལས་སྐྱེས་པ། ཆོས་ཀྱིས་གྲུབ་པ། ཆོས་ཀྱིས་བཏུལ་བ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་ལ་ལས་དེ་ལྟར་བསྒོམས་པ་ལས་བགས་ཀྱིས་ཕྱིར་ནུར་ན་ཡང་ཟག་པ་ ཟད་པའི་དགྲ་བཅོམ་པར་གྱུར་པ་ནས་མངོན་པར་ཤེས་པ་དྲུག་དང་ལྡན་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ལ་ལ་དེ་ལྟར་བསྒོམས་པས་གོང་ནས་གོང་དུ་འཕར་བ་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་གྱུར་པ་ནས་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་ཏེ། རིང་པོ་མི་ཐོགས་པར་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། རིགས་ཀྱི་བུ་ངས་རྣམ་པ་དེ་སྙེད་ཀྱི་ལས་དང་། ཆོས་དང་། ཚོར་བ་དང་། རྒྱུ་དང་། འབྲས་བུ་དང་། རྣམ་པར་སྨིན་པ་ལ་ཡེ་ཤེས་ཀྱིས་དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་ལ་བརྟགས་ན་སེམས་ཅན་དག་ཏིང་ངེ་འཛིན་བསྒོམ་པའི་ལས་ཀྱི་འཁོར་ལོ་བཅུ་རྣམ་པར་བཞག་ལ་སྒོམ་དུ་འཛུད་དོ། །
BO
རིགས་ཀྱི་བུ་དེ་དག་ནི་དེ་བཞིན་གཤེགས་ པའི་ཏིང་ངེ་འཛིན་སྒོམ་པའི་ལས་ཀྱི་འཁོར་ལོ་ཞེས་བྱའོ། ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཁ་ཏོན་གོམས་པའི་ལས་ཀྱི་འཁོར་ལོ་ཞེ་ན། གང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་དགེ་བའི་རྩ་བ་ཆུང་ཞིང་སྲབ་པ་དང་། ཀུན་རྫོབ་ཀྱི་བདེན་པ་ལ་གནས་པ་དབང་པོ་ཡོངས་སུ་མ་སྨིན་པ་དག་ལ་ངས་ཁ་ཏོན་གོམས་པར་བྱ་བ་ལ་བཙུད་དེ། སྲོད་དང་ཐོ་རངས་ལ་ལེ་ལོ་མེད་པར་ཤིན་ཏུ་བརྩོན་འགྲུས་རྩོམ་པ་དང་། སེམས་ཅན་གང་བླ་ན་མེད་པའི་ཡེ་ ཤེས་ཚོལ་བ་དག་ནི་ངས་རྣམ་པར་དཀར་བའི་ཐེག་པ་ཆེན་པོ་ལ་བཙུད་དེ། བདག་ཉིད་ཀློག་པ་དང་། ཕ་རོལ་པོ་གཞན་ཀློག་ཏུ་འཇུག་པ་དང་། བདག་ཉིད་འདོན་པ་དང་། ཕ་རོལ་པོ་གཞན་འདོན་དུ་འཇུག་པ་དང་། བདག་ཉིད་འཆང་བ་དང་། ཕ་རོལ་པོ་ གཞན་འཆང་དུ་འཇུག་པ་དང་། ཐེག་པ་ཆེན་པོ་ལ་བདག་གོམས་པར་བྱ་བ་དང་། ཕ་རོལ་པོ་གཞན་གོམས་པར་བྱེད་དུ་འཇུག་པ་དང་། བདག་དང་གཞན་གྱི་ཀུན་ནས་ཉོན་མོངས་པ་བསལ་བ་དང་། བླ་ན་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་དང་།
BO
སེམས་ ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱ་བ་དང་། འཇིགས་པ་མེད་པའི་གྲོང་ཁྱེར་ཆེན་པོར་བཞུགས་པའི་ཕྱིར་རྩོལ་ལོ། ། སེམས་ཅན་གང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དག་ནི་ངས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་བཙུད་ནས་ཁ་ཏོན་གོམས་པར་བྱེད་དུ་བཅུག་གོ། ། སེམས་ ཅན་གང་ཉན་ཐོས་ཀྱི་ཐེག་པ་འདོད་པ་དག་ལ་ནི་ངས་གཞུང་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱ་པ་དང་། འདུལ་བ་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱ་པ་དང་། ཆོས་མངོན་པ་དང་མངོན་པར་སྨྲ་བ་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཁ་ཏོན་གོམས་པར་བྱེད་དུ་བཅུག་པ་ དེ་ནི་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཁ་ཏོན་གོམས་པར་བྱ་བའི་ལས་ཀྱི་འཁོར་ལོ་ཞེས་བྱའོ། ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་བསོད་ནམས་བྱ་བའི་ལས་ཀྱི་འཁོར་ལོ་ཞེ་ན། འདི་ལྟ་སྟེ། སེམས་ཅན་གང་དབང་པོ་རྟུལ་བ། དགེ་བའི་རྩ་བ་མ་བསྐྱེད་ པ། ཤེས་རབ་ཞན་པ་དང་། ལེ་ལོ་དང་བཅས་པ། དྲན་པ་ཉམས་པ་འཚོ་བའི་ཡོ་བྱད་རྣམ་པ་ཀུན་ལ་ཞེན་ཅིང་ཆགས་པ། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་བ་དག་ནི་ངས་བསོད་ནམས་བྱ་བའི་ལས་ལ་བཙུད་དོ། ། འདི་ལྟ་སྟེ། སངས་རྒྱས་དང་། ཆོས་དང་།
BO
དགེ་འདུན་ལ་བྱ་བ་བྱེད་པ་དང་། མཁན་པོ་དང་། སློབ་དཔོན་ལ་བྱ་བ་བྱེད་པ་སྟེ། རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་པའི་བསོད་ནམས་སྒྲུབ་པའི་ལས་ཀྱི་འཁོར་ལོ་ཞེས་བྱའོ། ། རིགས་ཀྱི་བུ་དེ་ལྟར་ན་ནི་སངས་རྒྱས་ཀྱི་འཁོར་ལོ་གཉིས་པ་འདི་དང་ལྡན་ཏེ། འཁོར་ལོ་དེའི་ དབང་གིས་བླ་ན་མེད་པའི་དུས་གསུམ་གྱི་ལས་ཀྱི་ཡེ་ཤེས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ལས་དང་། ཆོས་དང་། ཚོར་བ་དང་། རྒྱུ་དང་། འབྲས་བུ་ཡོངས་སུ་སྨིན་པ་མཁྱེན་ཏེ། ཅིས་འདུལ་བ་བཞིན་དུ་ལས་ཀྱི་འཁོར་ལོ་རྣམ་པ་གསུམ་རྣམ་ པར་བཞག་ནས་སྣོད་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དང་། འཇིགས་པ་མེད་པ་ལ་བདེ་བར་བཀོད་དོ། ། འཇིགས་པ་མེད་པས་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་བཏུལ་ནས་ཚངས་པ་ཆེན་པོའི་འཁོར་ལོ་བསྐོར་ ཞིང་། ཚངས་པ་ཆེན་པོའི་སྤྱད་པ་ཡོངས་སུ་གྲུབ་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་རྒྱུ་དང་འབྲས་བུ་ཀུན་མངོན་པར་མཁྱེན་ཏོ། ། རིགས་ཀྱི་བུ་འདི་ལྟ་སྟེ།
BO
རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ནི་ཐབས་མཁས་པའི་བློ་དང་ལྡན་ པས་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ལ་སོགས་པ་ཡོན་ཏན་རྣམ་པ་སྣ་ཚོགས་དང་། མང་དུ་ཐོས་པ་དང་། དཔའ་བོ་དང་། བཟོ་བོ་དང་། རྩལ་ཆེ་བ་དང་། སེམས་ཅན་གང་ཕྱུག་ཅིང་ཡོན་ཏན་དང་ལྡན་པ། ཐབས་ མཁས་པའི་བློ་དང་ལྡན་པ། དཔའ་ཞིང་རྟུལ་ཕོད་པ། བརྟན་པ། ཕྱིར་མི་ལྡོག་པ། བསོད་ནམས་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པ་དེ་དག་ལ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོས་དེ་དག་ཅི་དང་ལྡན་པ་བཞིན་ཅི་འོས་ཅི་རིགས་སུ་རིན་ པོ་ཆེ་དང་། ནོར་གྱི་དབྱིག་དང་། ཞིང་འབྲོག་དང་། ཁང་ཁྱིམ་དང་། བྲན་དང་། ལས་བྱེད་པའི་མི་ལ་སོགས་པ་ཅི་རིགས་སུ་སྦྱིན་པར་བྱེད་དོ། ། ཡུལ་དེ་ན་གནས་པའི་མི་ཡོན་ཏན་དང་ཤེས་པ་ཞན་པ། ལས་བྱས་པ་ཆུང་བ་དག་ལ་ནི་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་ བའི་རྒྱལ་པོ་ཆེན་པོས་དེ་དག་ལ་ཡང་ཅི་འོས་ཅི་རིགས་སུ་ཤས་ཀྱིས་སྦྱིན་པར་བྱེད་དོ། ། ཡུལ་དེ་ན་གནས་པ་བསོད་ནམས་མེད་ཅིང་བརྩོན་འགྲུས་ཆུང་བ། ལེ་ལོ་ཆེ་བ། བག་མེད་པ། དྲན་པ་ཉམས་པ།
BO
སྙིང་རྗེའི་སེམས་མེད་པ། བྱས་པ་མི་གཟོ་བ། འཇིག་རྟེན་ ཕྱི་མའི་སྡུག་བསྔལ་ལ་འཇིགས་པར་མི་ལྟ་བ། ཁྱིམ་གྱི་འདམ་དུ་བྱིང་བ། སྡིག་པ་མང་པོ་བྱེད་པ་དེ་དག་ལ་ནི་རྒྱལ་པོ་ཆེན་པོས་ཅི་རིགས་ཅི་འོས་སུ་ཆད་པ་རྣམ་པ་སྣ་ཚོགས་ཀྱིས་གཅོད་དེ། ཁ་ཅིག་ལ་ནི་ཚིག་ན་བས་སྤྱོས་ཤིང་བརྒྱད་པ་དག་བྱེད་དོ། ། ཁ་ཅིག་ ལ་ནི་རིན་པོ་ཆེ་དང་ནོར་རྫས་ལ་སོགས་པ་འཕྲོག་གོ། ། ཁ་ཅིག་ལ་ནི་འཚོ་བའི་ཡོ་བྱད་དག་ཀྱང་འཕྲོག་གོ། ། ཁ་ཅིག་ལ་ནི་ལྕག་གིས་གཞུ་བ་དང་བཙོན་རར་བཅུག་གོ། ། ཁ་ཅིག་ལ་ནི་ཡན་ལག་དང་ཉིང་ལག་གཅོད་དོ། ། ཁ་ཅིག་ལ་ནི་མགོ་དང་ལུས་ཀྱང་གཅོད་དེ་དེ་དག་ལ་སོགས་ པ་ཆད་པ་རྣམ་པ་སྣ་ཚོགས་ཀྱིས་ཆད་པ་གཅོད་དོ། ། རིགས་ཀྱི་བུ་དེ་ལྟར་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་རྒྱལ་པོའི་འཁོར་ལོ་གསུམ་པ་འདི་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་བདག་གི་ཡུལ་རབ་ཏུ་བདེ་ཞིང་སྐྱིད་པས་ཕས་རྒོལ་བའི་དགྲ་ ཐམས་ཅད་དང་། གྲོགས་པོ་ངན་པ་བཏུལ་ཅིང་ལུས་སྲུང་བའི་ནན་ཏན་མཁས་པས་ཚེ་ཡང་རིང་བར་འགྱུར་རོ། །
BO
རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དབང་པོ་ལ་ཤིན་ཏུ་མཁས་པའི་ཡེ་ཤེས་དང་ལྡན་པས་འཁོར་གང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཐབས་ དང་ཤེས་རབ་ལས་རིང་དུ་གྱུར་པ། སྦྱིན་པ་དང་། དུལ་བ་དང་། ཞི་བ་ཡོངས་སུ་སྤངས་ཏེ་དྲན་པ་ཉམས་ནས་སེམས་འཁྲུགས་པར་གྱུར་པ་དག་ང་གང་ན་བ་དེར་འོངས་ཏེ་ང་ལ་སྐྱབས་སུ་འོངས་ནས་དེ་དག་གི་དབང་པོ་དང་། དད་པ་དང་། བག་ལ་ཉལ་བ་དང་། མོས་པ་ཤིན་ཏུ་མཁྱེན་པས་ ཅི་དང་ཅིས་འདུལ་བ་བཞིན་དུ་ཆད་པས་གཅད་པའི་ཐབས་འདུལ་བ་ལ་སོགས་པའི་ཆོས་སྟོན་ཏོ། ། སེམས་ཅན་གང་ང་རྒྱལ་གྱི་དབང་དུ་གྱུར་ཏེ། བསླབ་པ་མང་པོ་གཟུངས་སུ་མི་འཛིན་པ་དག་ལ་ནི་ངས་བསྟན་པའི་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དངོས་པོ་འདི་ དག་བྱེད་དུ་གཞུག་གོ། ། ལ་ལར་ནི་དྲན་པར་བྱ་བའི་དམ་བཅའ་བས་ཆད་པས་གཅོད་དོ། ། ལ་ལར་ནི་ཚིག་ན་བས་བསྡིགས་པ་དང་། གཤེ་བ་དང་། སྤྱོ་བས་གཅོད་དོ། ། ལ་ལར་ནི་སྐད་ཅིག་དགར་ཞིང་སྨ་དབབ་པས་གཅོད་དོ། ། ལ་ལར་ནི་ཕྱག་འཚལ་བ་དང་། མི་སྨྲ་བ་ དང་། རྙེད་པ་ལྷན་ཅིག་ཏུ་མི་སྤྱོད་པས་གཅོད་དོ། ། ལ་ལར་ནི་རྩ་དགྲམ་པ་ལྟ་བུ་དང་། ལ་ལར་ནི་བསྐྲད་པ་ལ་སོགས་པའི་ཆད་པས་བཅད་པ་སྟེ།
BO
དེ་ལྟར་གང་ཟག་དེ་དག་གི་དབང་པོ་དང་། དད་པ་དང་། བག་ལ་ཉལ་བ་དང་། མོས་པ་ཀུན་མཁྱེན་པས་ཅི་རིགས་ཅི་འོས་སུ་ ཆད་པས་གཅོད་དོ། ། དེ་ཡང་དོན་མེད་པའི་མུན་པའི་ཚོགས་བསགས་པ་གཞོམ་པ་དང་། ཉོན་མོངས་པའི་ཆུ་བོ་བསྐམ་པ་དང་། མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བདེ་བ་ཐོབ་པའི་ཕྱིར་མི་དགེ་བ་སྤྱོད་པའི་གང་ཟག་འདུལ་བའི་ཕྱིར་ཅི་དང་ཅི་རིགས་སུ་ཆད་པས་ གཅད་པའི་ཆོས་བསྟན་ཏོ། ། མདོ་སྡེ་མང་པོ་ལས་ཀྱང་མི་དགེ་བ་སྤྱོད་པ་ཆད་པས་གཅད་པའི་ཆོས་ཅི་དང་ཅི་རིགས་པ་དེ་དང་དེའི་ཆོས་རྒྱ་ཆེར་བཤད་དོ། ། ངས་མཆོག་དམ་པའི་ཡེ་ཤེས་ཀྱིས་སེམས་ཅན་གང་ལྷག་པའི་བསམ་པ་དང་། དད་པ་དང་། མོས་པ་ཡོངས་སུ་ དག་པ་དང་ལྡན་པ་ཡང་ཤིན་ཏུ་མཁྱེན་པས་ཅི་དང་ཅིས་འདུལ་བ་བཞིན་དུ་དགེ་བའི་ཕྱོགས་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་བསྟན་ཏེ། བསླབ་ཅིང་གོམས་སུ་བཅུག་པ་ནས་དགེ་བའི་རྩ་བ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་རྫོགས་ཤིང་འཇིགས་པ་མེད་པའི་གྲོང་ཁྱེར་ཆེན་པོར་བཙུད་དོ། ། རིགས་ཀྱི་བུ་ང་ནི་དེ་ལྟར་སངས་རྒྱས་ཀྱི་འཁོར་ལོ་གསུམ་པོ་འདི་དང་ལྡན་ཏེ་འཁོར་ལོ་འདིའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣམ་པ་སྣ་ཚོགས་དང་། དད་པ་དང་།
BO
བག་ལ་ཉལ་བ་དང་། མོས་པ་དང་། བསམ་པ་དང་། ལས་དང་། མྱོང་བའི་ཆོས་ཀུན་ མཁྱེན་པས་ཅི་དང་ཅིས་འདུལ་བ་བཞིན་དུ་ཕན་པ་དང་བདེ་བའི་དོན་གྱིས་འཇིགས་པ་མེད་པ་ལ་བདེ་བར་བཀོད་དོ། ། འཇིགས་པ་མེད་པས་ང་ནི་དྲང་སྲོང་ཆེན་པོའི་གནས་སུ་དམ་བཅའ་ཞིང་སངས་རྒྱས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ནས་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་ པར་སྨྲ་བ་ཐམས་ཅད་བཏུལ་ཏེ་འཁོར་མང་པོའི་དཀྱིལ་འཁོར་དུ་སེང་གེའི་སྒྲ་སྒྲོགས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ། རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ནི་བདག་གི་ཡུལ་ན་གང་ཟག་ཇི་སྙེད་ཅིག་འཇིག་རྟེན་གྱི་ལྷ་དང་མུ་སྟེགས་ཅན་རྣམ་པ་སྣ་ཚོགས་ ལ་སྐྱབས་སུ་སོང་ཞིང་ལོག་པ་ལ་དད་པ་དང་། ལོག་པར་ལྟ་བ་དང་། ལོག་པ་ལ་སློབ་པ་དང་། ལོག་པའི་བརྟུལ་ཞུགས་ལ་མངོན་པར་ཞེན་ཏེ། ལོག་པའི་ལྟས་བཟང་ངན་ལ་ཆགས་ནས་དོན་མེད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བར་གྱུར་ པ་དག་རྒྱལ་པོ་ཆེན་པོ་དེས་ཤེས་ནས་རྟག་ཏུ་ཡང་དང་ཡང་བསྡུས་ཏེ། རྒྱལ་པོ་སྔ་མའི་དམ་པའི་ཆོས་ལུགས་ཀྱིས་རྒྱས་པར་བསྟན་ནས་ལོག་པར་ལྟ་བ་དང་། ལོག་པར་དད་པ་སྤོངས་ལ།
BO
རྒྱལ་པོ་སྔ་མའི་ཆོས་ལུགས་བསླབ་པ་ལ་ནན་ཏན་དུ་སྤྱོད་ཅིག་པར་བཀས་བཏགས་ཏེ། ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་འཇུག་པ་གཅིག ། ཕྱོགས་པ་གཅིག ། བསམ་པ་གཅིག ། འདོད་པ་གཅིག་པར་ཐམས་ཅད་འཐུན་པར་རྒྱལ་པོ་སྔ་མའི་དམ་པའི་ཆོས་བཞིན་དུ་གནས་པ་དང་། བཀའ་བཞིན་དུ་ཉན་ཅིང་རྗེས་སུ་སྤྱོད་པས་དེ་ན་གནས་པ་ཐམས་ཅད་ འཐུན་པར་གང་བྱ་བར་རིགས་པ་རྣམས་བྱེད་དོ། ། རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ཡང་རྟག་ཏུ་བློན་པོ་རྣམས་དང་འདུས་ནས་སྟོན་མོ་བྱེད་ཅིང་ལོངས་སྤྱོད་དེ། དགའ་བས་རོལ་ཅིང་གཤེགས་པས་གྲོས་འཐུན་པས་རྒྱལ་པོའི་ལས་བྱེད་དོ། ། རིགས་ ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དེ་ལྟར་རྒྱལ་པོའི་འཁོར་ལོ་བཞི་པོ་འདི་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་བདག་གི་ཡུལ་རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕས་རྒོལ་བའི་དགྲ་ཐམས་ཅད་དང་། གྲོགས་པོ་ངན་པ་བཏུལ་ཞིང་ལུས་སྲུང་ བའི་ནན་ཏན་ལ་མཁས་པས་ཚེ་ཡང་རིང་བར་འགྱུར་རོ། །
BO
རིགས་ཀྱི་བུ་དེ་ལྟར་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཤིན་ཏུ་ཐབས་མཁས་པའི་མོས་པ་མཁྱེན་པའི་ཡེ་ཤེས་དང་ལྡན་པས་འཇིག་རྟེན་ན་ལོག་པ་ལ་ཕྱོགས་པ་རྣམ་པ་སྣ་ཚོགས་དང་། ལོག་པར་ལྟ་བ་དང་། ལོག་པའི་ བསམ་པ་དང་། ལོག་པའི་ཆོས་ལ་མོས་པ་དང་། ལོག་པའི་ལས་སྤྱོད་པ་དེའི་རྒྱུ་དེའི་རྐྱེན་གྱིས་སྡུག་བསྔལ་ཚད་མེད་པ་མྱོང་བར་དེ་བཞིན་གཤེགས་པས་མཁྱེན་ཅིང་གཟིགས་ནས་རྟག་ཏུ་ཡང་དང་ཡང་འཁོར་མང་པོ་བསྡུས་ཏེ་སྔ་མ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ དཀོན་མཆོག་གསུམ་གྱི་གདུང་བསབ་པའི་རྒྱུ་དང་། འབྲས་བུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རྣལ་འབྱོར་པའི་རྒྱུ་དང་། སྡོམ་པ་གསུམ་ལ་སོགས་པའི་རྒྱུ་དང་འབྲས་བུའི་ཆོས་རྒྱས་པར་ཕྱེ་སྟེ་མངོན་པར་བསྟན་ནས་འཁོར་མང་པོ་རྣམས་རྣམ་པར་གྲོལ་བར་བྱེད་དོ། ། ཕྱིན་ཅི་ ལོག་ཏུ་ལྟ་བ་རྣམས་ཡང་དག་པའི་ལྟ་བ་དང་། དགེ་བ་བཅུའི་ཡང་དག་པའི་ལས་ཀྱི་ལམ་ལ་རྣམ་པར་འཇུག་གོ། ། སེམས་ཅན་རྣམས་ནི་རྟག་ཏུ་འཐུན་པར་ཆོས་ལ་འཇུག ། ཆོས་ལ་སྤྱོད་པར་ཐབས་ཀྱིས་དྲང་ཞིང་སྒོམ་དུ་འཛུད་པས་རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པར་ བྱེད་དོ། །
BO
སེམས་ཅན་རྣམས་འཁོར་རྣམ་བཞི་དང་འཐུན་པར་དགེ་བ་སྤྱོད་པའི་ཁྱད་པར་ལ་ནན་ཏན་བྱེད་དུ་བཅུག་ནས་དྲན་པ་ཉེ་བར་གཞག་པ་བཞི་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པ་དང་། ལམ་གྱི་ཡན་ལག་ལ་སྤྲོ་བཞིན་དུ་རྩེའོ། ། འཕགས་ པའི་བསྟན་པ་ཡུན་དུ་གནས་པར་བྱ་བ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ ལག་བརྒྱད་པ་དང་། དེ་མ་ཡིན་པ་ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་ལ་ཅི་ད་གར་རྩེར་བཅུག་གོ། ། རིགས་ཀྱི་བུ་ང་ནི་དེ་ལྟར་སངས་རྒྱས་ཀྱི་འཁོར་ལོ་བཞི་པ་འདི་དང་ལྡན་ཏེ། འཁོར་ལོ་དེའི་ དབང་གིས་སོ་སོའི་སྐྱེ་བོ་ཅི་དང་ཅི་ལ་མོས་པ་དང་། ཅི་ལ་ཕྱོགས་པ་དང་། ཅི་ལ་དགའ་བ་ཀུན་མཁྱེན་པས་ཅི་དང་ཅིས་འདུལ་བ་བཞིན་དུ་ཕན་པ་དང་བདེ་བའི་དོན་གྱིས་འཇིགས་པ་མེད་པ་ལ་བདེ་བར་བཀོད་དོ། །
BO
འཇིགས་པ་མེད་པས་ང་ནི་དྲང་སྲོང་ཆེན་པོའི་གནས་སུ་བཞུགས་ ཏེ་སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་བཏུལ་ཏེ་འཁོར་མང་པོའི་ནང་དུ་སེང་གེའི་སྒྲ་བསྒྲགས་སོ་ཞེས་གསུངས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ། རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ བདག་གི་ཡུལ་ན་གནས་པའམ། ཕ་རོལ་པོ་གཞན་གྱི་ཡུལ་ན་གནས་པའི་སེམས་ཅན་ཚད་མེད་པ་སྙེད་པ་དག་གི་ནོར་དང་གཟུགས་ལ་ཆགས་ཤིང་སྐྱོ་མི་ཤེས་པ་དང་། ཕ་རོལ་པོ་གཞན་གྱི་ནོར་དང་གཟུགས་ལ་ཆགས་ཤིང་འདོད་པས་དེ་བསྲུང་བའི་ཕྱིར་གྲོང་དང་། གྲོང་ ཁྱེར་དང་། གྲོང་འདབ་དང་། རྒྱལ་པོའི་ཕོ་བྲང་ཡང་འཁོར་དང་ར་བས་བསྐོར་བ་ནས་བྱ་ཤ་ལ་དང་། ནེ་ཙོའི་བར་དུ་སྲུང་དུ་འཛུད་དེ་སྟོར་ཅིང་གོད་པར་མི་བྱེད་དོ། ། རིགས་ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་འདི་ལྟར་རྒྱལ་པོའི་འཁོར་ལོ་ལྔ་པ་འདི་དང་ལྡན་ ཏེ། འཁོར་ལོ་དེའི་དབང་གིས་བདག་གི་ཡུལ་རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕས་རྒོལ་བའི་དགྲ་ཐམས་ཅད་དང་།
BO
གྲོགས་པོ་ངན་པ་བཏུལ་ཅིང་ལུས་སྲུང་བའི་ནན་ཏན་ལ་མཁས་པས་ཚེ་ཡང་རིང་བར་འགྱུར་རོ། ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རང་བཞིན་ལ་ཤིན་ ཏུ་ཐབས་མཁས་པས་མཁྱེན་པའི་ཡེ་ཤེས་དང་ལྡན་པས་བདུད་སྡིག་ཅན་མ་རུངས་པ་དང་། མུ་སྟེགས་ཅན་དགུ་བཅུ་རྩ་ལྔ་པོ་དང་། དེ་མ་ཡིན་པ་གཞན་ཡང་བདུད་ཀྱི་རིས་དང་། མུ་སྟེགས་ཅན་ཚད་མེད་པ་སྙེད་ཀྱིས་བསླུས་པ་ཀུན་མཁྱེན་ཏེ། སེམས་ཅན་གང་བདག་གི་ནོར་དང་གཟུགས་ ལ་མངོན་པར་ཆགས་པ་དང་། ཕ་རོལ་པོ་གཞན་གྱི་ནོར་དང་གཟུགས་ལ་ཡང་ཆགས་ཤིང་འདོད་པས་ཚོལ་ལོ། ། ང་དང་ངའི་འཁོར་རྣམས་ལ་ཕྲག་དོག་བསྐྱེད་དེ་ང་གསད་པའི་ཕྱིར་བསོད་སྙོམས་ཀྱི་ནང་དུ་དུག་བཅུག་པ་དང་། མེ་དོང་གི་སྟེང་དུ་གདན་བཏིང་བ་དང་། སྟེང་ནས་དབབ་ བཏང་བ་དང་། བལ་གླང་སྨྱོས་པ་སྦད་པ་དང་། རལ་གྲི་ཕྱུང་སྟེ་སྙེགས་པ་དང་། ས་དང་མི་གཙང་བ་འཐོར་བ་དང་། མི་ཚངས་པར་སྤྱོད་དོ་ཞེས་སྐུར་པ་དང་། མ་ནིང་ཡིན་ནོ་ཞེས་བཏགས་པ་དང་། མི་མ་ཡིན་པའོ་ཞེས་བརྗོད་པ་དང་། སྒྱུ་མའོ་ཞེས་ཚིག་ངན་པ་རྣམ་པ་སྣ་ཚོགས་ ཀྱིས་ཀྱང་ང་ལ་སྨོད་ཅིང་སྐུར་ཏོ། །
BO
ངའི་ཉན་ཐོས་ཀྱི་སློབ་མ་ལ་ཡང་ཕྲག་དོག་བསྐྱེད་དེ་དེའི་རྒྱུ་དེའི་རྐྱེན་གྱིས་སྐུར་ཅིང་སྨོད་པ་རྣམ་པ་མང་པོ་བྱེད་པར་མཁྱེན་ནས། དེ་བཞིན་གཤེགས་པ་དབང་པོ་དྲུག་བསྲུང་བ་ལ་མཁས་པ་དང་། ཚངས་པའི་གནས་བཞི་ལ་གནས་པ་དང་། སོ་སོ་ ཡང་དག་པར་རིག་པ་བཞི་དང་ལྡན་པར་གྱུར་པ་དང་། ཉན་ཐོས་རྣམས་ལ་ཡང་ཆོས་ཀྱི་མདོ་རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་དག་པ་རྣམ་པར་གཞག་པ་བསྟན་ཏོ། ། ངས་ད་ལྟར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་རང་བཞིན་ཀུན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ ཏོ། ། དེ་ལྟར་སེམས་ཅན་གྱི་རང་བཞིན་ཐ་དད་པ་རྣམ་པ་སྣ་ཚོགས་ཀུན་མཁྱེན་ནས། དེ་དག་ཅི་དང་ཅིས་འདུལ་བ་བཞིན་དུ་ཕན་པ་དང་བདེ་བའི་དོན་མཛད་དོ། ། རིགས་ཀྱི་བུ་ངས་དེ་ལྟར་སངས་རྒྱས་ཀྱི་འཁོར་ལོ་ལྔ་པ་འདི་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་འཇིག་རྟེན་པ་དང་ འཇིག་རྟེན་ལས་འདས་པའི་རང་བཞིན་མཁྱེན་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་རང་བཞིན་ཚད་མེད་པ་རྣམ་པ་སྣ་ཚོགས་ཀུན་སོ་སོར་མཁྱེན་པས་ཅི་དང་ཅིས་འདུལ་བ་བཞིན་དུ་ཕན་པ་དང་བདེ་བའི་དོན་གྱིས་འཇིགས་པ་མེད་པ་ལ་བདེ་བར་བཀོད་དོ། །
BO
འཇིགས་པ་མེད་པས་ང་ནི་དྲང་ སྲོང་ཆེན་པོའི་གནས་སུ་བཞུགས་ཤིང་སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་བཏུལ་ཏེ། འཁོར་མང་པོའི་དཀྱིལ་འཁོར་དུ་སེང་གེའི་སྒྲ་རབ་ཏུ་སྒྲོགས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ། རྒྱལ་རིགས་རྒྱལ་ཐབས་ སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ཇི་ལྟར་གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་འདབ་དང་། རྒྱལ་པོའི་ཕོ་བྲང་བརྟན་པར་བསྲུང་བའི་ཕྱིར་འོབས་ཀྱིས་བསྐོར་བ་ནས་གཞུང་དེ་བཞིན་དུ་རྒྱས་པར་ཤ་རི་དང་ནེ་ཙོའི་བར་དུ་སྲུང་མ་བཙུད་དོ། ། ཕོ་བྲང་ན་འཁོར་དང་། བཙུན་མོ་ དང་བུ་མོར་བཅས་པས་ཡོངས་སུ་བསྐོར་ཅིང་འདོད་པ་ལྔ་ལ་རྩེ་ཞིང་ལོངས་སྤྱོད་རྣམ་པ་སྣ་ཚོགས་ལ་བག་མེད་པར་དབང་པོ་དྲུག་ཉམ་རངས་སུ་སྤྱོད་དོ། ། རིགས་ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དེ་དེ་ལྟར་རྒྱལ་པོའི་འཁོར་ལོ་དྲུག་པ་འདི་ དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་བདག་གི་ཡུལ་རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕས་རྒོལ་བའི་དགྲ་དང་།
BO
གྲོགས་པོ་ངན་པ་ཐམས་ཅད་བཏུལ་ཏེ་ལུས་སྲུང་བའི་ནན་ཏན་ལ་མཁས་པས་ཚེ་ཡང་རིང་བར་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་དུ་དེ་བཞིན་ གཤེགས་པ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་ཀྱང་ཐམས་ཅད་འཕགས་པས་བསྟན་པའི་གྲོང་ཁྱེར་བརྟན་པར་བཙུད་ནས། དེའི་འོག་ཏུ་བསམ་གཏན་མཆོག་དམ་པ་ལ་སྙོམས་པར་འཇུག་པ་ནས་བསམ་གཏན་ བཞིའི་བར་དུ་སྙོམས་པར་འཇུག་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནས། དེ་བཞིན་དུ་རྒྱས་པར་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་གྱི་བར་དུ་སྙོམས་པར་འཇུག་པ་དང་། དེ་བཞིན་དུ་སངས་རྒྱས་ཐམས་ ཅད་ཀྱི་སྤྱོད་ཡུལ་གྱི་ཏིང་ངེ་འཛིན་གྱི་བར་དུ་སྙོམས་པར་འཇུག་པར་འགྱུར་རོ། ། ཏིང་ངེ་འཛིན་དེ་དག་ཏུ་ཞུགས་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་ དང་། ལུས་སྲུལ་པོ་ལ་སོགས་པ་སེམས་ཅན་ལ་གནོད་ཅིང་འཚེ་བ། བྱམས་པ་དང་། སྙིང་རྗེའི་སེམས་མེད་པ།
BO
འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱིས་མི་འཇིགས་པ་ཚད་མེད་པ་བྱེ་བ་བརྒྱ་སྟོང་སྙེད་ངས་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་གྱི་ཏིང་ངེ་འཛིན་དུ་ཞུགས་པ་མཐོང་ནས་ཐམས་ ཅད་ང་ལ་ཤིན་ཏུ་དགའ་བའི་སེམས་བསྐྱེད་དེ། བསམ་པ་ཡོངས་སུ་དག་པས་དཀོན་མཆོག་གསུམ་ལ་མཆོག་དམ་པའི་དགའ་བ་དང་དང་བ་བསྐྱེད་ནས་བསྟི་སྟང་དང་བཅས། བཀུར་སྟི་དང་བཅས་ཏེ། ངོ་མཚར་རྨད་དུ་གྱུར་ནས་ཉེས་པ་ཐམས་ཅད་སོ་སོར་བཤགས་ཏེ་ཡོངས་སུ་གཅད་ པར་དམ་བཅའོ། ། དེའི་རྒྱུ་དེའི་རྐྱེན་གྱིས་སྐད་ཅིག་ཡུད་ཙམ་གྱིས་ཚད་མེད་དཔག་ཏུ་མེད་པའི་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་ཀུན་བྱང་བར་འགྱུར་ཏེ། ཚད་མེད་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཀུན་ ཡོངས་སུ་རྫོགས་པར་གྱུར་ནས། འཁོར་བ་ལ་རྒྱབ་ཀྱིས་བལྟས་ཤིང་མྱ་ངན་ལས་འདའ་བ་ལ་ཕྱོགས་ནས། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པའི་ཆོས་སྲུང་ཞིང་འཛིན་ཏོ། ། རིགས་ཀྱི་བུ་ང་ཡང་དེ་ལྟར་སངས་རྒྱས་ཀྱི་འཁོར་ལོ་དྲུག་པ་འདི་དང་ལྡན་ཏེ། འཁོར་ལོ་དེའི་ དབང་གིས་དེ་བཞིན་གཤེགས་པ་བསམ་གཏན་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་།
BO
སྙོམས་པར་འཇུག་པ་དང་། མཉམ་པར་བཞག་པ་ཚད་མེད་པ་བརྒྱ་སྟོང་སྙེད་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱིས་འཇུག་ཅིང་། སེམས་ཅན་གྱི་ཉོན་མོངས་པ་ཚད་མེད་པ་སྙེད་ བསལ་ནས་ཅི་དང་ཅིས་འདུལ་བ་བཞིན་དུ་ཕན་པ་དང་བདེ་བའི་དོན་གྱིས་འཇིགས་པ་མེད་པ་ལ་བདེ་བར་འགོད་དོ། ། འཇིགས་པ་མེད་པས་ང་ནི་དྲང་སྲོང་ཆེན་པོའི་གནས་སུ་དམ་བཅའ་ཞིང་སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས། ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་ སྨྲ་བ་ཐམས་ཅད་བཏུལ་ཏེ་འཁོར་མང་པོའི་དཀྱིལ་འཁོར་དུ་སེང་གེའི་སྒྲ་བསྒྲགས་སོ་ཞེས་གསུང་ངོ་། ། རིགས་ཀྱི་བུ་འདི་ལྟ་སྟེ། རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ནི་བློན་པོ་དང་། དམག་རྣམ་བཞི་དང་བཅས་ཏེ་བདག་གི་རིས་སུ་དབང་བའི་ གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་འདབ་དང་། རི་དང་། ལྗོངས་དང་། ལུང་པ་དང་། ལུང་ཕྲན་དང་། སྐྱེད་མོས་ཚལ་དང་། ཞིང་དང་། འབྲོག་དང་། འབབ་ཆུ་དང་། རྫིང་དང་། མཚེའུ་དང་། ཆུ་མིག་དང་། འབྲོག་དགོན་པ་དང་། ནགས་ཚལ་ལ་སོགས་པར་ཀུན་ དུ་བྱུལ་ཞིང་བརྟགས་ནས། ཡུལ་དེ་ཕྱོགས་ཀྱི་འཇིགས་པ་དང་ཐེ་ཙོམ་དུ་བཅས་པའི་གནས་སམ།
BO
གཡང་ཟ་བ་བསྡུར་མི་རུང་བའི་གནས་སམ། ཕ་རོལ་གྱི་དགྲ་འཁྲས་ཤིང་འཚེ་བའི་གནས་རྣམས་སུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོས་ རང་གི་ཉམས་ཀྱིས་དཔགས་ཤིང་རྣམ་པ་ཐམས་ཅད་དུ་སྦྱངས་ཏེ། བདེ་བར་འཇོག་པ་ལ་སྦྱོར་བ་དང་། ལེགས་པར་བསྲུང་ཞིང་བརྟན་པར་བྱས་པས་གནས་པའི་ཕྱོགས་དེ་དག་མཉམ་པ་ལས་བྱར་རུང་བ་ཕས་ཀྱི་དགྲ་དང་། གྲོགས་པོ་ངན་པ་གླགས་ལྟ་ཞིང་འཁྲས་པའི་གནས་མེད་ པར་བྱས་ཏེ། འཇིགས་པ་དང་བག་ཚ་བ་བསལ་བའི་ཕྱིར་ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་མི་བདེ་བའི་སྡུག་བསྔལ་དང་བྲལ་ཞིང་རབ་ཏུ་བདེ་ཞིང་སྐྱིད་པར་སྐྱབས་སོ། ། རིགས་ཀྱི་བུ་དེ་ལྟར་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་རྒྱལ་པོའི་ འཁོར་ལོ་བདུན་པ་དེ་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་བདག་གི་ཡུལ་རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕས་རྒོལ་བའི་དགྲ་དང་། གྲོགས་པོ་ངན་པ་ཐམས་ཅད་བཏུལ་ཞིང་ལུས་བསྲུང་བའི་ནན་ཏན་ལ་མཁས་པས་ཚེ་ཡང་རིང་བར་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟར་ དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སངས་རྒྱས་ཀྱི་སྤྱན་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་།
BO
ཞེ་སྡང་དང་། གཏི་མུག་གི་བསམ་པ་གང་དང་ལྡན་པ་རབ་ཏུ་མཁྱེན་ཏོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་ནད་མི་ འཐུན་པ་ཡང་རབ་ཏུ་མཁྱེན་ཏོ། ། དེ་བཞིན་གཤེགས་པས་དེ་ལྟར་མཁྱེན་པས་ཤིན་ཏུ་འབད་པའི་བརྩོན་འགྲུས་ཚད་མེད་པ་དང་། ཐབས་མཁས་པའི་ཤུགས་ཀྱིས་ཅི་དང་ཅིས་འདུལ་བ་བཞིན་དུ་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་སྒྲུབ་པའི་སྨན་དམ་པ་བྱིན་པས་སེམས་ཅན་དག་ཉོན་མོངས་ པའི་ནད་བསལ་བ་ལ་ནན་ཏན་དང་བརྩོན་འགྲུས་བྱེད་དུ་བཅུག་གོ། ། སེམས་ཅན་གང་མི་གཙང་བ་ལ་རྟོག་པའི་ཉོན་མོངས་པའི་ནད་ཞི་བར་འོས་པ་ཞིག་ན། དེ་ལ་མི་གཙང་བ་ལ་རྟོག་པའི་སྨན་སྒོམ་དུ་བཅུག་གོ། ། སེམས་ཅན་གང་ཚངས་པའི་གནས་ལ་ནན་ཏན་བྱས་པས་ཉོན་མོངས་པའི་ ནད་ཞི་བར་འོས་པ་ཞིག་ན་ཚངས་པའི་གནས་ཀྱི་སྨན་སྒོམ་དུ་བཅུག་གོ། ། སེམས་ཅན་གང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྒོམས་པས་ཉོན་མོངས་པའི་ནད་སེལ་བར་འོས་པ་ཞིག་ན། དེ་ལ་རྟེན་ཅིང་འབྲེལ་ཏེ་བྱུང་བའི་སྨན་སྒོམ་དུ་བཅུག་གོ། ། སེམས་ཅན་གང་དབུགས་འགྲང་བ་ཡིད་ལ་བྱས་ པས་ནད་ཞི་བར་འོས་པ་ཞིག་ན། དེ་ལ་དབུགས་འགྲང་བ་ཡིད་ལ་བྱ་བའི་སྨན་སྒོམ་དུ་བཅུག་གོ། །
BO
སེམས་ཅན་གང་རྣམ་པར་ཐར་པའི་སྒོ་གསུམ་བསྒོམས་པས་ཉོན་མོངས་པའི་ནད་ཞི་བར་འོས་པ་ཞིག་ན། དེ་ལ་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྨན་སྒོམ་དུ་བཅུག་གོ། ། སེམས་ཅན་གང་ བསམ་གཏན་བསྒོམས་པས་ཉོན་མོངས་པའི་ནད་ཞི་བར་འོས་པ་ཞིག་ན། དེ་ལ་བསམ་གཏན་གྱི་སྨན་སྒོམ་དུ་བཅུག་གོ། ། སེམས་ཅན་གང་གཟུགས་མེད་པའི་བསམ་གཏན་བསྒོམས་པས་ཉོན་མོངས་པའི་ནད་ཞི་བར་འོས་པ་ཞིག་ན། དེ་ལ་གཟུགས་མེད་པའི་བསམ་གཏན་སྒོམ་ དུ་བཅུག་གོ། ། སེམས་ཅན་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་བར་བསྒོམས་པས་ཉོན་མོངས་པའི་ནད་ཞི་བར་འོས་པ་ཞིག་ན། དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྨན་སྒོམ་དུ་བཅུག་གོ། ། དེ་བས་ན་དེ་བཞིན་གཤེགས་པས་སེམས་ཅན་དག་ལ་དེ་ལྟ་བུའི་ཆོས་ཀྱི་སྨན་གྱི་སྦྱིན་པ་ མཛད་དོ། ། སྣོད་དུ་གྱུར་པའི་སེམས་ཅན་ཐམས་ཅད་བདུད་རྣམ་བཞིའི་དབང་དུ་འགྱུར་བར་མི་མཛད་དོ། ། སྣོད་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལྷ་དང་མིའི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ངན་སོང་དུ་གཞོལ་བར་མི་མཛད་དོ། ། དེ་བཞིན་གཤེགས་པ་བླ་ན་མེད་པའི་ཆོས་ཀྱི་སྨན་དང་། དཀོན་མཆོག་གསུམ་གྱི་གདུང་མྱུར་དུ་མེད་པར་འགྱུར་བར་མི་མཛད་དེ།
BO
དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་དེ་ལྟ་བུའི་ཆོས་ཀྱི་སྨན་གྱི་སྦྱིན་པ་མཛད་དོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་འཁོར་ལོ་བདུན་པ་དང་ལྡན་ཏེ། འཁོར་ལོ་དེའི་ དབང་གིས་བླ་ན་མེད་པ་ཀུན་དུ་འགྲོ་བའི་ཡེ་ཤེས་ཀྱི་སྤྱོད་པས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྨན་རྣམ་པ་སྣ་ཚོགས་བྱིན་པ་དེ་སྒོམ་དུ་བཙུད་ན་ཉོན་མོངས་པའི་ནད་ཀུན་ཞི་ཞིང་འཇིགས་པ་མེད་པ་ལ་བདེ་བར་གནས་པར་འགྱུར་རོ། ། འཇིགས་པ་མེད་པས་ང་ནི་དྲང་སྲོང་ཆེན་པོའི་གནས་སུ་ བཞུགས་ཏེ་སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་བཏུལ་ཏེ། འཁོར་མང་པོའི་དཀྱིལ་འཁོར་དུ་སེང་གེའི་སྒྲ་སྒྲོགས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ། རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་ པོ་ཆེན་པོ་བདག་དང་གཞན་གྱི་རིགས་དང་། ཐོག་མ་བཙས་པ་དང་། གཞོན་ནུའི་ཚེ་རྩེ་བ་ལ་སོགས་པ་ཐམས་ཅད་ལ་དྲན་པ་མངོན་པར་བཞག་ཞེས་སེམས་སོ། ། འདི་ལྟ་སྟེ། གནས་གང་དུ་ཐོག་མ་བཙས་པ་དང་། ཁྲུས་བྱས་པ་དང་། པང་དུ་བླངས་ཤིང་ནུ་ཞོ་བསྣུན་པ་དང་ལུས་ དང་ཡན་ལག་གི་ཚོགས་མཉེས་པ་དང་།
BO
དགའ་བཞིན་དུ་རྩེ་བ་དང་། ས་དང་བྱེ་མ་ལ་རྩེ་བ་དང་། འཁོར་དང་བཅས་ཏེ་བག་མེད་པ་རྣམ་པ་མང་པོས་རྩེ་བ་དང་། རྩལ་སྦྱོང་བ་དང་། དེ་མ་ཡིན་པའི་ལས་རྣམ་པ་གཞན་བྱེད་པ་དང་། རྒྱལ་པོ་གཞན་གྱི་ཡུལ་དུ་རྒྱུ་ཞིང་འགྲོ་བ་ དང་། རྒྱལ་པོའི་བྱ་བ་སྒྲུབ་པ་དང་། རྒྱལ་པོའི་ལས་བྱེད་པ་དང་། རྒྱལ་ཚབ་བྱེད་པ་དང་། རྒྱལ་ཐབས་ཐོབ་ནས་དབང་དུ་གྱུར་ཏེ། བདེ་བའི་ལོངས་སྤྱོད་ཆེན་པོ་མྱོང་བ་དང་། གྲགས་པ་ཆེན་པོས་ཕྱོགས་ཀུན་དུ་གྲགས་པ་དང་། དངོས་པོ་དེ་དག་ལ་སོགས་ པ་བསམས་ཏེ་དྲན་ནས། རྒྱལ་པོ་སྔ་མའི་ཆོས་ལུགས་ཡང་དག་པ་རྣམ་པར་བཞག་ནས་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ལ་འཚོ་སྐྱོང་སྟེ། བདག་གི་སྲིད་འཛིན་ཅིང་ཕ་རོལ་མི་འཚེའོ། ། རིགས་ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ ཆེན་པོ་དེ་ལྟར་རྒྱལ་པོའི་འཁོར་ལོ་བརྒྱད་པ་འདི་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་བདག་གི་ཡུལ་རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕས་རྒོལ་བའི་དགྲ་དང་གྲོགས་པོ་ངན་པ་ཐམས་ཅད་བཏུལ་ཏེ། ལུས་བསྲུང་བའི་ནན་ཏན་ལ་མཁས་པས་ཚེ་ཡང་རིང་བར་འགྱུར་རོ། །
BO
རིགས་ ཀྱི་བུ་དེ་ལྟར་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་འཁོར་གྱི་དཀྱིལ་འཁོར་ན་བཞུགས་པའི་ཚེ་བདག་དང་ཕ་རོལ་པོ་གཞན་གྱི་སྔོན་གྱི་སྐྱེ་བ་ཚད་མེད་པ་སྙེད་ན་ཅི་བྱས་པའི་དངོས་པོ་ཀུན་དགོངས་སོ། ། འདི་ལྟ་སྟེ། སྐྱེ་བ་གཅིག་དང་། སྐྱེ་བ་གཉིས་དང་། སྐྱེ་བ་གསུམ་ནས་སྐྱེ་བ་ ཚད་མེད་པ་བརྒྱ་སྟོང་གི་བར་གྱི་ཅི་བྱས་པའི་དངོས་པོ་ཀུན་དགོངས་སོ། ། དེ་བཞིན་དུ་བསྐལ་པ་འགྲུབ་པ་དགོངས་པ་ནས་བསྐལ་པ་འཇིག་པ་ཡང་དགོངས་སོ། ། བསྐལ་པ་ཚད་མེད་པ་འགྲུབ་པ་དང་། བསྐལ་པ་ཚད་མེད་པ་འཇིག་པའི་བར་དུ་ཐམས་ཅད་དགོངས་ཏེ། འདི་ནི་སྔོན་ འདས་པའི་དུས་ན་ཆེ་གེ་མོ་ཞིག་ན་འདུག་འདུག་སྟེ་རིགས་ནི་འདི་ཞེས་བྱའོ། ། མིང་ནི་འདི་ཞེས་བྱའོ། ། རུས་ནི་འདི་ཞེས་བྱའོ། ། ཁ་ཟས་ནི་འདི་ཟ་ཟའོ། ། བདེ་བ་དང་སྡུག་བསྔལ་ཡང་འདི་དག་མྱོང་ངོ་། ། ཚེ་ནི་འདི་སྙེད་ཅིག་གོ། ། འདི་སྙེད་ཀྱི་བར་དུ་འདུག་འདུག་གོ། ། ཚེའི་ མཐར་ཐུག་པ་ན་ཆེ་གེ་མོ་ཞིག་ཏུ་ཚེ་འཕོས་ནས་འདི་དག་ཏུ་སྐྱེས་སོ། །
BO
འདི་དག་ཏུ་ཚེ་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་ལ་སོགས་པ་དངོས་པོ་ཚད་མེད་དཔག་ཏུ་མེད་པ་ཀུན་དགོངས་པས་སེམས་ཅན་གྱི་དབང་པོ་སོ་སོ་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་སྟོན་ཏེ། ཕན་པ་དང་ བདེ་བའི་དོན་མཛད་དོ། ། རིགས་ཀྱི་བུ་ང་དེ་ལྟར་སངས་རྒྱས་ཀྱི་འཁོར་ལོ་བརྒྱད་པ་འདི་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་གྱིས་འཇིགས་པ་མེད་པ་ལ་བདེ་བར་བཀོད་དོ། ། འཇིགས་པ་མེད་པས་ང་ནི་དྲང་སྲོང་ཆེན་ པོའི་གནས་སུ་བཞུགས་ཏེ། སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལ་སོགས་པ་ལོག་པར་སྨྲ་བ་ཐམས་ཅད་བཏུལ་ཏེ། འཁོར་མང་པོའི་དཀྱིལ་འཁོར་དུ་སེང་གེའི་སྒྲ་སྒྲོགས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ། རྒྱལ་རིགས་རྒྱལ་ ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ནི་བསམས་པ་བཞིན་དུ་བདག་གི་རིས་ན་གནས་པའི་སེམས་ཅན་གྱི་རིགས་དང་། རུས་དང་། རྩལ་ཅི་ཡོད་པ་དང་། ལས་ཀྱི་དངོས་པོ་ཅི་བྱེད་པ་དང་། འདི་ནས་ཚེ་འཕོས་ནས་གང་དུ་སྐྱེ་བ་དང་། རྒྱུ་དང་འབྲས་བུ་བཟང་ངན་གྱི་ ཁྱད་པར་མི་འཐུན་པ་ཀུན་ཤིན་ཏུ་རྟོག་གོ། །
BO
སེམས་ཅན་གང་སུའི་ཁྱིམ་དུ་སྐྱེས་ན་རྟུལ་ཕོད་ཅིང་དཔའ་བ་དང་། ཞན་ཅིང་སྡར་བ་དང་། བཟོ་རྩལ་བསླབས་ན་ལོབས་པ་དང་། མི་ལོབས་པ་དང་། ལས་ཅི་བྱེད་པ་དང་། དགེ་བ་བྱེད་པ་དང་། སྡིག་པ་བྱེད་པ་དང་། ཕྱུག་ཅིང་བཙན་པ་ དང་། དབུལ་ཞིང་ཉེན་པ་དང་། མཛེས་པ་དང་། མི་མཛེས་པ་ལ་སོགས་པ་ཀུན་ཤེས་པ་ནས་ཚེ་འཕོ་བའི་བར་དུ་ཀུན་ཤེས་ཏེ་གང་སུ་ཞིག་ལས་མ་ཟད་པར་འཆི་བ་དང་། གང་ནི་ལས་ཟད་དེ་འཆི་བ་དང་། གང་ནི་རྒྱལ་པོའི་ཁྲིམས་དང་འགལ་ནས་བསད་པ་དང་། གང་ནི་ དགྲས་བསད་པ་དང་། གང་ནི་ལྕག་གིས་གཞུས་པས་འཆི་བ་དང་། གང་ནི་བཙོན་རར་བཅུག་པས་འཆི་བ་དང་། གང་ནི་བཟོ་རྩལ་སྦྱོང་བའི་ཕྱིར་འཆི་བ་དང་། གང་ནི་ཕས་རྒོལ་བའི་དགྲའི་གཡུལ་ངོར་འཆི་བ་དང་། གང་ནི་རྩོད་ཅིང་འཐབས་ནས་འཆི་བ་དང་། གང་ནི་ནོར་ དབྱིག་སྲུང་བའི་ཕྱིར་འཆི་བ་དང་། གང་ནི་འདོད་ཆགས་ཀྱི་དབང་གིས་འཆི་བ་དང་། གང་ནི་ཁོང་ཁྲོ་ཞིང་འཁོན་དུ་འཛིན་པའི་ཕྱིར་འཆི་བ་དང་། གང་ནི་ངལ་ཆད་ནས་འཆི་བ་དང་། གང་ནི་ལྟོགས་ཏེ་འཆི་བ་དང་། གང་ནི་ཉེས་པའི་སྐྱོན་དང་བཅས་ཏེ་འཆི་བ་དང་། གང་ནི་སྐྱོན་མེད་ པར་འཆི་བ་དང་། གང་ནི་རྒས་འཁོགས་ཏེ་འཆི་བ་པ་དང་།
BO
གང་ནི་དར་ལ་བབ་སྟེ་འཆི་བ་དང་། གང་ནི་གཞོན་ནུ་བྱིས་པའི་ཚེ་འཆི་བ་དང་། གང་ནི་དགེ་བའི་ལས་རྣམ་པ་མང་པོ་བྱས་ནས་འཆི་བ་དང་། གང་ནི་མི་དགེ་བའི་ལས་རྣམ་པ་མང་པོ་བྱས་ཏེ་ འཆི་བ་དག་ཀྱང་རབ་ཏུ་ཤེས་སོ། ། སེམས་ཅན་གང་ནི་དགེ་བ་སྤྱད་པའི་རྒྱུས་ཤི་ནའང་མཐོ་རིས་སུ་སྐྱེ་བར་འགྱུར་བའང་ཤེས་ཏེ། སེམས་ཅན་གང་ནི་མི་དགེ་བ་སྤྱད་པའི་རྒྱུས་ཚེ་འཕོས་ནས་ངན་སོང་དུ་སྐྱེ་བར་འགྱུར་བའང་རབ་ཏུ་ཤེས་སོ། ། དེ་ལྟར་དངོས་པོ་དེ་དག་ཀུན་རབ་ཏུ་ ཤེས་པས་འདི་སྙམ་དུ་བདག་ཀྱང་བརྩོན་པའི་སྦྱོར་བ་ལ་ལུས་དགེ་བ་དང་། ངག་དགེ་བ་དང་། ཡིད་དགེ་བ་ལ་སྤྱོད་པ་ལ་ཤིན་ཏུ་བརྩོན་པར་བྱའོ་སྙམ་དུ་སེམས་སོ། ། བདག་གིས་ཐབས་རྣམ་པ་སྣ་ཚོགས་ཀྱིས་སྦྱིན་པ་ལ་གོམས་པར་བྱ་བ་དང་། ཞི་ཞིང་དུལ་བར་བྱ་སྟེ་ཚེ་འཕོས་ ནས་གནས་བཟང་པོར་སྐྱེ་བར་བྱའི་ངན་སོང་དུ་ལྟུང་བར་མི་བྱའོ་སྙམ་དུ་སེམས་སོ། ། དེ་ལྟར་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་དངོས་པོ་བསམས་ནས་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་ལུས་དང་ངག་དང་ཡིད་གསུམ་གྱིས་དགེ་བ་ སྤྱོད་པ་ལས་ཤིན་ཏུ་རྩོལ་ཏེ།
BO
རྟག་ཏུ་སྦྱིན་པ་སྤྱོད་པ་ནི་འདི་ལྟ་སྟེ། ཟས་དང་། སྐོམ་དང་། གོས་དང་། བལ་གླང་དང་། རྟ་དང་། བཞོན་པའི་ཐེག་པ་དང་། མལ་ཆ་དང་། ནད་ཀྱི་གསོས་སྨན་དང་། ཁང་ཁྱིམ་དང་། མར་མེ་དང་། སྒྲོན་མ་དང་། དེ་མ་ཡིན་པ་འཚོ་བའི་ཡོ་བྱད་ ཐམས་ཅད་དང་། བྲན་དང་ལས་བྱེད་པའི་མི་དང་། གཞན་ཡང་རིན་པོ་ཆེ་དང་། ནོར་དབྱིག་རྣམ་པ་སྣ་ཚོགས་དང་། མགོ་དང་། མིག་དང་། ལག་པ་དང་། རྐང་པ་ནས་ལུས་དང་། སྲོག་གི་བར་དུ་ཕངས་པ་མེད་པར་ཐམས་ཅད་གཏོང་ངོ་། ། སྲོག་གཅོད་པ་ཡོངས་སུ་སྤོང་བ་ནས་ མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། {བརྫུན་,རྫུན་}དུ་སྨྲ་བ་དང་། ངག་རྩུབ་པོར་སྨྲ་བ་དང་། ཚིག་ཀྱལ་པ་དང་། ཕྲ་མ་དང་། འདོད་ཆགས་དང་། ཞེ་སྡང་དང་། ལོག་པར་ལྟ་བའི་བར་དུ་ཡོངས་སུ་སྤོང་ངོ་། ། དེའི་རྒྱུ་དེའི་རྐྱེན་གྱིས་རྒྱལ་རིགས་རྒྱལ་ ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཁྱད་པར་རྣམ་པ་བཅུ་ཐོབ་བོ། ། བཅུ་གང་ཞེ་ན་འདི་ལྟ་སྟེ། གྲགས་པ་ཆེན་པོ་དང་ལྡན་པ་ཡིན། ནོར་རིན་པོ་ཆེ་དང་ལྡན་པ་ཡིན། མཚན་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན། འཁོར་མང་པོ་དང་ལྡན་པ་ཡིན། མི་ བདེ་བ་དང་ནད་མེད་པ་ཡིན།
BO
འཁོར་དང་གཉེན་བཤེས་ཀུན་ཤེས་རབ་རྣོ་ཞིང་མང་དུ་ཐོས་པ་ཡིན། ཡང་དག་པ་དང་ཡང་དག་པའི་སྤྱོད་པ་ཅན་ལ་སྟེན་ཅིང་མཆོད་པ་བྱེད་པ་ཡིན། ཕྱོགས་བཅུ་ཀུན་དུ་ཤིན་ཏུ་སྙན་པས་རྒྱ་ཆེར་གྲགས་པ་ཡིན། གཟི་བརྗིད་ཆེན་པོའི་མཐུ་ དང་ལྡན་པའི་ལྷས་རྟག་ཏུ་སྲུང་བ་ཡིན། ཚེ་འཕོས་པར་གྱུར་ན་ཡང་མཐོ་རིས་ཀྱི་ལྷར་སྐྱེ་ཞིང་རྟག་ཏུ་གནས་བཟང་པོར་རབ་ཏུ་བདེ་བའི་ལོངས་སྤྱོད་དང་ལྡན་པ་ཡིན་ནོ། ། རིགས་ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དེ་ལྟར་འཁོར་ལོ་དགུ་པ་འདི་དང་ ལྡན་ཏེ། འཁོར་ལོ་དེ་དང་ལྡན་པའི་དབང་གིས་བདག་གི་ཡུལ་རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕས་རྒོལ་བའི་དགྲ་དང་། གྲོགས་པོ་ངན་པ་ཐམས་ཅད་བཏུལ་ཏེ་ལུས་བསྲུང་བའི་ནན་ཏན་ལ་མཁས་པས་ཚེ་ཡང་རིང་བར་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་དུ་དེ་བཞིན་ གཤེགས་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་འཆི་འཕོ་བའི་དངོས་པོ་ཀུན་མཁྱེན་ཏོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གང་ནི་ལུས་མི་དགེ་བ་སྤྱོད་པ་དང་ལྡན། སེམས་ཅན་གང་ནི་ངག་མི་དགེ་བ་སྤྱོད་པ་དང་ལྡན།
BO
སེམས་ ཅན་གང་ནི་ཡིད་མི་དགེ་བ་སྤྱོད་པ་དང་ལྡན་ཞིང་འཕགས་པ་རྣམས་ལ་དབང་ཟ་སྟེ། ངན་པར་ལྟ་བ་དང་ལྡན་པས་ངན་པར་ལྟ་བའི་དབང་གིས་ཚེ་འཕོས་ནས་ངན་སོང་དུ་ལྟུང་བ་དང་། གང་ནི་སེམས་ཅན་དམྱལ་བར་ལྟུང་བ་དང་། གང་ནི་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བ་དང་། གང་ནི་{ཡི་དགས་,ཡི་དྭགས་}སུ་སྐྱེ་བ་ཡང་རབ་ཏུ་མཁྱེན་ཏོ། ། སེམས་ཅན་གང་ནི་ལུས་དགེ་བ་སྤྱོད་པ་དང་ལྡན། གང་ནི་ངག་དགེ་བ་སྤྱོད་པ་དང་ལྡན། གང་ནི་ཡིད་དགེ་བ་སྤྱོད་པ་དང་ལྡན་ཞིང་འཕགས་པ་རྣམས་ལ་དབང་མི་ཟ་བ་དང་། ཡང་དག་པར་ལྟ་བ་དང་ལྡན་ཏེ། ཡང་དག་པར་ ལྟ་བའི་རྐྱེན་གྱིས་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེ་བ་དང་། མིར་སྐྱེ་བ་དང་། ཟག་པ་ཟད་པར་འགྱུར་བ་ཡང་རབ་ཏུ་མཁྱེན་ཏོ། ། དེ་ལྟར་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པས་སེམས་ཅན་དེ་དག་ལ་བྱམས་པ་དང་། སྙིང་ རྗེ་ཆེན་པོ་བསྐྱེད་དེ། ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་ཆོ་འཕྲུལ་རྣམ་པ་གསུམ་མངོན་པར་བསྟན་ཏེ། སེམས་ཅན་དེ་དག་སངས་རྒྱས་ཀྱིས་བསྟན་པའི་ཆོས་དང་། འདུལ་བ་ལ་ཕྱོགས་ཤིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དད་པ་ལ་བཀོད་དོ། ། གསུམ་ གང་ཞེ་ན། འདི་ལྟ་སྟེ།
BO
མངོན་པར་ཤེས་པའི་ཆོ་འཕྲུལ་དང་། ཆོས་སྟོན་པའི་ཆོ་འཕྲུལ་དང་། ཕ་རོལ་གྱི་སེམས་ཤེས་པའི་ཆོ་འཕྲུལ་ལོ། ། ཆོ་འཕྲུལ་རྣམ་པ་དེ་གསུམ་གྱིས་སེམས་ཅན་དེ་དག་བསྐུལ་ནས་བསྟན་པ་ལ་བཀོད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདའ་བའི་དད་པ་ ཐོབ་པར་བྱས་ནས། སྲིད་པ་ན་འཁོར་བའི་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་མཛད་དོ། ། རིགས་ཀྱི་བུ་ང་དེ་ལྟར་སངས་རྒྱས་ཀྱི་འཁོར་ལོ་དགུ་པ་འདི་དག་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་གྱིས་འཇིགས་པ་ མེད་པ་ལ་བདེ་བར་བཀོད་དོ། ། འཇིགས་པ་མེད་པས་ང་ནི་དྲང་སྲོང་ཆེན་པོའི་གནས་སུ་བཞུགས་ཏེ་སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་ལྟ་བ་ཐམས་ཅད་བཏུལ་ཏེ། འཁོར་གྱི་དཀྱིལ་འཁོར་དུ་སེང་གེའི་སྒྲ་སྒྲོགས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ནི་གླིང་བཞི་པའི་སེམས་ཅན་ཚད་མེད་པའི་ལུས་ཀྱི་ནད་རྣམ་པ་སྣ་ཚོགས་བསལ་བའི་ཕྱིར་རྒྱལ་ཐབས་བཏང་ནས་སྤོས་ཆུས་ལུས་བཀྲུས་ནས་གོས་གཙང་མ་སར་པ་གྱོན་ནས་ལུས་དྲང་པོར་ བསྲང་སྟེ།
BO
སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་མཉམ་པའི་སེམས་ཡིད་ལ་བྱས་ཏེ། ནད་ཐམས་ཅད་ལས་ཐར་བར་བྱ་བའི་ཕྱིར་མེ་ཏོག་དང་། སྤོས་དང་། རོལ་མོ་རྣམ་པ་སྣ་ཚོགས་དང་། དེ་མ་ཡིན་པའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་མང་ པོས་མཐུ་ཆེ་བ་གཟི་བརྗིད་དང་ལྡན་པའི་ལྷ་ཐམས་ཅད་ལ་མཆོད་པ་བྱེད་དོ། ། དེའི་ཚེ་ན་ལྷའི་དབང་པོ་དང་། ཀླུའི་དབང་པོ་ནས་ལྟོ་འཕྱེ་ཆེན་པོའི་དབང་པོའི་བར་དུ་ཐམས་ཅད་ཀྱིས་དེ་ལྟར་ཤེས་ནས་གཅིག་ལ་གཅིག་འདི་སྐད་ཅེས་ཟེར་རོ། ། རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་ བའི་རྒྱལ་པོ་ཆེན་པོ་འདི་ཡོན་ཏན་དང་ལྡན་ཏེ། གཟི་བརྗིད་ཆེ་བས་ན་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འོས་ཀྱིས་བདག་ཅག་གིས་དེར་དོང་ལ་གླིང་བཞི་ལ་དབང་བའི་རྒྱལ་པོར་དབང་བསྐུར་བ་དང་། སེམས་ཅན་རྣམས་ནད་མེད་ཅིང་བདེ་བར་བྱ་བའི་ཕྱིར་འདོང་ངོ་ཞེས་ སྨྲས་ནས་ལྷའི་དབང་པོ་ནས་ལྟོ་འཕྱེ་ཆེན་པོའི་དབང་པོའི་བར་དུ་ཐམས་ཅད་ལྷགས་ནས་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་བསྐུར་ཏེ། རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་།
BO
གླིང་བཞི་ལ་དབང་བྱེད་པ་དང་། བུ་སྟོང་ དང་ལྡན་ཏེ་ཐམས་ཅད་ཀྱང་དཔའ་ཞིང་རྟུལ་ཕོད་པ་དང་། མཛེས་ཤིང་ཡིད་དུ་འོང་བ་དང་། ཕས་རྒོལ་བའི་དགྲ་ཐུལ་བ་དང་། དབང་བར་གྱུར་པའི་ས་ཆེན་པོ་དེ་ལྟར་རྒྱ་མཚོའི་མཐའ་ནས་ཕོ་བྲང་དུ་ཐུག་གི་བར་དུ་མཚོན་ཆ་མི་སྤྱོད་ཅིང་ཐམས་ཅད་དམ་པའི་ཆོས་སྤྱོད་དེ་བདེ་སྐྱིད་པར་བྱས་སོ། ། རིགས་ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དེ་ལྟར་འཁོར་ལོ་བཅུ་པ་འདི་དག་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་གླིང་ཆེན་པོ་བཞི་ནས་ཕྱོགས་མཚམས་བརྒྱད་དང་། གླིང་ཕྲན་བརྒྱད་ཁྲི་བཞི་སྟོང་དག་ན་སེམས་ཅན་ཇི་སྙེད་གནས་པ་དེ་དག་ ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་ཤིང་། བདག་གི་ལུས་ཤིན་ཏུ་སྲུང་བ་དང་། ཚེ་ཡང་རིང་བར་འགྱུར་རོ། ། ཚེ་འཕོས་ནས་ཀྱང་མཐོ་རིས་ཀྱི་ལྷར་སྐྱེ་ཞིང་ལོངས་སྤྱོད་དམ་པ་དང་ལྡན་པར་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ སྔོན་བྱང་ཆུབ་སེམས་དཔའི་ཚེ་ན་བདག་དང་གཞན་གྱི་ལུས་ལ་ཉོན་མོངས་པའི་ནད་རྣམ་པ་ཚད་མེད་པ་སྙེད་ཡོད་པར་མཁྱེན་ནས་ཏིང་ངེ་འཛིན་གྱི་སྤོས་ཆུས་ནི་ལུས་བཀྲུས། བདེན་པའི་ཆོས་དང་།
BO
བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ཆུས་ཁྲུས་བྱས་པ་ཁྲེལ་བ་དང་འཛེམ་པའི་ གོས་གྱོན་ནས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བསམ་གཏན་དང་། སྙོམས་པར་འཇུག་པ་དང་། བརྩོན་འགྲུས་དང་། ཐབས་དང་། ཤེས་རབ་དང་། བྱམས་པ་དང་། ཐུགས་རྗེས་རྗེས་སུ་བཟུང་སྟེ་ཐམས་ཅད་ཀྱིས་གསུང་ འཐུན་པར་འདི་སྐད་དུ་སྐྱེས་བུ་ཆེན་པོ་འདི་ནི་བསོད་ནམས་དང་། ཡེ་ཤེས་ཆེན་པོའི་ཚོགས་ཀྱིས་ཡོངས་སུ་བརྒྱན་པའི་སྣོད་དུ་གྱུར་པས་རྣམ་པར་ཐར་པ་གསུམ་དང་མི་འཇིགས་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཀྱི་ སྣོད་དུ་གྱུར་པའོ། ། བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་གནས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་བྱེད་པ་ལ་སྤྲོ་བ། སངས་རྒྱས་རིན་པོ་ཆེ་ཚོལ་བའི་ཚོང་དཔོན་དུ་གྱུར་པ། འཁོར་ བས་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་སྒྲོལ་བ། སེམས་ཅན་ལ་མྱ་ངན་ལས་འདའ་བའི་བདེ་བ་ཆེན་པོ་རབ་ཏུ་སྟོབས་པ་ཡིན་ཏེ།
BO
བདག་ཅག་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདེན་པའི་གསུང་གིས་ཅི་དང་ཅི་འདོད་པ་དེ་དག་ཐམས་ཅད་བྱིན་ཏེ། ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཐོབ་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཏེ། ང་དེའི་ཚེ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ཏེ་ཤིན་ཏུ་བརྟན་པའི་བརྩོན་འགྲུས་ཀྱིས་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆུད་ནས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། ། རིགས་ཀྱི་བུ་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་ཞིང་དབང་སྒྱུར་བ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བསམ་གཏན་བཞི་དང་། གཟུགས་མེད་པའི་ཏིང་ངེ་འཛིན་བཞི་དང་། ཚངས་པའི་ གནས་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། འཕགས་པའི་བདེན་པ་བཞི་དང་། འཇིགས་པ་མེད་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་དུ་གྱུར་ཏོ། ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ལྟར།
BO
དེ་བཞིན་གཤེགས་པ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་བདུན་དང་ལྡན་ནོ། ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་བུ་སྟོང་དང་ལྡན་ཏེ་ཐམས་ཅད་དཔའ་ཞིང་རྟུལ་ཕོད་པ། མཛེས་ཤིང་ཡིད་དུ་འོང་བས་ཕ་རོལ་པོའི་ དགྲ་ཐམས་ཅད་ཐུལ་བ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དང་པོར་འཕགས་པ་ཅང་ཤེས་ཀཽ་དི་ནྱ་ནས་ཐ་མར་ཚེ་དང་ལྡན་པ་རབ་ཏུ་བཟང་པོ་དང་། རབ་དེ་ལ་སོགས་པ་ཉན་ཐོས་ཀྱི་འཁོར་ཆེན་པོ་སངས་རྒྱས་ཀྱི་ཐུགས་ལས་བྱུང་བ། བཅོམ་ལྡན་འདས་ཀྱི་གསུང་ལས་སྐྱེས་པ། བསྟན་ པའི་ཆོས་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་ཐོབ་པ་དག་ཡོད་དེ། ཟག་པ་ཡོངས་སུ་ཟད་པའི་ཕྱིར་དཔའ་ལ་རྩལ་ཆེ་བ་ཞེས་བྱ། ཚངས་པའི་གནས་བཞི་དང་ལྡན་པས་མཛེས་ཤིང་ཡིད་དུ་འོང་བ་ཞེས་བྱ། ལྷའི་བདུད་དང་མུ་སྟེགས་ཅན་ཐུལ་བས་ཕས་རྒོལ་བའི་དགྲ་ཐུལ་བ་ཞེས་ བྱའོ། ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་ཕྲན་བརྒྱད་ཁྲི་བཞི་སྟོང་འདུལ་ཞིང་སྟོན་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་དང་། ནུབ་ཀྱི་བན་གླང་སྤྱོད་བྱེ་བ་ཕྲག་བརྒྱ་དང་། ཤར་གྱི་ལུས་འཕགས་བྱེ་བ་ཕྲག་བརྒྱ་དང་། བྱང་གི་སྒྲ་མི་སྙན་ བྱེ་བ་ཕྲག་བརྒྱ་དང་།
BO
རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། རི་རབ་ལྷུན་པོ་བྱེ་བ་ཕྲག་བརྒྱ་དང་། རྒྱལ་ཆེན་རིས་བཞི་བྱེ་བ་ཕྲག་བརྒྱ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བྱེ་བ་ཕྲག་བརྒྱ་དང་། ཁོར་ཡུག་ཆེན་པོ་བྱེ་བ་ཕྲག་བརྒྱ་དེ་དག་སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྒྱ་ཆེ་བ་གཅིག་ ཏུ་གྱུར་པར་གསུང་གིས་དབང་སྒྱུར་བ་ལ་མངའ་བརྙེས་པར་གྱུར་ཏོ། ། རིགས་ཀྱི་བུ་ང་འདི་ལྟར་སངས་རྒྱས་ཀྱི་འཁོར་ལོ་བཅུ་པ་འདི་དང་ལྡན་ཏེ། འཁོར་ལོ་དེའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བདག་དང་གཞན་གྱི་ལུས་ཀྱི་ཟག་པ་ཐམས་ཅད་ཡོངས་སུ་ཟད་པ་མཁྱེན་ནས། སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་གྱིས་འཇིགས་པ་མེད་པ་ལ་བདེ་བར་བཀོད་དོ། ། འཇིགས་པ་མེད་པས་ང་ནི་དྲང་སྲོང་ཆེན་པོའི་གནས་སུ་བཞུགས་ཏེ། སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་ བཏུལ་ཏེ། འཁོར་མང་པོའི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། ། རིགས་ཀྱི་བུ་ང་ནི་དེ་ལྟར་སངས་རྒྱས་ཀྱི་འཁོར་ལོ་བཅུ་པ་འདི་དག་དང་ལྡན་ཏེ།
BO
སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སངས་རྒྱས་ཀྱི་ཞིང་རྙོག་པ་ལྔ་ཅན་གྱི་སེམས་ཅན་ཐམས་ཅད་རྣམ་པར་དཀར་བའི་ ཆོས་རྣམས་ཉམས་པ། འཕགས་པའི་ནོར་བདུན་གྱིས་བྲེལ་བ། མཁས་པ་དག་དང་རིང་དུ་གྱུར་པ། རྟག་པ་དང་ཆད་པའི་དྲ་བས་ཀུན་ནས་གླགས་ཤིང་ཟིལ་གྱིས་ནོན་པ། ངན་སོང་དུ་འགྲོ་བའི་ཤིང་རྟ་ལ་སྤྲོ་ཞིང་དགའ་བ་སྐྱེད་པ། ཕྱི་མའི་སྡུག་བསྔལ་གྱིས་མི་འཇིགས་པ། རྟག་ཏུ་ཀུན་ནས་ཁེབས་པའི་མ་རིག་པའི་མུན་པར་གནས་པ་ལ་དད་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྫོགས་པར་བྱེད་པ། མཚམས་མེད་པ་ལྔའི་ལས་བྱེད་པ། དམ་པའི་ཆོས་ལ་སྐུར་ཅིང་འཕགས་པ་ལ་དབང་ཟ་བ། དགེ་བའི་ཆོས་ཐམས་ཅད་རིང་དུ་སྤོང་བ། མི་དགེ་ བའི་ཆོས་རྫོགས་པར་བྱེད་པ་འདིར་བཞུགས་ཏེ། ང་ནི་སངས་རྒྱས་ཀྱི་འཁོར་ལོ་རྣམ་པ་བཅུ་པོ་འདི་དང་ལྡན་པས་འཇིགས་པ་མེད་པར་བདེ་བར་གནས་སོ། ། འཇིགས་པ་མེད་པས་ང་ནི་དྲང་སྲོང་ཆེན་པོའི་གནས་སུ་བཞུགས་ཏེ། སངས་རྒྱས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་ བདུད་དུ་བཅས་པའི་མུ་སྟེགས་ཅན་ལོག་པར་སྨྲ་བ་ཐམས་ཅད་བཏུལ་ཏོ། །
BO
སེམས་ཅན་ཐམས་ཅད་ཀྱི་རིགས་ལ་རྡོ་རྗེ་ལྟར་སྲ་བའི་ཉོན་མོངས་པ་ཐམས་ཅད་བཅོམ་ནས་ཅི་དང་ཅིས་འདུལ་བ་བཞིན་དུ་སྣོད་དུ་གྱུར་པའི་སེམས་ཅན་ཐམས་ཅད་ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པར་ རྣམ་པར་བཞག་གོ། ། དེ་ནས་འཁོར་དེའི་ནང་ནས་འདུལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དང་། ལྷ་དང་ཀླུའི་འཁོར་ཐམས་ཅད་ནས། ལུས་སྲུལ་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པའི་བར་ དུ་འཁོར་མང་པོ་ཐམས་ཅད་རབ་ཏུ་དགའ་ནས། སྐད་འཐུན་པར་ལེགས་སོ་ཞེས་སྨྲས་ཏེ། སྤོས་ཀྱི་ཆར་ཆེན་པོ་རབ་ཏུ་ཕབ་བོ། ། མེ་ཏོག་གི་ཆར་ཆེན་པོ་ཡང་རབ་ཏུ་ཕབ་བོ། ། རིན་པོ་ཆེའི་ཆར་ཆེན་པོ་ཡང་རབ་ཏུ་ཕབ་བོ། ། ན་བཟའི་ཆར་ཆེན་པོ་ཡང་རབ་ཏུ་ཕབ་སྟེ། བརྒྱ་སྟོང་ས་ཆེན་པོ་འདི་ཡང་རབ་ཏུ་གཡོས་སོ། ། དེ་ལྟར་སངས་རྒྱས་ཀྱི་འཁོར་ལོ་རྣམ་པ་བཅུ་པོ་འདི་བཤད་པའི་ཚེ། འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་རྩ་བཞི་སྙེད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་ པ་ཐོབ་བོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་སྙེད་ཀྱིས་གཟུངས་དང་།
BO
ཏིང་ངེ་འཛིན་དང་། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་སྙེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པར་ གྱུར་ཏོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་སྙེད་ཀྱིས་འབྲས་བུ་ཐོབ་པར་གྱུར་ཏོ། ། འདུས་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བ་ལས་འཁོར་ལོ་བཅུའི་ལེའུ་སྟེ་གཉིས་སོ། ། ། ། བམ་པོ་གསུམ་པ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་ཚངས་པ་ཆེན་པོ་ལྷའི་སྙིང་པོ་ཞེས་བྱ་བ་དགེ་བའི་རྩ་བ་ཤིན་ཏུ་བསྐྱེད་པ། ས་བཅུ་ནོན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་དང་ལྡན་པ་ཞིག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་བཅོམ་ ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། ཤེས་རབ་རྒྱ་མཚོ་ཡོན་ཏན་མཛོད་ཅན་ལ། ། བདག་གིས་ཐེ་ཙོམ་ཞུ་ཞིང་གསོལ་བར་བགྱི། ། ཤེས་རབ་རྒྱ་མཚོ་ཐུགས་རྗེས་སྐབས་ཕྱེ་སྟེ། ། བདག་གི་རྟོག་པའི་ཐེ་ཙོམ་བསལ་ བར་གསོལ། ། བདག་ཅག་སྐོམ་གྱིས་ཤིན་ཏུ་གདུངས་པ་ལྟར། ། ཡོན་ཏན་སྙིང་པོ་མཆོག་གི་ཆོས་རོ་དང་། ། ཕུལ་དུ་གྱུར་པའི་དོན་དམ་ཆོས་ཀྱི་རོ། །
BO
འཁོར་དུ་གྱུར་པ་ཐམས་ཅད་ཐོས་པར་སྨོན། ། བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལྷའི་སྙིང་པོ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། ཚངས་པ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས་ཚིགས་སུ་བཅད་དེ་ ཞུས་པ། ཤེས་རབ་ལྡན་ཞིང་ཏིང་འཛིན་རབ་བསྒོམས་ཏེ། ། བདག་མེད་པ་ལ་བདེ་བར་གནས་པའི་རྣམས། ། འོན་ཏེ་དམ་པའི་དོན་ལ་གནས་བགྱི་འམ། ། འོན་ཏེ་འཁོར་བའི་འཁོར་བར་གནས་པར་བགྱི། ། ཉིན་མཚན་ཆོས་མཆོག་དམ་པ་དེ་དག་ལ། ། འདོན་ཅིང་གོམས་པར་བགྱིད་དེ་རྩོལ་བ་དག ། འོན་ཏེ་ཉོན་མོངས་མཚོ་ལས་རྒལ་བགྱི་འམ། ། འོན་ཏམ་ངན་སོང་དག་ཏུ་ལྟུང་བར་བགྱི། ། བསོད་ནམས་བྱེད་ལ་ཤིན་ཏུ་འབད་རྩོལ་བ། ། ངེས་པར་མྱ་ངན་འདའ་ལ་གཞོལ་འགྱུར་རམ། ། འོན་ཏེ་འཁོར་བའི་འཁོར་བར་གནས་འགྱུར་ རམ། ། འོན་ཏེ་ངན་སོང་དག་ཏུ་ལྟུང་བར་འགྱུར། ། ཤེས་རབ་ལྡན་པའི་རྒྱལ་ཐབས་དབང་བསྐུར་ཏེ། ། འཁོར་ལོ་རྣམ་པ་བཅུ་དང་ལྡན་པ་དག ། འོན་ཏེ་འཁོར་བའི་ནང་དུ་འབྱིང་འགྱུར་རམ། །
BO
འོན་ཏེ་སངས་རྒྱས་འབྲས་བུ་ཐོབ་པར་འགྱུར། ། ཀུན་ནས་ཉོན་མོངས་པས་ནི་གླགས་པའི་ སེམས། ། ཉོན་མོངས་མང་པོས་འཁྲུལ་པར་གྱུར་པ་དག ། ཇི་ལྟར་སེམས་ནི་ཡོངས་སུ་དག་པར་སྦྱང་། ། སྒོམ་དང་འདོན་པའི་ལས་དག་ཇི་ལྟར་བགྱི། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལྷའི་སྙིང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལེགས་སོ། ། དོན་འདི་ དག་ལེགས་པར་ཞུ་བར་སྤོབས་པ་ལེགས་ཏེ། ཁྱོད་ནི་ཆོས་འདི་དག་ལ་ཤིན་ཏུ་ནན་ཏན་བྱེད་པའོ། ། ཁྱོད་ནི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། ། ཁྱོད་ནི་སྔོན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀླུང་གང་གཱའི་བྱེ་མ་སྙེད་ལ་སྒོ་གསུམ་ཡོངས་སུ་སྦྱངས་པའོ། ། དམ་པའི་ཆོས་ སྤེལ་བའོ། ། དཀོན་མཆོག་གསུམ་གྱི་གདུང་འཚོབ་པ་སྟེ། ད་ཡང་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་ཟབ་མོ་འདི་དག་དྲིས་པ་ལེགས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ། ཤེས་པ་བརྡ་སྤྲོད་པ་ཆེན་པོ་གནས་པ་དང་། སྤྱད་པར་མི་བྱ་ བའི་ཆོས་ཡོད་དེ། སྔོན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འཁོར་བ་ལས་སྐྱོ་བར་བྱ་བ་དང་།
BO
ལས་དང་ཉོན་མོངས་པ་ཡོངས་སུ་བཅད་པ་དང་། ཐེག་པ་གསུམ་མྱུར་དུ་ཡོངས་སུ་རྫོགས་པར་བྱ་ བའི་ཕྱིར་ཤེས་པ་བརྡ་སྤྲོད་པ་ཆེན་པོ་གནས་པ་དང་། སྤྱད་པར་མི་བྱ་བའི་ཆོས་འདི་གསུངས་སོ། ། ད་ལྟར་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འཁོར་བ་ལས་སྐྱོ་བར་བྱ་བ་དང་། ལས་དང་ཉོན་མོངས་པ་ཡོངས་སུ་བཅད་པ་དང་། ཐེག་པ་གསུམ་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཤེས་པ་བརྡ་སྤྲོད་པ་ཆེན་པོ་གནས་པ་དང་། སྤྱད་པར་མི་བྱ་བའི་ཆོས་འདི་ལ་གནས་པ་གསུང་ངོ་། ། མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་སེམས་ཅན་ ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འཁོར་བ་ལས་སྐྱོ་བར་བྱ་བ་དང་། ལས་དང་ཉོན་མོངས་པ་ཡོངས་སུ་གཅད་པར་བྱ་བ་དང་། ཐེག་པ་གསུམ་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཤེས་པ་བརྡ་སྤྲོད་པ་ཆེན་པོ་གནས་པ་དང་། སྤྱད་པར་མི་བྱ་བའི་ཆོས་འདི་ལ་གནས་པར་ བྱ་བ་འདི་དག་གསུང་བར་འགྱུར་རོ། ། ཁྱོད་ཀྱིས་སྔོན་འདས་པའི་དེ་བཞིན་གཤེགས་པ་རྣམས་ལས་ཤེས་པ་བརྡ་སྤྲོད་པ་ཆེན་པོ་གནས་པ་དང་།
BO
སྤྱད་པར་མི་བྱ་བའི་ཆོས་འདི་ལ་གནས་པར་བྱ་བ་འདི་རྫོགས་པར་ཐོས་པ་དེ་ངས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ དང་། འཁོར་བ་ལས་སྐྱོ་བར་བྱ་བ་དང་། ལས་དང་ཉོན་མོངས་པ་ཡོངས་སུ་གཅད་པ་དང་། ཐེག་པ་གསུམ་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཤེས་པ་བརྡ་སྤྲོད་པ་ཆེན་པོ་གནས་པ་དང་། སྤྱད་པར་མི་བྱ་བའི་ཆོས་འདི་ལ་གནས་པར་བྱ་བ་འདི་ལ་བསྟན་པར་བྱས། དེ་ བས་ན་སྐྱེས་བུ་དམ་པ་ཁྱོད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ། ། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚངས་པ་ཆེན་པོ་ལྷའི་སྙིང་པོ་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། ། བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལྷའི་སྙིང་པོ་ལ་ བཀའ་སྩལ་པ། གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ཡོད་དེ། གལ་ཏེ་རྣལ་འབྱོར་ཅན་དག་སྤྱོད་པ་ངན་པ་འདི་ལས་འགའ་ཙམ་གྱི་རྗེས་སུ་ཞུགས་ན་ཡང་འདོད་པའི་ཁམས་ཀྱི་དགེ་བའི་རྩ་བ་ཙམ་ཡང་ཡོངས་སུ་མི་འགྲུབ་བོ། ། ཇི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་ ཕྱིར་སྟོར་ཅིང་ཉམས་པར་གྱུར་ན་གཟུགས་དང་། གཟུགས་མེད་པའི་ཏིང་ངེ་འཛིན་ནས་ཐེག་པ་གསུམ་དང་ཐེག་པ་གཅིག་གི་བར་དུ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས།
BO
བཅུ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་ན་ཁ་ཅིག་ཏིང་ངེ་འཛིན་སྒོམ་འདོད་ཀྱང་འཚོ་བའི་ཡོ་བྱད་ ཀྱིས་བྲེལ་བས་ཚོལ་བའི་རྐྱེན་གྱིས་ཉོན་མོངས་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་སྒོམ་འདོད་ཀྱང་ཚུལ་ཁྲིམས་ཉམས་ཤིང་ཁ་ན་མ་ཐོ་བ་མང་པོ་བྱེད་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་སྒོམ་འདོད་ཀྱང་ཕྱིན་ཅི་ལོག་ཏུ་ལྟ་ཞིང་འཇིག་རྟེན་གྱི་ལྟས་བཟང་ངན་ལ་ཆགས་ཏེ་ལུས་དང་སེམས་མ་དུལ་ བ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་སྒོམ་འདོད་ཀྱང་སེམས་གཡོ་ཞིང་རྒོད་པས་འཕགས་པ་ལ་མ་གཞོལ་ཏེ་དབང་པོ་རྒོད་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་སྒོམ་འདོད་ཀྱང་ཕྲ་མ་བྱེད་པ་ལ་དགའ་བས་དབྱེན་བྱེད་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་སྒོམ་འདོད་ཀྱང་ངག་རྩུབ་པོས་ འཕགས་པ་ལ་སྨོད་ཅིང་དབང་ཟ་བ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་སྒོམ་འདོད་ཀྱང་ཚིག་ཀྱལ་པ་དང་། {བརྫུན་,རྫུན་}དུ་སྨྲ་བ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་སྒོམ་འདོད་ཀྱང་འདོད་ཆགས་དང་། ཕྲག་དོག་གིས་གཞན་གྱི་ཁེ་དང་། བསྟི་སྟང་དང་། རྙེད་པ་ལ་མི་དགའ་བ་དང་། ཁ་ཅིག་ནི་ ཏིང་ངེ་འཛིན་སྒོམ་འདོད་ཀྱང་ཞེ་སྡང་དང་བཅས་པས་སེམས་ཅན་ལ་གནོད་སེམས་སྐྱེས་པ་དང་།
BO
ཁ་ཅིག་ནི་ཏིང་ངེ་འཛིན་སྒོམ་འདོད་ཀྱང་ལོག་པར་ལྟ་བ་དང་བཅས་པས་རྒྱུ་དང་འབྲས་བུ་མེད་པར་ལྟ་བའོ། ། ཚངས་པ་ཆེན་པོ་དེ་ལྟར་ཤེས་པར་བྱ་སྟེ། འདི་དག་ནི་གནས་པ་དང་སྤྱད་ པར་མི་བྱ་བའི་ཆོས་རྣམ་པ་བཅུ་ཞེས་བྱའོ། ། གལ་ཏེ་ཏིང་ངེ་འཛིན་སྒོམ་པ་དག་སྤྱོད་པ་ངན་པ་འདི་དག་ལས་འགའ་ཙམ་གྱི་རྗེས་སུ་ཞུགས་ན་འདོད་པའི་ཁམས་ཀྱི་དགེ་བ་ཡང་ཡོངས་སུ་མི་འགྲུབ་བོ། ། ཇི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་སྟོར་ཅིང་ཉམས་པར་འགྱུར་ན་གཟུགས་ དང་། གཟུགས་མེད་པའི་ཏིང་ངེ་འཛིན་དང་། ཐེག་པ་གསུམ་དང་། གཅིག་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། ཚངས་པ་ཆེན་པོ་གཞན་ཡང་གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ཡོད་དེ། ཏིང་ངེ་འཛིན་སྒོམ་པ་དག་སྤྱོད་པ་ངན་པ་འདི་དག་ལས་འགའ་ཞིག་དང་ལྡན་ ན་ཏིང་ངེ་འཛིན་ཡོངས་སུ་མི་འགྲུབ་བོ། ། ཇི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་སྟོར་ཅིང་ཉམས་པར་འགྱུར་རོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། ལས་སུ་བྱ་བའི་དངོས་པོ་ལ་དགའ་ཞིང་ཆགས་པ་དང་བྲེ་མོའི་གཏམ་ལ་དགའ་ཞིང་ཆགས་པ་དང་། གཉིད་ཀྱིས་ལོག་པ་ལ་དགའ་ ཞིང་ཆགས་པ་དང་། ཟང་ཟིང་ཚོལ་བ་ལ་དགའ་ཞིང་ཆགས་པ་དང་། གཟུགས་བཟང་པོ་ལ་དགའ་ཞིང་ཆགས་པ་དང་།
BO
སྒྲ་སྙན་པ་ལ་དགའ་ཞིང་ཆགས་པ་དང་། དྲི་ཞིམ་པོ་ལ་དགའ་ཞིང་ཆགས་པ་དང་། རོ་ཞིམ་པོ་ལ་དགའ་ཞིང་ཆགས་པ་དང་། རེག་བྱ་འཇམ་ པོ་ལ་དགའ་ཞིང་ཆགས་པ་དང་། རྟོག་པ་དང་དཔྱོད་པ་ལ་དགའ་ཞིང་ཆགས་པའོ། ། ཚངས་པ་ཆེན་པོ་དེ་ལྟར་ཤེས་པར་བྱ་སྟེ། གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་པོ་དེ་ཏིང་ངེ་འཛིན་སྒོམ་པ་དག་སྤྱོད་པ་ངན་པ་འདི་ལས་འགའ་ཞིག་དང་ལྡན་ན་ཡང་ཏིང་ངེ་ འཛིན་དག་ཡོངས་སུ་མི་འགྲུབ་བོ། ། ཇི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་སྟོར་ཅིང་ཉམས་པར་འགྱུར་རོ། ། གལ་ཏེ་ཏིང་ངེ་འཛིན་མ་བསྒྲུབས་ན་དགེ་བའི་ཚོགས་གཞན་ཅི་བསགས་ཀྱང་དེ་ནི་དོན་དུ་མི་འགྱུར་ཏེ། གང་བདག་གི་ལོངས་སྤྱོད་དང་། དང་བས་སྦྱིན་པ་བསྒྲུབ་པའི་ ཕྱིར་སེམས་དང་སེམས་ལས་བྱུང་བའི་ཆོས་ངན་པ་སྐྱེ་བར་འགྱུར་རོ། ། དེའི་རྐྱེན་གྱིས་རྒྱལ་པོ་དང་། བློན་པོ་ཆེན་པོའི་ཁྲིམས་དང་ཡང་འགལ་བར་བྱེད་དེ། ཁ་ཅིག་ལ་ནི་གཤེ་ཤིང་སྤྱོ་བ་ཡང་བྱེད་དོ། ། ཁ་ཅིག་ལ་ནི་ལྕག་གིས་གཞུ་བ་དང་། ཁ་ཅིག་ལ་ནི་ལུས་ཀྱི་ཡན་ལག་ དང་ཉིང་ལག་གཅོད་ཅིང་གཅོད་པར་ཡང་བྱེད་དོ། ། དེའི་རྒྱུ་དེའི་རྐྱེན་གྱིས་ནད་དྲག་པོས་འདེབས་ཤིང་ཡུན་རིང་པོར་སྡུག་བསྔལ་མྱོང་བ་དང་།
BO
ཚེ་ཐུང་བ་དང་། འཆི་འཕོས་ནས་ཀྱང་ངན་སོང་གསུམ་གང་ཡང་རུང་བ་ཅིག་གི་ནང་དུ་སྐྱེ་བ་ནས་མཚམས་མེད་པའི་སེམས་ཅན་དམྱལ་ བའི་བར་དུ་ལྟུང་བར་འགྱུར་ཏེ། ཀུ་ད་ཀ་དང་། ཨ་ར་ད་ཀ་དང་། དེ་ཤུ་ཀུ་པ་ལ་ཀི་དང་། ལྷས་སྦྱིན་ལ་སོགས་པ་དང་འདྲ་བར་བསམ་གཏན་ལས་ཉམས་པ་དང་། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་ཞིང་རྣམ་པ་ཚད་མེད་པ་སྙེད་ཀྱི་སྡུག་བསྔལ་ཆེན་པོ་མི་ བཟོད་པ་ཀུན་མྱོང་བར་འགྱུར་རོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཅང་ཤེས་ཀཽ་དི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཁྱོད་དང་བས་མཐར་གནས་ཤིང་ཏིང་ངེ་འཛིན་སྒོམ་པའི་དགེ་སློང་དག་གནས་ཁང་མཆོག་དག་ན་གནས་ཤིང་མལ་ཆ་མཆོག་ དང་། ཁ་ཟས་མཆོག་ལ་སྤྱོད་ཅིང་དགེ་འདུན་གྱི་ལས་ཐམས་ཅད་མི་བྱེད་པར་གནང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་སྒོམ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་ཀྱིས་བྲེལ་བར་གྱུར་ན་སེམས་དང་སེམས་ལས་བྱུང་བའི་ཆོས་ངན་པ་སྐྱེ་ཞིང་ཏིང་ངེ་འཛིན་ཐམས་ཅད་མི་འགྲུབ་པ་ནས་ མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་ཞིང་མི་བཟད་པའི་སྡུག་བསྔལ་ཆེན་པོ་རྣམ་པ་ཚད་མེད་པ་སྙེད་མྱོང་བར་འགྱུར་རོ། །
BO
ཏིང་ངེ་འཛིན་སྒོམ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་དང་ལྡན་ན་ཏིང་ངེ་འཛིན་མང་པོ་མ་གྲུབ་པ་ཡང་གྲུབ་པ་དང་། སྔར་གྲུབ་པ་དག་ཀྱང་མི་ཉམས་ སོ། ། དེའི་དབང་གིས་མི་དགེ་བའི་ཆོས་ཐམས་ཅད་མི་སྐྱེ་བ་ནས་གཞུང་དེ་བཞིན་དུ་རྒྱས་པར་མི་དགེ་བའི་རྟོག་པ་དང་དཔྱོད་པའི་བར་དུ་མི་སྐྱེ་བ་ལ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་འདའ་བའི་བར་དུ་འཐོབ་པར་འགྱུར་རོ། ། ཏིང་ངེ་འཛིན་སྒོམ་པ་དག་གལ་ཏེ་ཏིང་ངེ་འཛིན་མང་པོ་མ་ གྲུབ་ན་ནམ་གྱི་སྟོད་དང་། ནམ་གྱི་སྨད་ལ་མི་ཉལ་བར་བྱས་ཏེ། བརྩོན་འགྲུས་སུ་བསླབ་ཅིང་བསྒོམ་པ་དང་། འདུ་འཛི་ཡོངས་སུ་སྤངས་ཏེ་འདོད་པ་ཉུང་ཞིང་ཆོག་ཤེས་པར་བྱ་བ་དང་། ཅི་ལ་ཡང་མི་ཆགས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། ཁོང་ཁྲོ་བ་དང་། འཆབ་པ་ དང་། འཁྲུག་པ་དང་། འཚེ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། ཕྲག་དོག་དང་། འཇུངས་པ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། {བརྫུན་,རྫུན་}དང་། འཇིག་རྟེན་གྱི་རྩོད་པ་དང་། བག་མེད་པ་ཐམས་ཅད་ཡོངས་སུ་སྤོང་ངོ་། ། གང་དེ་ལྟར་ནན་ཏན་བྱེད་པ་དེ་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་བཞི་དང་།
BO
འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པས་བསྟོད་པ་དང་། བསྔགས་པ་དང་། ཕྱག་དང་། བསྟི་སྟང་དང་། རིམ་གྲོ་དང་། བསྙེན་བཀུར་ལ་སོགས་པ་དང་། སྦྱིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱང་བླང་བར་བྱ་ན། རྒྱལ་རིགས་ དང་། བྲམ་ཟེ་དང་། རྗེའུ་རིགས་ལ་སོགས་པའི་མཆོད་པ་ལེན་པ་ལྟ་ཅི་སྨོས། ཏིང་ངེ་འཛིན་མ་ཐོབ་པ་དག་ཀྱང་དེ་དག་གི་བསྟོད་པ་དང་། བསྔགས་པ་དང་། ཕྱག་དང་། བཀུར་སྟི་དང་། རིམ་གྲོ་དང་། བསྙེན་བཀུར་དང་། སྦྱིན་པ་དང་། མཆོད་པ་བདག་གིར་བྱེད་དུ་དབང་ན་ཏིང་ངེ་ འཛིན་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཏིང་འཛིན་བསྒོམས་པས་ཐེ་ཙོམ་གཅོད་འགྱུར་ཏེ། ། དེ་མ་གཏོགས་པར་གཞན་གྱིས་ནུས་མ་ཡིན། ། དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་གྱིས། ། མཁས་པ་དག་ གིས་དེ་ལ་མཆོད་པར་བྱ། ། དེ་ནས་ཚངས་པ་ཆེན་པོ་ལྷའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དག་གལ་ཏེ་རྒྱལ་རིགས་སམ། བློན་པོ་ཆེན་པོའམ། དབང་པོས་ལྕག་དང་དབྱུག་པ་ལ་སོགས་པས་གཞུས་ སམ། བརྡེགས་སམ། གལ་ཏེ་བཙོན་རར་བཅུག་གམ། སྤྱོས་སམ། བརྒྱད་དམ།
BO
ཡན་ལག་གཏུབས་སམ། སྲོག་དང་ཕྲལ་ཏེ་བཀུམ་ན་དེ་ཅི་རིགས་པ་ལགས་སམ། འོན་ཏེ་རིགས་པར་མ་ལགས། བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལྷའི་སྙིང་པོ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་སེམས་ཅན་གང་ཞིག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། ངུར་སྨྲིག་གི་ཚལ་བུ་གྱོན་ན་ཚུལ་ཁྲིམས་སྲུང་ངམ། ཚུལ་ཁྲིམས་ཉམས་སམ། ཚུལ་ཁྲིམས་མེད་ཀྱང་རུང་སྟེ། དེ་ལ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་ སོགས་པ་ཐམས་ཅད་ཀྱིས་ཀྱང་ཁྱིམ་པའི་ཆོས་ཉིད་དང་སྦྱར་དུ་ཡང་མི་གནང་ན། དེ་ལ་ལྕག་དང་དབྱིག་པ་ལ་སོགས་པས་ལུས་ལ་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་བ་དང་། སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ ཕྲལ་བ་ཆོས་མ་ཡིན་པ་དང་སྦྱོར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་སྲུང་ཞིང་མང་དུ་ཐོས་པ་དང་ལྡན་པ་ལྟ་ཞོག་ལ། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཉམས་ཏེ་མི་དགེ་བའི་ཆོས་སྤྱོད་པས་ནང་རུལ་ཅིང་མི་གཙང་བས་གང་བའི་སྲིན་ཀྭ་ལྭ་དང་འདྲ་བ། དགེ་ སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ།
BO
ཉོན་མོངས་པ་རྣམ་པ་སྣ་ཚོགས་ལས་ཕམ་པ། ཞིག་པ། ཁས་བུབ་པ་དེ་ལྟ་བུའི་ཚུལ་ཁྲིམས་ཉམས་པའི་དགེ་སློང་ངན་པ་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྟོན་པ་དང་འདྲེན་པར་འགྱུར་ཏེ། ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པའི་གཏེར་དུ་འགྱུར་རོ། ། གཞན་ཡང་ རིགས་ཀྱི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཀྱང་སེམས་ཅན་དག་གཟུགས་མཐོང་བ་ཙམ་གྱིས་ལྷག་པའི་བསམ་པ་རྣམ་པ་བཅུ་སྐྱེ་བས་ན་ཡོན་ཏན་རིན་པོ་ཆེའི་ཕུང་པོ་དཔག་ཏུ་མེད་པ་བཅུ་འཐོབ་པར་འགྱུར་རོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། ངའི་བསྟན་ པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་མོད་ཀྱི། སེམས་ཅན་དག་གིས་མཐོང་བར་གྱུར་ན་སངས་རྒྱས་རྗེས་སུ་དྲན་པས་བཀུར་སྟི་དང་བཅས་པས་དད་ཅིང་གུས་པའི་ལྷག་པའི་བསམ་པ་སྐྱེའོ། ། དེའི་རྒྱུ་དེའི་རྐྱེན་གྱིས་མུ་སྟེགས་ཅན་གྱི་སྟོན་པ་དང་། དེའི་གཙུག་ལག་དང་།
BO
དེའི་འཁོར་ལ་ནམ་དུའང་མི་ཕྱོགས་པ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ། ། ལ་ལས་མཐོང་ནས་འཕགས་པའི་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ། ། དེའི་རྒྱུ་དེའི་རྐྱེན་གྱིས་ སྲོག་གཅོད་པ་ཡོངས་སུ་སྤོང་བ་དང་། མ་བྱིན་པར་ལེན་པ་ཡོངས་སུ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤོང་བ་དང་། {བརྫུན་,རྫུན་}དུ་སྨྲ་བ་ཡོངས་སུ་སྤོང་བ་དང་། བག་མེད་པའི་གནས་སྨྱོ་བའི་ཁུ་བ་ཆང་ལ་སོགས་པ་འཐུང་བ་ཡོངས་སུ་སྤོང་བ་ནས་འཇིགས་ པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ། ། ལ་ལས་མཐོང་ནས་སྦྱིན་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ། ། དེའི་རྒྱུ་དེའི་རྐྱེན་གྱིས་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་ཡང་དག་པ་དང་ཡང་དག་པའི་སྤྱོད་པ་ཅན་ལ་མཆོད་ པ་དང་། བསྙེན་བཀུར་བྱེད་པ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ། ། ལ་ལས་མཐོང་ནས་ངང་དེས་པའི་བཟོད་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ། །
BO
དེའི་རྒྱུ་དེའི་རྐྱེན་གྱིས་ཕྲ་མ་ཡོངས་སུ་སྤོང་ བ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། ཞེ་སྡང་ཡོངས་སུ་སྤོང་བ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ། ། ལ་ལས་མཐོང་ནས་རབ་ཏུ་འབྱུང་ཞིང་བརྩོན་འགྲུས་ལ་ནན་ཏན་བྱ་བར་རྗེས་སུ་དྲན་པ་ལ་ལྷག་ པའི་བསམ་པ་སྐྱེའོ། ། དེའི་རྒྱུ་དེའི་རྐྱེན་གྱིས་ཁྱིམ་རབ་ཏུ་སྤོང་ཞིང་ཁྱིམ་མ་ཡིན་པའི་ཆོས་ལེན་ཏེ་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་སྤྱོད་པའི་མཆོག་ནན་ཏན་བྱེད་པ་ནས་འཇིགས་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ། ། ལ་ ལས་མཐོང་ནས་འཁྲུག་པའི་སེམས་ཡོངས་སུ་སྤོང་ཞིང་བསམ་གཏན་ལ་མཉམ་པར་གཞོག་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ། ། དེའི་རྒྱུ་དེའི་རྐྱེན་གྱིས་རི་དང་། ཚལ་དང་། བས་མཐའ་དགོན་པ་ལ་མོས་ཤིང་ཉིན་མཚན་དུ་ཏིང་ངེ་འཛིན་སྒོམ་པ་ལ་བརྩོན་འགྲུས་རྩོམ་ པ་ནས་འཇིགས་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ། ། ལ་ལས་མཐོང་ནས་ཤེས་རབ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ། །
BO
དེའི་རྒྱུ་དེའི་རྐྱེན་གྱིས་དམ་པའི་ཆོས་ཉན་པ་དང་། ཀློག་པ་དང་། འདོན་པ་ལ་དགའ་ ཞིང་སྤྲོ་བ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ། ། ལ་ལས་མཐོང་ནས་ཡང་དག་པར་འབྱུང་བ་དགེ་བའི་རྩ་བ་སྔོན་བསྐྱེད་པར་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེ་བ་ནས་འཛུམ་བཞིན་དུ་སྨྲ་བ་དང་། སྤྲོ་བཞིན་དུ་གཏམ་ཟེར་ བ་དང་། རྐང་པ་ལ་ཕྱག་འཚལ་བའི་བར་དུ་བྱེད་པར་འགྱུར་རོ། ། དེའི་རྒྱུ་དེའི་རྐྱེན་གྱིས་རིགས་ཆེ་ཞིང་མཐོ་བ་དང་། བཙུན་པའི་རིགས་སུ་སྐྱེ་ཞིང་སེམས་ཅན་ཚད་མེད་པ་ཀུན་གྱིས་མཐོང་ན་དགའ་བ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་ འཇུག་པའི་བར་དུ་འགྱུར་རོ། ། རིགས་ཀྱི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཀྱང་སེམས་ཅན་དག་གཟུགས་དང་ཆ་ལུགས་མཐོང་བ་ཙམ་གྱིས་ལྷག་པའི་བསམ་པ་རྣམ་པ་འདི་བཅུ་སྐྱེ་སྟེ། ཡོན་ཏན་རིན་པོ་ཆེའི་ཕུང་པོ་ཚད་མེད་པ་ཐོབ་པར་ འགྱུར་རོ། ། དེ་བས་ན་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། དབང་པོ་ལ་སོགས་པས་དེ་ལ་ལྕག་དང་། དབྱིག་པ་ལ་སོགས་པས་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་།
BO
གཤེ་ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བ་ ལ་སོགས་པ་བྱ་བར་མི་རིགས་སོ། ། གཞན་ཡང་ཚངས་པ་ཆེན་པོ་ང་ལ་སྐྱབས་སུ་སོང་སྟེ། རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཏེ་མི་དགེ་བའི་ཆོས་སྤྱོད་པ་ན་ང་རུལ་ཅིང་མི་གཙང་བས་གང་བའི་སྲིན་ཀྭ་ལྭ་དང་འདྲ་བ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་ པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ། ཉོན་མོངས་པ་རྣམ་པ་མང་པོ་ལས་ཕམ་པ། རུལ་བ། ཁས་བུབ་པ་ལྟ་བུའི་དགེ་སློང་ཚུལ་ཁྲིམས་ཉམས་ཏེ་མི་དགེ་བ་སྤྱོད་མོད་ཀྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྟོན་པ་དང་། འདྲེན་པའི་དགེ་བའི་བཤེས་གཉེན་བྱེད་ཅིང་ཡོན་ཏན་དཔག་ཏུ་མེད་པའི་གཏེར་དུ་འགྱུར་རོ། ། དེ་ལྟར་དགེ་སློང་དེ་ཆོས་ཀྱི་སྣོད་མ་ཡིན་མོད་ཀྱི། སྐྲ་དང་ཁ་སྤུ་བྲེགས་ ཏེ། གོས་ངུར་སྨྲིག་གྱོན་ནས་ཆ་ལུགས་དང་སྤྱོད་ལམ་འཕགས་པ་རྣམས་དང་འཐུན་ཏེ།
BO
དེ་མཐོང་བ་ཙམ་གྱིས་སེམས་ཅན་ཚད་མེད་པ་རྣམས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་འཕེལ་ཞིང་སྐྱེ་བར་འགྱུར་རོ། ། གཞན་ཡང་སེམས་ཅན་ཚད་མེད་པ་རྣམས་མཐོ་རིས་ཀྱི་ལྷར་སྐྱེ་བ་དང་། མྱ་ངན་ ལས་འདའ་བའི་ཡང་དག་པའི་ལམ་ལ་འཛུད་པར་འགྱུར་ཏེ། དེ་བས་ན་ང་ལ་སྐྱབས་སུ་སོང་སྟེ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་སྲུང་ངམ། ཚུལ་ཁྲིམས་ཉམས་སམ། ཚུལ་ཁྲིམས་མེད་ཀྱང་རུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འམ། རྒྱལ་པོ་གཞན་ནམ། བློན་པོ་ལ་ སོགས་པས་ཁྱིམ་པའི་ཆོས་ཉིད་དང་སྦྱོར་དུ་ཡང་མ་གནང་ན། ལྕག་དང་དབྱིག་པ་ལ་སོགས་པས་གཞུ་བ་དང་། འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་དང་ཉིང་ལག་གཅོད་ཅིང་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བ་ལ་ སོགས་པ་ཆོས་མ་ཡིན་པ་གཞན་ལྟ་ཅི་སྨོས། ཚངས་པ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཉམས་ཤིང་སྡིག་པ་སྤྱོད་པའི་དགེ་སློང་དེ་ངས་བསྟན་པའི་འདུལ་བ་ལས་མི་རོ་ལྟ་བུའོ་ཞེས་གསུངས་མོད་ཀྱི་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་དང་། ཡོན་ཏན་ལྷག་མའི་མཐུ་ཡོད་དོ། ། དཔེར་ན་ཁྱུ་ མཆོག་གམ། གླ་བ་ལྟ་བུ་ཤི་སྟེ་རྣམ་པར་ཤེས་པ་དང་བྲལ་ནས་བྱོལ་སོང་གི་ནང་ན་རོ་ཡིན་མོད་ཀྱི།
BO
ཁྱུ་མཆོག་ལ་གིའུ་ཝང་ཡོད་པ་དང་། གླ་བ་ལ་གླ་རྩི་ཡོད་པས་སེམས་ཅན་ཚད་མེད་དཔག་ཏུ་མེད་པའི་ཕན་པ་དང་བདེ་བའི་དོན་ཆེན་པོར་འགྱུར་བ་བཞིན་དུ་ཚུལ་ཁྲིམས་ཉམས་པའི་ དགེ་སློང་དེ་ཡང་ངས་བསྟན་པའི་འདུལ་བ་ལས་མི་རོ་ལྟ་བུའོ་ཞེས་བྱ་མོད་ཀྱི། རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་དང་། ཡོན་ཏན་ལྷག་མའི་མཐུས་ཀྱང་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་ལ་ཕན་པ་དང་བདེ་བའི་དོན་ཆེན་པོར་འགྱུར་རོ། ། ཚངས་པ་ཆེན་པོ་འདི་ལྟ་སྟེ། ཚོང་པ་ དག་ཀྱང་རྒྱ་མཚོ་ཆེན་པོར་ཞུགས་ནས་རིགས་གཅིག་པའི་སེམས་ཅན་ཚད་མེད་པ་དག་བསད་དེ་མིག་ཕྱུང་ནས་མིག་གི་འབྲས་བུ་དེ་དང་། བརྟན་ཞེས་བྱ་བའི་འབྲས་བུ་དང་ལྷན་ཅིག་སྦྱར་ན་མིག་སྨན་རིན་པོ་ཆེར་འགྱུར་རོ། ། སེམས་ཅན་གང་ལོང་བ་མིག་མེད་པ་མངལ་ནས་ཕྱུང་ནས་ དམུས་ལོང་དུ་གྱུར་པ་དག་གི་མིག་ཏུ་རིན་པོ་ཆེའི་མིག་སྨན་དེས་བྱུགས་ན་མིག་ནད་ཐམས་ཅད་དང་བྲལ་ཏེ། མིག་རྣོ་ཞིང་གསལ་བར་འགྱུར་རོ། ། དེ་བཞིན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་ཡང་ངས་བསྟན་པའི་འདུལ་བ་ལས་མི་རོ་ལྟ་བུའོ་ཞེས་བྱ་མོད་ཀྱི་རབ་ཏུ་བྱུང་བའི་ སྤྱོད་ལམ་དང་།
BO
ཆ་ལུགས་ཡོད་པས་སེམས་ཅན་ཚད་མེད་པ་དག་གིས་སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང་རྣམ་པར་དག་པའི་ཤེས་རབ་ཀྱི་མིག་ཐོབ་པར་འགྱུར་ན་ཕ་རོལ་པོ་གཞན་ལ་དམ་པའི་ཆོས་སྟོན་ནུས་པ་ལྟ་ཅི་སྨོས། ཚངས་པ་ཆེན་པོ་འདི་ལྟ་སྟེ། བདུག་སྤོས་བསྲེགས་ ན་སྤོས་ཉིད་ཚིག་སྟེ་མེད་པར་སོང་ཡང་དྲི་བསུང་གིས་གཞན་ལ་བྲོ་བར་བྱེད་དོ། ། དེ་བཞིན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་དེ་ཡང་ཚུལ་ཁྲིམས་ཉམས་པས་བསོད་ནམས་ཀྱི་ཞིང་གཤིན་པ་མ་ཡིན་ཏེ། ཉིན་མཚན་དུ་དད་པས་བྱིན་པས་བསྲེགས་ཏེ་ཚེ་འཕོས་ ནས་ངན་སོང་གསུམ་དུ་ལྷུང་མོད་ཀྱི་སེམས་ཅན་ཚད་མེད་དཔག་ཏུ་མེད་པའི་ཕན་པ་དང་བདེ་བའི་དོན་དུ་འགྱུར་ཏེ། མཐོ་རིས་ཀྱི་ལྷར་སྐྱེ་བ་དང་མྱ་ངན་ལས་འདའ་བའི་བསུང་ཚོར་བར་བྱེད་དོ། ། དེ་བས་ན་ཚངས་པ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཉམས་ཤིང་སྡིག་པ་སྤྱོད་པའི་དགེ་སློང་ལ་ ཁྱིམ་པ་ཐམས་ཅད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་པ་དང་། རིམ་གྲོ་བྱའི་རབ་ཏུ་བྱུང་བ་དེ་ལ་ལྕག་དང་དབྱུག་པས་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་དབྲལ་དུ་ངས་མ་ གནང་ངོ་། །
BO
དེ་དག་ཡོངས་སུ་དག་པའི་དགེ་འདུན་གྱི་ནང་དུ་གསོ་སྦྱིན་བྱ་བ་དང་། ཚུལ་དུ་འཇུག་པ་དང་། ཚུལ་ནས་བྱུང་བའི་ཚེ་བསྐྲད་པ་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་དང་། ལོངས་སྤྱོད་དང་། བཟའ་བ་དང་། བཏུང་བ་དང་། འཚོ་བའི་ཡོ་བྱད་ལ་སོགས་པ་ཐམས་ཅད་ ལ་སྤྱོད་དུ་མི་དབང་སྟེ་དགེ་སྦྱོང་གིས་འདུལ་བའི་ལས་བྱེད་པ་ཐམས་ཅད་ཀྱི་ནང་དུ་འོང་དུ་མི་གནང་བར་ཟད་ཀྱི་དེ་ལ་གཞུ་བ་དང་། འཚོག་པ་དང་། འཆིང་བ་དང་། སྲོག་གི་དབང་པོ་ལ་སོགས་པ་དང་དབྲལ་བར་ངས་མ་གནང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་ བཀའ་སྩལ་པ། ཙམ་པ་ཀ་ཡི་མེ་ཏོག་རྙིས་གྱུར་ཀྱང་། ། མེ་ཏོག་རྣམ་པ་གཞན་པས་ཤིན་ཏུ་ལྷག ། དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང་། ། མུ་སྟེགས་ཅན་དག་ཐམས་ཅད་ཀུན་པས་མཆོག ། གཞན་ཡང་ཚངས་པ་ཆེན་པོ་མཚམས་མེད་པའི་ཁ་ན་མ་ཐོ་བ་ཆེན་པོའི་ ལས་རྣམ་པ་ལྔ་ཡོད་དོ། ། ལྔ་གང་ཞེ་ན། ཆེད་དུ་བསམས་ཏེ་ཕ་བསད་པ་དང་། ཆེད་དུ་བསམས་ཏེ་མ་བསད་པ་དང་། ཆེད་དུ་བསམས་ཏེ་དགྲ་བཅོམ་པ་བསད་པ་དང་། ལོག་པར་ལྟ་བས་ཉན་ཐོས་ཀྱི་དགེ་འདུན་གྱི་དབྱེན་བྱས་པ་དང་། ངན་སེམས་ཀྱིས་སངས་རྒྱས་ཀྱི་སྐུ་ལ་ཁྲག་ ཕྱུང་བའོ། །
BO
རྣམ་པ་འདི་ལྔ་ནི་མཚམས་མེད་པའི་ཁ་ན་མ་ཐོ་བ་ཆེན་པོའི་ལས་ཞེས་བྱ་སྟེ། གང་ཟག་གང་ཞིག་རྣམ་པ་འདི་ལྔ་ལས་གཅིག་ཙམ་བྱས་ན་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་སུ་མི་རུང་ངོ་། ། གལ་ཏེ་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱིན་ན་དེའི་སློབ་དཔོན་དེ་ཉེས་པ་དང་བཅས་ པ་ཡིན་པས་དགེ་འདུན་གྱི་ནང་ནས་བསྐྲད་པར་བྱའོ། ། དེ་ལྟར་གང་ཟག་དེ་རབ་ཏུ་བྱུང་ནས་སྤྱོད་ལམ་དང་ཆ་ལུགས་ཡོད་པའི་ཕྱིར་དེ་ལ་ཡང་ལྕག་དང་དབྱིག་པས་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། སྲོག་གི་དབང་ པོ་དང་དབྲལ་དུ་མི་གནང་ངོ་། ། གཞན་ཡང་མཚམས་མེད་པའི་ཁ་ན་མ་ཐོ་བ་ཆེན་པོའི་ལས་དང་ཉེ་བ་རྣམ་པ་བཞི་ཡོད་དེ། བཞི་གང་ཞེ་ན། མི་དགེ་བའི་སེམས་ཀྱིས་རང་སངས་རྒྱས་བསད་པ་སྟེ། དེ་ཡང་སྲོག་གཅོད་པའི་ནང་ན་ཁ་ན་མ་ཐོ་བ་ཆེན་པོའི་ལས་ཡིན་ཏེ་ཉེས་པའི་རྩ་བ་ ཡིན་ནོ། ། དགྲ་བཅོམ་པའི་དགེ་སློང་མ་ལ་མི་ཚངས་པར་སྤྱོད་པ་སྟེ། འདོད་པས་ལོག་པར་གཡེམ་པའི་ནང་ན་ཁ་ན་མ་ཐོ་བ་ཆེན་པོའི་ལས་ཡིན་པས་ཉེས་པའི་རྩ་བ་ཡིན་ནོ། ། དད་པས་བྱིན་པའི་དཀོན་མཆོག་གསུམ་གྱི་དཀོར་ནོར་ལ་སྤྱོད་པ་སྟེ།
BO
མ་བྱིན་པར་ལེན་པའི་ན་ང་ན་ཁ་ན་མ་ ཐོ་བ་ཆེན་པོའི་ལས་ཡིན་པས་ཉེས་པའི་རྩ་བ་ཡིན་ནོ། ། ངན་པར་ལྟ་བས་འདུམ་པའི་དགེ་འདུན་གྱི་དབྱེན་བྱེད་པ་སྟེ། {བརྫུན་,རྫུན་}དུ་སྨྲ་བའི་ནང་ན་ཁ་ན་མ་ཐོ་བ་ཆེན་པོའི་ལས་ཡིན་པས་ཉེས་པའི་རྩ་བ་ཡིན་ནོ། ། གང་ཟག་གང་ཞིག་མཚམས་མེད་པའི་ཁ་ན་མ་ཐོ་བ་ཆེན་པོའི་ལས་དང་ ཉེ་བ་རྣམ་པ་བཞི་པོ་འདི་ལས་གཅིག་ཙམ་བྱས་ན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སུ་མི་གནང་སྟེ། གལ་ཏེ་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པ་བྱིན་ན་དེའི་སློབ་དཔོན་ཉེས་པ་དང་བཅས་པ་ཡིན་ཏེ་ངའི་བསྟན་པ་ལས་བསྐྲད་པར་བྱའོ། ། དེ་ལྟར་གང་ཟག་དེ་རབ་ཏུ་བྱུང་ངམ་བསྙེན་ པར་རྫོགས་ན་སྤྱོད་ལམ་དང་ཆ་ལུགས་དང་ལྡན་པས་དེ་ལ་ཡང་ལྕག་དང་། དབྱིག་པས་གཞུ་ཞིང་འཚོག་པ་དང་། གཤེ་བ་དང་། སྤྱོ་བ་དང་། བཙོན་རར་གཞུག་པ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བའི་བར་དུ་བྱེད་དུ་མི་གནང་ངོ་། ། དེ་ལྟར་ལ་ལ་ ནི་རྩ་བའི་སྡིག་ཀྱང་ཡིན་ལ་མཚམས་མེད་པ་མ་ཡིན་པ་ཡང་ཡོད་དོ། ། ལ་ལ་ནི་མཚམས་མེད་པ་ཡིན་ལ་རྩ་བའི་སྡིག་པ་མ་ཡིན་པ་ཡང་ཡོད་དོ། ། ལ་ལ་ནི་རྩ་བའི་སྡིག་ཀྱང་ཡིན་ལ་མཚམས་མེད་པའི་སྡིག་ཀྱང་ཡིན་པ་ཡོད་དོ།
BO
། ལ་ལ་ནི་རྩ་བའི་སྡིག་ཀྱང་མ་ཡིན་ལ་མཚམས་མེད་པ་ཡང་མ་ཡིན་ པ་ཡོད་དོ། ། དེ་ལ་ཇི་ལྟར་ན་རྩ་བའི་སྡིག་ཀྱང་ཡིན་ལ་མཚམས་མེད་པ་ཡང་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་ལ་ཆེད་དུ་བསམས་ཏེ་བདེན་པ་མཐོང་བའི་ཕ་རོལ་ཏུ་ཕྱིན་པའི་གང་ཟག་བསད་པ་སྟེ། འདི་ནི་རྩ་ བའི་སྡིག་ཀྱང་ཡིན་ལ་མཚམས་མེད་པ་ཡང་ཡིན་པས་ངས་བསྟན་པའི་འདུལ་བའི་ཆོས་ལས་མྱུར་དུ་བསྐྲད་དགོས་སོ། ། དེ་ལ་ཇི་ལྟར་ན་རྩ་བའི་སྡིག་ནི་ཡིན་ལ་མཚམས་མེད་པ་མ་ཡིན་པ་ཞེ་ན། འདི་ལྟ་སྟེ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་ལ་ཆེད་དུ་བསམས་ཏེ། གང་ ཟག་ཕ་རོལ་པོ་གཞན་གྱི་སྲོག་བཅད་པ་དང་། ཆུང་ངུ་ན་དུག་བྱིན་པས་མངལ་ན་འདུག་པ་བསད་པ་སྟེ། དེ་དག་ནི་རྩ་བའི་སྡིག་ཡིན་ལ་མཚམས་མེད་པ་ནི་མ་ཡིན་ནོ། ། གང་ཟག་དེ་དགེ་འདུན་དང་ཞག་ཏུ་ལྷན་ཅིག་ཏུ་གནས་ཤིང་ལོངས་སྤྱོད་དང་། ཕྱོགས་བཞིའི་དགེ་འདུན་གྱི་ནོར་ལ་སྤྱོད་དུ་མི་ གནང་ངོ་། ། དེ་ལ་ཇི་ལྟར་ན་མཚམས་མེད་པ་ནི་ཡིན་ལ་རྩ་བའི་སྡིག་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། གང་ཟག་གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངམ། ཁྲིམས་ལྔ་འཛིན་ཏམ།
BO
ཁྲིམས་བཅུ་འཛིན་པ་དག་མཚམས་མེད་པ་ལྔ་ལས་གཅིག་ཙམ་བྱས་པ་དག་ནི་ མཚམས་མེད་པའི་སྡིག་ཡིན་ལ་རྩ་བའི་སྡིག་མ་ཡིན་པ་ཞེས་བྱའོ། ། གང་ཟག་དེ་ནི་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་སུ་མི་རུང་སྟེ། གལ་ཏེ་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པ་བྱིན་ན། དེའི་སློབ་དཔོན་སྡིག་པ་དང་བཅས་པ་ཡིན་ཏེ། ངའི་བསྟན་པ་ལས་བསྐྲད་པར་བྱའོ། ། དེ་ལ་ཇི་ལྟར་ན་ རྩ་བའི་སྡིག་ཀྱང་མ་ཡིན་ལ་མཚམས་མེད་པ་ཡང་མ་ཡིན་པ་ཞེ་ན། འདི་ལྟ་སྟེ། གང་ཟག་གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངམ། ཁྲིམས་ལྔ་བཟུང་བ་ལས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཐེ་ཙོམ་ཟ་བའི་སེམས་སྐྱེ་སྟེ། མུ་སྟེགས་ཅན་ལ་སྐྱབས་སུ་སོང་ནས་སྟོན་པའི་སློབ་ དཔོན་དུ་འཛིན་ཏམ། ལྟས་སུ་བལྟ་བ་སྣ་ཚོགས་ལ་ལྟས་སུ་འཛིན་ཅིང་འཇིག་རྟེན་གྱི་ལྷ་རྗེད་པའོ། ། གང་ཟག་གང་ཞིག་དེ་བཞིན་གཤེགས་པས་གསུངས་པའི་དམ་པའི་ཆོས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་དམ་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་དམ་པའི་ཆོས་དང་། ཐེག་ པ་ཆེན་པོ་དང་ལྡན་པའི་དམ་པའི་ཆོས་ལ་སྐུར་ཅིང་སྒྲོ་འདོགས་པ་དང་། བགེགས་དང་བར་ཆད་བྱེད་པ་དང་།
BO
བདག་ཡིད་མི་ཆེས་ཤིང་མི་དད་པས་ཕ་རོལ་པོ་གཞན་དག་ཀྱང་དེ་ལས་ཟློག་ཅིང་བར་ཆད་བྱེད་པ་དང་། གཞན་དག་ཀློག་པ་དང་། འདོན་པ་དང་། གླེགས་བམ་དུ་འདྲི་བའི་ཚིགས་བཅད་གཅིག་ ཙམ་གྱི་ཡང་བར་དུ་གཅོད་ཅིང་བགེགས་བྱས་ན། དེ་ནི་རྩ་བའི་སྡིག་ཀྱང་མ་ཡིན་ལ་མཚམས་མེད་པ་ཡང་མ་ཡིན་ཏེ། ཁ་ན་མ་ཐོ་བ་ཆེན་པོའི་ལས་མཚམས་མེད་པ་དང་ཉེ་བ་ཞེས་བྱའོ། ། གང་ཟག་དེ་ཁ་ན་མ་ཐོ་བའི་སྡིག་པའི་ལས་ཆེན་པོ་དག་མཐོལ་བ་དང་། བཤགས་པ་མ་བྱས་ཀྱི་བར་དུ་ རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་སུ་མི་རུང་སྟེ། ལ་ལ་ཞིག་གིས་རབ་ཏུ་ཕྱུང་ངམ། བསྙེན་པར་རྫོགས་པ་བྱིན་ན། དེའི་སློབ་དཔོན་དེ་སྡིག་པ་དང་བཅས་པ་ཡིན་པས་ངའི་བསྟན་པ་ལས་བསྐྲད་པར་བྱའོ། ། གང་ཟག་དེ་རབ་ཏུ་བྱུང་ངམ། བསྙེན་པར་རྫོགས་ནས་ཁ་ན་མ་ཐོ་བའི་སྡིག་པ་དེ་ མཐོལ་བ་དང་། བཤགས་པའི་ལས་མ་བྱས་ན་དེ་ནི་ངས་བསྟན་པའི་འདུལ་བ་ལས་མྱུར་དུ་བསྐྲད་དགོས་སོ། ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་རྣམ་པ་དེ་གཉིས་ནི་དམ་པའི་ཆོས་ཀྱི་མིག་མེད་པར་བྱེད་པ། དམ་པའི་ཆོས་ཀྱི་སྒྲོན་མ་ནུབ་པར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་ གཅོད་པ་སྟེ།
BO
ལྷ་དང་མི་ལ་སོགས་པ་ཡང་དོན་མེད་པ་ཕན་པ་མེད་པའི་སྡུག་བསྔལ་སྤྱོད་དུ་འཇུག་ཅིང་ངན་སོང་དུ་ལྟུང་བར་བྱེད་པ་ཡིན་ནོ། ། གང་ཟག་རྣམ་པ་གཉིས་པོ་དེ་ནི་བདག་ཉིད་ཀྱིས་དམ་པའི་ཆོས་ལ་སྐུར་ཅིང་འཕགས་པ་རྣམས་ལ་སྨོད་པ་ཡིན་ལ། ཕ་རོལ་པོ་གཞན་དག་ཀྱང་དམ་པའི་ ཆོས་ལ་སྐུར་ཅིང་འཕགས་པ་རྣམས་ལ་སྨོད་དུ་འཛུད་པ་སྟེ། ཚེ་འཕོས་མ་ཐག་ཏུ་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ཞིང་བསྐལ་པའི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་ཏེ་ཕྱིར་གསོར་མི་རུང་ངོ་། ། ཚངས་པ་ཆེན་པོ་གཞན་ཡང་བཅས་པའི་སྡིག་ལ་མི་གནས་པ་དང་མི་བྱ་ བ་ཡང་ཡོད་ལ། རང་བཞིན་གྱི་སྡིག་ལ་མི་གནས་པ་དང་མི་བྱ་བ་ཡང་ཡོད། རང་བཞིན་གྱི་སྡིག་ལ་རྩ་བའི་སྡིག་ཏུ་འགྱུར་བ་མི་གནས་པ་དང་མི་བྱ་བ་ཡང་ཡོད་དོ། ། དེ་ལ་ཇི་ལྟར་ན་རྩ་བའི་སྡིག་ལ་མི་གནས་པ་དང་མི་བྱ་བའི་ཆོས་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གང་ཞིག་མི་ཚངས་པར་སྤྱོད་ པས་རྩ་བའི་སྡིག་བྱས་པ་དང་ཆེད་དུ་བསམས་ཏེ། སྐྱེ་བོ་མིའི་སྲོག་བཅད་ནས་རྩ་བའི་སྡིག་བྱས་པ་དང་། དཀོན་མཆོག་གསུམ་གྱི་དཀོར་མ་ཡིན་པར་བརྐུས་ནས་རྩ་བའི་སྡིག་བྱས་པ་དང་། {བརྫུན་,རྫུན་}ཆེན་པོ་སྨྲས་ནས་རྩ་བའི་སྡིག་བྱས་པ་སྟེ།
BO
དགེ་སློང་གང་ཞིག་རྩ་བའི་སྡིག་རྣམ་པ་འདི་བཞི་ལས་འགའ་ ཞིག་བྱས་ན་དགེ་སློང་གིས་ལས་བྱ་བའི་ནང་དུ་མི་ཆུད་དེ། ལོངས་སྤྱོད་ཐམས་ཅད་དང་། ཕྱོགས་བཞིའི་དགེ་འདུན་གྱི་ནོར་ལ་སྤྱོད་དུ་མི་དབང་མོད་ཀྱི་དེ་ལ་ཡང་དབྱིག་པ་དང་། ལྕག་གིས་བརྡེག་ཅིང་གཞུ་བ་དང་། བཙོན་རར་གཞུག་པ་དང་། སྤྱོ་ཞིང་གཤེ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བ་ལ་སོགས་པ་ཐམས་ཅད་བྱེད་དུ་མི་གནང་ངོ་། ། དེ་དག་ནི་རང་བཞིན་གྱི་སྡིག་གི་ནང་ན་རྩ་བའི་སྡིག་ལྕི་བ་སྟེ། མི་གནས་པ་དང་མི་བྱ་བ་ཞེས་བྱའོ། ། ཅིའི་ཕྱིར་དེ་ལ་རྩ་བའི་སྡིག་ཅེས་བྱ་ཞེ་ན། གང་ཟག་གང་གིས་ཆོས་རྣམ་པ་དེ་བཞི་བྱས་ན། ཚེ་འཕོས་མ་ཐག་ཏུ་ངན་སོང་དུ་ལྟུང་ བར་འགྱུར་ཏེ། ངན་སོང་དུ་འགྲོ་བའི་རྩ་བ་ཡིན་པས་ན་རྩ་བའི་སྡིག་ཅེས་བྱའོ། ། དེ་ལ་ཅིའི་ཕྱིར་མཚམས་མེད་པ་དང་། མཚམས་མེད་པ་ལ་ཉེ་བ་དང་། རྩ་བའི་སྡིག་ལ་མི་གནས་པ་དང་མི་བྱ་བའི་ཁ་ན་མ་ཐོ་བ་ཆེན་པོའི་ལས་ངན་པ་ཞེས་གསུངས་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། ལྕགས་ཀྱི་ཐུ་ལུམ་མམ། རོ་ཉེའི་ གོང་བུ་ནི་སྟེང་གི་ནམ་མཁའ་ལ་བོར་ན་ཅུང་ཟད་ཀྱང་མི་སྡོད་པར་དེ་མ་ཐག་ཏུ་ཕྱིར་ཡང་ས་ལ་ལྟུང་ངོ་། །
BO
མཚམས་མེད་པ་ལྔ་དང་། མཚམས་མེད་པ་ལ་ཉེ་བ་དང་། རྩ་བའི་སྡིག་བཞི་དང་། དམ་པའི་ཆོས་ལ་སྐུར་པ་དང་། དཀོན་མཆོག་གསུམ་ལ་ཐེ་ཙོམ་ཟ་བ་དང་། གང་ཟག་སྡིག་པ་ཅན་རྣམ་གཉིས་པོ་ཡང་དེ་དང་ འདྲ་སྟེ། གང་ཟག་གང་གིས་སྡིག་པ་རྣམ་པ་བཅུ་གཅིག་པོ་དེ་ལས་འགའ་ཞིག་བྱས་ན་ཚེ་འཕོས་མ་ཐག་ཏུ་ཐོགས་པ་མེད་པར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་གདོན་མི་ཟ་བར་སྐྱེ་ཞིང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ཏེ། དེ་བས་ན་མི་གནས་པ་དང་། མི་བྱ་བའི་ཁ་ན་མ་ཐོ་བ་ཆེན་པོའི་ལས་ངན་པ་ ཞེས་བྱའོ། ། མི་གནས་པ་དང་། མི་བྱ་བའི་ཁ་ན་མ་ཐོ་བ་ཆེན་པོའི་ལས་ངན་པ་འདི་དག་བྱས་པའི་གང་ཟག་ནི་ལུས་འདི་ཉིད་ལ་ཉོན་མོངས་པ་ཟད་པར་བྱེད་མི་ནུས་སུ་ངེས་ཏེ་ཏིང་ངེ་འཛིན་ཡང་མི་འགྲུབ་ན་ཡང་དག་པ་མི་འགྱུར་བ་ལ་ཞུགས་པ། ཐོབ་པ་ལྟ་ཅི་སྨོས་ཏེ། ཚེ་འཕོས་མ་ཐག་ཏུ་གདོན་མི་ཟ་བར་ སེམས་ཅན་དམྱལ་བར་སྐྱེ་ཞིང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། ། ཚངས་པ་ཆེན་པོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་བསམ་པ་དག་པས་ངའི་བསྟན་པ་ལ་དད་ནས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་སམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་སམ།
BO
ཐེག་པ་ཆེན་པོ་ལ་ ཞུགས་ཏེ་ངས་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བསླབ་པའི་གནས་མང་པོ་ལ་ཤིན་ཏུ་བཀུར་སྟི་དང་། རིམ་གྲོར་བྱ་བ་དང་། རྩ་བའི་སྡིག་པ་བཞི་བསྲུང་བ་ལ་ཤིན་ཏུ་འབད་པའི་བརྩོན་འགྲུས་ཆེན་པོ་བརྩམ་པར་བྱའོ། ། གང་ཟག་དེ་ལ་ནི་རྟག་ ཏུ་ལྷ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་རྗེས་སུ་འབྲང་ཞིང་སྲུང་སྟེ་དེ་ནི་ལྷ་དང་། མི་ལ་སོགས་པའི་མཆོད་པ་ཡང་ཆུད་མི་ཟའོ། ། ཐེག་པ་གསུམ་གང་ལ་སྤྲོ་ཞིང་དགའ་བ་བཞིན་དེ་མ་ཐག་ཏུ་མཐའི་གནས་བྱེད་པར་འགྱུར་རོ། ། དེ་བས་ན་ཡང་དག་པ་མྱ་ངན་ལས་འདའ་བར་འདོད་པ་ དག་ལུས་དང་སྲོག་སྟོར་ཀྱང་སླའི་ཆོས་རྣམ་པ་དེ་བཞི་ཉམས་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་དག་ནི་རྒྱུ་རྣམ་པ་འདི་གསུམ་གྱིས་མྱ་ངན་ལས་འདའ་བའི་བདེ་བ་ཐོབ་པར་འགྱུར་བའི་ཕྱིར་རོ། ། གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ལ་བརྟེན་པའི་རྒྱུ་དང་། འཕགས་ པས་བསྟན་པ་ལ་བརྟེན་པའི་རྒྱུ་དང་། ངའི་ཉེ་གནས་ལ་བརྟེན་པའི་རྒྱུ་སྟེ་གསུམ་མོ། །
BO
སོ་སོའི་སྐྱེ་བོ་དག་རྒྱུ་རྣམ་པ་འདི་གསུམ་ལ་བརྟེན་ཏེ་བརྩོན་འགྲུས་སུ་ནན་ཏན་བྱས་ན་མྱ་ངན་ལས་འདའ་བའི་བདེ་བ་ཐོབ་པར་འགྱུར་རོ། ། གང་ཟག་གང་གིས་ཆོས་རྣམ་པ་དེ་བཞི་ཉམས་ན་ང་ཡང་དེའི་ སྟོན་པ་མ་ཡིན་ལ། དེ་ཡང་ངའི་ཉན་ཐོས་མ་ཡིན་ནོ། ། གང་ཟག་གང་གིས་ཆོས་རྣམ་པ་དེ་བཞི་ཉམས་ན་དེ་ནི་ངས་བསྟན་པའི་ཤིན་ཏུ་ཟབ་པ། རྒྱ་ཆེ་བའི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་ བའི་དོན་དུ་འགྱུར་བར་བསྟན་པ་སོ་སོར་ཐར་པ་ལས་འགལ་བའོ། ། གལ་ཏེ་ངས་བསྟན་པའི་སོ་སོར་ཐར་པ་ལས་འགལ་ན་དེ་ནི་བསམ་གཏན་དང་། ཏིང་ངེ་འཛིན་ཐམས་ཅད་ལ་ལྡོངས་ཤིང་འཐོམ་པར་འགྱུར་ཏེ། གཞོལ་ཞིང་འཇུག་མི་ནུས་པ་དང་། ཉོན་མོངས་ པ་མང་པོས་དཀྲིས་ཤིང་གླགས་ཏེ་ཐེག་པ་གསུམ་གྱི་ཆོས་ཀྱི་སྣོད་ཀྱང་མ་ཡིན་པས་ངན་སོང་དུ་ལྟུང་ཞིང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ངས་བསྟན་པའི་སོ་སོར་ཐར་པ་ལས་རྩ་བ་བཞི་མ་ཉམས་ཏེ། ཡོངས་སུ་དག་ན་ང་ཡང་ དེའི་སྟོན་པ་ཡིན་ལ། དེ་ཡང་ངའི་ཉན་ཐོས་ཡིན་པས་ངའི་གསུང་གི་རྗེས་སུ་འབྲང་བ།
BO
ངའི་ཆོས་ལ་བདེ་བར་གནས་པ། བྱ་བ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཡིན་པས་གང་ཟག་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ཤིན་ཏུ་གནས་པས་ན་དགེ་བའི་ཆོས་ཐམས་ཅད་ལ་ལེགས་པར་གནས་པ་ ཡིན་ནོ། ། ཉན་ཐོས་ཀྱི་ཐེག་པ་ཕུན་སུམ་ཚོགས་པ་ལ་གནས་པ་ཡིན་ནོ། ། རང་སངས་རྒྱས་ཀྱི་ཐེག་པ་ཕུན་སུམ་ཚོགས་པ་ལ་གནས་པ་ཡིན་ནོ། ། ཐེག་པ་ཆེན་པོ་ཕུན་སུམ་ཚོགས་པ་ལ་གནས་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་རང་བཞིན་གྱི་སྡིག་པའི་རྩ་བ་རྣམ་པ་བཞི་ པོ་དེ་བསྲུངས་ན། དེ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུ་མཆོག་དམ་པ་རྣམ་པར་གཞག་པ་ཡིན་ནོ། ། དེ་བས་ན་ཆོས་རྣམ་པ་འདི་བཞི་སྲུང་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱའོ། ། འདི་ལྟ་སྟེ་ས་ཆེན་པོ་ལ་བརྟེན་ནས་རྩི་ཤིང་དང་། ལོ་ཏོག་དང་། ཤིང་གེལ་པ་དང་། ནགས་ཚལ་ལ་སོགས་པ་ཐམས་ཅད་སྐྱེའོ། ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་པོ་འདི་སྲུང་བ་ལ་བརྟེན་ནས། དགེ་བའི་ཆོས་ཐམས་ཅད་འཕེལ་ཞིང་སྐྱེ་བར་འགྱུར་རོ། ། འདི་ལྟ་སྟེ་ས་ཆེན་པོ་ལ་བརྟེན་ནས་རི་ཐམས་ཅད་དང་། རི་ཁོར་ ཡུག་དང་། རི་ཁོར་ཡུག་ཆེན་པོ་དང་།
BO
རི་རབ་རིའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་བདེ་བར་གནས་སོ། ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་པོ་སྲུང་བ་ལ་བརྟེན་ནས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མེད་པའི་ཐེག་པ་ཆེན་པོ་བདེ་བར་གནས་པར་འགྱུར་རོ། ། འདི་ལྟ་སྟེ། ས་ཆེན་པོ་ལ་བརྟེན་ནས་འཇིག་རྟེན་གྱི་རོ་བྲོ་བའི་མཆོག་ཐམས་ཅད་བཙལ་གྱིས་རྙེད་དོ། ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་པོ་སྲུང་བ་ལ་བརྟེན་ནས་དྲན་པ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། ངང་དེས་པའི་བཟོད་པ་དང་། འཕགས་པའི་ལམ་ཐམས་ཅད་དང་། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ། ། འདི་ལྟ་སྟེ་ས་ཆེན་པོ་ནི་གཙང་བ་དང་། མི་གཙང་བ་ཐམས་ཅད་སྙོམས་པར་འཛིན་ཏོ། ། ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཤིན་ཏུ་སྲུང་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཀྱང་དེ་བཞིན་དུ་ཆོས་ཀྱི་སྣོད་དུ་གྱུར་པ་དང་། ཆོས་ཀྱི་སྣོད་དུ་མ་གྱུར་པ་ལ་སེམས་ མཉམ་པར་བཞག་སྟེ། དེ་ལ་མི་བརྙས་མི་སྨད་བདག་མི་བསྟོད་མི་སྙེམས་ཅོ་མི་འདྲི་ན་དགེ་བའི་ཆོས་ཐམས་ཅད་སྐྱེ་བའི་གནས་སུ་འགྱུར་རོ། ། འདི་ལྟ་སྟེ།
BO
ས་ཆེན་པོ་འདི་ལ་ནི་སེམས་ཅན་ཐམས་ཅད་དེ་ལ་ལོངས་སྤྱོད་ཅིང་བདེ་བར་འཚོའོ། ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཤིན་ཏུ་སྲུང་བའི་རིགས་ཀྱི་བུ་དང་། རིགས་ ཀྱི་བུ་མོ་དག་ཀྱང་དེ་བཞིན་གཤེགས་པས་བསྟན་པ་ཡང་དག་པའི་ཆོས་ལ་ཤིན་ཏུ་སྤྲོ་བ་དང་། མཆོག་དམ་པའི་བསམ་པ་དག་པས་སེམས་ཅན་ཐམས་ཅད་ལ་བྱེ་བྲག་གི་འདུ་ཤེས་མེད་པར་བསྡུ་བ་རྣམ་པ་བཞིའི་ཆོས་ཀྱིས་མཉམ་པར་བསྡུས་ཏེ། སེམས་ཅན་ཐམས་ཅད་ཆོས་ཀྱི་དགའ་བ་ལ་ལོངས་སྤྱོད་ཅིང་ བདེ་བར་འཚོ་བར་བྱེད་དོ། ། དེ་ནས་ཚེ་དང་ལྡན་པ་ཨུ་པ་ལིས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་དག་ཐོས་ནས་འདུག་པ་ལས་ལངས་ཏེ། གོས་ཚགས་བཅོས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་བླ་གོས་གཅིག་ཏུ་བྱས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ ནས་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཤིན་ཏུ་སྲུང་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཆོས་ཀྱི་སྣོད་དུ་གྱུར་པའི་ཆོས་ཀྱི་སྣོད་དུ་མ་གྱུར་པ་ཀུན་ལ་སེམས་མཉམ་ པར་བཞག་སྟེ།
BO
མི་བརྙས་མི་སྨད་བདག་མི་བསྟོད་མི་སྙེམས་གློ་བུར་དུ་ཉེས་པ་མ་གླེང་ངོ་ཞེས་གསུངས་ན། དེ་ལྟ་ན་ནི་མ་མཆིས་པའི་དུས་ན་དགེ་སློང་ཚུལ་ཁྲིམས་ཉམས་ཞིང་མི་དགེ་བ་སྤྱོད་པ། དགེ་སྦྱོང་མ་ལགས་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ལགས་པར་ ཚངས་པར་སྤྱོད་པར་ཁས་འཆེ་བ་དག་ལ་དགེ་སློང་གི་དགེ་འདུན་གྱིས་ཇི་ལྟ་བུའི་ཐབས་ཀྱིས་གླེང་ཞིང་དགར་བར་བགྱི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཨུ་པ་ལི་ལ་བཀའ་སྩལ་པ། ངས་མུ་སྟེགས་ཅན་དང་། ཁྱིམ་པ་རྣམས་ཀྱིས་དགེ་སློང་གི་ཉེས་པ་གླེང་དུ་ནི་གནང་བའི་ སྐབས་མེད་དོ། ། དགེ་སློང་གི་དགེ་འདུན་གྱིས་ཀྱང་ཆོས་བཞིན་མ་ཡིན་པ་དང་། མ་རྟོགས་པར་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་དུ་མ་གནང་ན་དགར་བའམ་བསྐྲད་པ་ལྟ་ཅི་སྨོས། ཆོས་བཞིན་མ་ཡིན་པ་དང་། མ་རྟོགས་པར་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེངས་ སམ་གལ་ཏེ་བསྐྲད་ན་ཁ་ན་མ་ཐོ་བ་ཆེན་པོའི་སྡིག་པ་འཐོབ་བོ། ། ཨུ་པ་ལི་འདི་ལྟར་ཤེས་པར་བྱ་སྟེ། ཆོས་བཞིན་མ་ཡིན་པ་དང་། མ་རྟོགས་པ་རྣམ་པ་འདི་བཅུས་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེངས་ན་ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་ཐོབ་པར་འགྱུར་གྱིས།
BO
མཁས་པ་དག་ གིས་ནི་དེ་ལྟར་མི་བྱའོ། ། བཅུ་གང་ཞེ་ན། དགེ་འདུན་མ་དད་པར་རྒྱལ་པོའི་སྤྱན་སྔར་མ་རྟོགས་བཞིན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་དང་། དགེ་འདུན་མ་དད་པར་ཀུན་དུ་རྒྱུ་བའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་དང་། དགེ་འདུན་མ་དད་ པར་བློན་པོའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་དང་། དགེ་འདུན་མ་དད་པར་ཚོང་དཔོན་དང་། ཁྱིམ་བདག་གི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་དང་། བུད་མེད་མང་པོའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་ དང་། སྐྱེས་པ་མང་པོའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་དང་། མ་རུང་བར་བྱེད་པ་མང་པོའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་དང་། དགེ་སློང་དང་དགེ་སློང་མ་མང་པོའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་དང་། ཁོན་ཡོད་པའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ་དང་། དགྲ་བོ་ཞེ་འགྲས་པའི་མདུན་དུ་མ་རྟོགས་བཞིན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བའོ། །
BO
འདི་དག་ནི་ཆོས་མ་ཡིན་པ་དང་། མ་རྟོགས་པར་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་ པ་གླེངས་ན་ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་འཐོབ་པར་འགྱུར་བ་བཅུ་ཞེས་བྱའོ། ། གལ་ཏེ་བདེན་པ་ཡང་དག་པ་ལ་བརྟེན་ཏེ་གླེངས་ན་ཡང་ཉེས་པར་འགྱུར་ན་བདེན་པ་མ་ཡིན་པ་ལ་བརྟེན་ཏེ་གླེང་བ་ལྟ་ཅི་སྨོས་ཏེ། ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་ཐོབ་པར་འགྱུར་རོ། ། གཞན་ཡང་ཆོས་མ་ཡིན་པ་ རྣམ་པ་འདི་བཅུས་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེངས་ན་ཁ་ན་མ་ཐོ་བ་ཆེན་པོའི་སྡིག་འཐོབ་པར་འགྱུར་གྱིས་མཁས་པ་དག་གིས་དེ་ལྟར་མི་བྱའོ། ། བཅུ་གང་ཞེ་ན། མུ་སྟེགས་ཅན་དག་གིས་དགེ་སློང་གི་ཉེས་པ་གླེང་བ་དང་། ཚུལ་ཁྲིམས་མེད་པའི་ཁྱིམ་པ་དག་གིས་ དགེ་སློང་གི་ཉེས་པ་གླེང་བ་དང་། མཚམས་མེད་པ་བྱས་པ་དག་གིས་དགེ་སློང་གི་ཉེས་པ་གླེང་བ་དང་། དམ་པའི་ཆོས་ལ་སྐུར་པ་དག་གིས་དགེ་སློང་གི་ཉེས་པ་གླེང་བ་དང་། འཕགས་པ་རྣམས་ལ་སྨོད་པ་དག་གིས་དགེ་སློང་གི་ཉེས་པ་གླེང་བ་དང་། གླེན་པ་སེམས་འཁྲུག་པ་དག་གིས་ དགེ་སློང་གི་ཉེས་པ་གླེང་བ་དང་། ནད་ཀྱིས་ཡོངས་སུ་གཟིར་བ་དག་གིས་དགེ་སློང་གི་ཉེས་པ་གླེང་བ་དང་།
BO
ཕྱོགས་བཞིའི་དགེ་འདུན་གྱི་རུང་བར་བྱེད་པ་བས་དགེ་སློང་གི་ཉེས་པ་གླེང་བ་དང་། བཟའ་ཤིང་གི་ར་བ་སྲུང་བ་དག་གིས་དགེ་སློང་གི་ཉེས་པ་གླེང་བ་དང་། དགེ་སློང་ཆད་པ་པ་ དག་གིས་དགེ་སློང་གི་ཉེས་པ་གླེང་བ་སྟེ། ཆོས་མ་ཡིན་པ་རྣམ་པ་འདི་བཅུས་དགེ་སློང་ཚུལ་ཁྲིམས་ཉམས་པའི་ཉེས་པ་གླེངས་ན་ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་འཐོབ་པར་འགྱུར་རོ། ། ཇི་སྟེ་བདེན་པ་ཡང་དག་པ་ལ་བརྟེན་ཏེ་གླེངས་ན་ཡང་ཉེས་པར་འགྱུར་ན་བདེན་པ་མ་ཡིན་པར་གླེང་ བ་ལྟ་ཅི་སྨོས་ཏེ། ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་ཐོབ་པར་འགྱུར་རོ། ། གཞན་ཡང་ཨུ་པ་ལི་གལ་ཏེ་དགེ་སློང་ཚུལ་ཁྲིམས་ཉམས་པ་དག་དགེ་སློང་གི་དགེ་འདུན་གྱི་ནང་ན་དགེ་འདུན་དང་ལྷན་ཅིག་ཏུ་གནས་ན། དགེ་སློང་དེའི་ནང་ན་ཚུལ་བཞིན་དུ་བྱེད་པ། སྤྱོད་ལམ་དང་ལྡན་ པ། ཡོན་ཏན་ལྔ་ཕྲུགས་དང་ལྡན་པ་གཅིག་འདུག་པ་ལས་ལངས་ཏེ། གོས་ཚགས་བཅོས་ལ་བསྟི་སྟང་དང་བཅས་པས་དགེ་སློང་གི་དགེ་འདུན་གྱི་རྐང་པ་ལ་ཕྱག་འཚལ་ལ། དེ་ནས་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་མདུན་དུ་སོང་ལ་ཉེས་པ་གླེང་ངོ་ཞེས་འདི་སྐད་ གསོལ་བ་ཐོབ་ཤིག ། ཚེ་དང་ལྡན་པ་དགོངས་ཤིག་བདག་དེང་ཚེ་དང་ལྡན་པ་ཁྱོད་ཀྱི་ཉེས་པ་གླེང་ངོ་། །
BO
བདེན་པ། {བརྫུན་,རྫུན་}པ་མ་ཡིན་པ་དུས་ལ་བབ་པ། དུས་ལས་མི་འདའ་བ། འཛུམ་བཞིན་དུ་སྨྲ་བ། མི་བརླང་བའི་ཚིག་དང་། བྱམས་པའི་སེམས་དང་། ཞེ་སྡང་ མེད་པ་དང་། ཕན་པ་དང་། བདེ་བའི་གནོད་པ་མ་ཡིན་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་མིག་དང་། ཆོས་ཀྱི་སྒྲོན་མ་ཡུན་དུ་གནས་པར་བྱ་བའི་ཕྱིར་གླེང་ངོ་། ། ཚེ་དང་ལྡན་པ་ཁྱོད་ཀྱི་ཉེས་པ་བདག་གིས་ཆོས་བཞིན་དུ་གླེང་ངོ་ཞེས་གསོལ་བ་ཐོབ་ཤིག ། གང་ཟག་དེས་གླེང་ དུ་གནང་ན་ནི་ཆོས་བཞིན་དུ་གླེང་བར་བྱའོ། ། གལ་ཏེ་གླེང་དུ་མ་གནང་ན་ཕྱིར་ཡང་གནས་བརྟན་དང་། དགེ་འདུན་གྱི་རྐང་པ་ལ་ཕྱག་འཚལ་ཏེ་བསྟི་སྟང་དང་བཅས་པས་འདི་སྐད་ཅེས་གསོལ་ཅིག ། དགེ་སློང་མིང་འདི་ཞེས་བགྱི་བ་ཉེས་པ་འདི་ལྟ་བུ་ཞིག་བགྱིས་ཏེ། བདག་གིས་ཆོས་ ལྔ་ལ་བརྟེན་ཏེ་གླེང་བར་འཚལ་ལོ་ཞེས་གསོལ་ཅིག ། དེ་ནས་དགེ་འདུན་གྱི་ནང་ན་དགེ་སློང་གནས་བརྟན་གྱིས་ཤིན་ཏུ་རྟོགས་ལ་གླེང་བ་བས་ཅི་གླེང་བ་དང་། ཉེས་པ་ཅི་བྱས་པ་དང་། བདེན་ནམ་{བརྫུན་,རྫུན་}ནམ་ལྕིའམ་ཡང་བ་རྟོགས་ལ་འདུལ་བ་དང་། མདོ་སྡེ་ལ་བརྟེན་ཏེ་བསྡིགས་ པ་དང་། བཞོ་བའི་ཐབས་སྣ་ཚོགས་ཀྱིས་དྲི་ཞིང་གླེང་བར་བྱའོ། །
BO
བདུན་ཤིན་ཏུ་ཞི་བར་བྱ་བའི་ཆོས་ཀྱིས་གང་དང་གང་དུ་འཐུན་པ་དེ་དང་དེའི་ཆོས་ཀྱིས་ཞི་བར་བྱའོ། ། གལ་ཏེ་ཉེས་པ་ཆེན་པོ་བྱས་ན་ཡང་ཆད་པ་ཆེན་པོས་གཅད་དོ། ། ཉེས་པ་འབྲིང་བྱས་ན་ཡང་ཆད་པ་འབྲིང་གིས་གཅད་དོ། ། ཉེས་པ་ཆུང་ངུ་བྱས་ན་ཡང་ཆད་པ་ཆུང་ངུས་གཅད་དེ་ཁྲེལ་བ་དང་། ངོ་ཚ་བས་ཉེས་པ་མཐོལ་དུ་གཞུག་གོ། ། དེ་ནས་ཨུ་པ་ལིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཉེས་པ་ཡང་དག་པར་བྱུང་བའི་སྡིག་པ་བགྱིས་པའི་དགེ་སློང་དག་གལ་ཏེ་ཁྱིམ་པའི་མཐུ་ ལ་སྙེམས་སམ། ནོར་གྱི་མཐུ་སྙེམས་སམ། མང་དུ་ཐོས་པའི་མཐུ་དང་། སྨྲ་བཤགས་ཀྱི་མཐུ་དང་། སློབ་མའི་མཐུ་ལ་སྙེམས་ཏེ། མཐུ་རྣམ་པ་དེ་ལྟ་བུས་མཇིང་བསྡོམས་ཏེ། དེ་དགེ་འདུན་གྱི་ངག་མི་ཉན་ལ་དགེ་སློང་གནས་བརྟན་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་ པས་ཆོས་བཞིན་དུ་བསྟན་ཅིང་བཅོས་ཀྱང་ཉན་དུ་མི་བཏུབ་པའི་དགེ་སློང་དེ་ལ་ཇི་ལྟར་ཆད་པས་གཅད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གནས་བརྟན་སྡེ་སྣོད་གསུམ་འཛིན་པས་དགེ་འདུན་ལ་དད་པ་དྲིས་ཏེ། རྒྱལ་པོ་དང་། བློན་པོ་ཆེན་པོ་ལ་ མཐུ་བཙལ་བའི་ཕོ་ཉ་ཐོང་ལ་གདོད་ཆོས་བཞིན་དུ་ཆད་པས་ཆོད་ཅིག །
BO
ཨུ་པ་ལིས་ཡང་གསོལ་པ། བཅོམ་ལྡན་འདས་གལ་ཏེ་སྡིག་པ་བགྱིད་པའི་དགེ་སློང་དེ་ནོར་དབྱིག་གི་མཐུ་དང་། མང་དུ་ཐོས་པའི་མཐུ་དང་། སྨྲ་བཤགས་ཀྱི་མཐུ་དང་། ཐབས་རྣམ་པ་སྣ་ཚོགས་ ཀྱིས་རྒྱལ་པོ་དང་། བློན་པོ་ཡང་དགའ་བར་བགྱིས་ཏེ། ཐམས་ཅད་ཆོས་མ་ལགས་པ་བགྱིད་པ། ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་གྲོགས་བགྱིད་དེ། ཚུལ་ཁྲིམས་ངན་པ་ཙམ་གྱི་དགེ་སློང་དེ་དག་སྡིག་པ་ཉམ་རངས་སུ་བགྱིད་དུ་སྩལ་ནས། ཆོས་བཞིན་དུ་ ཆད་པས་གཅད་དུ་ཡང་མི་སྟེར་ན། དེའི་ཚེ་དེ་ལ་དགེ་འདུན་གྱིས་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་ཨུ་པ་ལི་ལ་བཀའ་སྩལ་པ། གལ་ཏེ་དགེ་སློང་དེ་མི་གནས་པ་དང་མི་བྱ་བ་ལ་བརྟེན་ཏེ། དགེ་འདུན་གྱི་ནང་དུ་གནས་ནས་སྡིག་པ་ཆེན་པོ་མངོན་སུམ་དུ་མི་སྣང་ན། དེའི་ཚེ་དགེ་འདུན་གྱིས་སྐད་ཅིག་གཞག་གོ། ། གལ་ཏེ་དགེ་སློང་དེ་མི་གནས་པ་དང་མི་བྱ་བའི་སྡིག་པ་ཆེན་པོ་མངོན་སུམ་དུ་སྣང་བཞིན་དུ་དགེ་འདུན་གྱི་ནང་ན་གནས་ན། དེའི་ཚེ་དགེ་འདུན་དག་དད་པ་དྲིས་ཏེ། ཆོས་བཞིན་དུ་བསྐྲད་དེ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་དབྱུང་ངོ་། ། ཨུ་པ་ལི་འདི་ལྟ་སྟེ། ནས་ཀྱི་ཞིང་གི་ནང་ན་ནས་ལ་གནོད་པ་སྐྱེས་པ་ཡང་མྱུ་གུ་དང་། སྡོང་བུ་དང་།
BO
ཚིགས་ནས་དང་འདྲ་ཡང་། ནས་བཟང་པོ་སྨེ་བར་བྱེད་དེ། ནས་ལ་གནོད་པ་དེ་སྙེ་མ་མ་བྱུང་བ་ན་ནས་ཀྱི་བདག་པོས་སྐད་ཅིག་འཇོག་གོ། ། སྙེ་མ་བྱུང་མ་ཐག་པ་ན་ནས་ཀྱི་ བདག་པོས་ནས་བཟང་པོ་སྨེ་བར་བྱེད་དོ་སྙམ་བསམས་ནས་རྩ་ཐོན་དུ་ཕྱུང་སྟེ་ཞིང་དེའི་ཕྱི་རོལ་དུ་འདོར་རོ། ། དེ་བཞིན་དུ་མི་གནས་པ་དང་། མི་བྱ་བའི་དགེ་སློང་ཚུལ་ཁྲིམས་ཉམས་པ་དེ་ཁྱིམ་པ་དང་མཐུ་རྣམ་པ་མང་པོ་སྙེམས་ཏེ། དགེ་འདུན་གྱི་ནང་ན་གནས་པ་སྤྱོད་ ལམ་དང་ཆ་ལུགས་དགེ་འདུན་དང་འདྲ་ཡང་། དགེ་འདུན་རྣམ་པར་དག་པ་སྨེ་བར་བྱེད་དེ། སྲུང་མའི་ལྷས་མ་གླེངས་ཀྱི་བར་དུ་དགེ་འདུན་གྱི་ནང་ན་གནས་ཏེ། སྡིག་པ་ཆེན་པོ་མངོན་སུམ་དུ་མི་སྣང་ན་དེའི་ཚེ་དགེ་འདུན་གྱིས་སྐད་ཅིག་ཞོག་ཤིག ། གལ་ ཏེ་ལྷ་སྲུང་མས་ཀྱང་བསྐུལ་ལ་དགེ་འདུན་གྱི་ནང་ན་ཉེས་པ་ཆེན་པོ་ཡང་མངོན་སུམ་དུ་སྣང་བར་གྱུར་ན། དེའི་ཚེ་དགེ་འདུན་དད་པ་དྲིས་ཏེ། སངས་རྒྱས་ཀྱི་ཆོས་ལས་ཕྱིར་སྐྲོད་ཅིག ། ཨུ་པ་ལི་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོར་ནི་རོ་ཞག་ལོན་པར་མི་འཇོག་གོ། ། དེ་བཞིན་ དུ་ངའི་ཉན་ཐོས་ཀྱི་དགེ་འདུན་གྱི་སློབ་མ་ཡང་ཚུལ་ཁྲིམས་ཉམས་པ།
BO
སྡིག་པ་སྤྱོད་པའི་དགེ་སློང་རོ་དང་འདྲ་བ་དང་ལྷན་ཅིག་མི་འགྲོགས་སོ། ། ཨུ་པ་ལིས་ཡང་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཚུལ་ཁྲིམས་ཉམས་པ་སྡིག་པ་བྱེད་པའི་དགེ་སློང་དེ་དགེ་འདུན་དད་པ་དྲིས་ ཏེ་བསྐྲད་ཀྱང་ནོར་རིན་པོ་ཆེའི་མཐུ་དང་། མང་དུ་ཐོས་པའི་མཐུ་དང་། སྨྲ་བཤགས་ཀྱི་མཐུ་དང་། ཐབས་རྣམ་པ་སྣ་ཚོགས་ཀྱིས་རྒྱལ་པོ་དང་། བློན་པོ་ཆེན་པོ་དགའ་བར་བགྱིས་ཏེ། ཐམས་ཅད་ཚུལ་ཁྲིམས་ངན་པ་ཅན་གྱི་གྲོགས་སུ་གྱུར་ན། མཐུ་ཆེན་པོས་ནན་གྱིས་ལྷན་ ཅིག་ཏུ་བཞག་ནས། ཚུལ་ཁྲིམས་ཉམས་པའི་དགེ་སློང་དང་དགེ་འདུན་ལྷན་ཅིག་ཏུ་གནས་ན། དེའི་ཚེ་དགེ་འདུན་གྱིས་དེ་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དགེ་འདུན་གྱི་ནང་ན་འཛེམ་པ་དང་། ངོ་ཚ་བར་ལྡན་པ་དང་། ཚུལ་ཁྲིམས་དང་ ལྡན་པའི་དགེ་སློང་དག་ཚུལ་ཁྲིམས་བསྲུང་བའི་ཕྱིར། ཚུལ་ཁྲིམས་ཉམས་པའི་དགེ་སློང་དེ་ལ་ཞེ་སྡང་མི་བསྐྱེད་པ་དང་། རྒྱལ་པོ་དང་། བློན་པོ་ཆེན་པོ་ལ་གནོད་པར་མ་གྱུར་པར་གསོལ་བ་ཐོབ་སྟེ། གནས་དེ་སྤོངས་ལ་གནས་གཞན་དུ་སོང་ཤིག། ། ། བམ་པོ་བཞི་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས།
BO
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་གང་སངས་རྒྱས་ཀྱི་ཞིང་རྙོག་པ་ལྔ་ཅན་དེ་བཞིན་གཤེགས་པ་མི་བཞུགས་པ་ན། དེའི་ཚེ་དེ་ན་གནས་པའི་སེམས་ཅན་ དག་ཉོན་མོངས་པས་གཟིར་ཏེ། མི་དགེ་བ་སྤྱོད་ཅིང་གླེན་པའི་རང་བཞིན་ཅན་དུ་གྱུར་ནས། ཤིན་ཏུ་གདུལ་དཀའ་བ་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་གདོལ་པ་ཅན་དང་། ཁྱིམ་བདག་གདོལ་པ་ཅན་དང་། ཚོང་དཔོན་གདོལ་པ་ཅན་དང་། བྲམ་ཟེ་གདོལ་ པ་ཅན་དེ་དག་ལ་སོགས་པ་དགེ་བའི་རྩ་བ་ཆུང་བ། དད་པའི་སེམས་མ་མཆིས་པ། གཡོ་དང་སྒྱུས་འཚོ་བ། གླེན་པ་དག་ཤེས་པ་བསྙེམས་ཤིང་། འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུས་མི་འཇིགས་པ་དང་། དགེ་བའི་བཤེས་གཉེན་སྤོང་བ། མཚམས་མེད་པའི་སེམས་ཅན་དམྱལ་བ་ལ་འཇུག་ཅིང་འབབ་པ་དེ་དག་ཁེ་དང་རྙེད་པའི་ཕྱིར། ཚུལ་ཁྲིམས་ཉམས་པ་སྡིག་པ་བགྱིད་པའི་དགེ་སློང་དང་སྟེན་ཅིང་། ཆོས་མ་ཡིན་པ་ལ་སྤྱོད་པའི་གྲོགས་སུ་གྱུར་ནས། ཐམས་ཅད་གདོན་མི་ཟ་བར་མཚམས་མེད་ པའི་སེམས་ཅན་དམྱལ་བ་ལ་འཇུག་ཅིང་འབབ་པའི་གནས་དེ་དག་ཏུ་བདག་མཆིས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱིས་སེམས་ཅན་དེ་དག་ལ་ཕན་པ་དང་། བདེ་བ་དང་།
BO
དབུགས་དབྱུང་བའི་སླད་དུ་བླ་ན་མེད་པའི་བདུད་རྩི་ལྟ་བུའི་དམ་པའི་ཆོས་ཐབས་ཀྱིས་ བསྟན་ཅིང་དྲངས་ཏེ། དེ་ལ་སྤྱོད་དུ་གཞུག་པ་དང་། རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བ་ལས་རྣམ་པར་བཟློག་པར་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱོད་ཕྱི་མ་མ་འོངས་པའི་དུས་ན། སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་དག་ཉོན་མོངས་པས་ཡོངས་སུ་གདུངས་ནས་སྡིག་པ་སྤྱོད་ཅིང་། བྱིས་པ་གཏི་མུག་ཅན་གདུལ་དཀའ་བར་གྱུར་པ་གང་ རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་གདོལ་པ་ཅན་དང་། ཁྱིམ་བདག་གདོལ་པ་ཅན་དང་། ཚོང་དཔོན་གདོལ་པ་ཅན་དང་། དགེ་སྦྱོང་གདོལ་པ་ཅན་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་དགེ་བའི་རྩ་བ་ཆུང་བ། དད་པའི་སེམས་མེད་པ། གཡོ་དང་ སྒྱུས་འཚོ་བ། གཏི་མུག་ཅན། ཤེས་པ་སྙེམས་པ་ཅན། དགེ་བའི་བཤེས་གཉེན་སྤོང་བ། སྨྲས་པའི་ཚིག་བདེན་པ་མེད་པ། དགེ་བའི་བཤེས་གཉེན་གྱིས་བསྟན་པ་ལ་མི་འཇུག་པ་དང་བརྙས་ཤིང་དབང་ཟ་བ། ཚིག་ངན་པས་རྣམ་པར་འཐིང་བ།
BO
དམ་པའི་ཆོས་ལ་ཐེ་ཙོམ་ཟ་ཞིང་ལོག་པར་ལྟ་བ། འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་མི་འཇིགས་པ། རྟག་ཏུ་ངང་ཚུལ་ངན་པ་ཅན་དག་ལ་སྟེན་པར་དགའ་བ། སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དུ་སྤྱོད་པ་ལ་དགའ་ཞིང་། གཡོ་དང་སྒྱུས་འཇིག་རྟེན་ སླུ་བ་དང་། བདག་དང་གཞན་ལ་གནོད་པ་བྱེད་པའི་རྒྱལ་རིགས་གདོལ་པ་ཅན་ནས། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་ངའི་ཆོས་འཇིག་པར་བྱེད་པ། ངའི་བསྟན་པ་ལ་རབ་ཏུ་བྱུང་ན་ཡང་ཚུལ་ཁྲིམས་ཉམས་ཤིང་། འཇིག་རྟེན་གྱི་འདུ་འཛིའི་ལས་བྱེད་པར་སྤྲོ་ བ་ལ་རྒྱལ་རིགས་དང་། བྲམ་ཟེ་ལ་སོགས་པས་བསྟི་སྟང་དང་བཅས་པས་མཆོད་པ་དང་། ཁེ་ལ་བརྐམ་པས་ནོར་ཚོལ་བའི་ཕྱིར་ཚིག་ཙམ་དུ་སྨྲ་ཞིང་སྤྱོད་པ་དང་མི་ལྡན་པ་ཕན་ཚུན་དུ་ཕྲིན་ཅིང་ཡི་གེ་སྐྱེལ་བ་ལ་དགའ་བ་དང་། ཚོང་དང་ཁེ་སྤོགས་བྱེད་ཅིང་འཇིག་རྟེན་རྒྱང་ཕན་པའི་ གཙུག་ལག་སློབ་པ་དང་། ཞིང་རྨོ་བའི་ལས་ལ་དགའ་བ་དང་། ནོར་རིན་པོ་ཆེ་སོགས་ཤིང་སྦེད་པ་དང་། ཁང་ཁྱིམ་དང་། ཆུང་མ་དང་། བུ་སྨད་སྲུང་བ་དང་། འཇིག་རྟེན་གྱི་སྔགས་དང་། ཕྱག་རྒྱས་འབྱུང་པོ་འཁོལ་བ་དང་། ལྟས་བཟང་ངན་བལྟ་བ་དང་། སྨན་སྦྱར་ ཅིང་ནད་གསོས་པའི་ནོར་གྱིས་འཚོ་བ་དང་།
BO
བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། རིན་པོ་ཆེའི་རྒྱན་ལ་ཆགས་ཤིང་ཁྱིམ་པའི་ལས་བྱེད་པ་ལ་དགའ་བ་དང་། ཚུལ་ཁྲིམས་འདྲ་ལ་ཞིང་སྡིག་པ་སྤྱོད་པ་དང་། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་དང་ལྡན་པ། དགེ་སྦྱོང་མ་ཡིན་པར་ དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་ཡོད་དེ། རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་དེ་དག་ལ་བསྙེན་བཀུར་བྱེད་ཅིང་བསྟི་སྟང་དང་བཅས་པས་མཆོད་པ་བྱེད་དེ། དེ་དག་གི་ངག་ཀྱང་ཉན་ཏོ། ། ཚུལ་ཁྲིམས་ ཉམས་པ་དེ་དག་ཀྱང་རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་དེ་དག་ལ་སྟེན་པར་དགའ་ཞིང་བཀུར་སྟི་དང་རིམ་གྲོ་བྱེད་དེ་དེའི་ངག་ཉན་ཏོ། ། གལ་ཏེ་གང་ཟག་འགའ་ཞིག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། སློབ་པ་དང་མི་སློབ་པ་ ལ་ནན་ཏན་བྱེད་པ་ནས་འབྲས་བུའི་མཐར་ཕྱིན་གྱི་བར་དུ་གྱུར་པ་ལ། རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་དེ་དག་གིས་དེ་ལ་ཕྲག་དོག་བྱེད་དེ། བསྙེན་བཀུར་དང་། བསྟི་སྟང་དང་། རིམ་གྲོ་དང་། མཆོད་པ་མི་བྱེད་ཅིང་སླར་ངག་ཉན་པར་ཡང་མི་བྱེད་དོ། །
BO
རིགས་ཀྱི་བུ་འདི་ལྟ་སྟེ། མི་ལ་ལ་ཞིག་རིན་པོ་ཆེའི་གླིང་དུ་ཕྱིན་པ་ལས་རིན་པོ་ཆེ་ཨིན་དྲ་ནཱི་ལ་དང་། མ་ཧ་ནཱི་ལ་དང་། གསེར་དང་། དངུལ་དང་། མུ་ཏིག་དང་། པད་མ་རཱ་ག་དང་། བཻ་དཱུརྱ་དང་། རིན་ཐང་མེད་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་བོར་ནས་ནོར་བུ་མཆིང་བུ་ལེན་པ་ ལྟར་དེ་བཞིན་དུ་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་ཡང་དེ་དང་འདྲ་སྟེ། ངས་བསྟན་པའི་དམ་པའི་ཆོས་ཀྱི་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། དོན་དམ་པ་ལ་དགའ་བ། འཛེམ་ པ་དང་ངོ་ཚ་བར་ལྡན་པ། སློབ་པ་དང་མི་སློབ་པའི་གང་ཟག་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནན་ཏན་བྱེད་པ་ལ་བརྩོན་པའི་སོ་སོའི་སྐྱེ་བོ་དགེ་བའི་ཡོན་ཏན་དང་ལྡན་པ། འཕགས་པའི་འཁོར་སྤངས་ནས་ཚུལ་ཁྲིམས་ཉམས་པ། སྡིག་པ་མང་པོ་སྤྱོད་པ། ངོ་ཚ་བ་མེད་པ་དང་ འཛེམ་པ་མེད་པ། ཚིག་བརླང་ཞིང་རྩུབ་པ། ལུས་དང་སེམས་ང་རྒྱལ་གྱིས་དྲེགས་པ། རྣམ་པར་དཀར་བའི་ཆོས་དང་བྲལ་བ། བྱམས་པའི་སེམས་མེད་པ། སྙིང་རྗེ་མེད་པ། སྡིག་པའི་དགེ་སློང་དག་ལ་བསོད་ནམས་ཀྱི་ཞིང་དུ་འཛིན་ཅིང་བཀུར་སྟི་དང་རིམ་གྲོ་དང་།
BO
མཆོད་པ་བྱེད་ དེ་དེའི་ངག་ཉན་ཏོ། ། དེ་ལྟར་སྡིག་པ་ཅན་དེ་དག་ནི་སློབ་དཔོན་དང་སློབ་མར་བཅས་ཏེ་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། ། རིགས་ཀྱི་བུ་སྡིག་པའི་འཁོར་ལོ་རྣམ་པ་བཅུ་ཡོད་དེ། མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་ གདོལ་པ་ཅན་དང་། རྗེའུ་རིགས་གདོལ་པ་ཅན་དང་། ཁྱིམ་བདག་གདོལ་པ་ཅན་དང་། ཚོང་དཔོན་གདོལ་པ་ཅན་དང་། དགེ་སྦྱོང་གདོལ་པ་ཅན་དང་། བྲམ་ཟེ་གདོལ་པ་ཅན་དག་སྡིག་པའི་འཁོར་ལོ་རྣམ་པ་བཅུ་པོ་ལས་འགའ་ཞིག་དང་ལྡན་ནམ། གལ་ཏེ་ཀུན་ དང་ལྡན་ན་སྔོན་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཚིག་སྟེ་ཐལ་བ་བཞིན་དུ་འགྱུར་ལ་རིང་པོ་མི་ཐོགས་པར་ལུས་ཀྱི་ཡན་ལག་ཀྱང་དུམ་བུར་བཅད་པ་དང་། ཉིན་མཚན་དུ་མར་ལྕེ་ལྡིབ་ཅིང་སྨྲ་མི་ནུས་པ་དང་། མི་ཟད་པའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་། ཚེ་འཕོས་ནས་ ཀྱང་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་ལྟར་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་དག་གི་ངན་པར་ལྟ་བ་ནི་རྒྱལ་རིགས་དང་། བློན་པོ་ལ་སོགས་པས་བཟོད་ལ།
BO
སླར་དེ་བས་མཐར་ གནས་པའི་དགེ་སློང་ཡོངས་སུ་དག་པ་མཐོང་ན་དེ་ལ་འདི་སྐད་ཟེར་རོ། ། ཀྱེ་སྐྱེས་བུ་དག་འདི་ལྟར་དགེ་སློང་འདི་དག་ནི་གླེན་པ་གཏི་མུག་ཅན། ཚུལ་འཆོས་ཤིང་འཇིག་རྟེན་སླུ་བ་ཡིན་ཏེ། ཁ་ཟས་དང་། བཏུང་བ་དང་། བགོ་བ་དང་། ཁེ་དང་། རྙེད་པ་དང་། གྲགས་པ་འདོད་པའི་ཕྱིར་ བ་དག་ནི་སྟོད། གཞན་ལ་ནི་སྨོད་ཅིང་ཕྲག་དོག་གིས་དཀྲུགས་མ་བྱེད་དོ། ། ཁེ་དང་གྲགས་པ་ལ་སྐྱོ་ཞིང་ཆོག་མི་ཤེས་པ་ཡིན་པས་བསྐྲད་པར་འོས་པ་དེ་དག་གི་ཚིག་ཀྱང་མཉན་པར་མི་བྱའོ། ། དགེ་སློང་དེ་དག་ནི་{བརྫུན་,རྫུན་}འབའ་ཞིག་སྨྲ་ཞིང་བདེན་པའི་ཆོས་དང་བྲལ་བས་འབྲས་བུ་ ཐོབ་པ་ཡང་མེད། འདོད་པ་དང་བྲལ་ཞིང་ཟག་པ་ཡོངས་སུ་ཟད་པ་ཡང་མ་ཡིན་ལ། ཁེ་དང་གྲགས་པ་དང་། མཆོད་པ་ཙམ་འདོད་པའི་ཕྱིར་བས་མཐར་གནས་ཤིང་ཡོན་ཏན་ཅན་དུ་སྟོན་པ་དག་ལ་མཆོད་པ་དང་། བསྙེན་བཀུར་དང་བསྟི་སྟང་མ་བྱེད་ཅིག ། དེ་ནི་གཡོ་དང་སྒྱུས་འཚོ་བ་ཡིན་གྱི། བསོད་ ནམས་ཀྱི་ཞིང་ཡང་དག་པའམ། ལམ་ལ་ནན་ཏན་བྱེད་པ་ནི་མ་ཡིན་ནོ་ཞེས་སྐུར་ཏོ། །
BO
དེ་ནས་རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་ཐམས་ཅད་ཀྱི་བས་མཐར་གནས་པའི་དགེ་སློང་ཡོངས་སུ་དག་པ་ལ་དད་པའི་སེམས་མི་སྐྱེ། དཀོན་པའི་འདུ་ཤེས་མི་འབྱུང་སྟེ། བསྟི་ སྟང་བྱ་བའི་སེམས་མེད་དོ། ། དེ་ལ་མཆོད་པ་དང་། བསྙེན་བཀུར་བྱེད་པ་ལ་མི་མོས་ཤིང་། ཇི་སྐད་དུ་བསྟན་ཀྱང་དེའི་ཚིག་མི་ཉན་ཏེ་དེ་ལ་བརྙས་ཤིང་སྨོད་དོ། ། དེ་ལྟར་བས་མཐར་གནས་པའི་དགེ་སློང་ཡོངས་སུ་དག་པ་ལ་བརྙས་སྨོད་པ་ཉིད་ཆོས་ཀྱི་མིག་དང་དཀོན་མཆོག་གསུམ་གྱི་གདུང་ ལ་བརྙས་ཤིང་སྨོད་པ་ཡིན་པས་དེའི་ཚེ་ཡུལ་དེ་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་ལ་སོགས་པ་དཀོན་མཆོག་གསུམ་ལ་བསམ་པ་དག་པ་དད་པ་མི་ཕྱེད་པ་དག་རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་གདོལ་པ་ཅན་དེ་དག་ཐམས་ཅད་ཁྲོས་ཏེ་ཞེ་སྡང་ གི་སེམས་སྐྱེས་ནས་གཅིག་ལ་གཅིག་འདི་སྐད་ཟེར་རོ། ། ཀྱེ་སྐྱེས་བུ་དག་ལྟོས་རྒྱལ་རིགས་གདོལ་པ་ཅན་དང་། རྗེའུ་རིགས་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་།
BO
བྲམ་ཟེ་གདོལ་པ་ཅན་འདི་དག་ཆོས་ཀྱི་མིག་དཀོན་མཆོག་གསུམ་གྱི་གདུང་འཚོབ་པ་ཐམས་ཅད་ ལ་ནི་བརྙས་ཤིང་དབང་བཟས་པས་དགེ་བའི་རྩ་བ་ཡང་མེད་པར་བྱས་ཏེ་མི་དགེ་བའི་བཤེས་གཉེན་གྱི་དབང་དུ་གྱུར་པས་སྡིག་པའི་ལས་ཀྱིས་ངན་སོང་དུ་ལྟུང་བར་འགྱུར་གྱིས་བདག་ཅག་དེང་ཕྱིན་ཆད་དེ་དག་གི་སྐྱབས་མི་བྱའོ། ། རྒྱལ་རིགས་གདོལ་པ་ཅན་ལ་སོགས་པ་དེ་དག་གི་གནས་ དང་། ཡུལ་དང་། གྲོང་ཁྱེར་དང་། སྲིད་ཀྱང་མི་བསྲུང་ངོ་ཞེས་ཟེར་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་ལ་སོགས་པ་ཐམས་ཅད་དེ་དག་ལ་མི་སྐྱོ་བ་མི་འགོ་སྟེ་ཡལ་བར་གཏོང་ངོ་། ། དེ་བས་ན་རྒྱལ་རིགས་གདོལ་པ་ཅན་ལ་སོགས་པའི་ཡུལ་དང་། གྲོང་ཁྱེར་ན་གནས་ པའི་ཡང་དག་པའི་ཆོས་ཀྱི་སྣོད་དུ་འགྱུར་བ་དང་། ཡང་དག་པར་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་ཐམས་ཅད་ཡུལ་དེ་ནས་བྱུང་སྟེ་འགྲོའོ། ། ཇི་སྟེ་འདུག་པ་ཞིག་ཡོད་ན་ཡང་མི་འདོད་ཅིང་གཏོང་བའི་བསམ་པ་སྐྱེས་པས་བསྐྱབ་ཅིང་བསྲུང་བའི་སེམས་མེད་དོ། ། དེ་ལྟར་ལྷ་དང་། ཀླུ་དང་། གནོད་ སྦྱིན་དང་། ལྷ་ལ་སོགས་པ་དང་། ཡང་དག་པའི་ཆོས་ཀྱི་སྣོད་དུ་གྱུར་པ་དང་།
BO
བསོད་ནམས་ཀྱི་ཞིང་དུ་འགྱུར་བ་ཐམས་ཅད་ཀྱིས་རྒྱལ་རིགས་གདོལ་པ་ཅན་དང་། དེའི་སྲིད་དང་། ཡུལ་དང་། གྲོང་ཁྱེར་ལ་བསྲུང་ཞིང་བསྐྱབ་པའི་སེམས་མེད་དེ། བསྲུང་ཞིང་བསྐྱབ་པའི་སེམས་མེད་པས་དེའི་ཚེ་ན་ཡུལ་ དེའི་སྲིད་ལ་ནང་གི་དགྲ་དང་། ཕྱིའི་དགྲ་གཉི་ག་ལྡང་སྟེ། སྲིད་འཕྲོག་པའི་ཕྱིར་གཅིག་ལ་གཅིག་འཚེ་ཞིང་གསོད་པ་དང་། ནད་དང་མུ་གེ་ལ་སོགས་པ་ཡང་དེའི་དབང་གིས་འབྱུང་ངོ་། ། དེ་ནས་རྒྱལ་རིགས་གདོལ་པ་ཅན་ནས་དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་ གདོལ་པ་ཅན་དེ་དག་ཐམས་ཅད་དང་། ཡུལ་དེ་ན་གནས་པ་ཐམས་ཅད་ཀྱང་དགའ་ཞིང་སྤྲོ་བའི་སེམས་མེད་དེ། སྔོན་གྱི་ཡིད་དུ་འོང་བ་དང་། སྡུག་པ་ཐམས་ཅད་དང་ཡང་བྲལ་ནས་གཉེན་བཤེས་དང་། མཛའ་བོ་དང་། གྲོགས་ཀྱང་གཅིག་གིས་གཅིག་ཡིད་བྱུང་ཞིང་ཕྲད་མི་འདོད་པ་ དང་། བྱམས་པ་དང་། སྙིང་རྗེ་མེད་དེ། ཕྲག་དོག་དང་སེར་སྣ་བྱེད་ཅིང་སྡིག་པ་མང་པོ་ཡང་བྱེད་པར་འགྱུར་རོ། ། འདི་ལྟ་སྟེ། སྲོག་གཅོད་པ་ནས་ངན་པར་ལྟ་བའི་བར་དུ་ཀུན་སྤྱོད་ཅིང་ངོ་ཚ་བ་དང་། འཛེམ་པ་མེད་པར་མཆོད་རྟེན་གྱི་ནོར་དང་། དགེ་འདུན་གྱི་ནོར་ལ་སྤྱོད་ཅིང་ཟ་བ་ལ་འགྱོད་ པའི་སེམས་མེད་དོ། །
BO
རྒྱལ་རིགས་གདོལ་པ་ཅན་དེ་མཛངས་ཤིང་དྲང་པོ་ལ་ནི་སྡང་ལ། གཅམ་སྒྱུ་ཅན་ལ་ནི་དགའ་བས་བས་བློན་པོ་དང་། དམངས་གཅིག་ལ་གཅིག་གནོད་པ་བྱེད་ཅིང་འཁོན་དང་ཤར་གཉེར་ནས་འཐབ་ཅིང་རྩོད་པ་དང་ཕ་རོལ་པོའི་དགྲ་དང་གཡུལ་སྤྲོད་པ་ནའང་འོག་ མ་སེམས་མི་འཐུན་པའི་ཕྱིར་གཡུལ་ཡང་ཉེས་པར་འགྱུར་རོ། ། རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པ་གདོལ་པ་ཅན་དེ་དག་ཐམས་ཅད་རིང་པོ་མི་ཐོགས་པར་ལུས་ཀྱི་ཡན་ལག་ཉམས་ཤིང་ཉིན་མཚན་དུ་མར་ལྕེ་ ལྐུགས་པར་འགྱུར་བ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་། འཆི་འཕོས་ནས་ཀྱང་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། ། རིགས་ཀྱི་བུ་གཞན་ཡང་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་ དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པའི་གདོལ་པ་ཅན་སྡིག་པའི་བཤེས་གཉེན་གྱི་རྗེས་སུ་སྤྱོད་པ་དག་དགེ་བའི་རྩ་བ་ཆུང་བ། ། གཡོ་དང་སྒྱུས་འཚོ་བ། གླེན་པ་གཏི་མུག་ཅན་ཤེས་པ་བསྙེམས་པ། དཀོན་མཆོག་གསུམ་ལ་བསམ་པ་དག་པའི་སེམས་མེད་པ།
BO
འཇིག་རྟེན་ཕྱི་མའི་སྡུག་བསྔལ་ གྱི་འབྲས་བུ་ལ་འཇིགས་པར་མི་ལྟ་བ་དག་དེ་ལ་ཁ་ཅིག་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཅུང་ཟད་དད་ཀྱང་ཡང་དག་པར་གླེན་པའི་རང་བཞིན་ཅན་དུ་གྱུར་པས་འདི་སྙམ་དུ་བདག་ལས་ཤེས་ཤིང་མཁས་པ་མེད་དོ་སྙམ་ནས། ངས་བསྟན་པའི་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་དང་། ཐེག་པ་ཆེན་པོའི་ཆོས་ ལ་བརྙས་སྨོད་དེ་འཕྱ་ཞིང་སྐུར་ནས་སེམས་ཅན་གཞན་དག་ཀྱང་ཚིགས་སུ་བཅད་པ་གཅིག་ཙམ་གྱི་བར་དུ་འཆང་ཞིང་འཛིན་པ་དང་། ཀློག་ཅིང་འདོན་དུ་ཡང་མི་སྟེར་ཏོ། ། དེ་ལ་ཁ་ཅིག་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་དད་པ་ཅུང་ཟད་ཐོབ་ཀྱང་། ཡང་དག་པར་གླེན་པའི་རང་བཞིན་ཅན་དུ་གྱུར་ པས་འདི་སྙམ་དུ་བདག་ལས་མཁས་ཤིང་ཤེས་པ་མེད་དོ་སྙམ་ནས། ངས་བསྟན་པའི་ཉན་ཐོས་ཀྱི་ཐེག་པའི་ཆོས་དང་། ཐེག་པ་ཆེན་པོའི་ཆོས་ལ་བརྙས་ཤིང་སྨོད་དེ་འཕྱ་ཞིང་སྐུར་ནས། སེམས་ཅན་གཞན་དག་ཚིགས་སུ་བཅད་པ་གཅིག་ཙམ་གྱི་བར་དུ་འཆང་ངམ། འཛིན་ཏམ་ ཀློག་གམ། འདོན་དུ་ཡང་མི་སྟེར་ཏོ། །
BO
དེ་ལ་ཁ་ཅིག་ནི་ཐེག་པ་ཆེན་པོའི་ཆོས་ལ་དད་པ་ཅུང་ཟད་ཙམ་ཐོབ་ཀྱང་ཡང་དག་པར་གླེན་པའི་རང་བཞིན་ཅན་དུ་གྱུར་པས་འདི་སྙམ་དུ་བདག་ལས་ཤེས་ཤིང་མཁས་པ་མེད་དོ་སྙམ་ནས་ངས་བསྟན་པའི་ཉན་ཐོས་ཀྱི་ཐེག་པའི་ཆོས་དང་། རང་སངས་ རྒྱས་ཀྱི་ཐེག་པའི་ཆོས་ལ་བརྙས་སྨོད་དེ་འཕྱ་ཞིང་སྐུར་ནས། སེམས་ཅན་གཞན་དག་ཚིགས་སུ་བཅད་པ་གཅིག་ཙམ་གྱི་བར་དུ་ཡང་འཆང་ཞིང་འཛིན་ཏམ། ཀློག་ཅིང་འདོན་དུ་ཡང་མི་སྟེར་ཏོ། ། གང་ཟག་དེ་དག་ནི་སངས་རྒྱས་ཀྱི་དམ་པའི་ཆོས་ལ་བརྙས་སྐུར་བ་དང་། དུས་གསུམ་གྱི་ སངས་རྒྱས་བཅོམ་ལྡན་འདས་ལ་དབང་ཟ་བ་དང་། ། དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྣོད་ཐམས་ཅད་བཤིག་ནས་བསྲེགས་ཏེ་ཐལ་བ་བཞིན་དུ་འཇིག་པར་བྱེད་པ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ཐམས་ཅད་གཅོད་པ། ཚད་མེད་པའི་སེམས་ཅན་གྱི་མིག་འཛར་བ་ཞེས་བྱའོ། ། རྒྱལ་ རིགས་གདོལ་པ་ཅན་ནས་དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་དེ་དག་གིས་སངས་རྒྱས་ཀྱིས་བསྟན་པའི་ཉན་ཐོས་ཀྱི་ཐེག་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་དང་། ཐེག་པ་ཆེན་པོའི་ཆོས་བཅབས་ཏེ་བར་ཆད་བྱས་ནས་ཚིགས་སུ་བཅད་པ་གཅིག་ཙམ་གྱི་བར་དུ་ མེད་པར་བྱས་ན།
BO
གང་ཟག་དེ་ནི་ཆོས་ཀྱི་མིག་དང་དཀོན་མཆོག་གསུམ་གྱི་གདུང་འཚོབ་པ་ཐམས་ཅད་ལ་མ་གུས་པ་སྟེ། དེའི་རྒྱུ་དང་དེའི་རྐྱེན་གྱིས་ཡུལ་དེ་སྲུང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་ལ་སོགས་པ་དཀོན་མཆོག་གསུམ་ལ་བསམ་པ་དག་ཅིང་དད་པ་མི་ཕྱེད་པ་དག་ རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་གདོལ་པ་ཅན་དེ་དག་ཐམས་ཅད་ལ་ཁྲོ་ཞིང་ཞེ་སྡང་བའི་སེམས་སྐྱེ་བ་ནས་གཞུང་དེ་བཞིན་དུ་རྒྱས་པར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པ་གདོལ་པ་ཅན་ ཐམས་ཅད་རིང་པོ་མི་ཐོགས་པར་ལུས་ཀྱི་ཡན་ལག་ཉམས་ཤིང་ཉིན་མཚན་དུ་མར་ལྕེ་ལྐུགས་པར་འགྱུར་བ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་། ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་། འཆི་འཕོས་ནས་ཀྱང་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། ། རིགས་ ཀྱི་བུ་གཞན་ཡང་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པའི་གདོལ་པ་ཅན་རྣམས་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་གི་རྗེས་སུ་ཞུགས་པ་ནས།
BO
གཞུང་དེ་དེ་བཞིན་དུ་རྒྱས་པར་ཡུལ་དེ་ན་ཆོས་ཀྱི་ སྣོད་དུ་གྱུར་པ་ཡང་དག་པའི་བསོད་ནམས་ཀྱི་ཞིང་དུ་གྱུར་པ་ཐམས་ཅད་རྒྱལ་རིགས་གདོལ་པ་ཅན་ལ་སོགས་པ་ལ་སྤོང་བའི་སེམས་སྐྱེད་དེ་བསྐྱབ་པའམ་སྲུང་བ་མི་བྱེད་དོ། ། བརྒྱ་ལ་ཡུལ་དེ་ན་གནས་སུ་ཟིན་ཀྱང་ཆོས་ལ་རྟེན་གྱི་ཁྱིམ་པ་ལ་དགའ་ཞིང་གནས་པར་མི་བྱེད་པ་དང་། སྦྱིན་ བདག་གི་ཁྱིམ་དུ་ཡང་དང་ཡང་དུ་འགྲོ་བར་མི་བྱེད་པ་དང་། གལ་ཏེ་སྐད་ཅིག་ཙམ་ཕྱིན་ན་ཡང་ཚིག་སྲུང་ཞིང་མི་སྨྲ་བ་དང་། ཇི་སྟེ་སྨྲ་ན་ཡང་{བརྫུན་,རྫུན་}གྱི་བག་མེད་དེ། ཁྱིམ་པའི་མདུན་དུ་ཚུལ་ཁྲིམས་ཉམས་པ་དག་ལ་འཕྱ་བའམ་བརྙས་པར་མི་བྱེད་པ་དང་། ཚུལ་ཁྲིམས་ཉམས་པ་སྡིག་པ་ སྤྱོད་པའི་དགེ་སློང་དེ་དག་གི་ཉེས་པ་མི་རྗོད་ཅིང་མི་གླེང་བ་དང་། རྟག་ཏུ་བསོད་ནམས་ཀྱི་ཞིང་ལ་སྟེན་གྱི་ཚུལ་ཁྲིམས་ཉམས་པ་ཡོངས་སུ་སྤོང་ངོ་། ། ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་དེ་དག་ནི་ཕྱིར་ཚུལ་ཁྲིམས་སྲུང་བ་དགེ་བའི་ཡོན་ཏན་དང་ལྡན་པ་དག་ལ་ཁྲོ་བ་དང་། ཞེ་སྡང་གི་སེམས་བསྐྱེད་དེ་བརྙས་སྨོད་པ་དང་། རྒྱལ་རིགས་གདོལ་པ་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་དག་གི་བར་དུ་ཁྱིམ་པའི་བུས་པ་དང་།
BO
བུད་མེད་ཀྱི་མདུན་དུ་གཅམ་པ་དང་། སྒྱུ་སྣ་ཚོགས་ཀྱིས་{བརྫུན་,རྫུན་}ཟེར་ཞིང་ཚུལ་ཁྲིམས་སྲུང་བ་དེ་དག་ལ་འཕྱ་ཞིང་སྐུར་པ་དང་། ཚིག་ངན་ པ་རྣམ་པ་སྣ་ཚོགས་འདོགས་ཏེ། རྒྱལ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་དེ་དག་ཐམས་ཅད་ངའི་སློབ་མ་འདོད་པ་ཉུང་ཞིང་ཆོག་ཤེས་པ། ཚུལ་ཁྲིམས་སྲུང་བ། མང་དུ་ཐོས་པ། སྤོབས་པ་དང་ལྡན་པའི་དགེ་སྦྱོང་ལ་ཞེ་སྡང་བ་དང་། ཁྲོ་བའི་སེམས་སྐྱེད་ཅིང་ཚིག་རྩུབ་པོ་རྣམ་ པ་སྣ་ཚོགས་ཀྱིས་འཕྱ་ཞིང་སྐུར་དུ་བཅུག་ནས་ལུས་དང་སེམས་མི་བདེ་བར་བྱེད་དོ། ། གཞན་ཡང་ཆོས་གོས་དང་། ལྷུང་བཟེད་དང་། འཚོ་བའི་ཡོ་བྱད་ཀྱང་འཕྲོག་ཏུ་བཅུག་ནས་འཚོ་བས་བྲེལ་བར་བྱེད་དོ། ། གཞན་ཡང་ཕྱོགས་བཞིའི་དགེ་འདུན་གྱི་ནོར་འཕྲོག་ཏུ་བཅུག་ནས་སྤྱོད་དུ་མི་སྟེར་བ་དང་། ལ་ལ་ནི་བཙོན་རར་བཅུག་ནས་ལྕགས་དང་། ཁོང་སྒྲིལ་དང་། ཤིང་གི་གདོས་ལ་སོགས་པའི་ནན་ལ་བོར་རོ། ། ལ་ལ་ནི་ལུས་ཀྱི་ཡན་ལག་གཏུབས། ལ་ལ་ནི་མགོ་གཅོད་དུ་བཅུག་གོ། ། རིགས་ཀྱི་བུ་ཁྱོད་ལྟོས་ཤིག ། དེ་ལྟར་རྒྱལ་རིགས་གདོལ་པ་ཅན་ནས་དགེ་སྦྱོང་དང་།
BO
བྲམ་ཟེ་གདོལ་ པའི་བར་དུ་གདོལ་པ་ཅན་དེ་དག་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་ལ་བརྟེན་ནས་དེ་ལྟ་བུའི་ཁ་ན་མ་ཐོ་བ་ཆེན་པོའི་སྡིག་པ་རྣམ་པ་སྣ་ཚོགས་བྱེད་དོ། ། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་བར་འགྱུར་རོ། ། སེམས་ཅན་གང་གིས་མཚམས་མེད་པ་ལྔ་བྱས་ སམ། ཚུལ་ཁྲིམས་ཀྱི་རྩ་བ་དག་བཤིག་གམ། མཚམས་མེད་པ་ལ་ཉེ་བའི་སྡིག་བྱས་སམ། རང་བཞིན་གྱི་སྡིག་གམ། བཅས་པའི་སྡིག་གང་བྱས་པ་བས་ནི་རྒྱལ་རིགས་གདོལ་པ་ཅན་ནས་དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་ཚུལ་ཁྲིམས་ཉམས་པ་ཆོས་ལས་འགལ་བར་ བྱེད་པ་ལ་བསྟེན་པ་བས་སྡིག་པ་ཡང་ངོ་། ། རིགས་ཀྱི་བུ་དེ་ལྟར་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་དག་དེ་ལྟར་ཆོས་ལས་འགལ་བའི་སྡིག་པ་ཆེན་པོ་བྱས་མོད་ཀྱི། འོན་ཀྱང་ངའི་བསྟན་པ་ལ་གནས་ཤིང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས། སྤྱོད་ ལམ་དང་ཆ་ལུགས་འཕགས་པ་རྣམས་དང་འཐུན་ཏེ། དེ་ལ་ནི་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། ཁྱིམ་པ་རྣམས་ཀྱིས་ཁྱིམ་པའི་ཆོས་ཉིད་དང་ཡང་སྦྱར་དུ་མི་གནང་ན། གཞུ་བ་དང་། འཚོག་པ་དང་། ནན་ལ་བོར་བ་དང་། བཙོན་རར་གཞུག་པ་དང་།
BO
གཤེ་ ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བ་ཆོས་མ་ཡིན་པ་བྱེད་པ་ལྟ་ཅི་སྨོས། རྒྱལ་པོའམ། བློན་པོའམ། ཁྱིམ་པ་རྣམས་ཀྱིས་གལ་ཏེ་དེ་ལྟར་བྱས་ན་ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་འཐོབ་པར་འགྱུར་ཏེ། གདོན་མི་ཟ་བར་མཚམས་མེད་ པའི་སེམས་ཅན་དམྱལ་བར་སྐྱེའོ། ། འདི་ལྟར་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་ལ་ཡང་ཆད་པས་གཅོད་དུ་མི་གནང་ན་ཚུལ་ཁྲིམས་དང་ལྡན་པ་དགེ་བ་སྤྱོད་པ་ལ་ལྟ་ཅི་སྨོས། རིགས་ཀྱི་བུ་དགེ་སློང་གང་གིས་ཚུལ་ཁྲིམས་ཀྱི་རྩ་བའི་སྡིག་ལས་གཅིག་ཉམས་པ་ཡང་ ཚུལ་ཁྲིམས་ཉམས་ཤིང་སྡིག་པ་སྤྱོད་པའི་དགེ་སློང་ཞེས་བྱ་མོད་ཀྱི། བསྟན་པ་བཞིན་དུ་དད་པའི་དགེ་འདུན་གྱིས་ལས་བྱས་པའི་སྡོམ་པ་རྒྱུན་མི་འཆད་པར་ཡོད་དེ། བསླབ་པ་དང་། ཚུལ་ཁྲིམས་ཀྱི་བར་དུ་བཏང་ཡང་རྣམ་པར་དཀར་བའི་ཆོས་ཀྱི་གསུང་ཙམ་ཡོད་ཀྱིས། དེ་ ལ་ཡང་རྒྱལ་པོ་དང་། བློན་པོ་དང་། ཁྱིམ་པ་དང་། སྡོམ་པ་མེད་པ་རྣམས་ཀྱིས་བརྙས་སྨོད་དམ། ཆད་པས་གཅད་དུ་མི་གནང་ངོ་། ། དེ་ལྟར་དགེ་སློང་དེ་ཆོས་ཀྱི་སྣོད་མ་ཡིན་ཏེ།
BO
འཕགས་པའི་ཆོས་ཉམས་པས་ཡོངས་སུ་དག་པའི་དགེ་འདུན་སྨེ་བར་བྱེད་ཅིང་དགེ་སྦྱོང་གི་ལས་སུ་ བྱ་བའི་ལས་ཐམས་ཅད་མི་རུང་བར་བྱེད་པ་ཡིན་ཏེ། ཕྱོགས་བཞིའི་དགེ་འདུན་གྱི་ལོངས་སྤྱད་ལ་སྤྱོད་དུ་ནི་མི་དབང་མོད་ཀྱི། འོན་ཀྱང་ཡིད་འཐུན་པའི་དགེ་འདུན་ལས་བསྙེན་པར་རྫོགས་ཏེ་སྡོམ་པ་ཐོབ་པ་མ་བཏང་བས་ཁྱིམ་པ་སྐྱེ་བོ་ཐམས་ཅད་པས་མཆོག་གོ། ། རྩ་བའི་ སྡིག་ཉམས་ཀྱང་དེ་ལྟ་བུ་ཡིན་ན། དེ་མ་ཡིན་པ་བཅས་པའི་སྡིག་ཕྲ་མོ་གཞན་ཉམས་པ་ལྟ་ཅི་སྨོས་ཏེ། དེ་བས་ན་རྒྱལ་པོ་དང་། བློན་པོ་དང་། ཁྱིམ་པ་རྣམས་ཀྱིས་བརྙས་པའམ། སྨོད་པ་བྱེད་དམ། ཆད་པས་གཅོད་དུ་མི་དབང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ སྔོན་འདས་པའི་དུས་ན་ཡུལ་ཀ་ཤི་ཞེས་བྱ་བ་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་ཡོད་དེ། དེས་གདོལ་པ་ལྔ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཁྱེད་དེང་ལ་རི་ཁ་བ་ཅན་གྱི་དྲུང་ན་གླང་པོ་ཆེ་མཆེ་བ་དྲུག་དང་ལྡན་པ་ཨུ་པ་ལིའི་མིག་ཅེས་བྱ་བ་ཞིག་ཡོད་ཀྱིས། ཁྱེད་ཀྱིས་དེའི་ མཆེ་བ་ཕྱུང་ལ་འོན་ཅིག་གལ་ཏེ་ཁྱོད་ཀྱིས་མ་ཐོབ་ན་གསོན་དུ་མ་རེ་ཤིག་ཅེས་བསྒོའོ། །
BO
དེའི་ཚེ་གདོལ་པ་ཅན་དེ་དག་ལུས་དང་སྲོག་གི་ཕྱིར་མདའ་གཞུ་ཞིག་ཐོགས་ནས་གོས་ཚོན་ཅན་གྱོན་ཏེ། དགེ་སྦྱོང་གི་ཚུལ་ལྟར་བཅོས་ནས་རི་ཁ་བ་ཅན་གྱི་དྲུང་དུ་གླང་པོ་ཆེའི་རྒྱལ་པོ་གང་ན་བར་ སོང་ངོ་། ། དེར་ཕྱིན་པ་དང་དེ་ན་གླང་པོ་ཆེ་མོ་ཞིག་གིས་སྔར་མཐོང་བ་དང་། མདའ་གཞུ་ཐོགས་པ་དེས་དང་ངས་ནས་གླང་པོ་ཆེའི་རྒྱལ་པོའི་གན་དུ་བརྒྱུགས་ཏེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། ལྷ་ཆེན་པོ་མ་གཟིགས་སམ། མི་ཁ་ཅིག་མདའ་གཞུ་ཐོགས་ཏེ་དལ་གྱིས་འཇབ་ཅིང་མཆི་ ན་ཅི་བདག་ཅག་གི་ཚེའི་བར་ཆད་དུ་མི་འབྱུང་གྲང་། གླང་པོ་ཆེའི་རྒྱལ་པོས་མགོ་བཏེག་སྟེ་བལྟས་ན། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ཚོན་ཅན་གྱོན་པ་དག་ཅིག་འོང་བ་མཐོང་ནས། གླང་པོ་ཆེ་མོ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། སངས་རྒྱས་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། ། རྒྱལ་ མཚན་ཆོས་གོས་གྱོན་པ་འདི་དག་ནི། ། སྡིག་པ་ཐམས་ཅད་ཡོངས་སུ་སྤངས་པས་ན། ། ངེས་པར་སེམས་ཅན་དག་ལ་གནོད་མི་བྱེད། ། དེ་ནས་གླང་པོ་ཆེ་མོས་ཀྱང་ཚིགས་སུ་བཅད་ནས་ལན་བཏབ་པ། ཆོས་གོས་གྱོན་པ་ལྟར་ནི་བྱེད་མོད་ཀྱི། ། ཐམས་ཅད་ལག་ན་མདའ་གཞུ་ཐོགས་ པས་ན། ། འདི་ནི་སྙིང་རྗེ་མེད་ཅིང་མ་རུངས་པ། །
BO
སྡིག་པ་བྱེད་ལ་མོས་པའི་གདོལ་པ་ཡིན། ། དེ་ནས་གླང་པོ་ཆེའི་རྒྱལ་པོས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཆོས་གོས་ཚལ་བུ་གྱོན་པར་སྣང་བས་ན། ། བྱམས་དང་སྙིང་རྗེའི་རྩ་བ་དེ་ཉིད་ཡིན། ། སེམས་ཅན་ཀུན་ལ་བྱམས་ཤིང་ བརྩེ་བའི་ཕྱིར། ། སངས་རྒྱས་ལ་ནི་འདི་དག་སྐྱབས་སོང་ངེས། ། ཁྱེད་ཅག་འདི་ལ་ཐེ་ཙོམ་མ་ཟ་བར། ། མྱུར་དུ་སེམས་དེ་རྗེས་སུ་བཟུང་ན་མཛེས། ། ཆོས་གོས་ཚོན་ཅན་གྱོན་པ་འདི་དག་ནི། ། འཁོར་བའི་རྒྱ་མཚོ་ལས་ནི་སྒྲོལ་མཛད་པའོ། ། དེ་ནས་དེའི་ཚེ་གདོལ་པ་དེ་དག་གིས་མདའ་ དུག་ཅན་གྱིས་གླང་པོ་ཆེའི་རྒྱལ་པོ་ལ་འཕངས་ནས་གཟས་པ་བཞིན་དུ་སྙིང་ལ་ཕོག་གོ། ། དེ་ནས་གླང་པོ་ཆེ་མོས་སྐད་ཆེན་པོ་ཕྱུང་སྟེ་ངུས་ནས། སྐད་ཀྱིས་བརྣངས་བཞིན་དུ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། ། ཆོས་གོས་གྱོན་པ་དེ་དག་ནི། ། སངས་རྒྱས་ལ་ནི་སྐྱབས་སོང་ སྙམ། ། ཆ་ལུགས་ཤིན་དུ་ཞིར་སྣང་ཡང་། ། གདུག་པའི་སེམས་ནི་ཁོང་ན་སྲེལ། ། ལྷ་ཡི་སྐུ་ལ་མདའ་འཕེན་པའི། ། དགྲ་དེ་ཤིན་དུ་བརླག་པའི་ཕྱིར། ། མྱུར་དུ་ལུས་ཀུན་བརྫིས་ནས་སུ། ། འཚོ་བའི་དབང་དང་དབྲལ་བར་བྱ། ། དེ་ནས་གླང་པོ་ཆེའི་རྒྱལ་པོས་ཚིགས་སུ་བཅད་དེ་སྨྲས་པ།
BO
འཚོ་བའི་སྲོག་ དང་བྲལ་ཀྱང་སླའི། ། སྡིག་པའི་སེམས་ནི་བསྐྱེད་མི་རིགས། ། འདི་དག་སླུ་བའི་སེམས་ཡོད་ཀྱང་། ། ཆ་ལུགས་སངས་རྒྱས་སློབ་མ་འདྲ། ། མཁས་པའི་སེམས་ནི་རྣམ་དག་པ། ། སྲོག་གི་ཕྱིར་ནི་མ་ཡིན་ཏེ། ། སྐྱེ་བོ་མང་པོ་བསྒྲལ་བའི་ཕྱིར། ། རྟག་ཏུ་བྱང་ཆུབ་སྤྱད་པ་སྤྱོད། ། དེའི་ཚེ་གླང་པོ་ཆེའི་ རྒྱལ་པོས་སྙིང་བརྩེ་བའི་སེམས་སྐྱེས་ནས་མི་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱེད་ང་ལ་ཅི་འདོད། དེ་དག་གིས་སྨྲས་པ། ཁྱོད་ཀྱི་མཆེ་བ་འདོད་དོ། ། གླང་པོ་ཆེའི་རྒྱལ་པོ་སྙིང་ཤིན་དུ་དགའ་ནས་མཆེ་བ་ཕྱུང་སྟེ་དེ་དག་ལ་བྱིན་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྲོ་ཞིང་ཕངས་པའི་བསམ་པ་ མེད་བཞིན་དུ། ། ཁྱེད་ལ་ང་ཡི་མཆེ་བ་དཀར་པོ་འདི། ། བྱིན་པའི་བསོད་ནམས་མངོན་པར་སངས་རྒྱས་ནས། ། སྐྱེ་བོའི་ཉོན་མོངས་ནད་རྣམས་ཞི་བྱེད་ཤོག ། རིགས་ཀྱི་བུ་སྔོན་འདས་པའི་དུས་ན་དེ་ལྟར་གླང་པོ་ཆེའི་རྒྱལ་པོ་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་འདོད་པའི་ཕྱིར་ལུས་དང་སྲོག་ལ་མ་ཆགས་པར་བཏང་ནས་ཆོས་གོས་གྱོན་པ་དེ་ལ་རིམ་གྲོ་དང་།
BO
བསྟི་སྟང་བྱ་བའི་ཕྱིར་དེས་དགྲར་བྱས་ཀྱང་ལན་མི་ལྡོན་པ་ལ་ལྟོས། མ་འོངས་པའི་དུས་ན་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་དག་ཡང་དག་པར་གླེན་པའི་རང་བཞིན་ཅན་ཡིན་ཡང་ཅུང་ཟད་ཙམ་གྱི་ཤེས་པ་སྙེམས་ཏེ། གཡོ་དང་སྒྱུས་འཚོ་ཞིང་འཇིག་རྟེན་དག་བསླུས་ནས་འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་འཇིགས་པར་མི་ལྟ་བས་ངའི་བསྟན་པ་ལ་སྐྱབས་སུ་སོང་ཞིང་རབ་ཏུ་བྱུང་བ་ ཆོས་ཀྱི་སྣོད་དུ་གྱུར་པ་དང་། ཆོས་ཀྱི་སྣོད་དུ་མ་གྱུར་པ་ཀུན་ལ་འཚེ་ཞིང་གནོད་པ་བྱེད་དེ་གཤེ་ཞིང་སྤྱོ་བ་དང་། འཚོག་པ་དང་། གཞུ་བ་དང་། བཙོན་རར་གཞུག་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བའི་བར་དུ་བྱེད་དོ། ། དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་ བཅོམ་ལྡན་འདས་ཀྱི་དམ་ཚིག་ལས་འགལ་བའི་ཁ་ན་མ་ཐོ་བ་ཆེན་པོ་བྱེད་པ་སྟེ། གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། ། དགེ་བའི་རྩ་བ་ཡོངས་སུ་བསྲེགས་ཏེ་རྒྱུན་བཅད་པས་མཁས་པ་ཐམས་ཅད་ཀྱིས་ཡོངས་སུ་སྤང་བར་བྱའོ། །
BO
དེ་དག་གིས་དེ་ལྟར་ཁ་ན་ མ་ཐོ་བ་སྡིག་པ་ཆེན་པོ་བྱས་ཀྱང་གཡོ་དང་སྒྱུས་འཚོ་སྟེ། ང་རྒྱལ་གྱི་དབང་དུ་གྱུར་ནས་འཇིག་རྟེན་དག་བསླུ་བའི་ཕྱིར་དེ་དག་ཀྱང་སོ་སོ་ནས་བདག་ཅག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཡིན་ཏེ། བདག་ཅག་ནི་ཐེག་པ་ཆེན་པོས་མངོན་པར་འཚང་རྒྱའོ་ཞེས་ཟེར་རོ། ། འདི་ལྟ་སྟེ་ དཔེར་ན་མི་ཞིག་བདག་གི་མིག་ཕྱུང་ནས་ལོང་བར་གྱུར་པ་ཕ་རོལ་གཞན་གྱི་ལམ་མཚོན་པའི་ཕྱིར་རི་ཆེན་པོ་ལ་འཛེག་པ་ནི་གནས་མེད་དོ། ། དེ་བཞིན་དུ་ཕྱི་མ་མ་འོངས་པའི་དུས་ན་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ དག་ཀྱང་དེ་དང་འདྲ་སྟེ། ངའི་བསྟན་པ་ལ་སྐྱབས་སུ་སོང་ཞིང་རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དུ་གྱུར་པའམ། ཆོས་ཀྱི་སྣོད་མ་ཡིན་པའང་རུང་བའི་སློབ་མ་རྣམས་ལ་འཚེ་ཞིང་གནོད་པར་བྱེད་དེ། གཤེ་ཞིང་སྤྱོ་བ་དང་། བརྡེག་པ་དང་། བཙོན་རར་གཞུག་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བའི་བར་ དུ་བྱེད་དེ། དེ་ནི་འདས་པ་དང་། མ་འོངས་པ་དང་།
BO
ད་ལྟར་གྱི་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ལས་འགལ་བའི་ཁ་ན་མ་ཐོ་བ་ཆེན་པོ་བྱས་པས་དགེ་བའི་རྩ་བ་ཐམས་ཅད་བསྲེགས་ཤིང་རྒྱུན་བཅད་པས་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། ། དེ་བས་ན་ མཁས་པ་རྣམས་ཀྱིས་སྤང་བར་བྱའོ། ། དེས་དེ་ལྟར་ཁ་ན་མ་ཐོ་བ་ཆེན་པོ་བྱས་ཀྱང་གཡོ་དང་སྒྱུས་འཚོ་ཞིང་ང་རྒྱལ་གྱི་དབང་དུ་གྱུར་པ་འཇིག་རྟེན་བསླུ་བའི་ཕྱིར་བདག་ཅག་ནི་བླ་ན་མེད་པའི་བྱང་ཆུབ་ཚོལ་བ་ཡིན་ཏེ། བདག་ཅག་ཀྱང་ཐེག་པ་ཆེན་པོས་མངོན་པར་འཚང་རྒྱའོ་ཞེས་ཟེར་རོ། ། དེ་དག་ གིས་དེ་ལྟར་རབ་ཏུ་བྱུང་བ་ལ་འཚེ་ཞིང་གནོད་པ་བྱས་པས་མ་རབས་ཐ་མའི་ལུས་ཀྱང་མི་ཐོབ་ན་ཐེག་པ་རྣམ་གཉིས་ཀྱི་བྱང་ཆུབ་པའམ། བླ་ན་མེད་པའི་ཐེག་པ་ཐོབ་པ་ལྟ་ཅི་སྨོས་ཏེ་སྐལ་བ་ཆད་པ་ཡིན་ནོ། ། རིགས་ཀྱི་བུ་གཞན་ཡང་སྔོན་འདས་པའི་དུས་ན། ཡུལ་པན་ཙ་ལ་ཞེས་ བྱ་བ་ན་རྒྱལ་པོ་དགྲ་ལས་རྒྱལ་ཞེས་བྱ་བ་ཡོད་དེ། ཡུལ་དེའི་སྲིད་འཛིན་ཅིང་དབང་བྱེད་དོ། ། དེ་ན་དུར་ས་ཆེན་པོ་ཁ་ལམ་པ་ཞེས་བྱ་བ་ཤིན་ཏུ་འཇིགས་པའི་གནས་ཤིག་ཡོད་དེ། གནོད་སྦྱིན་དང་། སྲིན་པོ་ཡང་དེ་ན་མང་དུ་གནས་སོ། ། དེ་དག་ཏུ་ཕྱིན་ན་འཇིགས་ཤིང་བ་སྤུ་ལྡང་ངོ་། །
BO
དེ་ཡུལ་ དེ་ན་ཉེས་པ་བྱས་པ་གསད་པ་ཞིག་ཡོད་ན་རྒྱལ་པོའི་ཁྲིམས་ཀྱིས་གསད་པ་དེ། བཅིང་བ་ལྔས་བཅིངས་ནས་ཁ་ལམ་པ་ཞེས་བྱ་བའི་དུར་ས་ཆེན་པོ་དེར་སྐྱེལ་ཏེ། སྲིན་པོ་དང་། འབྱུང་པོ་རྣམས་ཟར་འཇུག་གོ། ། གསད་པ་གཅིག་གིས་སྲོག་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ཀྱི་ཚལ་བུ་ ཞིག་རྙེད་པ་མགུལ་དུ་བཏགས་སོ། ། བཙོན་རྫིས་ཁྲིད་དེ་རྒྱལ་པོའི་ཁྲིམས་བཞིན་དུ་བཅིང་བ་ལྔས་བཅིངས་ནས་དུར་ས་ཆེན་པོ་དེར་བསྐྱལ་ཏོ། ། སྐྱེལ་མ་ཕྱིར་ལོག་ནས་དེའི་ནུབ་མོ་སྲིན་མོ་ཆེན་མོ་མཚོན་ཆའི་མིག་ཅེས་བྱ་བ་འཁོར་ལྔ་སྟོང་དང་བཅས་ཏེ་དུར་ཁྲོད་དེར་ལྷགས་སོ། ། མི་དེས་རྒྱང་ ནས་མཐོང་ནས་རབ་ཏུ་འཇིགས་ཤིང་སྐྲག་གོ། ། དེའི་ཚེ་སྲིན་མོ་དེས་མི་དེ་བཅིང་བ་ལྔས་བཅིངས་པ་སྐྲ་དང་ཁ་སྤུ་བྲེགས་པ་ཆོས་གོས་ཀྱི་ཚལ་བུ་མགུལ་དུ་བཏགས་པ་མཐོང་ནས་གཡས་ནས་བསྐོར་ཏེ་བསྟི་སྟང་དང་བཅས་པས་ཕྱག་བྱས་ཏེ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པས་འདི་སྐད་སྨྲས་སོ། ། སྐྱེས་བུ་ཁྱོད་ནི་མ་བསྙེངས་བདེ་བར་བཞུགས། ། ཁྱོད་ལ་བདག་ཅག་གནོད་པ་མི་བགྱིད་དོ། ། སྐྲ་བྲེགས་ཆོས་གོས་གྱོན་པ་ཁྱོད་མཐོང་ནས། ། བདག་ཅག་སངས་རྒྱས་རྗེས་སུ་དྲན་པར་གྱུར། །
BO
དེའི་ཚེ་སྲིན་མོའི་བུ་རྣམས་ཀྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། ། བདག་ཅག་ཤིན་ཏུ་བཀྲེས་སྐོམ་ པས། ། ལུས་དང་སེམས་ནི་རྣམ་པར་གཟིར། ། ལུས་དང་སེམས་ནི་བདེ་བའི་ཕྱིར། ། ཡུམ་གྱིས་མི་དེ་འཚལ་དུ་གནོང་། ། དེ་ནས་སྲིན་མོས་བུ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། སངས་རྒྱས་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། ། རྣམ་པར་གྲོལ་བའི་རྒྱལ་མཚན་གོས་གྱོན་པ། ། འདི་ལ་མི་དགེ་ སྡིག་པའི་སེམས་བསྐྱེད་ན། ། ངེས་པར་མཚམས་མེད་སེམས་ཅན་དམྱལ་བར་ལྟུང་། ། དེ་ནས་སྲིན་མོའི་བུ་དང་འཁོར་དུ་བཅས་པས་བསྐོར་ཏེ། བསྟི་སྟང་དང་བཅས་པས་ཕྱག་བྱས་ཏེ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པས་འདི་སྐད་ཅེས་སྨྲས་སོ། ། ཚོན་ཅན་གྱོན་པ་ཁྱོད་ལ་སོ་སོར་འཆགས། ། བདག་ཅག་ཇི་སྟེ་ཕ་དང་མ་དག་ལ། ། ལུས་དང་ངག་ཡིད་མི་དགེ་བྱས་སླ་ཡི། ། ཁྱོད་ལ་ནམ་དུའང་གནོད་པར་མི་བགྱིད་དོ། ། དེ་ནས་ཡང་སྲིན་མོ་ཆེན་མོ་བོང་བུ་སོ་ཞེས་བྱ་བ་འཁོར་ལྔ་སྟོང་དང་བཅས་ཏེ་དུར་ཁྲོད་དེར་ལྷགས་སོ། ། སྲིན་མོ་དེས་ཀྱང་བཅིང་བ་ལྔས་བཅིངས་པ་སྐྲ་དང་ཁ་སྤུ་བྲེགས་པ་ ཆོས་གོས་ཀྱི་ཚལ་བུ་མགུལ་དུ་བཏགས་པའི་མི་དེ་མཐོང་ནས་བསྐོར་ཏེ།
BO
བསྟི་སྟང་དང་བཅས་པས་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པས་འདི་སྐད་ཅེས་སྨྲས་སོ། ། སྐྱེས་བུ་བདག་གིས་མ་བསྙེངས་བདེ་བར་བཞུགས། ། ཁྱོད་ཀྱི་མགུལ་དུ་བཏགས་པའི་ཚལ་བུ་འདི། ། དྲང་སྲོང་ ཆེན་པོའི་རྒྱལ་མཚན་ན་བཟའ་ལགས། ། དེ་ལ་བདག་ཅག་མཆོད་ཅིང་ཕྱག་འཚལ་ལོ། ། དེ་ནས་སྲིན་མོ་དེའི་བུ་རྣམས་ཀྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། ། མི་ཡི་ཤ་དང་ཁྲག་ལས་ཞིམ་པ་མེད། ། ལུས་དང་སེམས་སྟོབས་སྐྱེ་ཞིང་འཕེལ་བར་འགྱུར། ། ཤིན་ཏུ་དཔའ་ལ་རྟུལ་ཕོད་འཇིགས་ མེད་པ། ། ཡུམ་གྱིས་དེ་ལ་བདག་ཅག་འཚལ་དུ་གནོང་། ། དེ་ནས་སྲིན་མོས་བུ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་མིའི་ལོངས་སྤྱོད་ལྡན་པ་ཐམས་ཅད་ཀྱང་། ། རབ་ཏུ་བྱུང་བ་དག་ལས་ཐོབ་པའི་ཕྱིར། ། ཆོས་གོས་གྱོན་པ་འདི་ལ་མཆོད་པས་ན། ། བདེ་བ་ཚད་མེད་པ་ཡང་འཐོབ་པར་ འགྱུར། ། དེ་ནས་སྲིན་མོའི་བུ་རྣམས་འཁོར་དང་བཅས་པས་བསྐོར་ནས་བསྟི་སྟང་དང་བཅས་པས་ཕྱག་བྱས་ཏེ། ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་སྨྲས་པ། སྐྲ་བྲེགས་ཆོས་གོས་གྱོན་པའི་སྐྱེས་བུ་ལ། ། བདག་ཅག་ཤིན་ཏུ་གུས་པར་ཕྱག་འཚལ་བས། ། རྟག་ཏུ་མ་འོངས་པ་ཡི་ དུས་ཀུན་དུ། །
BO
སངས་རྒྱས་མཐོང་ཞིང་དད་པ་སྐྱེ་བར་ཤོག ། དེའི་ཚེ་ཡང་སྲིན་མོ་ཆེན་མོ་ཁྲོ་གཉེར་འཕྲལ་སྐྲ་ཅན་ཞེས་བྱ་བ་འཁོར་ལྔ་སྟོང་དང་བཅས་ཏེ་དུར་ཁྲོད་དེར་ལྷགས་སོ། ། སྲིན་མོ་དེས་ཀྱང་བཅིང་བ་ལྔས་བཅིངས་པ་སྐྲ་དང་ཁ་སྤུ་བྲེགས་པ་ཆོས་གོས་ཀྱི་ཚལ་བུ་མགུལ་དུ་བཏགས་ པའི་མི་དེ་མཐོང་ནས་གཡས་ནས་བསྐོར་ཏེ། བསྟི་སྟང་དང་བཅས་པས་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པས་འདི་སྐད་ཅེས་སྨྲས་སོ། ། དྲང་སྲོང་ཆེན་པོའི་རྒྱལ་མཚན་ན་བཟའ་འདི། ། མཁས་པ་ཐམས་ཅད་ཤིན་ཏུ་བསྟོད་ཅིང་བསྔགས། ། གང་ཞིག་ འདི་ལ་མཆོད་པ་བྱེད་པ་ནི། ། སྲིད་པའི་བཅིངས་པ་ཀུན་ལས་ངེས་པར་འགྲོལ། ། དེའི་ཚེ་སྲིན་མོ་དེའི་བུ་རྣམས་ཀྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། ། མི་འདིའི་ལུས་ཀྱི་ཤ་དང་ཁྲག་ཀུན་ནི། ། རྒྱལ་པོ་ཆེན་པོས་བདག་ཅག་རྣམས་ལ་བསྔོས། ། བདག་ཅག་འདི་ལ་ཟ་ཞིང་འཐུང་དུ་གནོང་། ། མཐུ་ དང་ལྡན་ནས་མ་ཡི་གཡོག་ཀྱང་བགྱི། ། དེ་ནས་སྲིན་མོས་བུ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། ཆོས་གོས་བཏགས་པ་གྱོན་པ་འདི་དག་ནི། ། ཁྱོད་ཀྱིས་བཟའ་བའི་རིགས་པ་མ་ཡིན་གྱིས། ། འདི་ལ་མི་དགེ་སྡིག་པའི་སེམས་བསྐྱེད་ན། །
BO
སྡུག་བསྔལ་ཆེན་པོའི་སྣོད་དུ་གྱུར་ཏ་རེ། ། དེ་ནས་ སྲིན་མོའི་བུ་རྣམས་འཁོར་དང་བཅས་པས་བསྐོར་ནས་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་དྲང་སྲོང་ཆེན་པོའི་གོས་གྱོན་ཏེ། ། ཤིན་ཏུ་བསོད་ནམས་ཞིང་དུ་གྱུར་པ་ཡིན། ། དེ་བས་བདག་ཅག་ཁྱོད་ལ་མཆོད་པས་ན། ། སྲིད་ པའི་བཅིངས་པ་ལས་ནི་ཐར་བར་ཤོག ། དེའི་ཚེ་ན་ཡང་སྲིན་མོ་ཆེན་མོ་མཚོན་ཆའི་གདོང་ཞེས་བྱ་བ་ཡང་འཁོར་ལྔ་སྟོང་དང་བཅས་ཏེ་དུར་ཁྲོད་དེར་ལྷགས་སོ། ། སྲིན་མོ་དེས་ཀྱང་མི་དེ་བཅིང་བ་ལྔས་བཅིངས་པ་སྐྲ་དང་ཁ་སྤུ་བྲེགས་པ་ཆོས་གོས་ཀྱི་ཚལ་བུ་མགུལ་དུ་བཏགས་པ་མཐོང་ནས་ བསྐོར་ཏེ་བསྟི་སྟང་དང་བཅས་པས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པས་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ནི་བཏགས་པའི་ཆོས་གོས་གྱོན་པས་ན། ། མྱ་ངན་འདའ་བའི་བདེ་བ་ཐོབ་ཏུ་ངེས། ། དེ་བས་ཁྱོད་ལ་བདག་ཅག་གནོད་བྱེད་ན། ། སངས་རྒྱས་ཀུན་གྱིས་རྣམ་པར་སྨོད་ ཀྱིས་དོགས། ། དེ་ནས་སྲིན་མོ་དེའི་བུ་རྣམས་ཀྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། ། བདག་ཅག་རྟག་ཏུ་མི་ཡི་མདངས་འཕྲོག་ཅིང་། ། དེ་བཞིན་ཤ་དང་ཁྲག་ཀྱང་ཟ་འཐུང་བས། །
BO
གཟུགས་དང་མཐུ་ནི་ཡོངས་སུ་འཕེལ་བའི་ཕྱིར། ། བདག་ཅག་འདི་ལ་ཅི་བདེར་འཚལ་དུ་གནོང་། ། དེ་ནས་སྲིན་མོ་དེས་བུ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། ཇི་སྟེ་སྐྲ་དང་ཁ་སྤུ་བྲེགས་པ་ཡི། ། ཆོས་གོས་གྱོན་པ་འདི་ལ་གནོད་བྱས་ན། ། ངེས་པར་མཚམས་མེད་སེམས་ཅན་དམྱལ་བར་ལྟུང་། ། ཡུན་རིང་སྡུག་བསྔལ་ཆེན་པོའི་སྣོད་དུ་འགྱུར། ། དེ་ནས་སྲིན་མོ་བུ་རྣམས་དང་འཁོར་ དུ་བཅས་པས་བསྐོར་ནས་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བདག་ཅག་སེམས་ཅན་དམྱལ་བས་རབ་འཇིགས་ཏེ། ། དེ་བས་ཁྱོད་ཀྱི་སྲོག་ལ་གནོད་མི་བགྱིད། ། བཅིངས་པ་འདི་ཡང་བཀྲོལ་ཏེ་ཁྱོད་གཏང་གིས། ། དམྱལ་བའི་སྡུག་བསྔལ་ཀུན་ལས་ཐར་བར་ཤོག ། དེའི་ཚེ་སྲིན་མོ་བུ་སྨད་འཁོར་དང་བཅས་པ་སྙིང་རྗེའི་སེམས་བསྐྱེད་ནས་མི་དེའི་བཅིངས་པ་བཀྲོལ་ཏེ་བཤགས་པ་དང་། སྤྲོ་བ་བསྐྱེད་པ་བྱས་ནས་ཕྱིར་བཏང་ངོ་། ། མི་དེ་ཕྱིས་ཉིན་སྔ་རབ་ཏུ་རྒྱལ་པོའི་དྲུང་དུ་འོངས་ནས་དངོས་པོ་དེ་དག་ རྒྱུས་ཀྱིས་ཞིབ་ཏུ་གསོལ་ཏོ། །
BO
དེའི་ཚེ་རྒྱལ་པོ་དགྲ་ལས་རྒྱལ་བ་འཁོར་དང་བཅས་པས་དེ་སྐད་ཐོས་ནས་དང་ངས་ཏེ་ངོ་མཚར་རྨད་དུ་གྱུར་ནས་ཁྲིམས་སུ་བཅས་ཏེ་ཡུལ་གྱི་མི་རྣམས་ལ་བཀས་བཏགས་པ། དེང་ཕྱིན་ཆད་ངའི་ཡུལ་ན་གནས་པ་སངས་རྒྱས་ཀྱི་སློབ་མ་ཚུལ་ཁྲིམས་སྲུང་ངམ། ཚུལ་ཁྲིམས་ཉམས་སམ། ཆུང་ངུ་ན་ཚུལ་ཁྲིམས་མེད་པར་སྐྲ་དང་ཁ་སྤུ་བྲེགས་ཏེ་ངུར་སྨྲིག་གྱོན་པ་ལ་སུ་ཞིག་ཀྱལ་ཀའམ་གནོད་པ་བྱས་ན་ཐམས་ཅད་གསད་དོ་ཞེས་ཁྲིམས་སུ་བྱས་སོ། ། དེའི་རྒྱུ་དེའི་རྐྱེན་གྱིས་མི་མང་པོ་ཡང་བསོད་ནམས་ལ་དགའ་བས་ཐམས་ཅད་བགས་ཀྱིས་བསྟན་ པ་ལ་ཕྱོགས་ནས་འཛམ་བུའི་གླིང་ན་རྒྱལ་པོ་དེ་དབང་བའི་མི་ཐམས་ཅད་བསམ་པ་དེས་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཏོ། ། རིགས་ཀྱི་བུ་དེ་ལྟར་འདས་པའི་དུས་ན་སྲིན་མོ་{ཡི་དགས་,ཡི་དྭགས་}ཀྱི་རྒྱུད་དུ་སྐྱེས་པ། མདངས་འཕྲོག་པ་ཤ་དང་ཁྲག་ཟ་བ། སྡིག་པ་ལ་བརྐམ་པ། སྙིང་རྗེ་མེད་པ་ཡང་དེ་ལྟ་བུའི་ཚུལ་ཁྲིམས་མེད་པ་སྐྲ་དང་ཁ་སྤུ་བྲེགས་པ་ཆོས་གོས་ཀྱི་ཚལ་བུ་མགུལ་དུ་བཏགས་པ་དེ་ལ་བསྐོར་བ་དང་། བསྟི་སྟང་དང་། རིམ་གྲོ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། ཚིགས་སུ་བཅད་པས་བསྟོད་དེ། གནོད་པ་བྱེད་པའི་སེམས་མེད་ན།
BO
ཕྱི་མ་ མ་འོངས་པའི་དུས་སུ་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་གདུག་པའི་སེམས་འཆང་ཞིང་སྙིང་རྗེ་མེད་པ། གནོད་སྦྱིན་དང་། སྲིན་པོ་བས་ཐུ་བར་སྡིག་པ་བྱེད་ དོ། ། གླེན་ཞིང་གཏི་མུག་ཅན་དགེ་བའི་རྩ་བ་ཡོངས་སུ་གཅོད་པ་དེ་ངའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཆོས་ཀྱི་སྣོད་དུ་གྱུར་པ་དང་། ཆོས་ཀྱི་སྣོད་དུ་མ་གྱུར་པ་ཡང་རུང་། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་པའི་སློབ་མ་ལ་དད་པ་དང་བཀུར་སྟི་མི་བྱེད་དེ། དེ་ལ་གནོད་པ་དང་། གཤེ་ཞིང་ རྡེག་པ་དང་། ནན་ལ་འདར་ཞིང་བཙོན་རར་གཞུག་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བའི་བར་དུ་བྱེད་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བསྟན་པའི་ཁ་ན་མ་ཐོ་བ་ཆེན་པོ་དང་འགལ་བར་བྱེད་པ་སྟེ། དགེ་བའི་རྩ་བ་ ཡོངས་སུ་བསྲེགས་ནས་རྒྱུན་བཅད་པས་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་བས་མཁས་པ་རྣམས་ཀྱིས་ཡོངས་སུ་སྤང་བར་བྱའོ། ། ཡང་རིགས་ཀྱི་བུ་སྔོན་རྒྱལ་པོ་བསོད་ནམས་ཆེན་པོ་ཞེས་བྱ་བ་ཞིག་ཡོད་དེ།
BO
རྒྱལ་པོ་དེ་སྙིང་རྗེ་ཆེ་བས་ཉེས་ པ་བྱས་པས་གསད་པ་ལ་ཐུག་པ་དག་ཀྱང་གསོད་དུ་མི་དགའོ། ། དེའི་ཚེ་བློན་པོ་བློ་དང་ལྡན་པ་གཅིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། རྒྱལ་པོ་ཐུགས་ངན་མ་མཛད་ཅིག ། རྒྱལ་པོས་ཀྱང་སྲོག་གཅོད་པའི་སྡིག་པ་མི་འཐོབ་ལ། གཤེད་མས་ཀྱང་འགུམ་མི་འཚལ་བར་ མི་དེ་འགུམ་པའི་ཐབས་མཆིས་སོ་ཞེས་གསོལ་ནས་བློན་པོ་ཆེན་པོ་དེས་གསད་པ་ལ་ཐུག་པའི་མི་དེ་བལ་གླང་རྨིས་པ་མ་རུངས་པའི་མདུན་དུ་བཞག་གོ ། དེ་ནས་བལ་གླང་རྨིས་པ་དེས་མི་དེ་སྣས་བཟུང་སྟེ་ཡར་བཏེག་ནས་ས་ལ་བརྡབས་པ་ལས། མི་དེ་གོས་དམར་པོ་གྱོན་པ་མཐོང་ནས་ ཆོས་གོས་ཡིན་ནོ་སྙམ་སྟེ། བསམ་པ་དག་པའི་དད་པ་སྐྱེས་ནས་དལ་གྱིས་ས་ལ་བཞག་ཅིང་དེ་ལ་འགྱོད་ནས་ས་ལ་བཏུད་དེ། མི་དེའི་རྐང་པ་ལ་སྣས་འཕྱི་ཞིང་བསྟི་སྟང་དང་བཅས་པས་མིག་མི་འཛུམས་པར་མི་དེ་ལ་ལྟའོ། ། བློན་པོ་ཆེན་པོ་དེས་དེ་ལྟ་བུར་གྱུར་པ་མཐོང་ནས་བརྒྱུགས་ ཏེ། རྒྱལ་པོ་དེ་ལ་དེ་བཞིན་དུ་གསོལ་ཏོ། ། རྒྱལ་པོས་དེ་སྐད་ཅེས་ཐོས་ནས་དངངས་ཏེ་ངོ་མཚར་རྨད་དུ་གྱུར་ནས། མི་ཡོངས་ལ་དེང་ཕྱིན་ཆད་དཀོན་མཆོག་གསུམ་ལ་བསྟི་སྟང་གྱིས་ཤིག་པར་བཀས་བཏགས་སོ། །
BO
དེའི་རྒྱུ་དེའི་རྐྱེན་གྱིས་སྲོག་གཅོད་པ་ཡང་སྤངས་ཏེ་འཛམ་བུའི་གླིང་ ལ་དབང་བྱེད་པར་གྱུར་ཏོ། ། ལྟོས་རིགས་ཀྱི་བུ་དེ་ལྟར་འདས་པའི་དུས་ན་བལ་གླང་རྨིས་པ་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་ཡང་ཆོས་གོས་ལ་གུས་པས་སྡིག་མི་བྱེད་ན། མ་འོངས་པའི་དུས་ན་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་ སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་སེམས་གདུག་པ་ཅན་སྙིང་རྗེའི་སེམས་མེད་པ། བལ་གླང་རྨིས་པ་བས་ཐུ་བའི་སྡིག་པའི་ལས་བྱེད་དོ། ། བུས་པ་གླེན་པ་ཅན་དེ་དག་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དུ་གྱུར་པའམ། ཆོས་ཀྱི་སྣོད་མ་ཡིན་པའང་རུང་། སྐྲ་ དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་པ་ལ་དད་པ་དང་གུས་པ་མི་བྱེད་དེ། དེ་ལ་གནོད་པ་དང་། གཤེ་ཞིང་སྤྱོ་བ་དང་། གཞུ་ཞིང་འཚོག་པ་དང་། བཙོན་ར་ར་གཞུག་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བའི་བར་དུ་བྱེད་པས་འདས་པ་དང་། མ་འོངས་པ་དང་།
BO
ད་ལྟར་བཞུགས་ པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བསྟན་པའི་ཁ་ན་མ་ཐོ་བ་ཆེན་པོ་དང་འགལ་བར་བྱེད་པས་དགེ་བའི་རྩ་བ་བསྲེགས་ནས་རྒྱུན་གཅད་པས་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་བས་མཁས་པ་རྣམས་ཀྱིས་སྤང་བར་བྱའོ། ། གལ་ཏེ་རྒྱལ་ རིགས་གདོལ་པ་ཅན་ནས་དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་སྡིག་པའི་འཁོར་ལོ་གསུམ་པོ་འདི་དང་ལྡན་པས། དེའི་རྒྱུ་དེའི་རྐྱེན་གྱིས་ཡུལ་སྲུང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་དཀོན་མཆོག་གསུམ་ལ་བསམ་པ་དག་ཅིང་དད་པ་མི་ཕྱེད་པ་ཐམས་ཅད་རྒྱལ་ རིགས་གདོལ་པ་ཅན་ནས་དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་གདོལ་པ་དེ་དག་ལ་ཁྲོ་ཞིང་ཞེ་སྡང་བའི་སེམས་སྐྱེ་བ་ནས་གཞུང་དེ་བཞིན་དུ་རྒྱས་པར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་ པ་གདོལ་པ་ཅན་དེ་ཐམས་ཅད་རིང་པོར་མི་ཐོགས་པར་ལུས་ཀྱི་ཡན་ལག་དུམ་བུར་ཆད་ཅིང་ཞག་མང་དུ་ལྕེ་ལྡིབས་པ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་དང་།
BO
འཆི་འཕོས་ནས་ཀྱང་མཚམས་མེད་པའི་སེམས་ཅན་དམྱལ་ བ་ཆེན་པོར་ལྟུང་བར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་ཕྱི་མ་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་སྡིག་པའི་བཤེས་གཉེན་ལ་སྟེན་ པ་དགེ་བའི་རྩ་བ་ཆུང་ཞིང་ཞེན་པ་ནས་དེ་བཞིན་དུ་རྒྱས་པར་འཇིག་རྟེན་ཕྱི་མའི་སྡུག་བསྔལ་མ་མཐོང་བ་དག་ཕྱོགས་བཞིའི་དགེ་འདུན་གྱི་ནོར་དང་། གཙུག་ལག་ཁང་གི་ནོར་དང་། གཙུག་ལག་ཁང་དུ་བསྔོས་པའི་ནོར་དང་། སྐྱེད་ཤིང་གི་ར་བ་དང་། སྐྱེད་ཤིང་གི་ར་བར་བསྔོས་པའི་ནོར་ དང་། ཞིང་འབྲོག་དང་། ཞིང་འབྲོག་ཏུ་བསྔོས་པའི་ནོར་དང་། གཙུག་ལག་ཁང་སོ་སོའི་རུང་བར་བྱེད་པར་གཏོགས་པའི་སྐྱེས་པ་དང་། བུད་མེད་ཕྲོགས་པ་དང་། ནོར་ཕྱུགས་ཕྲོགས་པ་དང་། གོས་དང་། བསོད་སྙོམས་ཕྲོགས་པ་དང་། གདིང་བ་དང་། ཁྲི་སྟན་ཕྲོགས་པ་དང་། ནད་ ཀྱི་རྐྱེན་སྨན་ཕྲོགས་པ་དང་། དེ་མ་ཡིན་པའི་འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ལ་འཕྲོག་པ་སྟེ། དེ་ལྟར་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བའི་ནོར་དེ་ནི་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ།
BO
བརྩོན་འགྲུས་རྩོམ་པ། སློབ་པ་དང་མི་སློབ་པ་ལ་ནན་ཏན་དུ་བྱེད་པ་ནས་མཐའི་གནས་ བྱས་པའི་འབྲས་བུ་ཐོབ་པའི་བར་གྱི་དགེ་སློང་ཡོངས་སུ་དག་པ་སྤྱོད་དུ་གནང་བར་ཟད་ན། རྒྱལ་རིགས་གདོལ་པ་ཅན་ནས་དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་གདོལ་པ་ཅན་དེ་དག་གིས་མཐུ་དང་དཔུང་བསྙེམས་ཏེ་ནན་གྱིས་ཕྲོགས་ནས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོངས་ སུ་དག་པ་དག་ནི་སྤྱོད་དུ་མི་སྟེར་གྱི། ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་ཁྱིམ་ན་གནས་ཤིང་ཁྱིམ་པའི་ལས་བྱེད་པ་དག་ལ་བྱིན་ནས་ཁ་ཅིག་ནི་ཐུན་མོང་དུ་སྤྱོད། ཁ་ཅིག་ནི་ཁུད་པར་ཡང་སྤྱོད་དོ། ། ཚུལ་ཁྲིམས་ཉམས་པའི་དགེ་སློང་དག་གིས་དེ་དག་ཐོས་ནས་ཀྱང་ཁ་ཅིག་ནི་ཐུན་ མོང་དུ་སྤྱོད། ཁ་ཅིག་ནི་ཁུད་པར་ཡང་སྤྱོད་དོ། ། ཁ་ཅིག་ནི་ཁྱིམ་པ་ལ་བྱིན་ནས་དེ་དང་ཡང་ཐུན་མོང་དུ་སྤྱོད་དོ། ། དེའི་རྒྱུ་དེའི་རྐྱེན་གྱིས་ཡུལ་སྲུང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་དཀོན་མཆོག་གསུམ་ལ་བསམ་པ་དག་ཅིང་དད་པ་མི་ཕྱེད་པ་དག་རྒྱལ་རིགས་གདོལ་པ་ཅན་ནས་ དགེ་སྦྱོང་དང་།
BO
བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་གདོལ་པ་ཅན་དེ་དག་ལ་ཁྲོས་ཏེ་ཞེ་སྡང་གི་སེམས་སྐྱེ་བ་ནས་དེ་བཞིན་དུ་རྒྱས་པར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པ་གདོལ་པ་ཅན་དེ་དག་རིང་པོར་མི་ཐོགས་ པར་ལུས་ཀྱི་ཡན་ལག་དུམ་བུར་ཆད་པ་དང་། ཞག་མང་དུ་ལྕེ་ལྡིབས་པ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་ཞིང་འཆི་འཕོས་ནས་ཀྱང་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་མ་འོངས་པའི་ དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་སྡིག་པའི་བཤེས་གཉེན་ལ་སྟེན་པ་དགེ་བའི་རྩ་བ་ཆུང་ཞིང་ཞན་པ་ནས་དེ་བཞིན་དུ་རྒྱས་པར་འཇིག་རྟེན་ཕྱི་མའི་སྡུག་ བསྔལ་གྱི་འབྲས་བུ་མ་མཐོང་བ་དག་གིས་ངའི་བསྟན་པ་ལ་རབ་ཏུ་བྱུང་བ། ཤེས་རབ་རྣོ་བ། མང་དུ་ཐོས་པ། ཚིག་དང་དོན་རྫོགས་པར་སྨྲ་བ་དང་ལྡན་པ། ཉན་ཐོས་ཀྱི་ཐེག་པའི་ཆོས་སྟོན་ནུས་པའམ།
BO
རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ཆུད་ཅིང་སྟོན་ནུས་པའམ། བླ་ན་མེད་པའི་ཐེག་ པའི་ཆོས་སྟོན་ནུས་ཤིང་རྒྱས་པར་སེམས་ཅན་ལ་ཕན་པ་དང་། བདེ་བའི་དོན་དུ་སྟོན་ནུས་པའི་ཆོས་སྨྲ་བ་ལ་སྤྱོ་ཞིང་གཤེ་བ་དང་། སྨད་པ་དང་། འཕྱ་ཞིང་སྐུར་པ་དང་། དབང་ཟ་བ་དང་། གནོད་པ་བྱེད་ཅིང་ཆོས་སྟོན་པའི་བར་ཆད་བྱེད་དོ། ། དེའི་རྒྱུ་དེའི་རྐྱེན་གྱིས་ཡུལ་སྲུང་བའི་ལྷ་དང་། ཀླུ་ དང་། གནོད་སྦྱིན་ལ་སོགས་པ་དཀོན་མཆོག་གསུམ་ལ་བསམ་པ་དག་ཅིང་དད་པ་མི་ཕྱེད་པ་དག་རྒྱལ་རིགས་གདོལ་པ་ཅན་ནས་དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་གདོལ་པ་ཅན་དེ་དག་ལ་ཁྲོས་ཏེ། ཞེ་སྡང་གི་སེམས་སྐྱེ་བ་ནས་གཞུང་དེ་བཞིན་དུ་རྒྱས་པར་རྒྱལ་རིགས་གདོལ་པ་ཅན་ ནས་བློན་པོ་དང་། ཁྱིམ་བདག་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པ་གདོལ་པ་ཅན་དེ་དག་ཐམས་ཅད་རིང་པོ་མི་ཐོགས་པར་བདག་གི་ལུས་དུམ་བུར་ཆད་པ་དང་། ཞག་མང་དུ་ལྕེ་ལྡིབས་པ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་། འཆི་འཕོས་ནས་ཀྱང་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །
BO
རིགས་ཀྱི་བུ་གཞན་ཡང་ཕྱི་མ་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པ་གདོལ་པ་ཅན་སྡིག་པའི་བཤེས་གཉེན་ལ་སྟེན་པ་དགེ་བའི་རྩ་བ་ཞན་ཅིང་ཆུང་བ་ནས་དེ་བཞིན་དུ་རྒྱས་པར་འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་འཇིགས་པར་མི་ལྟ་བ་དག་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བའི་ནོར་དང་། གཙུག་ལག་ཁང་གི་ཞིང་འབྲོག་དང་། ནོར་ ཕྱུགས་དང་། རིན་པོ་ཆེ་དང་། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། ཁ་དོག་གི་ཤིང་དང་། བསིལ་གྲིབ་དང་། བསུང་དང་། སྨན་གྱི་ཤིང་ལ་སོགས་པ་དང་། དེ་མ་ཡིན་པ་འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ལ་འཕྲོག་ཅིང་ངའི་སློབ་མ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ ལྡན་པ། བརྩོན་འགྲུས་རྩོམ་པ། སློབ་པ་དང་མི་སློབ་པ་ལ་ནན་ཏན་བྱེད་པ་ནས་མཐའི་གནས་བྱས་པའི་འབྲས་བུའི་བར་དུ་ཐོབ་ཏུ་ཉེ་བའི་དགེ་སློང་ཡོངས་སུ་དག་པ་འབའ་ཞིག་གིས་སྤྱོད་དུ་དབང་བར་ཟད་ན། རྒྱལ་རིགས་གདོལ་པ་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་ པ་མཐུ་དང་དཔུང་བསྙེམས་ཏེ་ནན་གྱིས་ཕྲོགས་སམ།
BO
གཞན་འཕྲོག་ཏུ་བཅུག་གམ། བདག་སྤྱོད་དམ། གཞན་སྤྱོད་དུ་བཅུག་ཀྱང་རུང་། དེའི་རྒྱུ་དེའི་རྐྱེན་གྱིས་ཡུལ་སྲུང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་དཀོན་མཆོག་གསུམ་ལ་བསམ་པ་དག་ཅིང་དད་པ་མི་ཕྱེད་པ་དག་ རྒྱལ་རིགས་གདོལ་པ་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་ལ་ཁྲོས་ཏེ། ཞེ་སྡང་གི་སེམས་སྐྱེ་བ་ནས་དེ་བཞིན་དུ་རྒྱས་པར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་ པ་དེ་དག་ཐམས་ཅད་རིང་པོ་མི་ཐོགས་པར་ལུས་ཀྱི་ཡན་ལག་དུམ་བུར་ཆད་པ་དང་། ཞག་མང་དུ་ལྕེ་ལྡིབས་པ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་། འཆི་འཕོས་ནས་ཀྱང་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་ འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་།
BO
བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་སྡིག་པའི་བཤེས་གཉེན་ལ་སྟེན་པ་དགེ་བའི་རྩ་བ་ཆུང་ཞིང་ ཞན་པ་བསམ་པ་མ་དག་པ་གཡོ་དང་སྒྱུས་འཚོ་བ། གླེན་པ་གཏི་མུག་ཅན་ཅུང་ཟད་ཀྱི་ཤེས་པ་ཙམ་བསྙེམས་པ། ། ཚིག་ལ་བདེན་པ་མེད་པ། དགེ་བའི་བཤེས་གཉེན་སྤོང་བ། སྡིག་པའི་གྲོགས་པོ་ལ་སྟེན་ཅིང་མི་དགེ་བ་སྤྱོད་པ། འཕགས་པའི་ཆོས་ལ་ཐེ་ཙོམ་ཟ་བ། འཇིག་རྟེན་ ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་འཇིགས་པར་མི་ལྟ་བ་དག་སྡིག་པའི་སྡོམ་པ་སྲུང་བར་དགའ་བ། སྲོག་གཅོད་པ་ནས་ངན་པར་ལྟ་བའི་བར་དུ་མོས་པ། ང་རྒྱལ་གྱིས་མངོན་པར་ཟིན་པ། འཇིག་རྟེན་པ་དག་སླུ་བ། བདག་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའོ་ཞེས་ཁས་འཆེ་བའི་ རྒྱལ་རིགས་གདོལ་པ་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་སོགས་པ་དག ། ཐབས་རྣམ་པ་སྣ་ཚོགས་ཀྱིས་ངའི་བསྟན་པ་འཇིག་པར་བྱེད་ཅིང་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ལ་ཡང་དང་ཡང་དུ་ཁྲོ་ཞིང་གཤེ་བ་དང་། སྤྱོ་ཞིང་སྨོད་པ་དང་། ནན་ལ་བོར་བ་དང་། བཙོན་རར་གཞུག་ པ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བའི་བར་དུ་བྱེད་དེ། ངས་བསྟན་པའི་ཆོས་ལ་ཡིད་མི་ཆེས་པ། མཆོད་རྟེན་འཇིག་པ། གཙུག་ལག་ཁང་འཇིག་པ།
BO
དགེ་སློང་དག་ཁྱིམ་པར་འབེབས་པ། སྐྲ་དང་ཁ་སྤུ་འབྲེག་ཅིང་གོས་ངུར་སྨྲིག་གྱོན་པའི་བར་ཆད་བྱེད་པ་ ལས་རྣམ་པ་སྣ་ཚོགས་བྱེད་དུ་འཇུག་ཅིང་འཁོལ་བ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ཡུལ་སྲུང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་དཀོན་མཆོག་གསུམ་ལ་བསམ་པ་དག་ཅིང་དད་པ་མི་ཕྱེད་པ་དག་རྒྱལ་རིགས་གདོལ་པ་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་གདོལ་པ་ཅན་ལ་ཁྲོས་ཏེ་ཞེ་ སྡང་གི་སེམས་བསྐྱེད་པ་ནས་དེ་བཞིན་དུ་རྒྱས་པར་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པ་གདོལ་པ་ཅན་དེ་དག་རིང་པོ་མི་ཐོགས་པར་ལུས་ཀྱི་ཡན་ལག་ཀུན་དུམ་བུར་ཆད་པ་དང་། ཞག་མང་ དུ་ལྕེ་ལྡིབས་པ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་། འཆི་འཕོས་ནས་ཀྱང་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། ། རིགས་ཀྱི་བུ་རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་།
BO
བྲམ་ཟེ་ལ་སོགས་པ་འདི་དག་སྡིག་པའི་འཁོར་ལོ་རྣམ་པ་བཅུ་པོ་གསུངས་པ་འདི་ལས་འགའ་ཞིག་དང་ལྡན་ན་ཡང་དགེ་བའི་རྩ་བ་སྔར་བསགས་པ་ཐམས་ཅད་ཐལ་བ་བཞིན་དུ་ཚིག་སྟེ་མེད་པར་འགྱུར་ལ། རིང་པོར་མི་ཐོགས་པར་ལུས་ཀྱི་ཡན་ལག་དུམ་ བུར་ཆད་པ་དང་། ཞག་མང་དུ་ལྕེ་ལྡིབས་པ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་། ཤི་ནས་ཀྱང་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། ། རྒྱལ་རིགས་གདོལ་པ་ཅན་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པ་གདོལ་པ་ཅན་འདི་དག་མ་འོངས་པའི་དུས་ན་མི་མ་རབས་ཐ་མའི་ལུས་ཀྱང་འཐོབ་པར་དཀའ་ན་ཐེག་པ་རྣམ་པ་གཉིས་ཀྱི་བྱང་ཆུབ་བམ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལྟ་ཅི་སྨོས་ཏེ་སྐལ་བ་མེད་པ་མེད་དོ། ། སྡིག་པ་ཅན་དེ་ཐེག་པ་ཆེན་པོའི་མིང་ཡང་ཐོས་པར་ དཀའ་ན་བླ་ན་མེད་པར་མངོན་པར་འཚང་རྒྱ་བའི་འབྲས་བུ་ཐོབ་པ་ལྟ་ཅི་སྨོས་ཏེ། གང་ཟག་དེ་ནི་ཡུན་དུ་བདག་མ་རུང་ལ་གཞན་ཡང་མ་རུང་བར་བྱས་པས་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བསྐྱབ་མི་སྤྱོད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ།
BO
འབྲུའི་མར་འཚིར་བའི་ལས་བྱེད་པ་ནི་འབྲུ་རེ་རེ་ལས་སྲིན་བུ་རེ་རེར་ གྱུར་ཏེ་བཙིར་ནས་མར་འབྱུང་ངོ་། ། ཁྱོད་ལྟོས་ཤིག་མར་འཚིར་བའི་ལས་བྱེད་པ་དེ་ཉིན་གཅིག་ལ་སེམས་ཅན་ཇི་སྙེད་ཅིག་གསོད་པར་འགྱུར། གལ་ཏེ་འབྲུ་མར་འཚིར་བ་དེ་མར་འཚིར་བའི་གནས་རྣམ་པ་བཅུ་བཅས་ནས་ཉིན་ཞག་གཅིག་ལ་གནས་དེ་རེ་རེར་ཡང་འབྲུ་ཁལ་སྟོང་སྟོང་རྒྱུན་མི་ འཆད་པར་ལོ་སྟོང་ཚང་བར་འཚིར་ན་གང་ཟག་དེས་སྲོག་གཅོད་པའི་ཁ་ན་མ་ཐོ་བའི་ལས་རབ་ཏུ་མང་བ་ཡིན་ནམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་གསོལ་པ། རབ་ཏུ་མང་ངོ་། ། བཅོམ་ལྡན་འདས་རབ་ཏུ་མང་ངོ་། ། བདེ་བར་གཤེགས་པ་གང་ཟག་དེས་ སྲོག་གཅོད་པ་ཡང་ཚད་མ་མཆིས། དཔག་ཏུ་མ་མཆིས་ལ་ཁ་ན་མ་ཐོ་བའི་ལས་ཀྱང་གཞལ་བར་རམ། རྩི་བར་རམ། བགྲང་བར་རམ། དཔེར་ཡང་མི་བཟོད་དེ། དེ་བཞིན་གཤེགས་པ་ཉག་གཅིག་གིས་མཁྱེན་གྱི་གཞན་གྱིས་འཚལ་བ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། གལ་ཏེ་མི་ལ་ལ་ཞིག་གིས་ནོར་དང་ཁེའི་ཕྱིར་སྨད་འཚོང་མའི་གནས་རྣམ་པ་བཅུ་བཅས་ཏེ།
BO
གནས་དེ་གཅིག་ཏུ་ཡང་བུད་མེད་སྨད་འཚོང་མ་སྟོང་སྟོང་བཞག་ནས་བུ་ད་མེད་དེ་དག་སོ་སོ་ནས་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཏེ། སྐྱེ་བོ་བསླུས་ ནས་འདོད་ཆགས་ཀྱི་ལས་རྒྱུན་མི་འཆད་པར་ལོ་སྟོང་གི་བར་དུ་བྱེད་དུ་བཅུག་ན། གང་ཟག་དེའི་ཁ་ན་མ་ཐོ་བའི་སྡིག་པ་ཡང་གཞལ་དུ་མེད་དེ། བརྩི་བས་སམ། བགྲང་བས་སམ། དཔེར་ཡང་མི་བཟོད་དོ། ། འབྲུ་མར་འཚིར་བའི་གནས་བཅུ་པོའི་སྡིག་པ་དེ་ནི་སྨད་འཚོང་མའི་གནས་ གཅིག་བཅས་པའི་སྡིག་དང་མཉམ་མོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། གང་ཟག་གང་ལ་ལ་ཞིག་ནོར་དང་ཁེའི་ཕྱིར་ཆང་འཚོང་བའི་གནས་བཅུ་བཅས་ཏེ། གནས་དེ་སོ་སོར་རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱིས་ཤིན་ཏུ་བརྒྱན་ནས་གནས་དེ་རེ་རེར་ཡང་ཐབས་རྣམ་པ་སྣ་ཚོགས་ཀྱིས་ཆང་དད་ ཆེ་བའི་མི་སྟོང་སྟོང་བྲིད་དེ་ཆང་བླུད་ནས་ཉིན་མཚན་དུ་རྒྱུན་མི་འཆད་པར་ལོ་སྟོང་གི་བར་དུ་རྩེ་ན། གང་ཟག་དེའི་སྡིག་པ་ཡང་དཔག་ཏུ་མེད་དེ། བརྩི་བས་སམ། བགྲང་བས་སམ། དཔེར་ཡང་མི་བཟོད་དོ། ། གོང་དུ་བཤད་པའི་སྨད་འཚོང་མའི་གནས་བཅུ་པོའི་སྡིག་པ་དེ་ཆང་འཚོང་བའི་གནས་ བཅས་པའི་སྡིག་གཅིག་དང་མཉམ་མོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ།
BO
གང་ཟག་ལ་ལ་ཞིག་ནོར་དང་ཁེའི་ཕྱིར་ཤན་པའི་གནས་རྣམ་པ་བཅུ་བཅས་ཏེ། གནས་དེ་རེ་རེར་ཡང་ཉིན་ཞག་གཅིག་ལ་བལ་གླང་དང་། ལུག་དང་། རྔ་མོ་དང་། ཤ་བ་དང་། བྱ་དང་། ཕག་སྟོང་ སྟོང་རྒྱུན་མི་འཆད་པར་ལོ་སྟོང་གི་བར་དུ་བསད་ན་གང་ཟག་དེའི་ཁ་ན་མ་ཐོ་བའི་སྡིག་ཀྱང་གཞལ་དུ་མེད་དེ། བརྩི་བས་སམ། བགྲང་བས་སམ། དཔེར་ཡང་མི་བཟོད་དོ། ། དེ་ལྟར་སྔར་བཤད་པའི་ཆང་འཚོང་བའི་གནས་བཅུ་པོའི་སྡིག་པ་དེ་ཤན་པའི་གནས་གཅིག་བཅས་ པའི་སྡིག་དང་མཉམ་མོ། ། འདི་ལྟར་ཤན་པའི་གནས་བཅུ་པོའི་སྡིག་དེ་རྒྱལ་རིགས་གདོལ་པ་ཅན་ནས། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པའི་གདོལ་པ་ཅན་དེ་དག་སྡིག་པའི་འཁོར་ལོ་བཅུ་པོ་ལས་འགའ་ཞིག་དང་ལྡན་ན་ཉིན་ཞག་གཅིག་གི་ཁ་ན་མ་ཐོ་བའི་སྡིག་ཀྱང་སྔ་མ་དང་མཉམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། མར་འཚིར་གནས་སྡིག་བཅུ་པོ་དག ། སྨད་འཚོང་གནས་སྡིག་གཅིག་དང་མཉམ། ། སྨད་འཚོང་གནས་སྡིག་བཅུ་པོ་དག ། ཆང་འཚོང་གནས་སྡིག་གཅིག་དང་མཉམ། ། ཆང་འཚོང་གནས་ནི་བཅུ་པོ་དག ། ཤན་པའི་གནས་སྡིག་གཅིག་དང་མཉམ། ། ཤན་པའི་གནས་ནི་བཅུ་བཅས་པས། ། རྒྱལ་པོ་གདོལ་ཅན་སྡིག་གཅིག་མཉམ། ། ། ། བམ་པོ་ལྔ་པ།
BO
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་རྒྱལ་རིགས་དགེ་བའམ། བློན་པོ་དགེ་བ་དང་། ཁྱིམ་བདག་དགེ་བ་དང་། ཚོང་དཔོན་དགེ་བ་དང་། དགེ་སྦྱོང་དགེ་བ་དང་། བྲམ་ཟེ་དགེ་བ་དག་བདག་ཤིན་ཏུ་སྐྱོང་ཞིང་གཞན་དག་ཀྱང་ཤིན་ཏུ་སྐྱོང་ལ། འཇིག་རྟེན་ཕྱི་མས་ཀྱང་འཛེམ་པ། སངས་ རྒྱས་ཀྱི་བསྟན་པ་ལ་གནས་པ། རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དུ་གྱུར་པའམ། ཆོས་ཀྱི་སྣོད་དུ་མ་གྱུར་པའམ། ཆུང་ངུ་ན་ཚུལ་ཁྲིམས་མ་མཆིས་པའང་རུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་འཚལ་བ་ལ་ཤིན་ཏུ་བསྟི་སྟང་དང་བཅས་ཏེ་རིམ་གྲོ་དང་མཆོད་པ་བགྱིད་དོ། ། གཞན་ཡང་ ཉན་ཐོས་ཀྱི་ཐེག་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་དང་། ཐེག་པ་ཆེན་པོའི་ཆོས་ལ་བསྟི་སྟང་དང་བཅས་པས་མཆོད་པ་ཉན་པ་དང་བ་གཟུངས་སུ་འཛིན་པ་མཆོད་པ་བྱེད་པ་ཐེག་པ་ཆེན་པོ་ལ་གནས་ཤིང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ། བརྩོན་འགྲུས་ རྩོམ་ཞིང་ནན་ཏན་དུ་བགྱིད་པ་ནས་འབྲས་བུ་ལ་གནས་པའི་བར་གྱི་གང་ཟག་རྗེས་སུ་སྲུང་ཞིང་མཐུ་སྟོབས་བསྟང་བ་དང་། ཞུ་ཞིང་འདྲི་བ་དང་།
BO
ཉན་ཅིང་འཛིན་པ་དང་། དགའ་བཞིན་དུ་གཏམ་ཟེར་ཞིང་གླེང་བ་དང་། ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་རིང་དུ་སྤོང་བ་དང་། ཕྱོགས་བཞིའི་དགེ་འདུན་གྱི་ནོར་ལ་ཕ་རོལ་པོ་གཞན་ཆུད་གཟོན་དུ་མི་གཞུག་ཅིང་ཤིན་ཏུ་སྲུང་བ་དང་། ཕྱོགས་བཞིའི་དགེ་འདུན་གྱི་ནོར་དང་། མཆོད་རྟེན་གྱི་ནོར་ལ་བདག་ཀྱང་མི་རྐུ། གཞན་ཡང་རྐུར་མི་འཛུད་པ་དང་། བདག་མི་སྤྱོད། གཞན་ཡང་སྤྱོད་དུ་མི་འཛུད་པ་དང་། ཐེག་ པ་རྣམ་གསུམ་གྱི་ཆོས་སྨྲ་བ་ལ་བསྟི་སྟང་དང་བཅས་པས་མཆོད་ཅིང་མཐུས་བསྟང་བ་དང་། ཕ་རོལ་པོ་གཞན་དག་འཕྱ་ཞིང་སྐུར་པ་དང་སྨོད་དུ་མི་འཛུད་པ་དང་། དེ་ལ་རིམ་གྲོ་བགྱིད་ཅིང་སྤྲོ་བ་སྐྱེད་པ་དང་། གང་རབ་ཏུ་བྱུང་བ་དག་དང་། སངས་རྒྱས་ཀྱི་བསྟན་པའི་ཆོས་ལ་དད་པས་ སྲུང་ཞིང་རྗེས་སུ་འཛིན་པ་དང་། མཆོད་རྟེན་མི་འཇིག་པ་དང་། དགེ་འདུན་གྱི་གནས་དང་། གཙུག་ལག་ཁང་ཡང་ཤིན་ཏུ་སྲུང་བ་དང་། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་པའི་རབ་ཏུ་བྱུང་བའི་གང་ཟག་ལ་མི་བརྙས་མི་སྨོད་པ་དང་། སྡིག་པའི་འཁོར་ལོ་རྣམ་པ་བཅུ་ལ་བདག་ མི་སྤྱོད།
BO
ཕ་རོལ་པོ་གཞན་སྡིག་པའི་འཁོར་ལོ་བཅུ་ལས་རིང་དུ་གྱུར་ཅིང་རྒྱལ་པོ་སྔ་མའི་ཆོས་དང་ལུགས་ཀྱིས་རྒྱལ་པོའི་སྲིད་འཚོ་བ་དང་། དཀོན་མཆོག་གསུམ་གྱི་གདུང་འཚོབ་ཅིང་དད་ཅིང་རྒྱས་པར་བྱེད་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་ལ་སྟེན་ཅིང་བྱམས་པའི་སེམས་ཀྱིས་མི་ ཡོངས་ལ་སྐྱོང་བ་དང་། ཐམས་ཅད་ལ་ཅི་དང་ཅིས་འདུལ་བ་བཞིན་དུ་དེ་དང་དེའི་ཆོས་ཀྱིས་འདུལ་ཞིང་སྟོན་ཏོ། ། ངན་པར་ལྟ་བ་སྤངས་ནས་ཡང་དག་པའི་ཆོས་ལ་ནན་ཏན་བྱེད་དུ་འཛུད་པའི་རྒྱལ་རིགས་དགེ་བ་ནས་བྲམ་ཟེ་དགེ་བའི་བར་དུ་དགེ་བ་དེ་དག་བསོད་ནམས་ཇི་སྙེད་ཅིག་ཐོབ་ཅིང་། སྡིག་ པ་ཇི་སྙེད་ཅིག་འབྱང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་གང་ཟག་མཐུ་ཆེན་པོ་དང་ལྡན་པ་གཅིག་འཇིག་རྟེན་དུ་མངོན་པར་བྱུང་སྟེ། སྔ་དྲོའི་དུས་སུ་ཡང་རིན་པོ་ཆེ་སྣ་བདུན་གྱིས་འཛམ་བུ་གླིང་ཡོངས་སུ་བཀང་ནས་སངས་རྒྱས་དང་དགེ་འདུན་ལ་ འབུལ་བ་དང་། ཉི་མའི་གུང་ལ་ཡང་རིན་པོ་ཆེ་སྣ་བདུན་གྱིས་འཛམ་བུའི་གླིང་ཡོངས་སུ་བཀང་སྟེ་སངས་རྒྱས་དང་དགེ་འདུན་ལ་འབུལ་བ་དང་།
BO
ཕྱི་དྲོའི་དུས་སུ་ཡང་རིན་པོ་ཆེ་སྣ་བདུན་གྱིས་འཛམ་བུའི་གླིང་ཡོངས་སུ་བཀང་སྟེ་སངས་རྒྱས་དང་དགེ་འདུན་ལ་འབུལ་ བ་དང་། དེ་བཞིན་དུ་ཉིན་རེ་རེར་ཡང་རྒྱུན་མི་འཆད་པར་ལོ་བརྒྱ་སྟོང་གི་བར་དུ་སྦྱིན་པ་བྱིན་ན་གང་ཟག་དེའི་བསོད་ནམས་ཀྱི་ཚོགས་དེ་མང་བ་ཡིན་ནམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་གསོལ་པ། ཤིན་ཏུ་མང་ངོ་། ། བཅོམ་ལྡན་འདས་ཤིན་ཏུ་མང་ངོ་། ། བདེ་བར་གཤེགས་པ་གང་ཟག་དེའི་བསོད་ནམས་ཀྱི་ཚོགས་ནི་ཚད་མ་མཆིས། དཔག་ཏུ་མ་མཆིས་ཏེ། བརྗོད་པའམ། བརྩི་བའམ། བགྲང་བའམ། དཔེར་ཡང་མི་བཟོད་དེ། སངས་རྒྱས་ཉག་གཅིག་གིས་མཁྱེན་གྱི་གཞན་གྱིས་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྨྲས་པ་དེ་བཞིན་ནོ། ། གལ་ཏེ་རྒྱལ་རིགས་དགེ་བ་ནས་བྲམ་ཟེ་དགེ་བའི་བར་དུ་གང་ཞིག་སྡིག་པའི་འཁོར་ལོ་རྣམ་པ་བཅུ་པོ་བདག་ཀྱང་མི་སྤྱོད་ལ་ཕ་རོལ་པོ་གཞན་སྤྱོད་པ་དག་སྡིག་པའི་འཁོར་ལོ་བཅུ་སྤོང་ བར་ཡང་གཞན་ལ་སྟོན་པའི་བསོད་ནམས་ཀྱི་ཕུང་པོ་ནི་བསོད་ནམས་ཀྱི་ཕུང་པོ་སྔ་མ་བས་ཚད་མེད། དཔག་ཏུ་མེད། བརྗོད་པར་རམ། བརྩི་བས་སམ།
BO
བགྲང་བས་སམ། དཔེར་ཡང་མི་བཟོད་པར་ཆེའོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། གང་ཟག་མཐུ་ཆེན་པོ་དང་ ལྡན་པ་གཅིག་འཇིག་རྟེན་དུ་མངོན་པར་བྱུང་སྟེ་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་དང་། གནས་ཁང་ཤིན་ཏུ་བཟང་ཞིང་ཡངས་པ་གླིང་བཞི་དང་མཉམ་པ་བརྩིགས་ནས་གནས་དེ་དག་ཀུན་ཏུ་ཁྲི་སྟན་དང་། ན་བཟའ་དང་། བསོད་སྙོམས་དང་། སྙུན་གྱི་རྐྱེན་སྨན་དང་། འཚོ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པར་བཤམས་ཏེ་དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཉེ་གནས་ཆེན་པོའི་འཁོར་ཐམས་ཅད་དེ་ན་བཞུགས་པ་ལ། བརྩོན་འགྲུས་སུ་དགེ་བའི་ཕྱོགས་རྣམ་པ་སྣ་ཚོགས་ལ་ནན་ཏན་བྱེད་ཅིང་ཉིན་མཚན་ལེ་ལོ་མེད་པར་ ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་མཆོད་པ་དང་བསྙེན་བཀུར་རྒྱུན་མི་འཆད་པར་བྱེད་ན། གང་ཟག་དེའི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་བ་ཡིན་ནམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་གསོལ་པ། ཤིན་ཏུ་མང་ངོ་། ། བཅོམ་ལྡན་འདས་ཤིན་ཏུ་མང་ ངོ་། ། བདེ་བར་གཤེགས་པ་གང་ཟག་དེའི་བསོད་ནམས་ཀྱི་ཕུང་པོ་ནི་ཚད་མ་མཆིས། དཔག་ཏུ་མ་མཆིས་ཏེ། བརྗོད་པར་རམ། བརྩི་བས་སམ། བགྲང་བས་སམ།
BO
དཔེར་ཡང་མི་བཟོད་དེ། སངས་རྒྱས་ཉག་གཅིག་གིས་ནི་མཁྱེན་གྱི་གཞན་གྱིས་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྨྲས་པ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་གང་ཟག་མཐུ་ཆེན་པོ་དང་ལྡན་པ་གཅིག་འཇིག་རྟེན་དུ་མངོན་པར་བྱུང་སྟེ་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་དང་གནས་ ཁང་ཤིན་ཏུ་བཟང་ལ་ཡངས་པ། གླིང་བཞི་པ་བཅུ་དང་མཉམ་པ་བརྩིགས་ཏེ། གནས་དེ་དག་ཀུན་ཏུ་ཁྲི་སྟན་དང་། ན་བཟའ་དང་། བསོད་སྙོམས་དང་། གསོས་སྨན་དང་། འཚོ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པར་བཤམས་ཏེ་དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོའི་ཉེ་གནས་ཐམས་ཅད་དེ་ན་བཞུགས་པ་ལ་བརྩོན་འགྲུས་སུ་དགེ་བའི་ཕྱོགས་རྣམ་པ་སྣ་ཚོགས་ལ་ནན་ཏན་བྱེད་ཅིང་ཉིན་མཚན་ལེ་ལོ་མེད་པར་ལོ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་གི་བར་དུ་མཆོད་པ་དང་། བསྙེན་བཀུར་རྒྱུན་མི་འཆད་པར་བྱེད་ན། གང་ཟག་ དེའི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་བ་ཡིན་ནམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་གསོལ་པ། ཤིན་ཏུ་མང་ངོ་། ། བཅོམ་ལྡན་འདས་ཤིན་ཏུ་མང་ངོ་། །
BO
བདེ་བར་གཤེགས་པ་གང་ཟག་དེའི་བསོད་ནམས་ཀྱི་ཕུང་པོ་ནི་ཚད་མ་མཆིས། དཔག་ཏུ་མ་མཆིས་ ཏེ། བརྗོད་པར་རམ། བརྩི་བས་སམ། བགྲང་བས་སམ། དཔེར་ཡང་མི་བཟོད་དེ། སངས་རྒྱས་ཉག་གཅིག་གིས་མཁྱེན་གྱི་གཞན་གྱིས་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་སྨྲས་པ་ བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། གང་ཟག་མཐུ་ཆེན་པོ་དང་ལྡན་པ་གཅིག་འཇིག་རྟེན་དུ་མངོན་པར་བྱུང་སྟེ། སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་ཤིན་ཏུ་མཛེས་པ། མཐོ་ཞིང་ཡངས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ དང་མཉམ་པ་བརྩིགས་ལ་སྔར་བཤད་པ་བཞིན་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་དང་། གནས་ཁང་བརྩིགས་པའི་བསོད་ནམས་ཀྱི་ཕུང་པོ་བས་སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩིགས་པའི་བསོད་ནམས་ཀྱི་ཕུང་པོ་ཆེ་སྟེ། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ ནས་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། ། བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། ། བྱེ་བའི་ཆར་ཡང་ཉེ་བར་མི་འགྲོའོ། ། ཁྲག་ཁྲིག་གི་ཆར་ཡང་ཉེ་བར་མི་འགྲོའོ། །
BO
གྲངས་ཀྱི་ཆར་རམ། རྩིས་ཀྱི་ཆར་རམ། དཔག་པའི་ཆར་རམ། དཔེའི་ཆར་རམ། རྒྱུའི་ཆར་ཡང་ཉེ་བར་མི་འགྲོའོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། རྣམ་པར་གྲོལ་བ་བརྒྱད་དང་ལྡན་པ་བསམ་གཏན་ལ་སྙོམས་པར་ཞུགས་པའི་དགྲ་བཅོམ་པ་ཆེན་པོ་ཤ་སྟག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཡོངས་སུ་གང་བ་ནི་འདི་ལྟ་སྟེ། འབྲས་ཀྱི་ལྗང་ བུའམ། ཏིལ་ལམ། འོད་མའམ། འདམ་བུའམ། བུ་རམ་ཤིང་གི་ཚལ་ལྟ་བུར་གྱུར་ལ། དེ་དག་ཐམས་ཅད་བཅིང་བ་ལྔས་བཅིངས་ནས་ལོ་བྱེ་བ་བརྒྱ་སྟོང་སྙེད་ལོན་པ་ལས་མཐུ་ཆེན་པོ་དང་ལྡན་པའི་གང་ཟག་གཅིག་འཇིག་རྟེན་དུ་མངོན་པར་བྱུང་སྟེ། བསོད་ནམས་འདོད་པའི་ཕྱིར་དེ་དག་ གི་བཅིངས་པ་ཐམས་ཅད་བཀྲོལ་ནས་དགྲ་བཅོམ་པ་དེ་དག་ཐམས་ཅད་སྤོས་ཆུས་བཀྲུས་ཏེ། ཆོས་གོས་དང་། ལྷུང་བཟེད་ལོ་བརྒྱ་སྟོང་གི་བར་དུ་ཕུལ་ནས། གནས་ཁང་དང་། ཁྲི་སྟན་དང་། གོས་དང་། བསོད་སྙོམས་དང་། ནད་ཀྱི་གསོས་སྨན་དང་། འཚོ་བའི་ཡོ་བྱད་རྣམ་ པ་སྣ་ཚོགས་ཀྱང་ཡིད་བཞིན་དུ་བྱིན་ལ། དགྲ་བཅོམ་པ་དེ་དག་མྱ་ངན་ལས་འདས་ནས་ཀྱང་མཆོད་པ་བྱས་ཏེ།
BO
བསྲེགས་ནས་དེ་དག་གི་རིང་བསྲེལ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གྱི་ནང་དུ་བཅུག་གོ། ། གཞན་ཡང་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་དང་། སྤོས་དང་། མེ་ཏོག་དང་། རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་བས་སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩིགས་པའི་བསོད་ནམས་ཀྱི་ཕུང་པོ་མང་སྟེ། དགྲ་བཅོམ་པའི་བཅིང་བ་བཀྲོལ་ཏེ་མཆོད་པ་བྱས་པའི་བསོད་ནམས་ཀྱིས། བརྒྱའི་ཆར་ ཡང་ཉེ་བར་མི་འགྲོའོ། ། སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། ། བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། ། བྱེ་བའི་ཆར་ཡང་ཉེ་བར་མི་འགྲོའོ། ། ཁྲག་ཁྲིག་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྩིས་ཀྱི་ཆར་རམ། གྲངས་ཀྱི་ཆར་རམ། དཔག་པའི་ཆར་རམ། དཔེའི་ཆར་རམ། རྒྱུའི་ཆར་ཡང་ཉེ་བར་མི་འགྲོའོ། ། རིགས་ཀྱི་བུ་གལ་ཏེ་རྒྱལ་རིགས་དགེ་བ་ནས་བྲམ་ཟེ་དགེ་བའི་བར་དུ་གང་གིས་སྡིག་པའི་འཁོར་ལོ་བཅུ་པོ་བདག་ཀྱང་མི་བྱེད་ལ། གཞན་དག་ཀྱང་སྡིག་པའི་འཁོར་ལོ་བཅུ་པོ་མ་སྤྱོད་ཅིག་པར་གྲོས་འདེབས་ན་དེའི་བསོད་ནམས་ཀྱི་ཕུང་པོ་ནི། བསོད་ ནམས་ཀྱི་ཕུང་པོ་སྔ་མ་གང་བས་ཀྱང་ཚད་མེད། དཔག་ཏུ་མེད།
BO
བརྗོད་དུ་མེད་པར་ཆེ་སྟེ། ཇི་སྙེད་ཀྱི་བསོད་ནམས་སྐྱེས་པ་དེ་སྙེད་ཀྱི་སྡིག་ཀྱང་ཡོངས་སུ་འབྱང་བར་འགྱུར་རོ། ། རིགས་ཀྱི་བུ་གལ་ཏེ་རྒྱལ་རིགས་དགེ་བའམ། བློན་པོ་དགེ་བའམ། ཁྱིམ་བདག་གམ། ཚོང་དཔོན་ནམ། དགེ་སྦྱོང་ངམ། བྲམ་ཟེ་དགེ་བ་གང་ཞིག་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་ངས་བསྟན་པའི་ཆོས་ཀྱི་མིག་ཤིན་ཏུ་སྲུང་ཞིང་བདག་ཀྱང་ཤིན་ཏུ་སྡོམ་ལ། ཕ་རོལ་པོ་གཞན་ཡང་སྲུང་བ། འཇིག་རྟེན་ཕྱི་མའི་བག་བྱེད་པ་ངའི་བསྟན་པ་ལ་རབ་ཏུ་བྱུང་བའི་སློབ་མ་ ཆོས་ཀྱི་སྣོད་དུ་གྱུར་པའམ་ཆོས་ཀྱི་སྣོད་དུ་མ་གྱུར་པ་ཡང་རུང་། མཐར་ནི་ཚུལ་ཁྲིམས་མེད་པ་ཡང་རུང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ་ལ་ཤིན་ཏུ་བག་བྱེད་ཅིང་བསྟི་སྟང་དང་བཅས་པས་མཆོད་དེ་གནོད་པ་མི་བྱེད་དམ། གཞན་ཡང་ཐེག་པ་གསུམ་གྱི་དམ་པའི་ཆོས་ ཤིན་ཏུ་སྲུང་ཞིང་ཉན་ཏེ་འཛིན་པ་དང་། ཉན་ཐོས་ཀྱི་ཆོས་ལ་བསྟི་སྟང་བྱེད་པ་ན་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་དང་ཐེག་པ་ཆེན་པོའི་ཆོས་ལ་མི་འཕྱ་མི་སྐུར་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། ཐེག་པ་ཆེན་པོ་ལ་ཕྲག་དོག་མི་སྐྱེད་པ་དང་།
BO
རང་སངས་རྒྱས་ཀྱི་ཐེག་པའི་ ཆོས་ལ་རིམ་གྲོ་བྱེད་དེ་ཉན་ཅིང་འཛིན་པ་ན། ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་ཆོས་ལ་མི་འཕྱ་མི་སྐུར། ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་ཕྲག་དོག་མི་སྐྱེད་པ་དང་། ཐེག་པ་ཆེན་པོའི་ཆོས་ལ་རིམ་གྲོ་བྱེད་དེ་ཉན་ཅིང་འཛིན་པ་ན་ཉན་ ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་མི་བརྙས། མི་སྐུར་ཅིང་། ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཕྲག་དོག་མི་སྐྱེད་ལ། ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་མངོན་དུ་མི་བྱེད་དོ། ། ཐེག་པ་ཆེན་པོའི་ཆོས་ ཡང་དག་པ་ཉིད་མངོན་དུ་བྱེད་པ་དང་། ཐེག་པ་ཆེན་པོ་ལ་གནས་པས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། བརྩོན་འགྲུས་རྩོམ་པ་ནས་འབྲས་བུ་ལ་གནས་པའི་བར་དུ་ནན་ཏན་བྱེད་པའི་གང་ཟག་ལ་རྟག་ཏུ་བསྙེན་བཀུར་བྱེད་ཅིང་གཡོག་དང་། མཆོད་པ་དང་། དད་པའི་ སེམས་ཀྱིས་བཀུར་སྟི་བྱེད་དེ་འདྲི་བ་དང་། ཉན་པ་དང་། འཛིན་པར་བྱེད་པ་དང་། ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་དག་རིང་དུ་སྤོང་བ་དང་།
BO
དད་པས་ཕུལ་བའི་ཕྱོགས་བཞིའི་དགེ་འདུན་གྱི་ནོར་ལ་ཆོས་མ་ཡིན་པས་ཆུད་གཟོན་དུ་མི་གཞུག་པ་དང་། ཕྱོགས་ བཞིའི་དགེ་འདུན་གྱི་ནོར་དང་། མཆོད་རྟེན་དང་། དགེ་འདུན་གྱི་ཁུད་པའི་ནོར་ལ་བདག་ཀྱང་ཐུག་ཐུབ་མི་བྱེད་ཅིང་། ཕ་རོལ་པོ་གཞན་ཡང་ཐུག་ཐུབ་ཏུ་སྤྱོད་དུ་མི་འཛུད་པ་དང་། ཐེག་པ་གསུམ་གྱི་ཆོས་སྨྲ་བའི་གང་ཟག་ལ་ཤིན་ཏུ་བསྟི་སྟང་དང་བཅས་པས་མཆོད་ཅིང་མཐུ་བསྟང་ བ་དང་། ཕ་རོལ་པོ་གཞན་དག་འཕྱ་ཞིང་སྐུར་པ་དང་། སྨོད་དུ་མི་གཞུག་པ་དང་། རབ་ཏུ་བྱུང་བའི་གང་ཟག་ལ་ཤིན་ཏུ་དད་པས་སྤྲོ་བ་སྐྱེད་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་འཕགས་པའི་བཀའ་ལ་དད་ཅིང་འཛིན་པ་དང་། མཆོད་རྟེན་མི་འཇིག་པ་དང་། ཕྱོགས་བཅུའི་ དགེ་འདུན་གྱི་གནས་གཙུག་ལག་ཁང་སྐྱོང་བ་དང་། ངའི་བསྟན་པ་ལ་རབ་ཏུ་བྱུང་བའི་སློབ་མ་དག་ལ་དབང་མི་ཟ་ཞིང་ཕྱིར་ཡང་ཁྱིམ་པར་མི་འབེབས་པ་དང་། སྡིག་པའི་འཁོར་ལོ་རྣམ་པ་བཅུ་པོ་དག་ལ་བདག་ཀྱང་མི་སྤྱོད་ཅིང་ཕ་རོལ་པོ་གཞན་ཡང་སྡིག་པའི་འཁོར་ལོ་རྣམ་པ་བཅུ་པོ་ཡོངས་སུ་ སྤོངས་ཤིག་པར་གྲོས་འདེབས་པ་དང་།
BO
རྒྱལ་པོ་སྔ་མའི་ཆོས་ལུགས་དང་སྲིད་ཀྱིས་འཚོ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་འཇིག་རྟེན་མང་པོ་ཡོངས་སུ་སྡུད་ཅིང་སྟོན་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། དཀོན་མཆོག་གསུམ་གྱི་གདུང་འཚོབ་ཅིང་ཤིན་ཏུ་རྒྱས་པར་བྱེད་ པ་དང་། ཆོས་ཀྱི་མིག་ནམ་དུ་ཡང་མི་ནུབ་པར་སྲུང་བའི་རྒྱལ་རིགས་དགེ་བ་ནས་བྲམ་ཟེ་དགེ་བའི་བར་དུ་དེ་དག་དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་ན་དེ་དག་འཚོ་བས་སྤྱོད་པ་ཆུད་ཟ་བར་མི་འགྱུར་བ་དང་། ལྷ་དང་། མི་དང་། གནོད་སྦྱིན་དང་། {ཡི་དགས་,ཡི་དྭགས་}དང་། ལུས་སྲུལ་པོ་ལ་སོགས་པ་ཐམས་ ཅད་ཀྱང་དགའ་སྟེ་བྱམས་པའི་སེམས་ཀྱིས་སྲུང་ཞིང་སྐྱོབ་བོ། ། ཆོས་ཀྱི་སྣོད་དུ་གྱུར་པ་བསོད་ནམས་ཀྱི་ཞིང་ཡང་དག་པ་ཐམས་ཅད་ཀྱང་དགའ་ཞིང་སྙིང་རྗེའི་སེམས་ཀྱིས་སྐྱོབ་ཅིང་རྗེས་སུ་འཛིན་པར་འགྱུར་རོ། ། དེའི་རྒྱུ་དེའི་རྐྱེན་གྱིས་གནས་པའི་ཡུལ་དང་། སྐྱེ་བོ་ཐམས་ཅད་ཀྱང་ཕྱིར་ཞིང་བདེ་ ལ་ཤིན་ཏུ་སྐྱིད་པ་དང་། ཕྱིའི་དགྲས་ཀྱང་གནོད་པ་བྱེད་མ་ནུས་ཤིང་ཐམས་ཅད་བཀའ་ཉན་ཏེ་མ་ཕམ་པར་ངང་འདུ་བ་དང་། དེའི་དབང་གིས་དགེ་བའི་ཕྱོགས་ལ་ཕྱིར་ཞིང་བརྩོན་ཏེ་མི་དགེ་བའི་རྒྱུད་ཡོངས་སུ་སྐེམས་པ་དང་།
BO
ལྷ་དང་མི་ལ་སོགས་པ་ཡོངས་སུ་རྒྱས་ཤིང་ཀུན་ཏུ་སྲུང་བའི་ཕྱིར་ ཚེ་ཤིན་ཏུ་རིང་བར་འགྱུར་བ་དང་། བདག་གི་ཉོན་མོངས་པ་ཡོངས་སུ་འཇོམས་ཤིང་ཕ་རོལ་པོའི་ཉོན་མོངས་པ་ཡང་འཇིལ་བར་བྱེད་པ། བྱང་ཆུབ་སེམས་དཔའི་ལམ་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་བཟུང་བས་ལོག་པར་ལྟ་བའི་ལམ་ངན་པ་ཐམས་ཅད་ཡོངས་སུ་བཅོམ་པས་འཁོར་བའི་རྒྱ་མཚོར་ ཡུན་རིང་པོར་འཁོར་བ་ལས་ལྡོག་པ། སྡིག་པའི་བཤེས་གཉེན་སྤོང་ཞིང་དགེ་བའི་བཤེས་གཉེན་ལ་རྟག་ཏུ་སྟེན་པ་དང་། གང་ནས་གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་ཕྲད་ཅིང་བསྙེན་བཀུར་བ་དང་། མཆོད་པ་རྒྱུན་མི་འཆད་པར་བྱེད་པར་འགྱུར་ བ་དང་། རིང་པོ་མི་ཐོགས་པར་བསམས་བཞིན་དུ་གང་ནས་གང་དུ་དགའ་བའི་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །
BO
དེ་ནས་དེའི་ཚེ་འཁོར་དེའི་ནང་ནས་ལྷའི་དབང་པོ་འཁོར་དང་བཅས་པ་ཐམས་ ཅད་ནས་ཤ་ཟའི་དབང་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱི་བར་དུ་འདུག་པ་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཐལ་མོ་སྦྱར་ནས་བསྟི་སྟང་དང་བཅས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ མ་མཆིས་པའི་དུས་ལྔ་བརྒྱའི་ཐ་མ་ལ་སངས་རྒྱས་ཀྱི་ཞིང་འདིར་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་ཏུ་ཉེ་བ་ན། གལ་ཏེ་རྒྱལ་རིགས་དགེ་བ་ནས་བྲམ་ཟེ་དགེ་བའི་བར་དུ་གང་སྡིག་པའི་འཁོར་ལོ་བཅུ་པོ་བདག་ཀྱང་ཡོངས་སུ་སྤངས་ལ་གཞན་ཡང་ཡོངས་སུ་སྤོངས་ཤིག་པར་གྲོས་འདེབས་པ་ དང་། བདག་དང་གཞན་སྲུང་བ་ལ་མཁས་པ། འཇིག་རྟེན་སླད་མའི་བག་བགྱིད་པ་ལ་མཁས་པ། དམ་པའི་ཆོས་སྲུང་བ། དཀོན་མཆོག་གསུམ་གྱི་གདུང་འཚོབ་ཅིང་རྒྱུན་མི་འཆད་པར་རྒྱས་པར་བགྱིད་པ་ནས། མདོར་ན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གང་ཟག་དེ་དག་ ལ་སོགས་པ་ཐེག་པ་གསུམ་གྱི་ཆོས་ལ་བསྟི་སྟང་དང་བཅས་པས་ཉན་ཅིང་འཛིན་ཏེ། ནམ་དུ་ཡང་མི་འཆབ་པ་དང་། ཐེག་པ་གསུམ་ལ་གནས་པའི་གང་ཟག་ལ་ཤིན་ཏུ་སྲུང་ཞིང་མཆོད་པ་བགྱིད་དེ་གནོད་པ་མི་བགྱིད་པ་དང་།
BO
དཀོན་མཆོག་གསུམ་གྱི་ནོར་རྫས་ལ་ཤིན་ཏུ་སྲུང་ཞིང་གོད་ པར་མི་བགྱིད་པའི་རྒྱལ་རིགས་དགེ་བ་ནས་བྲམ་ཟེ་དགེ་བའི་བར་དུ་དེ་དག་ལ་བདག་ཅག་འཁོར་དང་བཅས་པས་བསྲུང་བ་དང་། བསྐྱབ་པ་དང་། ཆོས་རྣམ་པ་འདི་བཅུ་ཡང་སྐྱེ་ཞིང་འཕེལ་བར་བགྱིའོ། ། བཅུ་གང་ཞེ་ན་ཚེ་རིང་བར་འགྱུར་བ་དང་། བགེགས་མེད་པ་སྐྱེ་ཞིང་འཕེལ་བ་དང་། ནད་མེད་པ་སྐྱེ་ཞིང་འཕེལ་བ་དང་། འཁོར་སྐྱེ་ཞིང་འཕེལ་བ་དང་། ནོར་དང་རིན་པོ་ཆེ་སྐྱེ་ཞིང་འཕེལ་བ་དང་། འཚོ་བའི་ཡོ་བྱད་སྐྱེ་ཞིང་འཕེལ་བ་དང་། གོ་འཕང་སྐྱེ་ཞིང་འཕེལ་བ་དང་། གྲགས་པ་སྐྱེ་ཞིང་འཕེལ་བ་དང་། དགེ་བའི་གྲོགས་པོ་སྐྱེ་ཞིང་འཕེལ་བ་དང་། ཤེས་རབ་ སྐྱེ་ཞིང་འཕེལ་བ་སྟེ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་རྒྱལ་རིགས་དགེ་བ་དང་བྲམ་ཟེ་དགེ་བའི་བར་དུ་སྡིག་པའི་འཁོར་ལོ་རྣམ་པ་བཅུ་པོ་ཡོངས་སུ་སྤོང་ཞིང་ཕ་རོལ་པོ་གཞན་ཡང་སྤོང་བར་གྲོས་འདེབས་ལ། ཡོན་ཏན་སྔར་སྨོས་པ་དང་ལྡན་ན་བདག་ཀྱང་སྲུང་ཞིང་སྐྱོབ་པ་དང་ཆོས་ རྣམ་པ་བཅུ་པོ་ཡང་སྐྱེ་ཞིང་འཕེལ་བར་འགྱུར་རོ། ། བཅོམ་ལྡན་འདས་གཞན་ཡང་རྒྱལ་རིགས་དགེ་བ་དང་།
BO
བྲམ་ཟེ་དགེ་བའི་བར་དུ་གང་སྔར་སྨོས་པའི་ཡོན་ཏན་དེ་དག་དང་ལྡན་ན་བདག་ཅག་འཁོར་དང་བཅས་པས་དེ་ལ་བསྲུང་ཞིང་བསྐྱབ་པ་དང་། ཆོས་རྣམ་པ་བཅུ་པོ་འདི་དང་ཡོངས་ སུ་བྲལ་བར་བགྱིའོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ་དགྲ་ཞེ་འགྲས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། ཡིད་དུ་མི་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཡུལ་དང་ཡོངས་སུ་བྲལ་བ་དང་། རིམས་དང་ནད་ཐམས་ཅད་དང་ཡོངས་སུ་བྲལ་ བ་དང་། ལོག་པར་འཛིན་ཅིང་ངན་པར་ལྟ་བ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། ལོག་པ་ལ་སྐྱབས་སུ་འགྲོ་བ་དང་ཡོངས་སུ་བྲལ་བ་དང་། ལོག་པའི་ལྟས་ངན་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། ལོག་པའི་ལས་ངན་པའི་དངོས་པོ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། ལོག་པའི་བཤེས་གཉེན་ངན་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། ཁྱིམ་ན་གནས་པའི་འདམ་རྫབ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། དུས་མ་ཡིན་པར་བློ་བུར་དུ་འཆི་བ་ཐམས་ཅད་དང་ཡོངས་སུ་བྲལ་བ་སྟེ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཤིན་ཏུ་དགེ་བའི་རྒྱལ་ རིགས་ནས་བྲམ་ཟེ་དགེ་བའི་བར་དུ་གང་ཞིག་ཡོན་ཏན་སྔར་གསུངས་པ་རྣམས་དང་ལྡན་ན་བདག་ཅག་འཁོར་དང་བཅས་ཏེ་དེ་ལ་སྲུང་ཞིང་སྐྱོབ་པ་དང་།
BO
ཡོངས་སུ་བྲལ་བའི་ཆོས་རྣམ་པ་བཅུ་པོ་འདི་ཡང་ཐོབ་པར་བགྱིད་དོ། ། བཅོམ་ལྡན་འདས་གཞན་ཡང་རྒྱལ་རིགས་དགེ་བ་ནས་བྲམ་ ཟེ་དགེ་བའི་བར་དུ་གང་གིས་སྔར་གསུངས་པའི་ཡོན་ཏན་ཡོངས་སུ་རྫོགས་པར་ནན་ཏན་བྱེད་ན་བདག་ཅག་འཁོར་དང་བཅས་ཏེ་བསྲུང་ཞིང་བསྐྱབ་པར་འཚལ་ལོ། ། རྒྱལ་པོ་འཁོར་དང་བཅས་པ་དང་ཡུལ་དེ་ན་གནས་པའི་མི་ཐམས་ཅད་ཀྱང་ཆོས་རྣམ་པ་འདི་བཅུ་དང་ཡོངས་སུ་བྲལ་བར་བགྱིའོ། ། བཅུ་གང་ཞེ་ན། ཡུལ་ཕ་རོལ་གྱི་དགྲ་ཐམས་ཅད་དང་། ཡོངས་སུ་བྲལ་བ་དང་། བདག་གི་ཡུལ་གྱི་དགྲ་ཐམས་ཅད་དང་བྲལ་བ་དང་། བཀྲ་མི་ཤིས་པའི་{ཡི་དགས་,ཡི་དྭགས་}ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། ཐན་པ་དང་ཡོངས་སུ་བྲལ་བ་དང་། གནོད་པར་འགྱུར་བའི་ཆར་ཆུ་ དང་ཡོངས་སུ་བྲལ་བ་དང་། དུས་མ་ལགས་པའི་ཚ་བ་དང་། གྲང་བ་དང་། རླུང་དང་། ཆར་དྲག་པོ་དང་། སད་དང་། སེར་བ་གནོད་པར་འགྱུར་བ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། གཟའ་དང་ལྟས་ངན་དུ་གྱུར་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། མུ་གེའི་ གནོད་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་དང་། དུས་མ་ཡིན་པར་ནད་ཀྱིས་འཆི་བར་འགྱུར་བ་དང་ཡོངས་སུ་བྲལ་བ་དང་། ལོག་པར་འཛིན་ཅིང་ངན་པར་ལྟ་བ་ཐམས་ཅད་དང་ཡོངས་སུ་བྲལ་བ་སྟེ།
BO
བཙུན་པ་བཅོམ་ལྡན་འདས་གལ་ཏེ་རྒྱལ་རིགས་དགེ་བའི་རྒྱལ་པོས་ཡོན་ཏན་སྔར་གསུངས་ པ་དེ་དག་ཀུན་ལ་ནན་ཏན་བགྱིད་ཅིང་ཡོངས་སུ་རྫོགས་པར་བྱེད་ན་བདག་ཅག་འཁོར་དང་བཅས་པས་བསྲུང་ཞིང་བསྐྱབ་པར་འཚལ་ལོ། ། རྒྱལ་པོ་འཁོར་དང་བཅས་པ་དང་། ཡུལ་དེ་ན་གནས་པའི་མི་ཐམས་ཅད་ཀྱང་ཡོངས་སུ་བྲལ་བའི་ཆོས་བཅུ་པོ་འདི་དག་ཐོབ་པར་བགྱིད་དོ། ། དེ་ནས་ བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་འཁོར་དང་བཅས་པ་ནས་ཤ་ཟའི་དབང་པོའི་བར་དུ་འཁོར་དང་བཅས་པ་ལ་ལེགས་སོ་ལེགས་སོ་ཞེས་བསྟོད་ནས་ཁྱེད་རྣམས་འདི་སྐད་དུ་ཡི་དམ་བཅས་པའི་དངོས་པོ་འདི་དག་ཁྱེད་ཀྱིས་བྱ་བའི་རིགས་པ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ཁྱེད་ལའང་ཡུན་ རིང་པོར་ཕན་པ་དང་བདེ་བའི་དོན་དུ་འགྱུར་རོ། ། དེ་ནས་ཚངས་པ་ཆེན་པོ་ལྷའི་སྙིང་པོས་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། ། མ་མཆིས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་དགེ་བ་ཐམས་ཅད་ཀྱི་སླད་དུ་ཡུལ་སྲུང་བ་ལ་སེམས་ཕྱིར་མི་ལྡོག་པའི་གཟུངས་འདི་ དག་འཕུལ་ལོ། །
BO
ཡུལ་ཡོངས་སུ་བསྲུང་བའི་ཕྱིར་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བའི་གཟུངས་སྔགས་ཆེན་པོའི་ཚིག་འདིའི་གཟི་བརྗིད་དང་མཐུས་མ་མཆིས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་དགེ་བའི་རྒྱལ་པོ་ཐམས་ཅད་ལ་ཕས་རྒོལ་བའི་དགྲ་ཐམས་ཅད་ཀྱིས་མི་ཚུགས་ པ་དང་། ཕས་རྒོལ་བའི་དགྲ་ཐམས་ཅད་ཞི་ཞིང་རང་ལྡོག་པར་འགྱུར་བ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་ཤིན་ཏུ་སྡོམ་པ་དང་། མཁས་པ་རྣམས་ཀྱིས་བསྔགས་ཤིང་བསྟོད་པ་དང་། སྡིག་པའི་ཆོས་ཡོངས་སུ་སྤོང་ཞིང་དགེ་བའི་ཆོས་ལ་རྟག་ཏུ་ནན་ཏན་བགྱིད་པ་དང་། ངན་པར་ ལྟ་བ་དང་། ངན་པར་ཕྱོགས་པ་རྟག་ཏུ་སྤོང་ཞིང་ཐེག་པ་ཆེན་པོ་ལ་ཤིན་ཏུ་འབད་པའི་བརྩོན་འགྲུས་བརྟན་པས་ནན་ཏན་བགྱིད་པ་དང་། སྣོད་དུ་གྱུར་པའི་སེམས་ཅན་ཚད་མེད་གྲངས་མེད་པ་ཡོངས་སུ་སྨིན་པར་བགྱིད་པ་དང་། ཤེས་པ་གཞན་གྱི་དྲིང་ལ་མི་འབྲང་བར་མཁས་པའི་རང་བཞིན་ཅན་ དུ་གྱུར་པ་ཕ་རོལ་དུ་ཕྱིན་པ་དྲུག་གི་རིན་པོ་ཆེའི་གཏེར་རྫོགས་པར་ནན་ཏན་བགྱིད་པས་ཁོང་ཁྲོ་བ་དང་། སེར་སྣ་དང་། ཕྲག་དོག་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་ཡོངས་སུ་སྤོང་བ་དང་།
BO
མི་དང་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཀྱིས་བསྟི་སྟང་དང་བཅས་པས་ སྐྱོབ་པར་འགྱུར་བ་དང་བྱ་བ་རྣམས་ལ་བརྗེད་མི་ངས་པ་དང་། བསྡུ་བ་རྣམ་པ་བཞིའི་དངོས་པོ་ལ་དགའ་བས་སེམས་ཅན་མི་གཏོང་བ་དང་། རྟག་ཏུ་ཆོས་ཀྱི་སྣོད་བསོད་ནམས་ཀྱི་ཞིང་དུ་གྱུར་པ་དང་མི་འབྲལ་བར་འགྱུར་རོ། ། ཡང་བཅོམ་ལྡན་འདས་ཀྱིས་ལྷའི་སྙིང་པོ་ལ་བཀའ་ སྩལ་པ། ཁྱོད་ཀྱིས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་པོ་རྒྱལ་རིགས་དགེ་བའི་ཡུལ་བསྲུང་བའི་ཕྱིར་ཕྱིར་མི་ལྡོག་པའི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས་ཆེན་པོའི་ཚིག་སྨྲོས་ཤིག ། ཡུལ་ཡོངས་སུ་བསྲུང་བ་ལ་ཕྱིར་མི་ལྡོག་པའི་འཁོར་ལོའི་སྙིང་པོ་ཞེས་བྱ་ བའི་གཟུངས་ཆེན་པོའི་ཚིག་འདིའི་མཐུ་དང་གཟི་བརྗིད་ཀྱིས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་པོ་རྒྱལ་རིགས་དགེ་བ་ཐམས་ཅད་ལ་ཕས་རྒོལ་བའི་དགྲ་ཐམས་ཅད་ཀྱིས་མི་ཚུགས་པ་ནས་དེ་བཞིན་དུ་རྒྱས་པར་སངས་རྒྱས་དང་སངས་རྒྱས་ཀྱི་འཁོར་གྱི་བར་དུ་ཐམས་ཅད་དང་ མི་འབྲལ་བར་བསྲུང་བར་འགྱུར་བ་སྨྲོས་ཤིག །
BO
དེ་ནས་ཚངས་པ་ཆེན་པོ་ལྷའི་སྙིང་པོས་ཡུལ་ཡོངས་སུ་སྲུང་བ་ལ་ཕྱིར་མི་ལྡོག་པའི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས་ཆེན་པོའི་ཚིག་འདི་དག་སྨྲས་སོ། ། ཏད་ཡ་ཐཱ། མུ་ནི་མོ་རི། མུ་ན་གར་བྷེ། མུ་ནི་ཁི་ལི་དྷ་ཡེ། མུ་ནི་རོ་ག་ བི་ཙ་ལེ། མུ་ནི་ཧ་ལི་ཏེ། མུ་ནི་ག་མེ། ཤུ་ཀླ་པཀྵེ། པཱ་ལ་ལ་པཀྵེ། མྲི་ལ་པཀྵེ། སོའུ་རི་ས་ཀྲི་ཏི། ཏོ་ར་ཎ་ཀྲི་ཙ་ལེ། པ་ཏ་ག་ཤ་ཀྲི་ཏེ། ཀུ་ཀུ་ལ་མྲི་ལེ། ཨ་པཀྵ་ས་ར། ཨོ་ད་ཧ་ཀི་ལི་བ་མུ་ནི་པཱ་ཐ་བ་སྭཱ་ཧཱ། ཚངས་པ་ཆེན་པོ་ལྷའི་སྙིང་པོས་གཟུངས་འདི་དག་སྨྲས་ནས་བཅོམ་ ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཁོར་མང་པོ་དང་བཅས་ཏེ་བདག་གིས་བཤད་པའི་གཟུངས་ཆེན་པོ་འདི་ལ་རྗེས་སུ་ཡི་རང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལེགས་ས་ལེགས་སོ་ཞེས་བཀའ་སྩལ་ཏོ། ། འཁོར་ མང་པོ་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ལེགས་སོ་ཞེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ན་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
BO
རིགས་ཀྱི་བུ་ཁྱོད་ཀྱིས་ཚངས་པ་ཆེན་ པོ་ལྷའི་སྙིང་པོས་ཕུལ་བ་ཡུལ་ཡོངས་སུ་བསྲུང་བ་ལ་ཕྱིར་མི་ལྡོག་པའི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས་ཆེན་པོའི་ཚིག་འདི་དག་གཟུངས་སུ་ཟུང་ཤིག ། མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་དགེ་བའི་རྒྱལ་པོ་ཐམས་ཅད་ལ་ཡང་རྒྱས་པར་སྟོན་ཅིག ། དེའི་ རྒྱུ་དེའི་རྐྱེན་གྱིས་ན་རྒྱལ་རིགས་དགེ་བའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དང་། ཡུལ་དེ་ན་གནས་པའི་མི་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་དུ་འགྱུར་ཏེ། རྟག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཤིན་ཏུ་གྲགས་པ་ཆེ་བ་དང་། གཟི་བརྗིད་ཆེ་བར་འགྱུར་བ་དང་། ངན་པར་ ལྟ་བ་འཇོམས་ཤིང་ཡང་དག་པའི་ལྟ་བ་འཛུགས་པ་དང་། ཆོས་ཀྱི་མིག་སྲུང་ཞིང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོབ་པ་དང་། སེམས་ཅན་ཚད་མེད་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་པ་དང་། ཐེག་པ་ཆེན་པོ་ལ་དད་པ་ཤིན་ཏུ་བརྟན་པ་དང་། ཡུན་རིང་པོ་ནས་ ཕ་རོལ་དུ་ཕྱིན་པ་དྲུག་བསྒོམ་པ་ལ་གནས་ཤིང་སྒྲིབ་པ་ཐམས་ཅད་བཅད་ནས་མྱུར་དུ་མཐའི་གནས་བྱེད་པར་འགྱུར་རོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དེ་ཚེ་ཚངས་ཆེན་ལྷ་ཡི་སྙིང་པོས། ། རྐང་ གཉིས་མཆོག་ལ་འདི་སྐད་ཞུས་སོ། ། དབང་པོ་རྣོ་བའི་སྐྱེ་བོ་དག་ནི། ། ཏིང་འཛིན་སྒོམ་ཞིང་བསོད་ནམས་བྱེད་མོས། ། རྒྱལ་པོ་མཁས་པས་ཆོས་ལུགས་བྱས་པ། ། ཤིན་ཏུ་འཁྱམ་པ་འདེག་ཅིང་བསྒྲལ་ཕྱིར། ། སྤྱོད་པའི་དངོས་པོ་གསུམ་པོ་འདི་ལ། ། གང་དག་ཐེ་ཙོམ་སེལ་ཅིང་མི་ ལྡོག ། བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ། ། གལ་ཏེ་མི་གནས་མི་བྱ་མི་བྱས། ། བློ་གྲོས་ཆེ་ཞིང་ཤེས་རབ་རྣོ་ཡང་། ། མཚམས་མེད་སེམས་ཅན་དམྱལ་བར་ལྟུང་འགྱུར། ། མཁས་པ་མ་ཡིན་ཡང་དག་པ་དག ། སྡིག་པ་བཅུ་ཡི་འཁོར་ལོ་སྤྱོད་མོས། ། དགེ་བའི་ རྩ་བ་ཡོངས་སུ་བཅད་པས། ། མྱུར་དུ་སེམས་ཅན་དམྱལ་བར་ལྟུང་འགྱུར། ། ཏིང་ངེ་འཛིན་ནི་ཉོན་མོངས་ཀུན་གཅོད། ། ཉན་པའི་བསོད་ནམས་ཀྱིས་ནི་མ་ཡིན། ། དེ་བས་མྱ་ངན་འདའ་བར་འདོད་པ། ། རྟག་ཏུ་བསམ་གཏན་ལ་ནི་མཉམ་བཞག ། མཁས་པས་ཤིན་ཏུ་བརྩོན་ འགྲུས་རྩོམ་པ། ། ང་ཡི་ཡང་དག་ཆོས་ནི་སྲུང་འཛིན། ། ངུར་སྨྲིག་གྱོན་ལ་དད་ཅིང་གུས་པས། ། ཉོན་མོངས་རྒྱ་མཚོ་ལས་ནི་གྲོལ་འགྱུར། །
BO
ཤིན་ཏུ་དབེན་པའི་བས་མཐར་གནས་ཏེ། ། མཚམས་མེད་བྱེད་པ་རྣམ་པར་རིང་སྤངས། ། ཚུལ་ཁྲིམས་འཛིན་ཅིང་ཏིང་འཛིན་སྒོམ་ལ། ། དད་པས་སྲིད་པའི་རྒྱ་མཚོར་སྒྲོལ་འགྱུར། ། ཐེག་པ་རྣམ་གསུམ་ཀུན་ལ་དད་པ། ། ང་ཡི་ཡང་དག་ཆོས་ནི་རྒྱས་བྱེད། ། ངུར་སྨྲིག་གྱོན་ལ་མཆོད་པ་བྱས་ན། ། ཡོན་ཏན་རྣམ་པའི་རྒྱ་མཚོར་ངེས་འགྱུར། ། གདུལ་དཀའི་སེམས་ནི་ཤིན་ཏུ་བཏུལ་ཏེ། ། དགེ་སློང་རྣམས་ཀྱི་ཉེས་པ་ མི་གླེང་། ། ཆོག་ཤེས་འཕགས་པའི་རིགས་འཚོ་བ་ནི། ། རྐང་གཉིས་དམ་པའི་མཆོག་ཏུ་ངེས་འགྱུར། ། དགེ་སློང་སྡིག་ཅན་དག་ནི་སྤངས་ཏེ། ། འཕགས་པའི་སྤྱོད་པའི་གནས་ལ་བསྟེན་བྱ། ། དགེ་འདུན་ནོར་ལ་མི་སྤྱོད་མི་ཟ། ། མྱུར་དུ་བྱང་ཆུབ་ཆེན་པོ་འཐོབ་འགྱུར། ། ཁམས་ གསུམ་ཀུན་ན་བདེ་ཞིང་སྐྱིད་པ། ། དེ་ཡང་དཀོན་མཆོག་གསུམ་ལས་བྱུང་བས། ། དེ་བས་བདེ་ཞིང་སྐྱིད་པ་འདོད་པ། ། རྟག་ཏུ་དཀོན་མཆོག་གསུམ་ལ་མཆོད་བྱོས། ། གདོལ་པའི་རྒྱལ་པོ་དག་ལ་སོགས་པ། ། དགེ་སློང་སྡིག་པ་སྤྱོད་པའི་གྲོགས་དག ། དཀོན་མཆོག་གསུམ་ལ་ཉེས་ པ་བསྐྱེད་པས། ། མཚམས་མེད་སེམས་ཅན་དམྱལ་བར་ལྟུང་འགྱུར། ། འབྲུ་མར་འཚིར་བ་བཅུ་ཡི་སྡིག་པ། །
BO
སྨད་འཚོང་གཅིག་གི་སྡིག་དང་དེ་མཉམ། ། སྨད་འཚོང་མ་ནི་བཅུ་ཡི་སྡིག་དང་། ། ཆང་འཚོང་གཅིག་གི་སྡིག་དང་དེ་མཉམ། ། ཆང་འཚོང་གནས་ནི་བཅུ་ཡི་སྡིག་དང་། ། ཤན་པ་གཅིག་གི་སྡིག་དང་དེ་མཉམ། ། ཤན་པའི་གནས་ནི་བཅུ་ཡི་སྡིག་དང་། ། རྒྱལ་པོ་གཅིག་གི་སྡིག་དང་དེ་མཉམ། ། ཡང་དག་དགེ་བའི་རྒྱལ་པོ་དག་ནི། ། ང་ཡི་ཡང་དག་ཆོས་ཀུན་རྒྱས་བྱེད། ། ཐེག་པ་རྣམ་གསུམ་ཀུན་ལ་མཆོད་པས། ། ཡོན་ཏན་རྣམ་པའི་རྒྱ་ མཚོར་དེས་འགྱུར། ། རིན་ཆེན་སྣ་བདུན་འཛམ་གླིང་བཀང་སྟེ། ། སངས་རྒྱས་དགེ་འདུན་རྣམས་ལ་ཕུལ་བའི། ། བསོད་ནམས་ཕུང་པོ་ཐོབ་པ་དེས་ནི། ། སངས་རྒྱས་ཆོས་སྲུང་ཙམ་དུ་མི་ཕོད། ། སངས་རྒྱས་དགེ་འདུན་བཞུགས་པའི་གནས་དག ། གླིང་བཞི་བཅུ་དང་མཉམ་ པར་བྱས་པའི། ། བསོད་ནམས་ཕུང་པོ་ཐོབ་པ་དེས་ཀྱང་། ། སངས་རྒྱས་ཆོས་སྲུང་ཙམ་ནི་མི་ཕོད། ། སངས་རྒྱས་དག་གི་མཆོད་རྟེན་བརྩིགས་པ། ། སྟོང་གསུམ་ཁམས་དང་མཉམ་པ་བྱས་པའི། ། བསོད་ནམས་ཕུང་པོ་ཐོབ་པ་དེས་ཀྱང་། ། སངས་རྒྱས་ཆོས་སྲུང་ཙམ་ནི་མི་ཕོད། ། དགྲ་བཅོམ་པ་ཡི་བཅིངས་པ་བཀྲོལ་ནས། ། མཆོད་པ་རྣམ་པ་སྣ་ཚོགས་ཀུན་པས། ། ཆོས་ཀྱི་བར་ཆད་མ་བྱས་པ་ཡི། །
BO
བསོད་ནམས་དེ་ནི་དེ་བས་མཆོག་འགྱུར། ། བསྐལ་པ་བྱེ་བ་སྟོང་གི་བར་དུ། ། མཁས་པས་ཏིང་འཛིན་བསྒོམས་པ་ཡི་ནི། ། ཁྱད་པར་ཅན་གྱི་བློ་སྐྱེས་གང་བས། ། ཆོས་སྲུང་བ་ཡི་བསོད་ནམས་དེ་ཆེ། ། ཤིན་ཏུ་དགེ་བའི་རྒྱལ་པོ་གང་དག ། སྡིག་པ་བཅུ་ཡི་འཁོར་ལོ་སྤངས་ཏེ། ། ང་ཡི་ཡང་དག་ཆོས་འདི་བསྐྱབས་སམ། ། ངུར་སྨྲིག་གྱོན་པ་དག་ཀྱང་བསྲུངས་ན། ། ངས་གསུངས་པ་ཡི་ཐེག་པ་གསུམ་དང་། ། གང་ཟག་དག་ལ་འཕྱ་སྐུར་མི་བྱེད། ། ཀུན་ ཀྱང་ཉན་ཅིང་མཆོད་པ་བྱེད་ལ། ། ཆོས་སྨྲ་བ་ཡི་སྐྱབས་དང་མགོན་བྱེད། ། དཀོན་མཆོག་གསུམ་ནོར་ཆུད་མི་གཟོན་ཅིང་། ། ཆོས་གོས་གྱོན་པའི་བར་ཆད་མི་བྱེད། ། སྣོད་དང་སྣོད་མ་ཡིན་པ་ཀུན་ལ། ། གུས་ན་དེ་ཡི་བསོད་ནམས་དཔེ་མེད། ། ཇི་ལྟར་ཉི་མ་ལྔ་པོ་ཤར་ན། ། རྒྱ་མཚོ་ཆེན་པོ་ ཀུན་ནི་སྐེམས་ཏེ། ། དེ་བཞིན་ང་ཡི་ཆོས་སྲུང་བ་དེ། ། ཉོན་མོངས་པ་ཡི་རྒྱ་མཚོ་སྐེམས་འགྱུར། ། ཇི་ལྟར་རླུང་གིས་འཇིག་པ་བྱུང་སྟེ། ། རི་རྣམས་ཐམས་ཅད་འཇིག་པ་བཞིན་དུ། ། ང་ཡི་ཆོས་ལ་སྲུང་བ་དེ་ཡང་། ། ཀུན་ནས་ཉོན་མོངས་ཐམས་ཅད་འཇོམས་འགྱུར། ། ཇི་ལྟར་ཆུ་ཡིས་ འཇིག་པ་བྱུང་ཚེ། ། ས་ཆེན་ཆུ་ཡིས་གཡེངས་ཏེ་འཇིག་འགྱུར། །
BO
དེ་བཞིན་ང་ཡི་ཆོས་སྲུང་བ་ཡང་། ། ཡིད་དུ་མི་འོང་འབྲས་བུ་འཇོམས་འགྱུར། ། ཇི་ལྟར་རིན་ཆེན་ཡིད་བཞིན་ནོར་བུས། ། འདོད་པ་ཐམས་ཅད་ཡོངས་སུ་རྫོགས་བྱེད། ། དེ་བཞིན་ཐེག་པ་གསུམ་གྱི་ཆོས་ཀྱང་། ། སེམས་ ཅན་ཀུན་གྱི་སྨོན་པ་རྫོགས་བྱེད། ། གང་གིས་བུམ་པ་བཟང་པོ་རྙེད་ན། ། དབུལ་དང་བྲལ་ཏེ་བདེ་སྐྱིད་ཐོབ་འགྱུར། ། དེ་བཞིན་སངས་རྒྱས་ཆོས་དང་ཕྲད་པ། ། ཐེ་ཙོམ་གཅོད་ཅིང་བྱང་ཆུབ་ཐོས་འགྱུར། ། ཇི་ལྟར་བཅོ་ལྔའི་ཟླ་བ་ཉ་ན། ། འོད་ཀྱིས་ནམ་མཁའ་ཐམས་ཅད་ཀུན་སྣང་། ། དེ་བཞིན་ ཆོས་སྲུང་བ་ཡི་གང་ཟག ། ཤེས་རབ་ཀྱིས་ནི་ཆོས་དབྱིངས་ཀུན་ཁྱབ། ། ཇི་ལྟར་ནམ་མཁའ་ཀུན་ཏུ་མཉམ་ལ། ། རྫས་ཀྱང་མེད་ཅིང་མཚན་མ་མེད་པ། ། དེ་བཞིན་ཆོས་སྲུང་བ་ཡི་གང་ཟག ། ཐམས་ཅད་ཆོས་ནི་རོ་གཅིག་པར་ཤེས། ། ཇི་ལྟར་ཉི་མའི་འོད་ནི་བཀྱེ་བ། ། འཇིག་རྟེན་མུན་ པ་ཐམས་ཅད་ཀུན་སེལ། ། དེ་བཞིན་ཆོས་སྲུང་བ་ཡི་གང་ཟག ། རྟག་ཏུ་འཇིག་རྟེན་ཀུན་ཏུ་བདེ་བྱེད། ། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བ་ལས་གནས་ཤིང་སྤྱད་པར་མི་བྱ་བའི་ལེའུ་སྟེ་གསུམ་མོ། ། ། །
BO
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་འདུག་པ་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས་བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་བ་བཏུད་དེ་ཚིགས་སུ་བཅད་པས་གསོལ་པ། ཚུལ་ཁྲིམས་ཉམས་པས་རྣམ་དག་ཡོན་ཏན་སྟོར་བ་དག ། འཕགས་པའི་སྣོད་མིན་པ་ཡིས་སྲས་མ་ཡིན་ཞེས་གསུངས། ། དགེ་སྦྱོང་ཆོས་ཉིད་སྤངས་ཤིང་ཐལ་བ་འདྲ་བ་དག ། ང་ཡི་རྣམ་དག་འཁོར་འདིར་གནས་པ་མཛེས་པ་མིན། ། དྲི་མ་གསུམ་གྱིས་བསྒོས་ཤིང་འགོག་དང་ལམ་ སྟོར་བའི། ། ཁྱད་པར་ཅན་གྱི་མཆོད་པ་གང་ཡང་དེས་མི་ཞུ། ། ཕྱོགས་བཞིའི་དགེ་འདུན་དབང་བར་བསྔོས་པའི་ནོར་དག་ལ། ། ཆ་ཤས་ཅུང་ཟད་ཙམ་ཡང་སྤྱོད་དུ་ངས་མ་གནང་། ། ཚུལ་ཁྲིམས་རྩ་བ་བཞི་ལས་གཅིག་ཙམ་ཉམས་པ་དག ། དགེ་འདུན་འཁོར་དུ་མི་ཆུད་རྒྱ་མཚོའི་ རོ་དང་མཚུངས། ། ཅི་ཡི་སླད་དུ་དེང་འདིར་དགེ་སློང་སྡིག་ཅན་ལ། ། སྙིང་རྗེས་དང་དུ་བླངས་ཏེ་ཆད་པས་མི་གཅོད་པར། ། ཕྱིར་ཡང་ང་ལ་མཆོད་པ་བྱོས་ཞེས་སྐུལ་མཛད་ཅིང་། ། བརྩེ་ལ་སྙིང་རྗེ་ཅན་གྱིས་ངན་སེམས་ཡོངས་སྤོངས་ལ། །
BO
དེ་ལ་བསྟི་སྟང་བཅས་ཏེ་བསྟན་པའི་ ཆོས་མཉན་ན། ། བསོད་ནམས་ཡེ་ཤེས་ཚོགས་ཐོབ་སྙིང་རྗེ་ཆེན་པོ་ཅན། ། མངོན་ཤེས་འཇིག་རྟེན་སྐྱོང་བས་མདོ་སྡེ་གཞན་དག་ལ། ། ཕྲ་ལ་ཟབ་པར་གྱུར་པའི་ཡང་དག་བྱང་ཆུབ་ལམ། ། ཐེག་པ་ཆེན་པོ་དེ་ལ་ཁྱེད་ཀྱིས་དད་བྱས་ཤིང་། ། ཐེག་པ་གཉིས་ཀྱིས་གྲོལ་བའི་ལམ་དེ་སྤོངས་ ཞེས་གསུངས། ། ཅི་ཡི་སླད་དུ་དེང་འདིར་ཐེག་པ་གསུམ་བཤད་དེ། ། ཀུན་གྱིས་དེ་ལ་ཉན་ཅིང་མཆོད་པ་བགྱི་བར་སྐུལ། ། དབང་པོ་སྟོབས་དང་བྱང་ཆུབ་དགེ་སྦྱོང་འབྲས་བུ་ཡང་། ། མདོ་སྡེ་འདི་ལས་འབྱུང་གི་གཞན་དུ་གསུངས་པ་མེད། ། དཔེ་མེད་འཕགས་པའི་ལམ་ནི་ཡན་ལག་བརྒྱད་ པ་འདིར། ། ཐེག་པ་རྣམ་གསུམ་ཀུན་ཀྱང་ལམ་དེར་འཇུག་བྱེད་དེ། ། རྣམ་པར་གྲོལ་བར་འདོད་པས་བརྩོན་འགྲུས་རབ་བསྐྱེད་ན། ། སོ་སོར་རེ་བ་བཞིན་དུ་བྱང་ཆུབ་འཐོབ་པར་འགྱུར། ། འགྲོ་བ་ཀུན་གྱི་གཙོ་བོས་འདི་དག་རྣམ་དབྱེ་བ། ། སྔ་ཕྱིར་བསྟན་པ་འདི་དག་མི་འགལ་བསྟན་ པ་ན། ། ལྷ་དང་མི་དང་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད། ། ཡང་དག་བདེན་པ་རྟོགས་ཤིང་རྣམ་གྲོལ་དགའ་བ་བསྐྱེད། ། ཐེག་པ་ཆེན་པོ་བཤད་པས་གང་ལ་ཕན་འགྱུར་དང་། །
BO
ཐེག་པ་ཆེན་པོ་བཤད་པས་གང་ལ་གནོད་པར་འགྱུར། ། ཉན་ཐོས་ཐེག་པས་རྣམ་པར་གྲོལ་བ་བཅུ་ པོ་ཡིས། ། བཤད་པ་ཐོས་ནས་གང་ལ་གནོད་དང་གང་ལ་ཕན་པར་འགྱུར། ། གང་ཞིག་ཆོས་འདི་ཐོས་པས་གོང་ནས་གོང་དུ་འཕར། ། གང་གིས་ཆོས་འདི་ཐོས་པས་ཕྱིར་ཞིང་ལྟུང་བར་འགྱུར། ། ཇི་ལྟར་འདུས་བྱས་ཀུན་གྱི་སྐྱོན་གྱིས་སྐྱོ་བས་ན། ། རྒ་དང་འཆི་བའི་རྒྱ་མཚོ་མྱུར་དུ་སྐེམས་པར་ འགྱུར། ། ཉིན་མཚན་དགེ་བ་རྣམས་ལ་ཤིན་ཏུ་བརྩོན་པ་ད་ག ། དོན་མཆོག་གང་ལ་གནས་ཤིང་ཐེག་པ་གང་བགྲོད་པས། ། ཤིན་ཏུ་ཡངས་ཤིང་ཟབ་པའི་ཆུ་བོ་བཞི་ལས་སྒྲོལ། ། འཇིག་རྟེན་སྐྱོང་བས་རྣམ་པར་ཕྱེ་སྟེ་ཀུན་སྲུངས་ཤིག ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལེགས་སོ། ། ལེགས་སོ། ། རིགས་ཀྱི་བུ་ཁྱོད་སྐྱེ་བོ་ཚད་མེད་པ་ལ་ཕན་པ་དང་། བདེ་བའི་དོན་གྱི་ཕྱིར་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པའི་དོན་ཆེན་པོའི་ཕྱིར་དེ་བཞིན་གཤེགས་པ་ལ། ཤིན་ཏུ་ཟབ་ མོའི་དོན་འདི་དག་ཞུས་པ་ལེགས་སོ། ། ཤིན་ཏུ་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་།
BO
ངས་ཁྱོད་ལ་རྣམ་པར་ཕྱེ་སྟེ་བཤད་དོ་ཞེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་བཅོམ་ལྡན་འདས་ལ་སླར་ཉན་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ ཀྱི་བུ་གང་ཟག་རྣམ་པ་བཅུ་པོ་འདི་དག་ནི་འཁོར་བར་འཁོར་ཞིང་མི་ལུས་ཤིན་ཏུ་རྙེད་པར་དཀའོ། ། གང་ཟག་རྣམ་པ་བཅུ་པོ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བ་མི་སྐྱེད་པ་དང་། བསོད་ནམས་ཀྱི་ལས་མི་བྱེད་པ་དང་། ཀུན་ནས་ཉོན་མོངས་པའི་ཉིང་མཚམས་སྦྱོར་བ་དང་། གྲོགས་ པོ་སྡིག་པའི་རྗེས་སུ་སྤྱོད་པ་དང་། འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་འཇིགས་པར་མི་ལྟ་བ་དང་། འདོད་ཆགས་བདོ་བར་འགྱུར་བ་དང་། ཞེ་སྡང་བདོ་བར་འགྱུར་བ་དང་། གཏི་མུག་བདོ་བར་འགྱུར་བ་དང་། སེམས་མྱོས་ཤིང་འཁྲུག་པ་དང་། ལོག་པར་ལྟ་བའི་སྡིག་པ་ ཅན་དུ་འཛིན་པ་སྟེ། གནས་ཤིང་སྤྱད་པར་མི་བྱ་བ་རྣམ་པ་བཅུ་པོ་འདིའི་རྒྱུས་སེམས་ཅན་དག་ཚུལ་ཁྲིམས་ཀྱི་རྩ་བ་འཇིག་ཅིང་ཚུལ་ཁྲིམས་ཉམས་པར་བྱེད་པས་ངན་སོང་དུ་ལྟུང་བར་འགྱུར་རོ། ། གནས་ཤིང་སྤྱད་པར་མི་བྱ་བ་རྣམ་པ་བཅུ་པོ་གང་ཞེ་ན། འདི་ལྟ་སྟེ།
BO
ངའི་བསྟན་པ་ལ་རབ་ཏུ་བྱུང་ བ་དག་ལ་ལ་ནི་ལྷག་པའི་སྤྱོད་པ་ཉམས་ལ་མོས་པ་མ་ཉམས་པ་ཡང་ཡོད། ལ་ལ་ནི་མོས་པ་ཉམས་ལ་ལྷག་པའི་སྤྱོད་པ་མ་ཉམས་པ་ཡང་ཡོད། ལ་ལ་ནི་ལྷག་པའི་སྤྱོད་པ་དང་། མོས་པ་གཉི་ག་ཉམས་པ་ཡང་ཡོད། ལ་ལ་ནི་ཚུལ་ཁྲིམས་ཉམས་ལ་ལྟ་བ་མ་ཉམས་པ་ཡང་ཡོད། ལ་ལ་ནི་ལྟ་ བ་ཉམས་ལ་ཚུལ་ཁྲིམས་མ་ཉམས་པ་ཡང་ཡོད། ལ་ལ་ནི་ཚུལ་ཁྲིམས་དང་ལྟ་བ་གཉི་ག་ཉམས་པ་ཡང་ཡོད་དོ། ། ལ་ལ་ནི་ལྷག་པའི་སྤྱོད་པ་དང་། མོས་པ་དང་། ཚུལ་ཁྲིམས་དང་། ལྟ་བ་མ་ཉམས་ཀྱང་སྡིག་པའི་གྲོགས་པོའི་དབང་དུ་གྱུར་ཏེ་གནས་ཤིང་སྤྱད་པར་མི་བྱ་བ་དག་བྱེད་པ་ཡང་ ཡོད། ལ་ལ་ནི་དགེ་བའི་བཤེས་གཉེན་ལ་རྟེན་པའི་དབང་དུ་གྱུར་ཀྱང་གླེན་པའི་རང་བཞིན་ཅན་ལུག་བཞིན་དུ་ལྐུགས་པ་ལས་ཀྱི་དངོས་པོའི་བྱེ་བྲག་ཀྱང་མི་ཕྱེད་ལ། དགེ་བའི་བཤེས་གཉེན་གྱིས་དགེ་བ་དང་མི་དགེ་བའི་ཆོས་བསྟན་པ་ཐོས་ཀྱང་མི་གོ་མི་འཛིན་མི་ཤེས་ཏེ། དེའི་རྒྱུ་ དེའི་རྐྱེན་གྱིས་གནས་ཤིང་སྤྱད་པར་མི་བྱ་བ་དག་བྱེད་དེ། ནོར་དང་། རིན་པོ་ཆེ་དང་།
BO
འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མི་སྐྱོ་བར་ཀུན་ཏུ་ཚོལ་བའི་རྒྱུས་སེམས་འཁྲུགས་པས་གནས་ཤིང་སྤྱད་པར་མི་བྱ་བ་དག་བྱེད་པའི་འདུས་བྱས་ཀྱི་ནད་མང་པོས་གཟིར་ཅིང་གདུངས་པའི་འཇིག་རྟེན་ པའི་ལྷ་རྗེད་པ་དང་། སྔགས་ལ་སོགས་པ་བྱེད་པ་དེའི་རྒྱུ་དེའི་རྐྱེན་གྱིས་གནས་པ་དང་སྤྱད་པར་མི་བྱ་བ་དག་བྱེད་དོ། ། འདི་ལྟར་གནས་པ་དང་སྤྱད་པར་མི་བྱ་བ་རྣམ་པ་བཅུ་པོའི་རྒྱུས་སེམས་ཅན་དག་ཚུལ་ཁྲིམས་ཀྱི་རྩ་བ་ཉམས་ཤིང་མཐོང་བའི་ཆོས་ལ་འཕགས་པའི་སྣོད་དུ་མ་གྱུར་པ། ཚུལ་ ཁྲིམས་ཉམས་པའི་ཕྱིར་ངན་སོང་དུ་ལྟུང་བར་འགྱུར་རོ། ། རིགས་ཀྱི་བུ་གང་ཟག་གང་ལྷག་པའི་སྤྱོད་པ་ཉམས་ཀྱང་མོས་པ་མ་ཉམས་པ་དག་གནས་པ་དང་། སྤྱད་པར་མི་བྱ་བ་གང་ཡང་རུང་བ་རྣམ་པ་གཅིག་གི་རྒྱུས་རྩ་བའི་སྡིག་གཅིག་ཉམས་པ་ལས་དེ་ཤིན་ཏུ་འཇིགས་སྐྲག་སྟེ་འཛེམ་པ་དང་། ངོ་ཚ་བས་ཕྱིན་ཆད་ཀྱང་གང་ཡང་མི་བྱེད་པར་སྡིག་པ་སྤངས་ན་དེ་བཞིན་གཤེགས་པས་དེ་ལ་ཕན་གདགས་པའི་ཕྱིར་ལམ་སུན་འབྱིན་པའི་དགེ་སྦྱོང་ཞེས་གསུངས་སོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་སྡིག་པ་ཆེན་པོའི་ལས་བྱས་ཀྱང་འཕྲལ་དུ་མི་འཆབ་པར་འཐོལ་ཏེ། འཛེམ་པ་དང་ངོ་ ཚབས་འགྱོད་ཚངས་བྱས་ན།
BO
དེས་དེ་ལྟར་འཛེམ་པ་དང་ངོ་ཚ་བས་སོ་སོར་བཤགས་པས་སྡིག་པ་བྱང་བའི་ཕྱིར་ཕྱིན་ཅད་བྱེད་པའི་རྒྱུན་གཅོད་པར་འགྱུར་རོ། ། དེས་དགེ་སྦྱོང་གི་ལས་དང་ཆོ་གར་བྱ་བ་ཐམས་ཅད་ཀྱི་ནང་དུ་མི་ཆུད་ལ། བསྐྲད་པར་བྱ་ཞིང་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཐམས་ཅད་ལ་ ཡང་སྤྱོད་དུ་མི་དབང་མོད་ཀྱི། གང་ཟག་དེ་ནི་ཐེག་པ་གསུམ་གྱི་ཆོས་ཀྱི་སྣོད་དུ་འགྱུར་བས། དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་ཕྱིར་དེ་ལ་བར་བར་ནི་ཉན་ཐོས་ཀྱི་ཐེག་པའི་ཆོས་ཀྱང་འཆད་དོ། ། བར་བར་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ཀྱང་འཆད་དོ། ། བར་བར་ནི་དེ་ལ་བླ་ན་མེད་པའི་ ཐེག་པའི་ཆོས་ཀྱང་བཤད་པས་སྐྱེ་བ་གཉིས་སམ་གསུམ་ན་སྨོན་ལམ་གྱི་མཐུ་དང་། དགེ་བའི་བཤེས་གཉེན་གྱི་མཐུས་སྡིག་པའི་ལས་བྱས་པ་སྡིག་པར་གྱུར་པ་ཐམས་ཅད་བྱང་སྟེ། ལ་ལ་ནི་ཉན་ཐོས་ཀྱི་ཐེག་པའི་འབྲས་བུ་ཐོབ་བོ། ། ། ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པས་མྱ་ངན་ལས་འདའོ། ། ལ་ལ་ནི་ཤིན་ཏུ་རྒྱ་ཆེ་བ་བླ་ན་མེད་པའི་ཐེག་པའི་དོན་རྟོགས་པར་འགྱུར་བའང་སྲིད་དོ། ། གཞུང་དེ་བཞིན་དུ་ཚུལ་ཁྲིམས་ཉམས་ལ་ལྟ་བ་མ་ཉམས་པ་ཡང་ཤེས་པར་བྱའོ། །
BO
གང་ཟག་གང་མོས་པ་ཉམས་ལ་ལྷག་པའི་སྤྱོད་པ་མ་ཉམས་ན་དེ་བཞིན་གཤེགས་པས་དེ་ལ་ཕན་གདགས་པའི་ཕྱིར་ཚངས་ པའི་གནས་བཞི་བསྒྲུབ་པའི་ཆོས་སྟོན་ཏེ། འདི་ནི་ཉན་ཐོས་ཀྱི་ཐེག་པའི་སྣོད་དོ། ། འདི་ནི་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དང་ལྡན་པའོ། ། གང་ཟག་གང་ལྷག་པའི་སྤྱོད་པ་དང་མོས་པ་གཉི་ག་ཉམས་ན་དེ་ཐེག་པ་གང་གི་ཆོས་ཀྱི་སྣོད་དུ་ཡང་མི་འགྱུར་མོད་ཀྱི། དེ་བཞིན་གཤེགས་པས་དེ་ལ་ ཕན་གདགས་པའི་ཕྱིར་སྦྱིན་པའི་བསྔགས་པ་འཆད་དོ། ། གང་ཟག་གང་ལྟ་བ་ཉམས་ལ་ཚུལ་ཁྲིམས་མ་ཉམས་ན་དེ་ཐེག་པ་གང་གི་ཆོས་ཀྱི་སྣོད་དུ་ཡང་མི་འགྱུར་མོད་ཀྱི། དེ་བཞིན་གཤེགས་པས་དེ་ལ་ཕན་གདགས་པའི་ཕྱིར་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་བཤད་དེ་ངན་པར་ལྟ་ བའི་ངན་པ་སྤངས་ཏེ་ལུས་འདི་ཉིད་ཀྱིས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ཆོས་རྟོགས་པར་མཛད་དོ། ། ཡང་ན་སྐྱེ་བ་གཞན་གྱི་དུས་ན་ཆུད་ཅིང་རྟོགས་པར་མཛད་དོ། ། གང་ཟག་གང་ཚུལ་ཁྲིམས་དང་ལྟ་བ་གཉི་ག་ཉམས་ན་དེ་ནི་འཕགས་པའི་ཆོས་ཀྱི་སྣོད་མ་ཡིན་ནམ་དེ་བཞིན་གཤེགས་ པས་དེ་ལ་ཕན་གདགས་པའི་ཕྱིར་སྦྱིན་པའི་བསྔགས་པ་འཆད་དོ། ། གང་ཟག་གང་ལྷག་པའི་སྤྱོད་པ་དང་། མོས་པ་དང་། ཚུལ་ཁྲིམས་དང་།
BO
ལྟ་བ་ཀུན་མ་ཉམས་ཀྱང་སྡིག་པའི་བཤེས་གཉེན་གྱི་དབང་དུ་གྱུར་ཏེ། རྟེན་ཅིང་གནས་ན་དེ་བཞིན་གཤེགས་པས་དེ་ལ་ཕན་གདགས་པའི་ཕྱིར་ དགེ་བ་བཅུའི་ལས་ཀྱི་ལམ་བསྔགས་ཤིང་འཆད་དོ། ། གང་ཟག་གང་ཞིག་དགེ་བའི་བཤེས་གཉེན་ལ་རྟེན་དུ་ཟིན་ཀྱང་ངན་ཅིང་གླེན་པའི་རང་བཞིན་ཅན་ལུག་བཞིན་དུ་ལྐུགས་ཤིང་དགེ་བ་དང་མི་དགེ་བ་གང་ཡང་བརྡ་མི་ཕྲད་པ་དེ་ལ་དེ་བཞིན་གཤེགས་པས་ཕན་གདགས་པའི་ཕྱིར་ཁ་ཏོན་གོམས་པར་ བྱ་བའི་ཕྱིར་བསྔགས་པ་འཆད་དོ། ། གང་ཟག་གང་འདོད་ཆགས་ཀྱི་ནད་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཏེ། འདུས་བྱས་རྣམ་པ་སྣ་ཚོགས་ཀྱི་ལྟ་བས་མྱོས་པ་རྣམས་ལ་དེ་བཞིན་གཤེགས་པས་དེ་ལ་ཕན་གདགས་པའི་ཕྱིར་རྣམ་པར་གྲོལ་བ། ཚོལ་བ་ལ་ནི་འཁོར་བ་ལས་ བྱུང་བར་བྱེད་པ་ཉན་ཐོས་ཀྱི་ཐེག་པ་འཕགས་པའི་བདེན་པ་བཞི་འཆད་དོ། ། ཆད་པར་ལྟ་བ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་བསྔགས་པ་འཆད་དོ། ། རྟག་པར་ལྟ་བ་ལ་ནི་ཁམས་གསུམ་གྱི་སྲིད་པའི་རྒྱུན་འདི་དག་ནས་ཤི་འཕོས་ནས་གཞན་དུ་སྐྱེ་སྟེ། རྫ་མཁན་གྱི་འཁོར་ལོ་ལྟར་རྒྱུན་མི་ འཆད་པར་འཁོར་བ་དང་། མི་རྟག་པ་ལ་སོགས་པའི་ཆོས་འཆད་དོ། །
BO
རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་སྐད་དུ་མིང་དང་། བརྡ་དང་། ཡི་གེ་དང་། ཚིག་དང་། སྒྲ་སྐད་ཀྱིས་བསྟན་པ་ཐམས་ཅད་འབྲས་བུ་མེད་ཅིང་དོན་མེད་པ་མ་ཡིན་ཏེ། ཀུན་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་ བའི་དོན་དུ་མ་བསྟན་པ་མེད་དོ། ། དེ་བས་ན་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་འཕྱ་ཞིང་སྐུར་ན་སེམས་ཅན་རྣམས་ཀྱི་ཡང་དག་པའི་ཆོས་ཀྱི་མིག་བཅར་བའི་སྡིག་པ་ཡིན་པས་མཚམས་མེད་པ་ལས་འདས་པའམ། མཚམས་མེད་པ་དང་འདྲ་བའི་ཁ་ན་མ་ཐོ་བའི་སྡིག་པ་ཚད་མེད་པ་ཐོབ་ པར་འགྱུར་རོ། ། གང་གིས་ངས་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་གསུངས་པའི་དམ་པའི་ཆོས་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་ཏེ་གསུངས་སམ། རང་སངས་རྒྱས་ཀྱི་ཐེག་པ་ལ་བརྟེན་ཏེ་གསུངས་སམ། ཐེག་པ་ཆེན་པོ་ལ་བརྟེན་ཏེ་གསུངས་པ་གང་ལ་ཡང་རུང་། འཕྱ་ཞིང་སྐུར་པའམ། བར་ ཆད་དང་བགེགས་བྱས་སམ། ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་འཆབ་པའི་ལས་བྱས་ན་དེ་ནི་དམ་པའི་ཆོས་ལ་སྐུར་པ་ཡིན་པར་རིག་པར་བྱ་སྟེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་མེད་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་མིག་ཉམས་པར་བྱེད་པ་ཡིན་པས་ གང་ཟག་དེ་ནི་དེ་ལྟར་བདག་ཀྱང་དོན་མེད་པ་ཆེན་པོ་སྤྱོད་ལ།
BO
ཕ་རོལ་པོ་གཞན་དོན་མེད་པ་ཆེན་པོ་སྤྱོད་དུ་འཇུག་པའོ། ། ཡང་གང་ཟག་དེ་ནི་ཁྲེལ་བ་དང་། ངོ་ཚ་བ་མེད་པའི་དགེ་འདུན་ལ་བརྟེན་ཅིང་དེ་བཞིན་གཤེགས་པའི་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པ་འདེབས་པའོ་ཞེས་བྱའོ། ། རིགས་ཀྱི་ བུ་གཞན་ཡང་དགེ་སློང་རྣམ་པ་བཞི་ཡོད་དོ། ། བཞི་གང་ཞེ་ན། དོན་དམ་པའི་དགེ་སློང་དང་། ཀུན་རྫོབ་ཀྱི་དགེ་སློང་དང་། ལུག་ལྐུགས་པ་ལྟ་བུའི་དགེ་སློང་དང་། ཁྲེལ་བ་དང་ངོ་ཚ་བ་མེད་པའི་དགེ་སློང་ངོ་། ། དེ་ལ་ཇི་ལྟར་ན་དོན་དམ་པའི་དགེ་སློང་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ སམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་ཡོན་ཏན་ཆེན་པོ་དང་ལྡན་པ་ཆོས་ཐམས་ཅད་ལ་དབང་དུ་གྱུར་པའམ། རང་སངས་རྒྱས་ཀྱི་བྱང་ཆུབ་བམ། དགྲ་བཅོམ་པའམ། ཕྱིར་མི་འོང་བའམ། ལན་ཅིག་ཕྱིར་འོང་བའམ། རྒྱུན་ཏུ་ཞུགས་པ་སྟེ། གང་ཟག་རྣམ་པ་བདུན་པོ་འདི་ དག་ནི་དོན་དམ་པའི་དགེ་སློང་དུ་བསྡུ་བ་དང་། སྐྱེ་བོ་གང་ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་ཡང་མ་བྲེགས། ཆོས་གོས་ཀྱང་མི་གྱོན། རབ་ཏུ་བྱུང་བ་སོ་སོར་ཐར་པའི་ཚུལ་ཁྲིམས་ཐམས་ཅད་ཀྱང་མ་མནོས་གསོལ་བ་དང་། ཞུ་བའི་ལས་དང་། གསོ་སྦྱིན་དང་།
BO
ཚུལ་གྱི་ལས་ཐམས་ཅད་ཀྱི་ནང་དུ་མི་ ཆུད་མོད་ཀྱི། འཕགས་པའི་ཆོས་དང་ལྡན་ལ་འཕགས་པའི་འབྲས་བུ་ཐོབ་པས་ན་དེ་ཡང་དོན་དམ་པའི་དགེ་སློང་དུ་བསྡུས་ཏེ། དེ་དག་ནི་དོན་དམ་པའི་དགེ་སློང་ཞེས་བྱའོ། ། དེ་ལ་ཇི་ལྟར་ན་ཀུན་རྫོབ་ཀྱི་དགེ་སློང་ཞེ་ན། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ཅིང་རབ་ཏུ་བྱུང་ལ་སོ་སོར་ཐར་པའི་ཚུལ་ ཁྲིམས་དང་ལྡན་ན་དེ་ནི་ཀུན་རྫོབ་ཀྱི་དགེ་སློང་ཞེས་བྱའོ། ། དེ་ལ་ཇི་ལྟར་ན་ལུག་ལྐུགས་པ་ལྟ་བུའི་དགེ་སློང་ཞེ་ན། རྩ་བའི་སྡིག་ལ་སོགས་པ་ཉམས་སམ་མ་ཉམས་པ་ཡང་མི་ཤེས། ལྕི་བའམ་ཡང་བ་ཡང་མི་ཤེས་ཉེས་པ་ཕྲ་མོ་རྣམ་པ་སྣ་ཚོགས་བྱས་ཀྱང་འགྱོད་ཅིང་འཐོལ་མི་ཤེས། ཉེས་པ་བྱས་ པ་ལ་སླ་གྱད་བྱེད་ཅིང་སྡིག་པ་ཕྲ་མོ་ལ་མི་ལྟ། མི་འཇིགས། མཁས་པའི་སྐྱེས་བུ་ལ་ནི་མི་སྟེན། སྐབས་སྐབས་སུ་མང་དུ་ཐོས་པ་ཤེས་རབ་དང་ལྡན་པ་ལ་བསྙེན་བཀུར་དང་། གཡོག་ཀྱང་མི་བྱེད། བསྟི་སྟང་དང་བཅས་ཏེ་ཞུ་ཞིང་འདྲི་བ་ཡང་མི་ཤེས། དགེ་བ་ནི་གང་། མི་དགེ་བ་ནི་གང་། སྡིག་པ་ ནི་གང་། སྡིག་པ་མེད་པ་ནི་གང་། གང་བྱས་ན་ལེགས།
BO
གང་བྱས་ན་མ་ལེགས་པ་ཡང་ཞུ་བ་དང་འདྲི་བ་མི་བྱེད་པའི་གང་ཟག་དེ་དག་ནི་ལུག་ལྐུགས་པ་ལྟ་བུའི་དགེ་སློང་དུ་བསྡུས་ཏེ། ལུག་ལྐུགས་པ་ལྟ་བུའི་དགེ་སློང་ཞེས་བྱའོ། ། དེ་ལ་ཇི་ལྟར་ན་ཁྲེལ་བ་དང་། ངོ་ཚ་བ་མེད་པའི་དགེ་སློང་གང་ཞེ་ ན་སེམས་ཅན་གང་འཚོ་བ་ཙམ་གྱི་ཕྱིར་ངའི་བསྟན་པ་ལ་ཕྱོགས་ཏེ་རབ་ཏུ་བྱུང་ངོ་། ། རབ་ཏུ་བྱུང་ནས་སོ་སོར་ཐར་པའི་ཚུལ་ཁྲིམས་སྲུང་བ་ཐམས་ཅད་ཉམས་ཏེ་ཁྲེལ་བ་དང་ངོ་ཚ་བ་མེད་ལ་འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་མི་ལྟ། མི་འཇིགས། ཁོང་རུལ་ཅིང་བཙོག་པས་ གང་བའི་སྲིན་ཀྭ་ལྭ་འདྲ་བ། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་དང་ལྡན་པ། རྟག་ཏུ་{བརྫུན་,རྫུན་}སྨྲ་ཞིང་བདེན་པའི་ཚིག་མེད་པ། སེར་སྣ་དང་ཕྲག་དོག་དང་། གཏི་མུག་དང་ང་རྒྱལ་གྱིས་མངོན་པར་ཟིན་ཏེ། ལས་ཀྱི་མཆོག་དམ་པ་གསུམ་ལས་རིང་དུ་གྱུར་པ་ཁེ་དང་། བཀུར་སྟི་དང་གྲགས་པ་ལ་ཆགས་ཏེ་ཡུལ་ དྲུག་ལ་མོས་པ། འདོད་ཆགས་ཀྱིས་གཡེངས་པ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཡུལ་ལ་ཆགས་པའི་གང་ཟག་དེ་དག་ནི་ཁྲེལ་བ་དང་། ངོ་ཚ་བ་མེད་པ་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པའི་ནང་དུ་བསྡུས་ཏེ།
BO
དེ་ནི་ཁྲེལ་བ་དང་ངོ་ཚ་བ་མེད་པའི་དགེ་སློང་ཞེས་བྱའོ། ། རིགས་ ཀྱི་བུ་དོན་དམ་པའི་དགེ་སློང་ཞེས་བྱ་བ་ནི་ལ་ལ་འཕགས་པའི་ལམ་ལས་རྒྱལ་བའི་དགེ་སྦྱོང་གི་ནང་དུ་བསྡུ་བ་ཡང་ཡོད་དེ། ལམ་ལས་རྒྱལ་བ་ཞེས་བྱ་བ་ནི་གང་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་གནས་ཤིང་བདག་ཀྱང་ཉོན་མོངས་པའི་ཆུ་བོ་ལས་སྒྲོལ་ལ་ཕ་རོལ་པོ་གཞན་དག་ཀྱང་སྒྲོལ་བའོ། ། དེ་ ཡང་ཇི་ལྟ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་དང་། རང་རྒྱལ་བ་དང་། དགྲ་བཅོམ་པ་སྟེ། གང་ཟག་རྣམ་པ་གསུམ་པོ་འདི་དག་ནི་སྲིད་པའི་ཡན་ལག་གི་འཁོར་ཐམས་ཅད་དང་རིང་དུ་གྱུར་པའི་ཕྱིར་འཕགས་པའི་ལམ་ལས་རྒྱལ་བ་ཞེས་བྱའོ། ། གཞན་ཡང་བྱང་ཆུབ་སེམས་དཔའི་དགེ་འདུན་ གཞན་གྱི་དྲིང་ལ་མི་འཇོག་པར་ཆོས་ཐམས་ཅད་ལ་ཡེ་ཤེས་ཀྱིས་ཐོགས་པ་མེད་པར་གཟིགས་ཤིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་གྱིས་སྡུད་པ་ཡང་ལམ་ལས་རྒྱལ་བའི་དགེ་སྦྱོང་གི་ནང་དུ་བསྡུའོ། ། དོན་དམ་པའི་དགེ་སློང་དང་། ཀུན་རྫོབ་ཀྱི་དགེ་སློང་ཁ་ཅིག་ནི་ལམ་སྟོན་པའི་ དགེ་སློང་གི་ནང་དུ་བསྡུའོ། ། གང་སོ་སོར་ཐར་པའི་ཚུལ་ཁྲིམས་དང་ལྡན་ཞིང་།
BO
ཡང་དག་པའི་དགེ་བའི་སྐྱེ་བོ་ནས་འཇིག་རྟེན་གྱི་ཡང་དག་པར་ལྟ་བ་དང་ལྡན་པའི་བར་དུ་ཤེས་པ་བརྡ་སྤྲོད་པ་ལ་བརྟེན་ཏེ། ཆོ་འཕྲུལ་གྱི་མཐུས་གཞན་ལ་འཕགས་པའི་ལམ་གྱི་ཆོས་རྣམ་པར་ཕྱེ་སྟེ་སྟོན་ཅིང་འཆད་པའི་གང་ ཟག་དེ་ནི་ལམ་སྟོན་པའི་དགེ་སྦྱོང་ཐ་མ་སྟེ། ལམ་སྟོན་པའི་དགེ་སྦྱོང་ཞེས་བྱའོ། ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་གང་ཟག་ནི་གཉིས་པ་ཞེས་བྱའོ། ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པའི་གང་ཟག་ནི་གསུམ་པ་ཞེས་བྱའོ། ། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པའི་གང་ཟག་དེ་ནི་བཞི་པ་ ཞེས་བྱའོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་ནི་ལྔ་པ་ཞེས་བྱའོ། ། ས་དང་པོ་ལ་གནས་པ་ནས་ས་བཅུ་དང་སྲིད་པ་ཐ་མའི་ལུས་ལ་གནས་པ་དེ་ཡང་ལམ་སྟོན་པའི་དགེ་སྦྱོང་གི་ནང་དུ་བསྡུའོ། ། གང་སོ་སོར་ཐར་པའི་ཚུལ་ཁྲིམས་དང་ལྡན་ཞིང་སྤྱོད་ལམ་རྣམ་པར་དག་ པ་དང་ལྡན་པ་དག་ནི་ལམ་གྱིས་འཚོ་བའི་དགེ་སྦྱོང་གི་ནང་དུ་བསྡུས་ཏེ། ལམ་གྱིས་སྲོག་འཛིན་པའི་ཕྱིར་ལམ་གྱིས་འཚོ་བའི་དགེ་སྦྱོང་ཞེས་བྱའོ། །
BO
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་སྡུད་ཅིང་ཕ་རོལ་དུ་ཕྱིན་པ་དྲུག་ལ་ནན་ཏན་ བྱེད་པ་དང་ལྡན་པ་དེ་ཡང་ལམ་གྱིས་འཚོ་བ་ཞེས་བྱའོ། ། དེ་ལྟར་ལམ་ལས་རྒྱལ་བ་དང་། ལམ་སྟོན་པ་དང་། ལམ་གྱིས་འཚོ་བའི་དགེ་སྦྱོང་རྣམ་པ་གསུམ་པོ་འདི་ནི་འཇིག་རྟེན་པའི་བསོད་ནམས་ཀྱི་ཞིང་ཡང་དག་པ་ཞེས་བྱའོ། ། དེ་ལས་གཞན་པའི་དགེ་སྦྱོང་དག་ནི་ལམ་སུན་འབྱིན་པ་ཞེས་བྱ་བ་སྟེ། ཡང་དག་པ་མ་ཡིན་མོད་ཀྱི་དེ་ཡང་བསོད་ནམས་ཀྱི་ཞིང་གི་གྲངས་སུ་འགྲོའོ། ། གང་འཛེམ་པ་དང་ངོ་ཚ་བ་མེད་པའི་དགེ་འདུན་ལ་གནས་ཤིང་བརྟེན་པའི་གང་ཟག་དེ་ནི་ངས་ཡང་དག་པར་བསྟན་པའི་འདུལ་བའི་ཆོས་ལས་མི་རོ་ལྟ་བུའོ་ཞེས་གསུངས་སོ། ། ཡོངས་སུ་དག་པའི་དགེ་འདུན་གྱི་རྒྱ་མཚོ་ལས་དབྱུང་ བར་བྱ་བ་ཆོས་ཀྱི་སྣོད་མ་ཡིན་པས་ན་གང་ཟག་དེ་ལ་ང་ནི་སྟོན་པ་ཡིན་ནོ་ཞེས་མི་གསུངས་ལ། གང་ཟག་དེ་ཡང་ངའི་ཉན་ཐོས་མ་ཡིན་ནོ། ། ངོ་ཚ་མེད་པའི་དགེ་སློང་ཆོས་ཀྱི་སྣོད་དུ་མ་གྱུར་པ་དག་ང་ལ་སྟོན་པར་འཛིན་ཅིང་། ངའི་རིང་བསྲེལ་དང་། ངའི་སྐུ་གཟུགས་བརྙན་ལ་ཤིན་ཏུ་དད་པ་དང་། ངའི་ཆོས་ དང་དགེ་འདུན་དང་།
BO
འཕགས་པའི་ཚུལ་ཁྲིམས་ལ་ཡང་ཤིན་ཏུ་དད་པས་བདག་ཀྱང་ལྟ་བ་ངན་པར་མི་འཛིན་ལ་ཕ་རོལ་པོ་གཞན་ཡང་ལྟ་བ་ངན་པ་ལ་ཆགས་པར་མི་བྱེད་པ་དང་། ངས་བསྟན་པའི་ཆོས་རྒྱས་པར་སྟོན་ཏེ། ཤིན་ཏུ་བསྔགས་ཤིང་སྟོད་པ་བྱེད་ཀྱི། དེ་ལ་འཕྱ་བའམ། སྐུར་པ་མི་འདེབས་ པ་དང་། རྟག་ཏུ་ཡང་དག་པའི་སྨོན་ལམ་འདེབས་པ་དང་། སྡིག་པ་བྱས་མ་ཐག་ཏུ་ཡང་དང་ཡང་མཐོལ་ཅིང་འགྱོད་དེ་སྤོང་ན་ལས་ཀྱི་སྒྲིབ་པ་མང་པོ་ཞི་བར་འགྱུར་ཏེ། དེ་ལྟར་གང་ཟག་དེ་དཀོན་མཆོག་གསུམ་དང་། འཕགས་པའི་ཚུལ་ཁྲིམས་ལ་དད་པའི་ཤུགས་ཀྱིས་མུ་སྟེགས་ཅན་ དགུ་བཅུ་རྩ་ལྔ་བས་བརྒྱ་སྟོང་སྙེད་ཀྱིས་ལྷག་གོ། ། མྱུར་དུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་ཕྱིན་པ་ནི་མ་ཡིན་མོད་ཀྱི། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་མི་སྐུར་ན། དེ་མ་ཡིན་པ་སྐྱེ་བོ་གཞན་ལྟ་སྨོས་ཀྱང་ཅི་དགོས་དེ་བས་ན་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་ལས་དང་མྱོང་བའི་ཆོས་ཀྱི་ མཚན་ཉིད་རྣམ་པ་ཐ་དད་པར་མཁྱེན་ཅིང་གཟིགས་པའི་ཕྱིར་གང་འདི་སྐད་དུ་ངའི་བསྟན་པའི་ཆོས་ལ་དད་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་པ་ལ་རྒྱལ་རིགས་ལ་སོགས་པ་གཤེ་ཞིང་སྤྱོ་བ་དང་།
BO
ཆད་པས་གཅད་དུ་མི་དབང་ངོ་ཞེས་གསུངས་ཏེ། གང་གིས་བརྙས་སྨད་དམ། རབ་ཏུ་བྱུང་བ་ ཐམས་ཅད་ལ་གཤེ་ཞིང་སྤྱོས་སམ། ཆད་པས་བཅད་ན་ཁ་ན་མ་ཐོ་བའི་འབྲས་བུ་སྨིན་པ་ནི་ཇི་ལྟར་རྒྱས་པར་བཤད་པ་བཞིན་ནོ། ། གཞན་ཡང་ངའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་ན། དེ་ལ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་ སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཐུགས་རྗེས་རྗེས་སུ་འཛིན་ཏོ། ། སྤྱོད་ལམ་དང་། ཆ་ལུགས་དང་། ཆོས་གོས་གྱོན་པ་ལ་ཡང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཀྱང་ཐུགས་རྗེས་རྗེས་སུ་འཛིན་ཏོ། ། དེ་བས་ན་སྐྲ་དང་ཁ་སྤུ་བྲེགས་ ཏེ་གོས་ངུར་སྨྲིག་གྱོན་པའི་རབ་ཏུ་བྱུང་བ་ལ་བརྙས་སྨད་ན། དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བརྙས་སྨོད་པ་ཡིན་ནོ། ། དེའི་རྒྱུ་དེའི་རྐྱེན་གྱིས་མཁས་པས་བློ་ཅན་སྡུག་བསྔལ་གྱིས་སྐྱོ་ཞིང་འཇིགས་པ། ལྷ་དང་། མི་དང་།
BO
མྱ་ངན་ ལས་འདའ་བའི་བདེ་བ་འདོད་པ་དག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ་ལ་བརྙས་པ་དང་། སྨོད་པ་མི་བྱའོ། ། གང་ངོ་ཚ་བ་མེད་པའི་དགེ་སྦྱོང་ཚུལ་ཁྲིམས་ཉམས་པ་ཐེག་པ་གསུམ་གྱི་འཕགས་པའི་ཆོས་ཀྱི་སྣོད་དུ་མ་གྱུར་པ་བདག་ཉིད་ལྟ་བ་ངན་པའི་སྡིག་པ་ ལ་མངོན་པར་ཞེན་ཏེ། གཞན་ཡང་ལྟ་བ་ངན་པའི་སྡིག་པ་ལ་ཆགས་པར་བྱེད་པ་དེ་ལ་རྒྱལ་རིགས་དགེ་བ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དག་མེད་དོ་ཞེས་སྨྲ་བ་དང་། གཞན་ཡང་འཇིག་རྟེན་ན་ཕ་ཡང་མེད། མ་ཡང་མེད་པ་ནས། དགེ་བ་དང་མི་དགེ་བ་དང་། རྣམ་པར་སྨིན་པའི་འབྲས་བུ་ཡང་མེད། འཕགས་པའི་ལམ་གྱི་འབྲས་བུ་ཐོབ་པ་ཡང་མེད་དོ་ཞེས་སྨྲ་བ་དང་། ཆོས་ཐམས་ཅད་རྒྱུ་ལས་སྐྱེས་པ་མ་ཡིན་ནོ། ། ཞེས་སྨྲ་བ་དང་། གཞན་ཡང་གཟུགས་ ཡོད་པའི་ཁམས་ནི་རྟག་པ་ཡིན་གྱི་འཇིག་པའི་ཆོས་མ་ཡིན་པར་འཛིན་པ་དང་། གང་གཟུགས་མེད་པའི་ཁམས་ནི་རྟག་པ་ཡིན་གྱི། འཇིག་པའི་ཆོས་མ་ཡིན་པར་འཛིན་པ་དང་།
BO
ལ་ལ་ནི་མུ་སྟེགས་ཅན་གྱི་བརྟུལ་ཞུགས་ཀྱིས་མཐར་ཕྱིན་པའི་རྣམ་པར་དག་པ་ཐོབ་པར་འཛིན་ཏོ། ། ལ་ལ་ནི་ཉན་ཐོས་ཀྱི་ཐེག་ པ་འབའ་ཞིག་གིས་མཐར་ཕྱིན་པའི་རྣམ་པར་དག་པ་ཐོབ་ཀྱི། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོས་མ་ཡིན་པར་འཛིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་དད་ཅིང་ཡིད་ཆེས་ནས་བསྔགས་ཤིང་བསྟོད་པ་དང་། འབྱེད་ཅིང་སྟོན་གྱི། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་འཕྱ་ ཞིང་སྐུར་པ་འདེབས་པ་དང་། སྨོད་ཅིང་བར་ཆད་བྱེད་པ་བགེགས་བྱེད་དེ་སྟོན་དུ་མི་སྟེར་བ་ཡང་ཡོད་དོ། ། ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་འབའ་ཞིག་གིས་མཐར་ཕྱིན་པའི་རྣམ་པར་དག་པ་འཐོབ་ཀྱི། ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོས་མ་ཡིན་པར་འཛིན་ཏེ། རང་སངས་རྒྱས་ཀྱི་ཐེག་པ་ ལ་དད་ཅིང་ཡིད་ཆེས་ཏེ། བསྟོད་ཅིང་བསྔགས་པ་དང་། འབྱེད་ཅིང་སྟོན་གྱི། ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་འཕྱ་ཞིང་སྐུར་པ་འདེབས་པ་དང་། སྨོད་ཅིང་བར་ཆད་བྱེད་པ་ལ་བགེགས་བྱེད་དེ་སྟོན་དུ་མི་སྟེར་བ་ཡང་ཡོད་དོ། ། ལ་ལ་ནི་ཐེག་པ་ཆེན་པོ་འབའ་ཞིག་གིས་མཐར་ཕྱིན་པའི་ རྣམ་པར་དག་པ་འཐོབ་ཀྱི། ཉན་ཐོས་ཀྱི་ཐེག་པ་དང་།
BO
རང་སངས་རྒྱས་ཀྱི་ཐེག་པས་མ་ཡིན་པར་འཛིན་ཏེ། ཐེག་པ་ཆེན་པོ་ལ་བདག་དད་ཅིང་ཡིད་ཆེས་པས་ཕ་རོལ་གཞན་ཡང་དད་ཅིང་ཡིད་ཆེས་པར་བྱེད། བདག་རིམ་གྲོ་དང་། བཀུར་སྟི་བྱེད་པས་ཕ་རོལ་པོ་གཞན་ཡང་རིམ་གྲོ་དང་། བཀུར་ སྟི་བྱེད་དུ་འཛུད། བདག་དེ་ལ་བསྟོད་ཅིང་བསྔགས་པས་ཕ་རོལ་པོ་གཞན་ཡང་བསྟོད་ཅིང་བསྔགས་སུ་བཅུག་བདག་གླེགས་བམ་དུ་བྲིས་པས་ཕ་རོལ་པོ་གཞན་ཡང་གླེགས་བམ་དུ་འདྲིར་བཅུག་བདག་ཀློག་ཅིང་འདོན་པས་ཕ་རོལ་པོ་གཞན་ཡང་ཀློག་ཅིང་འདོན་དུ་འཇུག་བདག་ ཉན་ཅིང་འཛིན་པས་ཕ་རོལ་པོ་གཞན་དག་ཀྱང་ཉན་ཅིང་འཛིན་དུ་བཅུག ། བདག་སེམས་ཤིང་ཡིད་ལ་བྱེད་པས་ཕ་རོལ་པོ་གཞན་ཡང་སེམས་ཤིང་ཡིད་ལ་བྱེད་དུ་བཅུག་སྟེ། སྐྱེ་བོ་ཆོས་ཀྱི་སྣོད་དུ་གྱུར་པའམ། སྣོད་དུ་མ་གྱུར་པ་ཡང་རུང་ཐམས་ཅད་ལ་ཐེག་པ་ཆེན་པོ་དོན་དམ་པ་ཤིན་ཏུ་ཟབ་པ་ཕྲ་བ་རྣམ་ པར་འབྱེད་ཅིང་སྟོན་ཏེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་འཕྱ་ཞིང་སྐུར་པ་འདེབས་པ་དང་། སྨོད་ཅིང་བགེགས་དང་བར་ཆད་བྱེད་དེ་སྟོན་དུ་མི་སྟེར་བ་དང་། བདག་མ་དད་པས་གཞན་དད་པ་སྐྱེ་བའི་བགེགས་བྱེད་པ་དང་།
BO
བདག་རིམ་གྲོ་མི་བྱེད་པས་གཞན་ རིམ་གྲོ་བྱེད་པའི་བགེགས་བྱེད་པ་དང་། བདག་མི་སྟོད་པས་གཞན་སྟོད་པའི་བགེགས་བྱེད་པ་དང་། བདག་གླེགས་བམ་དུ་མི་འདྲི་བས་གཞན་གླེགས་བམ་དུ་འདྲི་བའི་བགེགས་བྱེད་པ་དང་། བདག་ཀློག་པ་དང་། འདོན་པ་དང་། ཉན་པ་དང་། འཛིན་པ་དང་། ཤེས་པ་དང་། ཡིད་ལ་མི་བྱེད་པས་གཞན་ཀློག་པ་དང་། འདོན་པ་དང་། ཉན་པ་དང་། འཛིན་པ་དང་། སེམས་པ་དང་། ཡིད་ལ་བྱེད་པའི་བགེགས་བྱེད་དེ། ཐེག་པ་གཉིས་ཀྱི་ཆོས་མི་སྟོན་པ་ཡང་ཡོད་དོ། ། ལ་ལ་ནི་སྦྱིན་པ་འབའ་ཞིག་བྱས་པས་ མཐར་ཕྱིན་པའི་རྣམ་པར་དག་པ་འཐོབ་ཀྱི། ཚུལ་ཁྲིམས་ཀྱིས་མ་ཡིན། བཟོད་པས་མ་ཡིན་པ་ནས་ཤེས་རབ་ཀྱི་བར་དུ་མ་ཡིན་པར་འཛིན་ཏོ། ། ལ་ལ་ནི་ཚུལ་ཁྲིམས་འབའ་ཞིག་གིས་མཐར་ཕྱིན་པའི་རྣམ་པར་དག་པ་ཐོབ་ཀྱི། སྦྱིན་པ་དང་། བཟོད་པས་མ་ ཡིན་པ་ནས་ཤེས་རབ་ཀྱི་བར་དུ་མ་ཡིན་པར་འཛིན་ཏོ། ། ལ་ལ་ནི་བཟོད་པ་འབའ་ཞིག་གིས་མཐར་ཕྱིན་པའི་རྣམ་པར་དག་པ་ཐོབ་ཀྱི། སྦྱིན་པ་དང་། ཚུལ་ཁྲིམས་ཀྱིས་མ་ཡིན་པ་ནས་ཤེས་རབ་ཀྱི་བར་དུ་མ་ཡིན་པར་འཛིན་ཏོ། ། ལ་ལ་ནི་བརྩོན་འགྲུས་འབའ་ ཞིག་གིས་མཐར་ཕྱིན་པའི་རྣམ་པར་དག་པ་ཐོབ་ཀྱི་སྦྱིན་པ་དང་།
BO
ཚུལ་ཁྲིམས་ཀྱིས་མ་ཡིན་པ་ནས་ཤེས་རབ་ཀྱི་བར་དུ་མ་ཡིན་པར་འཛིན་ཏོ། ། ལ་ལ་ནི་བསམ་གཏན་འབའ་ཞིག་གིས་མཐར་ཕྱིན་པའི་རྣམ་པར་དག་པ་ཐོབ་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་ཀྱིས་ མ་ཡིན་པ་ནས་ཤེས་རབ་ཀྱི་བར་དུ་མ་ཡིན་པར་འཛིན་ཏོ། ། ལ་ལ་ནི་ཤེས་རབ་འབའ་ཞིག་གིས་མཐར་ཕྱིན་པའི་རྣམ་པར་དག་པ་ཐོབ་ཀྱི། སྦྱིན་པ་དང་། ཚུལ་ཁྲིམས་ཀྱིས་མ་ཡིན་པ་ནས་བསམ་གཏན་གྱི་བར་དུ་མ་ཡིན་པར་འཛིན་ཏོ། ། ལ་ལ་ནི་འཇིག་ རྟེན་གྱི་བཟོ་རྩལ་རྣམ་པ་སྣ་ཚོགས་སྦྱངས་ཤིང་ཤེས་པས་མཐར་ཕྱིན་པའི་རྣམ་པར་དག་པ་ཐོབ་པར་འཛིན་ཏོ། ། ལ་ལ་ནི་བྲག་ལས་མཆོང་བ་དང་། མེ་མ་མུར་དུ་མཆོང་བ་དང་། སྨྱུང་བ་ལ་སོགས་པའི་བརྟུལ་ཞུགས་ཀྱི་རྣམ་པ་མང་པོས་མཐར་ཕྱིན་པའི་རྣམ་ པར་དག་པ་ཐོབ་པར་འཛིན་ཏེ་སྟོན་ཏོ། ། རིགས་ཀྱི་བུ་དེ་ལྟར་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་ཆོས་ཀྱི་སྣོད་མ་ཡིན་པ་དེས་{བརྫུན་,རྫུན་}རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པའི་ཆོས་ཀྱི་སྣོད་ཀུན་བསླུས་ཏེ་སྐྱེ་བོ་མང་པོ་ལྟ་བ་ངན་པ་ལ་བལྟར་བཙུད་དོ། ། དེ་ལྟར་ དེ་དག་ཕྱིན་ཅི་ལོག་ཏུ་ངན་པར་ལྟ་བའི་དབང་གིས་རྒྱལ་རིགས་དགེ་བ་ནས་རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་།
BO
བུད་མེད་ལ་སོགས་པ་དད་པ་ཡོངས་སུ་དག་པ་དག་མ་རུང་བར་བྱས་ནས་ཚུལ་ཁྲིམས་དང་། ཐོས་པ་དང་། སྦྱིན་པ་དང་། ཤེས་ རབ་ཀྱང་ཉམས་པར་བྱས་ཏེ། རྒྱལ་རིགས་གདོལ་པ་ཅན་ནས་རྗེའུ་རིགས་གདོལ་པ་ཅན་གྱི་བར་དུ་ཐམས་ཅད་གདོལ་པ་ཅན་དུ་བསྒྱུར་བས་དེ་དག་ནི་ཆོས་ཀྱི་སྣོད་མ་ཡིན་ཏེ། ཚུལ་ཁྲིམས་ཉམས་པའི་དགེ་སློང་དང་། རྒྱལ་རིགས་གདོལ་པ་ཅན་ལ་སོགས་པ་ སྟོན་པ་དང་སློབ་མར་བཅས་ཏེ། དགེ་བའི་རྩ་བ་བཅད་པས་མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་བར་འགྱུར་རོ། ། རིགས་ཀྱི་བུ་ཇི་ལྟར་མི་རོ་བམ་ནས་རུལ་ཅིང་ཞིག་པ་ལས་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་མི་འོང་ཞིང་སྣར་མནམ་པ་རེག་མ་ ཐག་ཏུ་འཇིག་པ་དང་ཉེའམ། འབགས་ན་མནམ་པ་བཞིན་དུ་རྒྱལ་རིགས་དགེ་བ་ནས་དམངས་རིགས་དགེ་བའི་བར་དུ་ཚུལ་ཁྲིམས་ཉམས་པ། སྡིག་པ་སྤྱོད་པ། ཆོས་ཀྱི་སྣོད་མ་ཡིན་པ་དེ་ལ་བསྙེན་ཏམ་འགྲོགས་སམ། ལྷན་ཅིག་གནས་ སམ། ལས་ལྷན་ཅིག་བྱེད་ན་དེ་མ་ཐག་ཏུ་ངན་པར་ལྟ་བ་བཙོག་ཅིང་མནམ་པ་གོས་པར་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་དུ་རྒྱལ་རིགས་དགེ་བ་ནས་དམངས་རིགས་དགེ་བའི་བར་དུ་དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། སྦྱིན་པ་དང་། ཤེས་རབ་ཀུན་ཉམས་ཏེ།
BO
གདོལ་པ་ཅན་དུ་གྱུར་པས་དེ་ནི་སྟོན་པ་དང་སློབ་མར་བཅས་ཏེ་དགེ་བའི་རྩ་བ་བཅད་པས་ན་མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་བར་འགྱུར་རོ། ། ། ། བམ་པོ་དྲུག་པ། རིགས་ཀྱི་བུ་དེ་ལྟར་རྒྱལ་རིགས་ལ་སོགས་ པ་སྐྱེ་བོ་ཚད་མེད་པ་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པ། ཆོས་ཀྱི་སྣོད་མ་ཡིན་པའི་དགེ་སློང་བསྟེན་པས་དགེ་བའི་ཆོས་ཐམས་ཅད་ཉམས་པ་ནས་མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་བར་འགྱུར་བ་ལ་ལྟོས། དེ་བས་ན་མཐོ་རིས་ཀྱི་ ལྷར་སྐྱེ་བ་ནས་མྱ་ངན་ལས་འདའ་བའི་བདེ་བའི་བར་དུ་འདོད་པ་དག་ལམ་ལས་རྒྱལ་བའི་དགེ་སྦྱོང་ལ་བསྙེན་བཀུར་དང་། མཆོད་པ་དང་། བཀུར་སྟི་བྱས་ཏེ་ཐེག་པ་གསུམ་གྱི་ཆོས་ཀྱི་མདོ་མཉན་པར་གསོལ་བ་གདབ་བོ། ། གཞན་ཡང་ལམ་སྟོན་པ་དང་། ལམ་གྱིས་འཚོ་བའི་དགེ་སྦྱོང་བཙལ་བར་བྱའོ། ། ལམ་དེ་གསུམ་ལ་གནས་པའི་དགེ་སྦྱོང་མེད་ན་ཡང་ལམ་སུན་འབྱིན་པའི་དགེ་སྦྱོང་བཙལ་བར་བྱའོ། ། ཚུལ་ཁྲིམས་ཉམས་མོད་ཀྱི། ཡང་དག་པར་ལྟ་བ་དང་། མོས་པ་དང་། ལྷག་པའི་སྤྱོད་པ་དང་ ལྡན་པས་དེ་ལ་ནི་བསྙེན་བཀུར་དང་། མཆོད་པ་དག་བྱོས་ལ་ཐེག་པ་གསུམ་གྱི་དོན་དྲི་བར་བྱའི་ལྷག་པའི་སྤྱོད་པ་དང་།
BO
མོས་པ་དང་ལྟ་བ་ཀུན་ཉམས་པ་ལ་ནི་བསྙེན་བཀུར་དང་། མཆོད་པ་བྱ་བ་མ་ཡིན་ནོ། ། ཚུལ་ཁྲིམས་ཉམས་པ་དག་ཚུལ་ཁྲིམས་ཉམས་ མོད་ཀྱི་ལོག་པར་མི་ལྟ་ལ། མོས་པ་དང་། ལྷག་པའི་སྤྱོད་པ་དང་ལྟ་བར་ལྡན་པས་ན་དེ་དང་དེ་གང་ན་བར་སོང་སྟེ་ཉན་ཐོས་ཀྱི་ཐེག་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་དང་། ཐེག་པ་ཆེན་པོའི་ཆོས་ཞུ་ཞིང་མ་ཉན་པར་བྱའི་བརྙས་ཤིང་སྨད་པར་ མི་བྱའོ། ། ཐེག་པ་གསུམ་ལས་གང་ཡང་རུང་བ་ཅིག་ལ་དད་དེ་སྨོན་ལམ་འདེབས་ཤིང་བརྩོན་འགྲུས་རྩོམ་ཞིང་རྗེས་སུ་སློབ་ཀྱང་ཐེག་པ་གཞན་ལ་ཡང་བརྙས་པ་དང་སྨད་པར་མི་བྱའོ། ། གང་གིས་ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་སྟེ། གཅིག་གི་ཚིགས་ སུ་བཅད་པ་གཅིག་ཙམ་ལ་བརྙས་སྨོད་ན། དེ་ལ་ནི་བསྙེན་བཀུར་མི་བྱ་མི་བསྙེན་མི་འགྲོགས་ལྷན་ཅིག་ཏུ་མི་གནས་ལས་འཐུན་པར་མི་བྱའོ། ། གང་གིས་དེ་ལ་བསྙེན་བཀུར་བྱེད་ཅིང་བསྟེན་ཏམ་འགྲོགས་སམ་ལྷན་ཅིག་ཏུ་གནས་སམ། ལས་ལྷན་ཅིག་བྱེད་ན་ གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། ། རིགས་ཀྱི་བུ་དེ་བས་ན་ཐེག་པ་གསུམ་ལས་གང་ཡང་རུང་བ་གཅིག་ལ་གནས་ཏེ། འཁོར་བ་ལས་འདའ་ཞིང་རབ་ཏུ་བདེ་བ་ལ་མོས་ཏེ།
BO
སྡུག་བསྔལ་གྱི་སྐྱོ་བ་དག་དེ་བཞིན་ གཤེགས་པས་གསུངས་པའི་དམ་པའི་ཆོས་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་ཏེ་གསུངས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་བརྟེན་ཏེ་གསུངས་པ་དང་། ཐེག་པ་ཆེན་པོ་ལ་བརྟེན་ཏེ་གསུངས་པ་ཀུན་ལ་དད་ཅིང་ཤིན་ཏུ་བཀུར་སྟི་བྱའི། དེ་ལ་འཕྱ་ཞིང་སྐུར་པ་ འདེབས་པ་དང་། བར་ཆད་དང་། བགེགས་དང་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་གྱི་བགེགས་ཀྱང་མ་བྱེད་ཅིག ། རྟག་ཏུ་བསྟི་སྟང་དང་བཅས་ཏེ་ཀློག་པ་དང་འདོན་པ་དང་ཉན་པ་ལ་ཤིན་ཏུ་བརྟེན་པའི་ཡི་དམ་བཅས་ཏེ་རྟོགས་པར་བྱའོ། ། ཐེག་པ་ གསུམ་ལས་གང་ཡང་རུང་བའི་ཆོས་གཅིག་ལ་འཕྱ་ཞིང་སྐུར་ན་དེ་དང་ལྷན་ཅིག་ཏུ་མི་གནས་ཆུང་ངུ་ན་ཞག་གཅིག་ཙམ་ཡང་བསྙེན་བཀུར་དང་ཆོས་མཉན་པར་མི་བྱའོ། ། སེམས་ཅན་གང་ཞིག་ཐེག་པ་གསུམ་ལས་ཐེག་པ་གཅིག་ཙམ་ལ་འཕྱ་ཞིང་སྐུར་ཏམ། ཐེག་པ་ གསུམ་ལ་འཕྱ་ཞིང་སྐུར་པའི་གང་ཟག་ལ་བརྟེན་ཏེ་འདྲི་བ་དང་ཉན་པ་བྱས་ན། དེའི་རྒྱུ་དེའི་རྐྱེན་གྱིས་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ཞིང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ཏེ་རབ་ཏུ་ཐར་བར་དཀའོ། ། དེ་ཅིའི་ཕྱིར་ཞེ་ན།
BO
རིགས་ཀྱི་བུ་ང་སྔོན་འདས་པའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་བླ་ན་མེད་པའི་ཡེ་ཤེས་ཚོལ་བ་ལ་བརྩོན་པས་ནན་ཏན་བྱེད་པ་ན་བར་བར་ནི་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་དམ་པའི་ཆོས་འདོད་པའི་ཕྱིར་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་གྱི་ཕྱིར་ ཡང་ལུས་ཀྱི་ཡན་ལག་ལག་པ་དང་། རྐང་པ་དང་། ཤ་དང་། ཁྲག་དང་། པགས་པ་དང་། རུས་པ་དང་། མགོ་དང་། མིག་དང་། རྐང་དང་། ཀླད་པའི་བར་དུ་ཡོངས་སུ་གཏོང་ངོ་། ། བར་བར་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་བརྟེན་ཏེ་ གསུངས་པའི་དམ་པའི་ཆོས་འདོད་པའི་ཕྱིར་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་གྱི་ཕྱིར་ཡང་ལུས་ཀྱི་ཡན་ལག་ལག་པ་དང་། རྐང་པ་དང་། ཤ་དང་། ཁྲག་དང་། པགས་པ་དང་། རུས་པ་དང་། མགོ་དང་། མིག་དང་། རྐང་དང་། ཀླད་པའི་ བར་དུ་ཡོངས་སུ་གཏོང་ངོ་། ། བར་བར་ནི་ཐེག་པ་ཆེན་པོ་ལ་བརྟེན་ཏེ་གསུངས་པའི་དམ་པའི་ཆོས་འདོད་པའི་ཕྱིར་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་གྱི་ཕྱིར་ཡང་ལུས་ཀྱི་ཡན་ལག་ལག་པ་དང་། རྐང་པ་དང་། ཤ་དང་། ཁྲག་དང་། པགས་པ་དང་། རུས་པ་དང་། མགོ་དང་། མིག་དང་། རྐང་དང་། ཀླད་པའི་བར་དུ་ཡོངས་སུ་གཏོང་ངོ་། །
BO
དེ་ལྟར་དཀའ་བ་སྤྱད་པས་ཐེག་པ་གསུམ་ལ་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་རྙེད་ན་ཤིན་ཏུ་དགའ་རངས་ཏེ་བསྟི་སྟང་དང་བཅས་པས་འཆང་ཞིང་གཟུངས་སུ་ འཛིན་ལ་ཇི་སྐད་གསུངས་པ་བཞིན་དུ་སྤྱོད་དེ། ཅུང་ཟད་ཀྱང་མི་གཏོང་བས་བསྐལ་པ་ཚད་མེད་པའི་བར་དུ་ཤིན་ཏུ་སྤྱད་དཀའ་བ་ཐམས་ཅད་སྤྱད་པས་གདོད་མཐའི་ལས་བྱས་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་གྱུར་ཏོ། ། གཞན་ཡང་སེམས་ཅན་ ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཐེག་པ་གསུམ་གྱི་དམ་པའི་ཆོས་ལས་རྣམ་པར་ཕྱེ་སྟེ་བཤད་དོ། ། དེ་ལྟ་བས་ན་དེ་ལ་འཕྱ་ཞིང་སྐུར་པ་དང་། བར་ཆད་དང་། བགེགས་དང་། ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་འཆབ་པར་མི་བྱའོ། ། དེ་ ལ་རྟག་ཏུ་བཀུར་སྟི་དང་བཅས་པས་ཀློག་པ་དང་། འདོན་པ་དང་ཉན་པར་ཤིན་ཏུ་བརྟན་པའི་ཡི་དམ་བཅའོ། ། རིགས་ཀྱི་བུ་འདི་ལྟར་ཐེག་པ་གསུམ་པོའི་དམ་པའི་ཆོས་འདི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ ཀླུང་གང་གཱའི་བྱེ་མ་དང་མཉམ་པ་ཐམས་ཅད་ཀྱིས་འཐུན་པར་གསུངས་ཏེ། བྱིན་གྱི་རླབས་ཀྱིས་ཐམས་ཅད་བྱིན་གྱིས་རློབ་བོ། །
BO
སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཆེན་པོ་ལས་གདོན་ཅིང་བསྒྲལ་བ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་ འཆད་པར་བྱ་བའི་ཕྱིར་ཡོངས་སུ་གཟུང་བ་ཡིན་ནོ། ། དེ་བས་ན་ཐེག་པ་གསུམ་གྱི་དམ་པའི་ཆོས་ལ་ཐམས་ཅད་ཀྱིས་དད་ཅིང་བཀུར་སྟི་བྱའི། དེ་ལ་འཕྱ་ཞིང་སྐུར་པ་འདེབས་པ་དང་། བར་ཆད་དང་། བགེགས་མི་བྱ་སྟེ། ཐེག་པ་གསུམ་གྱི་དམ་པའི་ཆོས་ལས་ ཚིགས་སུ་བཅད་པ་གཅིག་ཙམ་མེད་པར་བྱས་ན་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་གདོལ་པ་ཅན་དང་། བྲམ་ཟེ་གདོལ་པ་ཅན་དང་། བློན་པོ་གདོལ་པ་ཅན་དང་། ཁྱིམ་བདག་གདོལ་པ་ཅན་དང་། དགེ་སྦྱོང་གདོལ་པ་ཅན་དང་། ཚོང་དཔོན་གདོལ་པ་ཅན་དང་། རྗེའུ་རིགས་དང་དམངས་རིགས་གདོལ་པ་ཅན་གྱི་སྐྱེས་པའམ། བུད་མེད་དེ་དག་གཡོ་དང་སྒྱུས་འཚོ་ཞིང་གླེན་པ་གཏི་མུག་ཅན་ཅུང་ཟད་ ཙམ་གྱི་ཤེས་པ་སྙེམས་པ། རང་བཞིན་གྱིས་གཏུམ་པ་ཁྲོ་བ། སྤྲོ་ཐུང་བ་བརླང་བ། འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་འཇིགས་པར་མི་ལྟ་བ། སྲོག་གཅོད་པ་ལ་དགའ་བ་ནས་ལོག་པར་ལྟ་བ་དང་། སེར་སྣ་དང་།
BO
ཕྲག་དོག་དང་། འཇུངས་ པ་དང་། འདོད་ཆགས་ཀྱི་བར་དུ་དགའ་ཞིང་དགེ་བའི་བཤེས་གཉེན་ལ་རྒྱབ་ཀྱིས་ཕྱོགས་ནས་སྡིག་པའི་བཤེས་གཉེན་ལ་བསྟེན་པ་ཐེག་པ་གསུམ་གྱི་འཕགས་པའི་ཆོས་ཀྱི་སྣོད་མ་ཡིན་པ་དག་ཉན་ཐོས་ཀྱི་ཐེག་པའི་ཆོས་ཅུང་ཟད་ཐོས་པས་ སངས་རྒྱས་ཀུན་གྱིས་ཡོངས་སུ་བཟུང་བའི་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་དང་། བླ་ན་མེད་པའི་ཐེག་པ་ཆེན་པོའི་ཆོས་ལ་འཕྱ་ཞིང་སྐུར་བ་འདེབས་པ་དང་། སྨོད་པ་དང་། བར་ཆད་དང་། བགེགས་བྱེད་དེ་ཡོངས་སུ་རྒྱས་པར་མི་བྱེད་དོ། ། ལ་ལ་ནི་རང་ སངས་རྒྱས་ཀྱི་ཐེག་པའི་ཆོས་ཅུང་ཟད་ཐོས་ནས་སངས་རྒྱས་ཀུན་གྱིས་ཡོངས་སུ་བཟུང་བའི་ཉན་ཐོས་ཀྱི་ཐེག་པའི་ཆོས་དང་། བླ་ན་མེད་པའི་ཐེག་པའི་ཆོས་ལ་འཕྱ་བ་དང་། སྐུར་པ་འདེབས་པ་དང་། སྨོད་པ་དང་། བར་ཆད་དང་། བགེགས་བྱེད་དེ་ ཡོངས་སུ་རྒྱས་པར་མི་བྱེད་དོ། ། ལ་ལ་ནི་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཆོས་ཅུང་ཟད་ཐོས་ནས་སངས་རྒྱས་ཀུན་གྱིས་ཡོངས་སུ་གཟུང་བའི་ཉན་ཐོས་ཀྱི་ཐེག་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་འཕྱ་བ་དང་། སྐུར་པ་འདེབས་པ་དང་། སྨོད་ པ་དང་། བར་ཆད་དང་། བགེགས་བྱེད་དེ་ཡོངས་སུ་རྒྱས་པར་མི་བྱེད་ལ།
BO
ཁེ་དང་གྲགས་པའི་ཕྱིར་འདི་སྐད་དུ་བདག་ནི་ཐེག་པ་ཆེན་པོ་པ་ཡིན་ཏེ། ཐེག་པ་ཆེན་པོའི་གྲོགས་སུ་གྱུར་པ་ཐེག་པ་ཆེན་པོ་འབའ་ཞིག་ཉན་པ་དང་། འཆང་བ་དང་། གཟུངས་སུ་ འཛིན་པར་དགའི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་ཆོས་ལ་མི་དགའ། ཐེག་པ་གཉིས་པོ་ལ་སྟེན་པར་མི་འདོད་དོ་ཞེས་ཟེར་རོ། ། དེ་ལྟར་ཐེག་པ་ཆེན་པོ་པ་ཡིན་ནོ་ཞེས་{བརྫུན་,རྫུན་}ཟེར་བ་དེ་བདག་གཏི་མུག་གིས་མངོན་པར་ཟིན་ཏེ། ང་རྒྱལ་གྱི་ དབང་དུ་གྱུར་པས་དེ་ལྟར་ཐེག་པ་གསུམ་གྱི་ཡང་དག་པའི་ཆོས་ལ་འཕྱ་ཞིང་སྐུར་པ་འདེབས་པ་དང་། བར་ཆད་དང་། བགེགས་བྱེད་དེ་ཡོངས་སུ་རྒྱས་པར་ཡང་མི་བྱེད་དོ། ། ཐེག་པ་གསུམ་པོ་སློབ་པའི་གང་ཟག་ལ་ཡང་འཕྱ་ཞིང་སྐུར་ནས་སྨོད་དེ་མཐུ་མེད་པར་ བྱེད་དོ། ། རིགས་ཀྱི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་གྱི་ཕྱིར་ཐུགས་རྗེ་ཆེན་པོའི་ ཤུགས་ཀྱིས་དངོས་པོ་རྣམ་པ་འདི་གཉིས་ཡོངས་སུ་བཟུང་ངོ་། ། གང་ཞེ་ན།
BO
དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ་དང་། ཐེག་པ་གསུམ་ལས་བྱུང་བ་ འཕགས་པའི་བདེན་པ་བཞི་ལ་སོགས་པ་དམ་པའི་ཆོས་དང་ལྡན་པའོ། ། དངོས་པོ་རྣམ་པ་གཉིས་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གིས་ཡོངས་སུ་བཟུང་བ་མཛད་ཀྱིས་ཉན་ཐོས་དང་། རང་ སངས་རྒྱས་ལ་སོགས་པས་ནི་མ་ཡིན་ནོ། ། གཞན་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱི་ཚངས་པ་ཆེན་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པས་ཡོངས་སུ་བཟུང་བ་མ་ཡིན་ནོ། ། མ་འོངས་ པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་རིགས་གདོལ་པ་ཅན་དག་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ་ལ་ཐབས་ཀྱིས་ཉེ་བའི་སྐྱོན་དང་ཀླན་ཀ་ཚོལ་ཏེ། རྐྱེན་རྣམ་པ་མང་པོས་གཤེ་ཞིང་སྤྱོ་བ་དང་། སྨོད་ཅིང་སྨ་ཕབ་ པ་དང་། གཞུ་བ་དང་། འཚོག་པ་དང་། བཙོན་རར་གཞུག་པ་དང་། འཚོ་བའི་ཡོ་བྱད་འཕྲོག་པ་དང་། ཆོས་གོས་འཕྲོག་པ་ནས་ཁྱིམ་པར་ཕབ་སྟེ།
BO
ཁྱིམ་པའི་ལས་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་པ་དང་། ནན་གྱིས་འཁོལ་ཞིང་ཆད་པས་གཅོད་པ་ དང་། སྐྲོད་པ་དང་། བཟའ་བ་དང་། བཏུང་བ་གཅོད་པ་དང་། འཚོ་བའི་དབང་པོ་དང་བྲལ་བའི་བར་དུ་བྱེད་དོ། ། རྒྱལ་པོ་རྒྱལ་རིགས་གདོལ་པ་ཅན་དེ་དེ་ལྟར་གླེན་ཞིང་གཏི་མུག་གི་རང་བཞིན་ཅན་དུ་གྱུར་པས་ང་རྒྱལ་གྱི་དབང་གིས་མངོན་པར་ཟིན་པ་དེ་སངས་ རྒྱས་དང་། བྱང་ཆུབ་སེམས་དཔའི་ཐུགས་རྗེའི་མཐུས་ཡོངས་སུ་བཟུང་བའི་སློབ་མ་རྣམས་ལ་སྨོད་པ་དང་། སྨ་འབེབས་པ་དང་། ནན་གྱིས་ཆད་པས་གཅོད་པ་ལ་སོགས་པ་བྱེད་པའོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ཀྱིས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཡོངས་སུ་བཟུང་བའི་ཆོས་ཤིན་ཏུ་ཟབ་མོ་ལ་ཡང་འཕྱ་ཞིང་སྐུར་ཏེ་མ་རུང་བར་བྱེད་དོ། ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཐེག་པ་རྣམ་པ་གསུམ་ གྱི་དམ་པའི་ཆོས་ཀྱི་བར་ཆད་དང་བགེགས་བྱེད་དེ་ཡོངས་སུ་རྒྱས་པར་མི་བྱེད་དོ། ། དེ་ལྟར་རྒྱལ་རིགས་གདོལ་པ་ཅན་ནས་རྗེའུ་རིགས་དང་། དམངས་རིགས་གདོལ་པ་ཅན་གྱི་བར་དུ་གླེན་ཞིང་གཏི་མུག་གི་རང་བཞིན་ཅན་དང་།
BO
ང་རྒྱལ་གྱིས་མངོན་པར་ཟིན་པ་དེ་ནི་ ཐེག་པ་ཆེན་པོ་པའོ་ཞེས་ཁས་འཆེ་བ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་ཡང་མ་གྱུར་ན་བླ་ན་མེད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་གྱུར་པ་ལྟ་ཅི་སྨོས་ཏེ། ཁེ་དང་གྲགས་པ་དང་། བཀུར་སྟི་དང་། མཆོད་པ་འདོད་པའི་ཕྱིར་འཇིག་རྟེན་པ་གླེན་ ཞིང་གཏི་མུག་ཅན་ཐམས་ཅད་བསླུས་ནས་བདག་ནི་ཐེག་པ་ཆེན་པོ་པའོ་ཞེས་ཟེར་ཏེ། དེ་བཞིན་གཤེགས་པའི་ཐེག་པ་གཉིས་ཀྱི་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པ་འདེབས་སོ། ། དེ་ལྟར་གང་ཟག་གླེན་ཞིང་གཏི་མུག་ཅན་གཡོ་དང་སྒྱུས་འཚོ་ཞིང་ང་རྒྱལ་གྱིས་ མངོན་པར་ཟིན་པ་སེར་སྣ་དང་། ཕྲག་དོག་དང་། འདོད་ཆགས་ཀྱིས་ཀུན་ནས་བསླངས་པས་དེའི་རྒྱུ་དེའི་རྐྱེན་གྱིས་ངའི་ཆོས་ཀྱི་མིག་མ་རུང་བ་དང་མྱུར་དུ་མེད་པར་བྱས་སོ། ། དེས་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་དམ་ཚིག་ལས་ འགལ་བའི་ཁ་ན་མ་ཐོ་བ་ཆེན་པོ་བྱེད་པ་ཡིན་ནོ། ། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་ལས་འགལ་བའི་ཁ་ན་མ་ཐོ་བ་ཆེན་པོ་བྱས་པ་ཡིན་ནོ། །
BO
དུས་གསུམ་གྱི་ཉན་ཐོས་ཐམས་ཅད་ཀྱི་དམ་ཚིག་ལས་འགལ་བའི་ཁ་ན་མ་ཐོ་བ་ཆེན་ པོའི་སྡིག་བྱེད་པ་ཡིན་ཏེ། རིང་པོ་མི་ཐོགས་པར་ལུས་ཀྱི་ཡན་ལག་ཀུན་ཞིག་པ་དང་། ནད་མ་རུངས་པ་ཆེན་པོ་རྣམ་པ་མང་པོས་བཏབ་པར་འགྱུར་རོ། ། རྒྱལ་རིགས་གདོལ་པ་ཅན་ནས་རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པ་ཅན་གྱི་སྐྱེས་པའམ། བུད་མེད་འདི་དག་ཐམས་ཅད་སྡིག་པའི་ལས་བྱེད་ཅིང་ཕྱིན་ཅི་ལོག་ཏུ་ལྟ་བའི་དབང་གིས་དགེ་བའི་རྩ་བ་ཐམས་ཅད་བཅད་པས། གལ་ཏེ་དུས་གཞན་དུ་སྦྱིན་པའི་བསོད་ནམས་མང་དུ་བྱས་སུ་ཟིན་ཀྱང་མ་འོངས་པའི་དུས་ན་{ཡི་དགས་,ཡི་དྭགས་}སམ་བྱོལ་སོང་གི་ཁམས་སུ་སྐྱེ་སྟེ་ ཕྱུག་པོའི་བདེ་བ་མྱོང་བར་མི་འགྱུར་རོ། ། ལུས་དེ་ཉིད་ཀྱིས་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བའི་དགེ་བའི་རྩ་བ་ཆུང་ངུ་ཡང་བསྐྱེད་མི་ནུས་ན་ཉན་ཐོས་སམ། རང་སངས་རྒྱས་སམ། བླ་ན་མེད་པའི་ཐེག་པ་ཆེན་པོ་ལྷུན་གྱིས་གྲུབ་པ་རྣམ་པ་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བའི་ས་བོན་སྐྱེད་པ་ལྟ་ཅི་སྨོས། གཞན་ཡང་དེའི་ལྕེ་ལ་རྟག་ཏུ་ནད་ཀྱིས་གནོད་པར་འགྱུར་ཞིང་། ཉིན་ཞག་དུ་མར་ལྕེ་ལྐུགས་ཤིང་སྨྲ་མི་ནུས་པ་དང་།
BO
ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་། འཆི་འཕོས་ ནས་ཀྱང་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། ། དེ་བས་ན་དེ་བཞིན་གཤེགས་པས་རྒྱལ་རིགས་དགེ་བ་ནས་རྗེའུ་རིགས་དང་། དམངས་རིགས་ལ་སོགས་པའི་སྐྱེས་པའམ། བུད་མེད་དེ་དག་ལ་ཡུན་རིང་པོར་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ ཡང་དང་ཡང་འདི་སྐད་གསུངས་ཏེ། ཁྱེད་ཀྱིས་ངའི་བསྟན་པ་ལ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གི་ཚལ་བུ་གྱོན་ཅིང་རབ་ཏུ་བྱུང་བ་ལ་གནོད་པ་དང་། གཤེ་ཤིང་སྤྱོ་བ་ལ་སོགས་པ་མ་བྱེད་ཅིག ། ངས་བསྟན་པའི་ཐེག་པ་གསུམ་གྱི་དམ་པའི་ཆོས་ལ་འཕྱ་ཞིང་ སྐུར་པ་འདེབས་པ་དང་། སྨོད་པ་དང་། བར་ཆད་དང་། བགེགས་མ་བྱེད་ཅིག་ཅེས་གསུངས་སོ། ། ངས་བསྟན་པ་ལས་ཆེད་དུ་འགལ་བར་བྱས་ན་སྡིག་པའི་རྣམ་པར་སྨིན་པ་ནི་ཇི་ལྟར་རྒྱས་པར་བཤད་པ་བཞིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ངའི་བསྟན་པ་ལ་སྐྱབས་སུ་ སོང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་ཅིང་རབ་ཏུ་བྱུང་བའི་ཆ་ལུགས་ཅན་དེ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་།
BO
བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོའི་ བྱིན་གྱི་བརླབས་ཀྱིས་ཡོངས་སུ་བཟུང་བའོ། ། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ཅིང་རབ་ཏུ་བྱུང་བའི་སྤྱོད་ལམ་ཅན་དེ་ནི་འཕགས་པ་རྣམས་ཀྱི་རྣམ་པར་གྲོལ་བའི་རྒྱལ་མཚན་ཡིན་ནོ། ། ཉན་ཐོས་ཐམས་ཅད་ཀྱིས་རྣམ་པར་གྲོལ་བས་ལོངས་སྤྱོད་པའི་ཆོས་ཀྱི་ རོའི་རྒྱལ་མཚན་ཡིན་ནོ། ། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་རྣམ་པར་གྲོལ་བས་ལོངས་སྤྱོད་པའི་ཆོས་ཀྱི་རོའི་རྒྱལ་མཚན་ཡིན་ནོ། ། ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱིས་རྣམ་པར་གྲོལ་བས་ལོངས་སྤྱོད་པའི་ཆོས་ཀྱི་རོའི་རྒྱལ་མཚན་ཡིན་ནོ། ། དེ་བཞིན་ གཤེགས་པས་གསུངས་པའི་ཐེག་པ་གསུམ་གྱི་དམ་པའི་ཆོས་ཡིན་ནོ། ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཡོངས་སུ་བཟུང་བ་ཡིན་ནོ། ། འཕགས་པ་རྣམས་ཀྱི་རྣམ་པར་གྲོལ་བའི་གནས་ཡིན་ ནོ། ། ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ཀྱི་རྣམ་པར་གྲོལ་བས་ལོངས་སྤྱོད་པའི་ཆོས་ཀྱི་རོའི་གནས་ཡིན་ནོ། ། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་རྣམ་པར་གྲོལ་བས་ལོངས་སྤྱོད་པའི་ཆོས་ཀྱི་རོའི་གནས་ཡིན་ནོ། །
BO
ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱི་ རྣམ་པར་གྲོལ་བས་ལོངས་སྤྱོད་པའི་ཆོས་ཀྱི་རོའི་གནས་ཡིན་ནོ། ། རིགས་ཀྱི་བུ་དེ་ལྟ་བས་ན་རྣམ་པར་གྲོལ་བ་ཚོལ་བ་དག་ངའི་བསྟན་པ་ལ་སྐྱབས་སུ་སོང་བ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་པ་རབ་ཏུ་བྱུང་བའི་གང་ཟག་ལ་བསྙེན་བཀུར་དང་། མཆོད་པ་ དང་། བསྟི་སྟང་བྱའོ། ། བདག་གིས་སྔར་ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་དད་དེ། བདག་ཉན་ཅིང་གཟུངས་སུ་འཛིན་ན་གཞན་ཡང་ཉན་ཅིང་འཛིན་དུ་གཞུག་གོ། ། བདག་ཀློག་ཅིང་ཁ་ཏོན་བྱེད་ན་གཞན་ཡང་ཀློག་ཅིང་འདོན་དུ་གཞུག་གོ། ། བདག་གླེགས་ བམ་དུ་འདྲི་ན་གཞན་ཡང་གླེགས་བམ་དུ་འདྲིར་གཞུག་གོ། ། བདག་སྦྱིན་པ་བྱེད་ན་གཞན་ཡང་སྦྱིན་པ་བྱེད་དུ་གཞུག་གོ། ། བདག་སྟོན་ཅིང་འཆད་ན་གཞན་ཡང་སྟོན་ཅིང་འཆད་པ་དང་། ཡིད་ལ་བྱ་བ་དང་། ནན་ཏན་བྱ་བ་དང་། རྒྱ་ཆེར་སྤེལ་དུ་གཞུག་གོ། ། ཇི་ལྟར་ རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་དད་ཅིང་ཡིད་ཆེས་ཏེ། བདག་ཉན་ཅིང་གཟུངས་སུ་འཛིན་ན་གཞན་ཡང་ཉན་ཅིང་འཛིན་དུ་གཞུག་གོ། ། བདག་ཀློག་ཅིང་ཁ་ཏོན་དུ་བྱེད་ན་གཞན་ཡང་ཀློག་ཅིང་འདོན་དུ་གཞུག་གོ། ། བདག་གླེགས་བམ་དུ་འདྲི་ན་གཞན་ཡང་ གླེགས་བམ་དུ་འདྲིར་གཞུག་གོ། །
BO
བདག་སྦྱིན་པ་བྱེད་ན་གཞན་ཡང་སྦྱིན་པ་བྱེད་དུ་གཞུག་གོ། ། བདག་སྟོན་ཅིང་འཆད་ན་གཞན་ཡང་སྟོན་ཅིང་འཆད་པ་དང་། ཡིད་ལ་བྱ་བ་དང་། ནན་ཏན་བྱ་བ་དང་། རྒྱ་ཆེར་སྤེལ་དུ་གཞུག་གོ། ། འདི་ལྟར་ཐེག་པ་ཆེན་ པོ་ལ་དད་ཅིང་ཡིད་ཆེས་ཏེ། བདག་ཉན་ཅིང་གཟུངས་སུ་འཛིན་ན་གཞན་ཡང་ཉན་ཅིང་འཛིན་དུ་གཞུག་གོ། ། བདག་ཀློག་ཅིང་ཁ་ཏོན་བྱེད་ན་གཞན་ཡང་ཀློག་ཅིང་འདོན་དུ་གཞུག་གོ། ། བདག་གླེགས་བམ་དུ་འདྲི་ན་གཞན་ཡང་གླེགས་བམ་དུ་འདྲིར་གཞུག་གོ། ། བདག་སྦྱིན་པ་བྱེད་ན་གཞན་ཡང་སྦྱིན་པ་བྱེད་དུ་གཞུག་གོ། ། བདག་སྟོན་ཅིང་འཆད་ན་གཞན་ཡང་སྟོན་ཅིང་འཆད་པ་དང་། ཡིད་ལ་བྱ་བ་དང་། ནན་ཏན་བྱ་བ་དང་། རྒྱ་ཆེར་སྤེལ་དུ་གཞུག་གོ། ། གལ་ཏེ་སྣོད་དུ་མ་གྱུར་ན་བདག་ཀྱང་མི་ཉན་གཞན་ཡང་ཉན་དུ་མི་གཞུག་ པ་ནས་གཞུང་དེ་བཞིན་དུ་རྒྱས་པར་བཤད་པ་བཞིན་ནོ། ། སྡིག་པའི་ཆོས་ཐམས་ཅད་རིང་དུ་སྤང་བ་དང་། ། སྡིག་པའི་གྲོགས་པོ་སྤང་བ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་ཞིང་སུ་ནན་ཏན་བྱེད་པ་དང་། མི་དགེ་བའི་ ལས་ཐམས་ཅད་ཡང་དང་ཡང་འགྱོད་ཅིང་མཐོལ་བ་དང་།
BO
ཅི་ལ་མོས་པ་བཞིན་དུ་ཡང་དག་པའི་སྨོན་ལམ་གདབ་པར་བྱའོ། ། གང་དེ་ལྟར་བྱེད་པ་ནི་ལུས་འདི་ཉིད་ཀྱིས་ཉན་ཐོས་ཀྱི་ཐེག་པའི་སྣོད་དུ་ཡང་འགྱུར་ལ། རང་སངས་རྒྱས་ཀྱི་རིགས་ལས་ཀྱང་ཕྱིར་མི་ལྡོག ། ཐེག་པ་ཆེན་པོའི་རིགས་ལས་ཀྱང་ཕྱིར་མི་ལྡོག་པའི་གནས་ཡོད་དོ། ། དེ་བས་ན་ཐེག་པ་གསུམ་ཆར་ལ་ཡང་བསླབ་ཅིང་ནན་ཏན་བྱའི། ང་རྒྱལ་གྱིས་ཐེག་པ་ཆེན་པོ་པའོ་ཞེས་ཁས་འཆེ་ཞིང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ ཐེག་པའི་ཆོས་ལ་འཕྱ་ཞིང་སྐུར་པར་མི་བྱའོ། ། ངས་སྔོན་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་གྱུར་པ་བརྟན་པར་སྤྱོད་པ་འབའ་ཞིག་ལ་དེ་སྐད་དུ་ཐེག་པ་ཆེན་པོ་སྒོམ་པ་འབའ་ཞིག་གིས་མཐའི་གནས་བྱེད་པར་འགྱུར་རོ། ། ཞེས་བཤད་པ་དང་འདིར་འགལ་བ་མེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ། ། འཁོར་གྱི་དཀྱིལ་འཁོར་ཆེན་པོའི་མངོན་སུམ། ། རྡོ་རྗེའི་སྙིང་པོས་ང་ལ་ཞུས་པ། ། ཚུལ་ཁྲིམས་ཉམས་པའི་དགེ་སློང་དག་ལ། ། ཅི་ཕྱིར་མཆོད་པ་ གྱིས་ཤིག་ཅེས་སྐུལ། ། སྦྱངས་པའི་ཡོན་ཏན་ཀུན་ཀྱང་ཉམས་ནས། ། གླེན་ཞིང་ངན་པར་ལྟ་བ་འཛིན་པ། །
BO
ཆོས་ཀྱི་སྣོད་མིན་ལམ་སུན་འབྱིན་ལ། ། སྤྱོ་འམ་ཆད་པས་གཅད་དུ་མི་གནང་། ། དེ་ལས་ཐེག་པ་གསུམ་གྱི་དམ་ཆོས། ། ཡང་དག་པ་ཡི་རྣམ་པར་ སྒྲོལ་བ། ། སྨན་བཟང་ལྟ་བུ་བཤད་པ་ཐོས་ན། ། ཞི་བའི་མྱ་ངན་འདས་འགྱུར་ཞེས་གསུངས། ། ཅི་ཡི་ཕྱིར་ན་མདོ་སྡེ་གཞན་ལས། ། ཐེག་པ་ཆེན་པོ་གཅིག་གིས་གྲོལ་འགྱུར། ། ཐེག་པ་གཉིས་ཀྱི་ཆོས་ལ་སློབ་སྤངས། ། ཡང་འདིར་ཐེག་པ་གསུམ་བཤད་ ཅི་ཕྱིར། ། སེམས་ཅན་ཀུན་ལ་ཐུགས་བརྩེ་ཅན་གྱིས། ། ངན་པར་ལྟ་བའི་ལས་ཀུན་སྤངས་ཏེ། ། ཕན་པ་དང་ནི་བདེ་བའི་དོན་ཕྱིར། ། རྣམ་པར་གྲོལ་ཞིང་ཐེ་ཙོམ་གཅོད་གསོལ། ། རྒྱལ་རིགས་རྒྱལ་པོ་དག་ལ་ཕན་པ། ། རྗེའུ་རིགས་དམངས་རིགས་བར་ དུ་བདེ་ཕྱིར། ། དགེ་སློང་དག་ལ་གནོད་བྱེད་མི་གནང་། ། ཁ་ན་མ་ཐོ་ཆེན་པོའི་སྡིག་འགྱུར། ། ཁ་སྤུ་བྲེགས་ཤིང་ངུར་སྨྲིག་གོས་གྱོན། ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་རྒྱལ་མཚན། ། རྣམ་པར་གྲོལ་བའི་ལམ་གྱི་མིག་ཡིན། ། སངས་རྒྱས་ཀུན་གྱིས་ བྱིན་གྱིས་བརླབས་པ། ། སྤྱོད་ལམ་མང་པོ་ཡོངས་སུ་ཉམས་ཀྱང་། ། རྣམ་པར་གྲོལ་བ་ཡོངས་སུ་སྤངས་མིན། ། ངན་པར་ལྟ་བའི་སྡིག་པ་སྤངས་པས། ། མྱུར་དུ་མྱ་ངན་འདས་པ་འཐོབ་འགྱུར། །
BO
ཇི་ལྟར་སྨན་རབ་འཁུས་པར་གྱུར་ཀྱང་། ། ནད་རྣམས་ཀུན་ལ་ ཤིན་ཏུ་ཕན་འགྱུར། ། དེ་བཞིན་སྤྱོད་ལམ་ཉམས་པ་དེ་ཡང་། ། ཕ་རོལ་སྡུག་བསྔལ་ཞི་བར་བྱེད་འགྱུར། ། ཞུ་བའི་ལས་དང་གསོ་སྦྱིན་དག་ཏུ། ། དགེ་སྦྱོང་དེ་ནི་དེར་འདུག་མ་གནང་། ། གཞན་ལ་དམ་པའི་ཆོས་སྟོན་དབང་སྟེ། ། གཉི་གས་བསོད་ནམས་ ཆེན་པོ་ཐོབ་འགྱུར། ། དཀོན་མཆོག་གསུམ་ལ་དད་ཅིང་ཕྱོགས་ཏེ། ། ང་ལ་སྟོན་པ་ཆེན་པོར་འཛིན་པ། ། མི་དགེ་སྡིག་པ་མང་པོ་སྤོང་འགྱུར། ། མུ་སྟེགས་མང་པོ་གང་བས་དེ་མཆོག ། ཇི་ལྟར་སྲིན་མོའི་གླིང་དུ་འཁྱམས་པའི། ། འཇིགས་ཤིང་སྐྲག་ པའི་ཚོང་པ་དེ་དག ། ཀུན་གྱིས་རྟ་སྤུ་ཉག་རེ་བཟུང་བས། ། རྒྱ་མཚོ་ལས་རྒལ་བགེགས་དང་བྲལ་བ། ། དེ་ལྟར་ཚུལ་ཁྲིམས་ཉམས་པ་དེ་ནི། ། མི་དགེ་ངན་པར་ལྟ་བ་སྤངས་ཏེ། ། དད་པ་གཅིག་གི་རྒྱུ་ཡི་མཐུས་ན། ། ཉོན་མོངས་པ་ཡི་སྲིན་ལས་ཐར་འགྱུར། ། རྣམ་པར་གྲོལ་བའི་རྒྱལ་མཚན་བསྲུངས་ཏེ། ། སངས་རྒྱས་མང་པོས་བྱིན་གྱིས་བརླབས་པའི། ། ཚུལ་ཁྲིམས་ཉམས་ལ་གནོད་མི་བྱེད་ན། ། ཁ་ན་མ་ཐོའི་སྡིག་ལྕི་སྤོང་འགྱུར། ། བསོད་ནམས་ཆེན་པོ་ལ་ནི་མོས་ཤིང་། ། ཡང་དག་རྣམ་པར་གྲོལ་ལ་དགའ་ བ། །
BO
སྣོད་དང་སྣོད་མིན་ཀུན་ལ་མཉམ་སྲུང་། ། དེས་ནི་རྣམ་གྲོལ་ཐོབ་པར་མི་དཀའ། ། གླེན་པ་ང་རྒྱལ་ཐེག་པ་ཆེན་པོར། ། ཁས་འཆེ་དེ་ནི་ཤེས་པའི་མཐུ་མེད། ། ཐེག་པ་གཉིས་ཀྱི་ཆོས་ལ་རྨོངས་ན། ། ཐེག་པ་ཆེན་པོར་རིག་འགྱུར་ཅི་སྨོས། ། དཔེར་ ན་མིག་གི་འབྲས་བུ་ཉམས་ན། ། ཁ་དོག་རྣམ་པ་མཐོང་བར་མི་འགྱུར། ། དེ་བཞིན་དད་པ་ཉམས་ཤིང་མེད་ན། ། ཐེག་པ་ཆེན་པོ་ཤེས་པར་མི་ནུས། ། ཆུ་བྲན་བཏུང་བའི་མཐུ་ཡང་མེད་ན། ། རྒྱ་མཚོ་ཆེན་པོ་ག་ལ་རྔུབ་ནུས། ། ཐེག་པ་གཉིས་ཀྱང་གོམས་ མི་ནུས་ན། ། ཐེག་པ་ཆེན་པོ་ག་ལ་སློབ་ནུས། ། ཐེག་པ་གཉིས་ཀྱི་ཆོས་ལ་དད་ནས། ། ཐེག་པ་ཆེན་པོ་ལ་ནི་དད་འགྱུར། ། ཐེག་ཆེན་ཆོས་ལ་དད་པ་མེད་པར། ། ཚིག་ཏུ་སྨྲ་བས་དོན་དུ་མི་འགྱུར། ། ནང་ནི་ཡང་དག་ཆད་པར་ལྟ་ཞིང་། ། ཐེག་པ་ཆེན་པོ་ཅན་ཞེས་ཁས་འཆེ། ། མི་དགེ་གསུམ་གྱི་ལས་ནི་མི་སྲུང་། ། ང་ཡི་དམ་ཆོས་མ་རུང་འཇིག་བྱེད། ། གང་ཟག་དེ་ནི་ཚེ་འཕོས་གྱུར་ནས། ། མཚམས་མེད་སེམས་ཅན་དམྱལ་བར་ལྟུང་ངེས། ། དེ་བས་དབང་པོ་བརྟན་ཅིང་བཤད་བྱའི། ། སྣོད་ དུ་མ་གྱུར་པ་ལ་མ་ཡིན། ། བྱམས་པའི་སེམས་མེད་ང་རྒྱལ་དྲེགས་ཤིང་། ། གཏུམ་ཞིང་བརླང་བ་དབང་པོ་ཞན་པ། །
BO
དེ་ནི་ཆད་པར་ལྟ་བ་ཡིན་པར། ། མཁས་པ་རྣམས་ཀྱིས་དེ་དག་ཤེས་བྱ། ། ཉན་ཐོས་དང་ནི་རང་རྒྱལ་བ་དང་། ། ཐེག་པ་ཆེན་པོའི་སྣོད་ མ་ཡིན་ནོ། ། སངས་རྒྱས་ཀུན་ལ་སྨད་ཅིང་སྐུར་པས། ། ངེས་པར་མཚམས་མེད་དམྱལ་བར་ལྟུང་འགྱུར། ། འདུ་འཛི་ལ་དགའ་ཚུལ་ཁྲིམས་སྲུང་ཞིང་། ། སློབ་དཔོན་འཆབ་ཅིང་སྡུག་བསྔལ་འཇིགས་པ། ། མཁས་པ་དག་གིས་ཤེས་པར་གྱིས་ཤིག ། དེ་ནི་ཉན་ཐོས་ཐེག་པ་ཡིན་ནོ། ། སྦྱིན་ལ་དགའ་ཞིང་སྐྱེ་འགོག་རྟོག་པ། ། བས་མཐའི་གནས་ལ་དགའ་བ་དག་ནི། ། རང་རྒྱལ་པ་ཡི་ཐེག་པ་ཡིན་པར། ། མཁས་པ་དག་གིས་ཤེས་པར་གྱིས་ཤིག ། དགེ་བའི་རྩ་བ་ཀུན་དང་ལྡན་ཞིང་། ། བྱམས་པ་དང་ ནི་སྙིང་རྗེའི་སེམས་ཀྱིས། ། རྟག་ཏུ་ཕན་པའི་དོན་ལ་དགའ་བ། ། དེ་ནི་ཐེག་པ་ཆེན་པོ་ཡིན་ནོ། ། ཚུལ་ཁྲིམས་བསྲུང་ཕྱིར་ལུས་སྲོག་སྤོང་ཞིང་། ། སེམས་ཅན་དག་ལ་མི་འཚེ་མི་གནོད། ། སྟོང་པ་ཉིད་ཀྱི་ཆོས་ལ་བརྩོན་པ། ། ཐེག་པ་ཆེན་པོ་ཡིན་པར་ ཤེས་བྱ། ། ཐམས་ཅད་ཆོས་ལ་སེམས་ཀྱིས་བཟོད་ཅིང་། ། སྨྲ་བའི་ཚིག་འཇམ་འཇུངས་པ་མེད་པ། ། ཆོས་ལ་རྟག་ཏུ་དགའ་ཞིང་སྤྲོ་བ། ། དེ་ཡང་ཐེག་པ་ཆེན་པོ་ཡིན་ནོ། ། ཆོས་ཀྱི་སྣོད་དང་སྣོད་མིན་ཀུན་ལ། །
BO
བསམ་པ་མཉམ་པས་ཕན་པའི་དོན་ བྱེད། ། འཇིག་རྟེན་ཆོས་ཀྱིས་མི་གོས་པ་དག ། དེ་ཡང་ཐེག་ཆེན་ཡིན་པར་ཤེས་བྱ། ། དེ་བས་མཁས་པ་བློ་ཅན་དག་ནི། ། ཐེག་པ་གསུམ་ལ་ཤིན་ཏུ་དང་བསྐྱེད། ། དགེ་འདུན་དག་ལ་གནོད་མི་བྱེད་ན། ། མྱུར་དུ་བླ་མེད་བྱང་ཆུབ་གྲུབ་འགྱུར། ། རིགས་ ཀྱི་བུ་གཞན་ཡང་རྒྱལ་རིགས་དགེ་བ་དང་། བྲམ་ཟེ་དགེ་བ་དང་། བློན་པོ་དགེ་བ་དང་། ཁྱིམ་བདག་དགེ་བ་དང་། ཚོང་དཔོན་དགེ་བ་དང་། དགེ་སྦྱོང་དགེ་བ་དང་། རྗེའུ་རིགས་དང་། དམངས་རིགས་ལ་སོགས་པའི་སྐྱེས་པའམ། བུད་མེད་དེ་དག་ གནས་པ་དང་སྤྱད་པར་བྱ་བའི་འཁོར་ལོ་རྣམ་པ་བཅུ་དང་ལྡན་ན་ལུས་འདི་ཉིད་ཀྱིས་ཉན་ཐོས་ཀྱི་ཐེག་པའི་རིགས་ལས་ལྡོག་ཅིང་ཉམས་པར་མི་འགྱུར་བ་དང་། ཚེ་འདི་ཉིད་ལ་ཉན་ཐོས་ཀྱི་ཐེག་པའི་འཕགས་པའི་ཆོས་ཀྱི་སྣོད་དུ་འགྱུར་ཏེ། རང་སངས་རྒྱས་ ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་སྣོད་དུ་ནི་མ་ཡིན་ནོ། ། བཅུ་གང་ཞེ་ན་འདི་ལྟ་སྟེ། བསམ་པ་ཡོངས་སུ་དག་པའི་དད་པས་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ཡོད་པར་ཡིད་ཆེས་པ་དང་། ཁྲེལ་བ་དང་། ངོ་ཚ་བ་དང་ལྡན་པས་མི་དགེ་བའི་ གྲོགས་དང་། ངན་པར་ལྟ་བ་ཐམས་ཅད་ཡོངས་སུ་སྤོང་བ་དང་།
BO
སྡོམ་པ་ལ་ཤིན་ཏུ་གནས་ཏེ། སྲོག་གཅོད་པ་ཡོངས་སུ་སྤོང་བ་ནས་བག་མེད་པར་འགྱུར་བའི་ཁུ་བ་འཐུང་བའི་བར་དུ་ཡོངས་སུ་སྤོང་བ་དང་། བྱམས་པའི་སེམས་ལ་གནས་ཏེ་ཞེ་ སྡང་དང་། ཁོང་ཁྲོ་བ་ཐམས་ཅད་ཡོངས་སུ་སྤོང་བ་དང་། སྙིང་རྗེའི་སེམས་ལ་གནས་ཏེ་སེམས་ཅན་ཉམ་ཐག་པ་ཐམས་ཅད་སྒྲོལ་བ་དང་། དགའ་བའི་སེམས་ལ་བདེ་བར་གནས་ཏེ། ངག་གི་ལས་མི་དགེ་བ་བཞི་ཡོངས་སུ་སྤོང་བ་དང་། བཏང་སྙོམས་ ཀྱི་སེམས་ལ་གནས་ཏེ། འདོད་ཆགས་དང་། སེར་སྣ་དང་། ཕྲག་དོག་ཐམས་ཅད་ཡོངས་སུ་སྤོང་བ་དང་། ཡང་དག་པ་ལ་ཕྱོགས་ཏེ་སླུ་བའི་ལྟས་བཟང་ངན་ཀུན་ཡོངས་སུ་སྤོང་ཞིང་ལོག་པ་མུ་སྟེགས་ཅན་ལ་མི་སྟེན་པ་དང་། ཤིན་ཏུ་འབད་པའི་ བརྩོན་འགྲུས་དང་ལྡན་ཏེ་དགེ་བའི་ཆོས་ཀུན་ལ་ནན་ཏན་བྱེད་པ་དང་། རྟག་ཏུ་དགོན་པ་ལ་དགའ་ཞིང་ཆོས་ཀྱི་དོན་ཚོལ་བ་ལ་མི་སྐྱོ་བར་སྤྲོ་བའོ། ། རིགས་ཀྱི་བུ་རྒྱལ་རིགས་དགེ་བ་ནས་རྗེའུ་རིགས་དང་། དམངས་རིགས་ལ་སོགས་པའི་སྐྱེས་ པ་དང་། བུད་མེད་དེ་དག་གནས་པ་དང་སྤྱད་པར་བྱ་བའི་འཁོར་ལོ་བཅུ་པོ་འདི་དག་དང་ལྡན་ན་ཚེ་འདི་ཉིད་ལ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ལས་ལྡོག་ཅིང་ཉམས་པར་མི་འགྱུར་བ་དང་།
BO
ཚེ་འདི་ཉིད་ལ་ཉན་ཐོས་ཀྱི་ཐེག་པའི་འཕགས་པའི་ཆོས་མངོན་དུ་གྱུར་པ་ དང་ཉན་ཐོས་ཀྱི་འཕགས་པའི་ཆོས་ཀྱི་སྣོད་དུ་གྱུར་ཏེ། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་འཕགས་པའི་ཆོས་མངོན་དུ་གྱུར་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་སྣོད་དུ་འགྱུར་བ་ནི་མ་ཡིན་ནོ། ། གཞུང་དེས་རང་ སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཡང་ཤེས་པར་བྱའོ། ། རིགས་ཀྱི་བུ་དེ་ལྟར་གནས་པ་དང་སྤྱད་པར་ལྡན་པའི་འཁོར་ལོ་བཅུ་པོ་དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་བཅོམ་ལྡན་ འདས་ཐམས་ཅད་ཀྱི་ཐུན་མོང་དུ་ཡོད་པའོ། ། རིགས་ཀྱི་བུ་གཞན་ཡང་གནས་པ་དང་སྤྱད་པར་བྱ་བའི་འཁོར་ལོ་རྣམ་པ་བཅུ་ཉན་ཐོས་དང་ཐུན་མོང་མ་ཡིན་པ། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་བཅོམ་ལྡན་འདས་དང་ཐུན་ མོང་བ་ཡོད་དོ། ། གང་རྒྱལ་རིགས་དགེ་བ་ནས་རྗེའུ་རིགས་དང་། དམངས་རིགས་ལ་སོགས་པའི་སྐྱེས་པ་དང་། བུད་མེད་དེ་དག་གནས་པ་དང་སྤྱད་པར་བྱ་བའི་འཁོར་ལོ་བཅུ་པོ་འདི་དག་དང་ལྡན་ན་ཚེ་འདི་ཉིད་ཀྱིས་རང་སངས་རྒྱས་ཀྱི་ཐེག་པའི་རིགས་ལས་ ཀྱང་ཉམས་པར་མི་འགྱུར་བ་དང་།
BO
མི་ལྡོག་པ་དང་། ལུས་འདི་ཉིད་ལ་རང་སངས་རྒྱས་ཀྱི་ཐེག་པའི་འཕགས་པའི་ཆོས་རིག་པ་དང་། རང་སངས་རྒྱས་ཀྱི་འཕགས་པའི་ཆོས་ཀྱི་སྣོད་དུ་འགྱུར་རོ། ། བཅུ་གང་ཞེ་ན་འདི་ལྟ་སྟེ། ལུས་དང་། ངག་དང་། ཡིད་ཀྱི་ལས་རྣམ་པར་དག་པར་སྦྱོང་བ་དང་། ཁྲེལ་བ་དང་། ངོ་ཚ་བ་དང་ལྡན་ཏེ། བདག་གི་ལུས་ཀྱིས་སྐྱོ་བ་དང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཤིན་ཏུ་འཇིགས་པ་སྐྱེད་པ་དང་། འཁོར་བའི་འདོད་པ་ལས་ཤིན་ཏུ་རྒལ་དཀའ་བར་ལྟ་བ་དང་། རྟག་ཏུ་ དབེན་པའི་གནས་ལ་དགའ་ཞིང་འདུ་འཛི་ཡོངས་སུ་སྤོང་བ་དང་། བས་མཐའ་དགོན་པ་ལ་དགའ་ཞིང་། གཞན་གྱི་སྐྱོན་མི་གླེང་བ་དང་། དབང་པོ་རྣམས་སྡོམ་ཞིང་སེམས་རྟག་ཏུ་ཞི་བས་ཏིང་ངེ་འཛིན་དུ་བྱེད་པ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་ མཁས་པས་རྒྱུ་དང་འབྲས་བུ་ལ་ཤིན་ཏུ་རྟོག་པ་དང་། རྟག་ཏུ་བསམ་གཏན་ལ་མཉམ་པར་འཇོག་པར་དགའ་བ་དང་། ཀུན་ནས་ལྡང་བའི་ཆོས་ཡོངས་སུ་འགོག་པ་ལ་མཁས་པའོ། ། རིགས་ཀྱི་བུ་རྒྱལ་རིགས་དགེ་བ་ནས་རྗེའུ་རིགས་དང་།
BO
དམངས་ རིགས་ལ་སོགས་པའི་སྐྱེས་པ་དང་བུད་མེད་དེ་དག་གནས་པ་དང་སྤྱད་པར་བྱ་བའི་འཁོར་ལོ་བཅུ་པོ་འདི་དག་དང་ལྡན་པས་ཚེ་འདི་ཉིད་ཀྱིས་རང་སངས་རྒྱས་ཀྱི་ཐེག་པའི་རིགས་ལས་ཕྱིར་ལྡོག་ཅིང་ཉམས་པ་ཡོད་པར་མི་འགྱུར་བ་དང་། ཚེ་འདི་ཉིད་ཀྱིས་རང་ སངས་རྒྱས་ཀྱི་ཐེག་པའི་འཕགས་པའི་ཆོས་མངོན་དུ་འགྱུར་བ་དང་། རང་སངས་རྒྱས་ཀྱི་ཐེག་པའི་འཕགས་པའི་ཆོས་ཀྱི་སྣོད་དུ་འགྱུར་བའོ། ། རིགས་ཀྱི་བུ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་གནས་པ་དང་སྤྱད་པར་བྱ་བའི་འཁོར་ ལོ་ཞེས་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཁོར་ལོ་འདི་ལ་གནས་ན་མྱུར་དུ་སྲིད་པ་གསུམ་གྱི་རྒྱ་མཚོ་ལས་རྒལ་ཏེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་ཕྱིན་པར་འགྱུར་རོ། ། རིགས་ཀྱི་བུ་གནས་པ་དང་སྤྱད་པར་བྱ་བའི་འཁོར་ ལོ་ཞེས་བྱ་བའི་ཚིག་གི་དོན་གང་ལགས་དེ་ལ་གནས་པ་ཞེས་བྱ་བ་ནི་འཛིན་པ་དང་བཅས་པ། བདག་གི་བའི་གནས་སུ་བཅས་པ། སྡུད་པར་བྱེད་པ་དང་བཅས་པ། འབྲེལ་བར་བྱེད་པ་དང་བཅས་པའོ། ། དེ་ལ་སྤྱད་པ་ཞེས་བྱ་བ་ནི་ཕུང་པོ་སྤྱོད་པ་ དང་། ཁམས་སྤྱོད་པ་དང་། སྐྱེ་མཆེད་སྤྱོད་པ་དང་། འབྲེལ་པ་དང་བཅས་པའི་སྤྱོད་པའོ། །
BO
འཁོར་ལོ་ཞེས་བྱ་བ་ནི་བསླབ་པ་དང་། དམ་ཚིག་གི་འཁོར་ལོ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཤིང་རྟའི་འཁོར་ལོའམ་འཁོར་ལོ་དེ་ གཙོ་བོར་སྤྱོད་དོ། ། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་འཁོར་ལོ་འདི་ལ་བརྟེན་ནས་མྱ་ངན་ལས་འདའ་བའི་ལམ་ཚོལ་ཏེ། དེ་བས་ན་རྣམ་པ་འདི་གཉིས་ནི་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སྤྱོད་པ་དམའ་ཞིང་ ཞན་པ་ལ་བརྟེན་པས་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། བདག་ཕུང་པོ་རྣམས་སྤྱོད་པ་ལ་འཛིན་པར་བྱེད་པ་དང་བཅས་པ་ལ་སྐྱོ་ཞིང་འཇིགས་ཏེ། བདག་འབའ་ཞིག་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཚོལ་གྱི་སེམས་ཅན་ཐམས་ཅད་རྣམ་ པར་དགྲོལ་བའི་ཕྱིར་ནན་ཏན་བྱེད་པ་མ་ཡིན་པས་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། བདག་ཁམས་རྣམས་སྤྱོད་པ་ལ་གནས་སུ་བཅས་པས་སྐྱོ་ཞིང་འཇིགས་ཏེ། བདག་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བ་ ཚོལ་གྱི་སེམས་ཅན་ཐམས་ཅད་རྣམ་པར་དགྲོལ་བའི་ཕྱིར་ནན་ཏན་བྱེད་པ་མ་ཡིན་པས་ན་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། བདག་སྐྱེ་མཆེད་མངོན་པར་འདུ་བ་རྣམས་སྤྱོད་པ་ལ་སྡུད་པར་བྱེད་པ་དང་བཅས་པས་སྐྱོ་ཞི་ང་འཇིགས་ཏེ།
BO
བདག་སྡུག་བསྔལ་ཐམས་ཅད་ལས་རྣམ་ པར་གྲོལ་བ་ཚོལ་གྱི་སེམས་ཅན་ཐམས་ཅད་རྣམ་པར་དགྲོལ་བའི་ཕྱིར་ནན་ཏན་བྱེད་པ་མ་ཡིན་པས་ན་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། དེ་དག་འབྲེལ་པ་དང་བཅས་པའི་སྤྱོད་པ་ལ་འབྲེལ་པའི་དབང་གིས་གནས་ཤིང་བརྟེན་ནས་གནས་ཤིང་བརྟེན་པ་མངོན་པར་འདུ་བྱེད་དེ་ སེམས་ཅན་ཐམས་ཅད་སྡུད་པ་ལ་མི་དགའ་ཞིང་བྱམས་པ་དང་། སྙིང་རྗེ་མེད་དེ་འབྲེལ་པ་དང་བཅས་པའི་ཕྱིར་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། གཞན་དག་སྡུག་བསྔལ་མང་པོ་མྱོང་བར་མཐོང་ཡང་ཡལ་བར་བཏང་སྟེ་མི་སྐྱོ་བ་ལ་བདག་འབའ་ཞིག་རྣམ་པར་གྲོལ་བ་ ཚོལ་བའི་ཕྱིར་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། དེ་དག་བདག་གི་ཀུན་ནས་ཉོན་མོངས་པའི་མགོ་བཅད་པས་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པའི་མགོ་གཅོད་པ་ལ་མི་སྤྲོ་བས་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། དེ་དག་ཐེག་པ་ཆེན་པོའི་འཁོར་ ལོས་བྱང་ཆུབ་ལ་འབབ་པ་མ་ཡིན་པས་ན་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། དེ་དག་འོད་ཆེན་པོའི་འཁོར་ལོས་བྱང་ཆུབ་ལ་འབབ་པ་མ་ཡིན་པས་ན་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། །
BO
དེ་དག་གཅིག་པུ་ཟླ་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ལ་ དགའ་ཞིང་ནན་ཏན་བྱེད་པས་ན་ཐེག་པ་ཆེན་པོའི་སྣོད་མ་ཡིན་ནོ། ། རིགས་ཀྱི་བུ་སེམས་ཅན་གང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་ནན་ཏན་མ་བྱས་པ་བརྩོན་འགྲུས་མ་བརྩམས་པ་དག་ནི་དབང་པོ་ཡོངས་སུ་མ་སྨིན་ཏེ། དབང་ པོ་ཞན་པ། བརྩོན་འགྲུས་ཆུང་བདག་ལ་གལ་ཏེ་ཤིན་ཏུ་ཟབ་མོ་ཐེག་པ་ཆེན་པོའི་དམ་པའི་ཆོས་བསྟན་ན་བཤད་པ་དང་ཉན་པ་གཉི་ག་ཁ་ན་མ་ཐོ་བ་ཆེན་པོའི་སྡིག་ཐོབ་པར་འགྱུར་ཏེ་དེ་ནི་སངས་རྒྱས་ཐམས་ཅད་ལ་འཁུས་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་ནན་ཏན་མ་བྱས་ཤིང་བརྩོན་འགྲུས་མ་བརྩམས་ཏེ། དབང་པོ་ཞན་པ། བརྩོན་འགྲུས་ཆུང་བ་དག་ཤིན་ཏུ་ཟབ་པ་ཐེག་པ་ཆེན་པོའི་དམ་པའི་ཆོས་མཉན་ན་སེམས་ཅན་དེ་ ནི་ཡང་དག་པར་གླེན་པ། གཏི་མུག་པ་ཡིན་ཏེ་དེ་ནི་བདག་ཤེས་པར་ཁས་འཆེ་ཡང་ཆད་པའི་མཐའ་དང་། ལོག་པའི་འདུ་ཤེས་སུ་འགྱུར་བ་དང་རྒྱུ་མེད་པར་སྨྲ་ཞིང་ལས་ཀྱི་འབྲས་བུ་རྣམས་ལ་མེད་པར་འཛིན་པས་དགེ་བ་བྱས་པ་དང་། སྡིག་པ་བྱས་པ་ཐམས་ ཅད་ལ་མེད་པར་འཛིན་པ་དང་།
BO
ཐེག་པ་ཆེན་པོ་ལ་{བརྫུན་,རྫུན་}དུ་སྨྲ་ཞིང་ངའི་དམ་པའི་ཆོས་མ་རུང་བར་བྱེད་པ་ཆོས་མ་ཡིན་པ་ལ་ནི་ཆོས་ཡིན་པར་འཆད་པ་ཆོས་ལ་ནི་ཆོས་མ་ཡིན་པར་འཆད་པ། དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་ཡིན་པར་འཆད་པ། དགེ་སྦྱོང་ཡང་ དག་པ་ལ་ནི་དགེ་སྦྱོང་མ་ཡིན་པར་འཆད་པ་འདུལ་བ་མ་ཡིན་པ་ལ་ནི་འདུལ་བར་འཆད་པ་འདུལ་བ་ཡང་དག་པ་ལ་ནི་འདུལ་བ་མ་ཡིན་པར་འཆད་དེ། གླེན་པ་གཏི་མུག་གི་རང་བཞིན་ཅན་ང་རྒྱལ་གྱིས་མངོན་པར་ཟིན་པ། ཕྲག་དོག་དང་སེར་སྣས་ ཡོངས་སུ་བསྟེན་པ་ཐེག་པ་ཆེན་པོའི་ཆོས་ལ་བསྟོད་ཅིང་སྲུང་བ་དང་ཀུན་ཏུ་རྒྱས་པར་བྱེད་ཀྱང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་འཕྱ་ཞིང་སྐུར་ནས་རྒྱས་པར་མི་བྱེད་དོ། ། དེ་ནི་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མེད་པ་ཡང་དག་པའི་ཐེག་པ་ལ་བརྟེན་ཏེ། ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཀྱང་དགེ་སློང་ཉིད་དུ་འགྱུར་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང་། དགེ་བའི་ཆོས་ཐམས་ཅད་མངོན་པར་སྡུད་པའི་རྒྱུ་ཡང་དག་པ་ཇི་ ལྟ་བ་བཞིན་དུ་མི་ཤེས་པས་ངའི་སློབ་མ་ཆོས་ཀྱི་སྣོད་དུ་གྱུར་པ་དང་།
BO
ཆོས་ཀྱི་སྣོད་དུ་མ་གྱུར་པ་དང་། སློབ་པ་དང་། མི་སློབ་པ་ལ་ནན་ཏན་བྱེད་པ་དང་། མཐའི་གནས་བྱས་པའི་འབྲས་བུ་ཐོབ་པ་དང་། དགེ་བའི་སྐྱེ་བོ་ཚུལ་ཁྲིམས་སྲུང་བ་དང་། ཚུལ་ ཁྲིམས་ཉམས་པ་དང་། ཚུལ་ཁྲིམས་མེད་པ་དག་ལ་རྣམ་པ་སྣ་ཚོགས་ཀྱིས་སྤྱོ་ཞིང་གཤེ་བ་དང་། གནོད་པ་བྱེད་པ་དང་། ཆོས་གོས་དང་། ལྷུང་བཟེད་འཕྲོག་པ་དང་། འཚོ་བའི་ཡོ་བྱད་ལ་སྤྱོད་དུ་མི་སྟེར་བ་དང་། བཟུང་ཞིང་བཅིང་བ་ཡང་བྱེད་དོ། ། དེ་ལྟར་རྒྱུ་དང་འབྲས་བུ་ཐམས་ཅད་མེད་པར་ལྟ་ཞིང་ཆད་པར་སྨྲ་བ་དག་ནི་མིའི་ནང་ན་གནས་ཀྱང་དེ་ནི་ཡང་དག་པར་སྲིན་པོ་ཞེས་བྱ་སྟེ། མ་འོངས་པའི་དུས་ན་བསྐལ་པ་ཆེན་པོ་གྲངས་མེད་པའི་བར་དུ་ཡང་མིའི་ལུས་ཐོབ་པར་དཀའོ། ། སེམས་ཅན་དམྱལ་བར་ཚད་མེད་ པའི་སྡུག་བསྔལ་མྱོང་བར་ཡང་སླའི། མིའི་ནང་ན་ཆད་པར་ལྟ་བ་ནི་མ་ཡིན་ནོ། ། དེ་ལྟར་གང་ཟག་གླེན་པ་དེ་ནི་རིང་པོ་མི་ཐོགས་པར་ལུས་ཀྱི་ཡན་ལག་དུམ་བུར་ཆད་ཅིང་ཉིན་ཞག་དུ་མར་ལྕེ་ལྐུགས་ཤིང་སྨྲ་མི་ནུས་པ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་ སྡུག་བསྔལ་ཆེན་པོ་མྱོང་བ་དང་།
BO
ཚེ་འཕོས་ནས་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ཞིང་ངན་སོང་ཀུན་ཏུ་འཁོར་ལོ་བཞིན་དུ་འཁོར་ལ་སྡུག་བསྔལ་མང་པོ་ལེན་ཏེ་ཐར་བའི་དུས་མེད་དོ། ། བསྐལ་པ་བརྒྱ་སྟོང་གི་བར་དུ་ཡང་མིའི་ལུས་ ཐོབ་པར་དཀའོ། ། གལ་ཏེ་བསྐལ་པ་ཚད་མེད་གྲངས་མེད་པ་འདས་ནས་མིའི་ལུས་ཐོབ་ན་ཡང་སངས་རྒྱས་མི་བཞུགས་པ་རྙོག་པ་ལྔའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་སྟེ་དམུས་ལོང་དུ་འགྱུར་བ་དང་། འོན་པ་དང་། ལྐུགས་པ་དང་། ལྕེ་མེད་པ་དང་། ནད་ རྣམ་པ་སྣ་ཚོགས་ཀྱིས་གཟིར་བ་དང་། ལུས་ཐུང་ཞིང་མི་སྡུག་པས་ཀུན་གྱི་ཡིད་དུ་མི་འོང་བ་དང་། སྨྲ་མི་མཁས་ཤིང་ཚིག་རྣར་མི་འོང་བ་དང་། སེམས་རྟག་ཏུ་མྱོས་ཤིང་ཅི་ཡང་མི་ཤེས་པ་དང་། དབུལ་ཕོངས་པའི་རིགས་སུ་སྐྱེས་ནས་ཅི་ཡང་མི་རྙེད་པ་དང་། དགེ་ བའི་བཤེས་གཉེན་དང་མི་ཕྲད་པ་དང་། སྡིག་པའི་བཤེས་གཉེན་གྱི་རྗེས་སུ་སྡིག་པའི་ལས་བྱེད་པ་ལ་དགའ་བ་དང་། ངན་པར་ལྟ་བ་ལ་ཆགས་ཤིང་། མཚམས་མེད་པའི་སྡིག་པ་བྱེད་པ་ལ་དགའ་བས་ཕྱིར་ཡང་མཚམས་མེད་པའི་སེམས་ ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། ངན་སོང་ལས་ཤིན་ཏུ་ཐར་བར་དཀའོ། ། དེ་ལྟར་གླེན་པ་གཏི་མུག་ཅན་ཆད་པ་དང་།
BO
འགོག་པར་སྨྲ་བ་དེས་ངའི་དམ་པའི་ཆོས་མ་རུང་བར་བྱས་ནས་ངའི་སློབ་མ་ཚུལ་ཁྲིམས་སྲུང་བ་དང་། ཚུལ་ཁྲིམས་ཉམས་པ་དང་། ཚུལ་ཁྲིམས་མེད་པ་ལ་ནན་ཏན་གྱིས་ཆད་པས་གཅོད་ཅིང་དགེ་བའི་ཕྱོགས་ལ་བདེ་བར་སྤྱོད་དུ་མི་སྟེར་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་ལྷུང་ནས་མུན་པ་ནས་མུན་པར་རྒྱུ་སྟེ། ཐར་བའི་དུས་མེད་དོ། ། དེ་ལྟར་སེམས་ཅན་དེའི་སྡིག་པ་ རྣམ་པར་སྨིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་མཉན་པ་ལ་ནན་ཏན་མ་བྱས་པར་ཤིན་ཏུ་ཟབ་པ་ཐེག་པ་ཆེན་པོའི་དམ་པའི་ཆོས་ལ་ཉན་ཅིང་ནན་ཏན་བྱེད་པ་ལ་རྩོལ་བའི་ཕྱིར་རོ། ། དེ་ལྟར་གླེན་པ་གཏི་མུག་ཅན་ཆད་པར་ལྟ་བར་སྨྲ་བ་དེ་མི་མ་རབས་ཐ་མའི་ ལུས་ཀྱང་ཐོབ་པར་དཀའ་ན་འཕགས་པའི་ཆོས་ཀྱི་སྣོད་དུ་འགྱུར་བ་ལྟ་ཅི་སྨོས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བ་ཡང་མི་ཐོབ་ན་ཤིན་ཏུ་ཟབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལྟ་ཅི་སྨོས་ཏེ། སེམས་ ཅན་དེའི་ཉེས་པ་ནི་ཉན་ཐོས་ཀྱི་ཐེག་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་མ་བསླབས་པར་ཐེག་པ་ཆེན་པོའི་ཆོས་ལ་ཞུགས་པར་གྱུར་པའི་ཕྱིར་རོ། །
BO
རིགས་ཀྱི་བུ་འདི་ལྟ་སྟེ། རྫ་སོ་མ་བཏང་བའི་ནང་དུ་མར་དང་འོ་མ་བླུགས་ན་ཐམས་ཅད་འཐུངས་ ནས་སྣོད་དང་བཅུད་གཉི་ག་མ་རུང་བར་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། སྣོད་ལ་སྐྱོན་ཡོད་པའི་ཕྱིར་རོ། ། དེ་བཞིན་དུ་སེམས་ཅན་དག་ཀྱང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་ཤིན་ཏུ་ནན་ཏན་མ་བྱས་པ་ཡང་དག་པའི་བརྩོན་འགྲུས་མ་ བརྩམས་པ་དབང་པོ་ཡོངས་སུ་མ་སྨིན་པ་དབང་པོ་ཞན་པ། བརྩོན་འགྲུས་ཆུང་བ་དག་ལ་གང་གིས་ཤིན་ཏུ་ཟབ་པ་ཐེག་པ་ཆེན་པོའི་དམ་པའི་ཆོས་བཤད་ན་བཤད་པ་དང་ཉན་པ་གཉི་ག་ཁ་ན་མ་ཐོ་བ་ཆེན་པོའི་སྡིག་ཐོབ་པར་འགྱུར་ཏེ་སངས་རྒྱས་ཐམས་ཅད་ལ་འཁུས་ པའི་སྐྱོན་དུ་འགྱུར་བ་ནི་གོང་དུ་རྒྱས་པར་བཤད་པ་བཞིན་ནོ། ། ཡང་འདི་ལྟ་སྟེ་འཇིག་རྟེན་པའི་བང་མཛོད་ཟག་པ་ཞིག་རལ་ཅན་གྱི་ནང་དུ་ནོར་རིན་པོ་ཆེ་བཅུག་ན་ཆུད་ཟོས་ཤིང་སྟོར་བར་འགྱུར་རོ། ། དེ་བཞིན་དུ་སེམས་ཅན་གང་ཐེག་པ་གཉིས་ཀྱི་ཆོས་ལ་འཕྱ་ཞིང་སྐུར་ཏེ་ མ་དད་པ་ནན་ཏན་དུ་མི་སློབ་པ་དག་ལ་ཐེག་པ་ཆེན་པོ་བཤད་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། དེའི་དབང་གིས་སྡིག་བྱེད་ཅིང་འཁོར་བའི་མཐའ་ཟད་མི་ཤེས་པར་འགྱུར་རོ། །
BO
འདི་ལྟ་སྟེ་གྲུ་ཟག་པ་བུག་རྡོལ་ཅན་སྐྱེད་པ་དང་འདེག་པ་མི་ནུས་པ་ལ་ཞོན་ཏེ། རྒྱ་མཚོའི་ནང་དུ་འཇུག་པ་དེ་བཞིན་དུ་སེམས་ཅན་གང་སེར་སྣ་དང་ཕྲག་དོག་གི་དབང་དུ་གྱུར་པ་ཐེག་པ་གཉིས་ཀྱི་ཆོས་ལ་ནན་ཏན་མ་བྱས་པར་བདག་ནི་ཐེག་པ་ཆེན་པོ་པ་ཡིན་ནོ་ཞེས་ཁས་འཆེ་བ་དེ་ནི་ཆད་པར་ལྟ་བ། ང་རྒྱལ་ཅན་གཡོ་དང་སྒྱུས་ཟག་པ་ཅན་དུ་གྱུར་པའི་ལུས་ཀྱིས་ ཐམས་ཅད་མཁྱེན་པའི་རྒྱ་མཚོར་འཇུག་མི་ནུས་སོ། ། འདི་ལྟ་སྟེ་གང་ཟག་དམུས་ལོང་དུ་གྱུར་པ་ནི་རིན་པོ་ཆེ་རྣམ་པ་སྣ་ཚོགས་བསྟན་པའི་གནས་སུ་མི་འགྱུར་རོ། ། དེ་བཞིན་དུ་ང་རྒྱལ་གྱི་དབང་དུ་གྱུར་པ་བག་མེད་པ་སྟོང་པར་ལྟ་བ་ལ་ཆགས་ཤིང་ཐེག་པ་གཉིས་མི་སློབ་ པའི་ཤེས་རབ་ཀྱི་མིག་མེད་པས་དམུས་ལོང་དུ་གྱུར་པ་ལ་ནི་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཡོན་ཏན་རིན་པོ་ཆེ་བསྟན་པའི་གནས་སུ་མི་འགྱུར་རོ། ། འདི་ལྟ་སྟེ་ལུས་ཤིན་ཏུ་མནམ་ཞིང་རུལ་བར་གྱུར་པ་ལ་བྱུག་པ་དྲི་ཞིམ་པ་རྣམ་པ་སྣ་ཚོགས་ཀྱིས་བྱུགས་ཀྱང་དྲི་ཞིམ་པར་ མི་འགྱུར་རོ། ། དེ་བཞིན་དུ་སེམས་ཅན་གླེན་པ་གཏི་མུག་ཅན་ང་རྒྱལ་གྱིས་མངོན་པར་ཟིན་པ།
BO
ཐེག་པ་གཉིས་ཀྱི་ཆོས་ལ་བརྩོན་པར་མ་དད་ཅིང་སྲོག་གཅོད་པ་མ་སྤངས་པ་ནས་ལོག་པར་ལྟ་བའི་བར་དུ་མ་སྤངས་པ་དེ་དག་ནི་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་ནན་ཏན་ བྱེད་ཀྱང་ཤིན་ཏུ་ཟབ་མོའི་ཆོས་ཤེས་པར་མི་ནུས་སོ། ། འདི་ལྟ་སྟེ་གྲམ་ཁྲོད་དུ་ས་བོན་བཟང་པོ་བཏབ་སྟེ་ཤིན་ཏུ་ལས་ཆེར་བྱས་ཀྱང་འབྲས་བུ་དང་ལོ་ཏོག་རྙེད་པར་མི་འགྱུར་རོ། ། དེ་བཞིན་དུ་སེམས་ཅན་གང་ཐེག་པ་གཉིས་ཀྱི་ཆོས་ལ་ང་རྒྱལ་དང་། ལེ་ལོ་བྱེད་དེ་ནན་ ཏན་མི་བྱེད་པ་དང་། འདོད་པ་ལྔ་ལ་ཆགས་ཏེ་མི་སྐྱོ་བ་དག་ལུས་དེ་ཉིད་ལ་ཐེག་པ་ཆེན་པོའི་རིགས་སུ་ཤིན་ཏུ་སྤྱད་དཀའ་བའི་བརྩོན་འགྲུས་བྱས་ཀྱང་ཅིར་ཡང་འགྲུབ་པའི་དོན་མེད་དོ། ། འདི་ལྟ་སྟེ་རྫ་མ་སྔར་དུག་གི་སྣོད་བྱས་པའི་ནང་དུ་ཕྱིས་ཤ་ཁ་ར་{ཆུང་ཟད་,ཅུང་ཟད་}ཙམ་ བཏབ་པས་སྤྱད་དུ་མི་རུང་ངོ་། ། དེ་བཞིན་དུ་སེམས་ཅན་གང་ཐེག་པ་གཉིས་ཀྱི་ཆོས་ལ་ནན་ཏན་མི་བྱེད་པ་རྒྱུ་མེད་པར་སྨྲ་བ་ལ་ཐེག་པ་ཆེན་པོ་བསྟན་ཀྱང་བདག་དང་གཞན་ལ་ཕན་པའི་དོན་དུ་མི་འགྱུར་རོ། ། འདི་ལྟ་སྟེ་སྔར་ཤ་ཁ་རའི་སྣོད་བྱས་པའི་རྫ་མའི་ནང་དུ་ ཕྱིས་དུག་ཅུང་ཟད་བཏབ་ན་ཡང་སྤྱད་དུ་མི་རུང་ངོ་། །
BO
དེ་བཞིན་དུ་སེམས་ཅན་གང་ཐེག་པ་གཉིས་ཀྱི་ཆོས་ལ་ནན་ཏན་མ་བྱས་པར་ཐེག་པ་ཆེན་པོ་སྟོན་ན་གཉི་ག་ཉམས་ཤིང་འཁྱམས་པར་འགྱུར་རོ། ། འདི་ལྟ་སྟེ་དཔེར་ན་སྨྱོས་ཤིང་སེམས་འཁྲུགས་པའི་མདུན་ དུ་རོལ་མོ་སྣ་ཚོགས་བྱས་ཀྱང་བྱེ་བྲག་མི་ཕྱེད་པ་དེ་བཞིན་དུ་སེམས་ཅན་གང་ཐེག་པ་གཉིས་ཀྱི་ཆོས་ལ་ཤིན་ཏུ་ནན་ཏན་མ་བྱས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་དྲག་པོས་སེམས་བསླད་པས་རྒྱུ་མེད་ པར་འཛིན་པ། ཆད་པ་དང་མེད་པར་སྨྲ་བ། དབང་པོ་མ་སྨིན་པ་དག་ལ་ཐེག་པ་ཆེན་པོ་ཡུན་རིང་མོ་ཞིག་ཏུ་བཤད་ཀྱང་ཤེས་པར་རམ་རྟོགས་པར་མི་ནུས་སོ། ། འདི་ལྟ་སྟེ། གང་ཞིག་གོ་ཆ་མེད་དེ་མཚོན་ཆ་མི་ཐོགས་པར་གཡུལ་ངོར་སོང་ན་གདོན་མི་ཟ་བར་རྨས་ ཤིང་སྡུག་བསྔལ་མྱོང་བར་འགྱུར་རོ། ། དེ་བཞིན་དུ་སེམས་ཅན་གང་ཐེག་པ་གཉིས་ཀྱི་ཆོས་ལ་ནན་ཏན་མ་བྱས་པ་ཤེས་རབ་ཞན་པ། དབང་པོ་དང་སྣོད་དུ་མ་གྱུར་པ་དག་ལ་ཐེག་པ་ཆེན་པོ་བཤད་ན་གདོན་མི་ཟ་བར་ལོག་པར་འཛིན་པའི་ཕྱིར་སྡིག་པའི་ལས་ཀུན་བྱེད་ པ་ལ་ཟད་པའི་མཐའ་མེད་དོ། །
BO
དེ་ལྟར་གླེན་པ་གཏི་མུག་ཅན་དེ་རིང་པོ་མི་ཐོགས་པར་ལུས་ཀྱི་ཡན་ལག་དུམ་བུར་ཆད་པ་ཉིན་ཞག་དུ་མར་ལྕེ་ལྐུགས་ཤིང་སྨྲ་མི་ནུས་པ་དང་། ཤིན་ཏུ་མི་བཟད་པའི་ན་བ་དང་ཚ་བའི་སྡུག་བསྔལ་ཆེན་པོ་མྱོང་བ་དང་འཆི་འཕོས་ནས་ཀྱང་ གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེ་སྟེ་ངན་སོང་རྣམས་སུ་འཁོར་ཞིང་འཇུག་པ་ནི་ཇི་ལྟར་སྔར་རྒྱས་པར་བཤད་པ་བཞིན་ནོ། ། རིགས་ཀྱི་བུ་དེ་བས་ན་མཁས་པ་དག་ནི་སྔར་ཕ་རོལ་པོའི་སེམས་བརྟགས་ཏེ་གདོད་ཆོས་བསྟན་པར་བྱའོ། ། སྔར་ བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། དགའ་བའི་སེམས་དང་། ཕན་པའི་སེམས་དང་། ལེ་ལོ་མེད་པའི་སེམས་དང་། ཤིན་ཏུ་བཟོད་པའི་སེམས་དང་། ང་རྒྱལ་མེད་པའི་སེམས་དང་། ཕྲག་དོག་མེད་པའི་སེམས་དང་། འཇུངས་པ་མེད་ པའི་སེམས་དང་། མཉམ་པར་གཞག་པའི་ཏིང་ངེ་འཛིན་གྱི་སེམས་བསྐྱེད་ནས་གདོད་ཕ་རོལ་པོ་ལ་དམ་པའི་ཆོས་བསྟན་པར་བྱའི། སེམས་ཅན་ཕ་རོལ་པོས་ཆོས་ཐོས་ནས་འཁོར་བར་འཁོར་བའི་གཡང་ས་ཆེན་པོར་ལྷུང་བར་མི་བྱའོ། །
BO
དེ་བས་ན་དེ་བཞིན་ གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མཚན་ཉིད་ཐུགས་སུ་ཆུད་ནས་དྲི་མ་མེད་པ་མི་ལེན་པར་སྤྱོད་པའི་འཁོར་ལོས་དམ་པའི་ཆོས་སྟོན་ཏེ། གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཞན་ལ་ཆོས་སྟོན་པ་ཡང་ དེ་བཞིན་ཏེ། བྱམས་ཤིང་བརྩེ་བའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཅད་པ་དང་། སྲིད་པ་གསུམ་གྱི་རྒྱ་མཚོ་ལས་བསྒྲལ་བ་དང་། སེམས་ཅན་དག་ཐེག་པ་གསུམ་གང་ལ་དད་པའི་ཐེག་པ་གཅིག་ལ་འཛུད་ཅིང་མྱུར་དུ་རྫོགས་པར་བྱ་བའི་ཕྱིར་ དམ་པའི་ཆོས་སྟོན་གྱི། འཁོར་བར་འཁོར་བའི་གཡང་ས་ཆེན་པོར་ལྟུང་བར་ནི་ནམས་ཀྱང་མི་བྱེད་དོ། ། དེ་ལ་ཇི་ལྟར་ན་དྲི་མ་མེད་པར་སྤྱོད་པའི་འཁོར་ལོ་ཞེས་བྱ་ཞེ་ན། དེ་ལ་དྲི་མ་མེད་པ་ཞེས་བྱ་བ་ནི་ཆོས་སྟོན་པའི་ཚེ་ན་ཕུང་པོ་ཡོད་པའི་ཕྱིར་མ་ཡིན། སྐྱེ་མཆེད་ ཡོད་པའི་ཕྱིར་མ་ཡིན། ཁམས་ཡོད་པའི་ཕྱིར་མ་ཡིན། འདོད་པའི་ཁམས་ཡོད་པའི་ཕྱིར་མ་ཡིན། གཟུགས་ཡོད་པའི་ཁམས་ཡོད་པའི་ཕྱིར་མ་ཡིན། གཟུགས་མེད་པའི་ཁམས་ཡོད་པའི་ཕྱིར་མ་ཡིན། འཇིག་རྟེན་འདི་ཡོད་པའི་ཕྱིར་མ་ཡིན། འཇིག་ རྟེན་ཕ་རོལ་པོ་ཡོད་པའི་ཕྱིར་མ་ཡིན།
BO
འདུ་བྱེད་ཡོད་པའི་ཕྱིར་མ་ཡིན། ཚོར་བ་ཡོད་པའི་ཕྱིར་མ་ཡིན། འདུ་ཤེས་ཡོད་པའི་ཕྱིར་མ་ཡིན། རྟོག་པ་ཡོད་པའི་ཕྱིར་མ་ཡིན། རིག་པ་ཡོད་པའི་ཕྱིར་མ་ཡིན། ཡིད་ལ་བྱ་བ་ཡོད་པའི་ཕྱིར་མ་ཡིན། མ་རིག་པ་ ཡོད་པའི་ཕྱིར་མ་ཡིན་པ་ནས་རྒ་ཤིའི་བར་དུ་ཡོད་པའི་ཕྱིར་མ་ཡིན། འགྲོ་བ་ཡོད་པ་དང་། འགྲོ་བ་མེད་པའི་ཕྱིར་སེམས་ཅན་ལ་དམ་པའི་ཆོས་སྟོན་པ་མ་ཡིན་ནོ། ། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནས་འགྲོ་བ་དང་། འགྲོ་བ་མེད་ པའི་བར་དུ་རྒྱས་པར་བཤད་པ་ཀུན་ཀྱང་རབ་ཏུ་ཞི་བས་སེམས་ཅན་ལ་དམ་པའི་ཆོས་སྟོན་ཏོ། ། དེ་ལྟ་བས་ན་དྲི་མ་མེད་པ་ཞེས་བྱའོ། ། སྤྱོད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ནས་འཆི་འཕོ་བ་དང་ཕ་རོལ་དུ་སྐྱེ་བ་ཡོངས་སུ་གཅད་པའི་ཕྱིར་སེམས་ཅན་དག་ལ་ ཆོས་སྟོན་ཏོ། ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཡོངས་སུ་གཅད་པ་ནས་དེ་བཞིན་དུ་འགྲོ་བ་དང་མི་འགྲོ་བའི་བར་དུ་རྒྱས་པར་ཡོངས་སུ་གཅོད་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་ནི་སྤྱོད་པ་ཞེས་བྱའོ། ། འཁོར་ལོ་ཞེས་བྱ་བ་ ནི་འདི་ལྟ་སྟེ།
BO
ཟླ་བ་ཉ་བའི་འོད་ཤིན་ཏུ་སིམ་ཞིང་གསལ་བ་ཐོགས་པ་མེད་པར་ནམ་མཁའ་ལ་སྣང་བས་ཐམས་ཅད་དུ་ཐོགས་པ་མེད་པའི་སྤྱོད་ཡུལ་དུ་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཇི་སྙེད་རྫུ་འཕྲུལ་དང་། མངོན་པར་ཤེས་པ་དང་། ཤེས་པ་བརྡ་སྤྲོད་པ་དང་། བསླབ་པར་བྱ་བ་དང་། རྣམ་པར་རྒྱལ་བའི་འཁོར་ལོ་གསུམ་པོས་མཛད་པ་ཐོགས་པ་མེད་པར་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣོད་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སེམས་ ཅན་དག་གཞན་ལ་སྐྱབས་སུ་འགྲོ་བ་དང་། འཇིག་རྟེན་རྒྱང་པ་ན་པ་ཐམས་ཅད་དང་མ་འདྲེས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་མ་འདྲེས་པར་སེམས་ཅན་དག་འཁོར་བའི་སྡུག་བསྔལ་ཐམས་ཅད་བཅད་དེ། ཤིན་ཏུ་བདེ་བའི་བྱང་ ཆུབ་ཀྱི་མྱ་ངན་ལས་འདའ་བ་ཐོབ་པར་བྱེད་པ་ནི་འཁོར་ལོ་ཞེས་བྱའོ། ། དེ་ལྟར་ན་དེ་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲི་མ་མེད་པར་སྤྱོད་པའི་འཁོར་ལོ་ཞེས་བྱའོ། ། དེ་ལ་ཇི་ལྟར་ན་མི་ལེན་པར་སྤྱོད་པའི་འཁོར་ལོ་ཞེ་ན།
BO
ཆོས་ཐམས་ཅད་ ལ་ཐོགས་པ་མེད་པར་ཇི་ལྟར་ཉི་མའི་དཀྱིལ་འཁོར་ཀུན་ཏུ་སྣང་བ་བཞིན་དུ་ཐེག་པ་གསུམ་གྱི་དབང་པོ་དང་སྣོད་ཇི་ལྟ་བ་བཞིན་དུ་ཆགས་པ་མེད་པར་དམ་པའི་ཆོས་སྟོན་ཏོ། ། དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ཆོས་སྟོན་པ་ནི་ཇི་ལྟར་ནམ་མཁའ་ཐ་ དད་པའི་མཚན་ཉིད་མེད་པ་ལྟར་ཚད་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བའི་དབང་དང་། བཀོད་པས་ཡོངས་སུ་ཟིན་པར་སེམས་ཅན་དག་ལ་ཆགས་པ་མེད་པར་དམ་པའི་ཆོས་སྟོན་ཏོ། ། གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཕ་རོལ་ལ་ཆོས་སྟོན་པ་ཡང་དེ་དང་འདྲ་སྟེ། ཆོས་སྟོན་པ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། གཟུགས་ཉིད་སྟོང་པ་མ་ཡིན། གཟུགས་ལས་གཞན་པ་སྟོང་པ་མ་ཡིན་པ་ནས་རྣམ་པར་ཤེས་པ་ཉིད་ཀྱི་བར་དུ་སྟོང་པ་མ་ཡིན། རྣམ་ པར་ཤེས་པ་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། མིག་ཉིད་སྟོང་པ་མ་ཡིན། མིག་ལས་གཞན་པ་སྟོང་པ་མ་ཡིན་པ་ནས་ཡིད་ཉིད་ཀྱི་བར་དུ་སྟོང་པ་མ་ཡིན། ཡིད་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། གཟུགས་ཉིད་སྟོང་པ་མ་ཡིན། གཟུགས་ལས་གཞན་ པ་སྟོང་པ་མ་ཡིན་པ་ནས་ཆོས་ཉིད་ཀྱི་བར་དུ་སྟོང་པ་མ་ཡིན། ཆོས་ལས་གཞན་པ་སྟོང་པ་མ་ཡིན་ནོ། །
BO
མིག་གི་རྣམ་པར་ཤེས་པ་ཉིད་སྟོང་པ་མ་ཡིན། མིག་གི་རྣམ་པར་ཤེས་པ་ལས་གཞན་པ་སྟོང་པ་མ་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱི་བར་ དུ་སྟོང་པ་མ་ཡིན་ནོ། ། ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། འདོད་པའི་ཁམས་ཉིད་སྟོང་པ་མ་ཡིན། འདོད་པའི་ཁམས་ལས་གཞན་པ་སྟོང་པ་མ་ཡིན་པ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ཉིད་སྟོང་པ་མ་ཡིན། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེངས་ཉིད་སྟོང་པ་མ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེངས་ལས་གཞན་པ་སྟོང་པ་མ་ཡིན། ཅུང་ཟད་མེད་པའི་སྐྱེ་མཆེད་སྟེངས་ཉིད་ སྟོང་པ་མ་ཡིན། ཅུང་ཟད་མེད་པའི་སྐྱེ་མཆེད་སྟེངས་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེངས་ཉིད་སྟོང་པ་མ་ཡིན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེངས་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། དྲན་པ་ཉེ་ བར་གཞག་པ་བཞི་ཉིད་སྟོང་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་ལས་གཞན་པ་སྟོང་པ་མ་ཡིན་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱི་བར་དུ་སྟོང་པ་མ་ཡིན།
BO
འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཉིད་སྟོང་པ་མ་ཡིན། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། བསྲུང་བར་བྱ་བ་གསུམ་པོ་ཉིད་སྟོང་པ་མ་ཡིན། བསྲུང་བར་བྱ་བ་གསུམ་པོ་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། འཇིགས་པ་མེད་པ་བཞི་ཉིད་སྟོང་པ་མ་ཡིན། ། འཇིགས་པ་མེད་པ་བཞི་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། སྟོབས་བཅུ་ཉིད་སྟོང་པ་མ་ཡིན། སྟོབས་བཅུ་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། མ་འདྲེས་པའི་ཆོས་{བཅྭ་,བཅོ་}བརྒྱད་ཉིད་སྟོང་པ་མ་ཡིན། མ་ འདྲེས་པའི་ཆོས་{བཅྭ་,བཅོ་}བརྒྱད་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཉིད་སྟོང་པ་མ་ཡིན། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་ པོ་དང་། བཏང་སྙོམས་ཆེན་པོ་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། མྱ་ངན་ལས་འདའ་བ་ཉིད་སྟོང་པ་མ་ཡིན། མྱ་ངན་ལས་འདས་པ་ལས་གཞན་པ་སྟོང་པ་མ་ཡིན་ནོ། ། དེ་དག་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ ཅན་རྣམས་ལ་དམ་པའི་ཆོས་སྟོན་པ་ལ་དབུ་མའི་ནན་ཏན་ཞེས་བྱའོ།
BO
། རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དག་ལ་དྲི་མ་མེད་པར་སྤྱོད་པའི་འཁོར་ལོས་ཆོས་སྟོན་ཏེ། ཇི་ལྟར་ཟླ་བ་ཉ་བའི་འོད་ཤིན་ཏུ་གསལ་ཞིང་སིམ་པ་དང་། ཐོགས་པ་ མེད་པར་ནམ་མཁའ་ཀུན་ཏུ་ཁྱབ་པ་དང་། སྤྱོད་ཡུལ་ཐམས་ཅད་དུ་ཐོགས་པ་མེད་པར་སྣང་བ་ནས་གཞུང་དེ་བཞིན་དུ་རྒྱས་པར་སྟོན་ཏོ། ། དང་དུ་མི་ལེན་པར་སྤྱོད་པའི་འཁོར་ལོས་ཀྱང་དམ་པའི་ཆོས་སྟོན་ཅིང་ཆོས་ཐམས་ཅད་ལ་ཐོགས་པ་མེད་པ་ནི་ཇི་ལྟར་ཉི་མའི་འོད་ ཀུན་ཏུ་གསལ་བ་ལྟར་ཐེག་པ་གསུམ་གྱི་སྣོད་དང་། དབང་པོ་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་ཆགས་པ་མེད་པར་སྟོན་ཏོ། ། དེ་བཞིན་གཤེགས་པས་སེམས་ཅན་དག་ལ་ཆོས་སྟོན་པ་ནི། ཇི་ལྟར་ནམ་མཁའ་ལ་མཚན་ཉིད་ཐ་དད་པ་མེད་པ་ལྟར་ཏིང་ངེ་འཛིན་ ཚད་མེད་པས་རྣམ་པར་རོལ་པའི་དབང་དང་། བཀོད་པས་ཡོངས་སུ་བཟུང་བས། སེམས་ཅན་དག་ལ་ཆགས་པ་མེད་པར་དམ་པའི་ཆོས་སྟོན་ཏེ། ཐེག་པ་གསུམ་ལས་གང་དང་འཐུན་པ་བཞིན་དུ་འཛུད་དོ། ། གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས། གཞན་ལ་ཆོས་སྟོན་པ་ཡང་དེ་བཞིན་ཏེ། སེམས་ཅན་རྣམས་ལ་མཆོག་དམ་པ་ཤིན་ཏུ་ཟབ་པའི་ཆོས་འདི་ཐོས་པར་བྱས་ཏེ།
BO
ཐེག་པ་གསུམ་ལས་གང་ལ་མོས་པ་དེ་གཅིག་ལ་འཛུད་ཅིང་། དགེ་བའི་རྩ་བ་ཡོངས་སུ་སྨིན་ པར་བྱ་བ་དང་། ཐེག་པ་གཅིག་ལ་བདེ་བར་དགོད་པ་དང་། གང་འཁོར་བའི་གནས་སུ་སྡིག་པ་མི་དགེ་བའི་ལས་རྣམ་པ་ཐམས་ཅད་འཕེལ་བར་མི་བྱེད་ཅིང་། ཐམས་ཅད་མྱ་ངན་ལས་འདའ་བ་ཤིན་ཏུ་བརྟན་པ་དང་། ཕྱིར་མི་ལྡོག་པར་ཡང་བྱེད་དོ། ། རིགས་ ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་སེམས་ཅན་གྲངས་མེད་ཚད་མེད་པའི་འཁོར་བ་ཡོངས་སུ་གཅད་པའི་ཕྱིར་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། བདག་གི་འཁོར་བ་འབའ་ཞིག་གཅད་པའི་ཕྱིར་ཕ་རོལ་ལ་ཆོས་སྟོན་ ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཚད་མེད་གྲངས་མེད་པ་དག ། ཆུ་བོ་བཞི་ལས་བསྒྲལ་བའི་ཕྱིར་གཞན་ལ་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། བདག་ཆུ་བོ་བཞི་ལས་བསྒྲལ་བའི་ཕྱིར་གཞན་ ལ་ཆོས་སྟོན་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཚད་མེད་གྲངས་མེད་པའི་ཉོན་མོངས་པའི་ནད་བསལ་བའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། བདག་ཉིད་ཀྱི་ཉོན་མོངས་པའི་ནད་ བསལ་བའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། །
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཀྱི་ཕུང་པོའི་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་ལྷག་མ་མ་ལུས་པར་གཅད་པའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། ཉན་ ཐོས་དང་། རང་སངས་རྒྱས་ནི། བདག་འབའ་ཞིག་གི་ཕུང་པོའི་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་ལྷག་མ་མ་ལུས་པར་གཅད་པའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྙིང་ རྗེ་ཆེན་པོའི་འབྲས་བུ་བསྒྲུབ་པའི་ཕྱིར། སྙིང་རྗེ་ཆེན་པོས་རྒྱུ་བྱས་ཏེ། གཞན་ལ་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། སྙིང་རྗེ་ཆེན་པོའི་འབྲས་བུའི་ཕྱིར་སྙིང་རྗེ་ཆེན་པོས་རྒྱུ་བྱས་ཏེ། གཞན་ལ་ཆོས་སྟོན་པ་མ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ལ་དམིགས་ཏེ། གཞན་ལ་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། སེམས་ཅན་རྣམས་ལ་དམིགས་པ་མེད་པར་གཞན་ལ་ཆོས་སྟོན་ཏོ། ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། བདག་འབའ་ཞིག་གི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། གཞན་ལ་ཆོས་ སྟོན་ཏོ། །
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་རོས་ཁྱབ་པར་བྱ་བའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། བདག་འབའ་ཞིག་ལ་ཆོས་ཀྱི་རོས་ཁྱབ་པར་བྱ་བའི་ ཕྱིར། གཞན་ལ་ཆོས་སྟོན་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་རྒྱལ་བའི་ཆོས་ཀྱི་འོད་ཐོབ་པར་བྱ་བའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། བདག་འབའ་ཞིག་ རྒྱལ་བའི་ཆོས་ཀྱི་འོད་ཐོབ་པར་བྱ་བའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། རིགས་ཀྱི་བུ་མདོར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྡོམ་པ་ཚད་མེད་པས། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཆེན་པོ་ཡོངས་སུ་ བསལ་བ་དང་། འཇིགས་པའི་དངོས་པོ་ཆེན་པོ་དང་། གནོད་པར་འགྱུར་བ་ཐམས་ཅད་ཡོངས་སུ་བསལ་ཏེ། འོད་ཀྱི་སྣང་བ་ཆེན་པོ་འཐོབ་པ་དང་། གྲགས་པ་ཆེན་པོ་འཐོབ་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ ཤེས་རྟོགས་པར་བྱ་བའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། ཉན་ཐོས་དང་། རང་སངས་རྒྱས་ནི། སྡོམ་པ་ཅུང་ཟད་ཀྱིས་བདག་གི་མ་རིག་པའི་མུན་པ་བསལ་བ་དང་། འོད་སྣང་བ་ཅུང་ཟད་འཐོབ་པ་དང་།
BO
གྲགས་པ་ཅུང་ཟད་འཐོབ་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ། ཆོས་ཆུད་པའི་ཡེ་ཤེས་ཅུང་ཟད་རྟོགས་པར་བྱ་བའི་ཕྱིར། གཞན་ལ་ཆོས་སྟོན་ཏོ། ། རིགས་ཀྱི་བུ་ཉན་ཐོས་དང་། རང་སངས་རྒྱས་ནི། གཞན་ལ་ཡང་དག་པར་དམིགས་པ་མེད་དོ། ། གཞན་ལ་ཡང་དག་པར་ སྙིང་རྗེ་བ་མེད་དོ། ། གཞན་ལ་ཡང་དག་པར་མི་བརྙས་པའི་སེམས་མེད་དོ། ། གཞན་ལ་ཡང་དག་པར་ཕན་པ་དང་བདེ་བར་བྱ་བའི་སེམས་མེད་དོ། ། གཞན་ལ་ཡང་དག་པར་དཀྲོལ་ཞིང་སྒྲོལ་བའི་སེམས་མེད་དོ། ། གཞན་ལ་ཡང་དག་པར་འདེག་པའི་ སེམས་མེད་དོ། ། གཞན་ལ་ཡང་དག་པར་བསྔགས་ཤིང་བསྟོད་པའི་སེམས་མེད་དོ། ། ཕ་རོལ་ལ་ཡང་དག་པར་གཡོ་དང་སྒྱུ་མེད་པར་བསྟོད་པ་མ་ཡིན་ནོ། ། གཞན་ལ་ཡང་དག་པར་བདག་གི་ལུས་ལ་མི་ལྟ་ཞིང་། གཞན་གྱི་ཕན་པ་དང་བདེ་བ་ སྒྲུབ་པ་མ་ཡིན་ནོ། ། གཞན་ལ་ཡང་དག་པར་ལུས་དང་། ངག་དང་། ཡིད་ཀྱི་ལས་མི་ཉམས་པ་མ་ཡིན་ནོ། ། རིགས་ཀྱི་བུ་ཐེག་པ་ཆེན་པོ་ལ་གནས་པ་ནི། ཅི་ཡང་བདག་གིར་དམིགས་པ་གང་ཡང་ཡང་དག་པར་མེད་པ་ནས། དེ་བཞིན་དུ་ རྒྱས་པར་ཕ་རོལ་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་གཞན་ལ་གནོད་པ་སྐྱེད་པ་གང་ཡང་མེད་དོ། ། ། ། བམ་པོ་བདུན་པ། རིགས་ཀྱི་བུ་གཞན་ཡང་།
BO
སེམས་ཅན་གང་རང་བཞིན་གྱིས་གདུག་པ། ཚིག་བརླང་ ཞིང་རྩུབ་པ། ཡང་དག་པར་གླེན་པ། གཏི་མུག་གི་རང་བཞིན་ཅན། ཤེས་པ་སྙེམས་པ། སྲོག་གཅོད་པ་མ་སྤངས་པ་ནས་ངན་པར་ལྟ་བའི་བར་དུ་མ་སྤངས་པ། གཞན་དག་གི་ཁེ་དང་། བཀུར་སྟི་དང་། མཆོད་པ་དང་། གྲགས་པ་རྙེད་པ་མཐོང་ན་ཕྲག་ དོག་སྐྱེད་པ། བདག་རྟག་ཏུ་ཁེ་དང་། བཀུར་སྟི་དང་། མཆོད་པ་དང་། གྲགས་པ་ཚོལ་བས་མི་ངོམས་པ། བདག་སྟོད་ཅིང་གཞན་ལ་སྨོད་པ། བདག་གི་ལུས་དང་། ངག་དང་། ཡིད་ཀྱི་ལས་མི་སྡོམ་པ། སྡིག་པ་ཐམས་ཅད་སྤྱོད་པ་ལ་རྟག་ཏུ་དགའ་བ། རང་གི་ སེམས་གདུག་པ། སྙིང་རྗེའི་སེམས་མེད་པ། འཛེམ་པ་མེད་པ། ངོ་ཚ་བ་མེད་པ། གཞན་ལ་འཚེ་བ་ལ་དགའ་བ། བསོད་ནམས་ཀྱི་ཞིང་ལ་བཟང་ངན་དུ་རྣམ་པར་འབྱེད་པ། ངའི་བསྟན་པ་ལ་ཞུགས་པ་རབ་ཏུ་བྱུང་བ་ལ་སྐྱོན་ཚོལ་ཞིང་གནོད་པར་གླགས་ལྟ་བ་ལ་དགའ་ བ། སྐྱོན་ཅུང་ཟད་ཙམ་བྱུང་ན་བདེན་ནམ་{བརྫུན་,རྫུན་}མ་བརྟགས་པར་འཕྱ་ཞིང་སྐུར་ཏེ་གཤེ་ཞིང་སྤྱོ་བ། སེམས་མ་དུལ་བ། རྒོད་པ་གཡེང་བ། རབ་ཏུ་བྱུང་བ་ལ་འཚེ་བར་དགའ་བ། བདག་གི་སྐྱོན་ལ་མི་སེམས་ཤིང་གཞན་ལ་འཕྱ་བ། ཐེག་པ་ཆེན་པོའི་ཡོན་ཏན་དང་།
BO
བསྔགས་པ་བརྗོད་པ་ཐོས་ན་ཚོལ་ཞིང་འཇུག་པའི་སེམས་སྐྱེ་མོད་ཀྱི། ཁ་ན་མ་ཐོ་བའི་སྡིག་ལྕི་བ་སྤྱོད་པ་ལ་དགའ་བ། རབ་ཏུ་མ་ཞི་བ། གཞན་ལ་བསླུ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་བདག་ཉན་ཅིང་། གཞན་ཡང་ཉན་དུ་གཞུག་པའི་ཚུལ་སྟོན་པ་དང་། བདག་ཀློག་པ་ དང་། ཁ་ཏོན་བྱེད་ཅིང་གཞན་ཡང་ཀློག་ཅིང་ཁ་ཏོན་བྱེད་དུ་འཇུག་པའི་ཚུལ་སྟོན་པ་དང་། བདག་བསྟོད་པའི་ཕྱིར་གཞན་ལ་སྨོད་པ་དེ་ཐེག་པ་ཆེན་པོའི་ཆོས་ལ་བསྟི་སྟང་དང་བཅས་པས་བསྟོད་ཀྱང་ཐེག་པ་ཆེན་པོའི་སྤྱོད་ཡུལ་ལ་ནན་ཏན་དུ་མ་བསླབས་པས་དོན་ཁོང་དུ་ཆུད་པ་མེད་ པར་བདག་ནི་ཐེག་པ་ཆེན་པོ་པའོ་ཞེས་ཁས་འཆེ་ཞིང་ཁེ་དང་། གྲགས་པ་དང་། བདག་གི་འཚོ་བཙལ་བའི་ཕྱིར་གཞན་བདག་ལ་གནས་འཆའ་ཞིང་སློབ་ཏུ་འཇུག་གོ། ། དཔེར་ན་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་འདུལ་བ་འཛིན་པ་ལྟ་བུ་བདག་ཚུལ་ཁྲིམས་ཉམས་ལ་སྡིག་པ་སྤྱོད་ཀྱང་ ཁེ་དང་། གྲགས་པའི་ཕྱིར་གཞན་དག་འདུལ་བའི་སྡེ་སྣོད་སློབ་པར་གཞེན་འདེབས་པ་དེ་ལྟར་གཡོ་དང་གྱ་གྱུར་ལྡན་ལ་སླུ་བའི་ངང་ཅན་གྱི་སེམས་ཅན་དེ་དག་ནི་མིའི་ལུས་ཐ་མ་ཡང་ཐོབ་པར་དཀའ་ཞིང་མཐོ་རིས་ཀྱི་ལྷ་དང་།
BO
ཐེག་པ་གཉིས་ཀྱི་མྱ་ངན་ལས་འདའ་བ་ཡང་ཉམས་ཏེ་མི་ཐོབ་ན་ཐེག་པ་ ཆེན་པོ་ཐོབ་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། ། དེ་འཆི་འཕོས་ནས་ཀྱང་སེམས་ཅན་དམྱལ་བར་ལྟུང་སྟེ། ཐར་པའི་དུས་མེད་པས་མཁས་པ་དག་གིས་དེ་ལ་བསྟེན་པར་མི་བྱའོ། ། ཁྲེལ་བ་དང་། ངོ་ཚ་བ་མེད་པ། འཁོར་མང་པོའི་ནང་དུ་ཁེ་དང་། བཀུར་སྟིའི་ཕྱིར་ང་ནི་ཐེག་པ་ཆེན་པོ་ པའོ་ཞེས་སེང་གེའི་སྒྲ་སྒྲོགས་པས་གླེན་པ་གཏི་མུག་ཅན་དག་དང་བསྙེན་ཅིང་གྲོགས་སུ་བྱེད་དོ། ། དེ་ནི་དཔེར་ན་བོང་བུས་སེང་གེའི་པགས་པ་གྱོན་ཏེ་བདག་ནི་སེང་གེའོ་ཞེས་ཁས་འཆེ་བས་མི་ཞིག་གིས་རྒྱང་ནས་མཐོང་ན། དེ་སེང་གེ་ཉིད་ཡིན་པར་འཛིན་ཏོ། ། དེ་ནས་དེས་སྒྲ་ཕྱུང་བ་དང་། ཐམས་ ཅད་ཀྱིས་བོང་བུ་ཡིན་པར་ཤེས་ནས་ཀུན་གྱིས་མཆིལ་མས་བཏབ་སྟེ། སོ་སོ་ནས་སྨྲས་པ། འདི་ཀོ་མི་གཙང་བ་ཟ་བའི་སྡིག་ཏོ་བོང་བུ་ལྟ་ན་ཞེས་ཚིག་ངན་པ་སྣ་ཚོགས་ཀྱིས་སྨད་དེ་དོང་ངོ་། ། དེ་ལྟར་ན་དེ་བཞིན་དུ་ངས་བཤད་པའི་གང་ཟག་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤྱོད་པ་ལ་སྤྲོ་བ། ལྷ་དང་ མི་ཐམས་ཅད་ཀྱི་ས་བོན་བསྲེགས་པ་ཡིན་ཏེ། ཉན་ཐོས་དང་།
BO
རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལས་ཀྱང་ཕྱིར་ལྡོག་པ་ཡིན་ན་ཐེག་པ་ཆེན་པོའི་སྣོད་དུ་འགྱུར་བ་ལྟ་ཅི་སྨོས། དེ་ལྟར་གླེན་པ་གཏི་མུག་ཅན་ང་རྒྱལ་གྱིས་མངོན་པར་ཟིན་ཏེ་བདག་ཐེག་པ་ཆེན་པོ་པའོ་ཞེས་ཕ་རོལ་ལ་སྒྱུས་བརྗོད་ ཅིང་ཁེ་དང་། བཀུར་སྟི་སྡུད་པ་དེ་ནི་དཔེར་ན་རྐང་ལག་མེད་པའི་མི་གླེན་པ་ཞིག་དགྲ་ལ་བརྒལ་བའི་ཕྱིར་གཡུལ་དུ་ཞུགས་ཀྱང་བདག་ཉོན་མོངས་པ་ལས་དོན་དུ་འགྲུབ་པ་མེད་དོ། ། དེ་ལྟར་དེ་བཞིན་དུ་ཐེག་པ་ཆེན་པོ་པར་སྒྱུས་ཁས་འཆེ་བ་དེ་ཡང་འདི་ལྟར་དད་པའི་ལག་པ་དང་། ཚུལ་ཁྲིམས་ ཀྱི་རྐང་པ་མ་ཚང་བར་རང་གི་ལས་དང་སྤྱོད་པ་ལ་མི་དཔོག་ཅིང་ཉོན་མོངས་པའི་གཡུལ་ཆེན་པོ་ལ་རྒོལ་བར་ཆགས་པ་ནི་བདག་ཉོན་མོངས་པ་ཙམ་ལས་དོན་དུ་མི་འགྱུར་རོ། ། གང་ཟག་དེ་སྒོ་གསུམ་མི་སྡོམ་པར་སྡིག་པ་འབའ་ཞིག་སྤྱོད་ཅིང་བདག་ནི་ཐེག་པ་ཆེན་པོ་པའོ་ཞེས་ཁས་འཆེ་ཡང་ཐེག་ པ་གསུམ་གྱི་ཆོས་ཀྱི་སྣོད་མ་ཡིན་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དགྲ་ཤིན་ཏུ་གནས་པ་ཆོམས་པར་རམ། སེམས་ཅན་ཐམས་ཅད་ལ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་སྟོན་པར་རམ། འཇིགས་པ་མེད་པའི་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་དགོད་ པའི་གནས་མེད་དོ། །
BO
དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཕུལ་དུ་གྱུར་པའི་ཚུལ་ཁྲིམས་རྣམ་པར་དག་པར་སྲུང་བ། ཕུལ་དུ་གྱུར་པའི་དགེ་བའི་མཆོག་སྤྱོད་པར་ལྡན་པ། ཕུལ་དུ་གྱུར་པའི་ཁྲེལ་བ་དང་། ངོ་ཚ་བར་བརྟེན་པའོ། ། འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་ འབྲས་བུ་ལ་ཤིན་ཏུ་ལྟ་ཞིང་འཇིགས་པའོ། ། མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྤོང་ཞིང་དགེ་བའི་ཆོས་ཐམས་ཅད་ལ་ནན་ཏན་བྱེད་པ་ལ་སྤྲོ་བའོ། ། བྱམས་པ་དང་། སྙིང་རྗེས་སེམས་ཅན་ཐམས་ཅད་ལ་ཁྱབ་པའོ། ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་བྱ་བའི་ ཕྱིར་རྩོལ་བའོ། ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ཞིང་འདོན་པའོ། ། བདག་གིས་ལུས་ཀྱི་བདེ་བ་ལ་མི་ལྟ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་སྟོབས་པ་སྟེ། དེ་དག་ནི་ཐེག་པ་ཆེན་པོ་ལ་གནས་པ་ཞེས་བྱའོ། ། རིགས་ཀྱི་བུ་མཚན་ ཉིད་གང་དག་དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་ཞེ་ན། གང་དག་ཡང་དག་པའི་དྲན་པ་ལ་བདེ་བར་གནས་ཤིང་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་མོས་པས་རྟག་ཏུ་བརྩོན་པ་དང་། གཡོ་དང་སྒྱུ་སྤངས་ཤིང་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་པ་དང་།
BO
འདོད་པ་ལྔ་ལ་མི་ཆགས་ཤིང་འཇིག་ རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པ་དང་། མགོའི་ཐོད་ལ་མེ་འབར་བ་བཞིན་དུ་དགེ་བ་ལ་ཤིན་ཏུ་བརྩོན་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་ཤིན་ཏུ་རྟོག་པ་དང་། འཕགས་པའི་རིགས་ལ་བདེ་བར་གནས་པར་རྟག་ཏུ་མོས་པ་སྟེ། མཚན་ཉིད་འདི་དག་དང་ལྡན་པ་ནི་ཉན་ ཐོས་ཀྱི་ཐེག་པ་ཞེས་བྱ་སྟེ། གང་ཟག་འདི་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་ཡང་མི་འགྱུར་ན་ཐེག་པ་ཆེན་པོའི་སྣོད་དུ་འགྱུར་བ་ལྟ་ཅི་སྨོས། རིགས་ཀྱི་བུ་མཚན་ཉིད་གང་དག་དང་ལྡན་པས་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་ཞེ་ན། སེམས་ཅན་གང་དག་ཉན་ཐོས་ཀྱི་ཡོན་ཏན་དེ་དག་ ཐམས་ཅད་དང་ལྡན་ལ་གཞན་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཡང་དང་ཡང་དུ་མི་རྟག་པར་རྗེས་སུ་རྟོག་པ་ལ་གནས་པ་དང་། སྐྱེ་ཞིང་འགོག་པ་ལ་ཡང་དང་ཡང་དུ་རྗེས་སུ་རྟོག་པ་ལ་གནས་པ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་རྣམས་ནི་འགོག་པའི་ཆོས་ཅན་དུ་ཤིན་ཏུ་རྟོག་པ་སྟེ། མཚན་ཉིད་འདི་དག་དང་ལྡན་ན་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་སྟེ། སེམས་ཅན་དེ་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་ནི་མ་ཡིན་ནོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་དག་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་གསུངས་པ། གལ་ཏེ་དགེ་བའི་རྒྱལ་རིགས་རྒྱལ་པོ་དང་། ། རྗེའུ་རིགས་ དམངས་རིགས་ཤིན་ཏུ་དགེ་བའི་བར། ། དད་ལ་སོགས་པའི་འཁོར་ལོ་བཅུ་བསྒོམས་ན། ། ཉན་ཐོས་ཐེག་པའི་སྣོད་དུ་དེ་འགྱུར་རོ། ། རང་རྒྱལ་ཐེག་པའི་སྒོ་གསུམ་རྣམ་པར་དག ། ཁྲེལ་དང་འཛེམ་པར་ལྡན་ཞིང་ཕུང་པོས་འཇིགས། ། ཉེས་པའི་སྐྱོན་ཤེས་པས་མཐའི་གནས་ལ་ དགའ། ། དྲན་པས་དབང་པོ་སྲུང་ཞིང་སེམས་ཀྱང་ཞི། ། རྟེན་ཅིང་འབྲེལ་བ་རྟོགས་པས་བསམ་གཏན་སྒོམ། ། ཕུང་པོ་ཁམས་དང་སྐྱེ་མཆེད་རྟོགས་ལ་མཁས། ། གནས་དང་སྤྱོད་ལམ་འཁོར་ལོ་འདི་བཅུས་ན། ། ཐེག་པ་མཆོག་གི་སྣོད་འགྱུར་སྲིད་མཚོ་རྒལ། ། ཐེག་པ་གསུམ་ མིན་གཉིས་ཀྱི་འཁོར་ལོ་ཡིས། ། བདག་ཉིད་ཉོན་མོངས་རྣམ་པར་གྲོལ་རྩོལ་ཞིང་། ། བག་ཆགས་མི་གཏོང་སེམས་ཅན་མི་སྒྲོལ་བའི། ། གང་ཟག་དེ་ནི་ཐེག་ཆེན་སྣོད་མ་ཡིན། ། བྱིས་པ་དབང་པོ་ཞན་པའི་ལེ་ལོ་ཅན། ། ཐེག་པ་གཉིས་ལ་ནན་ཏན་མི་བྱེད་པ། ། ཐེག་པ་ཆེན་པོའི་འཁོར་ལོ་ ལྡན་མི་འགྱུར། ། དེ་ནི་རྒྱ་ཆེན་ཐེག་ཆེན་སྣོད་མ་ཡིན། ། བྱིས་པ་གཅིག་པུ་རྣམ་པར་གྲོལ་ཚོལ་བ། །
BO
བློ་དང་སྤྱོད་པར་ཞན་ཅིང་བྱམས་སེམས་མེད། ། ཆད་པར་ལྟ་ལ་ཆགས་པ་ངན་སོང་གཞོལ། ། ཡང་དག་ཆོས་སྤོང་ཆོས་མ་ཡིན་པ་སྟོན། ། ཐེག་པ་གཉིས་ལ་སྐུར་ཞིང་སྡོམ་པ་ སྤོང་། ། བསྙེན་པར་རྫོགས་ཤིང་ཐེག་ཆེན་ཁས་འཆེ་བ། ། ང་ཡི་ཆོས་འཇིག་སེམས་ཅན་ཀུན་ལ་སླུ། ། དེ་ཡི་དབང་གིས་མི་ལུས་ཐོབ་པར་དཀའ། ། ང་ཡི་བསྟན་ལ་ཞུགས་པའི་འཕགས་པ་དང་། ། ངུར་སྨྲིག་གྱོན་ལ་འཚེ་འམ་གནོད་བྱེད་དམ། ། གཤེ་འམ་སྤྱོས་སམ་ལྷུང་ བཟེད་གོས་ཕྲོགས་ན། ། ལྷ་དང་མི་ཡི་བདེ་བ་ཡུན་དུ་སྟོར། ། དེ་བས་གང་ཞིག་མི་ལུས་ཐོབ་འདོད་ཅིང་། ། འཆི་བའི་དུས་ན་ལྐུགས་པའི་སྐྱོན་སྤངས་ཤིང་། ། རྟག་ཏུ་སངས་རྒྱས་ཀུན་དང་ཕྲད་འདོད་པ། ། ཐེག་གསུམ་ཆོས་རྣམས་ཀུན་དུ་བསྲུང་བར་བྱོས། ། ཐེག་པ་གསུམ་ལས་ ཐེག་པ་མཆོག་འདོད་པ། ། ཐེག་པ་གསུམ་ཆོས་རྟོག་ལ་མཁས་པ་སྟེ། ། དགའ་ཞིང་སྤྲོ་བས་གཞན་ལ་རྒྱས་སྟོན་ན། ། ངེས་པར་སངས་རྒྱས་འགྱུར་ལ་ཐེ་ཙོམ་སྤོངས། ། ཚུལ་ཁྲིམས་ཉམས་ཤིང་འཇུངས་པ་ང་རྒྱལ་ཅན། ། བདག་བསྟོད་གཞན་སྨོད་ཐེག་ཆེན་ཁས་འཆེ་བ། ། དེ་དག་སྤངས་ ཏེ་མཁས་ལ་བསྟེན་པར་བྱ། ། ངེས་པར་འཚང་རྒྱ་ཁམས་གསུམ་འདའ་བར་འགྱུར། ། ཐེག་པ་གསུམ་ལས་གང་དང་འཐུན་པ་བཞིན། །
BO
བྱམས་དང་སྙིང་རྗེས་ཐེག་པ་གསུམ་ཆོས་སྟོན། ། མི་རེ་བཞིན་དུ་ཡོངས་སུ་རྫོགས་བྱས་ན། ། ངེས་པར་འཚང་རྒྱར་འགྱུར་ལ་ཐེ་ཙོམ་སྤོངས། ། ཕུང་པོ་ཁམས་དང་སྐྱེ་མཆེད་ཞི་བར་ཤེས། ། ནམ་མཁའ་བཞིན་དུ་ཅི་ལའང་མི་གནས་ཏེ། ། ཆོས་བསྟན་སེམས་ཅན་མང་པོ་ཀུན་ཡང་སྡུད། ། དཔག་མེད་ཡེ་ཤེས་བློ་གྲོས་དམ་པ་ཐོབ། ། ཚུལ་ཁྲིམས་ཉམས་པར་དགའ་ལ་སྡིག་པ་ཅན། ། ཐེག་པ་ཆེན་པོའི་ཡོན་ཏན་མཆོག་ ཐོས་ནས། ། ཁེ་དང་གྲགས་ཕྱིར་ཐེག་ཆེན་ཁས་འཆེ་བ། ། བོང་བུ་སེང་གེའི་པགས་པ་གྱོན་པ་བཞིན། ། དེང་འདིར་ཐམས་ཅད་འཁོར་ལ་བཀའ་སྩལ་པ། ། གང་ཞིག་མྱུར་དུ་བྱང་ཆུབ་མཆོག་འདོད་ན། ། དགེ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་བྱོས། ། ང་ཡི་ཆོས་ལ་མི་སྨད་ཤིན་ཏུ་བསྲུང་། ། ངས་ སྔོན་མདོ་སྡེ་གཞན་དག་ལས་གསུངས་ལ། ། བྱང་ཆུབ་ཆེན་པོ་འདོད་པས་ཐེག་ཆེན་སྤྱད། ། ཉན་ཐོས་རང་རྒྱལ་ཐེག་པ་སྤོངས་ཤིག་པ། ། དེ་ནི་རྣམ་དག་འཁོར་ལ་བསྟན་པའི་ཆོས། ། སངས་རྒྱས་ཚད་མེད་བྱེ་བ་མཆོད་བྱས་པས། ། སྡིག་པ་སྤངས་ནས་རྣམ་དག་སེམས་སྦྱོང་བ། ། ཤིན་ཏུ་ བརྩོན་པའི་སྐྱེ་བོ་དེ་དག་ལ། ། གཉིས་སུ་མེད་དེ་ཐེག་པ་གཅིག་པུ་བཤད། ། ད་ལྟའི་འཁོར་འདི་ཐེག་པ་གསུམ་སྣོད་ཅན། །
BO
ལ་ལ་ཉན་ཐོས་ཐེག་པའི་ཆོས་དང་ལྡན། ། ལས་ཀྱི་དངོས་པོ་མང་པོས་འཇིགས་པ་དག ། དེ་ནི་བྱང་ཆུབ་མཆོག་གི་སྣོད་མ་ཡིན། ། ལ་ལ་དབེན་པར་དགའ་ཞིང་ རང་བྱང་ཆུབ། ། དེ་ཡང་བྱང་ཆུབ་མཆོག་གི་སྣོད་མ་ཡིན། ། ལ་ལ་ཡེ་ཤེས་མཆོག་ལ་བཀོད་འོས་པ། ། དེ་བས་མོས་པ་བཞིན་དུ་ཐེག་གསུམ་ཤོད། ། སྦྱངས་པའི་ཡོན་ཏན་ཙམ་གྱིས་གྲོལ་འདོད་པ། ། ཐེག་ཆེན་བཤད་པ་ཐོས་ན་ངན་སོང་ལྟུང་། ། བད་ཀན་ནད་ལ་འོ་མ་འཐུང་བཅུག་ བཞིན། ། དེ་ཕྱིར་དུག་ཏུ་འགྱུར་གྱི་ནད་མི་སེལ། ། དེ་བཞིན་སྣོད་མིན་ཉན་ཐོས་ཐེག་པ་དག ། ཐེག་ཆེན་བཤད་པ་ཐོས་ན་རྨོངས་འགྱུར་ཞིང་། ། ཆད་པར་སྨྲ་ལ་ངན་སོང་ལྟུང་འགྱུར་བས། ། དེ་བས་དབང་པོ་བརྟགས་ཏེ་ཆོས་བསྟན་ཏོ། ། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སའི་སྙིང་པོའི་ འཁོར་ལོ་བཅུ་པ་ཞེས་བྱ་བ་ལས་གནས་པ་དང་སྤྱད་པའི་ལེའུ་སྟེ་བཞི་པའོ། ། ། །
BO
དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་པ་ན་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་སྔོན་ཆོས་ཐོས་པ་ལས་ཡིད་ གོལ་ཏེ་སྟོང་པ་ཡིན་པར་གོ་ནས་རྒྱུ་དང་འབྲས་བུ་མེད་པར་ལྟ་ཞིང་དགེ་བའི་རྩ་བ་ཡོངས་སུ་བཅད་ནས་ངན་སོང་དུ་ལྟུང་བར་འགྱུར་བ་དག་མདོ་སྡེ་འདི་བཤད་པ་ཐོས་ནས་ཕྱིར་ཡང་ཡང་དག་པའི་ལྟ་བ་དང་ལྡན་པར་གྱུར་ཏོ། ། དེ་ནས་དེ་དག་འདུག་པ་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ ཤིན་ཏུ་འཛེམ་པ་བསྐྱེད་དེ། སོ་སོར་བཤགས་པ་བྱ་བའི་ཕྱིར་ཐལ་མོ་སྦྱར་བ་བཏུད་དེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་ཉན་ཐོས་ཀྱི་ཐེག་པའི་རིགས་སུ་དགེ་བའི་རྩ་བ་བསྐྱེད་པ་ལས་ཉན་ཐོས་ཀྱི་ཐེག་ པ་དེ་ཡང་ཡོངས་སུ་མ་སྨིན་པར་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ཐོས་སོ། ། དེ་ལའང་རྨོངས་ཤིང་མངོན་དུ་མ་གྱུར་པས་སྟོང་པར་ལྟ་ཞིང་རྒྱུ་དང་འབྲས་བུ་ཡང་མེད་པར་འཛིན་ཏོ། ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་དང་། ངག་དང་།
BO
ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཚད་མེད་པ་བགྱིས་ པས་ངན་སོང་དག་ཏུ་ལྟུང་བར་འགྱུར་བ་ལས་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མདོ་སྡེ་འདི་བཤད་པ་ཐོས་ནས་སླར་ཡང་ཡང་དག་པའི་ལྟ་བ་རྙེད་དེ་ཤིན་ཏུ་འཛེམ་པ་དང་། ངོ་ཚ་བའི་སེམས་ཀྱིས་སོ་སོར་བཤགས་ཏེ་མ་བཅབས་པས་དེ་དག་ཡོངས་སུ་བྱང་བར་གྱུར་ཅིག ། དེང་སླན་ཆད་ཇི་སྙེད་སྒྲིབ་ པར་འགྱུར་བའི་ལས་རྣམས་མི་བགྱིད་པར་ཡོངས་སུ་བསྲུང་བར་འཚལ་ལོ། ། བདག་ཅག་གི་སྡིག་པ་དེ་དག་ཡོངས་སུ་སྦྱང་བ་དང་། སླན་ཆད་མི་བགྱིད་པར་བཅོམ་ལྡན་འདས་ཐུགས་བརྩེ་བས་རྗེས་སུ་གཟུང་དུ་གསོལ། བདག་ཅག་མ་འོངས་པ་ན་ངན་སོང་གི་སྡུག་ བསྔལ་མྱོང་བར་འགྱུར་བ་ལས་ཐུགས་བརྩེ་བས་བསྐྱབ་ཏུ་གསོལ། བདག་ཅག་སླར་ཡང་སྔོན་སྤྱད་པའི་ཉན་ཐོས་ཀྱི་ཐེག་པ་ལ་སྤྱོད་ཅིང་ནན་ཏན་བགྱིད་ཀྱིས། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་ སོ། ། ཁྱེད་འདི་ལྟར་འཛེམ་པ་དང་། ངོ་ཚ་བས་སོ་སོར་བཤགས་པ་ལེགས་སོ། ། ངའི་བསྟན་པ་ལ་མ་ཉམས་པའི་སྐྱེས་བུ་དམ་པ་གཉིས་ཡོད་དེ། གཅིག་ནི་རང་བཞིན་གྱིས་ཡོངས་སུ་དག་ཅིང་ཐོག་མ་ནས་ཉེས་པ་མི་བྱེད་པའོ། །
BO
གཅིག་ནི་ཉེས་པ་བྱས་སུ་ཟིན་ཀྱང་འཛེམ་པ་དང་། ངོ་ཚ་བས་སོ་སོར་འཆགས་པ་སྟེ། སྐྱེས་བུ་དམ་པ་འདི་གཉིས་ནི་ངའི་ཆོས་ལ་ཤིན་ཏུ་འདུན་པ་རྣམ་པར་དག་པ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་མོས་པ་བཞིན་དུ་འཕགས་པའི་བདེན་པ་བཞིའི་ཆོས་བསྟན་ཏེ། འཁོར་དེའི་ནང་ན་ལ་ལས་ནི་བཟོད་པ་ཐ་མ་ཐོབ། ལ་ལས་ནི་བཟོད་པ་བར་མ་ཐོབ། ལ་ལས་ནི་བཟོད་པ་མཆོག་ཐོབ། ལ་ལས་ནི་འཇིག་རྟེན་གྱི་མཆོག་གི་ཆོས་ཐོབ། ལ་ལས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། ལ་ལས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ། ལ་ལས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། ། གཞན་ ཡང་དགེ་སློང་བརྒྱད་ཁྲི་བཞི་སྟོང་ཟག་པ་ཐམས་ཅད་ཟད་པ། སེམས་རྣམ་པར་གྲོལ་བ། བློ་ཤིན་ཏུ་རྣམ་པར་དག་པའི་དགྲ་བཅོམ་པར་གྱུར་ནས་དགའ་བཞིན་དུ་སངས་རྒྱས་ལ་ཕྱག་འཚལ་ཏེ། ཕྱིར་ཡང་སོ་སོར་སྟན་ལ་འཁོད་དོ། ། ཡང་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་སེམས་ ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་རྩ་བདུན་གྱིས་སྔོན་ཐོས་པའི་ཆོས་སྟོང་པ་ཡིན་པར་འཁྲུལ་ནས་རྒྱུ་དང་འབྲས་བུ་མེད་པར་ལྟ་ཞིང་།
BO
དགེ་བའི་རྩ་བ་ཡོངས་སུ་བཅད་ནས་ངན་སོང་དུ་ལྟུང་བར་འགྱུར་བ་ནས་མདོ་སྡེ་འདི་བཤད་པ་ཐོས་ནས་ཕྱིར་ཡང་ཡང་དག་པའི་ལྟ་བ་རྙེད་དེ་འདུག་པ་ ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤིན་ཏུ་འཛེམ་པ་དང་ངོ་ཚ་བ་དང་བཅས་པས་སོ་སོར་བཤགས་ཏེ་ཐལ་མོ་སྦྱར་བ་བཏུད་ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་ རང་སངས་རྒྱས་ཀྱི་ཐེག་པའི་རིགས་སུ་དགེ་བའི་རྩ་བ་བསྐྱེད་པ་ལས་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་ཡང་ཡོངས་སུ་མ་སྨིན་པར་ཐེག་པ་ཆེན་པོའི་ཆོས་ཐོས་ནས་དད་པ་དང་མོས་པ་སྐྱེས་ཀྱང་མ་རིག་པས་ལྡོངས་ཤིང་རྟོགས་པར་མ་གྱུར་ཏེ་སྟོང་པར་ལྟ་ཞིང་རྒྱུ་དང་འབྲས་བུ་མེད་པར་བཟུང་ངོ་། ། དེའི་རྒྱུ་དེའི་ རྐྱེན་གྱིས་ལུས་དང་། ངག་དང་། ཡིད་ཀྱིས་སྡིག་པ་མི་དགེ་བའི་ལས་ཚད་མེད་པ་དག་བགྱིས་པས་བསྐལ་པ་ཚད་མེད་པའི་བར་དུ་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ཞིང་ངན་སོང་དུ་ལྟུང་བར་འགྱུར་བ་ལས་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མདོ་སྡེ་བཤད་པ་ཐོས་ནས། སླར་ ཡང་དག་པའི་ལྟ་བ་རྙེད་དེ།
BO
ཤིན་ཏུ་འཛེམ་པ་དང་ངོ་ཚ་བར་ལྡན་པ་མི་འཆབ་པའི་སེམས་ཀྱིས་སོ་སོར་འཆགས་ཏེ། དེང་སླན་ཆད་ཇི་སྙེད་སྒྲིབ་པར་འགྱུར་བའི་ལས་རྣམས་མི་བགྱིད་པར་ཡོངས་སུ་བསྲུང་བར་འཚལ་ལོ། ། བཅོམ་ལྡན་འདས་ཐུགས་བརྩེ་བ་ཅན་གྱིས་བདག་ཅག་གི་སྡིག་པ་དེ་དག་ ཡོངས་སུ་བྱང་བ་དང་། སླན་ཆད་མི་བགྱིད་པར་རྗེས་སུ་གཟུང་དུ་གསོལ། བདག་ཅག་མ་འོངས་པ་ན་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར་བ་ལས་བཅོམ་ལྡན་འདས་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། བདག་ཅག་སླར་ཡང་སྔོན་སྤྱད་པའི་རང་སངས་རྒྱས་ཀྱི་ཐེག་པ་ལ་སྤྱོད་ཅིང་ནན་ཏན་བགྱིད་ཀྱིས་ བཅོམ་ལྡན་འདས་ཐུགས་བརྩེ་བ་ཅན་གྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བཀའ་སྩལ་ཏེ་ལེགས་སོ་ལེགས་སོ། ། ཁྱེད་འདི་ལྟར་འཛེམ་པ་དང་། ངོ་ཚ་བས་སོ་སོར་བཤགས་པ་ལེགས་སོ། ། ངའི་བསྟན་པ་ལ་མ་ཉམས་པའི་སྐྱེས་བུ་གཉིས་ཡོད་དེ། གཅིག་ནི་ རང་བཞིན་གྱིས་ཡོངས་སུ་དག་ཅིང་ཐོག་མ་ནས་ཉེས་པ་མི་བྱེད་པའོ། ། གཅིག་ནི་ཉེས་པ་བྱས་སུ་ཟིན་ཀྱང་འཛེམ་པ་དང་ངོ་ཚ་བས་སོ་སོར་འཆགས་པ་སྟེ། སྐྱེས་བུ་དམ་པ་འདི་གཉིས་ནི་ངའི་ཆོས་ལ་ཤིན་ཏུ་འདུན་པ་རྣམ་པར་དག་པ་ཞེས་བྱའོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་མོས་ པ་བཞིན་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་བསྟན་ནས་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ཐེག་པ་ལ་ནན་ཏན་བྱས་ཏེ། ཐམས་ཅད་མཐར་གྱིས་རྒྱལ་མཚན་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་ནས་རང་སངས་རྒྱས་ཀྱི་ཐེག་པ་ལས་ཕྱིར་མི་ལྡོག་ཅིང་དགའ་བཞིན་དུ། བཅོམ་ལྡན་ འདས་ལ་ཕྱག་འཚལ་ནས་ཕྱིར་ཡང་སོ་སོའི་སྟན་ལ་འཁོད་དོ། ། ཡང་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་སེམས་ཅན་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་ཅུ་སྙེད་སྔོན་འདས་པའི་སངས་རྒྱས་ཀྱི་ཆོས་ལ་སྐུར་བ་ནས་ཆུང་ངུ་ན་སངས་རྒྱས་ཀྱི་བསྟན་པ་ཚིགས་སུ་བཅད་པ་གཅིག་ཙམ་ལ་སྨད་པ་དེའི་རྒྱུ་དེའི་རྐྱེན་གྱིས་ངན་སོང་དག་ཏུ་ ལྟུང་ཞིང་སྡུག་བསྔལ་མང་པོ་མྱོང་སྟེ། སླར་མིའི་ལུས་ཐོབ་ན་ཡང་ཐོག་མ་ནས་ལྐུགས་པ་དིག་པ་ལྕེ་ལྡིབ་ཅིང་སྨྲ་མི་ཤེས་པ་དག་མདོ་སྡེ་འདི་བཤད་པ་ཐོས་ནས་ཡང་དག་པའི་ལྟ་བ་རྙེད་དེ། དེ་དག་འདུག་པ་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ ཤིན་ཏུ་འཛེམ་པ་དང་། ངོ་ཚ་བས་སྔོན་གྱི་སྡིག་པའི་ལས་སོ་སོར་བཤགས་ནས་ཐལ་མོ་སྦྱར་བ་བཏུད་དེ།
BO
བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟའོ། ། བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་སྨྲ་ནུས་པར་བྱིན་གྱིས་བརླབས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་དེ་དག་ལ་བཀའ་སྩལ་པ། ཁྱེད་རྣམས་སྔོན་མི་དགེ་བའི་ལས་ཅི་ཞིག་བྱས་ན་འཁོར་གྱི་དཀྱིལ་འཁོར་འདིའི་ནང་ན་སྨྲ་མི་ཤེས་པར་གྱུར། དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཁ་ཅིག་གིས་ནི་སྔོན་རྣམ་པར་གཟིགས་དེ་བཞིན་གཤེགས་པའི་བསྟན་པའི་ཆོས་ལ་ཁ་ཅིག་གིས་ནི་ ཐེག་པ་ཆེན་པོའི་ཆོས་ལ་སྐུར་ཏོ། ། ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་སྐུར་ཏོ། ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་སྐུར་ཏོ། ། དེ་ལ་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་ལ་སྐུར་པས་བདག་ཅག་མི་དགེ་བའི་ལས་དེ་དག་གི་དབང་གིས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་འཁོར་ བར་འཁོར་ཞིང་རྟག་ཏུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། {ཡི་དགས་,ཡི་དྭགས་}ཀྱི་འཇིག་རྟེན་དུ་སྐྱེས་ཏེ། ལྐུགས་པ་དང་། དིག་པ་དང་། ལྕེ་མེད་པ་དང་། སྨྲ་མི་ནུས་པ་དང་། ཤིན་ཏུ་མི་བཟད་པའི་སྡུག་བསྔལ་ཆེན་པོ་མྱོང་སྟེ།
BO
གདོད་ཚེ་འདི་ལ་མི་ལུས་ཐོབ་ཀྱིས་ཀྱང་ ལྐུགས་པ་དང་། དིག་པ་དང་། རྟག་ཏུ་ལྕེ་ནད་ཅན་དུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་སྨྲ་ནུས་པ་དང་། སྔོན་འདས་པའི་དུས་ན་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཅི་དང་ཅི་བགྱིས་པ་ཐམས་ཅད་དང་དྲན་པར་གྱུར་ཏོ། ། དེའི་ནང་ན་ཡང་ཁ་ཅིག་ནི། འདི་སྐད་དུ་བཙུན་པ་ བཅོམ་ལྡན་འདས་བདག་ཅག་སྔོན་བཅོམ་ལྡན་འདས་གཙུག་ཏོར་ཅན་གྱི་བསྟན་པའི་ཆོས་ལ་ཁ་ཅིག་གིས་ནི་ཐེག་པ་ཆེན་པོ་ལ་སྐུར་ཏོ། ། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་སྐུར་པ་ནས་སྔོན་གྱི་དམིགས་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཡང་ཇི་ལྟར་རྒྱས་པར་བཤད་པ་བཞིན་ནོ། ། དེའི་ནང་ན་ཁ་ཅིག་ནི་འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་ཐམས་ཅད་སྐྱོབ་དེ་བཞིན་གཤེགས་པའི་བསྟན་པ་ལ་ཁ་ཅིག་གིས་ནི་ཐེག་པ་ཆེན་པོ་ཡང་དག་པའི་ཆོས་ལ་སྐུར་པ་ནས་དམིགས་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཡང་ཇི་ལྟར་གོང་དུ་རྒྱས་པར་བཤད་པ་ཡིན་ནོ། །
BO
དེ་ ལ་ཁ་ཅིག་གིས་ནི་འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་ལོག་པར་དད་སེལ་དེ་བཞིན་གཤེགས་པའི་བསྟན་པ་ལ་ཁ་ཅིག་ནི་ཐེག་པ་ཆེན་པོ་ཡང་དག་པའི་ཆོས་ལ་སྐུར་པ་ནས་དམིགས་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཡང་ཇི་ལྟར་གོང་དུ་རྒྱས་པར་བཤད་པ་བཞིན་ནོ། ། དེ་ལ་ཁ་ཅིག་གིས་ནི་འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་གསེར་ཐུབ་དེ་བཞིན་གཤེགས་པའི་བསྟན་པ་ལ་ཁ་ཅིག་གིས་ནི་ཐེག་པ་ཆེན་པོ་དམ་པའི་ཆོས་ལ་སྐུར་པ་ནས་དམིགས་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཡང་ཇི་ལྟར་གོང་དུ་རྒྱས་པར་བཤད་པ་ཡིན་ནོ། ། དེ་ལ་ཁ་ཅིག་ གིས་ནི་འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་འོད་སྲུང་དེ་བཞིན་གཤེགས་པའི་བསྟན་པ་ལ་ཁ་ཅིག་གིས་ནི་ཐེག་པ་ཆེན་པོའི་དམ་པའི་ཆོས་ལ་སྐུར་ཏོ། ། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་སྐུར་ཏོ། ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་ཐེག་པ་པའི་ཆོས་ལ་ སྐུར་བ་ནས་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་ལ་སྐུར་པས་མི་དགེ་བའི་ལས་ཀྱི་དབང་གིས་དེ་ཚུན་ཆད་འཁོར་བར་འཁོར་ཏེ། རྟག་ཏུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ཤིང་ལྐུགས་པ་དང་།
BO
དིག་པ་དང་། ལྕེ་མེད་པ་དང་། བརྡ་ མི་ཕྲད་པ་དང་། ཤིན་ཏུ་མི་བཟད་པའི་སྡུག་བསྔལ་ཆེན་པོ་མྱོང་ནས་གདོད་ཚེ་འདི་ལ་མིའི་ལུས་ཐོབ་ཀྱིས་ཀྱང་ལྐུགས་པ་དང་། དིག་པ་དང་། ལྕེ་ནད་ཅན་དུ་གྱུར་པ་དང་། བརྡ་མི་འཕྲོད་པ་ལས་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་གདོད་སྨྲ་ནུས་པ་དང་། སྔོན་འདས་ པའི་དུས་ན་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཅི་བགྱིས་པ་ཐམས་ཅད་དྲན་པར་གྱུར་ཅིང་། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མདོ་སྡེ་བཤད་པ་འདི་ཐོས་ནས་སླར་ཡང་ཡང་དག་པའི་ལྟ་བ་རྙེད་དེ་ཤིན་ཏུ་ངོ་ཚ་བ་དང་། འཛེམ་པ་དང་། མི་འཆབ་པའི་སེམས་ཀྱིས་སོ་སོར་འཆགས་སོ། ། དེང་ སླན་ཆད་ཇི་སྙེད་སྒྲིབ་པར་འགྱུར་བའི་ལས་རྣམས་མི་བགྱིད་པར་ཡོངས་སུ་བསྲུང་བར་འཚལ་ལོ། ། བཅོམ་ལྡན་འདས་ཐུགས་བརྩེ་བ་ཅན་གྱིས་བདག་ཅག་གི་སྡིག་པ་དེ་དག་ཡོངས་སུ་བྱང་བ་དང་། སླན་ཆད་མི་བགྱིད་པར་རྗེས་སུ་གཟུང་དུ་གསོལ། མ་འོངས་པ་ན་ཡང་ངན་སོང་གི་སྡུག་བསྔལ་ ཡོངས་སུ་མྱོང་བར་འགྱུར་བ་ལས་བཅོམ་ལྡན་འདས་ཀྱི་ཐུགས་རྗེས་བསྐྱབ་པ་དང་། དམ་པའི་ཆོས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བཀའ་སྩལ་ཏེ། ལེགས་སོ་ལེགས་སོ། །
BO
ཁྱེད་འདི་ལྟར་འཛེམ་པ་དང་། ངོ་ཚ་བས་སོ་སོར་བཤགས་པ་ལེགས་སོ། ། ངའི་བསྟན་ པ་ལ་སྐྱེས་བུ་དམ་པ་མ་ཉམས་པ་ཞེས་བྱ་བ་གཉིས་ཡོད་དེ། གཅིག་ནི་རང་བཞིན་གྱིས་ཡོངས་སུ་དག་ཅིང་ཐོག་མ་ནས་ཉེས་པ་མི་བྱེད་པའོ། ། གཅིག་ནི་ཉེས་པ་བྱས་སུ་ཟིན་ཀྱང་འཛེམ་པ་དང་། ངོ་ཚ་བས་སོ་སོར་འཆགས་པ་སྟེ། སྐྱེས་བུ་དམ་པ་འདི་གཉིས་ནི་ངའི་བསྟན་པའི་ཆོས་ལ་ཤིན་ ཏུ་འདུན་པ་རྣམ་པར་དག་པ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་མོས་པ་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་རྣམ་པ་སྣ་ཚོགས་བསྟན་ཅིང་བཤད་དེ་སོ་སོར་ཅི་དགའ་བའི་བདེ་བ་ཐོབ་པར་བྱས་སོ། ། དེ་དག་དགའ་བཞིན་དུ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སོ་སོའི་སྟན་ལ་འཁོད་དོ། ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་ཉན་ཐོས་ཚད་མེད་པ་བརྒྱ་སྟོང་སྙེད་དང་། བྱང་ཆུབ་སེམས་དཔའ་ཚད་མེད་པ་བྱེ་བ་བརྒྱ་སྟོང་སྙེད་ཀྱིས་མདོ་སྡེ་འདི་བཤད་པ་ཐོས་ནས་མི་དགེ་བའི་ལས་ཀྱི་སྒྲིབ་པ་སྔོན་ཅི་བྱས་པ་དྲན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་ཤིན་ཏུ་འཛེམ་པ་དང་།
BO
ངོ་ཚ་བའི་སེམས་ཀྱིས་སོ་སོར་བཤགས་ཤིང་ཐལ་མོ་སྦྱར་ཏེ་བསྟི་སྟང་དང་བཅས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་སྔོན་སངས་རྒྱས་ཚད་མེད་པ་དག་གི་དམ་པའི་ཆོས་ལ་ལ་ལ་ནི་འདི་ སྐད་དུ་བདག་ཅག་སངས་རྒྱས་དེའི་ཉེ་གནས་ཆོས་ཀྱི་སྣོད་དུ་གྱུར་པའམ། ཆོས་ཀྱི་སྣོད་དུ་མ་གྱུར་པ་ལ་ཁྲོ་བ་དང་། ཞེ་སྡང་བ་དང་། གཤེ་ཞིང་སྤྱོ་བ་དང་། སྨོད་པ་དང་། བརྙས་པ་དང་། རྣམ་པ་སྣ་ཚོགས་ཀྱིས་འཕྱ་ཞིང་སྐུར་ཏེ། གནོད་པར་གླགས་ལྟ་བ་དང་། ཡོན་ཏན་བཅབས་ནས་ཉེས་ པ་བསྒྲགས་ཏེ། བདག་ཅག་མི་དགེ་བའི་ལས་དེའི་དབང་གིས་བསྐལ་པ་ཚད་མེད་པའི་བར་དུ་ངན་སོང་དུ་ལྟུང་ཞིང་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་ཆེན་པོ་མྱོང་ངོ་། ། ཕྱིས་སངས་རྒྱས་ཚད་མེད་པ་དག་ལ་བསྙེན་བཀུར་དང་། མཆོད་པ་བགྱིས་སོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཚད་མེད་པ་སྙེད་ལ་བསྙེན་བཀུར་དང་། མཆོད་པ་དང་། གཡོག་བགྱིས་ནས་སངས་རྒྱས་དེ་རེ་རེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རེ་རེ་ལ་ཤིན་ཏུ་འཛེམ་པ་དང་ངོ་ཚ་བས་སྡིག་པའི་ལས་ཀྱི་སྒྲིབ་པ་དག་སོ་སོར་བཤགས་སོ། ། སངས་རྒྱས་དེ་རེ་རེ་དང་།
BO
བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རེ་རེ་ལ་ཡང་ཆོས་ཀྱི་རྣམ་གྲངས་ཚད་མེད་པ་སྙེད་མཉན་ཏེ། ཐོས་ནས་ཤིན་ཏུ་ནན་ཏན་བགྱིས་པ་དང་། ཤིན་ཏུ་སྤྱད་དཀའ་བ་ཚད་མེད་པ་དག་སྤྱད་ཀྱང་ལས་ཀྱི་སྒྲིབ་པའི་ལྷག་མ་ལུས་པས་བདག་ཅག་ཤིན་ཏུ་བདེ་བའི་མྱ་ངན་ལས་འདའ་བ་མ་ཐོབ་བོ། ། བདག་ཅག་ཏིང་ངེ་འཛིན་གྱི་སྒོའི་ཁྱད་པར་དང་། ཡོན་ཏན་ཡང་མ་ཐོབ་བོ། ། བདག་ཅག་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མདོ་སྡེ་བཤད་པ་འདི་ཐོས་ནས་ལྷག་པར་ཤིན་ཏུ་འཛེམ་པ་དང་། ངོ་ཚ་བའི་སེམས་དང་། མི་འཆབ་པའི་སེམས་ཀྱིས་སོ་སོར་འཆགས་སོ། ། ཡོངས་སུ་བྱང་བར་ ཤོགས་ཤིག ། དེང་སླན་ཆད་ཇི་སྙེད་སྒྲིབ་པར་འགྱུར་བའི་ལས་རྣམས་མི་བགྱིད་པར་ཡོངས་སུ་བསྲུང་བར་འཚལ་ལོ། ། བཅོམ་ལྡན་འདས་ཐུགས་བརྩེ་བ་ཅན་གྱིས་བདག་ཅག་གི་སྡིག་པ་དེ་དག་ཡོངས་སུ་བྱང་བ་དང་། སླན་ཆད་མི་བགྱིད་པར་རྗེས་སུ་གཟུང་དུ་གསོལ། བདག་ཅག་མ་འོངས་ པ་ན་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར་བ་ལས་བཅོམ་ལྡན་འདས་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། བདག་ཅག་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱི་མཐུས་མོས་པ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདའ་བའི་བདེ་བ་མྱུར་དུ་ཐོབ་པ་དང་།
BO
ཏིང་ངེ་འཛིན་གྱི་སྒོའི་ ཡོན་ཏན་གྱི་ཁྱད་པར་ཐོབ་པར་མཛད་དུ་གསོལ། དེ་ལ་ཁ་ཅིག་ནི་འདི་སྐད་དུ་བདག་ཅག་སྔོན་བཅོམ་ལྡན་འདས་ཆེ་གེ་མོ་ཞིག་གི་ཉེ་གནས་ཆོས་ཀྱི་སྣོད་དང་། ཆོས་ཀྱི་སྣོད་མ་ཡིན་པ་ལ་ཚིག་རྩུབ་པོ་ཞེ་གཅོད་པ་རྣམ་པ་སྣ་ཚོགས་ཀྱིས་འཚེ་ཞིང་གནོད་པ་བགྱིས་པས་བདག་ཅག་སྡིག་པ་མི་ དགེ་བའི་ལས་དེའི་དབང་གིས་བསྐལ་པ་ཚད་མེད་པའི་བར་དུ་ངན་སོང་དུ་ལྟུང་བར་གྱུར་པ་ནས་དེ་བཞིན་དུ་གོང་དུ་རྒྱས་པར་བཤད་པ་བཞིན་ནོ། ། ལ་ལ་ནི་བདག་ཅག་འདི་སྐད་དུ་སྔོན་བཅོམ་ལྡན་འདས་ཆེ་གེ་མོ་ཞིག་གི་ཉེ་གནས་ཆོས་ཀྱི་སྣོད་དང་། ཆོས་ཀྱི་སྣོད་མ་ཡིན་པ་ལ་གཞུ་བ་དང་། འཚོག་ པས་འཚེ་བ་དང་། གནོད་པ་བགྱིས་པས་མི་དགེ་བའི་ལས་དེའི་དབང་གིས་བསྐལ་པ་ཚད་མེད་པའི་བར་དུ་ངན་སོང་དུ་ལྟུང་བར་གྱུར་པ་ནས་དེ་བཞིན་དུ་གོང་དུ་རྒྱས་པར་བཤད་པ་བཞིན་ནོ། ། དེ་ལ་ཁ་ཅིག་ནི། འདི་སྐད་དུ་བདག་ཅག་སྔོན་བཅོམ་ལྡན་འདས་ཆེ་གེ་མོ་ཞིག་གི་ཉེ་གནས་ཆོས་ཀྱི་ སྣོད་དང་། ཆོས་ཀྱི་སྣོད་མ་ཡིན་པའི་ཆོས་གོས་དང་།
BO
ལྷུང་བཟེད་ཕྲོགས་པས་མི་དགེ་བའི་ལས་དེའི་དབང་གིས་བསྐལ་པ་ཚད་མེད་པའི་བར་དུ་ངན་སོང་དུ་ལྟུང་བར་གྱུར་པ་ནས་དེ་བཞིན་དུ་གོང་དུ་རྒྱས་པར་བཤད་པ་བཞིན་ནོ། ། དེ་ལ་ཁ་ཅིག་ནི་འདི་སྐད་དུ་བདག་ཅག་སྔོན་བཅོམ་ལྡན་འདས་ ཆེ་གེ་མོ་ཞིག་གི་ཉེ་གནས་ཆོས་ཀྱི་སྣོད་དང་། ཆོས་ཀྱི་སྣོད་མ་ཡིན་པའི་འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ཕྲོགས་ཏེ་བཟའ་བ་དང་། བཏུང་བ་ཕྲོགས་ཤིང་བར་ཆད་བྱས་པས་མི་དགེ་བའི་ལས་དེའི་དབང་གིས་བསྐལ་པ་ཚད་མེད་པའི་བར་དུ་ངན་སོང་དུ་ལྟུང་བ་ནས་དེ་བཞིན་དུ་གོང་དུ་རྒྱས་པར་ བཤད་པ་བཞིན་ནོ། ། དེ་ལ་ཁ་ཅིག་ནི་འདི་སྐད་དུ་བདག་ཅག་སྔོན་བཅོམ་ལྡན་འདས་ཆེ་གེ་མོ་ཞིག་གི་ཉེ་གནས་ཆོས་ཀྱི་སྣོད་དང་། ཆོས་ཀྱི་སྣོད་མ་ཡིན་པ་དག་གི་ཆོས་གོས་ཕྲོགས་ནས་ཁྱིམ་པར་ཕབ་སྟེ། ལས་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་པས་མི་དགེ་བའི་ལས་དེའི་དབང་གིས་བསྐལ་པ་ཚད་ མེད་པའི་བར་དུ་ངན་སོང་དུ་ལྟུང་བ་ནས་དེ་བཞིན་དུ་གོང་དུ་རྒྱས་པར་བཤད་པ་བཞིན་ནོ། ། དེ་ལ་ཁ་ཅིག་ནི་འདི་སྐད་དུ་བདག་ཅག་སྔོན་བཅོམ་ལྡན་འདས་ཆེ་གེ་མོ་ཞིག་གི་ཉེ་གནས་རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དང་། ཆོས་ཀྱི་སྣོད་མ་ཡིན་པ་དག་ཉེས་པ་བྱས་པ་དང་།
BO
ཉེས་པ་མ་བྱས་པ་ལ་ལྕགས་ དང་། ཁོང་སྒྲིལ་དང་། ཤིང་སྒྲོག་ཏུ་བཅུག་སྟེ་གཙེས་པས་མི་དགེ་བའི་ལས་དེའི་དབང་གིས་བསྐལ་པ་ཚད་མེད་པའི་བར་དུ་བདག་ཅག་ངན་སོང་དུ་ལྷུང་བ་ནས་དེ་བཞིན་དུ་གོང་དུ་རྒྱས་པར་བཤད་པ་བཞིན་ནོ། ། དེ་ལ་ཁ་ཅིག་ནི་འདི་སྐད་དུ་བདག་ཅག་སྔོན་བཅོམ་ལྡན་འདས་ཆེ་གེ་མོ་ཞིག་གི་ཉེ་ གནས་རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དང་། ཆོས་ཀྱི་སྣོད་མ་ཡིན་པ་དག་ལ་དབང་ཟ་བའི་སེམས་ཀྱིས་འཚེ་བ་དང་། གནོད་པ་རྣམ་པ་སྣ་ཚོགས་ཀྱིས་མི་བདེ་བར་བགྱིས་པས་བདག་ཅག་མི་དགེ་བའི་ལས་དེའི་དབང་གིས་བསྐལ་པ་ཚད་མེད་པའི་བར་དུ་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་ཆེན་པོ་མྱོང་བར་ གྱུར་ཏོ། ། ཕྱིས་སངས་རྒྱས་ཚད་མེད་པ་དག་ལ་བསྙེན་བཀུར་དང་། མཆོད་པ་དང་། མཉེས་པ་བགྱིས་སོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་སྙེད་དེ་དག་ལ་ཡང་བསྙེན་བཀུར་བ་དང་། མཆོད་པ་དང་། མཉེས་པ་བགྱིས་ཏེ། སངས་རྒྱས་དེ་རེ་རེ་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་རེ་རེ་ལ་ཡང་ཤིན་ཏུ་འཛེམ་པ་དང་བཅས་པས་མི་དགེ་བའི་ལས་དེ་དག་སོ་སོར་འཆགས་སོ། ། སངས་རྒྱས་དེ་རེ་རེ་དང་།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རེ་རེ་ལས་ཀྱང་ཚད་མེད་པའི་ཆོས་ཀྱི་རྣམ་གྲངས་མཉན་ཏེ་ཐོས་ནས། ཤིན་ཏུ་འབད་པའི་ བརྩོན་འགྲུས་ཀྱིས་ནན་ཏན་བགྱིས་ཏེ། ཤིན་ཏུ་སྤྱད་དཀའ་བ་སྤྱད་ཀྱང་ལས་ཀྱི་སྒྲིབ་པའི་ལྷག་མ་ལུས་པས་བདག་ཅག་ད་དུང་དུ་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པའི་བདེ་བ་མ་ཐོབ་བོ། ། ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་སྒོའི་ཁྱད་པར་མ་ཐོབ་བོ། ། བདག་ཅག་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མདོ་སྡེ་ འདི་ཐོས་ནས་ལྷག་པར་ཤིན་ཏུ་འཛེམ་པ་དང་། མི་འཆབ་པས་སོ་སོར་བཤགས་ཏེ་ཡོངས་སུ་བྱང་བར་གྱུར་ཏོ། ། དེང་སླན་ཆད་ཇི་སྙེད་སྒྲིབ་པར་འགྱུར་བའི་ལས་རྣམས་མི་བགྱིད་པར་ཡོངས་སུ་བསྲུང་བར་འཚལ་ལོ། ། བཅོམ་ལྡན་འདས་ཐུགས་བརྩེ་བ་ཅན་གྱིས་བདག་ཅག་གི་སྡིག་པ་དེ་དག་ ཡོངས་སུ་བྱང་བ་དང་། སླན་ཆད་མི་བགྱིད་པར་རྗེས་སུ་གཟུང་དུ་གསོལ། བདག་ཅག་མ་འོངས་པ་ན་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར་བ་ལས་བཅོམ་ལྡན་འདས་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། བདག་ཅག་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱི་མཐུས་མྱ་ངན་ལས་འདའ་བའི་ བདེ་བ་མྱུར་དུ་ཐོབ་པ་དང་།
BO
གཞན་ཡང་ཏིང་ངེ་འཛིན་གྱི་སྒོའི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ། ། ཁྱེད་འདི་ལྟར་ཤིན་ཏུ་འཛེམ་པ་དང་བཅས་པས་སོ་སོར་ བཤགས་པ་ལེགས་སོ། ། ཡོངས་སུ་མ་ཉམས་པའི་སྐྱེས་བུ་དམ་པ་གཉིས་ཡོད་དེ། གཅིག་ནི་རང་བཞིན་གྱིས་རྣམ་པར་དག་ཅིང་། ཐོག་མ་ནས་ཉེས་པ་མི་བྱེད་པའོ། ། གཅིག་ནི་ཉེས་པ་བྱས་སུ་ཟིན་ཀྱང་འཛེམ་པ་དང་བཅས་པས་སོ་སོར་འཆགས་པ་སྟེ། སྐྱེས་བུ་འདི་གཉིས་ནི་ངའི་ བསྟན་པ་ལ་ཤིན་ཏུ་འདུན་པ་རྣམ་པར་དག་པ་ཞེས་བྱའོ། ། རིགས་ཀྱི་བུ་འདི་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ལ་གནོད་པ་བྱས་པའི་སྡིག་པའི་གནན་གོང་དུ་བཤད་པའི་མཚམས་མེད་པ་དང་། ཉེ་བའི་སྡིག་པ་ནི་མིང་ཙམ་དུ་ཟད་དེ། སྡིག་པ་ཞེས་ཀྱང་མི་བྱའོ། ། སངས་རྒྱས་ཀྱི་ཉེ་གནས་རབ་ཏུ་བྱུང་བ་ལ་གནོད་པ་བྱས་ན་དེའི་སྡིག་པ་ནི་གོང་དུ་བཤད་པའི་མཚམས་མེད་པ་ལྔའི་སྡིག་པ་ལས་ཚད་མེད་གྲངས་མེད་པས་ལྷག་པར་ཆེའོ། ། དེ་ཅིའི་ཕྱིར་ཞེ་ན།
BO
དགེ་སློང་གང་ཚུལ་ཁྲིམས་ཉམས་ཏེ་སྡིག་པ་བྱེད་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་ པ་སྙེད་ལ་མྱ་ངན་ལས་འདའ་བ་ཕྱིན་ཅི་མ་ལོག་པའི་ལམ་སྟོན་ནུས་སོ། ། སེམས་ཅན་མང་པོ་ལ་ཡོན་ཏན་ཆེན་པོའི་རིན་པོ་ཆེའི་གཏེར་དུ་འགྱུར་བ་ནས་དེ་བཞིན་དུ་ཇི་ལྟར་རྒྱས་པར་བཤད་པ་བཞིན་ནོ། ། ཚུལ་ཁྲིམས་སྲུང་ཞིང་དགེ་བའི་ཆོས་སྤྱོད་པ་ལྟ་ཅི་སྨོས། དེ་བས་ན་གང་གིས་ སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་སློབ་མ་ལ་འཚེ་བ་དང་། གནོད་པ་བྱས་ན་དེ་ནི་དཀོན་མཆོག་གསུམ་གྱི་གདུང་གཅོད་པ་ཡིན་པར་ཤེས་པར་བྱའོ། ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་བཅར་བ་ཡིན་ནོ། ། དེ་ནི་ངས་སྔོན་ཤིན་ཏུ་དཀའ་བ་སྤྱད་ནས་རྙེད་པའི་དམ་པའི་ཆོས་ མ་རུང་བར་བྱས་པ་ཡིན་ནོ། ། དེ་ནི་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་གནོད་པ་ཆེན་པོ་བྱས་པ་ཡིན་ནོ། ། དེ་བས་ན་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ལ་གནོད་པ་བྱས་ན་དེའི་སྡིག་པ་ནི་སྔར་བཤད་པའི་མཚམས་མེད་པ་ལྔའི་སྡིག་པ་བས་ཚད་མེད་གྲངས་མེད་པས་ལྷག་པར་ཆེའོ། ། དེ་ བས་ན་ཁྱེད་ཀྱིས་དེང་ངའི་མདུན་དུ་ཤིན་ཏུ་བསམ་པ་དག་ཅིང་ལྷག་པའི་འཛེམ་པ་དང་།
BO
འབད་པར་བཅས་པས་སྔོན་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་སོ་སོར་བཤགས་པའི་ཕྱིར་ཁྱེད་ལ་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བས་ཁྱེད་ཀྱི་སྡིག་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཁད་ཀྱིས་བྱང་ བར་གྱུར་ཏེ་སངས་རྒྱས་ཀྱི་ཞིང་འདིར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་འབྱུང་བ་ཐམས་ཅད་ལ་ཡང་ཁྱེད་ཀྱིས་འདི་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་སྤྱན་སྔར་ཡང་སྡིག་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཤིན་ཏུ་སོ་སོར་ཤོགས་ཤིག ། མ་འོངས་པའི་ཉེས་པ་ཡང་ཤིན་ཏུ་བསྲུང་བར་གྱིས་ ཤིག ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་ཐ་མ་སྣང་མཛད་ཅེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་ དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེའི་སྤྱན་སྔར་ཡང་སྡིག་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཤིན་ཏུ་སོ་སོར་ཤོགས་ཤིག་དང་། ལྷག་མ་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་རོ། ། དེའི་ཚེ་ཉན་ཐོས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ་དེ་དེ་བཞིན་ནོ། །
BO
བཅོམ་ ལྡན་འདས་བདག་ཅག་གལ་ཏེ་འདི་ལྟར་སངས་རྒྱས་སྟོང་གི་ཐ་མ་སྣང་མཛད་ཀྱི་ཚེ། ཡང་དག་པའི་ལྟ་བ་ཐོབ་ཅིང་ལོག་པར་ལྟ་བ་རྣམ་པར་སྤངས་ཏེ། སྡིག་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ལྷག་མ་མ་ལུས་པར་འབྱང་ཞིང་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་ན། བདག་ཅག་བསྐལ་པ་བཟང་པོ་འདི་ལ་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་ཏེ། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ན་ཡང་བཟོད་དོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། ། ཁྱེད་ཀྱིས་འདི་ལྟར་རྟུལ་ཕོད་པ་དང་། ཤིན་ཏུ་འབད་པའི་བརྩོན་ འགྲུས་བརྟན་པ་དང་། སྨོན་ལམ་གྱི་མཐུས་གདོན་མི་ཟ་བར་སངས་རྒྱས་སྣང་མཛད་ཀྱི་ཚེ་སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་། ལྷག་པའི་བསམ་པས་བསྟི་སྟང་དང་བཅས་ཏེ་བསྙེན་བཀུར་དང་། མཆོད་པ་གདོན་མི་ཟ་བར་བྱེད་པར་འགྱུར་རོ། ། དེ་བཞིན་ གཤེགས་པ་སྣང་མཛད་ཀྱིས་ཀྱང་གདོན་མི་ཟ་བར་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཅད་པའི་དགྲ་བཅོམ་པར་འགྱུར་བར་མཛད་དོ། ། གདོན་མི་ཟ་བར་ཏིང་ངེ་འཛིན་གྱི་སྒོའི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་མཛད་དོ། ། དེ་ནས་ཉན་ཐོས་དེ་དག་དང་།
BO
བྱང་ཆུབ་སེམས་དཔའ་དེ་དག་དགའ་ བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཕྱིར་ཡང་སོ་སོའི་སྟན་ལ་འཁོད་དོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ཐམས་ཅད་ལ་བརྟགས་ན། མ་ འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་ཚད་མེད་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱི་རྒྱལ་རིགས་གདོལ་པ་ཅན་དང་། བྲམ་ཟེ་གདོལ་པ་ཅན་དང་། བློན་པོ་གདོལ་པ་ཅན་དང་། ཁྱིམ་བདག་གདོལ་པ་ཅན་དང་། ཚོང་དཔོན་གདོལ་པ་ཅན་དང་། དགེ་སྦྱོང་གདོལ་པ་ཅན་དང་། རྗེའུ་རིགས་དང་། དམངས་རིགས་དང་གདོལ་པ་ཅན་གྱི་སྐྱེས་པའམ། བུད་མེད་ལ་སོགས་པ་དེ་དག་དགེ་བའི་རྩ་བ་ཆུང་ངུ་བསྐྱེད་པས་མིའི་ལུས་ཐོབ་ཏུ་ཟིན་ཀྱང་མི་དགེ་བའི་བཤེས་གཉེན་དང་སྟེན་ཅིང་ལོག་པའི་ལྟ་བ་བསྐྱེད་པས་སྡིག་པ་མི་དགེ་བའི་ལས་ཀྱིས་ངའི་བླ་ན་མེད་པའི་དམ་ པའི་ཆོས་ཤིན་ཏུ་ཟབ་མོ་འཇིག་པར་བྱེད་དོ། ། ངའི་བསྟན་པ་རྒྱས་པར་མི་བྱེད། རྒྱས་པ་རྣམས་མེད་པར་བྱེད་ཅིང་མོས་པ་མི་སྐྱེད།
BO
ངས་བསྟན་པའི་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་ཏེ། བགེགས་དང་བར་ཆད་བྱེད་ཅིང་རྒྱས་པར་མི་བྱེད་པ་དང་། བར་བར་ནི་ངས་ བསྟན་པའི་རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པ་དང་། བགེགས་དང་བར་ཆད་བྱེད་ཅིང་རྒྱས་པར་མི་བྱེད་པ་དང་། བར་བར་ནི་ངས་བསྟན་པའི་བླ་ན་མེད་པའི་ཐེག་པ་ཅན་གྱི་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པ་དང་། བགེགས་དང་བར་ཆད་བྱེད་ཅིང་རྒྱས་པར་མི་ བྱེད་པ་དང་། བར་བར་ནི་ངས་བསྟན་པ་ལ་རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དང་། ཆོས་ཀྱི་སྣོད་མ་ཡིན་པ་ལ་ཞེ་སྡང་སྐྱེད་ཅིང་གཤེ་བ་དང་། སྤྱོ་བ་དང་། སྨོད་པ་དང་། ཚིག་རྣམ་པ་སྣ་ཚོགས་ཀྱིས་གནོད་པར་གླགས་ལྟ་སྟེ། འཕྱ་ཞིང་སྐུར་པ་དང་། ཡོན་ཏན་བཅས་ནས་ཉེས་པ་ བསྒྲགས་ཏེ། དེ་བཞིན་དུ་སྨོད་པའི་སེམས་ཀྱིས་འཚེ་བ་དང་། གནོད་པ་རྣམ་པ་སྣ་ཚོགས་བྱེད་དོ། ། དེ་ལྟར་གང་ཟག་འཕགས་པའི་ཆོས་ཀྱི་སྣོད་དུ་མ་གྱུར་པ་དེ་ཡང་ཡང་དག་པར་གླེན་ཞིང་གཏི་མུག་གི་རང་བཞིན་ཅན་ཡིན་ཏེ། {ཆུང་ཟད་,ཅུང་ཟད་}ཙམ་གྱིས་ཤེས་པ་སྙེམས་ པའི་ང་རྒྱལ་ཅན་དེ་འདི་ནས་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་སྟེ།
BO
ཚད་མེད་པ་སྙེད་ཀྱིས་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། ། བསྐལ་པ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་མིའི་ལུས་ཐོབ་པར་དཀའ་བ་ནས་དེ་བཞིན་དུ་རྒྱས་པར་གོང་ དུ་བཤད་པ་བཞིན་ནོ། ། རིགས་ཀྱི་བུ་སེམས་ཅན་དེ་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ན་འདུག་སྟེ། སྡུག་བསྔལ་ཆེན་པོ་མྱོང་ཡང་སླའི་དེ་ལྟ་བུའི་ལུས་སྡིག་པ་ཅན་ང་རྒྱལ་གྱིས་མངོན་པར་ཟིན་པ། སྡིག་པའི་བཤེས་གཉེན་གྱི་རྗེས་སུ་འབྲང་ཞིང་། མི་དགེ་བའི་ལས་བྱེད་པ་ལས་འཁོར་བར་འཁོར་ཏེ། ཤིན་ཏུ་བསྒྲལ་དཀའ་བ་རྟག་ཏུ་འཁོར་བར་སྡུག་བསྔལ་གྱིས་གདུངས་པར་གྱུར་པ་ནི་མ་ཡིན་ནོ། ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བློ་གྲོས་ཆེན་པོ་ཅན་གྱི་སེམས་ཅན་ཚད་མེད་གྲངས་མེད་པ་སྙེད་སྟན་ལས་ལངས་ ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་མཆི་མ་བླགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་སེམས་ཅན་འདི་དག་མིའི་ལུས་ཤིན་ཏུ་ ཐོབ་པར་དཀའ་བ་རྙེད་ཀྱང་དད་པ་ཡོངས་སུ་སྤོང་ངོ་། །
BO
ཡང་དག་པའི་སྨོན་ལམ་ཡོངས་སུ་སྤོང་ངོ་། ། ཡང་དག་པའི་མོས་པ་དང་། ཡང་དག་པའི་ལྟ་བ་ཡོངས་སུ་སྤོང་ངོ་། ། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་ངོ་། ། དུས་བཟང་པོ་དང་། གནས་བཟང་པོ་དང་། ཚུལ་ཁྲིམས་ དག་པ་ཡོངས་སུ་སྤོང་ངོ་། ། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་ཤེས་རབ་ཡོངས་སུ་སྤོང་ངོ་། ། སེམས་ཅན་འདི་དག་ཤིན་ཏུ་ཐོབ་པར་དཀའ་བའི་མིའི་ལུས་ཐོབ་མོད་ཀྱི། གླེན་པ་མི་ཤེས་པ་དང་། ང་རྒྱལ་གྱི་དབང་གིས་ཇི་ལྟར་གོང་ དུ་བཤད་པའི་སྡིག་ལྕི་བ་རྣམས་ཀུན་བགྱིད་དེ། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ལ་འཚེ་བ་དང་། གནོད་པ་བགྱིད་དོ། ། བདག་ཅག་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ སེམས་རྩེ་གཅིག་པས་ཡང་དག་པའི་ཡི་དམ་བཅའོ། ། བདག་ཅག་དེང་སླན་ཆད་འཁོར་བར་འཁོར་བ་འདི་ཕན་ཆད་ནས་ནམ་རྣམ་པར་གྲོལ་བ་མ་ཐོབ་ཀྱི་བར་དུ་དེ་ལྟ་བུའི་སྡིག་པའི་གྲོགས་པོ་དང་མི་མཇལ་བ་དང་། དེ་ལྟ་བུའི་སྡིག་པའི་ལས་མི་བགྱིད་པ་དང་། སངས་རྒྱས་ཀྱི་དམ་པའི་ཆོས་ལ་མི་སྐུར་བ་དང་། རབ་ཏུ་བྱུང་བའི་གང་ཟག་ལ་གནོད་པ་མི་བགྱིད་པ་དང་།
BO
སེམས་ཅན་གྱི་ཆོས་ཀྱི་མིག་མི་འབྱིན་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་དམ་བཅས་པ་དང་། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་ བརྩེ་བའི་སླད་དུ་དམ་བཅས་པ་དེ་དག་རྗེས་སུ་གཟུང་དུ་གསོལ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་སེམས་ཅན་བློ་དང་ལྡན་པ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསམ་པ་ངེས་པར་དམ་བཅའ་བར་འཚལ་ཏེ། འཁོར་བར་འཁོར་བ་འདི་ཕན་ཆད་ནས་ནམ་ཆོས་ཀྱི་བཟོད་པ་མ་ཐོབ་ཀྱི་བར་དུ་རྒྱལ་པོར་མ་གྱུར་ཅིག ། བློན་པོར་མ་གྱུར་ཅིག ། ཡུལ་གྱི་སྟོན་པར་མ་གྱུར་ཅིག ། གྲོང་རྡལ་དང་། གྲོང་ཁྱེར་དང་། གྲོང་འདབ་ཀྱི་བདག་པོར་མ་གྱུར་ཅིག ། དམག་ལ་དབང་བའི་བདག་པོར་མ་གྱུར་ཅིག ། ཚོང་དཔོན་དུ་མ་གྱུར་ཅིག ། མཆོད་པ་དང་། གཙུག་ལག་ཁང་ལ་དབང་བའི་བདག་པོར་མ་གྱུར་ཅིག ། ཚོང་དཔོན་དང་། ཁྱིམ་བདག་དང་། དགེ་སྦྱོང་གི་བདག་པོར་མ་གྱུར་ཅིག ། སློབ་དཔོན་དང་བླ་མར་མ་གྱུར་ཅིག །
BO
ཁྱིམ་པའི་ལུས་སུ་མ་གྱུར་ཅིག ། ཞལ་ཆེ་གཅོད་པའི་དབང་པོར་མ་གྱུར་ཅིག ། ཕྱུག་པ་དང་བཙན་པའི་བདག་པོར་མ་གྱུར་ཅིག ། བདག་ཅག་ཆོས་ཀྱི་བཟོད་པ་མ་ཐོབ་པར་དེ་ལྟ་བུའི་གནས་སུ་སྐྱེས་ན་དེ་ཉིད་སངས་ རྒྱས་ཀྱི་བསྟན་པ་ལ་མི་དགེ་བའི་རྒྱུར་འགྱུར་བ་ཞེས་བྱ་སྟེ། ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་བྱེད་པས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པ་ཞེས་བགྱིའོ། ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ལ་འཚེ་ཞིང་གནོད་པ་བགྱིད་པའོ། ། སེམས་ཅན་མང་ པོའི་ཆོས་ཀྱི་མིག་འབྱིན་པའོ། ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་གཅོད་པའོ། ། སེམས་ཅན་ཚད་མེད་པ་ལ་གནོད་པ་དང་འཚེ་བ་བགྱིད་པའོ། ། དེའི་དབང་གིས་གདོན་མི་འཚལ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་སྟེ། ངན་སོང་དུ་འཁོར་བ་ལས་ཐར་པའི་དུས་མ་ མཆིས་སོ། ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་སྨོན་ལམ་འདི་དག་བྱིན་གྱིས་བརླབ་པར་གསོལ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེར་འདུས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་དང་། མི་མ་ཡིན་ལ་སོགས་པ་ཐམས་ཅད་སྟན་ལས་ལངས་ཏེ།
BO
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་མཆི་མ་བླགས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཐོག་མ་མ་མཆིས་པ་ནས་འཁོར་བར་འཁོར་ཞིང་གླེན་པ་དང་། མི་ཤེས་པ་དང་། ང་རྒྱལ་གྱི་ དབང་གིས་མི་དགེ་བའི་ལས་ཐམས་ཅད་བསྐྱེད་དེ། ལུས་ཀྱི་ལས་མི་དགེ་བ་དང་། ངག་གི་ལས་མི་དགེ་བ་དང་། ཡིད་ཀྱི་ལས་མི་དགེ་བ་བདག་གིས་བགྱིས་པ་དང་། གཞན་བགྱིད་དུ་སྩལ་བ་དང་། མཐོང་བ་དང་ཐོས་པ་ལ་རྗེས་སུ་ཡི་རང་བའི་སྡིག་པ་དེ་དག་ཐམས་ཅད་དེང་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་ཤིན་ཏུ་འཛེམ་པ་དང་། མི་འཆབ་པའི་སེམས་ཀྱིས་སོ་སོར་བཤགས་པས་སླན་ཆད་མི་བགྱིད་པར་ཡོངས་སུ་བསྲུང་བ་དང་། མ་མཆིས་པའི་དུས་ཀྱི་སྒྲིབ་པར་འགྱུར་བའི་སྡིག་པ་བྱང་བར་གྱུར་ཅིག ། དེ་བཞིན་དུ་ལན་ཅིག ། ལན་གཉིས། ལན་གསུམ་གྱི་བར་ དུ་བརྗོད་དོ། ། དེང་སླན་ཆད་འཁོར་བའི་མཐས་གཏུགས་པའི་བར་དུ་རྟག་ཏུ་སྡིག་པའི་གྲོགས་པོ་དང་མི་ཕྲད་པ་དང་། མི་དགེ་བའི་དབང་དུ་མ་གྱུར་ཅིག ། གལ་ཏེ་ཕྲད་ན་ཡང་དེའི་རྗེས་སུ་མི་འཇུག་པར་བསམ་པ་ངེས་པས་དམ་བཅའ་བར་འཚལ་ལོ། །
BO
སྡིག་པའི་ལས་ དེ་དག་ཐམས་ཅད་བགྱིད་པར་མ་གྱུར་ཅིག ། བདག་ཅག་ཡུན་རིང་པོར་སྡུག་བསྔལ་མྱོང་བར་མ་གྱུར་ཅིག ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་སྨོན་ལམ་འདི་དག་རྗེས་སུ་གཟུང་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འདུས་པའི་འཁོར་དེ་དག་ཐམས་ཅད་ལ་ བཀའ་སྩལ་པ། ལེགས་སོ་ལེགས་སོ། ། ཁྱེད་མ་འོངས་པའི་སྡུག་བསྔལ་གྱིས་འཇིགས་པ་དང་། འཛེམ་པས་སོ་སོར་བཤགས་པ་ལེགས་སོ། ། ཁྱེད་ཀྱིས་འཁོར་བའི་ཆུ་བོ་ཆེན་པོ་ལས་བསྒྲལ་བ་དང་། འཇིགས་པ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་ འདི་ལྟ་བུའི་སྨོན་ལམ་བཏབ་པ་ལེགས་སོ། ། རིགས་ཀྱི་བུ་ཆོས་རྣམ་པ་འདི་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་ཐོབ་པར་འགྱུར་རོ། ། བཅུ་གང་ཞེ་ན་འདི་ལྟ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་གང་ནང་གི་ལུས་ལ་མི་གནས། ཕྱི་རོལ་གྱི་ལུས་ལ་མི་གནས། ཕྱི་ནང་གི་ལུས་ལ་མི་གནས། འདས་པའི་ལུས་ལ་མི་གནས། མ་འོངས་པའི་ལུས་ལ་མི་གནས། ད་ལྟར་གྱི་ལུས་ལ་མི་གནས་པ་སྟེ།
BO
ཆོས་དང་པོ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་འཐོབ་བོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་ནང་གི་ཚོར་བ་ལ་མི་གནས། ཕྱི་རོལ་གྱི་ཚོར་བ་ལ་མི་གནས། ཕྱི་ནང་གཉི་གའི་ཚོར་བ་ལ་མི་གནས། འདས་པའི་ཚོར་ བ་ལ་མི་གནས། མ་འོངས་པའི་ཚོར་བ་ལ་མི་གནས། ད་ལྟར་གྱི་ཚོར་བ་ལ་མི་གནས་པ་སྟེ། ཆོས་གཉིས་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་འཐོབ་པར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་ནང་གི་འདུ་ཤེས་ལ་མི་གནས། ཕྱི་རོལ་གྱི་འདུ་ཤེས་ལ་མི་གནས། ཕྱི་ནང་གཉི་གའི་འདུ་ཤེས་ལ་མི་གནས། འདས་པའི་འདུ་ཤེས་ལ་མི་གནས། མ་འོངས་པའི་འདུ་ཤེས་ལ་མི་གནས། ད་ལྟར་གྱི་འདུ་ཤེས་ལ་མི་ གནས་པ་སྟེ། ཆོས་གསུམ་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་འཐོབ་པར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་ནང་གི་འདུ་བྱེད་ལ་མི་ གནས།
BO
ཕྱི་རོལ་གྱི་འདུ་བྱེད་ལ་མི་གནས། ཕྱི་ནང་གཉི་གའི་འདུ་བྱེད་ལ་མི་གནས། འདས་པའི་འདུ་བྱེད་ལ་མི་གནས། མ་འོངས་པའི་འདུ་བྱེད་ལ་མི་གནས། ད་ལྟར་གྱི་འདུ་བྱེད་ལ་མི་གནས་པ་སྟེ། ཆོས་བཞི་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་འཐོབ་བོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་ནང་གི་རྣམ་པར་ཤེས་པ་ལ་མི་གནས། ཕྱི་རོལ་གྱི་རྣམ་པར་ཤེས་པ་ལ་མི་གནས། ཕྱི་ནང་གཉི་གའི་རྣམ་པར་ཤེས་པ་ ལ་མི་གནས། འདས་པའི་རྣམ་པར་ཤེས་པ་ལ་མི་གནས། མ་འོངས་པའི་རྣམ་པར་ཤེས་པ་ལ་མི་གནས། ད་ལྟར་གྱི་རྣམ་པར་ཤེས་པ་ལ་མི་གནས་པ་སྟེ། ཆོས་ལྔ་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་ བཟོད་པ་འཐོབ་པར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་འཇིག་རྟེན་འདི་ལ་མི་གནས་པ་སྟེ། ཆོས་དྲུག་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་འཐོབ་ པར་འགྱུར་རོ། །
BO
རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་འཇིག་རྟེན་འདི་ལ་མི་གནས་པ་སྟེ། ཆོས་བདུན་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་འཐོབ་པར་འགྱུར་ རོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་འདོད་པའི་ཁམས་ལ་མི་གནས་པ་སྟེ། ཆོས་བརྒྱད་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་ འཐོབ་པར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ཡོད་པའི་ཁམས་ལ་མི་གནས་པ་སྟེ། ཆོས་དགུ་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་ འཐོབ་པར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་མེད་པའི་ཁམས་ལ་མི་གནས་པ་སྟེ། ཆོས་བཅུ་པ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལམ་སྐྱོན་མེད་པའི་ཆོས་ཀྱི་བཟོད་པ་ འཐོབ་པར་འགྱུར་རོ། །
BO
བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་བརྒྱ་སྟོང་བདུན་ཅུ་རྩ་གཉིས་སྙེད་ཀྱིས་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་འཐོབ་བོ། ། བྱང་ཆུབ་སེམས་དཔའ་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྙེད་ཀྱིས་ཆོས་ཀྱི་རྗེས་སུ་འཐུན་པའི་བཟོད་པ་འཐོབ་བོ། ། ཉན་ཐོས་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱིས་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་པ་ནས་དགྲ་བཅོམ་པའི་བར་དུ་ཐོབ་པར་གྱུར་ཏོ། ། སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་སྙེད་ ཀྱིས་སྔོན་མ་བསྐྱེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། ། སེམས་ཅན་གྲངས་མེད་ཚད་མེད་པ་སྙེད་ཀྱིས་སྔོན་རང་སངས་རྒྱས་ཀྱི་སེམས་མ་བསྐྱེད་པ་དེ་སེམས་ བསྐྱེད་པར་གྱུར་ཏོ། ། གཞན་ཡང་སེམས་ཅན་གྲངས་མེད་ཚད་མེད་པ་སྙེད་ཀྱིས་སྔོན་ཉན་ཐོས་ཀྱི་སེམས་མ་བསྐྱེད་པ་དེ་བསྐྱེད་པར་གྱུར་ཏོ། ། ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་བཀའ་སྩལ་པ།
BO
སེམས་ཅན་གང་ཆོས་ཀྱི་བཟོད་པ་ཐོབ་པས་ནི་རྒྱལ་རིགས་རྒྱལ་ ཐབས་སྤྱི་བོ་ནས་དབང་བསྐུར་བའི་གནས་སུ་གནས་པར་བྱས་ཏེ། ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལ་ལོངས་སྤྱོད་ཅིང་བདག་ཉིད་ཆེན་པོའི་གནས་སུ་ལོངས་སྤྱོད་པར་ངས་གནང་གི་སེམས་ཅན་གཞན་ནི་མ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་ཡང་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་ཅན་གང་ཆོས་ཀྱི་བཟོད་པ་མ་ཐོབ་པར་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་གནས་སུ་གནས་ཏེ། ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལ་སྤྱོད་པ་དང་། བདག་ཉིད་ཆེ་བའི་གནས་སུ་གནས་པར་ངེས་པར་མ་ གནང་ངམ། འོན་ཏེ་གནང་བའི་སྐབས་ཀྱང་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་གང་ཆོས་ཀྱི་བཟོད་པ་མ་ཐོབ་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་སྤྱོད་ལ། སེམས་ཅན་གཞན་ཡང་སློབ་དུ་བཅུག་ན། དེ་ཡང་ངས་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ ནས་དབང་བསྐུར་བའི་གནས་སུ་ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་། གཞན་ཡང་བདག་ཉིད་ཆེ་བའི་གནས་སུ་འདུག་ཅིང་ལོངས་སྤྱོད་དུ་གནང་ངོ་། ། སེམས་ཅན་གང་ཆོས་ཀྱི་བཟོད་པ་ཡང་མ་ཐོབ་ལ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་མི་སྤྱོད་དེ།
BO
སེམས་ཅན་གཞན་ཡང་སློབ་ པ་ལ་མི་འཛུད་ལ་དབང་ཆེན་པོ་དང་ནན་ཏན་གྱིས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་བྱེད་དེ། ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་། བདག་ཉིད་ཆེན་པོའི་གནས་སུ་ལོངས་སྤྱོད་པ་དག་ནི་རྒྱལ་རིགས་གདོལ་པ་ཅན་དང་། གཞན་ཡང་བདག་ཉིད་ཆེ་བའི་གནས་ སུ་ལོངས་སྤྱོད་པའི་གདོལ་པ་ཅན་གྱི་བདག་པོ་ཞེས་བྱ་སྟེ། གླེན་པ་གཏི་མུག་ཅན་ང་རྒྱལ་གྱིས་མངོན་པར་ཟིན་པ། ངའི་དམ་པའི་ཆོས་ཤིན་ཏུ་ཟབ་མོ་འཇིག་པར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་གཅོད་ཅིང་དམ་པའི་ཆོས་ཀྱི་སྒྲོན་མ་མེད་པར་བྱེད་པ། ངའི་བསྟན་ པ་ལ་རབ་ཏུ་བྱུང་བ་དག་ལ་གནོད་པ་དང་། འཚེ་བ་རྣམ་པ་སྣ་ཚོགས་བྱེད་པ། འཚོག་པ་དང་། གཞུ་བ་དང་། ཆད་པས་གཅོད་པ་དང་། ཆོས་གོས་དང་། ལྷུང་བཟེད་དང་། འཚོ་བའི་ཡོ་བྱད་འཕྲོག་པ་དང་། ཆོས་གོས་ཕྲོགས་ཏེ་ཁྱིམ་པར་ཕབ་ནས་ལས་རྣམ་པ་ སྣ་ཚོགས་བྱེད་དུ་བཅུག་པ་དང་། བཅིངས་པ་དང་། བཙོན་དུ་བཟུང་བ་ནས་འཚོ་བའི་དབང་པོ་དང་ཕྲལ་བ་དང་ངའི་བསྟན་པ་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པ་དང་། བར་དུ་གཅོད་ཅིང་བགེགས་བྱེད་ཅིང་ཡོངས་སུ་རྒྱས་པར་མི་བྱེད་པ་དང་། མཆོད་ རྟེན་དང་།
BO
དགེ་འདུན་གྱི་ནོར་འཕྲོག་པར་བྱེད་པའི་གང་ཟག་དེ་ནི་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་སྟེ། སྡུག་བསྔལ་ཆེན་པོ་མྱོང་ཞིང་ངན་སོང་གི་གནས་སུ་འཁོར་ཞིང་ཐར་པའི་དུས་མེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་ ཡང་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གང་ཆོས་ཀྱི་བཟོད་པ་ཡང་མ་ཐོབ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་མི་སྤྱོད། སེམས་ཅན་གཞན་ཡང་སྤྱོད་པ་ལ་མི་སྐུར་བར་དབང་ཆེན་པོ་དང་ནན་གྱིས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་གནས་སུ་རྒྱལ་པོ་ བགྱིད་ཅིང་ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་། གཞན་ཡང་བདག་ཉིད་ཆེ་བའི་གནས་སུ་གནས་པ་ལ་རྒྱུ་གཞན་དང་ཐབས་གཞན་གྱིས་མཚམས་མེད་པའི་སེམས་ཅན་དམྱལ་བ་ལས་གདོན་ཅིང་ངན་སོང་གཞན་གྱི་སྡུག་བསྔལ་ལས་ཀྱང་ཐར་བར་བགྱི་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུ་གཞན་དང་ཐབས་གཞན་གྱིས་གདོན་དུ་རུང་བ་ཡོད་དོ། ། སེམས་ཅན་གང་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོར་ཞུགས་ལ་ལོངས་སྤྱོད་རྣམ་པ་སྣ་ཚོགས་ལ་སྤྱོད་པ་ཆོས་ཀྱི་བཟོད་པ་ཡང་མ་ཐོབ། དགེ་བ་བཅུའི་ ལས་ཀྱི་ལམ་དང་ཡང་མི་ལྡན། ཡང་དད་པའི་མཐུ་དང་ལྡན་ཏེ།
BO
དཀོན་མཆོག་གསུམ་ལ་རིམ་གྲོ་དང་། བསྟི་སྟང་བྱེད་ཅིང་སངས་རྒྱས་ཀྱི་བསྟན་པའི་ཐེག་པ་གསུམ་དང་ལྡན་པའི་དམ་པའི་ཆོས་ལ་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་ལ་ཡང་འཕྱ་ཞིང་སྐུར་བ་ འམ། བར་དུ་གཅོད་པའམ། བགེགས་མི་བྱེད་ལ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཚུལ་ཁྲིམས་ཅན་ནམ། ཚུལ་ཁྲིམས་ཉམས་པའམ། ཚུལ་ཁྲིམས་མེད་ཀྱང་རུང་། སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་པ་ཐམས་ཅད་ལ་འཚེ་བ་ དང་། གནོད་པ་དང་། གཞུ་བ་དང་། འཚོག་པ་དང་། ཆད་པས་གཅོད་པ་དང་། ཆོས་གོས་དང་། ལྷུང་བཟེད་དང་། འཚོ་བའི་ཡོ་བྱད་ཕྲོགས་པ་དང་། ཆོས་གོས་ཕྲོགས་ཏེ་ཁྱིམ་པར་ཕབ་ནས་ལས་བྱེད་དུ་བཅུག་པ་དང་། བཙོན་རར་བཅུག་པ་ནས་འཚོ་བའི་ དབང་པོ་དང་ཕྲལ་བའི་བར་དུ་མི་བྱེད་ལ། མཆོད་རྟེན་དང་། དགེ་འདུན་གྱི་ནོར་མི་འཕྲོག་པ་དང་། ངན་པ་སྡིག་པ་ཅན་དག་རབ་ཏུ་བྱུང་བ་ལ་འཚེ་བ་དང་། གནོད་པ་བྱེད་དུ་མི་འཛུད་པ་དང་། དཀོན་མཆོག་གསུམ་གྱི་ནོར་ལ་འཕྲོག་ཅིང་སྤྱོད་དུ་མི་འཛུད་པ་དང་། སངས་རྒྱས་ ཀྱི་བསྟན་པ་ཐེག་པ་གསུམ་དང་ལྡན་པའི་དམ་པའི་ཆོས་ལ་བསྟི་སྟང་དང་བཅས་པས་མཉན་ཅིང་གཟུངས་སུ་འཛིན་པ་དང་།
BO
མཉན་ཏེ་གཟུངས་སུ་བཟུང་ནས་ཀྱང་ཇི་ལྟར་བཤད་པ་བཞིན་དུ་ཆོས་ཀྱི་རྗེས་སུ་བརྩོན་འགྲུས་དང་། ནན་ཏན་བྱེད་པ་དང་། ངས་བསྟན་པའི་ ཐེག་པ་གསུམ་གྱིས་འཕགས་པའི་ཉེ་གནས་དག་ལ་མཆོད་པ་དང་། བསྙེན་བཀུར་དང་། བསྟི་སྟང་དང་བཅས་པས་གཡོག་བྱེད་པ་དང་། ཐེག་པ་ཆེན་པོ་ལ་ཤིན་ཏུ་བརྟན་པའི་ཡི་དམ་བཅས་ཏེ་ཐེ་ཙོམ་དང་ཕྱིར་ལྡོག་པའི་སེམས་མི་སྐྱེད་པ་དང་། གཞན་ཡང་སེམས་ ཅན་དག་ཐེག་པ་ཆེན་པོ་ལ་དད་ཅིང་ཡིད་ཆེས་པ་དང་། གཟུངས་སུ་འཛིན་པ་དང་། སློབ་པ་ལ་ནན་ཏན་བྱེད་དུ་འཇུག་ན། རྒྱལ་རིགས་གདོལ་པ་ཅན་འདི་དང་། གཞན་ཡང་བདག་ཉིད་ཆེ་བའི་གདོལ་པ་ཅན་དག་ནི་སྔ་མ་འདས་པའི་སངས་རྒྱས་ཀྱིས་ཀྱང་རྒྱལ་ཐབས་ཀྱི་ དབང་བསྐུར་ཞིང་ལོངས་སྤྱོད་རྣམ་པ་སྣ་ཚོགས་ལ་སྤྱོད་དུ་གནང་ངོ་། ། གཞན་ཡང་གྲོང་དང་། གྲོང་ཁྱེར་དང་། ནོར་དབྱིག་ཐམས་ཅད་ལ་སྤྱོད་ཀྱང་མཚམས་མེད་པའི་སེམས་ཅན་དམྱལ་བར་མི་ལྟུང་བ་ནས། ངན་སོང་གཞན་གྱི་བར་དུ་ཡང་ལྟུང་བར་མི་འགྱུར་རོ། ། དེ་ནི་ ངས་རྒྱལ་ཐབས་ཀྱི་དབང་བསྐུར་ཞིང་ལོངས་སྤྱོད་རྣམ་པ་སྣ་ཚོགས་ལ་སྤྱོད་དུ་གནང་ངོ་། །
BO
དེ་ལྟར་ན་དེ་དག་ནི་གྲོང་དང་གྲོང་ཁྱེར་ན་སྤྱོད་ཀྱང་མཚམས་མེད་པའི་སེམས་ཅན་དམྱལ་བར་མི་ལྟུང་བ་ནས་ངན་སོང་གཞན་དུ་ཡང་མི་ལྟུང་ངོ་། ། སེམས་ཅན་གང་སྡིག་པའི་ལས་ཀྱི་སྒྲིབ་པ་ ཐམས་ཅད་ལྷག་མ་མ་ལུས་པར་བྱང་བར་འདོད་ན་ངས་བསྟན་པའི་དམ་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ནན་ཏན་དུ་བསླབ་ཅིང་གཟུངས་སུ་གཟུང་བར་བྱའོ། ། གང་གིས་དེ་ལྟར་དགེ་འདུན་གྱི་མངོན་སུམ་དུ་གྱུར་པ་ལ་ཤིན་ཏུ་འཛེམ་པ་དང་། ངོ་ཚ་བའི་སེམས་ ཀྱིས་སྡིག་པའི་ལས་སོ་སོར་བཤགས་ན་སྔོན་གྱི་དུས་ན་བྱས་པའི་སྡིག་པའི་ལས་ཐམས་ཅད་ལྷག་མ་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་རོ། ། ། ། བམ་པོ་བརྒྱད་པ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་ཡང་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མ་མཆིས་པ་ལགས། ཇི་ལྟར་ན་ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མ་མཆིས་པ་ལགས། ཇི་ལྟར་ན་རང་ སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མ་མཆིས་པ་ལགས། ཇི་ལྟར་ན་རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མ་མཆིས་པ་ལགས།
BO
ཇི་ལྟར་ན་ཐེག་པ་ཆེན་པོ་ལ་འཁྲུལ་པ་མ་མཆིས་པ་ལགས། ཇི་ལྟར་ན་ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མ་མཆིས་ པ་ལགས། ཇི་ལྟར་ན་དཀོན་མཆོག་གསུམ་གྱི་གདུང་རྟག་པར་ཡོངས་སུ་འཕེལ་བར་བགྱིད་པ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ལགས་པ་ཡང་རུང་། ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་འཚལ་ཞིང་སྐྲ་དང་ཁ་ སྤུ་བྲེགས་པ་ཐམས་ཅད་ལ་འཁྲུལ་པ་མ་མཆིས་པ་ལགས། ཇི་ལྟར་ན་ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པར་འགྱུར་བ་ལགས། ཇི་ལྟར་ན་རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བར་འགྱུར་བ་ལགས། ཇི་ ལྟར་ན་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་བ་ལགས། ཇི་ལྟར་ན་རྟག་ཏུ་དགེ་བའི་བཤེས་གཉེན་དང་མཇལ་ཞིང་རྗེས་སུ་འཐུན་པར་འགྱུར་བ་ལགས། ཇི་ལྟར་ན་རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་ དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་།
BO
བསྙེན་བཀུར་བགྱིད་པ་དང་མི་འབྲལ་བར་འགྱུར་བ་ལགས། ཇི་ལྟར་ན་དགེ་བའི་རྩ་བ་ཐམས་ཅད་ལ་རབ་ཏུ་ བརྩོན་པས་སེམས་མི་ངོམས་པ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་སྤྱོད་པ་རྣམ་པ་སྣ་ཚོགས་ལ་སེམས་མི་ངོམས་པ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་འཁོར་ལོ་རྣམ་པ་བཅུ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་བཅུ་པོ་འདི་དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་ སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། དཀོན་མཆོག་གསུམ་ གྱི་གདུང་རྟག་པར་ཡོངས་སུ་འཕེལ་བར་འགྱུར་རོ། ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དམ།
BO
ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཞིང་སྐྲ་དང་ཁ་སྤུ་བྲེགས་པ་ཐམས་ཅད་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་ པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་དེའི་རྗེས་སུ་འགྲོ་བ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་ མཆོད་པ་དང་བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པ་དང་། སྔོན་སྡིག་པ་མི་དགེ་བའི་ལས་ཅི་བྱས་པ་ཐམས་ ཅད་འཕགས་པའི་ཆོས་ཀྱི་ཡེ་ཤེས་རྡོ་རྗེ་ལྟར་སྲ་ལ་རྣོ་བས་ལྷག་མ་མ་ལུས་པར་བཅོམ་སྟེ་རྣམ་པར་སྨིན་པའི་འབྲས་བུ་མི་མྱོང་བ་དང་།
BO
གསར་དུ་སྡིག་པ་མི་དགེ་བའི་ལས་ཐམས་ཅད་མི་བྱེད་པ་དང་། སྐྱོ་བ་དང་སྒྱིད་ལུག་པ་མེད་པའི་སེམས་ཀྱིས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ བསྐོར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ་བདུན་ནན་ཏན་བྱེད་པ་ལ་སྐྱོ་ཞིང་སྒྱིད་ལུག་པ་མེད་པའི་སེམས་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རྣམས་འཇིལ་བ་ལ་སྐྱོ་ཞིང་སྒྱིད་ལུག་པ་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྟེན་དང་། གནས་སུ་ འགྱུར་ཞིང་ཉེ་བར་འཚོ་བ་ཡིན་ནོ། ། རིགས་ཀྱི་བུ་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ནི་གར་འགྲོ་ཡང་རིན་པོ་ཆེའི་འཁོར་ལོ་ཐོག་མར་འགྲོ་སྟེ། རིན་པོ་ཆེ་གཞན་དེའི་ཕྱི་བཞིན་འབྲང་ངོ་། ། གླིང་བཞི་ཀུན་ཏུ་རྒྱུ་ཞིང་སེམས་ཅན་ཐམས་ཅད་ཀྱི་ ལུས་དང་སེམས་ཀྱི་རྙོག་པ་ཐམས་ཅད་ཀྱང་བསལ་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ཀྱི་བདེ་བ་ཡང་སྐྱེ་ཞིང་འཕེལ་བར་བྱེད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དེ་བཞིན་དུ་འཁོར་ལོ་བཅུ་པོ་འདི་དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་ མེད་པ་ནས།
BO
སེམས་ཅན་ཐམས་ཅད་ཀྱི་རྟེན་དང་གནས་སུ་འགྱུར་ཞིང་ཉེ་བར་འཚོ་བའི་བར་དུ་འཐོབ་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ལྟ་སྟེ། ཤིང་རྟ་ཆེན་པོ་ནི་འཁོར་ལོ་བཞི་དང་ལྡན་ཏེ། མི་མང་པོ་དེའི་ནང་དུ་འདུག་ནས་ལམ་ཆེན་པོར་འགྲོའོ། ། ལམ་དེ་ནི་བོང་བའམ། གྱོ་ མོའམ། གསེག་མའམ། རྩྭའམ། ཤིང་ངམ། ལོ་མའམ། ཡལ་གའམ། མེ་ཏོག་གམ། འབྲས་བུ་ཇི་སྙེད་ཡོད་པ་ཐམས་ཅད་ཤིང་རྟའི་འཁོར་ལོ་དེའི་འོག་ཏུ་སོང་ནས་ཐམས་ཅད་ཆག་ཅིང་གྲུགས་ཏེ་ནོར་དུ་མི་རུང་བར་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་བཅུ་དང་ལྡན་ན་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བཅོམ་སྟེ། རྣམ་པར་སྨིན་པ་མི་ལེན་པར་བྱེད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ། འཁོར་ལོ་རྣོན་པོ་ནི་ཐང་ཅིག་འཕངས་ པས་ཕས་རྒོལ་བའི་དགྲའི་མགོ་དང་། ཡན་ལག་བཅད་དེ། དེ་སྤྱོད་པའི་མཐུ་མེད་པར་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་བཅུ་པོ་འདི་དང་ལྡན་ན་རྒྱུད་ལྔར་འཁོར་བའི་སྡུག་བསྔལ་ཆེན་པོ་ཐམས་ཅད་འཇོམས་པ་དང་།
BO
ཉོན་མོངས་ པ་དང་སྡིག་པའི་ལས་ཐམས་ཅད་ཡོངས་སུ་གཅད་དེ། རྣམ་པར་སྨིན་པ་ལེན་པར་མི་བྱེད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ། མེའི་བསྐལ་པ་བྱུང་བའི་ཚེ་ཉི་མ་ལྔ་ཅིག་ཅར་ཤར་ནས་གླིང་བཞིའི་ཀླུང་དང་། མཚོ་དང་། ཆུ་བོ་དང་། ཆུའི་ཁམས་སུ་གཏོགས་པ་གཤེར་བ་ཐམས་ཅད་གང་ ཡང་མི་སྐེམས་པ་མེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་བཅུ་པོ་འདི་དང་ལྡན་ན་རྒྱུ་བ་བཞི་དང་། ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། སྡུག་བསྔལ་གྱི་རྩ་བར་སྨིན་པ་ཐམས་ཅད་ཡོངས་ སུ་སྐེམས་པར་བྱེད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ། རླུང་གི་བསྐལ་པ་བྱུང་བའི་ཚེ་ཕྱོགས་བཞི་ནས་རླུང་ཆེན་པོ་དུས་གཅིག་ཏུ་ལངས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་རི་བོ་ཆེ་ཆུང་དང་། ས་ཆེན་པོ་རྣམས་ཐམས་ཅད་འཇིག་ཅིང་འཐོར་བར་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་འདི་བཅུ་དང་ལྡན་ན་འཇིག་རྟེན་གྱི་ཕྱིན་ཅི་ལོག་བཞི་དང་། ང་རྒྱལ་གྱི་རི་བོ་ཐམས་ཅད་མི་ཤིགས་པ་གང་ཡང་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང་།
BO
སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ ཀྱི་སྒྲིབ་པ་དང་། སྡུག་བསྔལ་གྱི་རྣམ་པར་སྨིན་པའི་རྩ་བ་ཐམས་ཅད་ཀྱང་འཇིག་ཅིང་འཐོར་བར་འགྱུར་རོ། ། རིགས་ཀྱི་བུ་འདི་ལྟ་སྟེ། སེང་གེའི་རྒྱལ་པོ་རལ་པ་ཅན་གྱི་སྐད་ཐང་ཅིག་ཕྱུང་བས་གཅན་གཟན་ཐམས་ཅད་འཕུར་བ་དང་། འགྲོ་བ་ཐམས་ཅད་སྐྲག་ཅིང་འགུལ་ མི་ནུས་པར་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་འདི་བཅུ་དང་ལྡན་པའི་ཆོས་ཀྱི་སྒྲ་ཐང་ཅིག་བསྒྲགས་པས་མུ་སྟེགས་ཅན་དང་། ལོག་པར་སྟོན་པའི་སྡིག་པའི་གྲོགས་སུ་གྱུར་པ་ཐམས་ཅད་འཇིགས་ སྐྲག་ནས་སྨྲ་བའི་ཚིག་འཁྲུལ་ཞིང་འདྲི་བ་དང་རྒོལ་མི་ནུས་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ལྟ་སྟེ། བརྒྱ་བྱིན་ལྷའི་དབང་པོ་ལྷ་མ་ཡིན་དང་འཐབ་པའི་ཚེ་ལྷའི་དམག་གིས་བསྐོར་ཅིང་ལག་ན་རྡོ་རྗེ་ཐོགས་ཏེ་གཡུལ་དུ་ཞུགས་ན་ལྷ་མ་ཡིན་ཐམས་ཅད་སྐྲག་པས་ལྡོག་པར་འགྱུར་ རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་འདི་བཅུ་དང་ལྡན་ན་ལོག་པར་ལྟ་བའི་མུ་སྟེགས་ཅན་ཐམས་ཅད་དང་། ལོག་པར་སྟོན་པའི་སྡིག་པའི་གྲོགས་པོ་ཐམས་ཅད་སྐྲག་ནས་འབྲོས་པར་འགྱུར་རོ། །
BO
རིགས་ཀྱི་བུ་འདི་ལྟ་སྟེ། ཡིད་ བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཆར་བཞིན་དུ་འབབ་སྟེ། དབུལ་ཕོངས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་འདི་བཅུ་དང་ལྡན་ ཏེ། རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་རྒྱལ་མཚན་ལ་གནས་ན་ཆོས་ཆེན་པོའི་ཆར་རབ་ཏུ་འབེབས་པས་སེམས་ཅན་ཚད་མེད་པ་སྙེད་ཐམས་ཅད་ལ་སྦྱིན་པ་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ལྟ་སྟེ། མཚན་མོའི་དུས་སུ་འཇིག་རྟེན་ཀུན་མུན་པར་གྱུར་ནས་འཐོམས་ཤིང་འབྲོག་ བསླད་པ་ན་ཟླ་བ་ཉ་བ་ཤར་བས་མུན་པ་ཐམས་ཅད་བསལ་ཏེ། འབྲོག་བསླད་པ་རྣམས་ཀྱི་ལམ་མཚོན་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་འདི་བཅུ་དང་ལྡན་ན་སེམས་ཅན་གང་མ་རིག་པའི་མུན་པས་ལྡོངས་ཏེ་འཕགས་ པའི་ལམ་ཡན་ལག་བརྒྱད་སྟོར་བ་རྣམས་ལ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་བཤད་དེ། མ་རིག་པའི་མུན་པ་ཐམས་ཅད་བསལ་ནས། ཆོས་ཀྱི་སྣང་བ་སྐྱེས་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་དུ་གྱུར་ཏེ།
BO
ཟག་པ་ཐམས་ཅད་བཅད་ནས་སྡུག་ བསྔལ་གྱི་མཐའ་ཟད་པར་བྱེད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ། ཉི་མའི་དཀྱིལ་འཁོར་ཆེན་པོ་འཇིག་རྟེན་དུ་ཤར་བ་ན་ལོ་ཏོག་ཐམས་ཅད་སྐྱེ་ཞིང་འཕེལ་ཏེ། མེ་ཏོག་དང་། ལོ་ཐོག་དང་། ལོ་མ་ཐམས་ཅད་རྒྱས་པ་དང་། མནམ་ཤིང་བཙོག་པ་ཐམས་ཅད་སེལ་བ་ དང་། ལོ་ཐོག་གི་འབྲུ་དང་། སྨན་གྱི་འབྲས་བུ་ཐམས་ཅད་སྨིན་པ་དང་། གངས་ཀྱི་རི་བོ་ཀུན་ཞུ་བས་འབབ་ཆུ་ཀུན་བྲུག་སྟེ། རིམ་གྱིས་རྒྱ་མཚོ་ཆེན་པོར་འབབ་པར་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་ལོ་རྣམ་པ་འདི་བཅུ་ དང་ལྡན་ཏེ། ལྷག་པའི་སྦྱིན་པ་ལ་གནས་ཤིང་། དུལ་བའི་ཚུལ་ཁྲིམས་དང་། བདེ་བའི་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། བྱམས་པ་དང་། སྙིང་རྗེ་དང་། སྤོབས་པའི་ཡོན་ཏན་ཤིན་ཏུ་རྒྱས་ཤིང་སེམས་ ཅན་ཐམས་ཅད་ལ་དམ་པའི་ཆོས་སྟོན་ཏོ། ། ཆོས་དེའི་འོད་ཀྱི་གཟི་བརྗིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལྷག་པའི་ལོ་ཏོག་རྣམ་པ་སྣ་ཚོགས་སྐྱེ་ཞིང་འཕེལ་བ་དང་། ལྷག་པའི་སྤྱོད་པ་དམ་པའི་མེ་ཏོག་དང་། ལོ་མ་རྣམ་པ་སྣ་ཚོགས་ཤིན་ཏུ་རྒྱས་པ་དང་།
BO
ཉོན་མོངས་པའི་ལས་ངན་པ་ཐམས་ཅད་ཡོངས་སུ་སེལ་བ་དང་། མཐོ་རིས་དང་། མྱ་ངན་ལས་འདའ་བའི་འབྲས་བུ་ཡོངས་སུ་སྨིན་པར་འགྱུར་བ་དང་། ལོག་པར་ལྟ་བ་དང་། ང་རྒྱལ་གྱི་རི་བོ་ཐམས་ཅད་ཞུ་ཞིང་འབབ་པས་ཡང་དག་པའི་དང་བ་དང་། ཚུལ་ ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། ཏིང་ངེ་འཛིན་གྱི་ཆུ་རིམ་གྱིས་འབབ་ཅིང་མྱ་ངན་ལས་འདའ་བའི་རྒྱ་མཚོ་འགེངས་པ་དང་། སེམས་ཅན་ཐམས་ཅད་ཡིད་བཞིན་དུ་འཇིགས་པ་མེད་པ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་འཇུག་པར་འགྱུར་ རོ། ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ལོ་བཅུ་པོ་གང་ཞེ་ན། རིགས་ཀྱི་བུ་འཁོར་ལོ་བཅུ་ཞེས་བྱ་བ་ནི་ཆོས་གཞན་ལ་མི་གདགས་ཀྱི། དགེ་བ་བཅུའི་ལས་ཀྱི་ལམ་ཉིད་ཡིན་པར་ཤེས་པར་བྱའོ། ། འཁོར་ལོ་ རྣམ་པ་བཅུ་པོ་འདི་དག་དང་ལྡན་པས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་། དགེ་བའི་ཆོས་ཐམས་ཅད་ཡིད་བཞིན་དུ་རྫོགས་པ་དང་། མྱུར་དུ་མྱ་ངན་ལས་འདའ་བ་ཆེན་པོའི་རྒྱ་མཚོ་ཡོངས་ སུ་འགེངས་པ་དང་།
BO
ཐབས་མཁས་པ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཀྱིས་སྐྱེ་བོ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་ཅིང་ཐམས་ཅད་ལ་ཕན་པ་དང་། བདེ་བ་ཡོངས་སུ་ཐོབ་པར་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྔ་མ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ ཐམས་ཅད་ཀྱིས་ཀྱང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤངས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་འདི་ལ་ཡོངས་སུ་བསྔགས་པས་འབྲས་བུ་ཐོབ་པར་གྱུར་ཏོ། ། དེ་བས་ན་གང་གིས་དགེ་བ་བཅུའི་ལས་ཀྱི་ལམ་བཤད་པ་འདི་དག་ལས། འགའ་ཞིག་ནམ་འཚོའི་བར་དུ་མ་ ཉམས་པར་སྲུང་ན་འབྲས་བུ་ཁྱད་པར་ཅན་མཆོག་ཏུ་འགྱུར་བ་ཐམས་ཅད་ཐོབ་པ་ནི་ཇི་ལྟར་བཤད་པ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ནམ་འཚོའི་བར་དུ་སྲོག་གཅོད་པ་ཡོངས་སུ་སྤངས་ན་དེ་ཉིད་སེམས་ཅན་ཐམས་ཅད་ལ་ མི་འཇིགས་པ་སྦྱིན་པ་ཡིན་ཏེ། སེམས་ཅན་དག་ལ་འཇིགས་ཤིང་བག་ཚ་བར་མི་བྱེད་པས་དེའི་འཇིགས་པའི་སྡུག་བསྔལ་མི་སྐྱེད་པའི་དབང་གིས་དགེ་བའི་རྩ་བ་ཐམས་ཅད་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐོག་མ་མེད་པའི་མཐའ་ནས་རྒྱུད་ལྔར་འཁོར་བའི་རྒྱ་ མཚོར་བྱིང་བ། སྲོག་གཅོད་པའི་དབང་གིས་ལུས་དང་། ངག་དང་།
BO
ཡིད་ཀྱིས་སྡིག་པ་མི་དགེ་བའི་ལས་བདག་ཀྱང་བྱེད་ལ་གཞན་ཡང་བྱེད་དུ་འཇུག་ཅིང་མཐོང་བ་དང་། ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བའི་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་ པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཚེའི་སྒྲིབ་པས་བསྒྲིབས་པར་གྱུར་ཏོ། ། འདི་ལྟར་སྲོག་གཅོད་པ་ཡོངས་སུ་སྤངས་པའི་འཁོར་ལོས་དེ་དག་ལྷག་མ་མ་ལུས་པར་ཡོངས་སུ་བཅོམ་ཞིང་(བརྙིལ་,བསྙིལ་)བས་རྣམ་པར་སྨིན་པའི་འབྲས་བུ་མི་མྱོང་བར་བྱེད་དོ། ། ལུས་འདི་ཉིད་ལ་ ཡང་ལྷ་དང་། མི་ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བ་དང་། དོགས་པ་མི་སྐྱེ་བ་དང་། ལུས་དང་སེམས་རབ་ཏུ་བདེ་ཞིང་ཡུན་རིང་དུ་འཚོ་བར་འགྱུར་རོ། ། འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་སྡུག་བསྔལ་གྱིས་མི་གདུང་ཞིང་ཡིད་དུ་འོང་བའི་བུ་དང་། ཆུང་མ་དང་། འཁོར་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་ཀྱི་ཤིན་ཏུ་འཇིགས་པ་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། ། གཞན་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ་བསོད་ ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། ལུས་དང་སེམས་རབ་ཏུ་དགའ་བ་དང་།
BO
དེ་ལ་བཀུར་སྟི་དང་བཅས་པས་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། ། ཡང་ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེ་སྟེ། དབང་པོ་ཡོངས་སུ་རྫོགས་ཤིང་ཡན་ལག་དང་ལྡན་པ་དང་། གང་ནས་གང་དུ་སྐྱེས་པར་ནད་མེད་པ་དང་། ཚེ་རིང་བ་དང་། བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་བདེ་ཞིང་སྐྱིད་པ་དང་། གཞན་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ་བསོད་ནམས་ ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། དེའི་རྗེས་སུ་སློབ་པ་དང་། སྲོག་གཅོད་པ་ཡོངས་སུ་སྤོང་བ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཅོད་པ་དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་ གྲངས་ཐམས་ཅད་ཚོལ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྦྱོར་བ་ཐམས་ཅད་ལ་རིམ་གྱིས་གཞོལ་ཞིང་ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་བར་དུ་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་མཚོན་ཆ་མེད་པ་དང་། དགྲ་ དང་འཚེ་བའི་མིང་མི་གྲག་པ་དང་། འཇིགས་པ་ཐམས་ཅད་དང་བྲལ་ཏེ་རབ་ཏུ་བདེ་སྐྱིད་པ་དང་། ནད་མེད་པ་དང་།
BO
ཚེ་རིང་བའི་ཞིང་དུ་སེམས་ཅན་དག་སྐྱེ་བར་འགྱུར་རོ། ། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ་སེམས་ཅན་དག་ཅིས་འདུལ་བའི་བཞིན་ དུ་དམ་པའི་ཆོས་སྟོན་ཏོ། ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་གཅོད་པ་ ཡོངས་སུ་སྤངས་པའི་འཁོར་ལོ་སྟེ་དང་པོའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་དེ་དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་ པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་ འཕེལ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་།
BO
ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཅིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོའི་ཆོས་ལ་གོང་ ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་ བཤེས་གཉེན་དང་ཕྲད་ཅིང་རྗེས་སུ་འགྲོ་བ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་བསྙེན་ བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པར་འགྱུར་ཏེ། འབྲས་བུ་གཞན་ཐོབ་པ་ཡང་ཇི་ལྟར་རྒྱས་པར་བཤད་པ་ བཞིན་ནོ། །
BO
རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་མ་འཚོའི་བར་དུ་མ་བྱིན་པར་ལེན་པ་ཡོངས་སུ་སྤངས་ན་དེ་ཉིད་སེམས་ཅན་ཐམས་ཅད་ལ་མི་འཇིགས་པའི་སྦྱིན་པ་ཡིན་ཏེ། ཡོངས་སུ་གདུང་བ་མེད་པ་དང་། འཚེ་བ་མེད་པ་དང་། བདག་ ཉིད་ཚུལ་བཞིན་དུ་རྙེད་པའི་ནོར་གྱིས་ཆོག་ཤེས་པར་གནས་ཀྱིས། ཆོས་མ་ཡིན་པའི་ནོར་དང་ཁེ་ལ་རེ་བ་མེད་པ་དེའི་དབང་གིས་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐོག་མ་མེད་པའི་མཐའ་ནས་རྒྱུད་ལྔར་འཁོར་ཞིང་འཁོར་བའི་རྒྱ་མཚོར་ བྱིང་བར་འགྱུར་བ་ཡང་མ་བྱིན་པར་ལེན་པའི་དབང་གིས་ལུས་དང་། ངག་དང་། ཡིད་མི་དགེ་བའི་ལམ་རྣམས་བདག་ཀྱང་བྱེད་ལ། གཞན་ཡང་བྱེད་དུ་འཛུད་ཅིང་མཐོང་བ་དང་ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བའི་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་ དང་། ཆོས་ཀྱི་སྒྲིབ་པ་དང་། རིན་པོ་ཆེ་དང་ནོར་ལ་སྒྲིབ་པས་བསྒྲིབས་པར་གྱུར་ཏོ། ། འདི་ལྟར་མ་བྱིན་པར་ལེན་པ་ཡོངས་སུ་སྤངས་པའི་འཁོར་ལོས་ལྷག་མ་མ་ལུས་པར་ཡོངས་སུ་བཅོམ་པས་རྣམ་པར་སྨིན་པའི་འབྲས་བུ་མི་མྱོང་སྟེ།
BO
ལུས་འདི་ཉིད་ལ་ཡང་ལྷ་དང་མི་ ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བས་དོགས་པ་མི་སྐྱེ་བ་དང་། ལུས་དང་སེམས་རབ་ཏུ་བདེ་བ་དང་། ནོར་རིན་པོ་ཆེ་ཐམས་ཅད་དང་ལྡན་པར་འགྱུར་རོ། ། ནམ་འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་སྡུག་བསྔལ་གྱིས་མི་གདུང་ཞིང་ཡིད་དུ་འོང་བའི་བུ་དང་། ཆུང་ མ་དང་། འཁོར་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་ཀྱི་ཤིན་ཏུ་འཇིགས་པ་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། ། གཞན་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་གྱི་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ་བསོད་ནམས་ཀྱི་ཞིང་ཡང་ དག་པ་དང་ཕྲད་དེ། ལུས་དང་སེམས་རབ་ཏུ་དགའ་བ་དང་དེ་ལ་བཀུར་སྟི་དང་བཅས་པས་དང་བ་སྐྱེ་བར་འགྱུར་རོ། ། ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེ་སྟེ། དབང་པོ་ཡོངས་སུ་རྫོགས་ཤིང་ཡན་ལག་དང་ལྡན་པ་དང་། གང་ནས་གང་དུ་སྐྱེས་པར་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་ བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་བདེ་ཞིང་སྐྱིད་པ་དང་། འཇིགས་པ་ལྔ་དང་ནོར་ཐུན་མོང་དུ་མི་འགྱུར་རོ། ། ཕྱིར་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ།
BO
ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ ནམས་དང་ཡོན་ཏན་དང་ལྡན་པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། དེའི་རྗེས་ས་སློབ་ཅིང་མ་བྱིན་པར་ལེན་པ་ཡོངས་སུ་སྤོང་བ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཅོད་པ་དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་ པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཚོལ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་ལ་རིམ་གྱིས་གཞོལ་བ་དང་། ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་འཐོབ་པར་འགྱུར་རོ། ། ཡང་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་དང་། རིན་པོ་ཆེའི་ཤིང་དང་། རིན་པོ་ཆེའི་རྫིང་དང་། རིན་པོ་ཆེའི་གཞལ་མེད་ཁང་ལ་སོགས་པས་ཡོངས་སུ་གང་བ་དང་། བདག་དང་བདག་གིར་འཛིན་པ་དང་བྲལ་བ་རྒྱན་ཐམས་ཅད་ཀྱིས་བཀོད་པ་དང་ལྡན་པའི་ཞིང་ དེར་སེམས་ཅན་དག་སྐྱེ་བར་འགྱུར་རོ། ། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ་སེམས་ཅན་དག་ཅིས་འདུལ་བ་བཞིན་དུ་དམ་པའི་ཆོས་སྟོན་ཏོ། །
BO
ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སེམས་ཅན་ཚད་མེད་པ་ལ་ཕན་པ་ དང་བདེ་བའི་དོན་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་བྱིན་པར་ལེན་པ་ཡོངས་སུ་སྤངས་པའི་འཁོར་ལོ་གཉིས་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་འདི་དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་ འཁྲུལ་པ་མེད་པར་འགྱུར་རོ། ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་ འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་ ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཅིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་།
BO
བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་ དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་དེའི་རྗེས་སུ་འགྲོ་བ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་། ཉན་ ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་རྣམ་ པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པར་འགྱུར་ཏེ། འབྲས་བུ་ཐོབ་པ་དག་ཀྱང་ཇི་ལྟར་བཤད་པ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་མ་འཚོའི་བར་དུ་འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤངས་ན། དེ་ཉིད་ སེམས་ཅན་ཐམས་ཅད་འདོད་པའི་རླུང་གིས་གཡེངས་པ་ལས་འཇིགས་པ་མེད་པ། ཕྲག་དོག་མེད་པ། འཚེ་བ་མེད་པ། ཡོངས་སུ་གདུང་བ་མེད་པ། འཁྲུག་པ་མེད་པའི་སྦྱིན་པ་ཡིན་ཏེ།
BO
བདག་གི་ཆུང་མས་ཆོག་ཤེས་ཤིང་གཞན་གྱི་ཆུང་མ་ལ་རེ་བ་མེད་པས་དེའི་ དབང་གིས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐོག་མ་མེད་པའི་མཐའ་ནས་རྒྱུད་ལྔར་འཁོར་བར་འཁོར་བའི་རྒྱ་མཚོར་འབྱིང་བ་ཡང་འདོད་པས་ལོག་པར་གཡེམ་པའི་དབང་གིས་ལུས་དང་ངག་དང་། ཡིད་མི་དགེ་བའི་ལས་བདག་ཀྱང་བྱེད་ ལ། གཞན་ཡང་བྱེད་དུ་འཇུག་ཅིང་མཐོང་བ་དང་ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བ་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཆུང་མའི་སྒྲིབ་པས་བསྒྲིབས་པར་གྱུར་ཏོ། ། འདི་ལྟར་འདོད་པས་ལོག་པར་གཡེམ་པ་ ཡོངས་སུ་སྤངས་པའི་འཁོར་ལོས་ལྷག་མ་མ་ལུས་པར་བཅོམ་པས་རྣམ་པར་སྨིན་པའི་འབྲས་བུ་མི་ལེན་ཏེ། ལུས་འདི་ཉིད་ལ་ཡང་ལྷ་དང་མི་ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བས་དོགས་པ་མི་སྐྱེ་བ་དང་། ལུས་དང་སེམས་རབ་ཏུ་བདེ་བ་དང་། ཆུང་མ་ལྷོད་པ་དང་ བཅས་པ་མ་ཡིན་པར་འགྱུར་རོ། ། འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་ལ་སྡུག་བསྔལ་གྱིས་མི་གདུངས་ཤིང་ཡིད་དུ་འོང་བའི་བུ་དང་། ཆུང་མ་དང་། འཁོར་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་པར་འགྱུར་གྱི།
BO
ཤིན་ཏུ་འཇིགས་པའི་ གཤིན་རྗེའི་ཕོ་ཉ་ནི་མཐོང་བར་མི་འགྱུར་རོ། ། གཞན་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ་བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། ལུས་དང་སེམས་རབ་ཏུ་དགའ་བ་དང་། དེ་ལ་བཀུར་སྟི་དང་བཅས་པས་ དེ་ལ་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། ། ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེས་ཏེ། དབང་པོ་ཡོངས་སུ་རྫོགས་ཤིང་ཡན་ལག་དང་ལྡན་པ་དང་། གང་ནས་གང་དུ་སྐྱེས་པར་འཁོར་ཕུན་སུམ་ཚོགས་པ་དང་། བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་ བདེ་ཞིང་སྐྱིད་པ་དང་། ཕྱིར་ཡང་ཤིན་ཏུ་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ་བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། དེའི་རྗེས་སུ་སློབ་ཅིང་འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤོང་བ་དང་། སྡིག་པ་ མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྤོང་བ་དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཚོལ་བ་དང་།
BO
བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་ལ་རིམ་གྱིས་ གཞོལ་ཞིང་ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་བར་དུ་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་བུད་མེད་མེད་པ་དང་། འདོད་ཆགས་དང་གཡེམ་པ་མེད་པ། ཚངས་པར་སྤྱོད་པ་མཆོག་དང་ལྡན་པའི་སེམས་ཅན་དག་ཞིང་དེར་ སྐྱེ་སྟེ། དེ་དག་ཐམས་ཅད་ཀྱང་རྫུས་ཏེ་སྐྱེའི་མི་གཙང་བའི་མངལ་ནས་སྐྱེ་བ་ནི་མ་ཡིན་ནོ། ། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ། སེམས་ཅན་དག་ལ་ཅིས་འདུལ་བ་བཞིན་དུ་དམ་པའི་ཆོས་སྟོན་ཏོ། ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་ པའི་ཆོས་ཡུན་རིང་དུ་གནས་ཤིང་། སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤངས་པའི་འཁོར་ལོ་གསུམ་པའོ། ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འཁོར་ལོ་འདི་དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར།
BO
རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་ འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཞིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་ རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་རྗེས་སུ་འཐུན་པར་འགྱུར་བ་དང་། རྟག་ཏུ་སངས་རྒྱས་མཐོང་བ་དང་མི་ འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་།
BO
དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་སེམས་ མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པ་དང་། འབྲས་བུ་གཞན་དག་ཐོབ་པ་ཡང་ཇི་ལྟར་བཤད་པ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ནམ་འཚོའི་བར་དུ་{བརྫུན་,རྫུན་}དུ་སྨྲ་བ་ ཡོངས་སུ་སྤངས་ན་སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་བཀུར་བ་དང་། ཚིག་བཙུགས་པ་ཚད་མར་འགྱུར་བ་དང་། ཚིག་ཀུན་ཉན་ཅིང་གུས་པ་དང་དོགས་པ་མི་སྐྱེ་བར་འགྱུར་ཏེ། དེའི་དབང་གིས་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐོག་མ་མེད་པའི་ མཐའ་ནས་རྒྱུད་ལྔར་འཁོར་བར་འཁོར་བའི་རྒྱ་མཚོར་འབྱིང་བ་ཡང་{བརྫུན་,རྫུན་}དུ་སྨྲ་བའི་དབང་གིས་ལུས་དང་། ངག་དང་། ཡིད་ཀྱིས་སྡིག་པ་མི་དགེ་བའི་ལས་བདག་ཀྱང་བྱེད་ལ། གཞན་ཡང་བྱེད་དུ་འཛུད་ཅིང་མཐོང་བ་དང་ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བའི་ཉོན་མོངས་ པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཚིག་བཙུགས་པ་ལས་སྒྲིབ་པས་བསྒྲིབས་པར་འགྱུར་རོ། །
BO
འདི་ལྟར་{བརྫུན་,རྫུན་}དུ་སྨྲ་བ་ཡོངས་སུ་སྤངས་པའི་འཁོར་ལོས་ལྷག་མ་མ་ལུས་པར་ཡོངས་སུ་བཅོམ་པས་རྣམ་པར་སྨིན་པའི་འབྲས་བུ་མི་ལེན་པར་ འགྱུར་རོ། ། ལུས་འདི་ཉིད་ལ་ལྷ་དང་མི་ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བ་དང་། དོགས་པ་མི་སྐྱེ་བ་དང་། ལུས་དང་སེམས་རབ་ཏུ་བདེ་བ་དང་། ཚིག་ཏུ་སྨྲ་བ་ཐམས་ཅད་ལ་གཞན་ཡིད་ཆེས་ཤིང་ཉན་པར་འགྱུར་རོ། ། འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་ ལ་སྡུག་བསྔལ་གྱིས་མི་གདུང་ཞིང་ཡིད་དུ་འོང་བའི་བུ་དང་། ཆུང་མ་དང་། འཁོར་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་ཀྱི་ཤིན་ཏུ་འཇིགས་པའི་གཤིན་རྗེའི་ཕོ་ཉ་ནི་མཐོང་བར་མི་འགྱུར་རོ། ། གཞན་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ་བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། ལུས་དང་སེམས་རབ་ཏུ་དགའ་བ་དང་། དེ་ལ་བཀུར་སྟི་དང་བཅས་པས་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། ། ཚེ་འཕོས་ནས་ཀྱང་ཕྱིར་མིའི་ལུས་སུ་སྐྱེ་ཞིང་དབང་པོ་ཡོངས་སུ་རྫོགས་པ་ཡན་ལག་ དང་ལྡན་པ་དང་། གོང་ནས་གང་དུ་སྐྱེས་པར་ཚིག་བཙུགས་པ་དང་། བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་།
BO
རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ་བསོད་ནམས་ཀྱི་ ཞིང་ཡང་དག་པ་དང་ཕྲད་དེ། དེའི་རྗེས་སུ་སློབ་པ་དང་། {བརྫུན་,རྫུན་}དུ་སྨྲ་བ་ཡོངས་སུ་སྤངས་པ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཅོད་པ། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཚོལ་ བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་ལ་རིམ་གྱིས་གཞོལ་བ་དང་། ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་བར་དུ་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་ཐམས་ཅད་བདེན་པར་སྨྲ་བ། སྒྱུ་དང་ བྲལ་བ། ལྷའི་གསུང་གིས་ཡོངས་སུ་བརྒྱན་པ་དང་། སླུ་བ་མེད་ཅིང་སེམས་ཀྱི་སྤྱོད་པ་དྲང་བ་དང་། ཡང་དག་པའི་སྤྱད་པ་རྣམ་པར་དཀར་བའི་ཆོས་འབའ་ཞིག་ལ་སྤྱོད་པ། ལྷའི་གོས་བསུང་ཅན་གྱོན་པ། རིན་པོ་ཆེའི་རྒྱན་གྱིས་བཀོད་པའི་སེམས་ཅན་དག་ཞིང་དེར་སྐྱེ་བར་ འགྱུར་རོ། ། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ། སེམས་ཅན་དག་ཅིས་འདུལ་བ་བཞིན་དུ་ཆོས་སྟོན་ཏོ། །
BO
ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་{བརྫུན་,རྫུན་}དུ་སྨྲ་བ་ཡོངས་སུ་སྤངས་པའི་འཁོར་ལོ་བཞི་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་ལོ་འདི་དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་ པར་འགྱུར་རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བར་བྱེད་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཅིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་ པར་འགྱུར། ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པར་འགྱུར་བ་དང་། རྣོ་བའི་ཤེས་རབ་དང་།
BO
བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་འཕེལ་ཞིང་སྐྱེ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་དེའི་རྗེས་སུ་འགྲོ་བ་དང་། རྟག་ཏུ་སངས་རྒྱས་མཐོང་བ་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་བསྙེན་བཀུར་བྱེད་པ་དང་མི་འབྲལ་ཞིང་དགེ་བའི་རྩ་བ་ཐམས་ཅད་ཤིན་ཏུ་ཚོལ་བ་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པར་འགྱུར་ཏེ། འབྲས་བུ་གཞན་འཐོབ་པ་ཡང་ཇི་ ལྟར་བཤད་པ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་མ་འཚོའི་བར་དུ་ཕྲ་མ་ཡོངས་སུ་སྤངས་ན་སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་བཀུར་ཞིང་བླ་མར་བྱེད་པ་དང་། ཚིག་ཏུ་སྨྲ་བ་ཐམས་ཅད་གཞན་གྱིས་མཉན་པ་དང་། འདུམ་པ་དང་། དོགས་པ་མི་སྐྱེ་བར་འགྱུར་ཏེ། དེའི་དབང་གིས་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །
BO
ཐོག་མ་མེད་པའི་མཐའ་ནས་རྒྱུད་ལྔར་འཁོར་བར་འཁོར་བའི་རྒྱ་མཚོར་འབྱིང་བ་ཡང་ཕྲ་མ་བྱས་པའི་དབང་གིས་ལུས་དང་། ངག་དང་། ཡིད་ཀྱིས་མི་དགེ་བའི་ལས་ བདག་ཀྱང་བྱེད་ལ། གཞན་ཡང་བྱེད་དུ་འཛུད་ཅིང་མཐོང་བ་དང་ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བ་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། འདུམ་པ་ལ་སྒྲིབ་པས་བསྒྲིབས་པར་འགྱུར་རོ། ། འདི་ལྟར་ཕྲ་མའི་ཚིག་ཡོངས་སུ་སྤངས་པའི་ འཁོར་ལོས་ལྷག་མ་མ་ལུས་པར་ཡོངས་སུ་བཅོམ་པས་རྣམ་པར་སྨིན་པའི་འབྲས་བུ་མི་ལེན་པར་བྱེད་དོ། ། ལུས་འདི་ཉིད་ལ་ཡང་ལྷ་དང་མི་ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བ་དང་། དོགས་པ་མི་སྐྱེ་བ་དང་། ལུས་དང་སེམས་རབ་ཏུ་བདེ་བ་དང་། ཚིག་ཏུ་སྨྲ་བ་ཐམས་ ཅད་ལ་ཉན་ཅིང་འདུམ་པར་འགྱུར་རོ། ། འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་ལ་སྡུག་བསྔལ་གྱིས་མི་གདུང་ཞིང་ཡིད་དུ་འོང་བའི་བུ་དང་། ཆུང་མ་དང་། འཁོར་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་པར་འགྱུར་གྱི། ཤིན་ཏུ་འཇིགས་ པའི་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། །
BO
ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ་བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། ལུས་དང་སེམས་རབ་ཏུ་དགའ་བ་དང་བཀུར་སྟི་དང་བཅས་པས་ཤིན་ཏུ་དད་པ་སྐྱེ་བར་ འགྱུར། ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེ་སྟེ། དབང་པོ་ཡོངས་སུ་རྫོགས་ཤིང་ཡན་ལག་དང་ལྡན་པ་དང་། གང་ནས་གང་དུ་སྐྱེས་པར་སྨྲ་བའི་ཚིག་འཇམ་ཞིང་འདུམ་པ་དང་། བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕྱིར་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། དེའི་རྗེས་སུ་སློབ་པ་དང་། ཕྲ་མའི་ཚིག་དང་ཡོངས་སུ་བྲལ་བས་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཅོད་པ་ དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཚོལ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་ལ་རིམ་གྱིས་གཞོལ་ཞིང་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ ཆུབ་ཐོབ་པའི་བར་དུ་འགྱུར་རོ། །
BO
སངས་རྒྱས་ཀྱི་ཞིང་ཤིན་ཏུ་བརྟན་པ་སྲ་བ་མི་ཤིགས་པ་དང་། ལྷ་རྫས་བཟང་པོས་ཡོངས་སུ་བརྒྱན་པར་འགྱུར་བ་དང་། འཐུན་པ་དང་། མི་རྩོད་པ་ཤིན་ཏུ་དུལ་ཞིང་འདུམ་པ་དགེ་བའི་ཆོས་ཚོལ་བའི་སེམས་ཅན་དག་ཞིང་དེར་སྐྱེ་ བར་འགྱུར་རོ། ། རྟག་ཏུ་འདུམ་ཞིང་གུས་པས་དམ་པའི་ཆོས་ཉན་པ་དང་། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ། སེམས་ཅན་དག་ཅི་དང་ཅིས་འདུལ་བ་བཞིན་དུ་དམ་པའི་ཆོས་སྟོན་ཏོ། ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་ རིང་དུ་གནས་ཤིང་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྲ་མ་ཡོངས་སུ་སྤངས་པའི་འཁོར་ལོ་ལྔ་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་འདི་ དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། །
BO
དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་། ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཞིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་དང་། གཟུངས་ དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་དེའི་རྗེས་སུ་འགྲོ་བ་དང་། རྟག་ཏུ་སངས་རྒྱས་མཐོང་བ་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་ འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་མཆོད་པ་དང་བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་། སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་ པར་འགྱུར་ཏེ། འབྲས་བུ་གཞན་འཐོབ་པ་ཡང་ཇི་སྐད་བཤད་པ་བཞིན་ནོ། །
BO
རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་མ་འཚོའི་བར་དུ་ཞེ་གཅོད་པའི་ཚིག་ཐམས་ཅད་ཡོངས་སུ་སྤངས་ན་སེམས་ཅན་ཐམས་ཅད་ཀྱིས་བཀུར་ཞིང་བླ་མར་ བྱེད་པ་དང་། ཚིག་ཏུ་སྨྲ་བ་ཀུན་ལ་ཕ་རོལ་པོ་ཀུན་དགའ་ཞིང་ཉན་པས་དོགས་པ་མེད་པར་འགྱུར་ཏེ། དེའི་དབང་གིས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐོག་མ་མེད་པའི་མཐའ་ནས་རྒྱུད་ལྔར་འཁོར་བར་འཁོར་བའི་རྒྱ་མཚོར་འབྱིང་བ་ ཡང་ཞེ་གཅོད་པའི་ཚིག་གི་དབང་གིས་ལུས་དང་། ངག་དང་། ཡིད་མི་དགེ་བའི་ལས་བདག་ཀྱང་བྱེད་ལ། གཞན་ཡང་བྱེད་དུ་འཛུད་ཅིང་མཐོང་བ་དང་ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བ་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཤིན་ ཏུ་དུལ་བ་ལ་སྒྲིབ་པས་བསྒྲིབས་པར་གྱུར་ཏོ། ། འདི་ལྟར་ཞེ་གཅོད་པའི་ཚིག་ཡོངས་སུ་སྤངས་པའི་འཁོར་ལོས་ལྷག་མ་མ་ལུས་པར་ཡོངས་སུ་བཅོམ་པའི་དབང་གིས་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་མི་ལེན་ཏེ། ལུས་འདི་ཉིད་ལ་ཡང་ལྷ་དང་མི་ལ་སོགས་པ་ཀུན་ དགའ་བས་དོགས་པ་མི་སྐྱེ་བ་དང་། ལུས་དང་སེམས་རབ་ཏུ་བདེ་བ་དང་།
BO
ཚིག་ཏུ་སྨྲ་བ་ཐམས་ཅད་ཕ་རོལ་གྱི་ཡིད་དུ་འོང་བ་དང་སྙན་པར་འགྱུར་རོ། ། ནམ་འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་ལ་སྡུག་བསྔལ་གྱིས་མི་གདུང་ཞིང་ཉོན་མི་མོངས་པ་དང་། ཡིད་དུ་ འོང་བའི་བུ་དང་ཆུང་མ་དང་འཁོར་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་པར་འགྱུར་གྱི་ཤིན་ཏུ་འཇིགས་པའི་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། ། ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ། ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་ པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ་ལུས་དང་སེམས་རབ་ཏུ་དགའ་བ་དང་། དེ་ལ་བཀུར་སྟི་དང་བཅས་པས་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། ། ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེས་ན་ཡང་དབང་པོ་ཡོངས་སུ་རྫོགས་ཤིང་ཡན་ལག་དང་ལྡན་པ་དང་། གང་ནས་གང་དུ་སྐྱེས་པར་ཚིག་འཇམ་པོར་སྨྲ་བ་དང་། བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕྱིར་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ། ཚུལ་ཁྲིམས་དང་། ཡོན་ཏན་དུ་ལྡན་པ། བསོད་ནམས་ ཀྱི་ཞིང་ཡང་དག་པ་དང་ཕྲད་དེ་དེའི་རྗེས་སུ་སློབ་པ་དང་། ཞེ་གཅོད་པའི་ཚིག་ཡོངས་སུ་སྤོང་བ་དང་།
BO
སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཅོད་པ་དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཐམས་ ཅད་ཚོལ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་རིམ་གྱིས་གཞོལ་ཞིང་ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་འཐོབ་པ་དང་། སངས་རྒྱས་ཀྱི་ཞིང་ན་ཡིད་དུ་མི་འོང་བའི་སྒྲ་ཐམས་ཅད་དང་བྲལ་ཏེ། ཡིད་དུ་འོང་བའི་སྒྲ་དབྱངས་སྙན་པ་རྣམ་པ་སྣ་ཚོགས་དང་། ཆོས་ཀྱི་སྒྲས་ཞིང་དེ་ཡོངས་སུ་གང་བ་དང་། དྲན་པ་དང་བློ་གྲོས་སུ་ལྡན་པ། ཚངས་པའི་དབྱངས་ཅན། ཤིན་ཏུ་དུལ་བའི་སེམས་ཅན་དག་ཞིང་དེར་སྐྱེ་བ་དང་། རྟག་ཏུ་ཚིག་འཇམ་པོས་གཅིག་ལ་གཅིག་སྐུལ་བར་ བྱེད་དོ། ། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ། སེམས་ཅན་དག་ཅིས་འདུལ་བ་བཞིན་དུ་ཆོས་སྟོན་པ་དང་། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་རིང་དུ་གནས་ཞིང་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། །
BO
རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེ་གཅོད་པའི་ཚིག་ཡོངས་སུ་སྤངས་པའི་འཁོར་ལོ་དྲུག་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་འདི་དང་ལྡན་པས་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་ གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་ འགྱུར་རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཅིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་ པར་འགྱུར། ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ ཞིང་ཕྱིར་མི་ལྡོག་པ་དང་།
BO
རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་རྗེས་སུ་འགྲོ་བར་འགྱུར་བ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་ དང་། དགེ་འདུན་ལ་མཆོད་པ་དང་། བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པར་འགྱུར་ཏེ། འབྲས་བུ་གཞན་ དག་ཐོབ་པ་ཡང་ཇི་སྐད་བཤད་པ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་མ་འཚོའི་བར་དུ་ཚིག་ཀྱལ་པ་ཡོངས་སུ་སྤངས་པས་སེམས་ཅན་ཐམས་ཅད་ཀྱིས་བཀུར་ཞིང་བླ་མར་བྱེད་པ་དང་། ཚིག་ཏུ་སྨྲ་བ་ཐམས་ཅད་དོན་དུ་འགྱུར་ ཞིང་ཚིག་ཐོས་པ་རྣམས་ཉན་ཅིང་གུས་པས་དོགས་པ་མེད་པར་འགྱུར་རོ། ། དེའི་དབང་གིས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐོག་མ་མེད་པའི་མཐའ་ནས་རྒྱུད་ལྔར་འཁོར་བར་འཁོར་བའི་རྒྱ་མཚོར་བྱིང་བ་ཡང་ཚིག་ཀྱལ་པ་སྨྲ་བའི་དབང་གིས་ ལུས་དང་། ངག་དང་། ཡིད་མི་དགེ་བའི་ལས་བདག་ཀྱང་བྱེད་ལ།
BO
གཞན་ཡང་བྱེད་དུ་འཛུད་ཅིང་མཐོང་བ་དང་ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བའི་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། དོན་དུ་སྨྲ་བ་ལ་སྒྲིབ་ པས་བསྒྲིབས་པར་གྱུར་ཏོ། ། འདི་ལྟར་ཚིག་ཀྱལ་པ་ཡོངས་སུ་སྤངས་པའི་འཁོར་ལོས་ལྷག་མ་མ་ལུས་པར་ཡོངས་སུ་བཅོམ་པས་རྣམ་པར་སྨིན་པའི་འབྲས་བུ་མི་ལེན་པར་བྱེད་དོ། ། ལུས་འདི་ཉིད་ལ་ལྷ་དང་མི་ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བས་དོགས་པ་མེད་ པར་འགྱུར་བ་དང་། ལུས་དང་སེམས་རབ་ཏུ་བདེ་བ་དང་། ཚིག་ཏུ་སྨྲ་བ་ཐམས་ཅད་དོན་དུ་འགྱུར་བ་དང་། འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་ལ་སྡུག་བསྔལ་གྱིས་མི་གདུང་ཞིང་ཡིད་དུ་འོང་བའི་བུ་དང་། ཆུང་མ་དང་། འཁོར་གྱིས་ཡོངས་སུ་བསྐོར་བས་འཆི་ འཕོ་བའི་དུས་བྱེད་པར་འགྱུར་གྱི་ཤིན་ཏུ་འཇིགས་པའི་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། ། ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ། ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ་ལུས་དང་སེམས་རབ་ཏུ་དགའ་ བ་དང་། དེ་ལ་བཀུར་སྟི་དང་བཅས་ཤིང་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། །
BO
ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེ་ཞིང་དབང་པོ་ཡོངས་སུ་རྫོགས་པ་ཡན་ལག་དང་ལྡན་པ་དང་། གང་ནས་གང་དུ་སྐྱེས་པར་ཕན་པ་དང་། དོན་དུ་འགྱུར་བའི་ཚིག་སྨྲ་བ་དང་། བྱད་གཟུགས་ བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕྱིར་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ། ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། དེའི་རྗེས་སུ་སློབ་པ་དང་། ཚིག་ཀྱལ་པར་སྨྲ་ བ་ཡོངས་སུ་སྤོང་བ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཅོད་པ་དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཚོལ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ ཐམས་ཅད་ལ་རིམ་གྱིས་གཞོལ་ཞིང་ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་བར་དུ་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་དོན་མེད་པའི་ཚིག་ཐམས་ཅད་དང་བྲལ་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གཏོགས་པའི་ཆོས་ཆེན་ པོའི་སྒྲ་མཆོག་དམ་པ་རྣམ་པ་མང་པོས་ཞིང་དེ་ཡོངས་སུ་ཁྱབ་པ་དང་། དཔག་ཏུ་མེད་པའི་སྨོན་ལམ་དང་།
BO
ཡེ་ཤེས་དམ་པ་ཕུན་སུམ་ཚོགས་པས་ཆོས་ཀྱི་དོན་རྣམ་པ་སྣ་ཚོགས་འཆད་པ་ལ་མཁས་པའི་སེམས་ཅན་དེ་ལྟ་བུ་དག་ཞིང་དེར་སྐྱེ་བར་འགྱུར་རོ། ། དེ་བཞིན་གཤེགས་ པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ། སེམས་ཅན་དག་ཅིས་འདུལ་བ་བཞིན་དུ་དམ་པའི་ཆོས་སྟོན་ཏོ། ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་ཀྱལ་པ་ཡོངས་སུ་སྤངས་པའི་འཁོར་ལོ་བདུན་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་འདི་དང་ལྡན་པས་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་ འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་ རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ།
BO
ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཅིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་ པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་དེའི་རྗེས་སུ་འགྲོ་བ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་ དང་བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པར་འགྱུར་ཏེ། འབྲས་བུ་གཞན་ཐོབ་པ་ཡང་ཇི་སྐད་བཤད་པ་བཞིན་ ནོ། །
BO
རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་མ་འཚོའི་བར་དུ་ཆགས་སེམས་ཡོངས་སུ་སྤངས་ན་སེམས་ཅན་ཐམས་ཅད་ཀྱིས་བཀུར་ཞིང་བཙུན་པར་བྱེད་པ་དང་། སེམས་རྣམ་པར་དག་ཅིང་རྙོག་པ་དང་བྲལ་ཏེ། དེའི་དབང་གིས་དགེ་བའི་ རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐོག་མ་མེད་པའི་མཐའ་ནས་རྒྱུད་ལྔར་འཁོར་བར་འཁོར་བའི་རྒྱ་མཚོར་འབྱིང་བ་ཡང་ཆགས་སེམས་ཀྱི་དབང་གིས་ལུས་དང་། ངག་དང་། ཡིད་སྡིག་པ་མི་དགེ་བའི་ལས་བདག་ཀྱང་བྱེད་ལ་གཞན་ཡང་བྱེད་དུ་འཛུད་ཅིང་མཐོང་བ་དང་ ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བ་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། འདོད་སེམས་མེད་པ་ལ་སྒྲིབ་པས་བསྒྲིབས་པར་འགྱུར་རོ། ། འདོད་སེམས་ཡོངས་སུ་སྤོང་བའི་འཁོར་ལོས་ལྷག་མ་མ་ལུས་པར་ཡོངས་སུ་བཅོམ་པས་རྣམ་པར་སྨིན་ པའི་འབྲས་བུ་ཡོངས་སུ་མི་ལེན་ཏེ། ལུས་འདི་ཉིད་ལ་ཡང་ལྷ་དང་མི་ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བ་དང་། དོགས་པ་མེད་པར་འགྱུར་བ་དང་། ལུས་དང་སེམས་རབ་ཏུ་བདེ་བ་དང་། སེམས་རྣམ་པར་དག་ཅིང་རྙོག་པ་དང་བྲལ་བར་འགྱུར་རོ། །
BO
འཆི་འཕོ་བའི་དུས་ བྱེད་པ་ན་ཡང་ལུས་དང་སེམས་ལ་སྡུག་བསྔལ་གྱིས་མི་གདུང་བ་དང་། ཡིད་དུ་འོང་བའི་བུ་དང་། ཆུང་མ་དང་། འཁོར་གྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་པར་འགྱུར་གྱི། ཤིན་ཏུ་འཇིགས་པའི་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། ། ཡིད་དུ་འོང་བའི་དགེ་བའི་ བཤེས་གཉེན་ཆོས་ཀྱིས་དུལ་བ། ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ་ལུས་དང་སེམས་རབ་ཏུ་དགའ་བ་དང་། དེ་ལ་བཀུར་སྟི་དང་བཅས་པས་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། ། ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེ་ཞིང་དབང་པོ་ ཡོངས་སུ་རྫོགས་པ། ཡན་ལག་དང་ལྡན་པ། གང་ནས་གང་དུ་སྐྱེས་པར་སེམས་རྣམ་པར་དག་ཅིང་རྙོག་པ་མེད་པ་དང་། བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕྱིར་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་ བ། ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ། དེའི་རྗེས་སུ་སློབ་པ་དང་། ཆགས་སེམས་ཡོངས་སུ་སྤོང་བ་དང་། མི་དགེ་བའི་ཆོས་ཡོངས་སུ་གཅད་པ་དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་པ་ དང་།
BO
ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཚོལ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་ལ་རིམ་གྱིས་གཞོལ་ཞིང་ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་བར་དུ་འགྱུར་རོ། ། སངས་རྒྱས་ ཀྱི་ཞིང་ལག་མཐིལ་བཞིན་དུ་མཉམ་ལ་རིན་པོ་ཆེ་རྣམ་པ་མང་པོས་ཡོངས་སུ་གང་བ་དང་། རིན་པོ་ཆེའི་ཤིང་རྣམ་པ་སྣ་ཚོགས་དཀྲིགས་པ་དང་། རིན་པོ་ཆེའི་གོས་དང་། རིན་པོ་ཆེའི་རྒྱན་གྱི་ཡོ་བྱད་དང་། རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་དང་། གསེར་དང་། དངུལ་ དང་། མུ་ཏིག་གི་དྲ་བ་དང་། ཤིང་ལ་སོགས་པས་ཡོངས་སུ་གང་བ་དང་། ཤིན་ཏུ་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ། ང་རྒྱལ་ཡོངས་སུ་སྤངས་པ། བྱད་གཟུགས་ཤིན་ཏུ་མཛེས་པ་དང་། དབང་པོ་མ་ཉམས་པ། སེམས་མཉམ་པའི་སེམས་ཅན་དག་ཞིང་དེར་སྐྱེ་བར་འགྱུར་ཏེ། ཆགས་སེམས་མེད་པའི་ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པར་འགྱུར་རོ། ། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ། སེམས་ཅན་དག་ཅིས་འདུལ་བ་བཞིན་དུ་དམ་པའི་ཆོས་སྟོན་ཏོ། །
BO
ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་རིང་དུ་ གནས་ཤིང་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་སེམས་ཡོངས་སུ་སྤངས་པའི་འཁོར་ལོ་བརྒྱད་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ ལོ་འདི་དང་ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ ཡིན་པ་ཡང་རུང་ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཅིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་།
BO
བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་ འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་དེའི་རྗེས་སུ་འཐུན་པར་འགྱུར་བ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་། བྱང་ཆུབ་ སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་དགེ་འདུན་ལ་མཆོད་པ་དང་། བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་མི་ངོམས་པ། བྱང་ཆུབ་ཀྱི་སྤྱོད་ པ་དང་སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པར་འགྱུར་ཏེ། འབྲས་བུ་གཞན་དག་ཐོབ་པ་ཡང་ཇི་སྐད་བཤད་པ་བཞིན་ནོ། ། ། ། བམ་པོ་དགུ་པ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ནམ་འཚོའི་བར་ དུ་གནོད་སེམས་ཡོངས་སུ་སྤངས་ན། སེམས་ཅན་ཐམས་ཅད་ཀྱིས་བཀུར་ཞིང་བླ་མར་བྱེད་པ་དང་། སེམས་རྣམ་པར་དག་པ་དང་། དྲི་མ་དང་བྲལ་བར་འགྱུར་ཏེ། དེའི་དབང་གིས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །
BO
ཐོག་མ་མེད་པའི་མཐའ་ ནས་རྒྱུད་ལྔར་འཁོར་བར་འཁོར་བའི་རྒྱ་མཚོར་འབྱིང་བ་ཡང་གནོད་སེམས་ཀྱི་དབང་གིས་ལུས་དང་། ངག་དང་། ཡིད་སྡིག་པ་མི་དགེ་བའི་ལས་བདག་ཀྱང་བྱེད་ལ་གཞན་ཡང་བྱེད་དུ་འཛུད་ཅིང་མཐོང་བ་དང་ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བ་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། གནོད་སེམས་བྱེད་པ་ལ་སྒྲིབ་པས་བསྒྲིབས་པར་གྱུར་ཏོ། ། འདི་ལྟར་གནོད་སེམས་ཡོངས་སུ་སྤངས་པའི་འཁོར་ལོས་ལྷག་མ་མ་ལུས་པར་ཡོངས་སུ་བཅོམ་པས་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་མི་ལེན་ཏེ། ལུས་འདི་ཉིད་ ལ་ཡང་ལྷ་དང་མི་ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བ་དང་། དོགས་པར་མི་འགྱུར་བ་དང་། སེམས་རྣམ་པར་དག་པ་དང་། དྲི་མ་དང་བྲལ་བར་འགྱུར་རོ། ། འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་ལ་སྡུག་བསྔལ་གྱིས་མི་གདུང་ཞིང་ཡིད་དུ་འོང་བའི་བུ་དང་། ཆུང་མ་དང་། འཁོར་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་པར་འགྱུར་གྱི། ཤིན་ཏུ་འཇིགས་པའི་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། ། ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ།
BO
ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ་ལུས་དང་སེམས་རབ་ཏུ་དགའ་བ་དང་། དེ་ལ་བཀུར་སྟི་དང་བཅས་པས་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། ། ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེ་ཞིང་དབང་པོ་ཡོངས་སུ་རྫོགས་པ་དང་། ཡན་ལག་དང་ལྡན་པ་དང་། གང་ནས་གང་ དུ་སྐྱེས་པར་སེམས་རྣམ་པར་དག་ཅིང་དྲི་མ་དང་བྲལ་བ་དང་། བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕྱིར་ཡང་ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ། ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ་དེའི་རྗེས་སུ་འཐུན་པར་སློབ་པ་དང་། གནོད་སེམས་ཡོངས་སུ་སྤོང་བ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཅོད་པ་དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་ རྣམ་གྲངས་ཐམས་ཅད་ཚོལ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་རིམ་གྱིས་གཞོལ་ཞིང་ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་བར་དུ་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་རྙོག་པ་དང་། སྨེ་བ་དང་།
BO
སྤྲིན་དང་། ཁུག་རླངས་དང་། རྡུལ་དང་། དྲི་མ་དང་། མི་སྡུག་པ་དང་། མི་མཛེས་པ་ཐམས་ཅད་དང་བྲལ་ཏེ། རིན་པོ་ཆེ་མང་པོས་ཤིན་ཏུ་བརྒྱན་པ་ཡིད་དུ་འོང་བ་དང་། ང་རྒྱལ་དང་བྲལ་བ། གཟུགས་མཛེས་ཤིང་སྡུག་པ། དབང་པོ་མ་ཉམས་པ། སེམས་རྟག་ཏུ་ཞི་བའི་སེམས་ཅན་ དག་ཞིང་དེར་སྐྱེ་སྟེ། བྱམས་པ་དང་། སྙིང་རྗེ་དང་། ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པར་འགྱུར་རོ། ། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ། སེམས་ཅན་དག་ཅིས་འདུལ་བ་བཞིན་དུ་དམ་པའི་ཆོས་སྟོན་ཏོ། ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ ཆོས་ཡུན་རིང་དུ་གནས་ཞིང་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནོད་སེམས་ཡོངས་སུ་སྤངས་པའི་འཁོར་ལོ་དགུ་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་འདི་དང་ ལྡན་ན་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། །
BO
ཐེག་པ་ཆེན་པོ་ལ་ འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ། ཆོས་ཀྱི་སྣོད་མ་ཡིན་པ་ཡང་རུང་ཆུང་ངུ་ན་ཆོས་ གོས་ཀྱི་ཚལ་བུ་གྱོན་ཅིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ལྡོག་པ་དང་། རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་དེའི་རྗེས་སུ་སློབ་པ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་། བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་།
BO
སྨོན་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་མི་ངོམས་པར་འགྱུར་ཏེ། འབྲས་ བུ་གཞན་དག་ཐོབ་པ་ཡང་ཇི་སྐད་བསྟན་པ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ནམ་འཚོའི་བར་དུ་ལོག་པར་ལྟ་བ་ཡོངས་སུ་སྤངས་ན་སེམས་ཅན་ཐམས་ཅད་ཀྱིས་བཀུར་ཞིང་བླ་མར་བྱེད་པ་དང་། སེམས་རྣམ་པར་དག་ཅིང་ལོག་ པར་རྟོག་པ་དང་བྲལ་བར་འགྱུར་ཏེ། དེའི་དབང་གིས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ཐོག་མ་མེད་པའི་མཐའ་ནས་རྒྱུད་ལྔར་འཁོར་བར་འཁོར་བའི་རྒྱ་མཚོར་འབྱིང་བ་ཡང་ལོག་པར་ལྟ་བའི་དབང་གིས་ལུས་དང་། ངག་དང་། ཡིད་ཀྱི་སྡིག་པ་མི་དགེ་བའི་ ལས་བདག་ཀྱང་བྱེད་ལ་གཞན་ཡང་བྱེད་དུ་འཛུད་ཅིང་མཐོང་བ་དང་ཐོས་པའི་རྗེས་སུ་ཡི་རང་བ་ལས་བྱུང་བའི་ཉོན་མོངས་པའི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཡང་དག་པར་ལྟ་བ་ལ་སྒྲིབ་པས་བསྒྲིབས་པར་གྱུར་ཏོ། ། འདི་ལྟར་ལོག་པར་ལྟ་བ་ཡོངས་སུ་སྤངས་པའི་ འཁོར་ལོས་ལྷག་མ་མ་ལུས་པར་བཅོམ་པས་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་མི་ལེན་ཏེ། ལུས་འདི་ཉིད་ལ་ཡང་ལྷ་དང་མི་ལ་སོགས་པ་ཀུན་དགའ་ཞིང་ཡིད་དུ་འོང་བ་དང་།
BO
དོགས་པ་མེད་པར་འགྱུར་བ་དང་། ལུས་དང་སེམས་རབ་ཏུ་བདེ་བ་དང་། སེམས་རྣམ་པར་དག་ཅིང་ ལོག་པར་ལྟ་བ་དང་བྲལ་བར་འགྱུར་རོ། ། འཆི་འཕོ་བའི་དུས་བྱེད་པ་ན་ཡང་ལུས་དང་སེམས་ལ་སྡུག་བསྔལ་གྱིས་མི་གདུང་ཞིང་ཡིད་དུ་འོང་བའི་བུ་དང་། ཆུང་མ་དང་། འཁོར་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བས་འཆི་འཕོ་བའི་དུས་བྱེད་པར་འགྱུར་གྱི། ཤིན་ཏུ་འཇིགས་པའི་ གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། ། ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ། བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ་ལུས་དང་སེམས་རབ་ཏུ་དགའ་བ་དང་། བཀུར་སྟི་དང་བཅས་པས་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། ། ཚེ་འཕོས་ནས་ཀྱང་ཕྱིར་མིའི་ནང་དུ་སྐྱེ་ཞིང་དབང་པོ་ཡོངས་སུ་རྫོགས་པ་ཡན་ལག་དང་ལྡན་པ་དང་། གང་ནས་གང་དུ་སྐྱེས་པར་སེམས་རྣམ་པར་དག་ཅིང་ལོག་པར་ལྟ་བ་དང་བྲལ་བ་དང་། བྱད་གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། རབ་ཏུ་བདེ་ཞིང་སྐྱིད་པ་དང་། ཕྱིར་ཡང་ ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ། ཚུལ་ཁྲིམས་དང་ཡོན་ཏན་དུ་ལྡན་པ།
BO
བསོད་ནམས་ཀྱི་ཞིང་ཡང་དག་པ་དང་ཕྲད་དེ་དེའི་རྗེས་སུ་འཐུན་པར་སློབ་པ་དང་། ལོག་པར་ལྟ་བའི་ཆོས་ཡོངས་སུ་སྤོང་བ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཅོད་ པ་དང་། དགེ་བའི་ཆོས་ཁྱད་པར་ཅན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཚོལ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་རིམ་གྱིས་གཞོལ་ཞིང་ཤིན་ཏུ་ཡངས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ནས་བླ་ ན་མེད་པའི་བྱང་ཆུབ་འཐོབ་པའི་བར་དུ་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་བྲལ་བ་དང་། ལྷའི་བདུད་ཀྱི་འཁོར་ཐམས་ཅད་དང་བྲལ་བ་དང་། མུ་སྟེགས་ཅན་གྱི་འཁོར་ཐམས་ཅད་དང་བྲལ་བ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་ བརྒྱན་ཅིང་ཤིན་ཏུ་མཛེས་པ་དང་། ཡང་དག་པར་ལྟ་བ་དང་ལྡན་ཞིང་ངོ་མཚར་དང་། བཀྲ་ཤིས་དང་། ཚུལ་ངན་པའི་ལྟ་བ་སྣ་ཚོགས་དང་། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། བདག་དང་བདག་གིར་ལྟ་བ་ཐམས་ཅད་ཡོངས་སུ་སྤངས་པའི་སེམས་ཅན་དག་ཞིང་དེར་སྐྱེ་ སྟེ། ཤིན་ཏུ་ཚེ་རིང་བ་དང་། ཐེག་པ་ཆེན་པོའི་རོ་གཅིག་ལ་ལོངས་སྤྱོད་པར་འགྱུར་བ་དང་།
BO
དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་དཔག་ཏུ་མེད་དེ། སེམས་ཅན་དག་ཅིས་འདུལ་བ་བཞིན་དུ་ཆོས་སྟོན་པ་དང་། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་རིང་དུ་ གནས་ཤིང་། སེམས་ཅན་ཚད་མེད་པ་ལ་ཕན་པ་དང་། བདེ་བའི་དོན་དུ་རོ་གཅིག་པའི་ཆོས་བསྟན་པ་ལ་རྩོད་པ་མེད་པས་ཡོངས་སུ་རྒྱས་པར་བྱེད་ཅིང་བགེགས་དང་བར་ཆད་མེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལོག་པར་ལྟ་བ་ ཡོངས་སུ་སྤངས་པའི་འཁོར་ལོ་བཅུ་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་རྣམ་པ་བཅུ་པོ་འདི་དང་ལྡན་པས་ཉན་ཐོས་ཀྱི་ཐེག་པ་ལ་འཁྲུལ་པ་མེད་པར་འགྱུར། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་ པ་ལ་འཁྲུལ་པ་མེད་པར་འགྱུར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོ་ལ་འཁྲུལ་པ་མེད་པར་འགྱུར། ཐེག་པ་ཆེན་པོའི་གང་ཟག་ལ་འཁྲུལ་པ་མེད་པར་འགྱུར་རོ། ། དཀོན་མཆོག་གསུམ་གྱི་གདུང་ཡོངས་སུ་འཕེལ་བ་ དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཉེ་གནས་ཆོས་ཀྱི་སྣོད་དམ།
BO
ཆོས་ཀྱི་སྣོད་མ་ཡིན་པ་ལ་ཡང་རུང་ཆུང་ངུ་ན་ཆོས་གོས་ཀྱི་ཚལ་བུ་གྱོན་ཅིང་སྐྲ་དང་ཁ་སྤུ་བྲེགས་པ་ལ་འཁྲུལ་པ་མེད་པར་འགྱུར་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་གོང་ནས་གོང་དུ་འཕར་ཞིང་ཕྱིར་མི་ ལྡོག་པ་དང་། རྣོ་བའི་ཤེས་རབ་དང་། བསོད་ནམས་ཀྱི་ཁྱད་པར་རྟག་ཏུ་སྐྱེ་ཞིང་འཕེལ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་རྣམས་ཐམས་ཅད་ལ་དབང་དུ་འགྱུར་ཞིང་ཕྱིར་མི་ལྡོག་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་རྗེས་སུ་ སློབ་པ་དང་། རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་། བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་བརྩོན་པས་སེམས་མི་ངོམས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་དང་། སྨོན་ལམ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སེམས་མི་ངོམས་པར་འགྱུར་ཏེ། འབྲས་བུ་གཞན་འཐོབ་པ་ཡང་ཇི་སྐད་བཤད་པ་བཞིན་ནོ། །
BO
རིགས་ཀྱི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་རྣམ་པ་བཅུ་པོ་དེ་དག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། སྔ་མ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱང་མི་དགེ་བ་བཅུའི་ལས་ཡོངས་སུ་སྤངས་ནས་ཐམས་ཅད་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་གྱི་འབྲས་བུ་བསྔགས་ཤིང་བསྟོད་དེ། སེམས་ཅན་ཐམས་ཅད་ལ་བདེ་བ་དང་ཕན་པའི་དོན་དང་། བྱང་ཆུབ་ཀྱི་ལམ་སྐྱེ་ཞིང་འཕེལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་ལྷག་མ་མ་ལུས་པར་བསལ་བར་བྱ་བ་དང་། ངན་སོང་གསུམ་བསྐམ་པར་བྱ་བ་དང་། དཀོན་མཆོག་གསུམ་གྱི་གདུང་བསབ་པར་བྱ་བ་དང་། ཁམས་གསུམ་གྱི་སྲིད་པ་ཡོངས་སུ་གཅད་པར་བྱ་བ་དང་། ཕུང་པོ་ དང་། ཁམས་དང་། སྐྱེ་མཆེད་གཅད་པར་བྱ་བ་དང་། ཐམས་ཅད་མྱུར་དུ་འཇིགས་པ་མེད་པའི་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་གཟུད་པའི་ཕྱིར་ཇི་སྐད་བཤད་པ་བཞིན་དུ་མི་དགེ་བ་བཅུའི་ལས་ཀྱི་འབྲས་བུ་ཡོངས་སུ་སྤོང་ངོ་། །
BO
དེ་བས་ན་རིགས་ཀྱི་བུ་གལ་ཏེ་ཡང་དག་པ་ཇི་ལྟ་བ་ བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་མ་བསྒྲུབས་པར་མངོན་པར་འཚང་རྒྱ་བའམ། ཆུང་ངུ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་འགའ་ཙམ་ཡང་མི་སྲུང་བར་ང་ནི་ཐེག་པ་ཆེན་པོ་ཡང་དག་པར་སྤྱོད་པའོ་ཞེའམ། ང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་སྒྲུབ་པའོ་ཞེས་ཟེར་ན། གང་ཟག་དེ་ནི་ཤིན་ཏུ་{བརྫུན་,རྫུན་}པར་སྨྲ་བ་སྟེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཇིག་རྟེན་སླུ་བ་དང་། འཛེམ་པ་དང་། ངོ་ཚ་བ་མེད་པ་ཡང་སྟོང་པར་སྨྲ་ཞིང་ཆད་པར་ལྟ་བ། གླེན་པ་མི་ཤེས་པ་སླུ་བ་ཅན་ཡིན་ཏེ། དེ་ཚེ་འཕོས་ ནས་ངན་སོང་དུ་ལྟུང་བར་ཤེས་པར་བྱའོ། ། རིགས་ཀྱི་བུ་གང་ཚིག་ཏུ་བརྗོད་པ་ཙམ་འམ་མཉན་པ་ཙམ་གྱིས་ཆོག་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་བསྒོམས་པའམ། ནན་ཏན་བྱ་མི་དགོས་པར་བྱང་ཆུབ་དང་། མྱ་ངན་ལས་འདས་པར་ཐོབ་ཏུ་ཟིན་ན་ནི་བསྐལ་པ་གཅིག་ལ་ཡུད་ཙམ་ཐང་ ཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སའི་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མངོན་པར་འཚང་རྒྱ་སྟེ།
BO
མྱ་ངན་ལས་འདའ་བར་འགྱུར་བ་ཞིག་ན་དེ་ནི་དེ་ལྟ་བུའི་གནས་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་ནི་ཐེག་པ་ཆེན་ པོའི་རྩ་བ་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུ་དང་མྱ་ངན་ལས་འདའ་བའི་ཐེམ་སྐས་ལྟ་བུའོ། ། རིགས་ཀྱི་བུ་གལ་ཏེ་སེམས་བསྐྱེད་པ་ཙམ་འམ་སྨོན་ལམ་བཏབ་པ་ཙམ་གྱིས་ཆོག་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་གོམས་པར་ནན་ཏན་བྱ་མི་དགོས་པར་བྱང་ཆུབ་དང་། ཡོངས་སུ་མྱ་ངན་ལས་ འདའ་བ་འཐོབ་ཏུ་ཟིན་ནི་བསྐལ་པ་གཅིག་ལ་ཡུད་ཙམ་ཐང་ཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སའི་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང་མྱ་ངན་ལས་འདའ་བར་འགྱུར་བ་ཞིག་ན་དེ་ནི་དེ་ལྟ་བུའི་ གནས་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདའ་བའི་འབྲས་བུའི་ཁྱད་པར་དང་ཡོན་ཏན་གྱི་རྒྱུར་འགྱུར་རོ། ། རིགས་ཀྱི་བུ་གལ་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་དུ་མ་བྱས་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ ཕྲ་མོ་སྙེད་ཀྱི་བསྐལ་པར་བ་དག་ནི་ཐེག་པ་ཆེན་པོ་པའོ་ཞེས་ཟེར་ཏེ། འཆད་དམ། ཉན་ཏམ།
BO
སེམས་བསྐྱེད་དམ། སྨོན་ལམ་བཏབ་ཀྱང་བྱང་ཆུབ་དང་། མྱ་ངན་ལས་འདའ་བ་འཐོབ་པར་མི་འགྱུར་ལ་གཞན་ཡང་འཁོར་བའི་སྡུག་བསྔལ་ལས་འདོན་མི་ནུས་སོ། ། རིགས་ཀྱི་བུ་དགེ་བ་ བཅུའི་ལས་ཀྱི་ལམ་ལ་ནན་ཏན་བྱས་པས་འཇིག་རྟེན་ན་རྒྱལ་རིགས་དང་། བྲམ་ཟེ་ལ་སོགས་པ་རིགས་ཆེན་པོ་དང་། རྒྱལ་ཆེན་རིས་བཞིའི་ལྷ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེངས་ཀྱི་བར་དུ་ཡོད་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་ཡོད་པར་འགྱུར་ཏེ། དེ་དག་ཀུན་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཤིན་ཏུ་ནན་ཏན་བྱེད་པའི་ཁྱད་པར་དང་བྱེ་བྲག་ལས་གྱུར་ཏོ། ། དེ་བས་ན་རིགས་ཀྱི་བུ་གང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ པར་འདོད་ན་དགེ་བ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་གྱི་རྒྱན་གྱིས་བརྒྱན་ཏེ། མི་དགེ་བ་བཅུའི་སྡོམ་པ་ལ་མི་གནས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། ། གང་མྱུར་དུ་ཐེག་པ་ཆེན་པོའི་སྤྱོད་ཡུལ་དུ་ཆུད་པར་འདོད་དམ། མྱུར་དུ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་དམ།
BO
མྱུར་དུ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་ན་སྔར་དགེ་བ་བཅུའི་ལས་ཀྱི་ལམ་ཤིན་ཏུ་བསྲུང་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ནི་དགེ་བའི་ཆོས་ཐམས་ཅད་དང་། ཡོན་ཏན་རྣམ་ པར་གཞག་པའི་གཞི་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདའ་བའི་འབྲས་བུའི་མཆོག་ཐོབ་པར་བྱེད་པའི་རྒྱུ་ཡིན་ནོ། ། དེ་བས་ན་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཤིན་ཏུ་ནན་ཏན་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་ དེ་གསུངས་པ། སྲིད་པའི་སྡུག་བསྔལ་ཀུན་གཅོད་ཅིང་། ། བྱང་ཆུབ་ཆེན་པོ་འཐོབ་འདོད་པ། ། དགེ་བཅུའི་འཁོར་ལོའི་ནན་ཏན་ལ། ། ལེ་ལོ་མ་བྱེད་བརྩོན་པར་གྱིས། ། ཐེག་པ་གསུམ་གྱི་དམ་ཆོས་དང་། ། ཐེག་པ་རྣམ་གསུམ་གང་ཟག་དང་། ། རབ་ཏུ་བྱུང་བ་ཐམས་ ཅད་ལ། ། འཁྲུལ་པ་མེད་པར་འཐོབ་པར་འགྱུར། ། ཐེག་ཆེན་སྤྱོད་ལ་དད་མོས་ཤིང་། ། ཐམས་ཅད་འཁོར་གྱི་དབུགས་འབྱིན་པའི། ། ཆོས་མཆོག་རྟོགས་ནས་ཞིང་དག་དེར། ། བྱང་ཆུབ་ཆེན་པོ་མྱུར་དུ་འཐོབ། ། གལ་ཏེ་སྲོག་གཅོད་ཡོངས་སྤངས་ན། ། ཀུན་གྱིས་བཀུར་ཞིང་བླ་ མར་བྱེད། ། རྟག་ཏུ་ནད་མེད་ཚེ་ཡང་རིང་། །
BO
བདེ་ཞིང་སྐྱིད་ལ་གནོད་པ་མེད། ། སྐྱེ་བའི་གནས་ནི་ཐམས་ཅད་དུ། ། སངས་རྒྱས་སྤྱོད་ཡུལ་ལམ་ལ་མོས། ། སངས་རྒྱས་ཆོས་དང་དགེ་འདུན་མཐོང་། ། མྱུར་དུ་བླ་མེད་བྱང་ཆུབ་འཐོབ། ། མ་བྱིན་ལེན་པ་ཡོངས་སྤངས་ན། ། མཁས་ པས་བཀུར་ཞིང་བླ་མར་བྱེད། ། འདོད་ཆགས་སྐྱེ་བའི་ལམ་ཀུན་ཞི། ། འདོད་ཆགས་མེད་པ་སྐྱེ་བར་འགྱུར། ། སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན། ། སྦྱིན་བདག་ཆེན་པོར་དེ་འགྱུར་ཏེ། ། རིན་ཆེན་མང་པོས་བརྒྱན་པ་དང་། ། ཡིད་འོང་སངས་རྒྱས་ཞིང་ཡང་འཐོབ། ། འདོད་པས་ལོག་ གཡེམ་ཡོངས་སྤངས་ན། ། ཉོན་མོངས་དྲི་མ་ཞི་བར་འགྱུར། ། འདོད་ཆགས་སྲིད་པའི་མཚོ་ཡང་སྐེམས། ། རྣམ་དག་སངས་རྒྱས་ཞིང་མྱུར་འཐོབ། ། སེམས་ཅན་རྣམ་པ་མང་པོ་ཡང་། ། འདོད་པའི་འདམ་ལས་འབྱིན་པར་འགྱུར། ། ཐེག་ཆེན་ལ་ནི་རབ་བཀོད་ནས། ། ཚངས་པའི་སྤྱད་པ་སྤྱོད་དུ་བཙུད། ། {བརྫུན་,རྫུན་}དུ་སྨྲ་བ་ཡོངས་སྤངས་ན། ། འཕགས་པའི་དབང་དང་ཡེ་ཤེས་འཐོབ། ། རྟག་ཏུ་བདེན་ལ་སྨྲ་བར་དགའ། ། {བརྫུན་,རྫུན་}དུ་འགྱུར་བའི་སྡུག་བསྔལ་འཇིལ། ། ཚིག་གཅིག་ཚད་མར་བཙུགས་པས་ན། ། སངས་རྒྱས་ཆོས་དང་དགེ་ འདུན་མཐོང་། ། {བརྫུན་,རྫུན་}མི་སྨྲ་བ་བསྒོམས་པས་ན། །
BO
བྱང་ཆུབ་ཆེན་པོ་མྱུར་དུ་འཐོབ། ། ཕྲ་མའི་ཚིག་སྨྲ་ཡོངས་སྤངས་ན། ། དགེ་བའི་ཆོས་ཀྱི་སྣོད་དུ་འགྱུར། ། སངས་རྒྱས་ཆོས་དང་དགེ་འདུན་མཐོང་། ། ཆད་པར་ལྟ་བར་ཡོང་མི་འགྱུར། ། འཕགས་པའི་ཆགས་མེད་དགའ་བ་ དང་། ། རིན་ཆེན་གཏེར་གྱི་གཟུངས་འཐོབ་ཅིང་། ། ཟབ་མོ་ཆོས་ཀྱི་རྒྱ་མཚོར་རིག ། མྱུར་དུ་བླ་མེད་བྱང་ཆུབ་འཐོབ། ། གལ་ཏེ་ཞེ་གཅོད་ཚིག་སྤངས་ཏེ། ། འཇམ་ཞིང་མཉེན་པའི་ཚིག་སྨྲས་ན། ། སེམས་ཅན་ཀུན་གྱིས་བཀུར་བར་འགྱུར། ། སྔ་མའི་མི་དགེ་ལས་ཀྱང་ཞི། ། འཁོར་རྣམས་རྟག་ཏུ་དགའ་བ་དང་། ། བྱང་ཆུབ་སེམས་དཔའི་སྟོན་པར་འགྱུར། ། སངས་རྒྱས་མང་པོའི་སྤྱོད་ཡུལ་ཤེས། ། ས་བཅུ་ལས་ཀྱང་འདའ་བར་འགྱུར། ། ཀྱལ་པར་སྨྲ་བ་ཡོངས་སྤངས་ན། ། མཁས་པས་བཀུར་ཞིང་བླ་མར་བྱེད། ། གཞན་ལ་ཚིག་ཏུ་སྨྲ་བ་ཀུན། ། ཡོན་ཏན་རྣམ་ལྔ་འཐོབ་པར་འགྱུར། ། རྟག་ཏུ་འཕགས་པའི་ཚིག་ཉན་ཅིང་། ། འཕགས་པའི་ལམ་ཚོལ་སྤྲོ་བར་འགྱུར། ། སངས་རྒྱས་རྒྱ་མཚོ་ཡོངས་རྫོགས་ཤིང་། ། ཐམས་ཅད་མཁྱེན་པ་མྱུར་དུ་འཐོབ། ། གལ་ཏེ་ཆགས་སེམས་ཡོངས་སྤངས་ཏེ། ། འཕགས་པ་རྣམས་ ལ་མི་སྨོད་ཅིང་། ། ངུར་སྨྲིག་གྱོན་ལ་མཆོད་པར་བྱེད། །
BO
ཐེག་པ་གསུམ་གྱི་བྱང་ཆུབ་སྒྲུབ། ། རྟག་ཏུ་རྣམ་དག་ཞིང་དུ་སྐྱེ། ། སྟོན་པའི་གནས་སུ་གནས་པར་འགྱུར། ། བླ་མེད་ཐེག་པ་ལ་ཞོན་ཏེ། ། རྒྱལ་བའི་ཡེ་ཤེས་མྱུར་དུ་འཐོབ། ། གལ་ཏེ་གནོད་སེམས་ ཡོངས་སྤངས་ཏེ། ། གཅིག་ཏུ་བྱམས་པའི་སེམས་བསྒོམས་ན། ། མཉམ་པར་གཞག་པའང་མྱུར་དུ་འཐོབ། ། འཕགས་པའི་སྤྱོད་ཡུལ་མོས་པར་འགྱུར། ། རྣམ་དག་སངས་རྒྱས་ཞིང་དུ་སྐྱེ། ། ཉེས་པའི་སྐྱོན་རྣམས་ཀུན་དང་བྲལ། ། དེ་ལ་གནས་ན་བྱང་ཆུབ་འཐོབ། ། གནོད་ སེམས་ཐམས་ཅད་སྤང་བར་བྱ། ། ངན་པར་ལྟ་བ་ཡོངས་སྤངས་ཏེ། ། རྣམ་དག་དད་པའི་སེམས་བསྒོམས་ན། ། ཐེག་གསུམ་སྟོན་ལ་མོས་བྱེད་ཅིང་། ། སངས་རྒྱས་ཀུན་ལ་མཆོད་པ་བྱེད། ། ངན་སོང་གསུམ་ལས་ཡོངས་ཐར་ཏེ། ། འཕགས་པའི་དགེ་འདུན་རྣམས་དང་ཕྲད། ། བྱང་ཆུབ་སེམས་དཔའི་ཡོན་ཏན་ལྡན། ། ཡེ་ཤེས་མཆོག་ཀྱང་འཐོབ་པར་འགྱུར། ། དགེ་བ་བཅུ་ཡི་ལས་ལམ་གྱིས། ། བྱང་ཆུབ་མཆོག་ཐོབ་འགྱུར་ཞེས་གསུངས། ། སྙོམས་པར་འཇུག་དང་གཟུངས་རྣམས་དང་། ། ས་དང་བཟོད་པ་སྐྱེ་བར་འགྱུར། ། བདག་ཉིད་ཆེ་བའི་ འཁོར་ལོ་འདིས། ། ངན་སོང་ཐམས་ཅད་རབ་བཅོམ་ནས། ། སྡིག་པའི་སྒྲིབ་པ་ཀུན་ཀྱང་ཆོམས། ། མྱུར་དུ་བྱང་ཆུབ་ཆེན་པོ་ཐོབ།
BO
། འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོ་སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བའི་ལེའུ་སྟེ་དྲུག་ པའོ། ། ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་གི་སྦྱིན་པའི་གོ་ཆ་ཆེན་པོའི་འཁོར་ལོ་རྣམ་པ་བཅུ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་དེ་དང་ལྡན་ན་ཐོག་མ་སེམས་བསྐྱེད་པ་ནས་འདོད་པ་ལྔ་ཡོངས་ སུ་བསལ་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ནས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། བསྲུང་བ་དང་། བསྙེན་བཀུར་ བྱེད་པར་འགྱུར་རོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྣམ་པ་སྣ་ཚོགས་ཀྱི་ཟས་དང་། སྐོམ་དང་། གོས་དང་། རིན་པོ་ཆེའི་རྒྱན་དང་། བལ་གླང་དང་། རྟ་དང་། ཤིང་རྟ་དང་། ལུས་ཀྱི་ཡན་ལག་དང་། རྐང་པ་དང་། ལག་པ་དང་། རྣ་བ་དང་། སྣ་དང་། མགོ་དང་། མིག་དང་། རྐང་ དང་། ཀླད་པ་དང་། པགས་པ་དང་། རུས་པ་དང་། ཤ་དང་། ཁྲག་དང་། ཡུལ་དང་། སྲིད་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ཁང་ཁྱིམ་དང་།
BO
ཞིང་འབྲོག་ལ་སོགས་པ་དེ་དག་ཐམས་ཅད་སྦྱིན་པ་དེ་རེ་རེ་བྱེད་པ་ན་ལུས་དང་སྲོག་ལ་མི་ལྟ་ཞིང་བདག་ གཅིག་པུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་འདོད་པའི་ཕྱིར་སེམས་བསྐྱེད་དེ་སྦྱིན་པ་བྱེད་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་མྱུ་གུ་བསྐྱེད་པའི་ཕྱིར་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་དོ། ། ཐབས་མཁས་པ་དང་ཤེས་རབ་མཆོག་བསྐྱེད་ པའི་ཕྱིར་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་དོ། ། སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་ཕན་པ་དང་། བདེ་བའི་དོན་གྱི་ཕྱིར་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་དོ། ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་དོ། ། གཞན་ལས་སྤག་ གོ་སྙམ་པ་མེད་པའི་སེམས་དང་། བརླང་བ་མེད་པའི་སེམས་དང་། ཕྲག་དོག་མེད་པའི་སེམས་དང་། སེར་སྣ་དང་ཞུམ་པ་མེད་པའི་སེམས་ཀྱིས་སྦྱིན་པ་སྦྱིན་ནོ། ། གང་སྦྱིན་པའི་དངོས་པོ་ཆེ་ཡང་རུང་། ཆུང་ཡང་རུང་། ཆུང་ངུ་ན་ཟན་ཆངས་གཅིག་ཙམ་གྱི་སྦྱིན་པ་བྱས་ན་ཡང་ རྣམ་པར་སྨིན་པའི་འབྲས་བུ་ལ་མི་རེ་བར་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་དོ། །
BO
ཉན་ཐོས་ཀྱི་ཐེག་པའི་འབྲས་བུ་ལ་མི་རེ་བར་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་དོ། ། རང་སངས་རྒྱས་ཀྱི་ཐེག་པའི་འབྲས་བུ་ལ་མི་རེ་བར་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་དོ། ། གང་སྦྱིན་པའི་དངོས་པོ་དེ་ཆེ་ཡང་རུང་། ཆུང་ཡང་རུང་། ཆུང་ངུ་ན་ཟན་ཆངས་གཅིག་ཙམ་གྱི་སྦྱིན་པ་བྱས་ན་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོ་ཞིང་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་དོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་གི་སྦྱིན་པའི་གོ་ཆ་ཆེན་པོའི་འཁོར་ལོ་རྣམ་པ་བཅུ་པོ་དེ་ དང་ལྡན་ན། ཐོག་མ་སེམས་བསྐྱེད་པ་ན་འདོད་པ་རྣམ་པ་ལྔ་ཡོངས་སུ་བསལ་བའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཆེན་པོའི་ཞིང་དུ་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་ཅིང་བསྙེན་བཀུར་བྱ་བ་དང་། ཡོངས་སུ་བསྲུང་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་སྦྱིན་པ་སྦྱིན་པའི་སེམས་བསྐྱེད་པ་ནི་བྱམས་པ་དང་། སྙིང་རྗེ་ཆེན་པོའི་སེམས་མེད་ཀྱི་བདག་གི་དབུལ་བ་དེ་ སྤོང་བ་དང་།
BO
བདག་སྡུག་བསྔལ་ལས་ཐར་པ་དང་། བདག་བདེ་བ་ཐོབ་པར་བྱ་བ་དང་། བདག་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སྦྱིན་པ་སྦྱིན་པ་བྱེད་དེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྦྱིན་པ་བྱེད་པ་ནི་མ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ན་ནི་ བྱམས་པ་དང་། སྙིང་རྗེ་ཆེན་པོའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་པ་སྤོང་བ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གདོན་པ་དང་། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་ཕྱིར་སྦྱིན་པ་བྱེད་ཀྱི་ བདག་འབའ་ཞིག་གི་ཕྱིར་སྦྱིན་པ་སྤྱོད་པ་མ་ཡིན་ནོ། ། དེ་ལྟ་བས་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ ཐམས་ཅད་ཀྱིས་མཆོད་པ་དང་། བསྙེན་བཀུར་བྱེད་ཅིང་ཡོངས་སུ་བསྲུང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟང་ཟིང་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འདོད་པ་རྣམ་ལྔའི་མཆོག་ལ་སེམས་མི་ཆགས་ཏེ།
BO
བདག་ཉིད་དབང་བ་བདེ་བའི་ཡོ་བྱད་ ཐམས་ཅད་སེམས་ཅན་ཀུན་ལ་སྦྱིན་པ་བྱེད་དེ། སེམས་ཅན་ཐམས་ཅད་ཡོངས་སུ་སྡུད་པའི་སེམས་དང་། བདག་གི་སྡུག་བསྔལ་ཐམས་ཅད་ལ་ཇི་མི་སྙམ་པའི་བཟོད་པའི་སེམས་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་སེམས་དང་། སེམས་ཅན་ཐམས་ཅད་ལ་ བདེ་བ་སྦྱིན་པའི་སེམས་དང་། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་སེམས་ལ་གནས་ཏེ་སྦྱིན་པ་བྱེད་དོ། ། དེ་བས་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། བསྙེན་བཀུར་དང་། སྲུང་བ་བྱེད་པར་འགྱུར་རོ། ། རིགས་ཀྱི་བུ་གལ་ཏེ་འདོད་པ་ལྔ་ལ་སེམས་མི་ཆགས་ཤིང་བྱམས་པ་དང་། སྙིང་རྗེ་ཆེན་པོས་སྦྱིན་པ་བྱེད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ བྱའོ། ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་ཞེས་བྱའོ། ། གལ་ཏེ་འཇིག་རྟེན་གྱི་འདོད་པ་རྣམ་ལྔ་ཡང་མ་སྤངས་ལ་བྱམས་པ་དང་།
BO
སྙིང་རྗེ་ཆེན་པོ་ཡང་མེད་པར་སྦྱིན་པ་བྱེད་ན་སྦྱིན་པའི་དངོས་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་བཏང་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་མི་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་ཡང་མ་ཡིན་པས་སྦྱིན་པ་འདི་ནི་འཕགས་པ་རྣམས་ཀྱི་ཕྱག་རྒྱས་བཏབ་པ་མ་ཡིན་ནོ། ། དེ་བས་ན་འཇིག་རྟེན་གྱི་འདོད་པ་ལྔ་སྤངས་ཏེ། བྱམས་པ་དང་། སྙིང་རྗེ་ཆེན་པོ་ དང་ལྡན་པས་སྦྱིན་པ་བྱའོ། ། གལ་ཏེ་འཇིག་རྟེན་གྱི་འདོད་པ་ལྔ་ཡང་མ་སྤངས་ལ་བྱམས་པ་དང་། སྙིང་རྗེ་ཆེན་པོ་ཡང་མེད་པར་སྦྱིན་པ་བྱེད་ན་བྱང་ཆུབ་སེམས་དཔའ་ཞེས་ཀྱང་མི་བྱ་ལ་བསོད་ནམས་ཀྱི་ཞིང་ཡང་དག་པ་ཡང་མ་ཡིན་ནོ། ། རིགས་ཀྱི་བུ་འདོད་པ་རྣམ་པ་ལྔ་ལ་ཆགས་པས་སྦྱིན་ པ་བྱེད་ན་བདག་ཉིད་ཀྱི་ལུས་ཀྱི་སྡུག་བསྔལ་གྱི་ཆ་{ཆུང་ཟད་,ཅུང་ཟད་}ཀྱང་ཞི་བར་མི་འགྱུར་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཚད་མེད་པ་བསལ་བ་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཟང་ཟིང་སྦྱིན་པའི་འཁོར་ ལོ་ལྡན་པ། ། མཁས་པ་བསམ་པ་དག་པའི་མོས་པས། ། འདོད་པ་རྣམ་ལྔ་དག་ནི་སྤངས་ཏེ། །
BO
སེམས་ཅན་ཀུན་ལ་ཕན་དང་བདེ་བྱེད། ། སེམས་ཅན་ཀུན་ལ་བདེ་བའི་ཕྱིར་གྱི། ། རྣམ་སྨིན་འབྲས་བུ་རེ་ཕྱིར་མ་ཡིན། ། སྦྱིན་པའི་དངོས་པོ་བྱིན་པ་ཆུང་ཡང་། ། ཡང་དག་བསོད་ནམས་ ཞིང་དུ་དེ་འགྱུར། ། སྦྱིན་པའི་དངོས་པོ་མང་དུ་བྱས་ཀྱང་། ། འདོད་པ་རྣམ་ལྔ་དག་ལ་གནས་ན། ། འཕགས་པ་དག་གི་ཕྱག་རྒྱས་མ་བཏབ། ། མ་ངེས་པ་ཡི་ཚོགས་ལ་གནས་འགྱུར། ། སྦྱིན་པའི་དངོས་པོ་བྱིན་པ་ཆུང་ཡང་། ། འདོད་པ་ལྔ་ལ་མི་གནས་པ་ནི། ། ཉན་ཐོས་ དག་དང་རང་རྒྱལ་བ་ཡི། ། ཡང་དག་བསོད་ནམས་ཞིང་དུ་དེ་འགྱུར། ། དེ་བས་འདོད་པ་རྣམ་ལྔ་སྤངས་ལ། ། རྟག་ཏུ་རྣམ་དག་སྦྱིན་པ་བྱེད་ཅིང་། ། སེམས་ཅན་ཀུན་ལ་བདེ་བ་བྱས་ན། ། ཡང་དག་བསོད་ནམས་ཞིང་དུ་དེ་འགྱུར། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཆོས་ཀྱི་སྦྱིན་པའི་གོ་ཆ་ཆེན་པོའི་འཁོར་ལོ་རྣམ་པ་བཅུ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་དེ་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་རྣམ་ལྔ་ཡོངས་སུ་བསལ་བའི་ཕྱིར་མྱུར་དུ་ཉི་མའི་སྒྲོན་མའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ ཐོབ་ཅིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཉན་ཐོས་དང་།
BO
རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཆེན་པོའི་ཞིང་དུ་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། བསྲུང་བ་དང་། བསྙེན་ བཀུར་བྱ་བར་འགྱུར་རོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པ་དམ་པའི་ཆོས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་དམ་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་དམ་པའི་ཆོས་དང་། ཐེག་པ་ཆེན་པོ་དང་ལྡན་པའི་དམ་པའི་ཆོས་དང་། འཇིག་རྟེན་གྱི་ཆོས་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་ཟད་པའི་ཆོས་དང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་དང་། གཉིས་སུ་མེད་པའི་ཆོས་རྣམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ རྣམ་པ་བཅུ་པོ་འདི་ལ་དད་ཅིང་གུས་པར་བྱེད་པ་དང་། ཇི་སྐད་ཐོས་པ་རྣམས་ཅི་ནུས་སུ་གཟུངས་སུ་འཛིན་ཅིང་ཡིད་ལ་བྱེད་དོ། ། རབ་ཏུ་རྟོག་གོ། ། མཐར་ཁོང་དུ་ཆུད་པར་བྱེད་ཅིང་གཞན་དག་ལ་ཡང་ཅི་རིགས་པར་སྟོན་པར་བྱེད་དོ། ། ནམ་ཆོས་སྟོན་པའི་ཚེ་ན་ཕྲག་དོག་མེད་པའི་སེམས་ དང་། སེར་སྣ་མེད་པའི་སེམས་དང་། ང་རྒྱལ་མེད་པའི་སེམས་དང་། རྙེད་པར་མི་རེ་བའི་སེམས་དང་།
BO
གཞན་མི་སྨོད་པའི་སེམས་དང་། བདག་མི་སྟོད་པའི་སེམས་དང་། བསྟི་སྟང་དང་བཅས་པའི་སེམས་དང་། ཕན་པའི་སེམས་དང་། བྱམས་པ་ཆེན་པོའི་སེམས་དང་། སྙིང་རྗེ་ཆེན་པོའི་ སེམས་སུ་བྱའོ། ། ཉན་ཐོས་ཀྱི་ཐེག་པ་ཅན་གྱི་གང་ཟག་ལ་ནི་ཉན་ཐོས་ཀྱི་ཆོས་སྟོན་ཅིང་འཆད་ཀྱི། དེ་ལ་རང་སངས་རྒྱས་ཀྱི་ཆོས་སམ། ཐེག་པ་ཆེན་པོའི་ཆོས་ཀྱིས་མ་ཡིན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་གང་ཟག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་སྟོན་གྱི། ཉན་ཐོས་ ཀྱི་ཐེག་པའི་ཆོས་སམ། ཐེག་པ་ཆེན་པོའི་ཆོས་ཀྱིས་མ་ཡིན་པ་དང་། ཐེག་པ་ཆེན་པོའི་གང་ཟག་ལ་ནི་ཐེག་པ་ཆེན་པོའི་ཆོས་སྟོན་གྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་ཆོས་ཀྱིས་མ་ཡིན་པ་དང་། སེམས་ཅན་གྱི་དབང་པོ་དང་། སྣོད་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་ སྟོན་གྱི། དབང་པོ་དང་སྣོད་དུ་མ་གྱུར་པ་ལ་ཆོས་མི་སྟོན་ཏོ། ། གང་ཐེག་པ་ཆེན་པོའི་སེམས་ཅན་ལ་རང་སངས་རྒྱས་ཀྱི་ཐེག་པ་སྤྱོད་ཅིག་པར་རམ། ཉན་ཐོས་ཀྱི་ཐེག་པ་སྤྱོད་ཅིག་པར་མི་སྐུལ་ལོ། ། རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་སེམས་ཅན་ལ་སྐབས་ཁ་ཅིག་ཏུ་ཐེག་པ་ཆེན་པོའི་སྤྱོད་ པ་ལ་ནན་ཏན་བྱོས་ཤིག་ཅེས་སྐུལ་བའི་སྐབས་ནི་ཡོད་དེ།
BO
ཉན་ཐོས་ཀྱི་ཐེག་པ་ཅན་གྱི་སེམས་ཅན་ལ་སྐབས་ཁ་ཅིག་ཏུ་རང་སངས་རྒྱས་ཀྱི་ཐེག་པའི་སྤྱོད་པ་དང་། ཐེག་པ་ཆེན་པོའི་སྤྱོད་པ་ལ་ནན་ཏན་གྱིས་ཤིག་ཅེས་སྐུལ་བའི་སྐབས་ཀྱང་ཡོད་དེ། དེ་བཞིན་གཤེགས་པའི་བསྟན་པའི་ དམ་པའི་ཆོས་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་གམ་ཚིགས་སུ་བཅད་པ་ཕྱེད་ཙམ་ལ་ཡང་ཤིན་ཏུ་དད་ཅིང་བཀུར་སྟི་བྱེད་ཀྱི། དེ་ལ་འཕྱ་བའམ་སྐུར་པའམ། བགེགས་སམ། བར་ཆད་མི་བྱེད་དེ། ཆོས་སྟོན་པ་ལ་སངས་རྒྱས་དང་འདྲ་བར་འདུ་ཤེས་པ་དང་། ཆོས་ཉན་པའི་ འཁོར་རྣམས་ལ་ནད་པ་དང་འདྲ་བར་འདུ་ཤེས་པ་དང་། གང་འཆད་པའི་ཆོས་ལ་སྨན་བཟང་པོ་དང་འདྲ་བར་འདུ་ཤེས་ཤིང་འདོད་པ་རྣམ་པ་ལྔ་ཡོངས་སུ་བཅད་དེ་རེ་བ་མེད་པས་དམ་པའི་ཆོས་སྟོན་ཏོ། ། རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་ སྦྱིན་པའི་གོ་ཆ་ཆེན་པོའི་འཁོར་ལོ་རྣམ་པ་བཅུ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་དེ་དང་ལྡན་ན་འདོད་པ་ལྔ་ཡོངས་སུ་བསལ་ཏེ། མྱུར་དུ་ཉི་མའི་སྒྲོན་མའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་ཅིང་ཉན་ཐོས་དང་རང་སངས་རྒྱས་ཐམས་ ཅད་ལས་ཤིན་ཏུ་འདས་པ་དང་། ཉན་ཐོས་དང་།
BO
རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། བསྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་ འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཁས་པ་ཆོས་ཀྱི་སྦྱིན་པ་སྤྱོད་པ་དག ། སྣོད་བཞིན་ཐེག་པ་གསུམ་གྱི་ཆོས་སྟོན་ཏོ། ། ཐེག་པ་གཞན་དག་དེ་ལ་སྟོན་མི་བྱེད། ། ཐོས་ནས་དེ་ལ་འཕྱ་ཞིང་སྐུར་མི་འགྱུར། ། དབང་པོ་སྣོད་ བཞིན་དམ་པའི་ཆོས་སྟོན་གྱི། ། དབང་པོ་སྣོད་མིན་དག་ལ་མ་ཡིན་ནོ། ། སོ་སོར་ཇི་ལྟར་ཅི་ལ་མོས་པ་བཞིན། ། དེ་དང་དེ་ཡི་ཆོས་སྟོན་མགུ་བར་བྱེད། ། ཐེག་པ་ཆེན་པོ་སྤྱོད་པའི་གང་ཟག་ལ། ། ཐེག་པ་རྣམ་པ་གཉིས་ཀྱི་ཆོས་མི་བསྟན། ། བར་རབ་ཐེག་པ་གཉིས་ཀྱི་གང་ཟག་ ལ། ། ཐེག་པ་འབྲིང་དང་རབ་ཀྱི་ཆོས་སྟོན་ཏོ། ། ཤིན་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི། ། དེ་ལ་འཕྱ་ཞིང་སྐུར་བར་མི་བྱའོ། ། ཆོས་སྨྲ་བ་ལ་མཆོད་པ་བྱེད་པ་ནི། ། སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། ། ཀུན་ནས་ཉོན་མོངས་པ་ཡི་ནད་བསལ་ཕྱིར། ། དམ་པའི་ ཆོས་ཀྱི་སྨན་དག་ཉན་པར་བསྐུལ། །
BO
ཁེ་དང་གྲགས་པ་ཤིན་ཏུ་རིང་སྤངས་ཏེ། ། དམ་པའི་ཆོས་དག་བསྟན་ཅིང་བཤད་པར་བྱ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་རྣམ་པར་དག་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཡོད་དེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་དེ་དང་ལྡན་ན། ཐོག་མ་སེམས་བསྐྱེད་ནས་འདོད་པ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་ འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། བསྲུང་བ་དང་། བསྙེན་བཀུར་བྱ་བར་འགྱུར་རོ། ། དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་རྣམ་པར་དག་པ་གོ་ཆ་ཆེན་པོའི་འཁོར་ལོ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ རྣམ་པར་དག་པ་རྣམ་པ་གཉིས་ཏེ། ཐུན་མོང་བ་དང་། ཐུན་མོང་བ་མ་ཡིན་ནོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པའི་འཁོར་ལོ་ཐུན་མོང་བ་ཞེ་ན། གང་ཁྱིམ་ན་གནས་པ་དགེ་བསྙེན་ཕ་དང་། དགེ་བསྙེན་མའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་པའམ།
BO
ཡང་ན་རབ་ཏུ་བྱུང་བ་སོ་སོར་ཐར་པའི་ཚུལ་ཁྲིམས་ཀྱིས་བསྙེན་པར་རྫོགས་པ་སྟེ། སྡོམ་པ་འདི་དང་སོ་སོར་ཐར་པའི་ཚུལ་ཁྲིམས་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པའི་འཁོར་ལོ་ཐུན་མོང་བ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ ཡིན་ནོ། ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་འཁོར་ལོ་རྣམ་པར་དག་པ་འདིའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཆོད་པར་རམ། ལོག་པར་ལྟ་བ་སེལ་བར་རམ། ལས་ཀྱི་སྒྲིབ་པ་དང་། འཁོར་བ་ལས་གྲོལ་བར་མི་འགྱུར་ཏེ། གོ་ཆ་ཆེན་པོའི་འཁོར་ལོ་ ཞེས་ཀྱང་མི་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ཀྱང་མི་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་མ་ཡིན་ནོ། ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་གོ་ཆ་ཆེན་པོའི་འཁོར་ལོ་ ཐུན་མོང་མ་ཡིན་པ་ཞེ་ན། གང་བྱང་ཆུབ་སེམས་དཔའ་རྣམས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་དང་། གནོད་པ་མེད་པའི་སེམས་དང་། ཁོན་དུ་འཛིན་པ་མེད་པའི་སེམས་ཀྱིས་རྣམ་པར་དག་པའི་ཚུལ་ཁྲིམས་སྲུང་ངོ་། ། ཚུལ་ཁྲིམས་དང་། ཚུལ་ ཁྲིམས་ངན་པ་ཅན་དང་།
BO
སྦྱིན་པ་དང་། སེར་སྣ་དང་། བྱམས་པ་དང་། ཞེ་སྡང་དང་། བརྩོན་འགྲུས་དང་། ལེ་ལོ་ཅན་རབ་འབྲིང་ཐ་མ་ཀུན་ལ་བྱེ་བྲག་མི་འབྱེད་པའི་སེམས་དང་། ཁྱད་པར་མེད་པའི་འདུ་ཤེས་ཀྱིས་ཚུལ་ཁྲིམས་ཡོངས་སུ་སྲུང་ངོ་། ། ཁམས་གསུམ་གྱི་ སེམས་ཅན་ཐམས་ཅད་ལ་ཞེ་སྡང་མེད་པ་དང་། ཁོང་ཁྲོ་བ་མེད་པ་དང་། ངན་པར་སྤྱོད་པ་མེད་པས་ཚུལ་ཁྲིམས་ཡོངས་སུ་སྲུང་ངོ་། ། སྲིད་པ་གསུམ་གྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་རྣམ་པར་རྟོག་པ་མེད་པས་ཚུལ་ཁྲིམས་ཡོངས་སུ་སྲུང་ངོ་། ། འདོད་ པའི་ཁམས་ལ་མི་གནས་པར་ཚུལ་ཁྲིམས་སྲུང་ངོ་། ། གཟུགས་ཡོད་པའི་ཁམས་ལ་མི་གནས་པར་ཚུལ་ཁྲིམས་སྲུང་ངོ་། ། གཟུགས་མེད་པའི་ཁམས་ལ་མི་གནས་པར་ཚུལ་ཁྲིམས་སྲུང་ངོ་། ། སྲིད་པའི་རྣམ་པར་སྨིན་པའི་འབྲས་བུ་ཐམས་ཅད་ལ་མི་གནས་པར་ཚུལ་ཁྲིམས་ སྲུང་ངོ་། ། རྙེད་པ་དང་མི་རྙེད་པ་ལ་མི་གནས་པར་ཚུལ་ཁྲིམས་སྲུང་ངོ་། ། འདུ་བྱེད་རྣམས་ལ་མི་གནས་པར་ཚུལ་ཁྲིམས་སྲུང་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་གོ་ཆ་ཆེན་པོའི་འཁོར་ལོ་ཐུན་མོང་མ་ཡིན་པ་ཞེས་བྱའོ། །
BO
རིགས་ཀྱི་བུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་རྣམ་པར་དག་པའི་གོ་ཆ་ཆེན་པོའི་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་ལྔ་ཡོངས་སུ་བསལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ ཅད་ལས་ཤིན་ཏུ་འདས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱ་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱིམ་ན་གནས་ཤིང་སྡོམ་པ་ལེན་པ། ། རབ་བྱུང་སོ་སོར་ཐར་པའི་ཚུལ་ཁྲིམས། ། ཐེག་པ་གཉིས་དང་ཐུན་མོང་ཡིན་ཏེ། ། བྱང་ཆུབ་ཆེན་པོ་ཞེས་ནི་མི་བྱ། ། མཁས་པ་སྟོང་པ་ཉིད་ཆོས་སྒོམ་ པ། ། འཇིག་རྟེན་ཀུན་ལ་མི་རྟེན་མི་གནས། ། སྲིད་པ་ཀུན་ལ་གནས་མ་ཡིན་པར། ། རྣམ་པར་དག་པའི་ཚུལ་ཁྲིམས་སྲུང་ངོ་། ། མཚན་མ་སྤོང་བའི་ཚུལ་ཁྲིམས་དག་ནི། ། ཆགས་པ་མེད་དེ་ཟག་པ་ཀུན་མེད། ། ཚུལ་ཁྲིམས་འདི་ལྟ་སྲུང་བ་དག་ནི། ། ཡང་དག་བསོད་ནམས་ ཞིང་ཞེས་དེ་བྱ། །
BO
རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་ལྔ་ཡོངས་སུ་ བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། བསྲུང་བ་ དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ལ་ཇི་ལྟར་ན་བཟོད་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའི་བཟོད་པ་ལ་མཚན་ཉིད་རྣམ་པ་གཉིས་ཏེ། གང་ཞེ་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། ། དེ་ལ་ཇི་ལྟར་ན་ བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་བཟོད་པ་ཞེ་ན། དེ་ནི་ཟག་པ་དང་བཅས་པའི་བཟོད་པ་སྟེ། སེམས་ཅན་ལ་དམིགས་པ། ལེན་པ་དང་བཅས་པ། མཚན་མ་དང་བཅས་པ། རྣམ་པར་སྨིན་པའི་འབྲས་བུ་ལ་རྟེན་པ། བསོད་ནམས་ཀྱི་ལས་ལ་བརྟེན་ཏེ་བཟོད་པར་བྱེད་ པའོ། ། གཞན་ཡང་བདག་གི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་།
BO
རེག་བྱ་ལ་བརྟེན་ནས་བཟོད་པར་བྱེད་པའོ། ། འཇུག་པ་དང་བཅས་པའི་བཟོད་པ་ཇི་མི་སྙམ་པ་མེད་པའི་བཟོད་པ་དང་། མཐུ་ཞན་པའི་བཟོད་པའི་སེམས་ཅན་གཏོང་བའི་བཟོད་པ་དང་། གཡོ་དང་ སྒྱུར་བཅས་པའི་བཟོད་པ་དང་། ཕ་རོལ་ལ་འདྲིད་པའི་བཟོད་པ་དང་། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་མི་བྱེད་པའི་བཟོད་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་བཟོད་པ་ཞེས་བྱ་སྟེ། བཟོད་པ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་ ཐུན་མོང་མ་ཡིན་གྱི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་མི་བྱའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་མ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་ཞེས་ཀྱང་མི་བྱའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་ སེམས་དཔའི་འཇིག་རྟེན་ལས་འདས་པའི་བཟོད་པ་གོ་ཆ་ཆེན་པོའི་འཁོར་ལོ་ཞེ་ན། ཟག་པ་མེད་པའི་བཟོད་པ་སྟེ། འཕགས་པ་ཐམས་ཅད་ཀྱི་ཆོས་ཆེན་པོའི་འོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཆགས་པ་མེད་པའི་བཟོད་པ་དང་། བྱ་ བའི་དངོས་པོ་ཐམས་ཅད་དང་། ཚིག་ཏུ་སྨྲ་བ་དང་། རྒྱུ་དང་། མཚན་མ་དང་། ཡི་གེ་དང་།
BO
སྒྲ་སྐད་ཐམས་ཅད་ཡོངས་སུ་བཅད་པའི་སྐྱེ་མཆེད་ལ་བརྟེན་པའི་བཟོད་པ་སྤྱོད་དོ། ། བཟོད་པ་འདི་བསྒོམས་པས་ཀུན་ནས་ཉོན་མོངས་པ་གསུམ་དང་། བསྐལ་པ་རྣམ་གསུམ་དང་། མཚན་ ཉིད་གསུམ་དང་། དུས་གསུམ་དང་། སྲིད་པ་གསུམ་དང་། འདུ་བྱེད་རྣམ་གསུམ་དང་། མི་དགེ་བའི་རྩ་བ་གསུམ་དང་། ཆུ་བོ་བཞི་དང་། མདུད་པ་རྣམ་བཞི་དང་། ཉེ་བར་ལེན་པ་བཞི་དང་། ལུས་ཀྱི་མདུད་པ་རྣམ་བཞི་ལ་སོགས་པ་ཡོངས་སུ་བཅད་པས་བཟོད་པ་འདི་སྒོམ་པའི་ཚེ་ སེམས་དང་ཡིད་རབ་ཏུ་ཞི་བས་འདི་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་གོ་ཆ་ཆེན་པོའི་འཁོར་ལོའི་བཟོད་པ་ཞེས་བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོའི་འཁོར་ལོའི་བཟོད་པ་དེ་དང་ལྡན་པས་ཐོག་མ་སེམས་བསྐྱེད་པ་ནས་ འདོད་པ་ལྔ་རྣམས་ཡོངས་སུ་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། བསྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བཟོད་པ་ལ་ནི་རྣམ་པ་གཉིས་ཏེ། ། མཚན་མར་ བཅས་དང་མཚན་མ་མེད་པ། ། མཚན་མར་བཅས་པའི་བཟོད་པ་ཆགས་ཡོད། ། མཁས་པ་དག་ནི་དེ་ལ་མི་སྟོད། ། འདུ་བྱེད་རྣམ་གསུམ་ཕུང་པོ་ཁམས་དང་། ། སྐྱེ་མཆེད་ལ་རྟེན་བཟོད་པ་སྒོམ་པ། ། དེ་ནི་ཟག་བཅས་བཟོད་པ་ཡིན་ཏེ། ། བྱང་ཆུབ་སེམས་དཔའ་ཆེན་པོ་ མ་ཡིན། ། ཕྱིན་ཅི་ལོག་ནི་རྣམ་བཞི་བསལ་ནས། ། ཆགས་པ་མེད་པའི་བཟོད་པ་སྒོམ་ཞིང་། ། འདུ་བྱེད་རྣམ་པ་གསུམ་དག་ཞི་ན། ། བཟོད་པ་འདི་ལ་ཐམས་ཅད་བསྟོད་འགྱུར། ། འདུ་བྱེད་ཐམས་ཅད་རབ་ཏུ་ཞི་ཞིང་། ། རྟོག་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། ། སེམས་ནི་ ནམ་མཁའ་འདྲ་བར་མཉམ་པ། ། བཟོད་པ་འདི་ལ་ཐམས་ཅད་བསྟོད་འགྱུར། ། ཐམས་ཅད་ཆོས་ལ་རོ་གཅིག་འཐུན་པར། ། སྟོང་པ་མཚན་མ་མེད་པ་ཞི་བ། ། སེམས་ནི་ཅི་ལའང་མི་གནས་མི་ཆགས། ། བཟོད་པ་འདི་ནི་ཕན་དོན་ཆེར་འགྱུར། ། རིགས་ཀྱི་བུ་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོའི་འཁོར་ལོ་ཡོད་དེ།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་དེ་དང་ལྡན་ན་ཐོག་མ་སེམས་བསྐྱེད་པ་ནས་འདོད་པ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ ཤིན་ཏུ་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ལ་ཇི་ལྟར་ན་བརྩོན་འགྲུས་ཀྱི་གོ་ཆ་ ཆེན་པོའི་འཁོར་ལོ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ལ་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་འཇིག་རྟེན་པའི་བརྩོན་འགྲུས་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་ འབད་པའི་བརྩོན་འགྲུས་ཀྱིས་འཇིག་རྟེན་གྱི་བསོད་ནམས་ཀྱི་ལས་ཀྱི་དངོས་པོ་རྣམ་པ་གསུམ་ལ་ནན་ཏན་བྱེད་དོ། ། བསོད་ནམས་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་བྱེད་པའི་བསོད་ནམས་ཀྱི་ལས་དང་། ཚུལ་ཁྲིམས་སྲུང་བའི་བསོད་ནམས་བྱེད་པའི་ལས་དང་། བསྒོམ་པའི་བསོད་ ནམས་བྱེད་པའི་ལས་སོ། ། ལས་འདི་དག་བྱེད་པ་ནི་བརྩོན་འགྲུས་རྣམ་པ་གསུམ་ཞེས་བྱ་སྟེ།
BO
བརྩོན་འགྲུས་རྣམ་པ་གསུམ་པོ་འདི་དག་ནི་སེམས་ཅན་ལ་དམིགས་པ་ཟག་པ་དང་བཅས་པ། ཉེ་བར་ལེན་པ་དང་བཅས་པ། རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པ་བསོད་ ནམས་ཀྱི་ལས་ལ་བརྟེན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་བརྩོན་འགྲུས་ཞེས་བྱའོ། ། བརྩོན་འགྲུས་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ་དང་ཐུན་མོང་ཡིན་ཏེ། གོ་ཆ་ཆེན་པོའི་འཁོར་ལོ་ཞེས་མི་བྱ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ཀྱང་མི་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་ཡང་མ་ཡིན་ནོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོའི་འཁོར་ལོ་ཞེ་ན། བྱང་ ཆུབ་སེམས་དཔའ་དག་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་ཉོན་མོངས་པའི་ལས་དང་སྡུག་བསྔལ་ཐམས་ཅད་སེལ་བ་སྟེ། བརྩོན་འགྲུས་འདི་ནི་འཕགས་པ་ཐམས་ཅད་ཀྱིས་བསྔགས་པ། ཟག་པ་མེད་པ། ཉེ་བར་ལེན་པ་མེད་པ། རྟེན་དང་གནས་མེད་དེ། བརྩོན་འགྲུས་དང་། ལེ་ལོ་དང་། སྦྱིན་པ་དང་། སེར་སྣ་དང་། ཚུལ་ཁྲིམས་དང་། ངན་པའི་ཚུལ་ཁྲིམས་ཅན་དང་། བྱམས་པ་དང་།
BO
ཞེ་སྡང་དང་། སེམས་ཅན་རབ་དང་། འབྲིང་དང་། ཐ་མ་ཀུན་ལ་མི་འབྱེད་པའི་སེམས་དང་། བྱེ་བྲག་མེད་པའི་འདུ་ ཤེས་ཀྱིས་ཤིན་ཏུ་འབད་པའི་བརྩོན་འགྲུས་རྩོམ་མོ། ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དང་། དམིགས་པ་མེད་པས་བྱ་བའི་ལས་བྱེད་དེ་སྨྲ་བ་དང་། རྟོག་པ་དང་། དཔྱོད་པའི་གནས་ཐམས་ཅད་ལ་མི་གནས་པའི་སེམས་ཀྱིས་ཤིན་ཏུ་འབད་པའི་བརྩོན་འགྲུས་ རྩོམ་མོ། ། སྲིད་པ་གསུམ་གྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་རྣམ་པར་རྟོག་པ་མེད་པས་ཤིན་ཏུ་འབད་པའི་བརྩོན་འགྲུས་རྩོམ་སྟེ། འདོད་པའི་ཁམས་ལ་མི་གནས་པའི་འབད་པའི་བརྩོན་འགྲུས་དང་། གཟུགས་ཡོད་པའི་ཁམས་ལ་མི་གནས་པའི་འབད་པའི་བརྩོན་འགྲུས་ དང་། གཟུགས་མེད་པའི་ཁམས་ལ་མི་གནས་པའི་འབད་པའི་བརྩོན་འགྲུས་དང་། སྲིད་པའི་རྣམ་པར་སྨིན་པའི་འབྲས་བུ་ཐམས་ཅད་ལ་མི་རྟོག་པའི་འབད་པའི་བརྩོན་འགྲུས་དང་། རྙེད་པ་དང་མ་རྙེད་པ་ཀུན་ལ་མི་གནས་པའི་འབད་པའི་བརྩོན་འགྲུས་དང་། འདུ་བྱེད་རྣམས་ལ་མི་གནས་ པའི་འབད་པའི་བརྩོན་འགྲུས་དང་། འཇིག་རྟེན་གྱི་བསོད་ནམས་ཀྱི་ལས་ཀྱི་དངོས་པོ་གསུམ་ལ་མི་གནས་པའི་འབད་པའི་བརྩོན་འགྲུས་དང་།
BO
འཇིག་རྟེན་ལས་འདས་པ་དང་ལྡན་པའི་བསོད་ནམས་ཀྱི་ལས་ཀྱི་དངོས་པོ་རྣམ་པ་གསུམ་ལ་ཤིན་ཏུ་བརྩོན་འགྲུས་རྩོམ་པ་སྟེ། འདི་ནི་བྱང་ཆུབ་ སེམས་དཔའི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གང་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོའི་འཁོར་ལོ་དེ་དང་ལྡན་ན་ཐོག་མ་སེམས་བསྐྱེད་པ་ནས་འདོད་པ་རྣམ་ལྔ་ཡོངས་སུ་བསལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་ མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། དབང་པོ་དྲུག་ལ་ཤིན་ཏུ་ཆགས་པའི། ། བུས་པ་ཆུ་བོ་ལྔས་ནི་ཁྱེར་བ། ། ཤིན་ཏུ་འབད་པའི་བརྩོན་ འགྲུས་རྩོམ་ཡང་། ། མཁས་པ་རྣམས་ཀྱིས་དེ་ལ་སྨོད་འགྱུར། ། སེམས་ཅན་དམིགས་ཤིང་ཟག་དང་བཅས་ལ། །
BO
ལེན་པར་བཅས་ཤིང་བརྩོན་འགྲུས་རྩོམ་ན། ། ཡང་དག་བསོད་ནམས་ཞིང་མ་ཡིན་ཏེ། ། བྱང་ཆུབ་སེམས་དཔའ་ཆེན་པོ་མ་ཡིན། ། མཁས་པ་བརྩོན་འགྲུས་རྩོམ་པ་ དག་ནི། ། ཆགས་པ་ཐམས་ཅད་རིང་དུ་སྤངས་ཏེ། ། སེམས་ནི་ཅི་ལའང་མི་གནས་མི་ཆགས། ། ཡང་དག་བསོད་ནམས་ཞིང་ཞེས་དེ་བྱ། ། མིང་དང་གཟུགས་ལ་ཆགས་པ་མེད་ཅིང་། ། ཕུང་པོ་ཁམས་དང་སྐྱེ་མཆེད་སྤངས་ཏེ། ། ཐམས་ཅད་འཁོར་གྱི་རྟེན་དུ་འགྱུར་བ། ། དེ་ནི་བྱང་ ཆུབ་སེམས་དཔའ་ཆེན་པོ། ། འཇིག་རྟེན་སྤྱོད་ཀྱང་ཆུ་ཟླ་བཞིན་ཏེ། ། འབད་པའི་བརྩོན་འགྲུས་རྩོམ་པའི་མཐར་ཕྱིན། ། འཁོར་ལོ་འདི་ཡིས་ཡོངས་སུ་བཅོམ་པ། ། སྐྱེ་བོ་ཀུན་ནས་ཉོན་མོངས་བཅིངས་པའོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་བསམ་གཏན་གྱི་གོ་ཆ་ཆེན་པོའི་འཁོར་ལོ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་པ་ནས་འདོད་པ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ནས་ ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་།
BO
སྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ལ་ཇི་ལྟར་ན་བསམ་གཏན་གྱི་གོ་ཆ་ཆེན་པོའི་འཁོར་ ལོ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་རྣམ་པ་གཉིས་ཏེ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་བསམ་གཏན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཕུང་པོ་ལ་གནས་ནས་བསམ་གཏན་ སྒོམ་པ་དང་། ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། སྐྱེ་མཆེད་ལ་གནས་ནས་བསམ་གཏན་སྒོམ་པ་དང་། འདོད་པའི་ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། གཟུགས་ཡོད་པའི་ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། གཟུགས་མེད་པའི་ ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། སྡོམ་པ་གསུམ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། རྣམ་པར་གྲོལ་བ་གསུམ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་ནས་བསམ་གཏན་སྒོམ་པ་དང་། ཡང་དག་པར་སྤོང་བ་ བཞི་ལ་གནས་ནས་བསམ་གཏན་སྒོམ་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ནས་བསམ་གཏན་སྒོམ་པ་དང་། དབང་པོ་ལྔ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། སྟོབས་ལྔ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས་ནས་བསམ་གཏན་ སྒོམ་པ་དང་།
BO
འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། སའི་ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། ཆུའི་ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། མེའི་ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། རླུང་གི་ཁམས་ ལ་གནས་ནས་བསམ་གཏན་སྒོམ་པ་དང་། ནམ་མཁའི་ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། རྣམ་པར་ཤེས་པའི་ཁམས་ལ་གནས་ནས་བསམ་གཏན་སྒོམ་པ་དང་། བདེ་བའི་ཚོར་བ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། སྡུག་བསྔལ་བའི་ཚོར་བ་ལ་གནས་ནས་བསམ་ གཏན་སྒོམ་པ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་ནས་བསམ་གཏན་སྒོམ་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་གནས་ནས་བསམ་གཏན་སྒོམ་པ་དང་། ཅུང་ ཟད་མེད་པའི་སྐྱེ་མཆེད་ལ་གནས་ནས་བསམ་གཏན་སྒོམ་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་གནས་ནས་བསམ་གཏན་སྒོམ་པ་དང་། འཇིག་རྟེན་འདི་ལ་གནས་ནས་བསམ་གཏན་སྒོམ་པ་དང་། འཇིག་རྟེན་ཕ་རོལ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། འདུ་ཤེས་ ཆུང་ངུ་ལ་གནས་ནས་བསམ་གཏན་སྒོམ་པ་དང་། འདུ་ཤེས་ཆེན་པོ་ལ་གནས་ནས་བསམ་གཏན་སྒོམ་པ་དང་།
BO
འདུ་ཤེས་ཚད་མེད་པ་ལ་གནས་ནས་བསམ་གཏན་སྒོམ་པ་སྟེ། བསམ་གཏན་དེ་དག་ནི་ཟག་པ་དང་བཅས་པ། ཉེ་བར་ལེན་པ་དང་བཅས་པ། ཆགས་པ་དང་བཅས་པ་ སྟེ། འདི་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་དང་བཅས་པའི་བསམ་གཏན་ཞེས་བྱའོ། ། བསམ་གཏན་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ཐུན་མོང་བ་ཞེས་བྱ་སྟེ། གོ་ཆ་ཆེན་པོའི་འཁོར་ལོ་མ་ཡིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་མི་བྱ་སྟེ། ཉན་ ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་ཡང་མ་ཡིན་ནོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཕུང་པོ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། ཁམས་ དང་བྲལ་བར་བསམ་གཏན་སྒོམ་པ་དང་། སྐྱེ་མཆེད་དང་བྲལ་བར་བསམ་གཏན་སྒོམ་པ་དང་། འདོད་པའི་ཁམས་དང་བྲལ་བར་བསམ་གཏན་སྒོམ་པ་དང་། གཟུགས་ཀྱི་ཁམས་དང་བྲལ་བར་བསམ་གཏན་སྒོམ་པ་དང་། གཟུགས་མེད་པའི་ཁམས་དང་བྲལ་བར་བསམ་གཏན་སྒོམ་པ་ དང་། སྡོམ་པ་གསུམ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། རྣམ་པར་ཐར་པ་གསུམ་དང་བྲལ་བར་བསམ་གཏན་སྒོམ་པ་དང་།
BO
དྲན་པ་ཉེ་བར་གཞག་པ་བཞི་དང་བྲལ་བར་བསམ་གཏན་སྒོམ་པ་དང་། ཡང་དག་པར་སྤོང་བ་བཞི་དང་བྲལ་བར་བསམ་གཏན་སྒོམ་པ་ དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་བྲལ་བར་བསམ་གཏན་སྒོམ་པ་དང་། དབང་པོ་ལྔ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། སྟོབས་ལྔ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་བྲལ་བར་བསམ་གཏན་སྒོམ་པ་དང་། འཕགས་པའི་ལམ་ ཡན་ལག་བརྒྱད་པ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། སའི་ཁམས་དང་བྲལ་བར་བསམ་གཏན་སྒོམ་པ་དང་། ཆུའི་ཁམས་དང་བྲལ་བར་བསམ་གཏན་སྒོམ་པ་དང་། མེའི་ཁམས་དང་བྲལ་བར་བསམ་གཏན་སྒོམ་པ་དང་། རླུང་གི་ཁམས་དང་བྲལ་བར་བསམ་གཏན་ སྒོམ་པ་དང་། ནམ་མཁའི་ཁམས་དང་བྲལ་བར་བསམ་གཏན་སྒོམ་པ་དང་། རྣམ་པར་ཤེས་པའི་ཁམས་དང་བྲལ་བར་བསམ་གཏན་སྒོམ་པ་དང་། བདེ་བར་ཚོར་བ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། སྡུག་བསྔལ་དུ་ཚོར་བ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་ཚོར་བ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་བྲལ་བར་བསམ་གཏན་སྒོམ་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་བྲལ་བར་བསམ་གཏན་སྒོམ་པ་དང་།
BO
{ཆུང་ཟད་,ཅུང་ཟད་}མེད་པའི་སྐྱེ་མཆེད་དང་བྲལ་ བར་བསམ་གཏན་སྒོམ་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་བྲལ་བར་བསམ་གཏན་སྒོམ་པ་དང་། འཇིག་རྟེན་འདི་དང་བྲལ་བར་བསམ་གཏན་སྒོམ་པ་དང་། འཇིག་རྟེན་ཕ་རོལ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། འདུ་ཤེས་ཆུང་ངུ་དང་བྲལ་བར་བསམ་གཏན་སྒོམ་ པ་དང་། འདུ་ཤེས་ཆེན་པོ་དང་བྲལ་བར་བསམ་གཏན་སྒོམ་པ་དང་། འདུ་ཤེས་ཚད་མེད་པ་དང་བྲལ་བར་བསམ་གཏན་སྒོམ་པ་སྟེ། བསམ་གཏན་འདི་ནི་འཕགས་པའི་འོད་ཟེར་ཆེན་པོ་བསྐྱེད་པ། ཟག་པ་མེད་པ། ཉེ་བར་ལེན་པ་མེད་པ། ཆགས་པ་མེད་པ་སྟེ། འདི་ནི་ བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་གྱི་གོ་ཆ་ཆེན་པོའི་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་པ་ནས་འདོད་པ་ལྔ་ཡོངས་སུ་བསལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་དང་། ཉན་ཐོས་དང་།
BO
རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་ མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བདག་གི་ཁུར་ལྕི་སྤོང་བའི་ཕྱིར་ནི། ། དམིགས་དང་བཅས་པའི་ཏིང་འཛིན་བསྒོམས་ཏེ། ། བདག་ གི་ཀུན་ནས་ཉོན་མོངས་གཅོད་འདོད། ། ཡང་དག་མཁས་པའི་མཚན་ཉིད་མ་ཡིན། ། སྣོད་ལ་རྟེན་ཅིང་རྟོག་དང་བཅས་པ། ། རྣམ་པར་གྲོལ་འདོད་ཏིང་འཛིན་སྒོམ་ཡང་། ། ཚུ་རོལ་ཕ་རོལ་མུ་ལ་གནས་ན། ། སེམས་ཅན་དག་ལ་ཕན་དོན་བྱེད་མིན། ། སེམས་ཅན་ཀུན་ལ་ཕན་དང་ བདེ་ཕྱིར། ། ཏིང་འཛིན་སྒོམ་ཞིང་ཁུར་ལྕི་སྤངས་ཏེ། ། ཀུན་ནས་ཉོན་མོངས་ཐམས་ཅད་སེལ་བ། ། དེ་ནི་ཡང་དག་མཁས་པའི་མཚན་ཉིད། ། སེམས་ཅན་ཐམས་ཅད་སིམ་པར་བྱེད་ཕྱིར། ། མི་གནས་པ་ཡི་ཏིང་འཛིན་སྒོམ་སྟེ། ། འདོད་པའི་སྲིད་པ་ཐམས་ཅད་ཆོད་པ། ། དེ་ནི་བློ་ གྲོས་ཆེན་པོ་ཞེས་བྱ། ། སྲིད་པས་བཅིངས་པ་ཐམས་ཅད་བཀྲོལ་ཏེ། ། འཇིགས་པ་མེད་པའི་གྲོང་དུ་བཟུང་ཕྱིར། ། རབ་ཏུ་ཞི་བའི་ཏིང་འཛིན་སྒོམ་པ། ། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ། ། ། ། བམ་པོ་བཅུ་པ་སྟེ་ཐ་མ།
BO
རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་དེ་དང་ལྡན་ན་ཐོག་མ་སེམས་བསྐྱེད་པ་ནས་འདོད་པ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ ཏུ་འདས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ལ་ཇི་ལྟར་ན་ཤེས་རབ་ཀྱི་ གོ་ཆ་ཆེན་པོའི་འཁོར་ལོ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་འཇིག་རྟེན་པའི་ཤེས་རབ་ཅེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ གསུམ་གྱི་དམ་པའི་ཆོས་ཀློག་པ་དང་། འདོན་པ་དང་། གླེགས་བམ་དུ་འདྲི་བ་དང་། ཉན་པ་དང་། ཕ་རོལ་ལ་སྟོན་ཅིང་འཆད་པ་འབའ་ཞིག་ལ་རྟེན་ཏེ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་སེལ་བར་འདོད་པ་དང་།
BO
སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྒྲོན་མ་ འབྱུང་བའི་ཕྱིར་དེ་བཞིན་གཤེགས་པས་བསྟན་པའི་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་ལ་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་ཀློག་པ་དང་། འདོན་པ་དང་། ཉན་པ་དང་། གླེགས་བམ་དུ་འདྲི་བ་དང་། གཞན་དག་ལ་རྒྱས་པར་སྟོན་ཅིང་འཆད་པ་དང་། ཡང་དག་པའི་བརྩོན་ འགྲུས་ཀྱིས་ནན་ཏན་བྱེད་པ་དང་། དེ་བཞིན་གཤེགས་པས་བསྟན་པའི་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་ཆོས་ལ་ཀློག་པ་དང་། འདོན་པ་དང་། ཉན་པ་དང་། གླེགས་བམ་དུ་འདྲི་བ་དང་། གཞན་དག་ལ་རྒྱས་པར་སྟོན་ཅིང་འཆད་པ་དང་། ཡང་དག་པའི་བརྩོན་འགྲུས་ཀྱིས་ ནན་ཏན་དུ་སྤྱོད་དོ། ། དེ་བཞིན་གཤེགས་པས་བསྟན་པའི་ཐེག་པ་ཆེན་པོ་དང་ལྡན་པའི་ཆོས་ལ་བརྩོན་འགྲུས་སུ་ཀློག་པ་དང་། འདོན་པ་དང་། ཉན་པ་དང་། གླེགས་བམ་དུ་འདྲི་བ་དང་། གཞན་ལ་ཡང་རྒྱས་པར་སྟོན་ཅིང་འཆད་པ་དང་། ཡང་དག་པའི་བརྩོན་འགྲུས་ཀྱིས་ནན་ཏན་བྱེད་ པ་སྟེ། འཕགས་པའི་ཟག་པ་མེད་པའི་ལམ་གྱི་ཡན་ལག་ཚོལ་བ་མ་ཡིན། འཕགས་པའི་ལམ་ཚོལ་བ་མ་ཡིན། འཕགས་པའི་ལམ་དུ་གཏོགས་པའི་རྣམ་པར་གྲོལ་བ་ཚོལ་བ་མ་ཡིན། རབ་ཏུ་ཞི་བ་ཡང་དག་པའི་ཤེས་རབ་ལ་ནན་ཏན་བྱེད་པ་མ་ཡིན་ཏེ།
BO
རྟག་ཏུ་ལྟ་ བ་དང་བཅས་པ། ཤེས་རབ་དང་བཅས་པའི་ཤེས་རབ་ལ་ནན་ཏན་བྱེད་དོ། ། དེ་ལྟར་ལེན་པ་དང་བཅས་པ། ཆགས་པ་དང་བཅས་པའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་ཤེས་རབ་ཅེས་བྱའོ། ། ཤེས་རབ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ ཏེ། གོ་ཆ་ཆེན་པོའི་འཁོར་ལོ་ཞེས་མི་བྱ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ཀྱང་མི་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་མ་ཡིན་ནོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ཤེས་ རབ་ཅེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་ལམ་ལ་བརྩོན་འགྲུས་སུ་ནན་ཏན་བྱེད་པ་ནི་ཅི་ནུས་སུ་ཐེག་པ་གསུམ་གྱི་ཡང་དག་པའི་ཆོས་ལ་ཀློག་པ་དང་། འདོན་པ་དང་། ཉན་པ་དང་། གླེགས་བམ་དུ་འདྲི་བ་དང་། གཞན་དག་ལ་རྒྱས་པར་སྟོན་ཅིང་འཆད་ ཀྱང་དེ་ལ་དམིགས་སུ་མེད་པའི་སྦྱོར་བ་ལ་གནས་ཏེ། མི་གཡོ་བ་དང་། མི་རྟོག་པ་དང་། ངོ་བོ་ཉིད་མེད་པ་དང་། ནམ་མཁའ་ལྟ་བུའི་སེམས་དང་། རབ་ཏུ་ཞི་བའི་སེམས་དང་། འཕེལ་བ་དང་། འགྲིབ་པ་མེད་པའི་ཤེས་རབ་དང་། ཆགས་པ་མེད་པའི་སེམས་དང་།
BO
སྐྱེ་བ་ དང་འགོག་པ་མེད་པའི་སེམས་དང་། ཕྱིར་མི་ལྡོག་པའི་སེམས་དང་། ཆོས་མཉམ་པ་ཉིད་ཀྱི་སེམས་དང་། དེ་བཞིན་ཉིད་ཀྱི་སེམས་དང་། ཡང་དག་པའི་མཐའི་སེམས་དང་། ཆོས་ཀྱི་དབྱིངས་ཀྱི་སེམས་དང་། བདག་མེད་པའི་སེམས་དང་། རྣམ་པར་མི་རྟོག་པའི་སེམས་ དང་། རབ་ཏུ་ཞི་བ་དང་། བཟོད་པ་དང་། རྟོག་པ་དང་བྲལ་བའི་སེམས་ཀྱིས་གྲུབ་པ་དང་། འཇིགས་པ་མེད་པའི་ས་ལ་ཤིན་ཏུ་ཐབས་མཁས་པས་བདེ་བར་གནས་པ་དང་། མི་གནས་པ་མི་ཆགས་པའི་མཆོག་དམ་པའི་བློ་གྲོས་ཀྱི་ས་ལ་ཐབས་མཁས་པས་བདེ་བར་གནས་པ་སྟེ། ཤེས་རབ་འདི་ནི་ལེན་པ་མེད་པ་ཆགས་པ་མེད་པས་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་གོ་ཆ་ཆེན་པོའི་འཁོར་ལོ་འདི་དང་ལྡན་ན་ཐོག་མ་ སེམས་བསྐྱེད་ནས་འདོད་པ་ལྔ་ཡོངས་སུ་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་།
BO
རང་སངས་རྒྱས་ཐམས་ཅད་ཀྱི་མཆོད་པ་དང་། བསྲུང་བ་དང་། བསྙེན་བཀུར་བྱ་བའོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ནས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ལ་ཇི་ལྟར་ན། ཐབས་མཁས་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ལ་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ ལས་འདས་པའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་འཇིག་རྟེན་པའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བདག་གི་དོན་ནམ་གཞན་གྱི་དོན་ནམ།
BO
གཉི་གའི་དོན་ལ་བདག་དང་གཞན་དུ་རྟོག་ཅིང་བཟོ་དང་སྒྱུ་རྩལ་རྣམ་པ་སྣ་ཚོགས་ཀྱིས་ བདག་དང་གཞན་གྱི་དོན་ཡོངས་སུ་བསྒྲུབ་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ལ་མཆོད་པ་དང་། བསྙེན་བཀུར་བྱེད་པ་དང་། ཕ་དང་། མ་དང་། ནད་པ་དང་། ཉམ་ཐག་པ་དང་། མགོན་དང་རྟེན་མེད་པ་དང་། གནོད་པ་མང་པོས་སྡུག་བསྔལ་བར་གྱུར་པ་མཐོང་ན་ཤིན་ཏུ་ཐབས་མཁས་པས་སྒྲོལ་ཞིང་བསྡུ་བའི་དངོས་པོ་རྣམས་ཞེས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། ། བྱང་ཆུབ་སེམས་དཔའ་དེ་བདག་ཐེག་པ་ཆེན་པོ་ལ་གནས་པས་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ པ་དང་། ཐེག་པ་ཆེན་པོའི་སྣོད་མ་ཡིན་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་དབང་པོ་ཡོངས་སུ་མ་སྨིན་པ་ལ་ཤིན་ཏུ་ཕྲ་ལ་ཟབ་པ་དམ་པའི་ཆོས་སྟོན་ཏེ། སློབ་ཏུ་གཞུག་པ་དང་། འཕགས་པའི་བསམ་གཏན་ལ་ནན་ཏན་དུ་བྱེད་དུ་གཞུག་གོ། ། གཞན་ཡང་དོན་དམ་པའི་བདེན་པ་བསྟན་ཏེ་ ནན་ཏན་བྱེད་དུ་གཞུག་པ་དང་། ཕྱིན་ཅི་ལོག་བཞི་ལས་བཟླ་ཞིང་མི་ལྟུང་བའི་ཆོས་ཀྱི་མཚན་ཉིད་རིག་པར་བྱ་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་གཞོལ་བར་བྱ་བ་ནས།
BO
གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་ པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའི་ལམ་དང་ལམ་གྱི་འབྲས་བུའི་བར་དུ་འཇུག་པར་བྱ་བ་ལ་མཁས་པའི་ཡེ་ཤེས་ཀྱིས་ཡོངས་སུ་ སྨིན་པར་བྱེད་དོ། ། སེམས་ཅན་གང་ཁེ་དང་། གྲགས་པ་དང་། ལོངས་སྤྱོད་ལ་ཆགས་ཏེ་དབང་པོ་རྒོད་པ། དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་ལ་ནི་མདོ་སྡེ་དང་། འདུལ་བ་དང་། མ་མོ་ཀློག་པ་དང་། འདོན་པ་བྱེད་དུ་གཞུག་པ་དང་། སངས་རྒྱས་གཞན་གྱིས་བཤད་པ་ལས་ གཞན་པ་རྣམ་པར་གྲོལ་བ་དང་། འཐུན་པའི་གཙུག་ལག་ཀློག་ཅིང་འདོན་དུ་བཅུག་སྟེ་ཡོངས་སུ་སྨིན་པར་བྱེད་དོ། ། སེམས་ཅན་གང་སྦྱིན་པ་བྱེད་པ་ལ་མི་མོས་པ་ལ་ནི་ནོར་རིན་པོ་ཆེ་དང་། ནོར་དབྱིག་རྣམ་པ་སྣ་ཚོགས་གཏོང་བར་བསྐུལ་བས་ཡོངས་སུ་སྨིན་པར་བྱེད་དོ། ། སེམས་ཅན་ གང་གཏུམ་པ་མི་ངེས་པའི་རང་བཞིན་ཅན་ལ་ཚངས་པའི་གནས་བཞི་སློབ་ཏུ་སྐུལ་བ་དང་། སེམས་ཅན་གང་ཞེ་སྡང་ཅན་ལ་བཟོད་པ་སློབ་པར་སྐུལ་བ་དང་།
BO
སེམས་ཅན་གང་ལེ་ལོ་ཅན་ལ་ནི་བརྩོན་འགྲུས་སློབ་ཏུ་སྐུལ་བ་དང་། སེམས་ཅན་གང་སེམས་གཡེངས་པ་ལ་ནི་བསམ་གཏན་ སྒོམ་པར་སྐུལ་བ་དང་། སེམས་ཅན་གང་འཆལ་བའི་ཤེས་རབ་ཅན་ལ་ནི་ཡང་དག་པའི་ཆོས་སྟོན་པས་བཀའ་ལུང་བརྡ་སྤྲོད་ཅིང་ལུང་འབོགས་པ་ལ་ཐབས་མཁས་པས་ཡོངས་སུ་སྨིན་པར་བྱེད་དོ། ། སེམས་ཅན་གང་དཀོན་མཆོག་གསུམ་ལ་མངོན་པར་མ་དད་ཅིང་མི་གནས་པ་དང་། མི་སྤྱོད་པ་ཅན་ལ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། དཀོན་མཆོག་གསུམ་ལ་དད་པ་དང་། དགེ་བསྙེན་པའི་སྡོམ་པ་ལ་བསླབ་པ་དང་། བསྙེན་གནས་པའི་སྡོམ་པ་བསླབས་པས་ཡོངས་སུ་སྨིན་པར་བྱེད་དོ། ། གཞན་ཡང་བཟོ་དང་སྒྱུ་རྩལ་རྣམ་པ་སྣ་ཚོགས་ ཀྱི་གནས་ལ་སློབ་ཅིང་སྤྱོད་དུ་བཙུད་པས་ཡོངས་སུ་སྨིན་པར་བྱེད་དོ། ། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པའི་ཤིན་ཏུ་ཐབས་མཁས་པའི་ཡེ་ཤེས་ཀྱི་རྣམ་པ་ནི་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་པས་མང་ངོ་། ། དེ་ལྟར་ཡི་གེ་དང་། གཙུག་ལག་དང་། བཟོ་དང་། སྒྱུ་རྩལ་གྱི་ལས་ཀྱི་གནས་ཐམས་ཅད་ལ་ལྷག་པའི་སྤྱོད་པ་དང་། བརྩོན་འགྲུས་དང་། ཐབས་མཁས་པའི་ཡེ་ཤེས་ཀྱིས་མུ་སྟེགས་ཅན་དང་།
BO
སྟོན་པ་གཞན་ལ་ཞུགས་པ་ཐམས་ཅད་བཏུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་པའི་ཐབས་མཁས་པའོ། ། ཐབས་མཁས་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་གནས་པའི་རྒྱུར་གྱུར་པ། ཐབས་མཁས་པ་སྤྱོད་པའི་གནས་སུ་གྱུར་པ་ཤིན་ཏུ་ཐབས་མཁས་པ་ལྷུན་གྱིས་གྲུབ་པས་རྟོག་པ་མེད་པའི་ཕྱིར་ལྡོག་པ་མེད་པའི་ ཆོས་སུ་གྱུར་པའོ། ། གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་སྟོན་པ་མཁས་པ་ལའང་མི་རྟེན། དགེ་བའི་བཤེས་གཉེན་ལའང་མི་ལྟོས་པར་འཇིག་རྟེན་གྱི་ཐབས་མཁས་པ་ལ་ནན་ཏན་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་གྱི་ཐབས་མཁས་པས་རྨོངས་པ་ཡིན་ ཏེ། ངན་སོང་དུ་ལྟུང་བར་འགྱུར་རོ། ། དེ་ནི་འཇིག་རྟེན་ལས་འདས་པའི་ཤིན་ཏུ་ཐབས་མཁས་པའི་ཡེ་ཤེས་ལ་གཞོལ་ཞིང་གནས་པར་ཡང་མི་ནུས་ལ། ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་མ་ཡིན་ནོ། ། ཤིན་ཏུ་ཐབས་མི་མཁས་པས་སེམས་ཅན་གྱི་དབང་པོ་དང་། སྤྱོད་པའི་ ཁྱད་པར་ཡང་མི་ཤེས་ལ། ཤིན་ཏུ་ཐབས་མཁས་པ་ལའང་རྨོངས་པར་གྱུར་པས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་སྣོད་མ་ཡིན་པ་དང་།
BO
ཐེག་པ་ཆེན་པོའི་དབང་པོར་མ་སྨིན་པ་དག་ལ་ཐེག་པ་ཆེན་པོ་སྟོན་པ་དང་། སློབ་ཅིང་ནན་ཏན་བྱེད་དུ་བཅུག་གོ། ། གང་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཆོས་སྟོན་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སློབ་ཅིང་ནན་ཏན་བྱེད་དུ་བཅུག་གོ། ། གང་སངས་རྒྱས་ཀྱི་ཐེག་པའི་ཆོས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་ལ་ ནི་ཉན་ཐོས་ཀྱི་ཐེག་པའི་ཆོས་སྟོན་ཅིང་། ཉན་ཐོས་ཀྱི་ཐེག་པ་ལ་སློབ་ཅིང་ནན་ཏན་བྱེད་དུ་བཅུག་གོ། ། གང་ཉན་ཐོས་ཀྱི་ཐེག་པའི་ཆོས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་ལ་ནི་འཁོར་བའི་ཆོས་ལ་བདེ་བ་དང་དགའ་བར་སྟོན་ཏེ། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེད་པར་མི་སྟོན་ཏོ། ། གཞན་ཡང་ ཤིན་ཏུ་ཐབས་མཁས་པ་ལ་རྨོངས་པས་སེམས་ཅན་གང་སྲོག་གཅོད་པ་ལ་དགའ་བ་ནས་དེ་བཞིན་དུ་ལོག་པར་ལྟ་བའི་བར་དུ་མོས་པ་དག་ལ་ནི་ཤིན་ཏུ་ཟབ་པ་ཐེག་པ་ཆེན་པོའི་ཆོས་སྟོན་ཏེ། དེ་ལ་འཁོར་བ་འདི་ནས་ཤི་འཕོས་ནས་ཕ་རོལ་ཏུ་སྐྱེ་ཞིང་སྡུག་བསྔལ་གྱི་འབྲས་བུ་རྣམ་པར་སྨིན་པ་ མྱོང་བ་ལ་སྐྱོ་ཞིང་འཇིགས་པ་དང་། སྡིག་པ་མི་དགེ་བའི་ཆོས་སྤོང་བ་མི་སྟོན་ཏོ། །
BO
གཞན་ཡང་ཤིན་ཏུ་ཐབས་མཁས་པ་ལ་རྨོངས་པས་སེམས་ཅན་གང་ཚུལ་ཁྲིམས་སྲུང་བར་མོས་པ་ལ་ནི་སྦྱིན་པ་སྤྱོད་དུ་འཇུག་གོ། ། སེམས་ཅན་གང་བཟོད་པ་སྒོམ་པར་མོས་པ་ལ་ནི་བཟོད་པ་སྤོང་བ་ སྟོན་ཅིང་ཚུལ་ཁྲིམས་སྲུང་དུ་འཇུག་གོ། ། སེམས་ཅན་གང་བརྩོན་འགྲུས་སྒོམ་པར་མོས་པ་ལ་ནི་བརྩོན་འགྲུས་སྤོང་བ་སྟོན་ཅིང་བཟོད་པ་སྤྱོད་དུ་འཇུག་གོ། ། སེམས་ཅན་གང་བསམ་གཏན་སྒོམ་པར་མོས་པ་ལ་ནི་བསམ་གཏན་སྤོང་བ་སྟོན་ཅིང་བརྩོན་འགྲུས་ལ་ནན་ཏན་བྱེད་དུ་བཅུག་གོ། ། སེམས་ ཅན་གང་ཤེས་རབ་སྒོམ་པར་མོས་པ་ལ་ནི་ཤེས་རབ་སྤོང་བ་སྟོན་ཅིང་བསམ་གཏན་སྒོམ་དུ་འཇུག་གོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཐབས་མཁས་པ་ལ་རྨོངས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་བྱེད་མི་ནུས་ཏེ། སེམས་ཅན་ཐམས་ཅད་ ཀྱི་སྡིག་པའི་གྲོགས་པོར་གྱུར་ཏོ། ། ཐབས་མཁས་པ་འདི་ནི་དམིགས་པ་དང་བཅས་པ་ཆགས་པ་དང་བཅས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་ཐབས་མཁས་པ་ཞེས་བྱའོ། ། དེ་ལྟར་འཇིག་རྟེན་གྱི་ཐབས་མཁས་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ ཐེག་པ་དང་ཐུན་མོང་པ་ཡིན་ཏེ། གོ་ཆ་ཆེན་པོའི་འཁོར་ལོ་མ་ཡིན།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ཀྱང་མི་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡང་དག་པ་མ་ཡིན་ནོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཇིག་ རྟེན་ལས་འདས་པའི་ཤིན་ཏུ་ཐབས་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བདག་གི་དོན་བཏང་སྟེ། གཞན་གྱི་དོན་ལྷུར་བྱེད་པས་བཟོ་དང་སྒྱུ་རྩལ་རྣམ་པ་སྣ་ཚོགས་མངོན་པར་སྟོན་པས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཕ་དང་མ་ལ་བསྙེན་བཀུར་དང་། མཆོད་པ་བྱེད་པ་དང་། ནད་པ་དང་། ཕོངས་པ་དང་། ཉམ་ཐག་པ་དང་། མགོན་དང་སྐྱབས་མེད་པ་དང་། ཤིན་ཏུ་སྡུག་བསྔལ་རྣམ་པ་མང་པོས་གཟིར་བ་ལ་ཐབས་ཀྱིས་སྒྲོལ་ བ་དང་། བསྡུ་བའི་དངོས་པོ་རྣམ་པ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། ། ཅི་ལ་མོས་པ་དང་། དབང་པོ་དང་། སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་དམ་པའི་ཆོས་སྟོན་ཏོ། ། གཞན་ཡང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པ་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་སློབ་ཅིང་ནན་ ཏན་བྱེད་པར་སྐུལ་བ་དང་།
BO
རང་སངས་རྒྱས་ཀྱི་ཐེག་པ་པ་ནི་ཐེག་པ་ཆེན་པོ་སློབ་ཅིང་ནན་ཏན་བྱེད་པར་སྐུལ་བ་དང་། གལ་ཏེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པར་དབང་པོ་མ་སྨིན་པ་ནི་འཁོར་བའི་སྡུག་བསྔལ་གྱི་ཆོས་ཀྱིས་སྐྱོ་བ་སྟོན་ཅིང་འཁོར་བས་སྐྱོ་བ་དང་། མྱ་ངན་ལས་ འདའ་བ་ཚོལ་བར་སྐུལ་ལོ། ། སེམས་ཅན་གང་སྲོག་གཅོད་པ་ལ་མོས་པ་ནས་ལོག་པར་ལྟ་བའི་བར་དུ་ཆགས་པ་ལ་ནི་དབང་པོ་དང་། རང་བཞིན་ཇི་ལྟ་བ་བཞིན་དུ་འཁོར་བར་འཁོར་བའི་ཆོས་སྟོན་པ་དང་། འཇིག་རྟེན་འདི་ནས་ཕ་རོལ་དུ་སྐྱེ་བ་དང་། ཕ་རོལ་གྱི་སྡུག་ བསྔལ་གྱི་འབྲས་བུ་མྱོང་བར་སྟོན་ཏེ། སྡིག་པ་མི་དགེ་བའི་ཆོས་ཀྱིས་འཇིགས་པ་དང་སྐྱོ་བ་སྟོན་ཏོ། ། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་སྟོན་ཏོ། ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་ཆོས་སྟོན་ཏོ། ། ཁ་ཅིག་ལ་ནི་བླ་ན་མེད་པའི་ཐེག་པའི་ཆོས་ ཡང་དག་པར་བསྟན་ཏེ་ཁད་ཀྱིས་སློབ་ཏུ་འཇུག་གོ། །
BO
སེམས་ཅན་གང་སྦྱིན་པ་ལ་མོས་པར་གྱུར་པ་རྣམས་ལ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཆོག་སྲུང་བར་བསྟན་པ་དེ་བཞིན་དུ་རྒྱས་པར་སེམས་ཅན་གང་བསམ་གཏན་ལ་མོས་པར་གྱུར་པ་ལ་ནི་ཟག་པ་མེད་པ་འཕགས་པའི་ལམ་གྱི་ མཆོག་གིས་བསྡུས་པ་དང་། ཤེས་རབ་བླ་ན་མེད་པ་སྟོན་ཅིང་ནན་ཏན་བྱེད་དུ་བཅུག་སྟེ། ཤིན་ཏུ་ཐབས་མཁས་པ་འདི་ནི་དམིགས་པ་མེད་པ་དང་། ཆགས་པ་མེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ཐབས་མཁས་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་ བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤིན་ཏུ་ཐབས་མཁས་པའི་གོ་ཆ་ཆེན་པོའི་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་རྣམ་པ་ལྔ་ཡོངས་སུ་བསལ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། བསྲུང་བ་དང་། བསྙེན་བཀུར་བྱ་བའོ། ། དེ་ནས་ བཅོམ་ལྡན་འདས་ཀྱིས་དོན་དེ་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ།
BO
ཤེས་རབ་ནན་ཏན་རྣམ་གཉིས་ཏེ། ། འཇིག་རྟེན་བཅས་དང་འཇིག་རྟེན་འདས། ། ཆགས་པ་དེ་ནི་འཇིག་རྟེན་བཅས། ། ཆགས་མེད་པ་ནི་འཇིག་རྟེན་འདས། ། ཤིན་ཏུ་ཐབས་མཁས་ ནན་ཏན་ནི། ། ཁྱད་པར་རྣམ་པ་གཉིས་ལ་གནས། ། དམིགས་པ་ཡོད་པ་འཇིག་རྟེན་བཅས། ། དམིགས་མེད་དེ་ནི་འཇིག་རྟེན་འདས། ། གང་ཞིག་ཐེག་པ་གཅིག་སྟོན་པ། ། དེ་ནི་ལེགས་པར་ཆོས་སྟོན་མིན། ། བདག་ཀྱང་ཡོངས་སུ་མི་སྨིན་ན། ། གཞན་གྱི་དོན་དུ་ག་ལ་འགྱུར། ། གཅིག་ ཏུ་མི་དགེ་སེམས་ཅན་ལ། ། ཐེག་པ་གསུམ་གྱི་ཆོས་སྟོན་ན། ། དེ་ནི་གཏི་མུག་རྨོངས་པ་སྟེ། ། བྱང་ཆུབ་ཆེན་པོ་དེའི་མ་ཡིན། ། ཐེག་པ་གསུམ་ལ་འཇུག་སྤྲོ་ཞིང་། ། ཡང་དག་པ་ཡི་ཆོས་འདོད་ལ། ། འཁོར་བས་སྤྲོ་བའི་ཆོས་སྟོན་ན། ། མཁས་པའི་རང་བཞིན་དེ་མ་ཡིན། ། རྩེ་གཅིག་ བློ་ཡིས་རབ་བརྟགས་ཏེ། ། འདོད་དང་མོས་པ་བཞིན་དུ་སྟོན། ། འདི་ནི་ཤིན་ཏུ་ཐབས་མཁས་པས། ། མཁས་པ་རྣམས་ཀྱིས་དེ་ལ་བསྔགས། ། སེམས་ཅན་སྡིག་པ་དག་སྤྱོད་ཅིང་། ། ཐེག་པ་གསུམ་གྱི་སྣོད་འགྱུར་ན། ། དབང་པོའི་སྣོད་བཞིན་ཆོས་བསྟན་ཏེ། ། སྡིག་པ་ཀུན་ལས་གྲོལ་ བར་བྱེད། །
BO
རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་ཡོད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་རྣམ་པ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་ སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱ་བར་འགྱུར་རོ། ། དེ་ལ་ཇི་ལྟར་ན་བྱམས་པ་ཆེན་ པོའི་གོ་ཆ་ཆེན་པོའི་འཁོར་ལོ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བྱམས་པ་ལ་རྣམ་པ་གཉིས་ཏེ། ཆོས་ལ་དམིགས་པའི་བྱམས་པ་དང་། སེམས་ཅན་ལ་དམིགས་པའི་བྱམས་པའོ། ། ཆོས་ལ་དམིགས་པའི་བྱམས་པ་ནི་བྱམས་པ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་བྱའོ། ། སེམས་ ཅན་ལ་དམིགས་པའི་བྱམས་པ་ནི་བྱམས་པ་ཆེན་པོའི་གོ་ཆ་ཞེས་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་དམིགས་པའི་བྱམས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ཐུན་མོང་དུ་གྱུར་པ་སྟེ། ཉན་ཐོས་དང་།
BO
རང་སངས་རྒྱས་ནི་བདག་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ སེམས་ཅན་ལ་དམིགས་པའི་བཟོད་པ་ལ་ནན་ཏན་བྱེད་དོ། ། ཉན་ཐོས་དང་། རང་སངས་རྒྱས་ནི་བདག་ཞི་བ་དང་། བདག་མྱ་ངན་ལས་འདའ་བ་དང་། བདག་གི་སྒྲིབ་པ་བསལ་བ་དང་། བདག་གི་ཀུན་ནས་ཉོན་མོངས་པ་གཅད་པའི་ཕྱིར་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སེམས་ཅན་ལ་ དམིགས་པའི་བྱམས་པས་བརྩོན་འགྲུས་ལ་ནན་ཏན་བྱེད་པ་ནི་མ་ཡིན་ནོ། ། དེ་བས་ན་བྱམས་པ་འདི་ནི་བྱམས་པ་ཆེན་པོ་ཞེས་མི་བྱ་སྟེ། གོ་ཆ་ཆེན་པོ་མ་ཡིན་ནོ། ། ཆོས་ལ་དམིགས་པའི་བྱམས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་ཐུན་མོང་བ་མ་ཡིན་གྱི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་འབའ་ཞིག་གིས་ནན་ཏན་བྱེད་ནུས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ། བརྩོན་འགྲུས་ཀྱི་སྦྱོར་བས་ཆོས་ལ་དམིགས་པའི་བྱམས་པ་འདི་ལ་ནན་ཏན་བྱེད་དོ། ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་།
BO
ཀུན་ནས་ཉོན་མོངས་པ་ཡོངས་སུ་གཅད་པའི་ཕྱིར་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་ཆོས་ལ་དམིགས་པའི་བྱམས་པ་ལ་ནན་ཏན་བྱེད་དོ། ། དེ་བས་ན་བྱམས་པ་འདི་ནི་བྱམས་པ་ཆེན་པོའི་གོ་ཆ་ཆེན་ པོ་ཞེས་བྱའོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ལ་དམིགས་པའི་བྱམས་པ་ལ་ནན་ཏན་བྱེད་པ་ནི་ཕུང་པོ་ལ་མི་གནས། སྐྱེ་མཆེད་ལ་མི་གནས། ཁམས་ལ་མི་གནས། དྲན་པ་ཉེ་བར་གཞག་པ་རྣམས་ལ་མི་གནས་པ་ནས་བྱང་ཆུབ་ཀྱི་ལམ་གྱི་ཡན་ལག་གི་བར་དུ་མི་གནས་སོ། ། འདོད་པའི་ཁམས་ལ་མི་གནས། གཟུགས་ཀྱི་ཁམས་ལ་མི་གནས། གཟུགས་མེད་པའི་ཁམས་ལ་མི་གནས། འཇིག་རྟེན་འདི་ལ་མི་གནས་འཇིག་རྟེན་ཕ་རོལ་ལ་མི་གནས། ཚུ་རོལ་གྱི་མུ་ལ་མི་གནས། ཕ་རོལ་གྱི་མུ་ལ་མི་གནས། དམིགས་པ་ལ་མི་གནས། མི་དམིགས་ པ་ལ་མི་གནས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ལ་དམིགས་པའི་བྱམས་པ་ལ་ནན་ཏན་བྱེད་པས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པའི་ས་ལས་ཤིན་ཏུ་འདས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་ལ་དམིགས་པའི་བྱམས་པ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་ བྱའོ། །
BO
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱམས་པ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་རྣམ་པ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཉན་ཐོས་དང་། རང་ སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱ་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་ དེ་བཀའ་སྩལ་པ། ཉན་ཐོས་དང་ནི་རང་རྒྱལ་བ། ། སེམས་ཅན་དམིགས་པའི་བྱམས་སྒོམ་པ། ། སེམས་ལ་བཅུ་གསུམ་སྐྱོན་འཆང་ཞིང་། ། བདག་ལ་ཕན་པའི་དོན་ཕྱིར་རྩོལ། ། བྱང་ཆུབ་སེམས་དཔའ་གྲགས་ཆེན་ནི། ། སེམས་ཅན་ཐམས་ཅད་ཀུན་གྱི་ཕྱིར། ། ཐུན་མོང་མ་ ཡིན་བྱམས་ཆེན་བསྒོམས། ། བཅུ་གསུམ་སེམས་ཀྱི་སྐྱོན་རྣམས་སྤངས། ། དྲི་མ་བཅུ་གསུམ་རབ་སྤངས་ནས། ། བྱང་ཆུབ་ཆེན་པོར་གཞོལ་བར་བྱེད། ། ཆོས་ལ་དམིགས་པའི་བྱམས་བསྒོམས་ན། ། བསོད་ནམས་ཞིང་གྲུབ་རིང་བ་མིན། ། བཅུ་གསུམ་སྟོབས་ལ་བདེར་གནས་ན། ། སེམས་ ཅན་ཀུན་ལས་ཤིན་ཏུ་འཕགས། །
BO
ཇི་ལྟར་སེང་གེའི་རྒྱལ་པོ་དེ། ། {རི་དགས་,རི་དྭགས་}ཀུན་ལས་འཕགས་པ་བཞིན། ། བཅུ་གསུམ་དགྲ་རྣམས་ཤིན་ཏུ་བཏུལ། ། རྟག་དང་ཆད་པའི་མཐར་འཛིན་སྤངས། ། སེམས་ལ་ཅིས་ཀྱང་མི་གོས་ན། ། མྱུར་དུ་བྱང་ཆུབ་ཆེན་པོ་འཐོབ། ། རིགས་ཀྱི་བུ་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་ཡོད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་རྣམ་པ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ ཐམས་ཅད་ལས་ཤིན་ཏུ་འདས་པས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་ཞིང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱ་བར་འགྱུར་རོ། ། དེ་ཇི་ལྟར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ནི་བདག་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་སྙིང་རྗེ་ལ་སྤྱོད་ཀྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་སྙིང་རྗེ་ཆེན་པོ་སྐྱེད་པ་མ་ཡིན་ནོ། །
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་འབའ་ཞིག་ ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་སྙིང་རྗེ་ཆེན་པོ་སྐྱེད་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་སྙིང་རྗེ་ཆེན་པོ་སྐྱེད་དོ། ། དེ་བས་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་དང་ལྡན་པས་ཉན་ཐོས་དང་། རང་སངས་རྒྱས་ ཐམས་ཅད་ལས་ཤིན་ཏུ་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱ་བར་འགྱུར་རོ། ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་བསྡུ་བའི་དངོས་པོ་རྣམ་པ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བདེ་བའི་དོན་གྱི་ཕྱིར་སྦྱིན་པས་ཡོངས་སུ་སྡུད་པ་ནི་འདི་ལྟ་སྟེ། རིན་པོ་ཆེ་དང་། ནོར་དང་། དབྱིག་ དང་། ཐེག་པ་དང་། བྲན་དང་། ལས་བྱེད་པའི་མི་དང་། ཡུལ་དང་། སྲིད་དང་། བུ་དང་། ཆུང་མ་དང་། ལུས་དང་། སྲོག་གི་བར་དུ་ཡོངས་སུ་གཏོང་བ་ལ་སེར་སྣ་མེད་དེ།
BO
མི་དམིགས་པའི་སྤྱོད་པ་ལ་སྦྱོར་བས་འདུལ་བའི་སེམས་ཅན་ཡོད་པར་མི་མཐོང་། སྦྱིན་པ་བྱེད་པར་མི་མཐོང་། ལེན་ པར་མི་མཐོང་། ནོར་གྱི་དངོས་པོར་མི་མཐོང་། སྦྱིན་པ་སྤྱོད་པར་མི་མཐོང་། སྦྱིན་པ་བྱས་པའི་འབྲས་བུར་མི་མཐོང་བ་ནས་མི་དམིགས་པའི་བར་དུ་ཡང་མི་མཐོང་སྟེ། དེ་ལྟ་བུའི་སྙིང་རྗེ་ཆེན་པོ་སྐྱེད་དོ། ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་ གྱི་ཕྱིར་ངག་སྙན་པ་དང་། དོན་སྒྲུབ་པ་དང་། དོན་འཐུན་པས་ཅི་དང་ཅིས་འདུལ་བ་བཞིན་དུ་མི་དམིགས་པ་ཡང་མི་མཐོང་བའི་བར་དུ་དེ་དང་དེས་རྒྱས་པར་སྟོན་ཅིང་འཆད་དོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་མཆོག་དམ་པའི་དུལ་བའི་སེམས་དང་། རབ་ཏུ་ཞི་བའི་ སེམས་དང་། ཚད་མེད་པའི་སེམས་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པའི་སེམས་ཀྱིས་གང་ནས་གང་དུ་སྐྱེས་ཀྱང་གཡོ་བ་མེད་པ་དང་། མི་གནས་པའི་སྙིང་རྗེ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་འདིས་སྣོད་དུ་གྱུར་པའི་སེམས་ཅན་ཐམས་ ཅད་ཡོངས་སུ་སྨིན་པར་བྱེད་པ་ལ་སྐྱོ་བ་མེད་དོ། །
BO
དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་ཞེས་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་མ་ཡིན་ནོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྙིང་རྗེ་ཆེན་པོའི་ གོ་ཆ་ཆེན་པོའི་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་ལྔ་ཡོངས་སུ་བསལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་། ཉན་ཐོས་དང་། རང་སངས་རྒྱས་ ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་དག་གསལ་བར་བཟླས་པའི་ཕྱིར་ཚིགས་ སུ་བཅད་དེ་བཀའ་སྩལ་པ། ཤིན་ཏུ་ཟབ་མོ་དམ་པའི་ཆོས་དག ། སྙིང་རྗེ་ཆེན་པོའི་གཞི་རུ་དེ་འགྱུར། ། ཤིན་ཏུ་དཔག་དཀའ་ནམ་མཁའ་འདྲ་སྟེ། ། གནས་པ་མེད་དེ་གཟུགས་ཀྱང་མེད་དོ། ། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཆེན་པོ། ། ཡོན་ཏན་ཆེན་པོ་དང་ནི་ ལྡན་ཏེ། ། རྒྱལ་བའི་ཡེ་ཤེས་སྙིང་རྗེ་ཆེན་པོས། །
BO
དཔའ་བོ་འཇིག་རྟེན་འདའ་བར་དེས་འགྱུར། ། མགོན་དང་སྐྱབས་མེད་སེམས་ཅན་དག་ནི། ། འཁོར་བའི་སྡུག་བསྔལ་རྙོག་པས་བཅིངས་པ། ། སྙིང་རྗེ་ཆེན་པོའི་ཆུ་ཡིས་བཀྲུས་ཏེ། ། སེམས་ཅན་རྣམ་པར་གྲོལ་བར་བྱེད་དོ། ། བྱང་ ཆུབ་སེམས་དཔའི་སྙིང་རྗེ་བསྐྱེད་པས། ། འཁོར་བའི་རྒྱ་མཚོ་སྐེམས་པར་བྱེད་དེ། ། ཉན་ཐོས་ཐེག་པའི་འཁོར་རྣམས་དང་ནི། ། རང་རྒྱལ་ཐེག་པ་སྤྱོད་པས་མ་ཡིན། ། འདོད་ཆགས་ཞེ་སྡང་གཏི་མུག་སེམས་ཅན། ། ངན་སོང་དག་ཏུ་ལྟུང་བར་འགྱུར་བ། ། སྙིང་རྗེ་ཆེན་པོའི་ཆུ་ཡིས་ བཀྲུས་ཏེ། ། སྡུག་བསྔལ་ཀུན་ལས་གྲོལ་བར་བྱེད་དོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སོ་སོ་ཡང་དག་པར་རིག་པ། ནམ་མཁའི་དབྱིངས་དང་མཉམ་པ། ཚད་མེད་པ། མཐའ་ཡས་པ། ཤིན་ཏུ་རྒྱ་ཆེན་པོ་དང་ལྡན་པ་ཇི་སྙེད་ སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། ཏིང་ངེ་འཛིན་རྣམས་དང་། གཟུངས་རྣམས་དང་། ཤིན་ཏུ་བརྟན་པའི་བཟོད་པ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་ནས་འདོད་པ་རྣམ་པ་ལྔ་ཡོངས་ སུ་བསལ་ཏེ། ཉན་ཐོས་དང་།
BO
རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཆེན་པོར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་དང་། བསྙེན་ བཀུར་བྱེད་པར་འགྱུར་རོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སོ་སོ་ཡང་དག་པར་རིག་པ་ནམ་མཁའི་དབྱིངས་དང་མཉམ་པ་ཚད་མེད་པ་མཐའ་ཡས་པ། ཤིན་ཏུ་རྒྱ་ཆེ་བ་དང་ལྡན་པ་ཇི་སྙེད་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། ཏིང་ངེ་འཛིན་རྣམས་དང་། གཟུངས་རྣམས་དང་། ཤིན་ཏུ་བརྟན་པ་ཆེན་པོའི་གོ་ཆ་ཆེན་པོའི་འཁོར་ལོ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་ཤིན་ཏུ་རྟོག་པ་ནི་ཇི་ལྟར་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་ནམ་མཁའ་ཀུན་ཏུ་ཁྱབ་པ་བཞིན་དུ། སེམས་མཉམ་པ་ཉིད་དུ་གྱུར་པ། མཚན་མ་མེད་པ་རྟེན་པ་མེད་པ་མི་གནས་པ། གོས་པ་མེད་པའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་སེམས་ཀྱི་སྤྱོད་པ་མེད་པ། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་ལ་ཡིད་ཀྱིས་རྣམ་པར་ ཞེན་པ་དང་བྲལ་བ།
BO
སེམས་ཀྱི་སྤྱོད་པ་མེད་པ་ལས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ནང་གི་ཚོར་བ་རྣམ་གསུམ་སྐྱེས་ཏེ། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པར་ཚོར་བ་ལ་སེམས་རབ་ཏུ་ཞི་ཞིང་ཆགས་པ་མེད་དོ། ། དེ་བཞིན་ དུ་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་དང་། རེག་བྱ་ དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་གཞུང་དེ་བཞིན་དུ་རྒྱས་པར་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཐམས་ཅད་རྟག་ཏུ་ཞི་ཞིང་ཆགས་པ་མེད་དོ། ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ལས་སྐྱེས་པའི་ཚོར་བ་རྣམ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པར་ཚོར་བ་ལ་སེམས་རྟག་ཏུ་ཞི་ཞིང་ཆགས་པ་མེད་དོ། ། དུས་གསུམ་གྱི་ཕུང་པོ་དང་། ཁམས་དང་།
BO
སྐྱེ་མཆེད་རྣམས་ཀྱི་རྣམ་པ་ཐམས་ཅད་ལ་ལེན་པ་མེད་པ། སེམས་ཀྱི་སྤྱོད་པ་མེད་པའོ། ། གང་ཇི་སྙེད་ཁམས་གསུམ་དང་། འདུ་བྱེད་གསུམ་དང་། རེག་བྱ་གསུམ་དང་། ཚོར་བ་གསུམ་དང་། དབང་པོ་གསུམ་དང་། ཐེག་པ་གསུམ་དང་། སྡོམ་པ་གསུམ་དང་། རྣམ་པར་གྲོལ་བ་གསུམ་དང་། རྣམ་པ་དེ་དག་ཐམས་ཅད་ལ་སེམས་རབ་ཏུ་ཞི་བ། གནས་མེད་པ། མཚན་མ་མེད་པ། ལེན་པ་མེད་པས་མཉམ་པ་ཉིད་དུ་གནས་སོ། ། གང་ཇི་སྙེད་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སེམས་ཀྱི་སྤྱོད་པ་མེད་པ་རབ་ཏུ་ཞི་བར་གནས་སོ། ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་སེམས་ཀྱི་སྤྱོད་པ་མེད་པ་རབ་ཏུ་ཞི་བར་གནས་སོ། ། གང་ཇི་སྙེད་དགུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ལ་ཡང་སེམས་ཀྱིས་སྤྱོད་པ་མེད་པར་རབ་ཏུ་ཞི་བར་གནས་སོ། ། གཞན་ཡང་མངོན་པར་ འདུ་བྱེད་པ་གསུམ་དང་། ཆོས་ལ་སྒྲིབ་པ་མེད་པའི་ཡེ་ཤེས་དང་།
BO
ལམ་གྱི་ཡན་ལག་དང་། ལམ་གྱི་རང་བཞིན་འདྲེན་པར་བྱེད་པ་དག་ལ་ཡང་ལེན་པ་མེད་པ། སེམས་ཀྱི་སྤྱོད་པ་མེད་པ། ཀུན་གཞི་རྣམ་པར་ཤེས་པ་དང་། ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་དང་། ཉེ་བར་ལེན་པ་དང་བཅས་པ་དང་། ཉེ་བར་ལེན་པ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཚུ་རོལ་གྱི་མུ་དང་། ཕ་རོལ་གྱི་མུ་དང་། ཆུང་ངུ་དང་། ཆེན་པོ་དང་། ཚད་མེད་པ་དང་། བྱེད་པ་དང་། མི་བྱེད་པ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པ་ཐམས་ཅད་ཀྱི་རྣམ་པ་ལ་ལེན་པ་མེད་པ་དང་། སེམས་ཀྱི་སྤྱོད་པ་མེད་པར་རབ་ཏུ་ཞི་བར་གནས་སོ། ། གང་ཇི་སྙེད་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནས་བསྲུང་བར་བྱ་བ་མེད་པ་གསུམ་དང་། མི་ འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཀྱི་བར་དུ་ཆོས་ཐམས་ཅད་ཀྱི་རྣམ་པ་ལ་ལེན་པ་མེད་པ། སེམས་ཀྱི་སྤྱོད་པ་མེད་པར་རབ་ཏུ་ཞི་བར་གནས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཁོར་ལོ་འདིའི་དབང་གིས་ཚོར་བ་རྣམ་ གསུམ་གྱི་ཉེས་པ་ཡོངས་སུ་བསལ་བ་དང་། རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་ཞི་བ་དང་།
BO
མཚན་མའི་ཆོས་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་རོ། ། གཞན་ཡང་ཇི་སྙེད་ནམ་མཁའི་མིག་དང་། སྤྱི་བོའི་ཏིང་ངེ་འཛིན་རྣམས་དང་། གཟུངས་རྣམས་ལ་ཐབས་མཁས་ པའི་གོ་ཆ་ཆེན་པོའི་འཁོར་ལོ་ཡང་འདྲེན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་འཁོར་ལོ་དེ་ལ་གནས་པས་གང་འདས་པའི་དུས་ཀྱི་སྡིག་པ་མི་དགེ་བའི་ལས་ཀྱི་ལྷག་མས་གཉེར་ཏེ་ངན་འགྲོ་མནར་མེད་པ་དང་། གཞན་ཡང་སྲིད་པ་དང་། འགྲོ་བ་རྣམས་སུ་འཁོར་ བའི་ལས་ཐམས་ཅད་ལྷག་མ་མ་ལུས་པར་ཡོངས་སུ་བསལ་ཏེ། རྣམ་པར་སྨིན་པའི་འབྲས་བུ་མི་མྱོང་བར་བྱེད་དོ། ། གཞན་ཡང་རིགས་ཀྱི་བུ། འདི་ལྟ་སྟེ། མུན་པ་ནག་པོས་ནམ་མཁའ་ཐམས་ཅད་ཡོག་པ་ན་ཉི་མ་ཤར་བའི་ཚེ་མུན་པ་ཐམས་ཅད་སེལ་བར་འགྱུར་ རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཚིག་སོ་སོ་ཡང་དག་པར་རིག་པ་ནམ་མཁའི་དབྱིངས་དང་མཉམ་པ། ཚད་མེད་པ། མཐའ་ཡས་པ། ཡངས་ཤིང་རྒྱ་ཆེན་པོ་དང་ལྡན་པས་ཇི་སྙེད་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། ཏིང་ངེ་འཛིན་རྣམས་དང་། གཟུངས་རྣམས་དང་། ཤིན་ ཏུ་བརྟན་པའི་བཟོད་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཡང་གྲུབ་ཅིང་འདྲེན་པར་འགྱུར་རོ། ། གཞན་ཡང་ནམ་མཁའི་མིག་དང་། སྤྱི་བོའི་ཏིང་ངེ་འཛིན་རྣམས་དང་།
BO
གཟུངས་རྣམས་ལ་ཐབས་མཁས་པའི་གོ་ཆ་ཆེན་པོའི་འཁོར་ལོ་ལ་གནས་པ་དཔག་ཏུ་མེད་པ་ནམ་མཁའ་ལྟ་ བུའི་ཡེ་ཤེས་ཀྱི་ཉི་མས་ཕྱིན་ཅི་ལོག་བཞིའི་མུན་པ་ཡོངས་སུ་བསལ་ཏེ། འདས་པའི་དུས་ཀྱི་སྡིག་པ་མི་དགེ་བའི་ལས་ཀྱི་ལྷག་མས་གཉེར་ཏེ་ངན་འགྲོ་མནར་མེད་པ་དང་། གཞན་ཡང་སྲིད་པ་དང་འགྲོ་བ་རྣམས་སུ་འཁོར་བར་འཁོར་བའི་ལས་ཐམས་ཅད་ལྷག་མ་མ་ལུས་ པར་ཡོངས་སུ་སེལ་ཏེ། རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་མི་བྱེད་དོ། ། གཞན་ཡང་དེའི་དབང་གིས་སངས་རྒྱས་ཀྱི་ཆོས་རྣམས་ལ་དབང་ཐོབ་པ་དང་། ཕྱིར་མི་ལྡོག་པར་འགྱུར་ཏེ། སྡིག་པའི་གྲོགས་པོའི་དབང་དུ་མི་འགྲོ་ཞིང་རྗེས་སུ་མི་སྤྱོད་པ་དང་། རྟག་ཏུ་སངས་རྒྱས་མཐོང་ བ་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། ཡོན་ཏན་ཐམས་ཅད་ལ་སེམས་མི་ངོམས་པ་ནས་བྱང་ ཆུབ་ཀྱི་བར་དུ་རྒྱུན་མི་འཆད་དེ། རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བ་ནི་ཆུང་ངུ་ན་རྨི་ལམ་དུ་ཡང་བར་ཆད་མེད་པར་འགྱུར་རོ། །
BO
རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སོ་སོ་ཡང་དག་པར་རིག་པས་ནམ་མཁའི་དབྱིངས་དང་མཉམ་པ། ཚད་མེད་པ། མཐའ་ཡས་པ། ཡངས་ཤིང་རྒྱ་ཆེ་བ་དང་ལྡན་པས་ཇི་སྙེད་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། ཏིང་ངེ་འཛིན་རྣམས་དང་། གཟུངས་རྣམས་དང་། ཤིན་ཏུ་བརྟན་པའི་བཟོད་པའི་གོ་ཆ་ཆེན་པོའི་འཁོར་ལོ་འདྲེན་པར་འགྱུར་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའ་རྣམས་བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་དུ་སྙོམས་པར་འཇུག་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་སྙོམས་པར་འཇུག་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ འཇུག་པའི་ཏིང་ངེ་འཛིན་འདི་ལ་གནས་ན་ཚོར་བ་རྣམ་གསུམ་དང་། འདུ་བྱེད་གསུམ་པོ་ཡོངས་སུ་བཅད་དེ། མངོན་པར་འདུ་བྱེད་པ་དང་། གཡོ་བའི་སེམས་ཀྱི་སྤྱོད་པ་མེད་པ། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རིག་པ་དང་། ཡིད་ལ་བྱེད་པ་ལ་སོགས་པ་ཀུན་ གཅོད་པར་འགྱུར་རོ། ། ཏིང་ངེ་འཛིན་འདི་ལ་གནས་ན་ཞག་གཅིག་གམ། ཞག་བདུན་གྱི་བར་དུ་བསམ་གཏན་གྱི་ཟས་ཟ་བར་འགྱུར་རོ། །
BO
ཏིང་ངེ་འཛིན་དེ་ལས་ལངས་ན་ཡང་སེམས་རབ་ཏུ་ཞི་བ་ལེན་པ་མེད་ཅིང་། ལྷན་ནེར་གནས་པར་འགྱུར་རོ། ། གཞན་ཡང་དོན་དམ་པའི་མཐས་གཏུགས་པའི་ སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་གོ། ། ཏིང་ངེ་འཛིན་དེ་ལ་གནས་ན་སེམས་རབ་ཏུ་མཉམ་པས་ནམ་མཁའ་ལྟར་ཆགས་པ་མེད་པ་དང་། ལུས་ཀྱི་བ་སྤུའི་བུ་ག་ཀུན་ནས་ཟིལ་དངར་གྱི་ཐིགས་པ་སྐར་མ་ལྟ་བུ། མངོན་པར་བྱུང་བས་ཀུན་ནས་ཉོན་མོངས་པས་བཅིངས་པའི་ ཡོངས་སུ་གདུང་བ་ཐམས་ཅད་སེལ་བར་འགྱུར་རོ། ། ཏིང་ངེ་འཛིན་དེ་ལས་ལངས་ནས་ཡང་དག་པའི་དྲན་པ་ཐོབ་སྟེ། དགའ་བ་ཁྱད་པར་ཅན་གྱིས་ལུས་ལ་ཁྱབ་པར་གྱུར་པ་ནི་ཇི་ལྟར་ལྷའི་སྲས་པོ་དང་། དབང་ཕྱུག་ཆེན་པོ་དང་། བདེ་བའི་ཏིང་ངེ་འཛིན་ཐམས་ཅད་ལ་འཇུག་པ་ནས་ལུས་ཀྱི་ བ་སྤུའི་ཁུང་བུ་ཀུན་ནས་རབ་ཏུ་བདེ་བ་མྱོང་བ་བཞིན་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ལུས་ལ་བདེ་བས་རེག་པས་སངས་རྒྱས་རྗེས་སུ་དྲན་པར་འགྱུར་རོ། ། སངས་རྒྱས་རྗེས་སུ་དྲན་པས་སངས་རྒྱས་མཐོང་བ་ལས་མཚན་མ་གཞན་མཐོང་བ་མེད་དོ། ། བྱང་ཆུབ་སེམས་དཔའ་དེའི་ཚེ་སངས་ རྒྱས་གཅིག་ཡིད་ལ་བྱས་ན་སངས་རྒྱས་གཅིག་མཐོང་ངོ་། །
BO
གལ་ཏེ་སངས་རྒྱས་མང་པོ་ཡིད་ལ་བྱས་ན་སངས་རྒྱས་མང་པོ་མཐོང་ངོ་། ། གལ་ཏེ་སངས་རྒྱས་ཀྱི་སྐུ་ཆུང་བར་ཡིད་ལ་བྱས་ན་སངས་རྒྱས་ཀྱི་སྐུ་ཆུང་ངུར་མཐོང་ངོ་། ། གལ་ཏེ་སངས་རྒྱས་ཀྱི་སྐུ་ཆེན་པོར་ཡིད་ལ་བྱས་ན་སངས་ རྒྱས་ཀྱི་སྐུ་ཆེན་པོར་མཐོང་ངོ་། ། གལ་ཏེ་སངས་རྒྱས་ཀྱི་སྐུ་ཚད་མེད་པར་ཡིད་ལ་བྱས་ན་སངས་རྒྱས་ཀྱི་སྐུ་ཚད་མེད་པར་མཐོང་ངོ་། ། གལ་ཏེ་བདག་གི་ལུས་སངས་རྒྱས་ཀྱི་སྐུའི་མཚན་དང་ལྡན་པར་ཡིད་ལ་བྱས་ན་བདག་གི་ལུས་དེ་སངས་རྒྱས་ཀྱི་སྐུ་དང་འདྲ་བར་མཚན་ཕུན་སུམ་ཚོགས་ པར་མཐོང་ངོ་། ། གལ་ཏེ་གཞན་གྱི་ལུས་སངས་རྒྱས་ཀྱི་སྐུར་ཡིད་ལ་བྱས་ན་གཞན་གྱི་ལུས་སངས་རྒྱས་ཀྱི་སྐུ་དང་འདྲ་བར་མཚན་ཕུན་སུམ་ཚོགས་པར་མཐོང་ངོ་། ། གལ་ཏེ་སེམས་ཅན་དང་སེམས་ཅན་མ་ཡིན་པ་དང་། ཇི་སྙེད་གཟུགས་སུ་གཏོགས་པ་ཐམས་ཅད་སངས་རྒྱས་ཀྱི་སྐུ་ མཚན་དང་ལྡན་པར་ཡིད་ལ་བྱས་ན་སེམས་ཅན་དང་། སེམས་ཅན་མ་ཡིན་པ་དང་། ཇི་སྙེད་གཟུགས་སུ་གཏོགས་པ་ཐམས་ཅད་སངས་རྒྱས་ཀྱི་སྐུ་དང་འདྲ་བར་མཚན་ཕུན་སུམ་ཚོགས་པར་མཐོང་གི་གཟུགས་གཞན་དུ་མི་མཐོང་ངོ་། ། བྱང་ཆུབ་སེམས་དཔའ་དེའི་ཚེ་ཡང་ འདི་སྙམ་དུ་ཆོས་ཐམས་ཅད་དང་།
BO
གཟུགས་ཐམས་ཅད་ནི་སྒྱུ་མ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པས་བདག་གིས་ཚོར་བ་རྣམ་གསུམ་དང་། འདུ་བྱེད་གསུམ་ལ་སོགས་པ་ཆོས་ཐམས་ཅད་ལྷག་མ་མ་ལུས་པར་ཡོངས་སུ་གཅད་དོ་སྙམ་ནས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་སོ། ། ཏིང་ངེ་འཛིན་དེ་ལ་གནས་ནས་བློ་སྔོན་དུ་བཏང་བ་བཞིན་དུ་ཐམས་ཅད་ཡོངས་སུ་བཅད་དེ་ཏིང་ངེ་འཛིན་གྱི་རོའི་ཟས་ཀྱིས་འཚོའོ། ། གལ་ཏེ་ན་ཞག་བདུན་ནམ། ཞག་བདུན་གཉིས་སམ། བདུན་གསུམ་མམ། བཞིའམ། ལྔའམ། དྲུག་གམ། བདུན་ནམ། བརྒྱད་དམ། གལ་ཏེ་ན་བསྐལ་པ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ཅི་ནུས་སུ་གནས་ཏེ། ཏིང་ངེ་འཛིན་གྱི་ཟས་ཟའོ། ། ཏིང་ངེ་འཛིན་དེ་ལས་ལངས་ནས་སེམས་རབ་ཏུ་ཞི་བས་ཅི་ལ་ཡང་མི་ཆགས་ཏེ་བདེ་བར་གནས་སོ། ། གལ་ཏེ་དོན་དམ་པའི་མཐས་གཏུགས་པའི་ ཏིང་ངེ་འཛིན་ལ་ཞུགས་ན་ཡང་སྔར་ཇི་སྐད་བཤད་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་མཚན་དང་ལྡན་པ་ཡིད་ལ་བྱ་བ་ནས་ཆོས་ཐམས་ཅད་དང་། གཟུགས་ཐམས་ཅད་སྒྱུ་མ་དང་འདྲ་སྟེ་ཡང་དག་པ་མ་ཡིན་པའི་བར་དུ་ཆུད་པར་བྱེད་དོ། ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཚིག་སོ་སོ་ཡང་དག་པར་རིག་པ་ནམ་མཁའི་དབྱིངས་དང་མཉམ་པ།
BO
ཚད་མེད་པ། མཐའ་ཡས་པ། ཡངས་ཤིང་རྒྱ་ཆེ་བ་དང་ལྡན་པ་ཇི་སྙེད་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཐམས་ཅད་དང་། ཤིན་ཏུ་བརྟན་པའི་བཟོད་པའི་གོ་ཆ་ཆེན་ པོའི་འཁོར་ལོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཁོར་ལོ་འདི་དང་ལྡན་ནམ་མཁའི་མིག་དང་། སྤྱི་བོའི་ཏིང་ངེ་འཛིན་རྣམས་དང་། གཟུངས་རྣམས་ལས་ཤིན་ཏུ་ཐབས་མཁས་པ་ཐམས་ཅད་ལྷག་མ་མ་ལུས་པར་སྤངས་ཏེ་རྣམ་པར་སྨིན་པའི་འབྲས་བུ་ ལེན་པར་མི་བྱེད་དོ། ། གཞན་ཡང་རིགས་ཀྱི་བུ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་སུ་མེས་འཇིག་པ་འབྱུང་དུ་ཉེ་བ་ནི་ཉི་མ་ལྔ་ཅིག་ཅར་ཤར་ཏེ། འཇིག་རྟེན་གྱི་ཁམས་ན་རྫིང་བུ་དང་། རྫིང་བུ་ཆེན་པོ་དང་། འབབ་ཆུ་དང་། འབབ་ཆུ་ཆེན་པོ་དང་། མཚོ་དང་། མཚོ་ཆེན་པོའི་ཆུ་རྣམས་ ལྷག་མ་མ་ལུས་པར་ཐམས་ཅད་སྐེམས་པར་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཚིག་སོ་སོ་ཡང་དག་པར་རིག་པ་ནམ་མཁའི་དབྱིངས་དང་མཉམ་པ། ཚད་མེད་པ། མཐའ་ཡས་པ། ཡངས་ཤིང་རྒྱ་ཆེ་བ་དང་ལྡན་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། ཏིང་ངེ་འཛིན་རྣམས་དང་། གཟུངས་ རྣམས་དང་།
BO
ཤིན་ཏུ་བརྟན་པའི་བཟོད་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཡང་མངོན་པར་འདྲེན་ཏོ། ། གཞན་ཡང་ནམ་མཁའི་མིག་དང་། སྤྱི་བོའི་ཏིང་ངེ་འཛིན་རྣམས་དང་། གཟུངས་རྣམས་ལ་ཐབས་མཁས་པའི་གོ་ཆ་ཆེན་པོའི་འཁོར་ལོ་ལ་ཡང་གནས་ཤིང་འདྲེན་པར་འགྱུར་རོ། ། གང་ འདས་པའི་དུས་ཀྱི་སྡིག་པ་མི་དགེ་བའི་ལས་ཀྱི་ལྷག་མས་གཉེར་ཏེ། ངན་འགྲོ་མནར་མེད་པ་དང་། གཞན་ཡང་སྲིད་པ་དང་། འགྲོ་བ་རྣམས་སུ་འཁོར་བར་འཁོར་བའི་ལས་ཐམས་ཅད་ལྷག་མ་མ་ལུས་པར་ཡོངས་སུ་བསྐམས་ཏེ། རྣམ་པར་སྨིན་པའི་འབྲས་བུ་མི་ལེན་པར་བྱེད་དོ། ། གཞན་ཡང་རིགས་ཀྱི་བུ་འདི་ལྟ་སྟེ། འཇིག་རྟེན་དུ་ཆུའི་འཇིག་པ་བྱུང་བ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུ་འདིའི་ཁམས་ཆུང་ངུའི་གླིང་ཆེན་པོ་བཞི་དང་། གླིང་ཕྲན་བརྒྱད་དང་། རི་རབ་རིའི་རྒྱལ་པོ་དང་། རི་ཕྲན་ཐམས་ཅད་ཆུ་ཡིས་བཀྲུས་ཏེ་ཞི་གནས་ལྷག་ མ་མ་ལུས་པར་ཟད་པར་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཚིག་སོ་སོ་ཡང་དག་པར་རིག་པ་ནམ་མཁའི་དབྱིངས་དང་མཉམ་པ། ཚད་མེད་པ། མཐའ་ཡས་པ། ཡངས་ཤིང་རྒྱ་ཆེ་བ་དང་ལྡན་པས་ཇི་སྙེད་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། ཏིང་ངེ་འཛིན་རྣམས་ དང་།
BO
གཟུངས་རྣམས་དང་། ཤིན་ཏུ་བརྟན་པའི་བཟོད་པའི་གོ་ཆ་ཆེན་པོའི་འཁོར་ལོ་ཡང་འགྲུབ་ཅིང་འདྲེན་པར་འགྱུར་རོ། ། ནམ་མཁའི་མིག་དང་། སྤྱི་བོའི་ཏིང་ངེ་འཛིན་རྣམས་དང་། གཟུངས་རྣམས་ལ་ཐབས་མཁས་པའི་གོ་ཆ་ཆེན་པོའི་འཁོར་ལོ་ལ་གནས་ཤིང་འདྲེན་པར་ འགྱུར་བས་འདས་པའི་དུས་ཀྱི་སྡིག་པ་མི་དགེ་བའི་ལས་ཀྱི་ལྷག་མས་གཉེར་ཏེ་ངན་འགྲོ་མནར་མེད་པ་དང་། གཞན་ཡང་སྲིད་པ་དང་། འགྲོ་བ་རྣམས་སུ་འཁོར་བ་འཁོར་བའི་ལས་ལ་མཁས་པའི་གོ་ཆ་ཆེན་པོའི་འཁོར་ལོ་ལ་ཡང་གནས་པར་འགྱུར་རོ། ། འཁོར་ལོ་འདི་ལ་ གནས་པས་དཔག་ཏུ་མེད་པ་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་ཉི་མ་བྱུང་བས་རང་གི་ལུས་ལ་ཕྱིན་ཅི་ལོག་བཞི་དང་། མ་རིག་པའི་མུན་པ་ཐམས་ཅད་ཡོངས་སུ་སེལ་བར་འགྱུར་རོ། ། འདས་པའི་དུས་ཀྱི་སྡིག་པ་མི་དགེ་བའི་ལས་ཀྱི་ལྷག་མས་གཉེར་ཏེ་ངན་འགྲོ་མནར་མེད་པ་དང་། གཞན་ཡང་ སྲིད་པ་དང་། འགྲོ་བ་རྣམས་སུ་འཁོར་བར་འཁོར་བའི་ལས་ཐམས་ཅད་ཀྱང་ལྷག་མ་མ་ལུས་པར་ཡོངས་སུ་སེལ་ཏེ། རྣམ་པར་སྨིན་པའི་འབྲས་བུ་ཡང་མྱོང་བར་མི་བྱེད་དོ། །
BO
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོར་ལོ་འདི་དང་ལྡན་ན་ཐོག་མ་སེམས་བསྐྱེད་པ་ནས་ འདོད་པ་རྣམ་ལྔ་ཡོངས་སུ་བསལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་མཆོད་པ་དང་། སྲུང་བ་ དང་། བསྙེན་བཀུར་བྱེད་པར་འགྱུར་རོ། ། འཁོར་ལོ་འདིའི་དབང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་དུ་འགྱུར་བ་དང་། ཕྱིར་མི་ལྡོག་པ་དང་། སྡིག་པའི་གྲོགས་པོའི་དབང་དུ་མི་འགྲོ་བ་དང་། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཉེ་གནས་མཐོང་བ་དང་མི་འབྲལ་བ་དང་། ཆོས་ཐོས་པ་དང་མི་འབྲལ་བ་དང་། དགེ་འདུན་ལ་མཆོད་པ་དང་བསྙེན་བཀུར་བྱེད་པ་དང་མི་འབྲལ་བ་དང་། ཡོན་ཏན་ཐམས་ཅད་ལ་སེམས་མི་ངོམས་པ་སྟེ། མངོན་པར་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པ་དང་རྟག་ཏུ་སངས་རྒྱས་ རྗེས་སུ་དྲན་པ་དང་མི་འབྲལ་བ་ནི་ཆུང་ངུ་ན་རྨི་ལམ་ན་ཡང་འབྲལ་བར་མི་བྱེད་དོ། །
BO
དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་མྱུར་དུ་རྫོགས་པ་དང་། རིང་པོ་མི་ཐོགས་པར་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ཐམས་ཅད་ཀྱང་རྫུས་ཏེ་སྐྱེ་བ་དང་། མཚན་དང་གཟུགས་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བ། ཉོན་མོངས་པ་སྲབ་ཅིང་ཆུང་བ། ཐེག་པ་ཆེན་པོ་ལ་བདེ་བར་གནས་པ་ཤ་སྟག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་དག་ གསལ་བར་བཟླས་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་ཀྱི་སྣོད་དུ་འགྱུར་བར་འདོད་པ་དག ། ཉོན་མོངས་ཐམས་ཅད་ཡོངས་སུ་གཅད་པར་བྱ། ། ཡང་དག་སྟོང་པ་ཉིད་ལ་སྙོམས་ཞུགས་ན། ། དངོས་པོ་གང་ཡང་བྱ་བར་དཀའ་བ་མིན། ། སྲིད་པའི་བཅིངས་པ་ཐམས་ ཅད་གཅད་པའི་ཕྱིར། ། སྙོམས་པར་འཇུག་ལ་ནན་ཏན་བརྩོན་པར་བྱ། ། ཏིང་འཛིན་ཡོན་ཏན་དག་དང་ལྡན་པས་ན། ། གདོན་མི་ཟ་བར་དཔག་དཀའི་ཤེས་རབ་ཐོབ། ། གཟུགས་མེད་པ་ཡི་བསམ་གཏན་རབ་བསྒོམ་ཞིང་། ། འགོག་པའི་ཏིང་འཛིན་སྟོང་པ་ཉིད་བརྟགས་ན། ། སངས་རྒྱས་ དྲན་པའི་བློ་མཆོག་རབ་སྐྱེས་ཏེ། ། སྡིག་པ་ཐམས་ཅད་ཡོངས་སུ་ཟད་འགྱུར་རོ། །
BO
ཡོད་དང་མེད་པའི་ཆོས་རྣམས་ཐམས་ཅད་ནི། ། ཡང་དག་སྟོང་པ་ཉིད་དུ་བརྟགས་པས་བཅོམ། ། ངན་པར་འགྲོ་བའི་རྒྱུད་རྣམས་ཡོངས་བསལ་ནས། ། རྟག་ཏུ་སངས་རྒྱས་མང་པོ་མཐོང་བར་འགྱུར། ། ཡང་ དག་སྟོང་པ་ཉིད་ལ་རབ་བསྒོམས་པས། ། དགེ་བའི་ཆོས་གཞན་ཀུན་ལ་བརྩོན་བྱ་སྟེ། ། སངས་རྒྱས་ཐམས་ཅད་ཀུན་ལ་རབ་མཆོད་ན། ། མྱུར་དུ་སངས་རྒྱས་འབྲས་བུ་ཐོབ་པར་འགྱུར། ། སེམས་ཅན་ཀུན་གྱི་དགེ་བའི་གྲོགས་བྱས་ཏེ། ། ཀུན་ནས་ཉོན་མོངས་པ་ཡི་ནད་བསལ་ན། ། རྣམ་དག་སངས་ རྒྱས་ཞིང་དུ་མྱུར་དུ་སྐྱེ། ། མངོན་པར་འཚང་རྒྱ་བྱང་ཆུབ་ཆེན་པོ་འཐོབ། ། སངས་རྒྱས་མཚན་དང་ལྡན་པའི་སེམས་ཅན་དག ། སངས་རྒྱས་ཞིང་དེར་ཡོངས་སུ་གང་བར་འགྱུར། ། ཐམས་ཅད་སངས་རྒྱས་ཐེག་ལ་འདུན་པ་སྟེ། ། ཉན་ཐོས་རང་རྒྱལ་ཐེག་པ་ཡོངས་སུ་སྤོང་། ། འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོ་ སའི་སྙིང་པོའི་འཁོར་ལོ་བཅུ་པ་བྱ་བ་ལས་བསོད་ནམས་ཀྱི་ཞིང་གི་མཚན་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་བདུན་པའོ། ། ། །
BO
བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་རྣམ་གྲངས་འདི་བཤད་པའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་ མཉམ་པ་སྔོན་འདས་པའི་དུས་ན་སངས་རྒྱས་རྗེས་སུ་དྲན་པ་ལ་གོམས་པ་དག་དེང་འདིར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་རྗེས་སུ་དྲན་པ་ལ་ནན་ཏན་བྱ་བའི་སྦྱོར་བ་བཤད་པ་ཐོས་ནས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་སྒོ་མོ་ཐམས་ཅད་ཐོབ་བོ། ། གཞན་ཡང་སེམས་ཅན་ ཚད་མེད་གྲངས་མེད་པ་རྣམས་ཆོས་འདི་ཐོས་ནས་ཏིང་ངེ་འཛིན་གྱི་འཚོ་བ་མེ་ཏོག་གི་ཕྲེང་བ་ཞེས་བྱ་བའི་གཟུངས་ཀྱི་སྒོ་མོ་ཐམས་ཅད་ཐོབ་བོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་དཔའ་བར་འགྲོ་བ་གློག་གི་འོད་ལ་རྟེན་པ་ཞེས་བྱ་བའི་ གཟུངས་ཀྱི་སྒོ་མོ་ཐམས་ཅད་ཐོབ་བོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་ཆོས་ལ་སྒྱུར་བ་འོད་སྣང་བ་ལས་རྟེན་པར་བྱེད་པ་རྗེས་སུ་འཐུན་པའི་བཟོད་པ་ཐམས་ཅད་ཐོབ་བོ། །
BO
གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་ འདས་ཀྱིས་བཤད་པ་ཐོས་ནས་རྡུལ་དང་དྲི་མ་དང་བྲལ་ཏེ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་སྐྱེས་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་ནི་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་ལན་ཅིག་ཕྱིར་ལྡོག་པའི་འབྲས་བུ་ཐོབ་བོ། ། གཞན་ཡང་ སེམས་ཅན་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་མཆོག་གི་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ། གཞན་ཡང་སེམས་ཅན་ཚད་ མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་ཁམས་གསུམ་གྱི་བཙོན་ར་ནས་འབྱུང་བར་རྩོམ་པས་བཅོམ་ལྡན་འདས་ལ་རྟེན་ཅིང་རབ་ཏུ་བྱུང་ནས་ཡང་དག་པའི་ཆོས་ལ་ཞུགས་པར་གྱུར་ཏོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་ན་མ་འཚོའི་བར་དུ་དགེ་བ་ བཅུའི་ལས་ཀྱི་ལམ་ལ་བདེ་བར་གནས་ཤིང་ཉན་ཐོས་ཀྱི་ཐེག་པར་སེམས་བསྐྱེད་པས་ཕྱིར་མི་ལྡོག་པར་གྱུར་ཏོ། །
BO
གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་ནམ་འཚོའི་བར་དུ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བདེ་བར་གནས་ནས། རང་སངས་ རྒྱས་ཀྱི་ཐེག་པར་སེམས་བསྐྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་ནམ་འཚོའི་བར་དུ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བདེ་བར་གནས་ནས་ཐེག་པ་ཆེན་པོར་སེམས་བསྐྱེད་ཅིང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་ནི་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་འཇིག་རྟེན་གྱི་ཡང་དག་པར་ལྟ་བ་ཐོབ་པར་གྱུར་ཏེ། ཡང་དག་པར་ལྟ་བ་དེའི་དབང་གིས་ངན་སོང་དུ་འགྲོ་བའི་རྒྱུ་དང་། ཀུན་ནས་ཉོན་མོངས་པའི་ ལས་དང་། ཉོན་མོངས་པ་ཐམས་ཅད་བྱང་ནས་མཐོ་རིས་སུ་འགྲོ་བའི་རྒྱུ་དང་། ཡང་དག་པའི་སྨོན་ལམ་དང་། དགེ་བའི་ལས་ཐམས་ཅད་སྐྱེ་ཞིང་འཕེལ་བར་འགྱུར་རོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་དཀོན་མཆོག་གསུམ་ལ་ སྐྱབས་སུ་སོང་སྟེ། དགེ་བསྙེན་གྱི་སྡོམ་པ་བླངས་ནས་སངས་རྒྱས་མཆོད་པ་ལ་སྤྲོ་བ་དང་།
BO
ཆོས་ཐོས་པ་ལ་དགའ་བ་དང་། དགེ་འདུན་གྱི་གཡོག་བྱེད་པ་ལ་མོས་ཏེ། ཉིན་མཚན་དུ་འབད་པའི་བརྩོན་འགྲུས་ལ་སེམས་པར་ཚད་མེད་པར་གྱུར་ཏོ། ། གཞན་ཡང་སེམས་ཅན་ཚད་མེད་གྲངས་ མེད་པ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཐོས་ནས་ལོག་པ་ལ་འབབ་པ་དང་། ལོག་པ་ལ་ཕྱོགས་པ་དང་། བློ་གྲོས་ངན་པ་དང་། ལས་ངན་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་ཆོས་ལ་མི་འགྱུར་བའི་དད་པ་ཐོབ་ནས་ཁྱིམ་ན་གནས་པའི་ཆོས་ཡོངས་སུ་སྤངས་ཏེ་རྣམ་པར་དག་ པས་རབ་ཏུ་བྱུང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ངས་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་བརྡ་སྤྲོད་པ་ཆེན་པོ་ཆོས་ཀྱི་སྒོ་མོ་འདི། ཁྱོད་ཀྱི་ལག་ཏུ་གཏད་ཀྱིས་ཁྱོད་ ཀྱིས་གཟུངས་སུ་ཟུང་ལ་ཤིན་ཏུ་རྒྱས་པར་གྱིས་ཤིག ། སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཀློག་གམ། འདོན་ཏམ། ཡིད་ལ་བྱེད་དམ། གཞན་ལ་ཡང་རྒྱ་ཆེར་འཆད་དམ། ཡང་དག་པའི་སྤྱད་པ་ལ་གནས་པ་དག་ལ་ཁྱོད་ཀྱིས་ཆོས་རྣམ་པ་འདི་བཅུས་བསྲུངས་ཏེ། ཡུན་རིང་ པོར་ཕན་པ་དང་བདེ་བའི་དོན་ཐོབ་པར་གྱིས་ཤིག ། བཅུ་གང་ཞེ་ན།
BO
འདི་ལྟ་སྟེ། དེའི་ཐབས་དང་བདོག་པའི་ནོར་ཐམས་ཅད་བསྲུངས་ཏེ་ཉམས་པར་མི་བྱ་བ་དང་། གནོད་པ་ཐམས་ཅད་ལས་བསྲུངས་ཏེ། གནོད་པ་མེད་པར་བྱ་བ་དང་། ལོག་པར་ལྟ་བ་དང་། ལོག་པར་ཕྱོགས་པ་ལས་ བསྲུངས་ཏེ་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བར་བྱ་བ་དང་། དེའི་ལུས་དང་ངག་ལ་གནོད་པ་ཐམས་ཅད་ལས་བསྲུངས་ཏེ་མེད་པར་བྱ་བ་དང་། འཕྱ་བ་དང་སྐུར་པ་ཐམས་ཅད་ལས་བསྲུངས་ཏེ་མེད་པར་བྱ་བ་དང་། ཚུལ་ཁྲིམས་དང་སྤྱོད་པ་ཐམས་ཅད་ཉམས་པར་མི་འགྱུར་བར་སྲུང་བ་ དང་། དེ་ལ་མི་མ་ཡིན་པ་ཐམས་ཅད་དང་། འབྱུང་བ་ཆེན་པོ་འཁྲུགས་པ་དང་། དུས་མ་ཡིན་པའི་ནད་དང་། མི་དགེ་བ་ཐམས་ཅད་ཡོངས་སུ་སེལ་བར་སྲུང་བ་དང་། དེ་ལ་དུས་མ་ཡིན་པ་ཚུལ་མ་ཡིན་པ། ལྟས་ངན་དང་། རིམས་ཐམས་ཅད་མི་འབྱུང་བར་སྲུང་བ་དང་། དེ་ལ་འཆི་བའི་དུས་ བྱེད་པ་ན་ཡང་སངས་རྒྱས་ཐམས་ཅད་མཐོང་བར་སྲུང་བ་དང་། དེ་ཚེ་འཕོས་ནས་ཀྱང་བདེ་འགྲོར་སྐྱེ་བ་དང་། ཕན་པ་དང་བདེ་བའི་དོན་ཐོབ་པར་ཡོངས་སུ་སྲུང་བར་བྱེད་དོ། ། རིགས་ཀྱི་བུ་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ཀློག་པ་དང་། འདོན་པ་དང་། དོན་ཡིད་ལ་བྱེད་པ་དང་། གཞན་ལ་རྒྱ་ཆེར་འཆད་དམ།
BO
ཡང་དག་པའི་སྤྱོད་པ་ལ་གནས་པ་དག་ལ་ཁྱོད་ཀྱིས་ཆོས་རྣམ་པ་འདི་བཅུས་ཤིན་ཏུ་བསྲུངས་ཤིང་། བྱིན་གྱིས་བརླབས་ཏེ། ཆོས་རྣམ་པ་འདི་བཅུས་ཡུན་རིང་པོར་ཕན་པ་དང་བདེ་བར་གྱིས་ཤིག ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་ མཁའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དེ་དེ་བཞིན་ནོ། ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་གཟུངས་སུ་འཛིན་ཅིང་ཤིན་ཏུ་རྒྱས་པར་བགྱིའོ། ། སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཀློག་པ་དང་། འདོན་པ་དང་། དོན་ཡིད་ལ་བགྱིད་པ་དང་། ཕ་ རོལ་པོ་ལ་རྒྱ་ཆེར་སྟོན་པ་དང་། ཡང་དག་པའི་སྤྱོད་པ་ལ་གནས་པ་དག་ལ་བདག་གིས་ཆོས་རྣམ་པ་འདི་བཅུས་ཤིན་ཏུ་བསྲུངས་ཏེ་ཡུན་རིང་པོར་ཕན་པ་དང་བདེ་བར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་གསུངས་ནས། འཁོར་གྱི་དཀྱིལ་འཁོར་དེ་ན་གནས་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་པར་ཐེ་ཙོམ་འདྲི་བ་དང་།
BO
ཚངས་པ་ ཆེན་པོ་ལྷའི་སྙིང་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་འཁོར་མང་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། ། ། ། འདུས་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་འཁོར་ལོ་བཅུ་པ་ལས་བདེ་བའི་དོན་ཐོབ་པ་ཡོངས་སུ་གདམས་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་དོ། ། ། ། འདུས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་ སོ། ། ། ། རྒྱའི་མཁན་པོ་ཧྭ་ཤང་ཟབ་མོ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་རྣམ་པར་མི་རྟོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source