BO༄༅། ། རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཀྲོ་དྷ་རཱ་ཛ་ཀལྤ་ལ་གྷུ་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ཅེས་བྱ་བ། དཔལ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཞན་འཕྲུལ་ དབང་བྱེད་ཀྱི་ནམ་མཁའི་རླུང་གི་དཀྱིལ་འཁོར་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི་སྟེང་དུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ལྷའི་གཞལ་མེད་ཁང་བྱེ་བ་ཕྲག་བརྒྱད་ཅུས་བསྐོར་བའི་དབུས་སུ་དཔག་ཚད་འབུམ་ཕྲག་ཁྱབ་པའི་ཁང་པ་བརྩེགས་མ་ཤིན་ཏུ་མཐོ་བ། ཀུན་ཀྱང་རིན་པོ་ཆེ་དུ་མའི་ཁྲི་པདྨ་དང་། སེང་གེས་མ་ཐོ་བ། དབུ་རྩེ་རིན་པོ་ཆེའི་ཟུར་{མངས་ཀྱི་,མང་གི་}མཆོད་རྟེན་པདྨ་དང་། འཁོར་ལོ་དང་། གདུགས་མཐོ་བར་དྲངས་པ་ལ་དར་གྱི་དཔྱངས་ལྡིང་བ། དེའི་གྲིབ་མ་ས་གཞི་ལ་བཀོད་པ་ན་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལྷའི་བཞོན་པ་ལས་བབས་ནས་ནང་དུ་གཤེགས་པ། སྣ་ཚོགས་ པའི་དྲིལ་བུ་དང་། བ་དན་དང་། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། རྔ་ཡབ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་ཕྱེད་པ་དང་། ཆུན་འཕྱང་ཤར་བུ་ལ་སོགས་པ་དུ་མས་མཛེས་པ།
BOསྒོ་ཁྱུད་ཁྱམས་དང་། སྒོ་གླེགས་དང་། རིན་པོ་ཆེའི་མེ་ལོང་དང་། གདུགས་ ལ་སོགས་པ་དུ་མས་ཁྱབ་པ། རིན་པོ་ཆེའི་ཕ་གུ་བརྩེགས་ཏེ་མཛེས་པར་བྱས་པ་དུ་མ་དེ་ཐམས་ཅད་ཀྱི་དབུས་སུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྷན་ཅིག་ཏུ་བཞུགས་སོ། ། དེ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དང་། ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཞི་བའི་བློ་གྲོས་དང་། སྣ་ཚོགས་བཀྲམ་པ་དང་། མཁའ་འོད་མེ་ཏོག་འཆང་དང་། ནམ་མཁའི་སྙིང་པོ་དང་། གཟུགས་མཛེས་དག་པ་དང་། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བདུན་དང་། ཤཱ་རིའི་བུ་དང་། མཽད་གལ་དང་། རྟ་ཐུལ་དང་། འོད་སྲུང་ལེ་སོགས་པ་བྱེ་བ་ཕྲག་བཞི་དང་། གྲགས་ཆེན་སྙན་པ་ཆེན་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ དང་། ལུས་ངན་དང་། གཤིན་རྗེ་དང་། དགའ་རབ་དབང་ཕྱུག་ལ་སོགས་པ་ལྷའི་རིགས་སུམ་བརྒྱ་དང་ལྷན་ཅིག་ཏུ་ཆོས་ཀྱི་རྣམ་གྲངས་གསང་སྔགས་ཞེས་བྱ་བ་ལ་འཇུག་པ་གང་ཞིག་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་།
BOའཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམ་པ་དུ་མ་དང་ལྡན་པའི་ འཁོར་རྣམས་ལ་དགོངས་པ་ཐ་དད་ཀྱི་བསམ་པ་དང་མཐུན་པའི་བཀོད་པ་ཆེན་པོ་བསྐྱེད་པ་དང་། ཆོ་འཕྲུལ་དུ་མ་བསྒྱུར་བ་དང་། འོད་ཟེར་དུ་མ་འགྱེད་ཅིང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་བཞིན་དུ་འཁོར་ལ་གཟིགས་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཡི་གེ་མིང་ཚིག་ངག་གི་སྒོས། ། སྔགས་དབྱིབས་ཆོས་སུ་བྱིན་བརླབས་ཀྱིས། ། ཡི་གེ་སྒྲ་ཙམ་ཕྱེད་དམ་གཅིག ། མངོན་སུམ་རྗེས་འཇུག་རིང་ཐུང་དང་། ། དབྱངས་དང་གསལ་བྱེད་མཚན་མས་མཚོན། ། ས་བཅུ་ ཕ་རོལ་ཕྱིན་བཅུ་བདག ། དབང་བཅུ་དོན་བཅུ་རྣམ་པ་བཅུ། ། མི་འཇིགས་བཞི་དང་མ་འདྲེས་ཆོས། ། བྱམས་དང་ཐུགས་རྗེ་ཆེན་པོ་དག ། དབྱངས་གཅིག་གི་ནི་སྔགས་ཀྱིས་སུ། ། སྡུག་བསྔལ་སྣ་ཚོགས་རབ་ཞི་དང་། ། ཡིད་འཕྲོག་དཔལ་འབྱོར་དབང་ཕྱུག་དང་། ། མཐུ་སྟོབས་ དུ་མ་བསྐྱེད་པ་དང་། ། རྟག་གནས་ཐོབ་དང་དོན་ངེས་ཐོབ། ། རྡོ་རྗེ་བླ་ན་མེད་སེམས་བསྐྱེད། ། མདོར་ན་གང་གིས་གང་འདོད་པ། ། བསམ་པས་སེམས་རྣམས་རྫོགས་པའི་ཕྱིར། ། རྡོ་རྗེ་བླ་ན་མེད་པ་གསོར། །
BOཆོས་སྒྲ་བླ་ན་མེད་པ་སྒྲོགས། འཁོར་ལོ་བླ་ན་མེད་པ་སྐོར། རལ་གྲི་ བླ་ན་མེད་བཟུང་། ། པདྨ་བླ་ན་མེད་པ་ཆོངས། ། རིན་ཆེན་བླ་མེད་གསལ་བར་གྱིས། ། དཀྱིལ་འཁོར་ཚུལ་དུ་སྤྲོས་ནས་ཀྱང་། ། མཆོད་རྟེན་ཚུལ་དུ་བསྡུ་བར་གྱིས། ། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། ། ལྷ་མིན་མཁའ་ལྡིང་མིའམ་ཅི། ། སྲིན་པོ་ཤ་ཟ་བརྗེད་བྱེད་ཚོགས། ། འཇིགས་ པ་དག་ཀྱང་འཇིགས་འགྱུར་བའི། ། རྣམ་འཕྲུལ་དུ་མ་འདི་སྒྱུར་ཅིག ། གསུང་མཆོག་དེ་སྐད་ཐོས་མ་ཐག ། ལག་ན་རྡོ་རྗེ་མཐུ་བོ་ཆེས། ། དགའ་མགུ་ཐལ་མོ་རབ་སྦྱར་ཏེ། ། སྙན་པའི་ཚིག་གིས་འདི་གསོལ་ཏོ། ། གསེར་དང་རིན་ཆེན་ལྔ་པོ་ལས། ། རབ་མཆོག་རི་བོར་གྱུར་ པ་ལས། ། འགྲོ་རྣམས་ཀུན་གྱི་རྟེན་གནས་དང་། ། རྟགས་སུ་ཡང་དག་འཛིན་པ་ལྟར། ། རྣམ་པར་ཤེས་དང་ཕུང་པོ་བཞི། ། འབྱུང་བ་རྣམ་པར་དག་བསྒྲུབས་པས། ། ལྷ་དང་ཕྱག་རྒྱ་ཕྲིན་ལས་སུ། ། སྔགས་ཤེས་རྣམས་ཀྱིས་བཟུང་བྱས་ནས། ། བརྟུལ་བའི་ཡེ་ ཤེས་བྱང་ཆུབ་རིམ། ། ཁྱད་པར་དེ་ལ་ལྡན་པར་འགྱུར། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེ། ། ཀུན་མཁྱེན་ཡེ་ཤེས་གཙོ་བོ་ཆེས། ། སྐུ་ལས་སྣ་ཚོགས་མདངས་འོད་ཅན། ། འོད་ཟེར་དུ་མ་བྱུང་ནས་ཀྱང་། །
BOགཞི་དང་སྙིང་པོ་མེ་ཏོག་གིས། ། བརྒྱན་པའི་ཞིང་རྣམས་ཁྱབ་བྱས་ ཚེ། ། ས་ཡང་རྣམ་པ་དྲུག་ཏུ་གཡོས། ། འཇིག་རྟེན་སྐྱོང་དང་བདུད་ཀྱི་ཚོགས། ། མ་ལུས་པ་རྣམས་བརྒྱལ་བར་འགྱུར། ། ཉན་ཐོས་རང་རྒྱལ་འདར་བར་འགྱུར། ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། ། ཚོགས་རྣམས་ཤིན་ཏུ་སྐྲག་པར་གྱུར། ། དེ་ཚེ་ཕྱོགས་བཅུའི་ཞིང་ རྣམས་ནས། ། སངས་རྒྱས་ཀུན་གྱི་མཛོད་སྤུ་ནས། ། ཁྲོ་བོ་ཆེན་པོའི་ཚོགས་བྱུང་བ། ། འོད་ཟེར་རྩེ་མོས་དྲངས་ནས་སུ། ། ཞིང་དབུས་དཀྱིལ་འཁོར་འདི་རུ་ལྷགས། ། འོད་ཟེར་ཚོགས་ཀྱང་རབ་འདུས་ནས། ། དཔལ་བེའུ་ཉིད་དུ་ཐིམ་པར་གྱུར། ། དེ་ཚེ་འོད་དེའི་བྱིན་ བརླབས་ལས། ། མཁའ་ལ་སྒྲ་འདི་གྲག་པར་གྱུར། ། ཤཱཀྱའི་མགོན་པོ་རྫོགས་སངས་རྒྱས། ། གང་དུ་གཟི་བརྗིད་ཆེ་བཞུགས་སླད། ། ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། ། རྒྱལ་བའི་སྲས་པོ་ཐམས་ཅད་གཤེགས། ། དྲི་མ་མེད་པའི་དམ་ཆོས་མཆོག ། གསང་སྔགས་ སྤྱོད་པའི་ཚུལ་དགེ་བ། ། ཐོས་ནས་བྱང་ཆུབ་འདུས་མ་བྱས། ། འཇིག་རྟེན་མགོན་པོ་བརྙེས་པར་གྱུར། ། དེ་ནས་ལག་ན་རྡོ་རྗེ་ཚོགས། ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་། ། སྙིམ་པ་མེ་ཏོག་བཀང་བྱས་ཏེ། །
BOགཏོར་ནས་ཕྱག་འཚལ་བསྐོར་བ་བྱས། ། དང་ཞིང་ གུས་པའི་ཚུལ་གྱིས་སུ། ། པུས་བཙུགས་ཐལ་སྦྱར་གསོལ་བ་འདེབས། ། མི་གནས་ཡེ་ཤེས་ཆེ་བའི་མཆོག ། ཡོན་ཏན་རྒྱ་མཚོ་འབྱུང་བའི་གཙོ། ། མཚན་ཉིད་ཐམས་ཅད་རབ་བརྒྱན་པ། ། མཚན་མིན་སྤངས་པའི་ཐུབ་པ་ཆེ། ། དྲི་མེད་དགེ་བ་ཇི་ལྟར་ལགས། ། གསང་ སྔགས་ཚུལ་དུ་སྤྱོད་པ་ཅི། ། འདུས་མ་བྱས་པའི་བྱང་ཆུབ་གང་། ། འཇིག་རྟེན་མགོན་པོ་ཅི་ལྟར་འགྱུར། ། བདག་ཅག་རྣམས་ལ་སྨན་རབ་དང་། ། འགྲོ་ལ་ཐུགས་རྗེ་ཆེ་མཛད་ཕྱིར། ། མགོན་པོ་བཅོམ་ལྡན་ཐུབ་པ་ཆེས། ། ཡང་དང་ཡང་དུ་བཤད་དུ་གསོལ། ། དེ་ནས་ཡང་ དག་རྫོགས་སངས་རྒྱས། ། རྐང་གཉིས་གཙོ་བོས་བཀའ་སྩལ་པ། ། གསང་བའི་དབང་ཕྱུག་རྡོ་རྗེ་འཛིན། ། ཤེས་རབ་ཆེན་པོའི་སྤྱན་ལྡན་པས། ། བདག་གཞན་ཕན་དོན་ལ་བརྩོན་ཕྱིར། ། ལེགས་པར་ཉོན་ལ་ཡིད་ལ་ཟུང་། ། ཡང་དག་ཡང་དག་མཐའ་མིན་ཚུལ། ། དེ་ནི་ང་ཡིས་བཤད་པར་བྱ། ། སྲོག་གཅོད་མ་བྱིན་ལེན་{བརྫུན་,རྫུན་}འཁྲིག ། ཚིག་རྩུབ་དབྱེན་དང་ངག་ཀྱལ་སྨྲ། ། བརྣབ་སེམས་གནོད་སེམས་ལོག་ལྟ་ཆང་། ། དྲི་རོ་ངན་པའི་ཟས་སྐོམ་དང་། ། སྲོག་ཅན་ཤ་ཁྲག་ལོག་འཚོར་བཅས། ། སློབ་དཔོན་དགེ་འདུན་མཆོད་རྟེན་སོགས། །
BOཁྱད་པར་ཡུལ་ཅན་ཡོ་བྱད་དང་། ། དམན་ཞིང་ཉམ་ཐག་ཕྲོག་དགུ་པ། ། གླེགས་བམ་འཚོང་དང་ཆོས་ཀྱི་ཟོང་། ། གཡངས་རལ་གྲི་སོ་དུག་སོགས། ། མེ་འོབས་ལྟར་མཐོང་སྤངས་ནས་ཀྱང་། ། རྣམ་པར་དཀར་ལ་སོགས་པར་བྱ། ། ཡི་གེ་འདྲི་མཆོད་སྦྱིན་སྩོལ་དང་། ། ཉན་དང་འཛིན་དང་ཀློག་པ་དང་། ། མཆོད་པ་དང་ནི་ཁ་ཏོན་དང་། ། དེ་དག་སེམས་དང་སྒོམ་པ་སྟེ། ། དཀར་བཅུ་ལམ་ལ་ཡུན་རིང་དང་། ། ནུས་བཅས་རྒྱུན་མི་འཆད་དུ་འབད། ། གཏན་པ་མེད་པའི་བྱང་ཆུབ་སེམས། ། ཤེལ་ལྟར་དྲི་མ་མེད་པའོ། ། མཆོག་འདི་སྤྱད་པས་སྡུག་ བསྔལ་ཚོགས། ། མྱུར་དུ་གཅོད་པས་དགེ་བའོ། ། ཆོས་བདག་མེད་དང་མཉམ་ཉིད་དང་། ། རང་སེམས་གདོད་ནས་དག་པ་གང་། ། རྒྱུ་འབྲས་འདུ་བྱེད་མེད་པ་དང་། ། ཟག་བཅས་བདེ་དང་བྲལ་བ་ལས། ། བྱང་ཆུབ་ཕྱོགས་ཆོས་མ་ལུས་པ། ། ཆོས་ཉིད་བདག་མེད་སྤྱོད་ པ་ནི། ། ཆོས་དབྱིངས་ཡེ་ཤེས་མངོན་བྱས་ནས། ། མ་འདྲེས་ཆོས་རྣམས་རྫོགས་གསལ་བ། ། འདུས་མ་བྱས་ཀྱི་བྱང་ཆུབ་སྟེ། ། ཆོས་རྣམས་ཀུན་གྱི་གཞི་ལུས་སོ། ། འདོད་པའི་ཁམས་སོགས་ཡོན་ཏན་ལ། ། ཤིན་ཏུ་བདེ་རོལ་སྤྱད་པ་སྤྱོད། ། སངས་རྒྱས་མུ་སྟེགས་ ཅན་རྣམས་ཀྱི། ། ལྐོག་ཏུ་གྱུར་པ་གསང་བ་སྟེ། །
BOབསྐལ་པ་བསམ་ཡས་དཔག་མེད་དུ། ། བསླབ་དཀའ་ཡངས་ཟབ་རྒྱ་ཆེན་རྣམས། ། སྔགས་དང་ཕྱག་རྒྱ་ཏིང་འཛིན་དུ། ། ལུས་ངག་ཡིད་ལ་གང་གནས་པ། ། དབྱེར་མེད་ཚུལ་དུ་སྐྱོབ་པས་ན། ། སངས་རྒྱས་ཀུན་གྱིས་ སྔགས་སུ་བརྗོད། ། མཚན་དང་དཔེ་བྱད་ལྡན་པའི་སྐུ། ། ཡོན་ཏན་མཐའ་དག་རྫོགས་པ་ནི། ། བདེན་པ་གཉིས་ལ་གནས་པ་ཡི། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོན། ། ལ་ལ་འཁོར་ལོས་སྒྱུར་བའི་གཟུགས། ། ལ་ལར་དགེ་སྦྱོང་ཆེན་པོའི་གཟུགས། ། ལ་ལར་སྲིན་པོ་ སྲིན་མོའི་གཟུགས། ། ལ་ལར་འགྲོ་བ་བཟང་པོའི་གཟུགས། ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ། སེང་གེ་ལྟར་གཟིགས་མཛད་ལ་སོགས། ། སྣ་ཚོགས་དུ་མ་མཛད་པ་ནི། ། རྐང་གཉིས་ལྷ་མིན་རྣམ་གཉིས་སོགས། ། འགྲོ་བའི་མགོན་པོར་གྱུར་པའོ། ། རྟག་དང་འདྲ་ དང་ངེས་མེད་པའི། ། གཙོ་བོ་བསམ་པས་གྱུར་པ་རྣམས། ། འཇིག་རྟེན་ཕལ་པའི་མགོན་པོ་སྟེ། ། གཟུགས་བྱད་ཁ་དོག་ཐ་དད་པ། ། ཡུལ་དུས་རྣམ་པའི་བྱེ་བྲག་གིས། ། གྲངས་མ་བྱུང་བ་མཆོད་འོས་སོ། ། ཐུབ་པས་གསུངས་པའི་དེ་མ་ཐག ། རྡོ་རྗེ་ཅན་གྱིས་བཞེངས་ ནས་ཀྱང་། ། ཕྱག་འཚལ་བསྐོར་བ་བྱས་ནས་ནི། ། སྤྱན་སྔར་འདུག་ནས་འདི་སྐད་གསོལ། །
BOའདྲེན་པ་གཙོ་བོ་བཅོམ་ལྡན་འདས། ། སྔགས་ཞེས་པ་ནི་གང་གང་ཡིན། ། ཕྱག་རྒྱ་ཞེས་ནི་ཅི་ལྟ་བུ། ། ཏིང་འཛིན་ཞེས་ནི་ཇི་ལྟར་བཤད། ། ལུས་ངག་ཡིད་ལ་ཇི་ལྟར་གནས། ། དབྱེར་མེད་ཚུལ་དུ་ཇི་ལྟར་སྐྱོབ། ། བདག་ལ་ཕན་པའི་དོན་ཕྱིར་དང་། ། གཞན་ལ་བརྩེ་ཕྱིར་བཤད་དུ་གསོལ། ། དེ་ནས་རྒྱལ་བ་གཙོ་མཆོག་ནི། ། ལྗགས་ཀྱི་དབང་པོ་བཀྲམ་བྱས་ཏེ། ། ཚངས་པ་ཆེན་པོའི་གསུང་སྙན་གྱིས། ། རྣམ་རྟོག་ཟད་ཕྱིར་འདི་གསུངས་སོ། ། སྙིང་པོ་ཉེ་ སྙིང་རྩ་བའི་སྔགས། ། ལས་ཀྱི་སྔགས་སུ་གྱུར་པ་སྟེ། ། སྙིང་པོ་བརྗོད་དང་ས་བོན་ནོ། ། ཉེ་སྙིང་ཡེ་ཤེས་མཆོག་དང་ནི། ། གསང་བའི་སྙིང་པོ་ཞེས་གྲགས་སོ། ། ལས་ཀྱི་སྔགས་ནི་གཉིས་ཡིན་ཏེ། ། བདག་ཉིད་བརྟན་བྱེད་ལས་སྔགས་དང་། ། སྦྱོར་ཚོགས་གྲུབ་པར་བྱེད་ པའོ། ། ཕྱག་རྒྱ་ལག་པའི་འདུ་བྱེད་དང་། ། རྐང་པ་སྟབས་ཀྱི་འགྱུར་བའོ། ། རྟགས་སུ་མཚོན་དང་འདེབས་པ་དང་། ། འགྱུར་བ་མེད་པར་བྱེད་པས་ན། ། ཕྱག་རྒྱ་ཞེས་སུ་བཤད་པའོ། ། རང་གི་རྩེ་གཅིག་སེམས་བསྡུས་ན། ། སེམས་ལ་ལྷག་པའི་ཆོས་འབེབས་པ། ། དེ་ནི་ཏིང་ངེ་འཛིན་ཞེས་བྱ། ། དེ་ལྟར་དེ་དག་ལ་བརྟེན་ནས། ། སྔ་མའི་གནས་དེ་ཡོངས་གྱུར་ནས། །
BOསྒོ་ང་བྲལ་བའི་འདབ་{བཟངས་,བཟང་}ལྟར། ། ལུས་འདི་མཁའ་ལ་ཆེར་སོང་ནས། ། རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ། ། རྒྱལ་ལ་དམ་ཆོས་མཉན་ནས་ཀྱང་། ། རྒྱལ་སྲས་ ཀུན་ལ་བཤད་པ་དང་། ། སྐད་ཅིག་མཁྱེན་པའི་ཤེས་པས་ཀྱང་། ། ཤེས་བྱ་མ་ལུས་ཕྱོགས་ཁྱབ་པ། ། ལུས་ངག་ཡིད་ལ་གནས་པའོ། ། སེམས་དང་ཡིད་ནི་འདྲེས་པའི་ཚེ། ། ཡེ་ཤེས་བདེ་བར་ཤར་བ་ནི། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། དབྱེར་མེད་ ཚུལ་དུ་སྐྱོབ་ཅེས་གསུངས། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས་ལྷག་པར་གནས་པའི་དོན་ཡོངས་སུ་བཀོད་པའི་ལེའུ་སྟེ་དང་པོའོ། ། ། ། ཞི་བས་གདུལ་དཀའ་བགེགས་ཆེན་དང་། ། ལོག་འདྲེན་དེ་རྣམས་འདུལ་བའི་ཕྱིར། ། སེམས་ཀྱི་བྱེ་བྲག་ཐུགས་ཆུད་ནས། ། དེ་དང་གཟུགས་འདྲས་གཞོམ་པའི་ཕྱིར། ། རྟོག་མེད་ནམ་མཁའི་ལམ་གནས་ཏེ། ། རྫོགས་སངས་གདུལ་དཀའ་འདུལ་མཛད་སྐུ། ། རབ་འཕགས་ཁྲོ་བོ་སྟོབས་ཆེན་དཔལ། ། སངས་རྒྱས་ཀུན་གྱི་སྲས་ཀྱི་སྲས། ། མི་གཡོའི་མཚན་གྲགས་དེ་ལ་འདིར། ། རྒྱལ་དང་རྒྱལ་སྲས་རྟག་ཕྱག་འཚལ། ། ཚངས་སོགས་ལྷ་དང་ལུས་ཅན་ཀུན། ། དེ་ལ་རྟག་ཏུ་མཆོད་པར་བྱེད། ། རྒྱལ་བས་བྱས་གཟོ་རྒྱལ་སྲས་ཀྱི། །
BOསྨོན་རྫོགས་བསམ་གྱིས་མི་ཁྱབ་པའི། ། ཡེ་ཤེས་རྫོགས་ནས་མི་གཡོའི་ ས། ། ཐོབ་པས་མི་གཡོ་བ་ཞེས་བྱ། ། ཕས་ཀྱི་རྒོལ་འཇོམས་དཔའ་བོ་སྟེ། ། ཚར་གཅོད་པ་ནི་ཁྲོ་བོ་ཡིན། ། སྔགས་ཀྱི་བདེན་ཚིག་མི་སླུ་བས། ། ཉན་ཐོས་བདུད་ཚོགས་གྱིས་མི་གཡོ། ། རྟོག་མེད་བདུད་ལ་ཁྲོ་བས་རྒྱལ། ། རྫུ་འཕྲུལ་བསྐྱོད་མེད་མི་གཡོ་བ། ། དེ་ བཞིན་ཉིད་ཀྱི་སྙིང་པོ་མཆོག ། སྟོང་ཉིད་ལས་བྱུང་རྒྱལ་བའི་སྐུ། ། ཆོས་དབྱིངས་བདག་ཉིད་ལ་བཞུགས་ནས། ། སྤྲུལ་འདིས་སྲིད་པའི་ཁམས་སྦྱོང་མཛད། ། མཁའ་ལྟར་དྲི་མེད་སྤྲོས་བྲལ་བས། ། དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་། ། སྤྲོས་མེད་ནམ་མཁའི་ རང་བཞིན་ལ། ། ཐ་སྙད་ཙམ་དུ་གསང་སྔགས་ཞེས། ། བརྗོད་ཀྱང་ངག་གི་སྤྱོད་ཡུལ་འདས། ། སྐྱོབ་པས་ཐ་སྙད་རྟོགས་ཕྱིར་གསུངས། ། སེམས་མེད་རང་བཞིན་མེད་སྟོང་ཉིད། ། སྒྱུ་འདྲར་ཡིད་ཀྱིས་བསྒོམ་པ་ཡིན། ། དངོས་མེད་མཉམ་མཛེས་འདོད་དོན་རྣམས། ། གསང་སྔགས་ མགོན་འདི་བརྗོད་པས་སྩལ། ། མུ་སྟེགས་བདག་དང་སྲོག་གང་ཟག ། གཙོ་བོ་སྐྱེས་བུ་ཁྱབ་གནས་པས། ། འཁོར་བ་རྟག་འདོད་ང་རྒྱལ་རྨོངས། ། ལོག་པའི་ཞགས་བཅིངས་སྡུག་བསྔལ་བསྐྱེད། །
BOབདག་མེད་སྲོག་མེད་སེམས་ཅན་མེད། ། བྱེད་པོ་མེད་ཅིང་གཙོ་བོ་མེད། ། ཁྱབ་ གནས་མེད་ཅིང་དངོས་པོ་མེད། ། རྫས་ལ་རྫོགས་པའི་རང་བཞིན་མེད། ། ལོག་རྟོག་སྲིད་འཆིང་ཞགས་བཅད་ཕྱིར། ། དངོས་མེད་སྣ་ཚོགས་གཟུགས་བསྒོམས་པས། ། དངོས་གྲོལ་སྟོང་ཉིད་གོ་འཕང་འཐོབ། ། ཕྱི་ནང་ཁྱད་པར་དེར་གོམས་པའོ། ། དབུ་བ་ཆུ་བུར་སྒྱུ་འདྲར་བསྒོམ། ། སྟོང་ཉིད་ལས་ལྡང་ཏིང་འཛིན་གྱིས། ། རྣམ་རྟོག་སྡིག་བཅིངས་ལས་གྲོལ་ནས། ། འཆི་མེད་ཡེ་ཤེས་གོ་འཕང་འཐོབ། ། ཕུང་པོ་ཁམས་དང་སྐྱེ་མཆེད་མེད། ། ཀུན་གཞི་མེད་དེ་གང་ཟག་མེད། ། གཟུང་འཛིན་མེད་དེ་བཅིངས་མེད་པར། ། རྒྱལ་བ་རྣམས་ཀྱིས་རྟག་ཏུ་བཤད། ། ཀུན་མེད་ཀུན་བྲལ་ཀུན་སྤངས་པའི། ། སྟོང་ཉིད་བྱང་སེམས་སྒྱུ་འདྲ་བར། ། བག་ཡོད་པས་ནི་རྟག་བསྒོམས་ན། ། བྱང་ཆུབ་སེམས་ཀྱི་མྱུ་གུ་འཆར། ། ཡིད་བཞིན་ནོར་འདྲ་རྫུ་འཕྲུལ་ཆེ། ། མཁའ་ལྟར་གོས་པ་མེད་པའི་སྐུ། ། སྔགས་སྤྱོད་བྱང་ཆུབ་སེམས་དཔའ་ཡིས། ། བྱང་ ཆུབ་སེམས་ཀྱི་སྒོམ་པ་འཐོབ། ། ངོ་མཚར་གསུངས་ཏེ་ཐོས་མ་ཐག ། ཁྲོ་བོ་རྣམས་ཀྱི་གཙོ་ལ་བསྟོད། ། རྟག་ཏུ་དག་ཅིང་དྲི་མེད་པ། ། རྣམ་རྟོག་རྒྱུན་འགགས་ཀུན་རྟོག་མེད། །
BOབརྟག་རྟོག་མེད་ལ་ཞུགས་པ་ཡི། ། དཔའ་བོ་ཆེན་པོ་ཕྱག་འཚལ་བསྟོད། ། ཆོས་ཀུན་གཡོ་ བ་མེད་པ་ཁྱོད། ། སྤྱོད་ཡུལ་ཀུན་ཏུ་ལེགས་སྦྱར་བས། ། ཀུན་མཁྱེན་གཡོ་བ་མེད་པ་རྟག ། རང་བཞིན་སྤྲོས་བྲལ་ཁྱོད་ཕྱག་འཚལ། ། སེམས་ཅན་སྣ་ཚོགས་ཕན་དོན་དུ། ། མཛད་སྤྱོད་སྣ་ཚོགས་གསུངས་པའོ། ། དག་པའི་ལམ་རྣམས་ཡང་དག་འབྱུང་། ། རྣམ་དག་སེམས་ལ་ ཕྱག་འཚལ་བསྟོད། ། མུན་པ་ཕྲ་རབ་རྡུལ་སྤངས་པའི། ། སྤྲིན་བྲལ་ནམ་མཁའ་དག་པ་ལྟར། ། མགོན་པོ་ཁྱོད་སྐུ་ཤེལ་སྒོང་ལྟར། ། ཀུན་རྟོག་སྤངས་ལ་ཕྱག་འཚལ་བསྟོད། ། སྤྲོས་མེད་ནམ་མཁའ་ལྟ་བུ་ལ། ། དངོས་པོ་ཐམས་ཅད་དང་བྲལ་བས། ། ཕུང་ཁམས་སྐྱེ་མཆེད་ཤིན་ ཏུ་དག ། ཡེ་ཤེས་རྒྱ་མཚོ་ཕྱག་འཚལ་བསྟོད། ། མཁའ་ལ་འཇའ་ཤར་སྣ་ཚོགས་ལྟར། ། གཙོ་ཁྱོད་དག་པའི་སེམས་ཅན་གཟིགས། ། ངན་འགྲོ་ཀུན་སྒྲོལ་དཔའ་ཆེན་འཁྲུངས། ། གོ་ཆ་ཆེན་པོ་ཕྱག་འཚལ་བསྟོད། ། ཆོས་ཉིད་ལས་བྱུང་སྙིང་པོ་ནི། ། ཡི་གེ་གཅིག་པ་གཟི་བརྗིད་ཆེ། ། སེམས་ཅན་སྡུག་བསྔལ་ས་གཞི་ལ། ། མུན་འཁྲིགས་སེལ་ལ་ཕྱག་འཚལ་བསྟོད། ། སྔགས་མཆོག་གཙོ་བོའི་གསང་བ་འདིས། ། རྒྱལ་སྲས་ཆོས་འཕེལ་ཤེས་རབ་བསྐྱེད། ། བླ་མེད་གོ་འཕང་མྱུར་འགྲོ་གསུངས། །
BOགཙོ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། ། དངོས་ཀུན་གྱུར་དང་བཅས་ པ་ཡི། ། ལས་དང་སྐྱེ་ལས་རྣམ་པར་གྲོལ། ། རྒྱལ་བ་རྒྱུ་མེད་བདག་ཉིད་འཁྲུངས། ། གཙོ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། ། དངོས་མེད་ཡེ་ཤེས་མེ་ལྕེ་ཡིས། ། འདུས་བྱས་རི་བོ་ཀུན་བསྲེགས་ནས། ། ཆོས་དབྱིངས་རང་བཞིན་གཅིག་ཏུ་རྒྱལ། ། བླ་མེད་སྐུ་ལ་ཕྱག་འཚལ་བསྟོད། ། བསྟོད་པའི་དོན་དེ་ཐུགས་ཆུད་ནས། ། འགྲོ་ལ་ཕན་ཕྱིར་ཆོ་ག་གསུངས། ། གསང་སྔགས་ལོག་པར་སྤྱོད་པ་དང་། ། སེར་སྣ་ལོག་པར་གོམས་པ་ལས། ། འདོད་པས་ནོན་པའི་སེམས་རྟོག་གིས། ། སྔགས་པ་{ཡི་དགས་,ཡི་དྭགས་}གནས་སུ་སྐྱེ། ། དང་པོས་མར་མེ་མེ་ཏོག་དང་། ། ཞལ་ཟས་ གཏོར་མ་ཕྲེང་བ་སོགས། ། མཆོད་པའི་རྫས་དང་ཡོ་བྱད་དང་། ། མི་ཡི་ལུས་དང་ཁ་ཟས་ལ། ། འཚེ་ཞིང་སྒྲུབ་པའི་བར་དུ་གཅོད། ། མི་སྡུག་ནད་བསྐྱེད་ལོ་ཏོག་འཚེ། ། གཉིས་པ་གནོད་སྦྱིན་དྲག་གྱུར་ནས། ། ཤ་ཁྲག་ཆང་ལ་སྣོམ་ཞིང་རྒྱུག ། ཐོས་བསམ་ བསྒྲུབ་པའི་བར་གཅོད་ཅིང་། ། ནད་བསྐྱེད་ཚེ་ལེན་ལོག་ལྟ་བསྐྱེད། ། རིག་སྔགས་འཆང་གི་གདོན་གཞོམ་ཕྱིར། ། སྒྲུབ་པོས་འབད་དེ་སྔགས་བརྗོད་བྱ། ། སྔགས་མཐུ་བསྐྱེད་པ་གཏོར་མ་དང་། །
BOསྦྱིན་སྲེག་ཕྱག་རྒྱ་སྔགས་བཅས་དང་། ། མནན་པའི་ལས་ཀྱིས་ ནགས་མེ་ལྟར། ། ཐོགས་པ་མེད་པར་འཇོམས་པར་འགྱུར། ། དེ་དག་བརྟན་བྱེད་ལྷ་ཡིན་ཏེ། ། དེ་གསལ་བྱེད་པར་ས་རིས་ཡིན། ། དེ་ཀུན་རྣམ་དག་གསོལ་བྱེད་པ། ། བྱང་ཆུབ་སེམས་མཆོག་ཞི་བ་ནི། ། ལོག་རྟོག་འཁོར་བའི་ཟོ་ཆུན་ལ། ། རལ་གྲི་རྣོན་པོའི་སྟ་རེ་ལྟར། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས་དེ་བཞིན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་སྔགས་དང་ཕྱག་རྒྱ་དག ། འབྱུང་བར་རབ་ཏུ་བཤད་པར་བྱ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ་ཧཱཾ། སྙིང་པོ་དམ་པའོ། ། ན་མཿསརྦཱ་ ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཊ་ཏ་ཧཾ་མཾ་སྙིང་པོའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ་ཧྲ་ཏ་ཨ་མོ་གྷ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཡ་ཧཱུཾ། ཊ་ཊ་ཧཾ་མཾ་ཉེ་བའི་སྙིང་པོའོ། ། ན་མཿསརྦཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ་ཨ་ཙ་ལཱརྐ་ན། ནཊྚ་ནཊྚ། མོཊྚ་མོཊྚ། སཊྚ་སཊྚ། ཏཊྚ་ཏཊྚ། ཏིཥྛ་ཏིཥྛ། ཨཱ་བེ་ཤ་ཨཿ། མཊྚ།
BOམ་ལ་ཀ ། དྷ་ཎ་དྷ་ཎ། ཏི་ཎི་ཏི་ཎི། ཁཱ་ད་ཁཱ་ད། བིགྷྣཱ་ན། མཱ་ར་མཱ་ར་དུཥྚན། རཀྵ་རཀྵ་ས་ཏྲཾ། ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཛ་ཡ་བཛྲ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ། ཏྲི་བི་ལ་ཏ་ར་ ག། ། ནརྟ་ཀ ། ཧཾ་ཧཾ་ཧཾ། ཨ་ཙ་ལ། ཏེ་ཙེ། ཕཊ་ཕཊ། ཨ་ཧཱུཾ། ཨ་ས་མནྟ་ཀ ། ཊ་ཊ། མ་ཧཱ་བ་ལ་ས་ཏཱ་མ་ན་ཡ། ཏྲཾ་མཾ་ཧཾ། ཤུ་རྱ་དུ་ལོ་ཀ ། ཏུ་ཥྱན་ཏུ་ལོ་ཀ་བཛྲཱི་ན་མཿསྭཱ་པྲ་ཏི་ཧ་ཏ་བ་ལེ་བྷྱོ། ། ཛ་ལ་མ་ཏྲ་ཏ། ཨ་ས་ཏ་ན་མཿསྭཱ་ཧཱ། གསང་བའི་སྙིང་པོའོ། ། དེ་ནས་ཕྱག་རྒྱ་སྟང་སྟབས་ཀྱི། ། སྔགས་བརྗོད་པ་ནི་འདིར་གསུངས་སོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཧ་ན་ཧ་ན་མཱ་ར་མཱ་ར་ཡ་ཛྙཱ་ན། ཁཌྒ་ཧཱུཾ་ཕཊ། རལ་གྲིའི་ཕྱག་རྒྱའི་སྔགས་སོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་གྲྀཧྞ་གྲྀཧྞ། ཁཱ་ད་ཁཱ་ད། པཱ་ཤ་ན། བནྡྷ་བནྡྷ། མ་ཧ་ཏེ། དྷརྨ་ཏེ་སྭཱ་ཧཱ། ཞགས་པའི་འོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐ། ཨོཾ་རཀྵ་རཀྵ། ཧ་ན་ཧ་ན། ཀུཊྚ་ཀུཊྚ། མཱ་ར་ཡ་དུཥྚ་བི་ནཱ་ཡ་ཀཾ་ཧཱུཾ་ཛ། གོ་ཆའིའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ།
BOསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་དྷ་ར་དྷ་ར་བཛྲ་ན་ལི། ཁ་ཊྭཱཾ་ག་པཱ་ཤ་དྷ་ར་སྭཱ་ཧཱ། གཙུག་ཏོར་གྱིའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་བྷཉྫ་བནྡྷ་ད་ཧ་པ་ཙ་བྷ་སྨི་ཀུ་རུ་ཀུ་རུ་ཧ་ན་ཧ་ན་བཛྲ། གྲྀཧྞ་གྲྀཧྞ་ཕཊ། ཐོ་བའིའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེབྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཥྚ་ན་ཏ་མུརྟི། ད་ཧ་ད་ཧ། སཱདྷ་ཡ་སཱདྷ་ཡ། བི་ཛ་ཡ་བི་ཛ་ཡ། བི་ཛ་ཡ་ཀཱིརྟི་སཱ་ཧཱ། མགོ་བོའི་ཕྱག་རྒྱའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷཿ། སརྦ་ཏ་ཐ་ག་ཏེ་བྷྱཿ། སརྦ་ཐ། ཨོཾ་བྷུ་དྷ་ར་དྷ་ར། ཨ་ཙིན་དྱ་བ་ལ་བི་ཀྲ་མ་ཎཾ། བུ་ར་བུ་ས་ལ་ཡ། རཀྵ་རཀྵ་སརྦ་སྭཱ་ཧཱ། རྡོ་བའི་ཕྱག་རྒྱའོ། ། ན་མཿསརྦཱ་ས་པ་རི་པཱུར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་བཛྲ་ཧྲྀ་ད་ཡ། བཛྲ་མ་ཏཾ་གི་སྭཱ་ཧཱ། སྙིང་གའི་ཕྱག་རྒྱའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཧཱུཾ་ད་ཧ་ད་ཧ། ཀིན་ཙི་རཱ་ཡ་སི། ཨཱ་ན་ཡ་ཤཱི་གྷྲཾ། རཀྵ་རཀྵ། བནྡྷ་བནྡྷ། དུཥྚཾ། ད་མ་ད་མ་སྭཱ་ཧཱ། ཕྱོགས་བཅིང་བའོ། ། ན་མཿསརྦཱ་ས་བ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ།
BOཨོཾ་དུ་ན་དུ་ན་མ་ཧཱ་པཱ་ཤ་ཁཌྷ་དྷ་རཱ་ས་པ་རི་པཱུ་ར་ཀེ་སྭཱ་ཧཱ། བཀའ་རྟགས་ཀྱིའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ག་ག་ན་གནྡྷོད་ བྷ་བ། མ་ཧཱ་ས་མ་ཡ། པ་རི་པཱུ་ར་ཀེ་སྭཱ་ཧཱ། དྲིའི་ཕྱག་རྒྱའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་བི་ཤུདྷཱ་ཛྙཱ་ན་རཱ་ཛི་སཾ་བྷ་བེ་ག་ག་ནཱ་ནཱཾ་ཧཱཿསྭཱ་ཧཱ། མ་མོའི་ཕྱག་རྒྱའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཤུདྡྷ་ དྷརྨ་ཏེ། ཤུདྡྷ་ཤུདྡྷ། གྲྀཧྞ་གྲྀཧྞ། སརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿསྭཱ་ཧཱ། གཏོར་མའི་ཕྱག་རྒྱའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཤུདྡྷ་མ་ཧཱ་ཛྙཱ་ན་སྭ་བྷཱ་བེ། ཏིཥྛ་ཏིཥྛ། མ་ཧཱ་ན་ཡེ་སྭཱ་ཧཱ། བདུག་པའི་འོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ག་ག་ན་བི་ཀྲཱནྟ་གཱ་མ་ནི་མ་ཧཱ་ཤུདྡྷ་ན་ཡེ་སྭཱ་ཧཱ། མེ་ཏོག་གིའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཧ་ན་ཧ་ན། པ་ར་མ་བི་ཤུདྡྷེ་དྷརྨ་ན་ཡ་པ་རི་པཱུ་ར་ཀེ་བྷྱཿསྭཱ་ཧཱ།
BOཞལ་ཟས་ཀྱིའོ། ། ན་མཿསརྦཱ་ས་པ་རི་པཱུ་ ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཨ་བྲ་ཏི་ཧི་ཏོ་ནདྱ་ཏ། ད་མ་ད་མ། སརྦ་ཐཱ། ས་པ་རི་པཱུ་ར་ཀེ་བྷྱཿསྭཱ་ཧཱ། དཔའ་བོ་སྤྱན་དྲང་བའིའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་པི་ཤུདྡྷ་བི་ཤུདྡྷ། ས་ཀྲ་སྭ་བྷཱ་བེ་ཨཱ་ན་ཡ། མ་ཧཱ་ན་ཡེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སྤྱན་དྲང་བའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་བི་ཤུདྡྷ་སྭཱ་ཧཱ། ཧ་ན་ཧ་ན། ད་མ་ད་མ། མ་ཧཱ་ན་ཡེ་སྭཱ་ཧཱ། ཉན་ཐོས་སྤྱན་དྲང་བའི་འོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་བཛྲཱ་ཀརྵ་ཡ། ཤཱིགྷྲཾ། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཧཱ་པ་རི་ཝཱ་ར་སྭཱ་ཧཱ། ཕོ་ཉ་ཕོ་མོ་སྤྱན་དྲང་བའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་མ་ཐཱ་མ་ཐཱ། ཨཱ་ན་ཡ་ཨཱ་ན་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་ཏ་ཐཱ་ག་ཏ་སརྦ་དེ་བཾ་ཏ་མ་ཏ་མ། མ་ཧཱ་ན་ཡ་པ་རི་ཝཱ་རི་ཧཱུཾ་སྭཱ་ཧཱ། འཇིག་ རྟེན་པ་རྣམས་སྤྱན་དྲང་བའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ།
BOཨོཾ་ས་ཏྱ་ས་ཏྱ། མ་ཧཱ་སཱ་དྷྱ་ཡ། ད་མ་ད་མ། མ་ཧཱ་ད་མ། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། ཨ་དྱ་བ་མ་ཧཱ་ན་ཡ་ཤུདྡྷེ་སྭཱ་ཧཱ། དྲང་སྲོང་སྤྱན་དྲང་བའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་ བྷྱཿ། སརྦ་ཐཱ། ཨོཾ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། མ་ཧཱ་ས་ཏྱ་པ་དི་ནི། སརྦ་ཧཱི་ཏེ་སྭཱ་ཧཱ། སྲིང་མོ་རྣམས་སྤྱན་དྲང་བའོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཧྲི་ཧཱ་དཱ། མ་ཐ་མ་ཐ། ད་མ་ད་མ། ཧ་ན་ཧ་ན། མ་ཧཱ་ན་ཡེ། མ་ར་མ་ར། ཧ་སྭཱ་ཧཱ། མ་མོ་ རྣམས་སྤྱན་དྲང་བའོ། ། ན་མཿསརྦཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཧ་ན་བཛྲ་ཧཱུཾ་ཕཊ། སརྦ་དུཥྚ་གྲ་ཧཾ། མ་ཐ་མ་ཐ། བྷཉྫ་བྷཉྫ། སརྦ་གིགྷྣཱཾ། ད་མ་ད་མ། སརྦ་དུཥྚཾ་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། རྐང་སྟབས་ཚམ་ངམ་གྱི་སྔགས་སོ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ཨཱཿཧཱུཾ། ཨཱ་ཀཱ་ཤ་ག་ག་ན་སྥ་ར་ཎ་ཁཾ་སྭཱ་ཧཱ། འོ་ཐུག་ཁུར་བ་འབྲུ་སྣ་ཚོགས། ། སྤོས་དང་མེ་ཏོག་ལ་སོགས་པ། ། ཅི་འབྱོར་འབྱོར་པའི་གཏོར་མ་ནི། ། སྔགས་དེས་སྤྲོ་ཞིང་སྤེལ་བར་བྱ། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ།
BOསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་སྭ་བྷཱ་བ་སརྦ་ཐཱ་བྷྱོ་བཱཾ་སྭཱ་ཧཱ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་ལནྡྷེ་སརྦ་ག་ག་ན་ལབྡྷ་ཡ་སྭཱ་ཧཱ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨོཾ་སརྦ་སིདྷི་དྭཱ་དྷ་མི་ཧཾ་སྭཱ་ཧཱ། བྱིན་བརླབས་བཞིན་དུ་བསྒྱུར་བ་དང་། ། ཀུན་གྱིས་ ཐིམ་པར་བྱ་བ་དང་། ། འདོད་པའི་ལས་རྣམས་གང་དང་གང་། ། གྲུབ་པར་བྱ་བའི་སྔགས་ཡིན་ནོ། ། གཟའ་ཆེན་བརྒྱད་དང་རྒྱུ་སྐར་དང་། ། ཉི་ཤུ་རྩ་བརྒྱད་རྣམས་ཀྱི་སྔགས། ། ན་མཿསརྦཱ་ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཐཱ། ཨཱ་དི་དྱ། སོ་མ། ཨཾ་གཱ་རཿབུདྷཿ བྲྀ་ཧསྤ་ཏི། ཤུ་ཀྲཿ། ཤ་ནཻཤྩ་རཿ། རཱ་ཧུཿ། ཀེ་ཏུཿ། ཀྲྀཏྟི་ཀཱ། རཽ་ཧི་ཎཱི། མྲྀ་ག་ཤི་རཱ། ཨར་དྲ་པུ་ན་རྦ་སུ། པུཥྱ། ཨ་ཤླེ་ཥཱ། མ་གྷཱ་པུརྦཱ་ཕལྒུ་ནཱི་ཨུཏྟ་ར་ཕལྒུ་ཎཱི། ཧསྟཱ། ཙི་ཏྲཱ་སྭ་སྟི། བི་ཤཱ་ཁཱ། ཨ་ནུ་རཱ་དྷཱ། ཛྱེཥྛ་མཱུ་ལ། པཱུརྤཱ་ཥཱ་ཌྷཱ། ཨུཏྟ་རཱ་ཥཱ་ཌྷཱ་ཤྲ་བ་ཎཱ་ཨ་བྷི་ཛི་ཏ། ཤཏ་བྷི་ ཥཱ། དྷ་ནིཥྛ། པཱུརྦ་བྷ་དྲ་པ་དཱ། ཨུཏྟ་ར་བྷ་དྲཱ། རཻ་བ་ཏཱི། ཨ་ཤྭ་ནཱི། བྷ་ར་ནཱི། ཨོཾ་དང་སྭཱ་ཧཱར་བཅས་པ་ནི།
BO། རང་རང་སྙིང་པོའི་སྔགས་ཡིན་ཏེ། ། གང་འདོད་ལས་ཀྱང་སྦྱར་བར་བྱ། ། མཆོད་པའི་རིགས་ཀྱང་ཐ་དད་བྱ། ། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཨ་ཙ་ལ་ ཀ་ཎ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཏྲ་ཀ་ཁ་ཧཾ་མཾ། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་བཛྲ་ཀ་པ་ཙ་དུཾ་བཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་བྷ་ཡ་བི་ག་ཏེ་བྷྱཿ། བི་ཤྭ་མུ་ཁེ་བྷྱཿ། སརྦ་ཐཱ་ཁཾ་རཀྵ། མ་ཧཱ་བ་ལི། སརྦ་ཏ་ཐཱ་ག་ཏེ་པུ་ཎྱ་ནི་རྫ་ཏེ་ཧཱུཾ་ཧཱུཾ་ཏྲ་ཐཱ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། ཁྲོ་བོ་སྤྱན་ གཅིག་དྲག་ཤུལ་ཅན། ། སྲུང་དང་བཅས་པར་མཆོད་པ་དང་། ། སྔགས་བཟླས་དངོས་གྲུབ་བླངས་པས་འགྲུབ། ། ཅི་འདོད་ལས་ལ་ཆོ་གས་སྦྱར། ། ལག་གཡས་གུང་མཛུབ་གཤིབས་ཏེ་བརྐྱང་། ། སྲིན་ལག་མཐེ་ཆུང་མཐེ་བོས་མནན། ། ཤུགས་དྲངས་ཚུལ་ཕྱུང་ མཁའ་ལ་འཕྱར། ། རལ་གྲི་ཕྱག་རྒྱས་བདུད་ཚོགས་འཇོམས། ། གཡོན་པ་ཁུ་ཚུར་སྡིགས་མཛུབ་བསྒྲེང་། ། སླར་བསྒྱུར་བྱེད་པ་ཞགས་པའི་རྒྱ། ། གུང་མོ་མཐེའུ་ཆུང་སོ་སོར་སྤྲད། ། མཛུབ་མོ་མིང་མེད་ནང་དུ་དགུག ། མཐེ་བོ་གཤིབས་པ་གུང་འགྲམ་སྦྱར། ། སྙིང་ ག་བཀོད་དེ་གོ་ཆའི་རྒྱན། ། སོར་འཁྱུད་ཁུ་ཚུར་ནང་དུ་བསྡམ། །
BOམཐེབ་གཉིས་ཅུང་བསྒྱུར་མགོ་ཐོད་རྒྱ། ། གཡོན་པའི་ཁུ་ཚུར་མཐེ་བ་ནི། ། གཡས་པའི་ཁུ་ཚུར་ནང་བཅུག་ནས། ། མཐེ་བོང་གཡས་བསྒྲེང་ཐོ་བའི་རྒྱ། ། ཕྱོགས་བཅུར་བརྡུངས་པ་ལྟར་བྱའོ། ། གཡས་ པ་ཁུ་ཚུར་གུང་མོ་བསྒྲེང་། ། སྤྱི་གཙུག་ཕྱག་རྒྱ་གཙུག་ཏུ་བཞག ། གཡོན་པ་ཁུ་ཚུར་གུང་མཛུབ་བསྒྲེང་། ། བཀའ་རྟགས་ཕྱག་རྒྱ་རྟག་ཏུ་ཕྱར། ། ཁུ་ཚུར་གཉིས་གཤིབས་ལྟོ་སྦྱར་བ། ། རྡོ་བ་ལྟ་བུའི་ཕྱག་རྒྱའོ། ། གཡས་པའི་ཁུ་ཚུར་སྙིང་གར་བཞག ། སྙིང་ག་ བརྒྱན་པའི་ཕྱག་རྒྱའོ། ། ལག་གཉིས་སོར་མོ་སོ་སོར་བརྐྱང་། ། ཕྱོགས་བཅུ་བཅིང་བའི་ཕྱག་རྒྱའོ། ། ལག་སྦྱར་གུང་གཉིས་ནང་བཅུག་པ། ། དྲི་ཡི་ཕྱག་རྒྱར་བཤད་པའོ། ། ཁུ་ཚུར་རྒྱབ་སྤྲད་གུང་མཐེ་བོང་། ། མཐེ་བོང་གུང་མཛུབ་སྤྲད་དང་འཁྱུད། ། གཏོར་མ་སྦྱིན་ པའི་ཕྱག་རྒྱའོ། ། ཐལ་མོ་ཁོང་སྟོང་ཤུབས་ལྟར་གདོན། ། བདུག་སྤོས་འབུལ་བའི་ཕྱག་རྒྱའོ། ། ལག་གཉིས་སོ་སོར་གུང་སྲིན་བཀུག ། མཐེབ་མནན་བཞག་{བརྐྱང་མ,རྐྱང་མ}ེ་ཏོག་རྒྱ། ། ཐལ་སྦྱར་གུང་སྲིན་མཛུབ་མོ་བཀུག ། མཐེའུ་ཆུང་མཐེབ་བརྐྱང་ཞལ་ཟས་རྒྱ། ། སྐྱིལ་ཀྲུང་འདུག་སྟེ་སྙིམ་པ་ཟེད། ། མཐེ་བོ་གཉིས་ནི་ནང་དུ་བཀུག །
BOསོར་གཤིབས་ནས་གཡབ་བྱེད་པ་ནི། ། དཔའ་བོ་གཙོ་བོ་སྤྱན་དྲང་རྒྱ། ། ཐལ་སྦྱར་མཛུབ་བཀུག་མཐེ་བོས་མནན། ། བྱང་ཆུབ་སེམས་ཚོགས་འགུགས་པའི་རྒྱ། ། སྙིམ་བསྐྱེད་མཐེའུ་ཆུང་གཤིབས་ཏེ་ བརྐྱང་། ། ལྷག་མ་བརྒྱད་པ་སོ་སོར་དགུག ། ཉན་ཐོས་རང་རྒྱལ་རྫུ་འཕྲུལ་ཅན། ། མ་ལུས་ཐམས་ཅད་འགུགས་པའི་རྒྱ། ། ཁུ་ཚུར་གཡས་པ་གཡོན་སྟེང་བཞག ། མཛུབ་གཉིས་བརྐྱང་སྟེ་སོ་སོར་དགུག ། ཅུང་ཟད་སྐྱེད་པར་བྱེད་པ་ནི། ། ཕོ་ཉ་ཕོ་མོ་འགུགས་པའི་རྒྱ། ། ཁུ་ ཚུར་རྒྱབ་སྤྲད་གུང་མཛུབ་ནི། ། སོ་སོར་དྲང་པོར་གཤིབས་ཏེ་བརྐྱང་། ། མཐེབ་གཉིས་ཅུང་ཟད་སྤྲད་དེ་དགུག ། འཇིག་རྟེན་པ་རྣམས་འགུགས་པའི་རྒྱ། ། གཡོན་མིན་གཡས་པས་དེ་ལྟར་བྱ། ། བརྟུལ་ཞུགས་དྲང་སྲོང་འགུགས་པའི་རྒྱ། ། གཡོན་པ་ཁུ་ཚུར་གུང་མོ་བསྒྲེང་། ། དངོས་གྲུབ་ སྲིང་མོ་འགུགས་པའི་རྒྱ། ། ལག་གཡས་བཀན་ཏེ་བརྐྱང་ནས་ཀྱང་། ། མཐེ་བོས་མཛུབ་མནན་གསུམ་པོ་གཡབ། ། མ་བདུན་ལ་སོགས་མ་མོ་རྣམས། ། ལས་ཀྱི་དུས་སུ་འགུགས་པར་འགྱུར། ། རེས་ཀྱིས་བཏེག་ཅིང་དྲང་པོ་ཡི། ། པུས་མོ་དག་ལ་རྐང་མཐིལ་སྦྱར། ། སྤྱི་བོར་མེ་ཏོག་ ཐལ་སྦྱར་ཡང་། ། ཕྱོགས་དེར་གཡོབ་ཅིང་འབྲུ་ཚུགས་བལྟ། །
BOཟླུམ་པའི་སྟབས་ཀྱིས་འདི་ཀུན་གྱིས། ། བགེགས་ཚོགས་འཇོམས་ཤིང་རྣལ་འབྱོར་བསྲུང་། ། ལག་པ་གཡས་ནི་གྱེན་དུ་བརྐྱང་། ། གཡོན་པ་སྙིང་གར་སྡིགས་མཛུབ་སྟེ། ། རྐང་གཉིས་སྤྲད་ནས་རྟིང་པ་རྡེབས། ། ཧཱུཾ་ བརྗོད་དྲག་སྐད་མདུན་དུ་ལྟ། ། ས་གསུམ་གཡོ་བྱེད་ཟླ་གམ་སྟབས། ། རྐང་གཡོན་བརྐྱང་བའི་སྟབས་དང་ནི། ། ཧ་ཧ་བརྗོད་ཅིང་ཞབས་རྒྱ་བཅིང་། ། ཕན་ཚུན་བསྣོལ་ནས་བགེགས་ལ་བསྣུན། ། འཁོར་ལོ་ཕྱག་རྒྱ་ཕྱེ་མར་བྱ། ། རྐང་གཡས་བརྐྱང་བའི་སྟབས་དང་ནི། ། རྡོ་རྗེ་ ཐལ་མོ་མཁའ་ལ་བསྣུན། ། ཁྲོ་གཉེར་མིག་ཅན་མ་མཆུ་མནན། ། ཡན་ལག་གཉིས་གཉིས་མེ་ལྟར་སྤྲད། ། རྐང་པ་མཉམ་སྟབས་ཧཱུཾ་སྒྲ་ཅན། ། ལག་གཉིས་སྡིགས་མཛུབ་ཕྱག་རྒྱའོ། ། རྐང་གཉིས་མཉམ་དུ་བཞག་པ་ལས། ། གཡས་ཀྱི་གཡོན་བསྐོར་ལྟེ་བ་ཡིན། ། མདུན་དུ་གཡས་ཏེ་རྒྱབ་ཏུ་གཡོན། ། གྱ་ཚོམ་གསུམ་གསུམ་མནན་པ་ནི། ། རྩེ་གསུམ་ཡིན་ཏེ་རྩེ་གསུམ་རྒྱ། ། ལག་པ་སྟེང་བརྐྱང་དབྱིག་བསྒྲེང་ལྟར། ། བགེགས་ལ་བསྣུན་ཞིང་འབྲུ་ཚུགས་བལྟ། ། གཡས་སུ་ཐོ་བ་ཧཱུཾ་བརྗོད་བརྡེག ། གཡོན་པ་སྙིང་གའི་སྡིགས་མཛུབ་ སྟེ། ། གཉིས་ཀ་བགྲད་པ་འཁོར་ལོ་བྱ། ། ནུབ་བལྟས་རྐང་པ་མཉམ་བཞག་ནས། །
BOམདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། ། གཡོན་པས་བགེགས་གསུམ་མནན་བྱ་ཞིང་། ། རིམ་པས་མེ་དང་རལ་གྲི་དང་། ། སྡིགས་མཛུབ་ཞགས་པ་ཕྱོགས་བཞིར་བཅིང་། ། ཧ་ཧཱུཾ་ དྲག་བརྗོད་བརྗིད་གནོན་རྒྱ། ། རྐང་གཉིས་པུས་འཁྱུད་ལག་པ་གཉིས། ། གྲུ་མོ་བསྒྱུར་ན་ཐིག་གིས་མནན། ། བགེགས་བསྐྲད་ཕྱིར་ནི་འབྲུ་ཚུགས་བལྟ། ། རྩེ་གཅིག་རྡོ་རྗེ་སྟབས་སུ་བཅད། ། རྐང་པ་གཡས་གཡོན་རེས་ཀྱིས་བསྐོར། ། ལྷོ་བྱང་གཡོན་ཏེ་ཤར་ནུབ་གཡས། ། བརྐྱང་ཞིང་དྲག་ཏུ་བརྡབ་པར་བྱ། ། རྒྱབ་ནས་དྲང་དང་ཐོ་བ་དང་། ། རྡོ་རྗེ་དང་ནི་ཞགས་པའི་རྒྱ། ། ཕྱོགས་བཞིར་བྱ་སྟེ་འཁོར་ལོའི་སྟབས། ། ཕྱག་རྒྱ་དང་ནི་སྟང་སྟབས་ཀྱིས། ། ཕྱོགས་སྐྱོང་རྣམས་ཀྱང་སྐྲག་བྱེད་ན། ། འབྱུང་པོའི་ཚོགས་འཇོམས་སྨོས་ཅི་དགོས། ། ཐམས་ཅད་དབང་ དུ་སྡུད་པར་བྱེད། ། དེ་ནས་ཕྱོགས་བཅུ་བཅིང་བ་ཡི། ། རྐང་སྟབས་ཁྱད་པར་བཤད་པར་བྱ། ། ཤར་དུ་རྐང་པ་མཉམ་པ་ཡིས། ། རྡོ་རྗེ་ཐལ་མོ་གྱེན་དུ་བརྡེག ། ལྷོར་ནི་རྐང་རྟིང་སྤྲད་དེ་ག་དང་། ། ཧཱུཾ་སྒྲོགས་ཐལ་མོ་མདུན་རྒྱབ་སྦྱར། ། ནུབ་ཏུ་རྐང་སྤྲད་ལག་པ་གཉིས། ། སོ་སོར་སྡིགས་ མཛུབ་གྱེན་དུ་བརྐྱང་། ། བྱང་དུ་རལ་གྲིའི་ཕྱག་རྒྱ་དང་།
BO། རྐང་པ་ཡ་གཅིག་ས་ལ་བསྒྲེང་། ། ཁུ་ཚུར་མཛུབ་སྦྱར་དཔྲལ་བར་བཟློག ། རྐང་གཉིས་མཉམ་བྱས་རེས་ཀྱིས་ཕྱར། ། མཆེ་གཙིགས་ཧཱུཾ་སྒྲགས་ཁྲོ་གཉེར་བལྟ། ། བྱང་ཤར་ཐིག་ལེར་གྲགས་པའི་རྒྱ། ། ཁུ་ཚུར་མཐེའུ་ ཆུང་མཆེ་བའི་རྒྱ། ། རྐང་པ་རེས་བཏེག་ཤར་ལྷོར་ཕྱེ། ། ལྷོ་ནུབ་རྐང་གཉིས་རེས་ཀྱིས་བརྡབ། ། ཞགས་པས་འདེབས་དང་རལ་གྲིས་གཅོད། ། ནུབ་བྱང་རྐང་གཉིས་བརྡབ་པ་དང་། ། ལག་གཉིས་མཐེབ་སྤྲད་འཁོར་ལོ་བསྐོར། ། ཡང་ན་ཚེ་གཅིག་ཕྱག་རྒྱས་གདབ། ། སྟང་སྟབས་ཐམས་ཅད་ཧ་ཧཱུཾ་སྒྲོགས། ། དེ་ནས་རིག་སྔགས་བཟློག་པ་ཡི། ། ཕྱག་རྒྱ་ཆོ་ག་བཤད་པར་བྱ། ། ཁུ་ཚུར་གུང་མོ་བརྐྱང་རྩེ་སྤྲད། ། མཛུབ་གཉིས་དེ་ཡི་འགྲམ་དུ་བཅང་། ། སྔགས་དང་ཕྱག་རྒྱ་ཐམས་ཅད་ཀྱིས། ། ལྷ་ཀླུ་སྲིན་པོ་གནོད་སྦྱིན་དང་། ། མཁའ་ འགྲོ་འབྱུང་པོ་མི་མ་ཡིན། ། གསོད་དང་སྐྲོད་དེ་མེ་ལྟར་མཛད། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས་སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གསུམ་པའོ། ། ། ། བླ་ན་མེད་པའི་རས་རིས་སྐུ། ། ཆོ་ག་དེ་ནས་བཤད་པར་བྱ། ། བྲིས་སྐུ་འདོད་པས་ ཐམས་ཅད་དུ། ། དགེ་བའི་རས་{བཟངས་,བཟང་}བཙལ་ནས་ཀྱང་། །
BOབཀྲུས་ཏེ་སྔགས་ཀྱིས་བསྲུང་བྱས་ལ། ། ངུར་སྨྲིག་ཏུ་ནི་བསྒྱུར་བར་བྱ། ། རྒྱུད་{བཟངས་,བཟང་}དལ་ཞིང་དུལ་བག་ཡོད། ། ཆོས་ཐོས་རི་མོ་མཁས་ལ་སྒྲིན། ། སྲེད་ཆུང་ཡིད་གཞུངས་ཁྲོ་མེད་པས། ། སེན་རྩི་ཤུན་ ཀན་ཚ་ལ་སྦྱར། ། སྤོང་དང་མུ་ཟི་ཀན་ལྟར་ལྗང་། ། བ་བླ་ཀྲ་ནི་བླ་ན་སེར། ། ལི་ཁྲི་སྒོ་ང་མཚལ་སྤགས་དམར། ། རམས་དང་མཐིང་ཤུན་བྲུ་ནིར་སྔོ། ། སྦྱིག་དང་ཨཉྫ་ནག་པོ་སྟེ། ། ཤེ་ཏྭ་དག་ཀྱང་དཀར་པོར་འགྱུར། ། ས་སྣོད་སོ་བཏང་སྐགས་སྙིགས་བྱུག ། པིར་ འཇམ་རབ་འབྲིང་ཐ་མ་བྲི། ། རྒྱལ་དང་ས་རི་ནམ་གྲུ་དང་། ། སྣྲོན་སྣྲུབས་སྨིན་དྲུག་ལྷ་མཚམས་ཤིས། ། དེ་ནས་ཡང་དག་རབ་བཤད་པ། ། ཐུབ་པའི་དགེ་བ་རས་རིས་ལ། ། དབུས་སུ་བྱང་ཆུབ་ཤིང་མཆོག་དྲུང་། ། གསེར་མདོག་འཁོར་ལོ་སྒྱུར་བའི་ཆས། ། ཆོས་འཆད་ཕྱག་རྒྱ་ངུར་སྨྲིག་མནབས། ། ལོགས་སུ་འདབ་{བཟངས་,བཟང་}རྒྱལ་པོ་གཉིས། ། སྙིམ་པ་མེ་ཏོག་བཀང་བའི་གཟུགས། ། གཡས་སུ་འཇིག་རྟེན་དབང་པོ་དཀར། ། ངུར་སྨྲིག་གྱོན་པས་ཐལ་མོ་སྦྱར། ། དེ་ཡི་ཞབས་སུ་མི་གཡོ་བ། ། སྤྱན་གསུམ་ ཁྲོས་པ་ཀླུ་ཡིས་བརྒྱན། ། ན་རའི་སྟོད་གཡོགས་སྟག་སྨད་དཀྲིས། ། རིན་ཆེན་རྒྱན་ཅན་དོ་ཀེར་ཅན། །
BOརྡོ་བ་དམར་པོའི་ཁྲི་སྟེང་ན། ། རལ་གྲི་དང་ནི་ཞགས་པ་དང་། ། གཡོན་པ་ཅུང་ཟད་བརྐྱང་སྟེ་བཞེངས། ། གཙོ་བོའི་གཡོན་གྱི་ཕྱོགས་ཆ་ལ། ། རྡོ་རྗེ་འཛིན་སྔོ་ ངུར་སྨྲིག་ཅན། ། རྡོ་རྗེ་དང་ནི་ཞགས་པ་འཆང་། ། དེ་ཡི་འོག་ཏུ་སྒྲུབ་པོ་ནི། ། པུས་བཙུགས་སྤོས་ཀྱི་ཁང་བུ་འཛིན། ། གཙོ་བོའི་ཞབས་སུ་ཁྲོ་བོ་ཆེ། ། ནག་པོ་ཁམས་གསུམ་བརྟན་པ་ཡི། ། ལག་གཉིས་རིན་ཆེན་ཁྲི་ལ་བཏེག ། གཙོ་བོ་སྣ་ཚོགས་པདྨ་སྟེ། ། འཇིག་རྟེན་དབང་དང་ཁྲོ་བོ་ཡི། ། རྡོ་རྗེ་འཛིན་དང་བསྒྲུབ་པའི་སྔོ། ། ཡན་ལག་ལྔ་པ་སྡོང་པོ་གཅིག ། ཀླུ་ཡི་བུ་མོ་མཛེས་མ་གཉིས། ། པང་གིས་འཁྱུད་དེ་འཛིན་པར་མཛད། ། ཞི་བ་རྒྱས་པ་དབང་གི་ཕྱིར། ། དེ་ནས་བྲིས་སྐུ་ཡང་དག་བཤད། ། དབུས་སུ་ཤཱཀྱ་ཐུབ་ པ་དང་། ། གཡས་སུ་འཕགས་པ་འཇམ་དཔལ་ཏེ། ། གཡོན་དུ་ཕྱག་ན་རྡོ་རྗེའོ། ། བསྙེན་པའི་དོན་དུ་རས་རིས་ནི། ། ཤིན་ཏུ་བལྟ་དཀའ་གསུས་པོ་ཆེ། ། ཞལ་གཅིག་ཕྱག་བཞི་ཀླུ་ཡིས་བརྒྱན། ། ཁ་ནས་ཁྲག་འཛག་ལྕེ་འདྲིལ་བ། ། མཆེ་གཙིགས་ཧྲིཿསྒྲ་ ཆེར་སྒྲོགས་པ། ། སྤྱན་གསུམ་ཉི་མ་ཤར་ཀའི་འོད། ། ངུར་སྨྲིག་མན་བས་པ་ཆར་སྤྲིན་མདོག ། སྐུ་ལ་ཐོད་རློན་ཕྲེང་བ་ཅན། །
BOདབུ་ལ་ཐོད་པ་ཚར་བཞིས་བརྒྱན། ། གཡོན་དུ་རིན་ཆེན་ཟུར་ཕུད་འཕྱང་། ། བསྐལ་པའི་མེ་འོད་འབར་བ་ཡིས། ། ཕྱོགས་ཀྱི་བགེགས་ ཚོགས་སྲེག་པར་མཛད། ། གཡས་ཀྱི་དང་པོ་རྡོ་རྗེ་སྟེ། ། གཉིས་པས་རལ་གྲི་འོད་འབར་འཆང་། ། གཡོན་གྱི་དང་པོ་རྡོ་རྗེ་ཞགས། ། གཉིས་པ་སྡིགས་མཛུབ་བརྐྱང་སྟེ་མཛད། ། རིན་ཆེན་རྡོ་ཡི་ཁྲི་སྟེངས་སུ། ། བགེགས་ཀྱི་རྒྱལ་པོ་མནན་ནས་ཀྱང་། ། གཡོན་བརྐྱང་ པ་ཡི་གར་གྱིས་གནས། ། དེ་ཡི་མདུན་དུ་ཞི་བའི་བྱེད། ། སྤོས་ཁང་བཟུང་བའི་སྒྲུབ་པོ་བྲི། ། ཅི་འབྱོར་རྒྱུན་དུ་མཆོད་པར་བྱ། ། མངོན་སྤྱོད་བསྒྲུབ་པའི་རས་རིས་ནི། ། དེ་ནས་ཡང་དག་བཤད་པར་བྱ། ། དུར་ཁྲོད་རས་ལ་མི་གཡོ་བ། ། མདོག་ནག་སྤྱན་གསུམ་ཟུར་མིག་ལྟ། ། ངུར་སྨྲིག་གོས་གྱོན་ཁྲོ་གཉེར་ལྡན། ། རལ་གྲི་དང་ནི་ཞགས་པ་འཆང་། ། བྲིས་ནས་བདག་གི་ཁྲག་གིས་ནི། ། སྤྱན་ཕྱེ་གསོལ་བ་བཏབ་པར་བྱ། ། རི་མོ་འདི་ནི་རིག་འཛིན་ཀྱང་། ། སྒྲུབ་པོ་མངོན་སྤྱོད་སྨོས་ཅི་དགོས། ། ཡང་ན་སྣ་ཚོགས་ལས་ཀྱི་ཕྱིར། ། མཐིང་ག་ན་རའི་ རྒྱན་ཅན་ནི། ། བརྐྱང་བསྐུམ་རྡོ་རྗེ་དྲིལ་བུ་འཛིན། ། པདྨ་ཟླ་བ་ལ་བཞུགས་བྲི། ། དམག་དཔུང་རེངས་པའི་རས་རིས་ནི། །
BOགསེར་མདོག་ཁྲོ་བོ་མི་གཡོ་བ། ། མི་སྡུག་མཆེ་བ་གཙིགས་པའི་སྐུ། ། འབར་ཕྲེང་འཁྲིགས་པའི་འོད་ལྡན་པ། ། ཞལ་བཞི་ཕྱག་ཀྱང་བཞི་པ་སྟེ། ། རལ་གྲི་ཞགས་པ་དང་པོར་འཛིན། ། རིན་པོ་ཆེ་དང་སྡིགས་མཛུབ་འོག ། ཞབས་བཞི་བདུད་བཞི་སྙིང་གར་རོ། ། དེ་ནས་རིག་འཛིན་དངོས་གྲུབ་ཀྱི། ། རས་རིས་བྲི་བ་ཡང་དག་བཤད། ། མི་གཡོ་ཁྲོ་བོ་ཞལ་གཅིག་པ། ། མདངས་བཟང་ཟར་མའི་མེ་ཏོག་མདོག ། རལ་གྲི་ ཞགས་པ་སྡིགས་མཛུབ་ཅན། ། པུས་མོ་གཡས་བཏེག་གཡོན་པ་ནི། ། ས་ལ་ཅུང་ཟད་བཙུགས་པར་མཛད། ། མཁའ་ལ་ལྷ་ཡི་བུ་གཉིས་ཀྱིས། ། དབུགས་འབྱིན་མཛད་པ་ཉམས་དགའི་གཟུགས། ། གཡས་སུ་རྣམ་སྣང་མཛད་བྲི་སྟེ། ། གཡོན་དུ་འོད་དཔག་མེད་པའོ། ། དེ་མདུན་སྒྲུབ་པོ་ཉིད་ཀྱང་བྲི། ། གང་ཡང་རིག་མ་ཐམས་ཅད་ལ། ། མཆོད་དེ་མེ་ཏོག་གཏོར་ནས་ཀྱང་། ། སྤྱན་ཕྱེ་ན་བཟའ་གསོལ་བྱས་ཏེ། ། རྟེན་འབྲེལ་སྔགས་ཀྱིས་རབ་གནས་བྱ། ། དེ་རྗེས་སྨོན་ལམ་གདབ་པ་ནི། ། ཨོཾ་ལྡན་བདག་གིས་བསགས་པ་ཡི། ། བསོད་ནམས་ གྲངས་མེད་གཞལ་མི་ལང་། ། དེས་ནི་འགྲོ་བ་མ་ལུས་པ། ། བླ་མེད་གོ་འཕང་ཐོབ་པར་ཤོག ། སེམས་ཅན་དམྱལ་བ་དུད་འགྲོ་དང་། ། {ཡི་དགས་,ཡི་དྭགས་}གང་དག་གྲངས་མེད་རྣམས། །
BOབདག་གི་བསོད་ནམས་མཐུ་ཡིས་ནི། ། ཐམས་ཅད་བདེ་དང་ལྡན་གྱུར་ཅིག ། གང་ཡང་ ལྷ་མི་དབུལ་ཕོངས་དང་། ། མི་ནད་མུ་གེ་དགྲ་ཆོམ་སོགས། ། བདག་གི་བསོད་ནམས་མཐུ་ཡིས་ནི། ། དེ་དག་ཐམས་ཅད་བྲལ་གྱུར་ཤོག ། ཇི་སྙེད་སེམས་ཅན་ཐམས་ཅད་རྣམས། ། དེ་སྙེད་སྡུག་བསྔལ་རྒྱ་མཚོ་ཀུན། ། སྣ་ཚོགས་དེ་དག་ཀུན་ཞི་ནས། ། འགའ་ཡང་སྡུག་ བསྔལ་མེད་པར་ཤོག ། སེམས་ཅན་གང་དག་ལུས་ངག་ཡིད། ། མི་དགེ་སྤྱོད་པ་བྲལ་གྱུར་ནས། ། དགེ་བ་ཕུན་ཚོགས་སྤྱོད་གྱུར་ཏེ། ། ཀུན་ཀྱང་བདེ་ལྡན་ཐོབ་གྱུར་ཤོག ། དེ་ནས་རྒྱལ་སྲས་ཀུན་བཏུད་དེ། ། ལག་ན་དྲི་དང་མེ་ཏོག་སོགས། ། མཆོད་པའི་ཡོ་བྱད་ ཀུན་ཐོགས་ནས། ། བླ་འོག་ཐ་དད་གསལ་བྱའི་ཕྱིར། ། བདེ་གཤེགས་བསྡུ་དོན་འདི་སྐད་བརྗོད། ། ཨོཾ་བདེ་བར་གཤེགས་པའི་བཅོམ་ལྡན་འདས། ། སྐྱོབ་པ་དངོས་སུ་བཞུགས་པ་རྣམས། ། བདག་ལ་སླར་ཡང་བརྩེ་བའི་ཕྱིར། ། རྒྱལ་བ་སྲས་བཅས་ལ་མི་ མངའ། ། བདག་དོན་གྲུབ་པར་འགྲོ་བ་ལ། ། བརྩེ་ཕྱིར་སླར་ཡང་བྱོན་པར་མཛོད། ། དེ་ནས་གཏོར་མ་མེ་ཏོག་དྲི། ། དཀྱིལ་འཁོར་རྒྱན་དང་རྡུལ་ཚོན་རྣམས། ། དངོས་གྲུབ་དམ་ཚིག་གནོད་སྤང་ཕྱིར། ། ལག་པས་རེག་པར་མི་བྱ་སྟེ། །
BOགོས་ཀྱི་ཕུར་མ་ལ་ སོགས་པ། ། ཅི་བདེ་པས་ནི་ཕྱགས་ནས་ཀྱང་། ། སྐྱེ་འགག་མེད་པའི་སྔགས་བརྗོད་ནས། ། ཆུ་བོ་ལ་ནི་དོར་བར་བྱ། ། འབྲས་དང་འོ་མ་ཤ་ཁ་ར། ། མར་དང་བཅས་པ་བསྐོལ་བྱས་ཏེ། ། འབྲས་ཟན་དང་ནི་ལྷན་ཅིག་ཏུ། ། དགའ་བསྐྱེད་ཕྱིར་དུ་དགེ་འདུན་དང་། ། བྲམ་ཟེ་ལ་ནི་སྟོན་མོ་བྱ། ། དེ་ནས་བྲིས་སྐུ་བརྟན་པར་ནི། ། གསང་བའི་གནས་སུ་མཆོད་པར་བྱ། ། ཁྱད་པར་ཚེས་བརྒྱད་དུས་སུ་མཆོད། ། བླ་མ་ལ་ནི་ཡོན་དབུལ་ཞིང་། ། རྟག་ཏུ་སྔགས་འཛིན་ཐམས་ཅད་ཀྱང་། ། མཉེས་པར་བྱ་ཞིང་ཁྲོས་པ་མིན། ། སེམས་ ཅན་མ་མོས་སྤང་བར་བྱ། ། དཀོན་མཆོག་གསུམ་ལ་ངེས་བསྐྱེད་དེ། ། ཐེ་ཚོམ་ལེ་ལོ་སྤང་བར་བྱའོ། ། རང་གི་ཕུང་པོ་བསྙེན་བཀུར་ཕྱིར། ། ཁྲུས་དང་གཙང་སྦྲ་ལྡན་བྱས་ནས། ། གོས་སྦྲ་དྲི་མ་མེད་པ་བགོ། ། ཟས་ཀྱང་འབྲས་སོགས་དྲི་མེད་ལ། ། ཉུང་དུ་ བཟའ་ཞིང་བཏུང་བར་བྱ། ། {མངས་,མང་}པས་གཉིད་དང་ལེ་ལོ་དང་། ། དྲི་ང་བ་ནི་བསྐྱེད་པར་འགྱུར། ། ཐོ་རངས་དང་པོར་ལངས་ནས་ནི། ། སྲོད་ཐལ་བར་དུ་བརྩོན་པར་བྱ། ། ནམ་གྱི་གུང་ལ་གཉིད་པའི་ཚེ། ། འགྲོ་ལ་ཕན་བྱའི་སེམས་ཀྱིས་ཉལ། །
BOའཕགས་ པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས་བྲིས་སྐུའི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་ཡང་དག་བཤད་བྱ་སྟེ། ། ལྷ་བསྒོམ་པ་ཡི་རིམ་པ་ནི། ། རང་གཟུགས་སྟོང་པར་བྱས་ནས་སུ། ། ཡི་གེ་ཕྲེང་བའི་འཁོར་ལོ་ལས། ། སྒྲ་གྲགས་པ་ན་རིག་ པ་ཆེ། ། ཟླ་བའི་གཟུགས་བརྙན་ལྟ་བུར་སྣང་། ། དེར་སོན་པ་ནི་རྡོ་རྗེ་སོགས། ། རང་གི་ཕྱག་རྒྱ་ཉིད་ཡིན་ནོ། ། དེ་ལས་གྱུར་པའི་སྐུ་མཆོག་ནི། ། འཇའ་ཚོན་ཤར་བ་ཇི་ལྟ་བར། ། མཚན་དཔེ་མདངས་འོད་ཡང་དག་ལྡན། ། བརྗིད་ཅིང་དགྱེས་པའི་མདངས་དང་ ལྡན། ། སྒེག་ཅིང་རོལ་པའི་ཆ་བྱད་ནི། ། བྱིས་པ་གཞོན་ནུའི་ལང་ཚོ་འདྲ། ། རིན་ཆེན་རྒྱན་དང་ན་བཟའ་ནི། ། གཟུགས་མཛེས་ལྷ་ཡི་ཅི་ལྟ་བ། ། ཁྲོས་པའི་སྲིན་པོ་ལྟ་བུ་སྟེ། ། སྐྲ་དང་ཁ་སྤུ་ལ་སོགས་པ། ། སྤུ་སོགས་སེར་ཞིང་རྩུབ་ལ་འཁྱིལ། ། སྣ་ ཚོགས་དུར་ཁྲོད་རྒྱན་རྣམས་ནི། ། རྩུབ་ཅིང་བློ་ལྡན་རབ་ཏུ་ཁྲོས། ། ན་བཟའ་རློན་པ་ཁྲག་ཅན་ནི། ། སྟེང་གི་ཁྱམས་སུ་ཡོད་པར་མཛད། ། ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི། ། ངར་སྐད་འབྲུག་སྒྲ་སྤྱུགས་གླུ་ནི། ། རི་རབ་འབུམ་བསྙིལ་ཆལ་ཆོམ་ལྟར། ། ལུས་རབ་ལྟོས་འགྲོས་ བརྒྱན་པ་ནི། །
BOགཟི་ལྡན་འཁྱུད་ཅིང་ཕུཊ་སྒྲ་འདོན། ། འཕྲོ་འདུ་འོད་ཀྱི་དཀྱིལ་འཁོར་ནི། ། ཉི་འབུམ་དུས་མེའི་བསྐལ་པ་འདྲ། ། རབ་གདུག་མཚོན་ཆ་དུ་མ་ནི། ། ལྷ་མིན་དུས་ཀྱི་འཁྲུག་པའི་ཆ། ། ཁྲོ་བོ་ཁྲོ་མོའི་ཚོགས་འབྱུང་བ། ། ཐམས་ཅད་ཡི་གེ་ཧཱུཾ་སྒྲ་ཅན། ། མ་མོ་དང་ནི་མཁའ་འགྲོ་རྣམས། ། བྷྱོ་ཡིག་དྲག་པོའི་བདག་ཉིད་ཅན། ། ཐུབ་པ་ཡི་གེ་མུྃ་ལས་བསྐྱེད། ། རྒྱལ་སྲས་རིག་མ་ཉན་ཐོས་དང་། ། འཇིག་རྟེན་སྐྱོང་རྣམས་སྔགས་འདིས་བསྐྱེད། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ས་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཐཱ། ཨོཾ་སརྦ་སཾ་སྐ་ར་ པ་རི་ཤུདྡྷེ། དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་པ་རི་ཤུདྡྷེ། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། རང་གི་ལུས་ལ་སེམས་བཅུག་ནས། ། སྡིག་པ་ཐམས་ཅད་རབ་ཏུ་ཞི། ། ངང་ཚུལ་བཟང་པོར་ཡང་དག་བྱུང་། ། རིག་པར་གྱུར་པའི་སེམས་ལྡན་ནས། ། དྲང་སྲོང་རྫུ་འཕྲུལ་ ཅན་དུ་འགྱུར། ། གཞན་ཡང་སྡུག་བསྔལ་ཞི་ནུས་ན། ། རང་གི་བདེ་ཐོབ་སྨོས་ཅི་དགོས། ། རང་རང་རིགས་ཀྱི་ལྷ་རྣམས་ཀྱི། ། གཟུགས་བརྙན་ཕྱག་མཚན་ཁ་དོག་ནི། ། དཀྱིལ་འཁོར་རམ་ནི་རིས་མ་ལས། ། གསུང་བ་ཇི་ལྟར་བསྒོམ་པར་བྱ། ། དེ་ནས་ མི་གཡོ་ཁྲོ་བོ་ཆེ། །
BOརྡོ་རྗེ་འཛིན་པ་ཕྱག་འཚལ་ནས། ། དག་ཅིང་གསལ་ལ་སྙན་པ་ཡིས། ། ཚིག་གི་ཡང་ནི་འདི་གསོལ་ཏོ། ། རྡོ་རྗེ་འཛིན་པ་བཅོམ་ལྡན་འདས། ། གཏུམ་མོ་མཚན་ཉིད་རབ་ལྡན་པའི། ། ང་ཡི་མཚན་ཉིད་ཁྱོད་བཤད་ནས། ། དེ་ཚེ་རྡོ་རྗེ་ འཛིན་རྒྱལ་པོས། ། གཏུམ་མོའི་ཆ་བྱད་ལྡན་བྱས་ནས། ། རང་གཟུགས་སྔགས་དང་བཅས་པ་ཡིས། ། གསང་ཆེན་བརྡ་འདི་བཀའ་སྩལ་ཏོ། ། དག་པའི་སེམས་ཉིད་ཧཱུཾ་རྡོ་རྗེ། ། མཐིང་གའི་མདོག་ལས་རྡོ་རྗེ་འཛིན། ། མཐིང་ག་བརྐྱང་བསྐུམ་ཁྲོ་སེམས་ཅན། ། ན་རའི་རྒྱན་བཅས་འཇིགས་བྱེད་སྐུ། ། གྱེན་སྐྲ་ཁ་སྤུ་གྱོན་སེར་དམར། ། པདྨ་ཟླ་བའི་སྟེང་དུ་ནི། ། མེ་ཡི་ནང་བཞུགས་རྡོར་དྲིལ་འཆང་། ། རྣམ་སྣང་འཛིན་དང་གཉིས་དང་པོ། ། བཞི་པའི་ལྔ་པ་དེའི་གསུམ་པ། ། ལྔ་པའི་ལྔ་པ་བདུན་པའི་བཞི། ། མེ་ ཡི་ས་བོན་དགུག་པས་མནན། ། བདུན་པའི་དང་པོ་གསུམ་པ་ཡིན། ། གསུམ་པས་བཏེག་གོ་ཧཱུྃ་ཕཊ་བཅས། ། གསང་སྔགས་རྒྱལ་པོ་བླ་མེད་འདི། ། དགོས་པ་ཐམས་ཅད་འགྲུབ་པ་དང་། ། ཁྱད་པར་དུ་ནི་འབྱུང་པོ་སེལ། ། ཀླུ་འདུལ་བ་ནི་དཀར་པོ་ཆེ། ། ནམ་མཁའ་ ལྡིང་གི་ཆ་བྱད་ཆེ། ། གྲུབ་པའི་གཏེར་གྱི་དོན་དུ་ནི། ། སེར་པོ་འོད་དང་ལྡན་པ་ཡི། །
BOདམར་པོ་དག་ནི་ལྗང་ནག་དག ། དྲག་པོའི་གདོན་རྣམས་སེལ་བ་དང་། ། ཚེ་རིང་བ་ལ་ཤིས་པའོ། ། ལྷག་པ་བསྐྱེད་པའི་སྐུ་མཆོག་ནི། ། འབྱུང་བར་གྱུར་པ་དེ་མ་ཐག ། ས་སྟེང་ཐམས་ཅད་ མུན་ནག་འཁྲིགས། ། བདུད་རྣམས་ཐམས་ཅད་རབ་ཏུ་ཚིག ། ཡེ་ཤེས་མེ་འོད་ཆེན་པོ་འདི། ། བཟོད་པར་སླ་ལ་གཅིག་མ་མཆིས། ། བགེགས་ཆེན་ལོག་པར་འདྲེན་པ་རྣམས། ། དོགས་པའི་སེམས་ཀྱི་ཐག་རིང་འབྲོས། ། གསང་སྔགས་ཡི་གེ་ཧཱུྃ་སྒྲ་ཅན། ། གློག་ འཁྲུག་པ་ཡི་འོད་ཟེར་འདྲ། ། ཀླད་པར་ཡི་གེ་ཧྃ་གི་གཟུགས། ། གྲུ་གསུམ་མེ་ཡི་གཟུགས་བརྙན་ཅན། ། འོད་དམར་ཚལ་པ་རབ་འཐོར་བས། ། བགེགས་ཚོགས་སྲེག་ཅིང་བྲོས་པར་བྱེད། ། བོང་བུ་རྔ་མོ་ཁྱི་སྤྲེའུ་གཟུགས། ། རོ་ལངས་མ་ལུས་ ཐམས་ཅད་ཀུན། ། ཧ་ཧ་བརྗོད་ཅིང་བྲོས་པར་བྱེད། ། རླུང་གིས་གཡེངས་པའི་རྡུལ་དང་མཚུངས། ། གྱེན་ཐུར་ཧཱུྃ་གི་འཕྲོ་འདུ་དང་། ། ཁྲོ་བཅུ་ས་བོན་ཡི་གེ་ཧཱུྃ། ། མེ་དང་རླུང་གི་ཚུལ་དུ་འབར། ། མངོན་སུམ་རྩྭ་ལ་མེ་བཞིན་དུ། ། སྙིང་གི་ཧཱུྃ་གིས་འདས་ ནས་ཀྱང་། ། ཀླད་པའི་ཧཱུྃ་གིས་སྲེག་པར་བྱེད། ། འོད་དང་ཕྱག་རྒྱ་ལྷ་ཡི་སྐུ། ། བསྐྲད་དང་བཅིང་དང་མྱོས་བྱེད་བསམ། །
BOསེང་གེ་དང་ནི་གླང་ཆེན་འབྲུག ། དྲག་པོའི་སྒྲ་སྐད་ཅི་འདྲ་བར། ། རྩ་བའི་གསང་སྔགས་ཟློས་པ་ནི། ། བགེགས་དང་ལོག་འདྲེན་ མ་ལུས་པ། ། སྲེག་ཅིང་ཕྱེ་མ་རྡུལ་དུ་རློག ། སྙིང་ནང་སྙིང་པོ་བསྟན་པ་ནི། ། འོད་འབར་འོད་ཀྱིས་སྡིག་པའི་ཚོགས། ། དུ་མ་རྣམས་ཀྱང་ཟད་པར་མཛད། ། ལུས་ངག་ཡིད་བརྟན་འཁོར་ལོ་སྔགས། ། ཨོཾ་དང་ཨཱཿདང་ཧཱུཾ་སྦྱོར་གྱིས། ། དཔལ་འཕེལ་དབང་ཕྱུག་བསྐྱེད་པ་དང་། ། གོ་ཆ་ཆེན་པོ་ བསྐོན་པར་བྱེད། ། ན་མ་སྟྲཻ་ཡ་དྡྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ་ཧཾ། གོ་ཆ་ཆེན་པོའི་གསང་སྔགས་འདི། ། རྒྱལ་སྲས་རྣམས་ཀྱང་འདར་འགྱུར་ན། ། བགེགས་རྣམས་སྲེག་པ་སྨོས་ཅི་དགོས། ། ས་མ་ཡ་སྟྭཾ་ཨ་ཧཾ་གིས། ། ཡེ་ཤེས་ལྷ་དང་འབྲེལ་པར་བྱ། ། རྒྱལ་བས་དབང་བསྐུར་སྦྱོར་བས་ནི། ། ཡེ་ཤེས་དབུ་རྒྱན་བརྟག་པར་བྱ། ། གཙོ་ལ་མི་བསྐྱོད་དབུ་རྒྱན་ཅན། ། འཁོར་ཀུན་མི་གཡོས་རྒྱས་གདབ་བྱ། ། བདག་ཉིད་ཡི་གེར་བྱས་ནས་སུ། ། མེ་གཟུགས་ཤིན་ཏུ་ཕྲ་བས་ནི། ། མཚན་མོ་དུས་སུ་ཉམས་པར་བྱ། ། སྡང་བ་ཧཱུཾ་གི་སྒྲ་ལས་སོ། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་ རྟོག་པ་བསྡུས་པའི་རྒྱུད་ལས་ལྷ་འབྱུང་བའི་ལེའུ་སྟེ་ལྔ་པའོ། ། ། །
BOདེ་ནས་ཡང་དག་བཤད་བྱ་བ། ། སྔགས་སྤྱོད་ཚུལ་གྱི་ཆོ་ག་ཉོན། ། དད་པ་དང་ཡང་མི་ལྡན་ཞིང་། ། བྱང་ཆུབ་སེམས་ཀྱང་མ་བསྐྱེད་དེ། ། དབང་བསྐུར་རྗེས་གནང་མ་ཐོབ་ལ། ། སྡོམ་ཚུལ་དམ་ཚིག་བྲལ་བའི་མི། ། གསང་སྔགས་རང་ཉིད་ལེན་པ་ནི། ། བྱིས་པ་ལྕགས་བསྲེགས་མིད་པ་འདྲ། ། ཐོག་མ་མེད་སྒྲིབ་བཀྲུ་བའི་ཕྱིར། ། རྡོ་རྗེ་སློབ་དཔོན་འདི་སྐད་བརྗོད། ། ཨོཾ་སྔགས་མཆོག་ཏིང་འཛིན་རྣམ་དག་ཆུ། ། བསྐལ་པ་དུ་མར་བསགས་པ་ཡི། ། སྡིག་པའི་ཚོགས་རྣམས་དག་གྱུར་ནས། ། རང་བཞིན་དག་ པའི་སེམས་སུ་བྱེད། ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་དྷིཥྛཱ་ན་ཀཱ་ཡ་བཱ་ཀ་ཙིཏྟ་བི་ཤོ་དྷ་ན་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། ། རིན་ཆེན་སྔགས་ལས་བྱུང་བ་ཡི། ། དབུ་རྒྱན་ལྷ་རྫས་ཅོད་པན་འདིས། ། དབང་བསྐུར་རིན་ཆེན་མཆོག་ཏུ་འགྱུར། ། ཨོཾ་བཛྲ་དྷ་ར་ཤྲཱི་བཛྲ་ས་མ་ཡ་སྟྭཾ་ཨ་ཧཾ། རཏྣ་ མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཆེན་པོ་བླ་ན་མེད། ། བཟུང་བས་ཕྱོགས་ལས་རྒྱལ་གྱུར་ཏེ། ། རྡོ་རྗེ་ལྟ་བུར་བརྟན་བྱེད་པས། ། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། ། ཨོཾ་སརྦ་བཛྲ་ཨ་བྷི་ཥཉྩི་ཧཱུཾ། དྲིལ་བུ་དབྱངས་སྙན་བླ་ན་མེད། །
BOསྐུ་ཡི་རྡོ་རྗེ་རབ་བསྐྱེད་པས། ། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། ། ཁམས་ གསུམ་སྲིད་པའི་རྒྱལ་པོར་འགྱུར། ། ཨོཾ་ས་མ་ཡ་གྷཎྚ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སྙིང་རྗེ་ཤེས་རབ་དབྱེར་མེད་རྒྱ། ། གང་གིས་ཐོས་པ་ནང་གི་སུ། ། དེ་ཡི་མིང་མཚན་བདག་པོར་འགྱུར། ། རྟག་པའི་ངང་གནས་བླང་བར་མཛོད། ། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཐོག་མཐའ་མེད་ པའི་སེམས་དཔའ་ནི། ། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། ། ཀུན་ཏུ་བཟང་པོ་ཀུན་བདག་ཉིད། ། རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག ། སངས་རྒྱས་ཀུན་གྱི་དྲིལ་བུ་རྒྱ། ། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ། རྟག་ཏུ་ཁྱོད་ཀྱིས་བཟུང་བྱས་ན། ། བྱང་ཆུབ་མཆོག་ཐོབ་རྒྱལ་བས་ གསུངས། ། ཨོཾ་ཤེས་རབ་རལ་གྲི་བླ་ན་མེད། ། གང་གིས་འཆང་བ་རྒྱལ་འགྱུར་ཏེ། ། བདུད་ཀྱི་དཔུང་ནི་གཤེགས་ནས་ཀྱང་། ། མཁའ་ལ་ཡེ་ཤེས་འོད་འབར་འགྱུར། ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲ་ཛྙཱ་ན་ཁཌྒ་ཨ་བྷི་ཥིཉྩ་ཧཱུཾ། ཨ་རྡོ་རྗེ་ཞགས་པ་ཐུགས་རྗེ་ཅན། ། ཉོན་མོངས་སྲིད་པའི་སྡོང་པོ་ རྣམས། ། ཐབས་ཀྱི་ཞགས་པས་བཅིངས་ནས་ཀྱང་། ། སྲིད་པའི་འཆིང་བ་ལས་གྲོལ་མཛོད། ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲ་པཱ་ཤེ་ན་ཨ་བྷི་ཥིཉྩ་ཧཱུཾ།
BOདབང་དང་རྗེས་གནང་མ་ཐོབ་ཅིང་། ། དམ་ཚིག་སྡོམ་པ་མི་ལྡན་ལ། ། བླ་མ་མཉེས་པར་མི་བྱེད་ན། ། སྒྲུབ་པ་འབྲས་མེད་ངན་སོང་འགྲོ། ། ལོག་ལྟ་ཅན་གང་བླ་མ་འཚེ། ། དམྱལ་བའི་གནས་སུ་འགྲོ་བར་ངེས། ། འདིར་ཉམས་པས་ནི་ནད་ཡམས་དང་། ། དགྲ་བོ་མུ་གེས་རྟག་ཏུ་འཚེ། ། དཀྱིལ་འཁོར་ས་གཞི་ཉམས་དགའ་བ། ། ཆུ་ཀླུང་མཚོ་འགྲམ་རི་ལྗོངས་དང་། ། འབྲས་བུ་མེ་ཏོག་སྐྱེད་མོས་ཚལ། ། ཀུན་དགའ་ར་བ་ཁང་ {བཟངས་,བཟང་}མཆོག ། བཞི་མདོ་རི་སུལ་ཤིང་གཅིག་དྲུང་། ། ཕྱུགས་ལྷས་ཁང་བརྩེགས་གླང་ཆེན་བྲེས། ། གཙུག་ལག་ཁང་དང་དགོན་པ་དང་། ། ཆུ་གླིང་མཚེའུ་འགྲམ་ནེའུ་གསིང་དུ། ། བསྙེན་དང་དབང་བསྐུར་བྱེད་པ་དང་། ། དུར་ཁྲོད་སོགས་སུ་ལས་རྣམས་བསྒྲུབ། ། ལས་ཀྱི་དཀྱིལ་འཁོར་ཁྲུ་ གང་སྟེ། ། དབང་གི་དཀྱིལ་འཁོར་ཆེན་པོ་ལ། ། ཐུབ་པའི་དཀྱིལ་འཁོར་གྲུ་བཞི་པ། ། ཡང་ན་དྲུག་གམ་བརྒྱད་ཀྱང་བྱ། ། གཞན་ནི་ཁྲུ་གསུམ་ཚད་དུ་བྱ། ། ཡང་ན་ལྔའམ་བདུན་དུ་བྱ། ། གཟའ་ཡི་དཀྱིལ་འཁོར་ཁྲུ་གཉིས་ཏེ། ། ཡང་ན་ཕྱེད་དང་གསུམ་པར་བྱ། ། ཀུན་དུ་བཞི་ཆ་ཕོ་བྲང་ སྟེ། ། ཁང་པས་ཚད་ཀྱི་ཕྱེད་ཡིན་ཏེ། ། ཁང་པ་གཉིས་པ་ཆ་གསུམ་པ། ། རྟ་བབས་རྡོ་རྗེ་པདྨའོ། །
BOལྷ་སྣམ་བཞི་ཆ་དག་ཏུ་འགྱུར། ། ཐུབ་པའི་སྒོ་ནི་བཞི་ཡིན་ཏེ། ། གཞན་དུ་སྒོ་གཅིག་པ་ཉིད་ཤིས། ། འཇམ་པའི་དབྱངས་ནི་བྱང་གི་སྒོ། ། ཆོས་ནི་ནུབ་སྒོ་རྡོ་རྗེ་ལྷོ། ། གཟའ་དང་འཇིག་རྟེན་སྐྱོང་ སོགས་ཤར། ། དབང་སྒྱུར་ལྷ་ཡི་གནས་རྣམས་སུ། ། བུམ་པ་ཕྱག་རྒྱར་བཅས་པའམ། ། སྐུའམ་རང་རང་ཕྱག་རྒྱ་གཞག ། ཐུབ་པའི་དཀྱིལ་འཁོར་དབུས་སུ་ནི། ། བད་དཀར་སྟེང་དུ་ལྷུང་བཟེད་དོ། ། གཙོ་བོའི་ས་ནི་སོར་དྲུག་སྟེ། ། ལྷག་མ་རྣམས་ནི་སོར་བཞིའོ། ། རིགས་ཀྱི་མཚན་མས་ ཡང་ཡང་བསྐོར། ། བྱང་དུ་འཇིག་རྟེན་དབང་སྡུད་ནི། ། པད་དཀར་རྡོ་རྗེ་གདེངས་པོར་བཅས། ། དབང་ལྡན་སྤྱི་བླུགས་བྱམས་པའིའོ། ། ཤར་དུ་འཇམ་དཔལ་ཨུཏྤལ་སྔོ། ། མེར་ནི་ཀུན་བཟང་ཡིད་བཞིན་ནོར། ། ལྷོར་ནི་རྡོ་རྗེ་རྡོ་རྗེ་འཛིན། ། བདེན་བྲལ་མཁའ་སྙིང་པད་དཀར་ཏེ། ། ནུབ་ཏུ་པད་སེར་ རྡོ་རྗེ་ཆོས། ། ནུབ་བྱང་ས་སྙིང་པདྨ་དམར། ། གཙུག་ཏོར་གནོད་མཛེས་སྟེང་འོག་ཆར། ། གཙུག་ཏོར་དང་ནི་གཏུན་ཤིང་ངོ་། ། ཤར་དུ་རྣམ་རྒྱལ་ཐོད་པ་སྟེ། ། མེར་ནི་འདོད་རྒྱལ་རྩེ་གསུམ་མོ། ། རྡོ་རྗེ་རྩེ་གཅིག་གཤིན་གཤེད་ལྷོར། ། བདེན་བྲལ་རལ་གྲི་སྟོབས་པོ་ཆེ། །
BOནུབ་ཏུ་རྟ་ མགྲིན་པདྨ་སྟེ། ། བྱང་དུ་བགེགས་དགྲ་རྡོ་རྗེ་རྒྱ། ། ནུབ་ཏུ་དབྱུག་པ་སྔོན་པོ་སྟེ། ། དབང་ལྡན་དུ་ནི་མི་གཡོ་བ། ། དེ་ཡི་རྒྱབ་ཏུ་ཉན་ཐོས་ནི། ། ཤཱ་རིའི་བུ་དང་རབ་འབྱོར་དང་། ། མཽད་གལ་བུ་དང་འོད་སྲུང་དང་། ། རྒྱལ་མཆོག་དང་ནི་ས་སྟེང་སྐྱོང་། ། རྟ་ཐུལ་དང་ནི་བ་གླང་བདག ། དྲག་ཤུལ་དབང་ཆེན་ཆངས་བུ་ཅན། ། བྷ་ར་དྷྭ་ཛ་ལྟེང་རྒྱས་དང་། ། དགའ་བོ་ཉེ་དགའ་སྒྲ་གཅན་ནོ། ། དེ་ལྟར་བཅུ་དྲུག་ཕྱག་རྒྱའོ། ། པདྨའི་སྟེང་དུ་ལྷུང་བཟེད་དོ། ། དེ་ནས་ཡང་དག་བཤད་བྱ་བ། ། འཇམ་དཔལ་དཀྱིལ་འཁོར་བཟང་པོ་ཡི། ། དབུས་སུ་རལ་གྲི་ མེ་འོད་ཅན། ། རིན་ཆེན་རྡོ་བྲག་སྟེང་དུ་བྲི། ། བྱང་དུ་རྡོ་རྗེས་མཚན་པ་ཡི། ། བུམ་པ་བྲི་བ་བྱམས་པའོ། ། ཤར་དུ་ཀུན་ཏུ་བཟང་པོ་ཡི། ། རྡོ་རྗེ་དཀར་པོ་བྲི་བར་བྱ། ། ལྷོར་ནི་མེ་འོད་ལྡན་པ་ཡི། ། ལག་ན་རྡོ་རྗེའི་རྡོ་རྗེ་བྲི། ། ནུབ་ཏུ་འཇིག་རྟེན་དབང་པོ་སྟེ། ། བད་དཀར་འོད་དང་ལྡན་པ་བྲི། ། ཡིད་བཞིན་ནོར་འཛིན་མཛེས་གཟུགས་ཅན། ། རིན་ཆེན་རྡོ་སྟེང་དབང་ལྡན་བྲི། ། མེར་ནི་རབ་འབར་རྡོ་རྗེ་ཡི། ། བགྲང་ཕྲེང་པདྨ་ལ་གནས་བྲི། ། བདེན་བྲལ་དུ་ནི་རབ་བརྗིད་པའི། །
BOགོ་ཆ་འབར་བ་བྲི་བར་བྱ། ། རླུང་དུ་ མཛེས་པ་གཞོན་ནུའི་ལྷ། ། རིན་ཆེན་སྒྲོམ་ནི་བྲི་བར་བྱ། ། སྟེང་དུ་བརྟུལ་ཕོད་ཅེས་ཁྲོ་བོའོ། ། པདྨའི་སྟེང་དུ་ཁྲོ་བོ་ཡི། ། འོག་ཏུ་ཁྲོ་རྒྱལ་མངག་གཞུག་གི། ། རྡོ་རྗེ་བྲག་སྟེང་ཞགས་པ་བྲི། ། ཁྲོ་བོ་ལྷག་མ་སྔོན་གྱི་ནི། ། ཚུལ་གྱིས་རྒྱལ་བར་དགོད་པར་བྱ། ། བརྟན་པ་ ཞེས་པའི་ཕོ་ཉ་མོའི། ། ཆུ་གྲི་བྱང་དུ་བྲི་བར་བྱ། ། ཟླ་བའི་དཀྱིལ་འཁོར་འཆང་བ་ཡི། ། མཁའ་སོར་མ་ནི་ཤར་དུའོ། ། ཉི་མའི་དཀྱིལ་འཁོར་འཆང་བ་ཡི། ། རྣམ་འཇིགས་མ་ནི་ལྷོ་རུའོ། ། ནུབ་ཀྱི་ཕྱོགས་སུ་བྲི་བར་བྱ། ། མཛོད་སྤུ་མ་ཞེས་རིན་ཕྲེང་འཛིན། ། རིན་ ཆེན་རྡོ་སྟེང་ཤར་ལྷོར་བྲི། ། ཤར་ལྷོར་བགེགས་འཛིན་མ་ཞེས་པ། ། འཁོར་ལོ་མེ་འབར་རྡོ་རྗེ་བྲི། ། འབར་བའི་གཏུན་ཤིང་བདེན་བྲལ་དུ། ། འཇོམས་པའི་ཐོ་བ་རླུང་དུ་བྲི། ། ཐལ་སྦྱར་གུང་མོ་ནང་དུ་བཅུག ། པདྨ་མཛོད་ཀྱི་ཕྱག་རྒྱ་དང་། ། སྔགས་འདིས་དཀྱིལ་ འཁོར་བྱིན་གྱིས་བརླབ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། ཧཱུཾ་ཧཱུཾ་བ་མཾ་མཾ་སྭཱ་ཧཱ། སྤྱན་དྲངས་གཤེགས་སུ་གསོལ་བ་དང་། ། སྲུང་བ་མཆོག་གི་སྔགས་ཡིན་ནོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ།
BOསརྦ་བི་ཤྭ་མུ་ཁེ་བྷྱཿ། ཧེ་ཧེ་ཧེ། ཨཱ་ཛྙཱ་པ་ར་མ་ར་ག་ག་ན་ ཨཱ་གཙྪཱ་གཙྪ་བྷ་ག་བཱ་ན་ཤཱི་གྷྲཾ་སྭཱ་ཧཱ། བསྙེན་པ་འབུམ་ལ་བྱིན་བརླབས་དང་། ། ལྷ་བསྒྲུབ་པ་དང་མཆོད་པའོ། ། དེ་ནས་ཡང་དག་བཤད་བྱ་བ། ། རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་ནི། ། དབུས་སུ་འཇིག་རྟེན་དབང་སྡུད་ཉིད། ། པདྨ་དམར་པོ་འཆང་བའོ། ། ཤར་དུ་དོན་ ཡོད་ཞགས་པ་ནི། ། བགྲང་ཕྲེང་སྔོན་པོ་འཆང་བའོ། ། ལྷོར་ནི་ནམ་མཁའ་དྲི་མེད་དེ། ། རྡོ་རྗེ་སྔོན་པོ་འཆང་བའོ། ། ནུབ་ཏུ་གར་གྱི་དབང་པདྨ། ། བྱང་དུ་ཐུགས་རྗེ་ཤུགས་པོ་ཆེ། ། རྡོ་རྗེ་ནག་པོ་འཛིན་པ་བྲི། ། སྒྲོལ་མ་ཁྲོ་གཉེར་རལ་གཅིག་དང་། ། ཡིད་{བཟངས་,བཟང་}མ་ནི་ མཚམས་སུ་བྲི། ། ཁྲོ་བོ་དང་ནི་ཕོ་ཉ་མོ། ། འཇམ་པའི་དབྱངས་ཀྱིས་རིམ་པས་དགོད། ། དེ་ནས་ཕྱག་ན་རྡོ་རྗེ་ཡི། ། དཀྱིལ་འཁོར་ཡང་དག་བཤད་པར་བྱ། ། དབུས་སུ་ཕྱག་ན་རྡོ་རྗེ་ཉིད། ། རྡོ་རྗེ་དཀར་པོ་འཆང་བའོ། ། ཤར་དུ་སངས་རྒྱས་སྤྱན་མ་ཡིན། ། ལྷོར་ནི་པད་འཛིན་ མཱ་མ་ཀཱི། ། ནུབ་ཏུ་གོས་འཆང་ན་བཟའ་དཀར། ། བྱང་དུ་སྒྲོལ་མ་ཨུཏྤལ་འཆང་། ། ཕྱོགས་བཞིར་ནམ་མཁའ་དྲི་མེད་དང་། ། ཤུགས་པོ་ཆེ་དང་རྡོ་རྗེ་ཏོག །
BOསྙེམས་ཚུལ་ཆེན་པོ་ཞེས་པ་རྣམས། ། རིགས་ཀྱི་མཚན་མ་འཛིན་པའོ། ། དེར་ཡང་སྔོན་ལྟར་ཁྲོ་བོ་རྣམས། ། རིམ་པ་བཞིན་དུ་བྲི་བར་བྱ། ། དེ་ཡི་ཆ་རྒྱབ་དཀྱིལ་འཁོར་ལ། ། དྲག་པོ་ལྷ་རྣམས་བཀོད་པ་ནི། ། དཔུང་{བཟངས་,བཟང་}ལ་སོགས་རྡོ་རྗེ་ཅན། ། བརྒྱད་པོ་བྱང་གི་ཕྱོགས་སུ་བྲི། ། ཚོགས་འཆང་བཤེས་གཉེན་འགྲོ་སྐྱོང་དང་། ། མཐོང་དཀར་རིག་བྱེད་བདེན་བྲལ་མེད། ། ངན་ སྤོང་བརྒྱད་དེ་དྲང་སྲོང་ཤར། ། ལྷོར་ནི་རྡོ་རྗེ་དགྲ་སྟ་མ། ། རྡོ་རྗེ་ཐོ་བ་དྲག་ཤུལ་མ། ། རྟ་རྣ་མ་དང་ཁྲོ་གཉེར་མ། ། རོ་ལངས་མ་དང་ལྕགས་སྒྲོག་མ། ། མཐོང་དཀར་མ་སྟེ་བརྒྱད་པོ་བྲི། ། དུག་སེལ་རྨ་བྱ་འོད་ཟེར་ཅན། ། ནོར་རྒྱུན་རལ་གཅིག་དཔུང་རྒྱན་མ། ། དབྱངས་ ལྡན་དྲིལ་སྒྲོལ་བརྒྱད་ནུབ་ཕྱོགས། ། ཀུན་ཀྱང་རང་རིག་ཕྱག་རྒྱ་ཅན། ། སྒོ་ཡི་ཕྱོགས་སུ་དགོད་བྱ་བ། ། ཐུབ་པའི་འཇིག་རྟེན་སྐྱོང་བ་བཞི། ། བརྒྱ་བྱིན་ཁྱབ་འཇུག་དབང་ཕྱུག་ཆེ། ། ཚངས་པ་འཇམ་དཔལ་དཀྱིལ་འཁོར་ལའོ། ། རྒྱལ་དང་རྣམ་རྒྱལ་མི་ཐུབ་མ། ། གཞན་མི་ཐུབ་ མ་སྤྱན་རས་གཟིགས། ། ནག་མོ་ཆེ་དག་ཨུཙྪུཥྨ། གཞོན་ནུ་འཕྲོག་མོ་གཏེར་འཛིན་གྱི། ། ཁྲོ་བོ་མི་གཡོ་སྒོ་བཞི་ལ། །
BOནག་པོ་ཆེ་དང་དགའ་བྱེད་དང་། ། ངན་སྤོང་དང་ནི་ཚོགས་བདག་གོ། ། མི་གཡོ་དབང་བསྐུར་དགྱེས་པ་ཡི། ། དབུས་སུ་ཁྲོ་བོ་མི་གཡོ་བའི། ། རལ་གྲི་མེ་འོད་འབར་བའོ། ། ཕྱོགས་ བཞིར་ཁྲོ་བོ་མདོག་བཞིའོ། ། འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། ། རྡོ་རྗེ་རིན་ཆེན་པདྨ་དང་། ། རྒྱ་གྲམ་གཡས་པའི་ཕྱག་ཏུ་འཆང་། ། གཡོན་པ་སྡིགས་མཛུབ་ཞགས་པ་འཆང་། ། རིན་ཆེན་བྲག་ལ་སྐུ་བཞུགས་ནས། ། ཞབས་གཉིས་པདྨའི་སྟེང་དུའོ། ། མཚམས་སུ་ཁྲོ་མོ་བཞི་པོ་ཡང་། ། གཙོ་བོ་དང་ མཚུངས་སྒེག་པའི་ཉམས། ། དེ་རྒྱབ་སྔོན་ལྟར་ཁྲོ་བོ་བཅུ། ། སྐུ་འམ་ཕྱག་རྒྱའི་ཕྲེང་བ་བྲི། ། དཀྱིལ་འཁོར་ཆ་ཡི་རྒྱབ་ཏུ་ནི། ། འཇིག་རྟེན་སྐྱོང་བཅུ་དྲག་ཤུལ་ཅན། ། ཁྲོས་པས་རང་རིག་འཁོར་བཅས་བྲི། ། བུམ་པ་ཚད་ལྡན་རས་ཀྱིས་དཀྲི། ། དྲི་{བཟངས་,བཟང་}ཆུས་བཀང་ལྷ་གྲངས་སམ། ། བཅུ་གཉིས་སམ་ནི་དྲུག་ཀྱང་རུང་། ། ཁ་རྒྱན་དང་བཅས་གཞག་པར་བྱ། ། བླ་རེ་བ་དན་གདུགས་རྒྱལ་མཚན། ། ཡོན་ཆབ་བདུག་སྤོས་མེ་ཏོག་དང་། ། སྒྲོན་མ་བྱུག་ཆབ་ཞལ་ཟས་དང་། ། གླིང་བུ་སིལ་སྙན་ན་བཟའི་ཚོགས། ། གཏོར་མའི་དྲི་{བཟངས་,བཟང་}སྨན་དང་བཅས། ། ཡིད་འོང་དྲི་ཞིམ་ཟས་སྐོམ་ ཚོགས། །
BOདཀྱིལ་འཁོར་སྤྲོས་ནས་མཆོད་པར་བྱ། ། ས་ལ་པུས་མོ་ཚད་བརྐོས་ནས། ། འབུ་སྲིན་ཤིང་རྡོ་དུམ་བུ་སོགས། ། སྐྱོན་མང་བྲལ་ནས་ས་ཡིས་དགང་། ། བ་ཡི་རྣམ་ལྔས་བྱུགས་པའི་སར། ། མེ་ཏོག་གཅལ་བཀྲམ་མཆོད་སོགས་བཀོད། ། ལྷ་ནི་སྤྱན་དྲངས་མཆོད་ནས་ཀྱང་། ། དགེ་མི་ དགེ་བའི་རྨི་ལམ་བརྟག ། རྨི་ལམ་བཟང་ན་སྤྲོ་གྱུར་ནས། ། ས་བདག་མོ་ལ་གསོལ་བ་གདབ། ། ཁྱད་པར་དུ་ཡང་གཏོར་མས་མཆོད། ། བུ་ཚུར་ཤོག་ཅེས་ཐེག་ཆེན་གྱི། ། ཚུལ་ཆེན་ཁྱོད་ནི་སྣོད་ཡིན་པས། ། གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས། ། ཁྱོད་ལ་ཡང་དག་བསྟན་པར་བྱ། ། དུས་ གསུམ་སངས་རྒྱས་འབྱུང་བ་རྣམས། ། མི་གཡོ་མགོན་པོར་རབ་བསྒོམས་པས། ། ཡེ་ཤེས་མཚུངས་པ་མེད་པ་བརྙེས། ། སྐྱོབ་པ་ཤཱཀྱ་སེང་གེས་ཀྱང་། ། གསང་སྔགས་སྦྱོར་བ་མཉམ་མེད་འདིས། ། བདུད་སྡེ་ཤིན་ཏུ་མི་བཟད་པ། ། དཔུང་ཆེན་རྣམས་ཀྱང་དཔའ་བོས་བཅོམ། ། འཇིག་རྟེན་ འདུལ་ཕྱིར་ཆོས་རྣམས་ཀྱི། ། འཁོར་ལོ་བསྐོར་ནས་མྱ་ངན་འདས། ། དེ་འདྲ་ཀུན་མཁྱེན་ཐོབ་བྱའི་ཕྱིར། ། བུ་ཁྱོད་བློ་གྲོས་འདི་གྱིས་ཤིག ། ཨུ་དུམ་བཱ་རའི་མེ་ཏོག་ལྟར། ། བརྒྱ་ལམ་ན་ནི་རེ་འགའ་ཞིག ། འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ། །
BOསྐྱོབ་པ་འཇིག་རྟེན་མགོན་པོ་ཆེ། ། རྙེད་དཀའ་ རྙེད་པར་གྱུར་ན་ཡང་། ། གསང་སྔགས་སྐྱོབ་པའི་ཚུལ་འབྱུང་བ། ། ཤིན་ཏུ་དཀའ་སྟེ་རྨད་བྱུང་ཕྱིར། ། སྡུག་བསྔལ་ཤིན་ཏུ་མི་བཟད་པ། ། འཁོར་བའི་རྒྱ་མཚོ་ཆེར་འཇིགས་ལས། ། མྱུར་དུ་སྒྲོལ་བ་གསང་སྔགས་ལས། ། ས་སྟེང་གསང་སྔགས་ནོར་བུ་འདྲ། ། རྒ་ནད་འཆི་འཇིགས་ སྤོང་བ་དང་། ། ཉེས་མཛད་གྲོགས་གཅུགས་མཐུན་འདོད་དང་། ། མུ་གེ་དགྲ་ཆོམ་བྲལ་བདེ་དང་། ། ཟས་སྐོམ་གོས་རྒྱན་ལོངས་སྤྱོད་རྟག ། བདེ་བསྐྱེད་དཔལ་འབྱོར་ཐོབ་པ་དང་། ། མྱུར་དུ་སངས་རྒྱས་འདོད་པ་ཡི། ། གསང་སྔགས་ཐབས་ལ་མྱུར་བརྩོན་བསྒྲུབས། ། ཇི་ལྟར་དུས་ གསུམ་མགོན་པོ་རྣམས། ། བྱང་ཆུབ་ཏུ་ནི་ངེས་མཛད་པའི། ། བྱང་ཆུབ་སེམས་ནི་བླ་མེད་པ། ། དམ་པ་བདག་གིས་བསྐྱེད་པར་བྱ། ། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། ། དགེ་བའི་ཆོས་ནི་སྡུད་པ་དང་། ། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། ། དེང་ནས་མཆོག་ཏུ་བརྟན་པར་བཟུང་། ། འགྲོ་ ལ་ལྷག་པའི་སེམས་བསྐྱེད་ནས། ། བླ་མ་ལ་ནི་ཡོན་ཕུལ་ཞུ། ། ཡིད་བཞིན་ནོར་འདྲ་བླ་མེད་སྐུ། ། ཞི་བ་སངས་རྒྱས་གོ་འཕང་ཐོབ། ། སྲོག་གཅོད་རྐུ་{བརྫུན་,རྫུན་}མི་ཚངས་སྤྱོད། །
BOམྱོས་བྱེད་འཐུང་དང་གླུ་གར་རོལ། ། རྒྱན་བྱུག་མལ་ཆེན་མཐོ་བ་དང་། ། ཕྱི་དྲོ་ཁ་ཟས་སྤངས་པ་སྟེ། ། བརྒྱད་དང་བཅུ་ གཅིག་བཅོ་ལྔ་དང་། ། ཁྱད་པར་དུ་ནི་གནམ་སྟོང་ལ། ། དལ་འབྱོར་ཐོབ་པ་ཤིན་ཏུ་དཀོན། ། སངས་རྒྱས་བསྟན་པ་ཤིན་ཏུ་དཀོན། ། སྡོམ་པ་བླངས་ནས་སྲོག་བཞིན་དུ། ། གཡེང་མེད་བསྡམས་ཏེ་བསྲུང་བར་བྱ། ། གསུམ་ལ་རྟག་ཏུ་སྐྱབས་འགྲོ་བྱ། ། ལྷ་མི་བདེ་ལྡན་ལུས་ཐོབ་ནས། ། དམྱལ་བ་དུད་འགྲོ་ཡི་ དགས་གནས། ། ཐོབ་ནས་སྤང་དཀའ་དེ་དག་ནི། ། ནམ་ཡང་ཐོབ་པར་མི་བྱའོ། ། བདག་ནི་དཔའ་བོ་རལ་གྲི་འཆང་། ། གསང་བའི་འཁོར་ལོ་སྦྱོར་བྱེད་པས། ། བཀའ་ལས་འདས་པའི་གདུག་ཅན་རྣམས། ། དུམ་བུ་ཕྱེ་མར་འགས་པར་འགྱུར། ། སློབ་མ་གཟུང་ཕྱིར་ཐོག་མར་ནི། ། བསྙེན་པས་སྔགས་ཀྱི་མཐུ་ བསྐྱེད་བྱ། ། ལོངས་སྤྱོད་འཕེལ་ཕྱིར་གཏོར་མ་གཏང་། ། བསོད་ནམས་འདོད་ཕྱིར་མཆོད་པ་བརྩོན། ། བླ་མ་ཐོས་བསམ་སྒོམ་ལ་གནས། ། གཏོང་ཕོད་དུལ་ཞིང་ཆོས་སྤྱོད་མཁས། ། ནད་མེད་བཟོད་དེས་སྙིང་རྗེ་ཆེ། ། སྔགས་སྒྲུབ་བརྩོན་དཔའ་ཤེས་རབ་ཅན། ། བརྟགས་ནས་སློབ་མ་ལྔ་འམ་བདུན། ། དད་བརྩོན་ ཞི་དུལ་བླ་མ་བཀུར། ། སྡིག་འཇིགས་ནད་མེད་དབང་པོ་ཚང་། །
BOདབྱིབས་སྡུག་སྙིང་རྗེར་ལྡན་པ་གཟུང་། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས་སྐྱེ་བོ་གཟུང་བའི་ཐབས་ཀྱི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་ཡང་དག་བཤད་བྱ་བ། ། རིག་འཛིན་པ་ཡི་དངོས་གྲུབ་ཆེ། ། གཞན་དུ་མེད་ པ་ཕུལ་བྱུང་བ། ། རྒྱུད་འདིར་བཤད་པ་མཉན་པར་བྱོས། ། མི་ནི་རིན་ཆེན་དང་པོ་སྟེ། ། གང་གང་བསྒྲུབ་པ་དེ་དང་དེ། ། འགྲུབ་པར་འགྱུར་གྱི་གཞན་དུ་མིན། ། རལ་གྲི་ལྕགས་སམ་ཤིང་ཉིད་ལ། ། སོར་བཞི་པའམ་སོར་བརྒྱད་བྱ། ། ཡུ་བར་རིགས་ཀྱི་རྒྱ་ལྔ་བྲི། ། བ་ཡི་རྣམ་ལྔ་དྲི་ཞིམ་ཆུས། ། བཀྲུས་ ཏེ་དྲི་དང་མེ་ཏོག་མཆོད། ། ཟླ་དྲུག་སྔགས་བཟླས་ཁྲོ་བོ་སྒོམ། ། རལ་གྲི་དུད་འཐུལ་འོད་དུ་འབར། ། བླངས་པས་མཁའ་སྤྱོད་ཡུལ་འགྲོ་འགྱུར། ། ཚེ་ནི་བར་གྱི་བསྐལ་པ་སྟེ། ། ལྷ་ཡི་བཞོན་པ་སྣ་ཚོགས་བཅིབས། ། སངས་རྒྱས་ཞིང་རྣམས་འགྲོ་བར་འགྱུར། ། གསེར་དངུལ་ཟངས་ཀྱི་ཞགས་པའམ། ། ཤིང་གི་ཞགས་པའང་དེ་ལྟར་འགྲུབ། ། རྒྱལ་མཚན་ནོར་བུ་གིའུ་ཝང་གདུགས། ། ལྕགས་ཀྱུ་རྣམས་ཀྱང་དེ་བཞིན་བསྒྲུབ། ། ལྷ་རྣམས་བསྒྲུབ་ན་ཐང་ཤིང་ལ། ། གང་འདོད་ལྷ་ཡི་གཟུགས་བྱས་ཏེ། །
BOསྔགས་བཟླས་ཙམ་གྱིས་མདུན་དུ་འོང་། ། ཅི་འདོད་གསོལ་འདེབས་འདོད་པ་སྨྲ། ། ཀླུ་ལ་ནཱ་ག་གེ་ སར་ཤིང་། ། གནོད་སྦྱིན་ལ་ནི་གསེར་ལས་གཟུགས། ། དྲི་ཟ་ལ་ནི་འོ་མའི་ཤིང་། ། མཁའ་ལྡིང་འཇིམ་པའི་གཟུགས་ཀྱིས་སོ། ། སྲིན་པོ་ལ་ནི་དུར་ཁྲོད་ཤིང་། ། གང་ཡང་གཟུགས་བྱས་རྐང་པ་ནི། ། གཡོན་པས་དེ་ཡི་སྐེ་མནན་ཏེ། ། སུམ་འབུམ་བཟླས་ན་མདུན་དུ་འོང་། ། ཅི་འདོད་སྨྲ་ཚེ་དགོས་པ་བླང་། ། ཤར་དུ་རས་རིས་ཁ་སྤྲད་དྲུང་། ། དུས་གསུམ་ཁྲུས་བྱ་གོས་རློན་གྱོན། ། སུམ་འབུམ་བཟླས་ན་མར་ངོ་ཡི། ། བརྒྱད་ལ་འབྱུང་པོ་གཏོར་མ་སྦྱིན། ། མཎྜལ་སྟེང་དུ་རོ་བཞག་ནས། ། རང་ཉིད་རིན་ཆེན་ཁྲི་སྟེང་དུ། ། སྙིང་པོ་ཁྲི་བརྗོད་རོ་འགུལ་འགྱུར། ། མི་སྐྲག་ཁ་ཡི་ནང་དུ་ལྕེ། ། པདྨ་ཁ་ཕྱེ་ལྟེ་ཅན་མཐོང་། ། བཅད་ན་རལ་གྲི་རིག་འཛིན་འགྱུར། ། ལྷ་ཡི་གཟུགས་ཀྱིས་ཚངས་པ་ཡི། ། འཇིག་རྟེན་ཁམས་ཀྱི་གནས་རྣམས་རྒྱུ། ། གིའུ་ཝང་བདུན་བཟླས་ཐིག་ལེས་ནི། ། སྐྱེ་བོ་ཀུན་གྱིས་མི་མཐོང་ངོ་། ། མི་གཡོ་པུས་མོ་བཙུགས་པའམ། ། འཇམ་དཔལ་རིས་མའི་དྲུང་དུ་ནི། ། འཇམ་དཔལ་སྔགས་འདི་ས་ ཡ་བཟླས། ། ཉ་ལ་ཁྱད་པར་མཆོད་པ་བྱ། ། མཚན་རངས་བཟླས་པའི་ཐོ་རངས་ནས།
BO། དང་པོ་རྟགས་ས་གཡོ་བར་འགྱུར། ། གཉིས་པ་ཉི་མ་འགྱུར་ལྡོག་བྱེད། ། ཕྱོགས་བཞིར་མཁའ་ལ་སྒྲ་ཆེན་པོ། ། ཧ་ཧ་འབྲུག་སྐད་གྲག་པར་འགྱུར། ། གསུམ་པར་མཁའ་ལ་རིག་འཛིན་རྣམས། ། མེ་ཏོག་ ཆར་འབེབས་ཆུན་འཕྱང་སྒྲེང་། ། དེ་རྗེས་རིག་འཛིན་མ་ལུས་དང་། ། འཇིག་རྟེན་སྐྱོང་བས་རབ་བསྐོར་ནས། ། ཁྲོ་རྒྱལ་བྱོན་ནས་གསུང་སྙན་གྱིས། ། ཅི་འདོད་བུ་ཁྱོད་གསུང་བར་འགྱུར། ། རིག་འཛིན་རྒྱལ་པོ་མི་སྣང་སོགས། ། ཅི་འདོད་པར་ནི་སྨྲ་བར་བྱ། ། འགྲུབ་ནས་བརྒྱད་གཉིས་ཆ་བྱད་ཅན། ། རྒྱན་བཟང་ལག་ན་རལ་གྲི་ཐོགས། ། ལྷ་ཡི་བཞོན་པ་ལ་བཅིབས་ནས། ། རིག་འཛིན་ཚོགས་མང་ལྷན་ཅིག་ཏུ། ། སངས་རྒྱས་ཞིང་མང་ཕྱིན་པའི་ཚེ། ། རྒྱལ་སྲས་རྣམས་ཀྱིས་ཕྱག་བྱས་ནས། ། མཆོད་པ་ཆེན་པོ་ཐོབ་འགྱུར་ཏེ། ། བསྐལ་པ་དུ་མར་ཚེ་གནས་འགྱུར། ། ཨུཏྤལ་སྔོན་ པོ་ལིག་བུ་མིག ། རུ་རྟ་ཟངས་སྣོད་རིལ་བུ་གཞག ། ཟླ་བ་གཟས་ཟིན་པར་བཟླས་ནས། ། མིག་བསྐུས་འདོད་པའི་ཁམས་གསལ་འགྱུར། ། བདག་ནི་སུས་ཀྱང་མི་མཐོང་ངོ་། ། གནམ་ལྕགས་རྡོ་རྗེ་སོར་བཅུ་དྲུག ། ངོས་གཉིས་རྩེ་གསུམ་དབྱིབས་ཅན་ཏེ། ། ཙནྡན་དམར་དང་དྲི་{བཟངས་,བཟང་} བྱུག ། ཆོ་འཕྲུལ་ཚེས་གཉིས་ཉ་ཡི་བར།
BO། མཆོད་ཅིང་བཟླས་ན་ཐ་མར་ནི། ། མར་མེ་བརྒྱ་སོགས་ཀྱིས་མཆོད་དེ། ། ཀུ་ཤ་ཁྲེས་ཀྱི་སྟེང་འདུག་ནས། ། རྡོ་རྗེ་ལག་གཉིས་གཟུང་མ་ཐག ། དུད་འཐུལ་འོད་དུ་འབར་ནས་ཀྱང་། ། འཁོར་བཅས་རིག་པ་འཛིན་པ་ཡི། ། འཁོར་ལོས་སྒྱུར་ བ་ཐོབ་པར་འགྱུར། ། འཁོར་ལོ་བདུན་སོགས་མཚོན་ཆ་དང་། ། གསེར་དང་མལ་ལྷམ་ཚངས་སྐུད་སོགས། ། དགོས་པ་ཐམས་ཅད་དེ་ལྟར་སྒྲུབ། ། སྔོན་གྱི་ཚུལ་དུ་དངོས་གྲུབ་འབྱུང་། ། ཚེས་གཅིག་ཉིན་པར་སྐུ་གཟུགས་ཀྱི། ། མཐེ་བོར་ཛ་ཏི་སྔགས་བརྗོད་བརྡེག ། སྟོང་ཕྲག་བརྒྱད་ ཀྱིས་མཐེ་བོ་ལས། ། འོད་ཟེར་ཕྱུང་ནས་རེག་མ་ཐག ། དབུ་སྐྲ་ལྕང་ལོ་འཁྱིལ་གྱུར་ནས། ། འཁོར་བཅས་རིག་འཛིན་རྒྱལ་པོ་འཐོབ། ། སུས་ཀྱང་མི་ཐུབ་ལུས་གྲུབ་འགྱུར། ། ཚེ་ནི་བསྐལ་པའི་བར་དུ་གནས། ། ས་ལ་པད་འདབ་བརྒྱད་པ་བྲི། ། བུམ་པ་སྐུད་པ་ནག་པོས་དཀྲི། ། ཙནྡན་གྱིས་ བྱུགས་དྲིས་ཀྱང་དགང་། ། པདྨའི་སྟེང་བཞག་པད་སྟེང་འདུག ། སྟོང་ཕྲག་བརྒྱད་བཟླས་ས་གཞི་གས། ། པདྨར་སྣང་ཞིང་ས་གཞིར་སྣང་། ། ཆུ་དེས་གཏོར་ལ་ཁྲུ་གང་བརྐོ། ། བླངས་པས་བསྐལ་བའི་ཚེ་ཚད་འཐོབ། ། གྲོག་མཁར་ས་ལ་སེང་གེ་བྱ། ། གིའུ་ཝང་གིས་བྱུགས་དཀྱིལ་འཁོར་ གཞག །
BOགཡོ་འགུལ་བར་དུ་མཆོད་ཅིང་བཟླ། ། སེང་གེར་གྱུར་ནས་རྒྱབ་ཞོན་ནས། ། འདོད་གཟུགས་ལྷ་གནས་ཀུན་དུ་འགྲོ། ། སངས་རྒྱས་ཞིང་ཡང་མཐོང་བར་འགྱུར། ། ཚེ་ལོ་ཁྲི་ཕྲག་གཅིག་བསྐོར་ནས། ། རིག་འཛིན་ཆེན་པོའི་གནས་སུ་འགྲོ། ། འདིར་གསུངས་པའམ་ མ་གསུངས་པ། ། སྔགས་དང་ལྷ་འདི་བསྒྲུབས་པ་ཡིས། ། རིག་འཛིན་གྲུབ་པར་གྲགས་པ་རྣམས། ། མ་ལུས་ཐམས་ཅད་འགྲུབ་པར་འགྱུར། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྟོག་པ་བསྡུས་པ་ལས་རིག་འཛིན་བསྒྲུབ་པའི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་ཡང་དག་བཤད་བྱ་བ། ། ཕྲན་ཚེགས་ལས་ཀྱི་སྦྱོར་བ་གཙོ། ། གཟའ་ཡི་ཆོ་ག་འདི་ཡིན་ཏེ། ། གནོད་པ་སེལ་དང་ཕན་སྐྱེད་མཛད། ། བ་ཡི་རྣམ་ལྔས་བྱུགས་པ་ཡི། ། དཀྱིལ་འཁོར་དབུས་སུ་པདྨ་ནི། ། ཁ་དོག་སྣ་ཚོགས་ཉིས་བརྩེགས་ཀྱི། ། དབུས་སུ་སངས་རྒྱས་དེ་བཞིན་ལྷོར། ། ཆོས་ནི་རྡོ་རྗེ་ཆོས་དཀར་ པོ། ། ཤར་དུ་དགེ་འདུན་ལྗང་གུའོ། ། ནུབ་ཏུ་འཇིག་རྟེན་དབང་ཕྱུག་དམར། ། བྱང་དུ་ཕྱག་ན་རྡོ་རྗེ་སྟེ། ། བྱང་ཤར་དུ་ནི་འཇམ་དཔལ་སེར། ། མེར་ནི་གཤིན་རྗེའི་གཤེད་ངོ་གནག ། དབྱུག་འཆང་མ་ཧེ་ཞོན་པའོ། ། མི་གཡོ་མགོན་པོ་སྲིན་པོ་ཕྱོགས། །
BOརྟ་མགྲིན་རླུང་གི་ཕྱོགས་སུའོ། ། དཀོན་མཆོག་ གསུམ་པོ་ཆོས་འཆད་རྒྱ། ། སེམས་དཔའ་ཁྲོ་བོ་རང་རྟགས་སོ། ། ཀུན་ཀྱང་རིན་ཆེན་ཁྲི་ལ་བཞུགས། ། དེ་རྒྱབ་ཆ་ལ་གཟའ་རྣམས་ཏེ། ། ཤར་དུ་ཉི་མ་དཀར་སེར་ནི། ། རྟ་ལ་ཞོན་ཏེ་པདྨ་འཆང་། ། ནུབ་ཏུ་ཟླ་བ་དཀར་པོ་ནི། ། ཀུ་མུ་ད་འཆང་ངང་པ་ཞོན། ། ལྷོར་ནི་མིག་དམར་ཁ་དོག་དམར། ། རིལ་ བའི་སྟེང་བཞུགས་མེ་སྒྲོན་བསྣམས། ། ལག་པ་མདོག་སེར་ཨུཏྤལ་འཆང་། ། བྱང་དུ་པད་སྟེང་བཞུགས་པ་ཡི། ། ཕུར་བུ་མདོག་སྔོན་གླེགས་བམ་ཐོགས། ། ཤར་ལྷོ་ཕྱོགས་སུ་ཀླུ་ལ་བཅིབས། ། པ་ཝ་སངས་དཀར་ཤིང་ཐོག་འཆང་། ། ལྷོ་ནུབ་གསེར་གྱི་ཁྲི་ལ་བཞུགས། ། བྱང་ཤར་སྤེན་པ་ མདོག་ནག་ནི། ། ཚངས་པའི་སྟེང་ན་དབྱུག་པ་ཐོགས། ། ནུབ་བྱང་སྒྲ་གཅན་དུད་ཀ་ནི། ། སྦྲུལ་གྱི་སྟེང་ན་འཁོར་ལོ་འཛིན། ། རྣོན་པོ་ལྗང་གུ་རལ་གྲི་འཆང་། ། གཙོ་བོའི་དྲུང་དུ་པད་སྟེང་བཞུགས། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦཱ་པ་རི་པཱ་ར་ཀེ་བྷྱཿ། སརྦ་ཐཱ། ཨོཾ་བྷ་གི་ནཱཾ་སྭཱ་ཧཱ། ཉི་མའི་སྙིང་པོའོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦཱ་པ་རི་པཱུ་ར་ཀེ་བྷྱཿ སརྦ་ཐཱ། ཨོཾ་སརྦ་ཏྲ་ཡཾ་ཨ་སྭཱ་ཧཱ། ཟླ་བའི་འོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ།
BOསརྦཱ་པ་རི་པཱུ་ར་ཀེ་བྷྱཿ སརྦ་ཐཱ། ཨོཾ་ཨ་བྷིརྱ་ཡ་སྭཱ་ཧཱ། རྣོན་པའི་འོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦཱ་པ་རི་པཱུ་ར་ཀེ་བྷྱཿ སརྦ་ཐཱ། ཨོཾ་སུབྷི་ཤུདྡྷཱ་སྭཱ་ཧཱ། མིག་ དམར་གྱིའོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦཱ་པ་རི་པཱུ་ར་ཀེ་བྷྱཿ སརྦ་ཐཱ། ཨོཾ་བི་སུ་ཏྲ་པ་ཀཱ་ཡ་སྭཱ་ཧཱ། གཟའ་ལྷག་གིའོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦཱ་པ་རི་པཱུ་ར་ཀེ་བྷྱཿ སརྦ་ཐཱ། ཨོཾ་བྷི་ཀ་མྱ་དྷཱ་ཡ་སྭཱ་ཧཱ། ཕུར་བུའིའོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྡཱ་པ་རི་པཱུ་ར་ཀེ་བྷྱཿ སརྦ་ཐཱ། ཨོཾ་སུ་དྷརྨཱརྞ་ ར་ཧོ་སྭཱ་ཧཱ། ། པ་བ་སངས་ཀྱིའོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦཱ་པ་རི་པཱུ་ར་ཀེ་བྷྱཿ སརྦ་ཐཱ། ཨོཾ་ཀྲྀཥྞ་བརྞ་ཕ་ཀ་སྭཱ་ཧཱ། སྦེན་པའི་འོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦཱ་པ་རི་པཱུ་ར་ཀེ་བྷྱཿ། སརྦ་ཐཱ། ཨོཾ་བི་ཀྲྀ་ཏ་ལ་ཀུ་རུ་ཙི་སྭཱ་ཧཱ། སྒྲ་གཅན་གྱིའོ། ། སྔགས་རེ་བརྒྱད་སྟོང་བརྒྱད་བརྒྱ་བཟླས། ། ཅི་ འབྱོར་མཆོད་དེ་གསོལ་བ་གདབ། ། ལོངས་སྤྱོད་སྤེལ་ཅིང་འཇིགས་པ་སེལ། ། ནད་མེད་བགེགས་རིགས་འཇོམས་པར་འགྱུར། ། རིམས་སོགས་གཟས་ཟིན་ནད་ལ་ཡང་། ། སྐུ་ཡི་དྲུང་དུ་གསོལ་བཏབ་སེལ། ། ཞི་རྒྱས་དབང་དྲག་གང་སྦྱར་བ།
BO། དེ་དག་ཐམས་ཅད་འགྲུབ་ པར་འགྱུར། ། མི་དང་བྱ་རྒོད་སྦྲུལ་རུས་པ། ། སྐབས་སུ་བཏུམས་ནས་དགྲ་ཁྱིམ་སྦ། ། དགྲ་བོ་ནད་བསྐྱེད་ནོར་རྣམས་བརླག ། རྟག་ཏུ་འཐབ་མོ་འབྱུང་བར་ངེས། ། སྟག་སྤུ་ཐོད་རུས་འུག་པའི་སྤུ། ། དགྲ་བོའི་སྒོར་སྦས་སྐྲོད་པར་བྱེད། ། ནེའུ་ལེ་ནག་པོ་ཝ་སྦལ་རུས། ། རང་ཁྲག་རྩངས་པའི་མགོ་བོ་རྣམས། ། གོང་བུ་མིང་བཅས་དགྲ་སྒོར་སྦ། ། དགྲ་བོ་འཁོར་བཅས་ཤི་བར་འགྱུར། ། མི་ཚིལ་དུར་ཐལ་རྒྱ་སྐྱེགས་ནི། ། ཐོད་པ་སོ་ཅན་ནང་བླུགས་ནས། ། གང་གི་སྒོར་བཞག་ཁང་པ་འཇིག ། ཀུ་ཤའི་གཟུགས་བརྙན་རྐང་པས་མནན། ། དབང་སྦྱར་འདོད་པའི་སྔགས་བཟླས་ན། ། རྒྱལ་པོ་ཆེ་ཡང་དབང་འགྱུར་ན། ། འབྱུང་པོ་གཞན་ལྟ་སྨོས་ཅི་དགོས། ། བུད་མེད་སྐྱེས་ཕྱུགས་ལ་སོགས་ལ། ། རང་མིང་ལྡན་པའི་གཟུགས་བྱས་ཏེ། ། རྐང་པ་གཡོན་མནན་མིང་བཅས་བཟླ། ། གང་དང་གང་ཡང་ངེས་པར་འགྲུབ། ། ས་ལ་བགེགས་ཀྱི་གཟུགས་བྲིས་ཏེ། ། སྔགས་ཀྱིས་བརྡུངས་ན་བརླག་པར་འགྱུར། ། འཇིམ་པས་བགེགས་ཀྱི་གཟུགས་བྱས་ཏེ། ། གདབ་ཅིང་བརྡུངས་ན་སེལ་བར་ངེས། ། ཕུར་བུ་གདབ་དང་མཚོན་ཆས་བྲབ། ། རྡོ་རྗེ་རི་རབ་ཅོག་བརྒྱད་ལྡན། ། ས་ལ་བྱས་པའི་ཐེམ་བར་དུ། །
BOགཟུགས་བརྙན་བཅུག་སྟེ་རྐང་པས་མནན། ། གཟས་ཟིན་ནུབ་མོ་བའི་མཎྜལ། ། དྲི་{བཟངས་,བཟང་}མེ་ཏོག་སིལ་མ་བཀྲམ། ། ཕ་རོལ་ཕྱིན་པའི་གླེགས་བམ་བཞུགས། ། ཟངས་མའི་སྣོད་དུ་མར་བཞག་སྟེ། ། སེང་ལྡེང་མེས་ནི་བསྐོལ་བར་བྱ། ། དངོས་གྲུབ་རྣམ་གསུམ་འགྲུབ་པ་དང་། ། གཏེར་མཐོང་ བར་ཡང་འདི་འགྱུར་རོ། ། ཁྲོས་པས་སྤྱན་གྱི་ཕྱག་རྒྱ་བྱ། ། ཧཱུཾ་མཐའ་གསང་སྔགས་དྲག་ཏུ་བརྗོད། ། དུར་ཁྲོད་ཐལ་བ་གང་བྱིན་པ། ། གདོན་གྱིས་འཛིན་ནམ་བྲན་དུ་འགྱུར། ། དེ་ནས་མི་གཡོ་སྤྱན་གཅིག་པའི། ། སྔགས་ཀྱི་ཆོ་ག་བཤད་པར་བྱ། ། རིས་མའི་དྲུང་དུ་འབུམ་ཕྲག་གསུམ། ། བརྗོད་པས་འདི་ཡི་བསྙེན་པ་རྫོགས། ། དབེན་པར་ཟན་གྱི་ཆང་བུ་སྦྱིན། ། དེས་ན་རྟག་ཏུ་འབྲེལ་བར་འགྱུར། ། མཛུབ་མོའི་རྩེ་ལ་ཧཱུཾ་བཀོད་ནས། ། བརྗོད་པས་སྤྲིན་རྣམས་འདྲལ་བར་བྱེད། ། དགྲ་བོ་ལྷར་བཅས་གཟུགས་བརྙན་ལ། ། རྐང་གཡོན་མནན་བཟླས་ལྕགས་ཕུར་གདབ། ། བཀའ་ ཉན་འགྱུར་རོ་གཏུབས་ན་ཤི། ། སྐུད་པ་སེར་པོས་བཅིང་ནད་དག ། སྤང་ལེབ་མནན་ན་མནན་པར་འགྱུར། ། ར་ལྤགས་བྲབས་ན་བཀའ་ཉན་འགྱུར། ། སྲད་བུ་ཡུངས་ཀར་ལ་བཟླས་ཏེ། ། འཆང་ན་གང་འདོད་སྲུང་བར་བྱེད། ། ན་མཿསརྦ་ཏ་ཐཱ་ག་བྷྱཿ།
BO། སརྦ་བི་ཤྭ་མུ་ཁེ་བྷྱོཿ། སརྦ་ཐཱ། ཨོཾ་ཙཎྜ་ མ་ཧཱ་རོ་ཥ་ཎ་ཧཱུཾ་ཏྲཾ་ཐཱ་མ་ཧཱ་ཙཎྜ། ཨ་ཙ་ལ་ཀ་ན་ཧཱུཾ་ཧཱུཾ་ཧཱུཾ་ཨ་པྲ་ཏི་ཧ་ཏ། ཏ་ཐཱ་ག་ཏ་ཛྙཱ་སྨ་ར་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ། ། ཙནྡན་སྦགས་པའི་པདྨ་ནི། ། སྔགས་བཅས་ཅི་ཙམ་བསྒྱུར་བའི་གྲངས། ། གསེར་གྱི་དོང་ཙེ་རྙེད་པར་འགྱུར། ། བྲམ་ཟེ་འམ་ནི་དགེ་འདུན་ རས། ། རྒྱལ་པོ་རས་སམ་གྲོ་ག་ལ། ། པདྨ་མུ་ཁྱུད་གཉིས་ལྡན་བྲི། ། ལྟེ་བར་ཨོཾ་ཧཱུྃ་མིང་དང་བཅས། ། ཙཎྜ་མ་ཧཱ་རོ་ཥ་ཎ། ། ཕཊ་དང་བཅས་པ་འདབ་མར་བཀོད། ། མུ་ཁྱུད་དང་པོར་རྩ་སྔགས་ཏེ། ། གཉིས་པ་འཇམ་དཔལ་སྔགས་ཉིད་བྲི། ། དྲི་དང་མེ་ཏོག་སོགས་མཆོད་ ནས། ། སྐབས་ཀྱིས་དྲིལ་ནས་ལུས་ལ་བཅངས། ། གདོན་དང་ནད་དང་མུ་གེ་སེལ། ། གཡུལ་དུ་ཕྱིན་ན་རྒྱལ་བར་འགྱུར། ། ཡང་ན་རལ་གྲི་སོར་བཞིར་བྲི། ། འོད་ཀྱི་རི་མོ་ནང་ཆུད་པ། ། ཡེ་དྷརྨཱ་ལ་སོགས་ཀྱིས་བསྐོར། ། དབུས་སུ་མིང་དང་བཅས་པ་ཡི། ། སྙིང་པོ་སྔགས་ནི་ ཁྲིགས་སུ་བྲི། ། འདིས་ཀྱང་སྔོན་གྱི་ཡོན་ཏན་འགྱུར། ། མཐོ་ལྔས་འཁོར་བའི་པར་བུ་ནི། ། མཐོ་གང་འཕང་དུ་ཡོད་པར་བྱ། ། ནང་དུ་མཚལ་གྱིས་འཇམ་དཔལ་སྔགས། །
BOམགོ་ནི་གྱེན་དུ་བལྟས་པ་བྲི། ། ཁ་ལ་ཉེ་བར་རྟེན་འབྲེལ་སྔགས། ། སྤྲ་ཚིལ་ལས་བྱས་དགྲ་ཡི་ གཟུགས། ། དུག་དང་གྲི་ཁྲག་གིས་བྲིས་ནས། མིང་ཡིག་བསོད་པར་བཅས་པ་ནི། ། ལིང་གའི་སྙིང་གར་བཅུག་བྱས་ཏེ། ། དཀྱིལ་འཁོར་གྲུ་གསུམ་ནག་པོ་ཡི། ། དབུས་སུ་མཐོ་གང་བྲུས་བྱས་ཏེ། ། ནང་བཞག་སྟེང་དུ་པར་བུ་སྦུབ། ། ཅི་སྲིད་མར་གྱི་ཚེས་གཅིག་ནས། ། ཟླ་བ་མི་སྣང་ཞག་བར་དུ། ། ཉིན་མོ་རྟེན་འབྲེལ་སྔགས་བཟླས་ཏེ། ། མཚན་དུས་ཁྲོ་བོ་སྤྱན་གཅིག་པའི། ། སྔགས་ནི་དྲག་ཏུ་བརྗོད་པར་བྱ། ། མཚམས་དང་ཅི་སྲིད་མཚམས་བར་དུ། ། གཡོན་དུ་བསྐོར་ཞིང་རྩ་བའི་སྔགས། ། དྲུག་ཅུ་རྩ་བཞིའི་གྲངས་སུ་བརྗོད། ། འཇམ་ དཔལ་སྔགས་ཀྱིས་ཆོས་གོས་སྲུང་། ། བདེ་གཤེགས་ཡི་གེ་བརྒྱ་པས་ནི། ། མཆོད་རྟེན་ལ་ནི་གསེག་ཤང་བསིལ། ། སངས་རྒྱས་བསྟན་པ་འཇིག་པ་དང་། ། སྔགས་ལ་འཕྱ་ཞིང་སེམས་ཅན་འཚེ། ། ལོག་ལྟ་ལོག་པར་སྤྱོད་བྱེད་ཅིང་། ། སེམས་ཅན་ལ་འཚེ་བྱེད་པ་ནི། ། རྒྱལ་པོ་ཁྲོ་བོ་ཆེ་བཅུ་དང་། ། འཇིག་རྟེན་སྐྱོང་དང་རྒྱལ་ཆེན་བཞི། ། མ་ཚོགས་གཟའ་དང་རྒྱུ་སྐར་ཚོགས། ། བསྟན་དགའ་རྣམས་ཀྱིས་མྱུར་དུ་སྒྲོལ། ། རྒྱུད་གཞན་དག་ལ་གྲགས་པ་ཡི། །
BOབདེན་པའི་མཐུ་ཡང་དུ་མ་བརྗོད། ། དུར་ཁྲོད་ས་ལ་མཆོད་རྟེན་ནི། ། ནག་པོ་གྲུ་གསུམ་ཁྲུ་གང་བའི། ། སྲོག་ཤིང་ནག་པོ་གྲུ་གསུམ་ལ། ། བདེ་གཤེགས་ཡི་གེ་བརྒྱ་པས་དཀྲི། ། གུར་ཀུམ་ལི་ཁྲིས་བྲིས་པའོ། ། མྱ་ངན་མེད་ཤིང་གྲུ་གསུམ་ལ། ། རྒྱ་གྲམ་དབང་ཆེན་རིམ་པར་བཅའ། ། ལྃ་དང་སྟཾ་བྷ་ཡ་ནན་བརྒྱད། ། ཕྱོགས་བརྒྱད་བྲི་བའི་ རྭ་དབུས་ལ། ། ཉེ་སྙིང་མིང་དང་བཅས་པ་བྲི། ། དེ་ཡི་ལྟེ་བར་སྙིང་པོ་ནི། ། བསད་པ་མིང་བཅས་བྲི་བའོ། ། ཚོགས་ཀྱི་བདག་པོ་གཏོར་མས་མཆོད། ། མ་མོ་རྣམས་དང་ལེགས་ལྡན་སྲས། ། ཤ་ཁྲག་མེ་ཏོག་ནག་པོས་མཆོད། ། ཇི་སྲིད་གསུམ་དང་བདུན་བར་དུ། ། ལེ་ལོ་མེད་ པར་བྱས་གྱུར་ན། ། དགེ་སློང་དགེ་ཚུལ་བསྙེན་ལྡན་གང་། ། སྡོམ་བརྩོན་དེ་ནི་ལྡན་གྱུར་ཏེ། ། སྡིག་ལྡན་མྱུར་དུ་ཤི་བར་འགྱུར། ། དེ་ནས་ཡང་དག་བཤད་བྱ་བ། ། གཏུམ་པོ་རྡོ་རྗེ་འཛིན་པ་ཡི། ། སྣ་ཚོགས་ལས་རྣམས་ཐུན་མོང་སྟེ། ། ཁྱད་པར་སྦྱོར་བ་ཅུང་ཟད་བཤད། ། ཡུངས་ཀར་ བསྣུན་པས་འབྱུང་པོ་འབྲོས། ། སེར་བ་བསྲུང་ན་འཁོར་ལོའམ། ། རྔ་དང་དུང་ལ་བྲི་བར་བྱ། ། གཡུལ་དུ་འཇུག་ན་རལ་གྲི་སོགས། ། ནད་ལ་འཁོར་ལོ་ཆུ་ཡུངས་ཀར། །
BOཐོད་ལོ་ཀོར་གྱིས་ས་ཕོར་ལ། ། བྲིས་ཏེ་སྒོར་དབྱངས་སྲིའུ་བསྲུང་། ། སྤྲ་ཚིལ་གཟུགས་བརྙན་སོར་བཞི་པ། ། དུར་ཁྲོད་ ཐལ་བཟླས་སྒོ་སྟེང་བཞག ། ནད་པ་གདོན་ལས་བསྲུང་བར་ངེས། ། སྙིང་གར་མིང་སྔགས་སྤེལ་བཅུག་ནས། ། ཚེར་མ་ཁར་བཙུགས་ངག་རེངས་བྱེད། ། སྙིང་ལ་བཙུགས་ན་ཁྲོས་པ་ཞི། ། ནན་ཏན་སེམས་ཀྱིས་གསོད་པར་ངེས། ། ལིང་གས་རྟགས་ཀྱི་ནུས་པ་མེད། ། ཡང་ན་རབས་ཆད་ཐོད་ པ་ལ། ། མིང་སྔགས་བྲིས་ཏེ་མི་ཁྲག་བཀང་། ། རབས་ཆད་དུར་སྦས་རིགས་རྒྱུད་འཆད། ། ཁྱི་ནག་ཐོད་པར་མིང་སྔགས་བཅས། ། དུག་བཀང་ཀླུ་གནས་སྦས་མཛེས་འཛིན། ། དགྲ་ཡི་སྒོར་སྦས་འབྱེད་པར་བྱེད། ། ཞིང་དུ་སྦས་ན་ལོ་ཉིས་བྱེད། ། ཕྱུགས་གནས་གོད་འབྱུང་ཟླ་དང་འབྱེད། ། ཆུ་དོང་ སྦས་ན་ཆུ་སྐེམས་འགྱུར། ། མེ་དུར་སྦས་ན་རིམས་ཀྱིས་འཛིན། ། ཡང་ན་དགྲ་མིང་ཁྲག་གིས་བྲི། ། སྤྲ་ཚིལ་གཟུགས་ཀྱི་སྙིང་གར་བཅུག ། མཆོད་རྟེན་ནག་པོ་མཐོ་གང་བའི། ། ནང་བཅུག་དོང་བཞག་ལྷུང་བཟེད་སྦུབ། ། བྲམ་ཟེ་རིགས་བཞིས་སྔགས་བརྗོད་ཅིང་། ། ནག་པོ་ཚེས་ནས་ཕྱིས་ བསྐོར་ཞིང་། ། བདེན་པའི་མཐུ་བརྗོད་གཟུགས་བརྙན་བསྲེག ། དགྲ་བོ་ཤི་འགྱུར་ཐེ་ཚོམ་མེད། །
BOགྲི་ཁྲག་བྱ་རོག་འུག་པའི་ཁྲག ། ཀ་ཏ་ཡི་ལྟེ་བ་ལ། ། ཀ་རོ་ཀ་ཡི་དུས་སུ་ནི། ། གཟུགས་ལ་མིང་དང་སྔགས་བཅས་བྲིས། ། རྐང་པས་མཉེས་ན་རྡུལ་དུ་འགྱུར། ། རྡོ་རྗེ་འཛིན་པའི་བཀའ་བཞིན་ ནོ། ། མཚོན་གྱིས་བསད་པའི་ཐོད་པ་ལ། ། སྔགས་དང་ཡུལ་ལྷའི་མིང་སྤེལ་བྲི། ། ལྷ་ཡི་གནས་བཅུག་དེ་སྟེང་དུ། ། སྔགས་བཟླས་ཕུར་པ་སྙིང་གར་གདབ། ། གདུག་པའི་ཚེར་མའི་ཧོམ་སྦར་ཏེ། ། མི་རྟ་བ་ལང་ཁྱི་མ་ཧེ། ། སྣ་ཚོགས་ཁྲག་བསྲེས་འདི་སྐད་བརྗོད། ། ལྷ་ཁྱོད་ཡུལ་འདིར་ཐོག་སེར་ ཕོབ། ། མེད་ན་བསྐལ་བར་ཁྱོད་ཉིད་སྲེག ། དེ་རྗེས་དཀར་དང་མངར་མཆོད་དོ། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྟོག་པ་བསྡུས་པའི་རྒྱུད་ལས་སྦྱོར་བ་ཕྲན་ཚེགས་ཀྱི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ནས་སྦྱིན་སྲེག་ལས་རྣམས་ཀུན། ། མྱུར་འགྲུབ་ཐབས་ནི་བཤད་པར་བྱ། ། མངར་ གསུམ་དཱུར་བ་བསྲེགས་པ་ཡིས། ། གནོད་རིགས་ཐམས་ཅད་སེལ་བར་བྱེད། ། ཡམ་ཤིང་འབྲས་བུ་གསུམ་བསྲེགས་ཤིང་། ། གདོན་ནད་ཐམས་ཅད་ཞི་བར་བྱེད། ། འོ་མ་ཅན་གྱི་ཡམ་ཤིང་ལ། ། འོ་མ་དཱུར་བ་ཏིལ་དང་འབྲས། ། སྙིང་རྗེའི་སེམས་ཀྱིས་བརྒྱ་བསྲེགས་ན། ། གནོད་པ་ཐམས་ཅད་ ཞི་བར་འགྱུར། །
BOག་བུར་མངར་གསུམ་འབྲུ་ཐམས་ཅད། ། དཱུར་བ་དཀར་པོའི་ཡམ་ཤིང་རྣམས། ། འོ་མ་ཅན་གྱི་ཤིང་ལ་བསྲེག ། ནད་དང་གདོན་རྣམས་ཐམས་ཅད་ཞི། ། འོ་མ་སྦྱིན་སྲེག་བརྒྱ་རྩ་བརྒྱད། ། ཕྱུགས་ངས་ཆེན་པོ་ཞི་བར་འགྱུར། ། དཱུར་བ་མངར་གསུམ་མིང་བཅས་པས། ། བསྲེགས་པས་རྟ་ཕྱུགས་ནད་ཞི་བྱེད། ། ཤར་ལྷོ་ནུབ་བྱང་ཕྱོགས་ཀྱི་ནི། ། དཀར་ནག་དམར་སེར་ཁ་དོག་འགྲུབ། ། ཁྲུ་གང་ཁྲུ་གཉིས་ཚད་ཀྱི་ཐབ། ། སོར་བཞི་ཁ་ཁྱེར་རིམ་པས་བཏང་། ། སེམས་དཔའ་པདྨའི་རྡོ་རྗེ་དང་། ། གཅིག་པུས་ཞི་རྒྱས་དབང་དྲག་འགྲུབ། ། དེ་ནས་རྒྱས་པའི་ སྦྱིན་སྲེག་ནི། ། ཅི་འདོད་ཐོབ་པ་བཤད་པར་བྱ། ། པདྨའི་ཆུ་ལ་འབུམ་ཕྲག་གཅིག ། རྒྱལ་པོ་འཐོབ་སྟེ་བློན་པོ་ནི། ། ཀུ་མུ་ད་ལ་འབུམ་ཕྲག་གསུམ། ། ཞོ་དང་མངར་གསུམ་དང་བཅས་པའོ། ། ཨ་པ་མརྒའི་འབྲས་བུ་དང་། ། མངར་གསུམ་འབུམ་གྱིས་ཡུལ་བདག་འཐོབ། ། རིགས་ བཟང་འབུམ་ཕྲག་བདུན་གྱིས་ནི། ། ཡིད་ལ་ཅི་འདོད་ཐོབ་པར་འགྱུར། ། དཱུར་བ་ཏིལ་དང་འབྲས་སོགས་བསྲེག ། བུད་མེད་བུ་བཟང་ཐོབ་པར་འགྱུར། ། ནོར་འདོད་པས་ནི་རྐུན་པོ་ཡི། ། ལག་པ་གཡས་པ་མཛོད་བཞག་ནས། ། མཆོད་ཅིང་གསོལ་བ་བཏབ་པས་ནི། །
BOནོར་ རྣམས་མྱུར་དུ་ཐོབ་པར་འགྱུར། ། ཡང་ན་རྒྱ་ཡི་པགས་པ་ལ། ། གུར་གུམ་གིའུ་ཝང་ཡུང་བས་ནི། ། བྱི་བ་ཆེར་བརྗིད་སེར་པོ་བྲི། ། ཤར་ན་མཛོད་ཕུགས་བལྟས་པར་གཞག ། ཟས་ཀྱི་ལྷག་མས་མཆོད་བྱ་ཞིང་། ། གསོལ་བ་བཏབ་པས་ནོར་རྙེད་འགྱུར། ། པདྨའི་ཟེ་བ་ཀ་ལི་ཀ། ། པྲི་ཡང་ཀུ་ནི་ནོར་རྙེད་དོ། ། འབྲས་བསྲེགས་པས་ཀྱང་ནོར་ཆེན་འཐོབ། ། ཀུ་མུ་ད་ཡི་འབྲས་སོགས་བསྲེགས། ། ལོངས་སྤྱོད་ཆེ་དང་ས་གཞི་འཐོབ། ། པདྨ་ཞོ་དང་སྦྲང་རྩི་མར། ། སྦྱིན་སྲེག་འབུམ་གྱིས་མཆོག་སྩོལ་བ། ། གསུམ་པ་དག་ཀྱང་མཐོང་བར་འགྱུར། ། བིལ་བའི་འབྲས་བུ་མངར་ གསུམ་བཅས། ། འབུམ་ཕྲག་གསུམ་དུ་བསྲེགས་པས་ནི། ། རང་ཉིད་རྒྱལ་པོ་ཆེན་པོར་འགྱུར། ། མར་དང་ཡུངས་ཀར་དཀར་པོས་ནི། ། ནིམ་པའི་ཤིང་ལ་འབུམ་བསྲེགས་ན། ། སྙིང་པོ་རྙིང་པ་རྒྱས་པར་འགྱུར། ། ནས་ལ་སོགས་པ་འབྲུ་རིགས་རྣམས། ། གང་བསྲེགས་གསོལ་བཏབ་ དེ་རྒྱས་འགྱུར། ། གང་འདོད་གོས་ཀྱི་ཁ་དོག་ཅན། ། མེ་ཏོག་བསྲེགས་ན་གོས་རྙེད་འགྱུར། ། སྤོས་ཤིང་བསྲེགས་ན་འཁོར་གཡོག་འཕེལ། ། ཞོ་མར་སེང་ལྡེང་མེ་ལ་སྟོང་། ། བསྲེགས་ན་ནོར་རྣམས་རྙེད་པར་འགྱུར། ། དེ་ནས་དབང་གི་བསྲེག་ལུགས་བཤད། །
BOཏིལ་དང་འབྲས་ སོགས་ཕུབ་མ་བསྲེགས། ། བུད་མེད་དབང་དུ་བྱེད་པའོ། ། པྲི་ཡང་ཀུ་ཡི་སྦྱིན་སྲེག་གིས། ། བྱིས་པ་རྣམས་ནི་དབང་དུ་འགྱུར། ། འོ་མ་སྦྲང་རྩི་ཨ་རུ་རའི། ། ཤིང་ལ་བསྲེགས་ན་ལྷ་དབང་བྱེད། ། གསུམ་པོ་དེ་དང་གུ་གུལ་བསྲེགས། ། གནོད་སྦྱིན་རྣམས་ནི་དབང་དུ་འགྱུར། ། མྱ་ངན་ མེད་པའི་ཡམ་ཤིང་གིས། ། གནོད་སྦྱིན་མོ་རྣམས་དབང་དུ་འགྱུར། ། རྒྱལ་པོའི་ཡུངས་ཀར་ཡུངས་མར་བཅས། ། བསྲེགས་པས་རྒྱལ་པོ་དབང་དུ་འགྱུར། ། དེ་ནས་དྲག་པོའི་ལས་གྲུབ་པའི། ། སྦྱིན་སྲེག་ཡང་དག་བཤད་པར་བྱ། ། མིང་བཅས་ཚད་དང་ནིམ་པ་བསྲེགས། ། བསྟན་ སྡང་དགྲ་བོ་མྱུར་དུ་འཆི། ། དགྲ་མིང་དུག་གིས་ནིམ་པ་ལ། ། བྲིས་ཏེ་དུག་དང་ལྷན་ཅིག་ཏུ། ། སྦྲུལ་ཤུན་ཐུམ་པོ་ལྔ་བྱས་ནས། ། ཐོད་པ་ལྔ་ཡི་ནང་བཞག་སྟེ། ། ལྔ་པོ་ཡུངས་མར་གྱིས་བཀང་ནས། ། གསུམ་ནི་སྒྱེད་པུ་གཉིས་བརྩེག་ལ། ། ཁྲོས་པས་གཅིག་ཏུ་སྐྲ་གྲོལ་བས། ། སྔགས་བརྗོད་ཐལ་བར་གྱུར་པར་དུ། ། ཉིན་ཕྱེད་བསྲེགས་ན་དགྲ་འཆི་ངེས། ། འཆི་ལྟས་འདབ་མ་རྩ་བ་ཤུན། ། ར་ཁྲག་ཡུངས་མར་ཚྭ་རྒྱ་སྐྱེགས། ། ཚ་བའི་བུད་ཤིང་ཡམ་ཤིང་ལ། ། བདུན་ཕྲག་མིང་དང་བཅས་པ་བསྲེགས། །
BOསྟོང་ཕྲག་གཉིས་ཀྱིས་རྟ་ཕྱུགས་འཆི། ། བཞིས་ནི་ བུ་དང་ཆུང་མ་འཆི། ། དྲུག་གིས་ཉེ་དུ་གཉེན་འདུན་བརླག ། བརྒྱད་ཀྱིས་དགྲ་ཡི་རང་སྲོག་འཆད། ། གལ་ཏེ་སྐྱབས་སུ་འོང་གྱུར་ན། ། འོ་མ་སྟོང་བསྲེགས་རྣལ་དུ་སོས། ། ཁྲག་དང་དུག་ཕྱེ་ནིམ་པའི་འབྲས། ། ཡུངས་མར་ལ་སྦགས་བརྒྱ་རྩ་བརྒྱད། ། མྱོས་བྱེད་ལ་བསྲེགས་དགྲ་བོ་འཆི། ། ཡང་ན་རུས་ཕྱེ་ནིམ་པའི་ལྔ། ། རང་གི་ཁྲག་གམ་ཡུངས་མར་སྦག ། ཡང་ན་སྐེ་ཆེ་དུག་དང་ནི། ། ནིམ་བའི་འབྲས་བུས་གསད་པར་བྱ། ། ཡང་ན་གྲི་ཁྲག་གིས་བསྲེགས་པས། ། བྱད་མ་མྱུར་དུ་གསོད་པར་འགྱུར། ། ནིམ་པའི་ལྔ་དང་ར་ཁྲག་དུག ། དྲི་མ་ལྔ་བཅས་གཟུགས་སྙིང་ གར། ། མིང་ཡིག་བཅུག་ནས་ཕུར་བུས་གདབ། ། རིག་སྔགས་བྱད་མ་ཉིད་ལྡོག་འགྱུར། ། རྒྱ་སྐྱེགས་མི་རུས་ཕྱེ་མ་ཡིས། ། མི་ལྤགས་རློན་ལ་དགྲ་གཟུགས་བྲི། ། དུག་དང་སྐེ་ཚེ་ཅུང་ཟད་བྱུགས། ། ནིམ་པའི་མེ་ལ་ཁྲོས་པས་བསྲོ། ། བསྲེགས་པས་ཚ་བའི་རིམས་ཀྱིས་འཆི། ། དཱུར་བ་འོ་མས་སོས་པར་འགྱུར། ། དུག་དང་ནིམ་པ་སྒོག་སྐྱ་དང་། ། མི་རུས་ཕྱེ་བསྲེགས་ཕྱུགས་རྣམས་བརླག ། ཚ་གསུམ་ལན་ཚྭ་དཱུར་རང་སྐྱུར། ། ཡུངས་མར་རོ་སྐྲ་སྦྲུལ་ཤུན་དང་། །
BOནིམ་པའི་ལྔ་དང་མི་རུས་ཕྱེ། ། སྐྱེ་ཚེ་དུག་ཕྱེ་སྒོག་བཙོང་དང་། ། སྒོག་སྐྱ་ཚེར་མའི་མེ་ལ་ བསྲེགས། ། དགྲ་བོ་ཁྲག་ཏུ་སྐྱུག་སྟེ་འཆི། ། རྒྱ་སྐྱེགས་ལན་ཚྭ་བ་ལང་མཁྲིས། ། བསྲེགས་ན་མཆིན་གས་ནད་ཀྱིས་འཆི། ། སྒེའུ་གཤེར་ལན་ཚྭ་ཚ་བ་གསུམ། ། གཟུགས་བརྙན་དུར་ཁྲོད་མགལ་དུམ་ལ། ། མགོ་ནས་རྐང་པའི་བར་དུ་བསྲེགས། ། ཐིག་ནག་གིས་ནི་གསོད་ པར་འགྱུར། ། འོ་མ་ཅན་གྱི་ཡམ་ཤིང་ལ། ། དཀར་གསུམ་བསྲེགས་ན་སོས་པར་འགྱུར། ། དྲི་ཆུས་སྤངས་པའི་ས་ལས་ནི། ། ཐབ་ཁུང་བྱས་ཏེ་དུག་གིས་བྱུགས། ། ནིམ་པའི་འདབ་མར་དགྲ་བོའི་མིང་། ། ར་ཁྲག་གིས་བྲིས་རྒྱུས་པས་དཀྲིས། ། ཚ་གསུམ་ཤིང་གི་མེར་ བསྲེགས་པས། ། རྒྱལ་པོ་མྱུར་དུ་འཆི་བར་ངེས། ། དུག་ཁྲག་ལན་ཚྭ་ཚ་བ་གསུམ། ། མིང་བཅས་གཟུགས་བརྙན་ནི་མ་པའི་མེར། ། བསྲེགས་ན་དགྲ་བོ་དམུ་རྫིང་ངམ། ། མཛེ་ནད་ཀྱིས་ནི་གསོད་པར་འགྱུར། ། ཚ་གསུམ་ནི་མ་པ་དུག་དང་དཱུར། ། ཁྲག་ དང་ལན་ཚྭའི་གཟུགས་བརྙན་ནི། ། ལན་ཚྭ་ནི་མ་པ་ཚ་བའི་མར། ། བྱུགས་ནས་ཨརྒའི་ཤིང་ལ་བསྲེགས། ། མཛེ་ནད་ཆེན་པོས་བཟུང་ནས་འཆི། ། ར་ཁྲག་ཚ་གསུམ་ཡུངས་མར་སྤོས། ། ནིམ་པའི་ལོ་མ་ན་ལེ་ཤམ། །
BOཡུངས་མར་དུག་བསྲེགས་ཚ་བས་འཆི། ། ན་ལེ་ཤམ་མམ་དུག་དང་ཚྭ། ། དྷ་དུ་ར་ལྔ་ཚ་བ་གསུམ། ། སོལ་བ་ལ་ནི་དགྲ་གཟུགས་བྱ། ། ཡུངས་མར་བྱུགས་ཏེ་བསྲེགས་ན་འཆི། ། ཚ་གསུམ་པ་ཡི་འབྲས་བུ་ཡིས། ། ནིམ་པའི་འདབ་མ་དགྲ་མིང་བྲི། ། ཐོད་པར་དུག་ཡུངས་ལྷན་ཅིག་བཞག ། དྷ་དུ་ར་ལྔ་བཙོས་ ནས་འཆིང་། ། རིག་མ་བྱང་དུ་བལྟས་ནས་ཀྱང་། ། རང་ཉིད་ལྷོ་ཕྱོགས་བལྟ་བར་བྱ། ། ཚངས་པ་ལ་སོགས་ལྷ་ཚོགས་དང་། ། འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཅན། ། མ་མོ་མཁའ་འགྲོ་ཤ་ཟ་སོགས། ། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས། ། རིག་འཛིན་ཁྲོ་བོའི་རྒྱལ་ པོ་དང་། ། སངས་རྒྱས་དཀྱིལ་འཁོར་ལྷ་རྣམས་གསོན། ། སྡིག་ཅན་ང་རྒྱལ་གདུག་ཅིང་ཁྲོ། ། ཆད་ལྟ་སྔགས་འཕྱ་དཀོན་མཆོག་བཅོམ། ། བསྟན་ལ་སྡང་ཞིང་སེམས་ཅན་འཚེ། ། མཚམས་མེད་ཅན་འདི་བསྒྲལ་དུ་གསོལ། ། རླུང་གིས་འདར་ཞིང་ཆར་གྱིས་གཤེར། ། མེས་གདུང་རྡུལ་ཚུབ་སྐམ་འདིར་སྐྱེ། ། སེང་གེ་མཁའ་ལྡིང་སྟག་ཁྲོ་བོས། ། བཅོམ་ཞིང་འབུ་སྦྲང་བུང་རྒོད་ཀྱིས། ། ཁྲག་འཇིབ་བྱ་ཚོགས་མཁའ་ལ་ཁྱེར། ། མངོན་སྤྱོད་ལས་ཀྱི་བསམ་གཏན་ནོ། ། དེ་ནས་སྣ་ཚོགས་ལས་བཤད་པ། ། མི་རུས་ཕྱེ་མ་ཚེ་སྐྱེ་ཚེ། །
BOགནོད་སྦྱིན་ འཁྲིག་པ་དུག་ཤིང་ལ། ། ཐ་དད་མིང་བཅས་བསྲེགས་པས་ནི། ། བསྐྲད་དང་དབྱེ་དང་སྨྱོ་བར་བྱེད། ། དཱུར་བ་འོ་མར་བཅས་པས་སོས། ། དྷ་དུར་ཡན་ལག་ལྔ་འབྲས་བུ། ། ཚེར་མའི་མེས་བསྲེགས་སྨྱོ་བར་བྱེད། ། ཚ་གསུམ་ལན་ཚྭས་ཚ་རིམས་བསྐྱེད། ། ཡང་ན་ཤིང་སྐམ་ ལྟ་བུར་སྐམས། ། ཛམ་བའི་ར་དང་རང་སྐྱུར་བཅས། ། དགྲ་བོ་གྲང་བའི་རིམས་ཀྱིས་འདེབས། ། ཁྭའི་སྒྲོ་ཨེ་རཎྜའི་མར་ཁུས། ། བྱུགས་པ་དྷ་དུར་མ་ལ་བསྲེགས། ། ལག་སྟོབས་ཁྭ་ཏ་ལྟ་བུར་ནི། ། དགྲ་བོས་མཐའ་ཀུན་ཏུ་འཁྱམ། ། སྐེ་ཚེ་མི་རུས་ལན་ཚྭ་དུག ། ཡུངས་མར་ ནིམ་པའི་མེ་ལ་བསྲེགས། ། དགྲ་བོ་རྟག་ཏུ་འཐབ་པ་དང་། ། ནད་རྣམས་ཀུན་གྱིས་འདེབས་པར་འགྱུར། ། དུར་ཁྲོད་ཐལ་བ་སོལ་བར་བཅས། ། དགྲ་བོའི་གཟུགས་བྱས་དུམ་བུར་གནོན། ། ཚམ་ངམ་ཕུར་བུར་འདེབས་པ་ནི། ། ཕོལ་མིག་ནད་ངན་སྐྱེད་པར་བྱེད། ། བྱ་རྒོད་ འུག་པ་བྱི་ལ་ཤ། ། ནེའུ་ལེའི་སྤུ་རྣམས་ཁྱེར་བའི་མེར། ། དྲུག་ཅུ་རྩ་བརྒྱད་བསྲེགས་པ་ཡིས། ། ཐུན་གཉིས་མྱུར་དུ་འབྱེད་པར་ངེས། ། ཁྲག་ཅན་རས་ལ་གཟུགས་བྲིས་ན། ། རྐང་གཡོན་སྐེར་མནན་ཚམ་ངམ་བཅས། ། འདོད་བཅས་སྔགས་ནི་དྲག་པོ་ཡིས། །
BOབརྒྱལ་དང་ རིམས་ནད་མཆེར་ནད་བསྐྱེད། ། དགྲ་ཡི་སྐྲ་དང་རྐང་རྗེས་ས། ། དགྲ་གཟུགས་དུག་དང་སྐེ་ཚེས་བྱུགས། ། ཚེར་མེས་བསྲེགས་ན་རེངས་པར་འགྱུར། ། དགྲ་ཡི་ཕ་རུས་དུག་རང་སྐྱུར། ། གཟུགས་བྱད་ནིམ་པའི་མེར་བསྲེགས་ན། ། དགྲ་བོ་གདོན་ཆེན་ནད་ཀྱིས་འདེབས། ། ཕག་ རྟུག་སྣུ་ཧ་ཨརྒའི་ཤིང་། ། ཚེར་མེས་བསྲེགས་ན་མགོ་འཁོར་འགྱུར། ། ནེའུ་ལེ་བྱི་ལ་བྱི་ཚེར་སྤུ། ། བསྲེགས་ན་བུད་མེད་བུ་བརླག་འགྱུར། ། མི་དང་ནེའུ་ལེ་ཁྭ་རུས་པ། ། ཡུངས་མར་ནིམ་པའི་མེ་ལ་བསྲེགས། ། གྲོང་དང་གྲོང་ཁྱེར་སྐྲོད་པར་བྱེད། ། སྟག་སྤུ་ཐོད་རུས་ འུག་པའི་སྤུ། ། ས་ཧ་མེ་ཏོག་ན་ལེ་ཤམ། ། ནིམ་པའི་ལོ་མ་དུག་བསྲེགས་བྱེད། ། ནིམ་པའི་འབྲས་བུ་དུག་ལན་ཚྭ། དྷ་དུར་འབྲུ་བསྲེགས་ནད་སྐྱེད་བྱེད། ། དུག་ཁྲག་དྷ་དུར་འབྲས་བུ་ཡིས། ། ནིམ་པའི་ཤིང་ལ་དགྲ་མིང་བྲི། ། ཚ་གསུམ་ལན་ཚྭ་ཁྲག་གིས་བྱུགས། ། ལྕགས་སྣོད་ཡུངས་མར་ནང་བཞག་ནས། ། ནིམ་པའི་ཤིང་གི་མེ་ཡིས་བཙོ། ། དགྲ་བོ་ལྷ་དང་འབྱེད་པར་འགྱུར། ། མི་ཁྱི་བྱ་རྒོད་རུས་ཕྱེ་དུག ། སྐེ་ཚེ་ཡུངས་མར་སྦྲུལ་ཤུན་དང་། ། ནིམ་པའི་ལྔ་དང་སྐགས་ལན་ཚྭ། ། ཚེར་མེས་བསྲེགས་ན་ནད་ཀྱིས་འདེབས། །
BOསྐེ་ཚེ་དུག་ སྐེགས་སྦྲུལ་ཤུན་ཚ་བའི་མར། ། གཟུགས་བྱས་ཚ་བའི་མེ་ལ་གདུང་། ། ཆར་ཆེས་པ་དང་ཐོག་འབབ་འགྱུར། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས་སྦྱིན་སྲེག་གི་ལེའུ་སྟེ་དགུ་པའོ། ། ། ། དེ་ནས་ཚངས་པ་ཁྱབ་འཇུག་སོགས། ། འཁོར་གྱི་དཀྱིལ་འཁོར་ ཐམས་ཅད་ཀྱིས། ། བཞེངས་ཏེ་ཐལ་མོ་སྦྱར་ནས་ཀྱང་། ། སྙན་པས་ཆེད་དུ་འདི་བརྗོད་དོ། ། ཨེ་མ་སངས་རྒྱས་ཐམས་ཅད་ལ། ། ཐབས་དང་ཤེས་རབ་བསམ་དུ་མེད། ། ཐུགས་རྗེས་གྱུར་པའི་ཐུགས་ཀྱིས་ནི། ། མཚུངས་མེད་རྒྱ་ཆེ་དམ་ཆོས་གསུངས། ། དུག་གི་འཇིགས་པས་ས་སྟེང་འཁྲིགས། ། ཉོན་མོངས་མུན་འཇིགས་མེད་པ་ཡི། ། བདུད་རྩི་འོད་བཟང་འདིར་གུས་ན། ། ངན་འགྲོའི་འཇིགས་པ་སྟོང་བར་འགྱུར། ། དེ་ནས་ཚངས་སོགས་འཇིག་རྟེན་སྐྱོང་། ། རྫུ་འཕྲུལ་ལྡན་རྣམས་ཀུན་འདུས་ནས། ། ངོམ་ཞིང་ཆེད་དུ་བརྗོད་པ་འདི། ། སྙན་པའི་ཚིག་གིས་རབ་ཏུ་གསོལ། ། ཨེ་མ་སངས་རྒྱས་ཆེ་བའི་བདག ། སེམས་ཅན་ཀུན་ལ་སྨན་པར་དགྱེས། ། སྐྱོབ་ཆེན་འཇིག་རྟེན་མགོན་པོ་ཡི། ། མཚུངས་མེད་བསམ་གྱིས་མི་ཁྱབ་ཐབས། ། གསུངས་པ་འདི་ལ་གང་གནས་པ། ། འཁོར་བའི་སྡུག་བསྔལ་རྒྱ་མཚོ་སྦྱོང་། །
BOའགྲོ་ལ་སྨན་མཐོང་བསྒྲུབས་པས་ནི། ། ལྷག་པའི་ བདེ་བ་འབྱུང་བར་འགྱུར། ། དེ་ནས་རྡོ་རྗེ་འཛིན་པ་སོགས། ། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས། ། ངོ་མཚར་སྤྱན་ནི་གདངས་ནས་སུ། ། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མ་སངས་རྒྱས་བསམ་མི་ཁྱབ། ། གདོད་ནས་ཐུགས་སུ་འགྲོ་དོན་ཆུད། ། རྟོག་མེད་རང་བཞིན་ལས་གྲོལ་ ནས། ། བསམ་མི་ཁྱབ་པའི་གོ་འཕང་གསུངས། ། འཆང་བྱེད་དང་པོ་ངན་འགྲོ་གཅོད། ། གཉིས་པ་མཐོང་ཆོས་དངོས་གྲུབ་བྱེད། ། དེ་རྗེས་འཇིགས་མེད་ང་ཡི་མེད། ། དོགས་པ་སྤངས་ན་ཟད་པར་གྱི། ། ས་ལ་བཞུགས་ནས་སེམས་ཅན་དོན། ། མ་བསམས་ཐོགས་པ་མེད་པར་བྱེད། ། གསང་ སྔགས་རྒྱལ་པོ་སྐྱོབ་ཀུན་ལ། ། སྦྱངས་ནས་འདོད་དོན་ཀུན་གྲུབ་སྟེ། ། ནམ་མཁའ་ཆུ་གསེར་དག་པ་ལྟར། ། བསྒོམ་པ་བླ་མེད་ཡིད་རྒྱས་བྱེད། ། དེ་ནས་རིག་པ་འཛིན་པའི་ཚོགས། ། མ་ལུས་པ་རྣམས་འདུས་ནས་ཀྱང་། ། གཙོ་ལ་མེ་ཏོག་གཏོར་བྱས་ཏེ། ། ཆེད་དུ་བརྗོད་པ་འདི་བརྗོད་ དོ། ། ཨེ་མ་སངས་རྒྱས་བསམ་མི་ཁྱབ། ། དམ་པའི་ཆོས་ཀྱང་བསམ་མི་ཁྱབ། ། འགྲོ་ལ་ཕན་དང་དོན་བྱེད་པའི། ། ཆོ་གའི་མིང་དང་ཤེས་རབ་དང་། ། སྙིང་རྗེའི་དབྱེ་བས་རྒྱས་གྱུར་ནས། །
BOམནར་མེད་ལ་སོགས་ངན་འགྲོ་ཡི། ། འཇིགས་རྣམས་ལས་བརྒལ་པདྨ་ལྟར། ། རྣལ་འབྱོར་ཅན་དེ་མཛེས་པར་ སྤྱོད། ། དེ་ནས་མཐུ་སྟོབས་ཆེར་ལྡན་པའི། ། ཕྱོགས་བཅུའི་ཁྲོ་བོ་ཀུན་འདུས་ནས། ། ཤིན་ཏུ་ངོམ་པས་སྙན་ཚིག་གིས། ། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མ་སངས་རྒྱས་ཆོས་ཆེན་དང་། ། དགེ་འདུན་དཀོན་མཆོག་བསམ་མི་ཁྱབ། ། འཁོར་བའི་མུན་པ་ཆེན་པོར་ནི། ། བྱིང་བས་བལྟ་དཀའ་རྟོགས་ པ་ཡིས། ། སྔགས་དང་ཕྱག་རྒྱ་བསམ་མི་ཁྱབ། ། མཐོང་དང་ཐོས་པ་ཙམ་གྱིས་ཀྱང་། ། བལྟ་དཀའ་འབྱུང་པོ་དྲག་པོ་རྣམས། ། ལྷག་པའི་སེམས་ནི་སྐྱེས་པར་འགྱུར། ། དེ་ནས་རིག་པའི་ལྷ་མོ་ཆེ། ། སྤྱན་ལ་སོགས་པ་རྒྱ་ཆེན་རྣམས། ། ངོ་མཚར་གྱུར་ནས་སྤྱན་གདངས་ཏེ། ། སྙན་པས་ཆེད་དུ་འདི་བརྗོད་དོ། ། ཨེ་མ་སངས་རྒྱས་རྨད་དུ་བྱུང་། ། ཨེ་མ་སངས་རྒྱས་དཔའ་བོ་ཆེ། ། ཨེ་མ་སངས་རྒྱས་རབ་ཏུ་ཟབ། ། ཆོས་རྣམས་སྐྱེ་མེད་འགག་པ་མེད། ། སྒྱུ་འཕྲུལ་སྣ་ཚོགས་རོལ་བ་ལྟར། ། སྒྱུ་མ་གདུལ་བྱ་ཚིམ་མཛད་པ། ། སྤྲོས་པ་དང་བྲལ་སྤྲོས་པ་བྲལ། ། སྒྱུ་མ་རབ་ཏུ་འཕེལ་བར་མཛད། ། དེ་ནས་ཕྱོགས་བཅུའི་ སངས་རྒྱས་རྣམས། ། སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས། །
BOགདུལ་བ་དག་ལ་རབ་གཟིགས་ནས། ། འདུལ་མཛད་རྡོ་རྗེ་འཆང་བ་ལ། ། ངོ་མཚར་རྨད་ཀྱི་གསུང་གིས་ནི། ། ཆེད་དུ་བརྗོད་པ་འདིས་བསྟོད་དོ། ། ཨོཾ་ཞེས་དང་པོ་ཕྱག་འཚལ་བཀྲ་ཤིས་སྟེར་བྱེད་པ། ། སེར་སྣ་རྣམ་པར་དག་ནས་ཡོ་ བྱད་དབང་ཐོབ་དང་། ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ནི། ། རབ་དགའ་ཡེ་ཤེས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་འདུད། ། ཙཎ་ཡིག་དྲི་{བཟངས་,བཟང་}ཙནྡན་བྱུགས་དང་ངང་ཚུལ་མཚུངས། ། ཚུལ་ཁྲིམས་རྣམ་པར་དག་པས་ཚེ་ལ་དབང་བ་དང་། ། ལས་དང་རྣམ་པར་སྨིན་པ་ མཁྱེན་པའི་སྟོབས་དང་ནི། ། དྲི་མེད་ཡེ་ཤེས་ཁྲོ་རྒྱལ་མི་གཡོ་ཕྱག་འཚལ་ལོ། ། ཌ་ཡིག་ཉོན་མོངས་སྒྲིབ་པ་གཏོར་བའི་ཞི་གནས་དང་། ། བཟོད་པ་དག་པ་སྐྱེ་བ་ལ་དབང་ཐོབ་པ་དང་། ། མོས་པ་སྣ་ཚོགས་མཁྱེན་པ་ཞེས་པའི་སྟོབས་དང་ནི། ། འོད་འཕྲོ་ཡེ་ཤེས་ཁྲོ་བོ་དབྱུག་སྔོན་ཕྱག་ འཚལ་ལོ། ། མ་ཡིག་སྒྱུ་འཕྲུལ་ཆེན་པོ་ལྷག་མཐོང་ཆེ་བའི་བདག ། བརྩོན་འགྲུས་དག་པས་སེམས་ལ་ཡང་དག་དབང་ཐོབ་དང་། ། ཁམས་ཀྱི་རྣམ་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་ནི། ། འོད་བྱེད་ཡེ་ཤེས་གཤིན་རྗེ་གཤེད་པོ་ཕྱག་འཚལ་ལོ། ། ཧཱ་ཡིག་མ་ཆགས་ ཤེས་བྱའི་སྒྲིབ་འཕྲོག་སྦྱངས་པ་ཆེ། །
BOབསམ་གཏན་དག་པས་རྫུ་འཕྲུལ་ལ་ནི་དབང་ཐོབ་དང་། ། ཐམས་ཅད་དག་ཏུ་འགྲོ་བའི་ལམ་དག་སྟོབས་དང་ནི། ། སྦྱང་དཀའ་ཡེ་ཤེས་རྟ་མགྲིན་ཁྲོ་བོ་ཕྱག་འཚལ་ལོ། ། རོ་ཡིག་འཁོར་འདས་ནད་བྲལ་ཤེས་དག་ལས་དབང་ཐོབ། ། བསམ་ གཏན་རྣམ་ཐར་ཏིང་འཛིན་དང་ནི་སྙོམས་ཞུགས་པའི། ། ཀུན་ནས་ཉོན་མོངས་རྣམ་བྱང་ལྟ་བ་ཀུན་མཁྱེན་སྟོབས། ། མངོན་གྱུར་ཡེ་ཤེས་འདོད་པའི་རྒྱལ་པོ་ཕྱག་འཚལ་ལོ། ། ཥ་ཡིག་མཉམ་ཉིད་སྡོམ་ཆེན་དབང་ཕྱུག་ཆེན་པོ་རྒྱལ། ། སྟོབས་ཆེན་དག་ལས་མོས་པ་ལ་ནི་དབང་ཐོབ་དང་། ། སྔོན་གྱི་གནས་རྣམས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། ། རིང་དུ་སོང་བའི་ཡེ་ཤེས་བདུད་རྩི་འཁྱིལ་ལ་འདུད། ། ཎ་ཡིག་སྐྱེས་བུ་ཆེན་པོ་སྒྲ་ཆེན་ཀླུ་མཆོག་གཙོ། ། སྨོན་ལམ་དག་པས་སྨོན་ལམ་ཆེ་ལ་དབང་ཐོབ་དང་། ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ། མི་གཡོ་ཡེ་ཤེས་ཁྲོ་བོ་སྟོབས་ཆེན་ཕྱག་འཚལ་ལོ། ། ཧཱུཾ་ཡིག་ཧུ་ལུ་སྤྲིན་གདེངས་འབྲུག་སྒྲ་གད་རྒྱངས་ཅན། ། ཐབས་དག་པས་ནི་ཡེ་ཤེས་ཆེ་ལ་དབང་ཐོབ་དང་། ། འཆི་འཕོ་དང་ནི་གང་ཞིག་སྐྱེ་བ་མཁྱེན་པའི་སྟོབས། ། ལེགས་པའི་བློ་གྲོས་ཡེ་ཤེས་ཁྲོ་བོ་ཧཱུཾ་མཛད་འདུད། །
BOཕཊ་སྒྲས་བག་ཆགས་ཀུན་གཏོར་དག་པས་ཤེལ་དང་མཚུངས། ། ཡེ་ཤེས་དག་པས་ཆོས་ལ་དབང་ནི་ཐོབ་པ་དང་། ། ཟག་པ་ཐམས་ཅད་ཡང་དག་ཟད་པས་མཁྱེན་པའི་སྟོབས། ། ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཁྲོ་བོ་གནོད་མཛེས་འདུད། ། དེ་ནས་ཆོས་རྗེ་ཐུབ་པས་ནི། ། ལྗགས་ཀྱི་དབང་པོ་བཀྲམ་བྱས་ནས། ། འཛུམ་པ་མཛད་པས་རབ་གཟིགས་ཏེ། ། འཁོར་གྱི་དཀྱིལ་འཁོར་ཆེན་པོའི་དབུས། ། ལག་ན་རྡོ་རྗེ་མཐུ་ཆེན་ལ། ། སྙན་པའི་གསུང་གིས་བཀའ་སྩལ་པ། ། མཆོག་ཏུ་བརྟན་པར་རབ་བསྔགས་པ། ། རྡོ་རྗེ་ཐེག་པ་བླ་ ན་མེད། ། མི་གང་བསོད་ནམས་དམན་པའམ། ། མཚམས་མེད་ལ་སོགས་བྱེད་པ་ཡང་། ། རྒྱུད་འདིར་ཞུགས་པའི་དེ་མ་ཐག ། གསེར་འགྱུར་གྱི་ནི་རྩི་བཞིན་དུ། ། ལོག་རྟོག་མ་ལུས་དག་ནས་ཀྱང་། ། རྟོག་མེད་བདེ་བའི་སྐུར་བྱུང་སྟེ། ། རྨི་ལམ་བཟང་པོའི་སེམས་བཞིན་ དུ། ། རྣམ་འཕྲུལ་སྣ་ཚོགས་ཅིར་ཡང་སྣང་། ། མུ་མཐའ་མེད་པའི་འཁོར་བའི་མཚོ། ། བརྒལ་བའི་གཟིངས་ཆེན་བླ་མེད་འདི། ། ཆགས་གསང་མེད་པའི་ཚུལ་དུ་ནི། ། ཁྱོད་ཀྱིས་རྟག་ཏུ་གཟུང་བར་བྱ། ། ལག་ན་རྡོ་རྗེ་སྟོབས་པོ་ཆེས། ། སྟོན་པ་ལ་ནི་འདི་གསོལ་ ཏོ། ། རྒྱུད་འདི་ཕྱུང་མ་ཐག་ཏུ་ནི། ། གདུལ་དཀའ་བ་ནི་རབ་ཏུ་ཞི། །
BOས་སྟེང་ནད་དང་གདོན་མུ་གེ ། བར་ཆད་གནོད་པ་ཀུན་དང་བྲལ། ། སླར་ཡང་བསྟན་པ་འཕེལ་བའི་ཕྱིར། ། བརྟན་པོར་བདག་གིས་གཟུང་བར་བགྱི། ། དཔའ་བོ་མཁའ་འགྲོ་དྲག་པོ་རྣམས། ། ཡིད་ཀྱིས་བརྟུལ་ཞུགས་ ཕྱུང་ནས་ཀྱང་། ། རྒྱུད་འདི་འཛིན་པའི་རྗེས་སུ་འབྲང་། ། ལྷ་དང་འཇིག་རྟེན་པ་དང་ནི། ། མ་མོ་སྲིན་མོ་མཁའ་འགྲོ་མ། ། ཤ་ཟ་གནོད་སྦྱིན་སྲིན་མོ་རྣམས། ། རྒྱུད་འདི་འཛིན་པ་སྐྱོང་བར་བྱེད། ། རྒྱུད་འཛིན་ལོངས་སྤྱོད་སྤེལ་བར་བྱེད། ། སྟོན་པས་གསུངས་པ་རྡོ་རྗེ་འཛིན། ། ལེགས་སོ་ ཤིན་ཏུ་ཆེར་ལེགས་སོ། ། རྒྱུད་འཛིན་རྣལ་འབྱོར་ཅན་ཆེན་དེ། ། རྒྱུན་དུ་བསྲུང་ཞིང་བློ་འཕེལ་མཛོད། ། དེ་སྐད་ཀྱི་ནི་གསུང་ཐོས་ནས། ། བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། ། མཁའ་འགྲོ་མ་མོ་འཇིག་རྟེན་སྐྱོང་། ། ལྷ་ཀླུ་གནོད་སྦྱིན་དྲི་ཟར་བཅས། ། ཐམས་ཅད་ ལྡན་པའི་འཁོར་དེ་རྣམས། ། དགྱེས་ཏེ་ཐལ་སྦྱར་མངོན་པར་དགའི། ། མི་གཡོ་ཐུགས་རྗེའི་ལྕགས་ཀྱུ་བཟུང་བས་འཁོར་བའི་བཙོན་ར་ནས། ། ལྷ་ཀླུ་འབུམ་ཕྲག་འཚེ་བྲལ་དཀར་པོ་དགེ་བའི་ཀུན་སློང་སེམས། ། སྐྱེ་གནས་བྱང་ཆུབ་རིན་ཆེན་ནོར་ཐོབ་མཛད་པས་རྨད་ བྱུང་མཚར། །
BOརྒྱལ་བའི་ཚུལ་བསྡུས་བསྟན་པའི་ཆོས་འདི་དམན་ལ་ཤིན་ཏུ་གསང་། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་ལས་མངོན་པར་དགའ་བའི་ལེའུ་སྟེ་བཅུ་པའོ། ། ། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་རྫོགས་སོ། ། ། །