The Devata Sutra

ལྷའི་མདོ།

The Devata Sutra

ལྷའི་མདོ།

BO
༄༅། ། རྒྱ་གར་སྐད་དུ། དེ་བ་ཏཱ་སཱུ་ཏྲ། བོད་སྐད་དུ། ལྷའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་མཚན་མོ་མི་ཉལ་ཙམ་ན་ལྷ་མདོག་བཟང་པོ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་ལྷ་དེའི་མཐུས་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། ། དེ་ནས་དེའི་ཚེ་ལྷ་དེས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། མཚོན་ཆ་རྣོན་པོ་དེ་གང་ལགས། ། ཧ་ལ་ཧ་ལའི་དུག་གང་ལགས། ། རབ་ཏུ་འབར་བའི་མེ་གང་ལགས། ། མུན་པ་རབ་གནག་དེ་ གང་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིག་རྩུབ་མཚོན་ཆ་རྣོན་པོ་ཡིན། ། འདོད་ཆགས་ཧ་ལ་ཧ་ལའི་དུག ། ཞེ་སྡང་རབ་ཏུ་འབར་བའི་མེ། ། མུན་པ་རབ་གནག་མ་རིག་པའོ། ། ལྷས་གསོལ་པ། མི་ཡིས་ཟིན་པ་དེ་གང་ལགས། ། གང་ འདིར་བོར་བ་དེ་གང་ལགས། ། མི་ཤིགས་གོ་ཆ་ཅི་ཞིག་ལགས། ། འདི་ན་མཚོན་དུ་ཅི་རྣོ་ལགས། །
BO
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གིས་གང་བྱིན་ཟིན་པ་ཡིན། ། ཁྱིམ་དུ་གང་བཞག་འདིར་བོར་ཡིན། ། མི་ཤིགས་གོ་ཆ་བཟོད་པ་ཡིན། ། འདི་ན་མཚོན་ དུ་ཤེས་རབ་རྣོ། ། ལྷས་གསོལ་པ། ཆོམ་རྐུན་ཞེས་བགྱི་དེ་གང་ལགས། ། དམ་པ་རྣམས་ཀྱི་ནོར་གང་ལགས། ། ལྷ་དང་བཅས་པའི་འཇིག་རྟེན་ན། ། བསླུས་ཞེས་བགྱི་བ་གང་དག་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་རྟོག་ཆོམ་རྐུན་མཁས་པ་ ཡིན། ། ཚུལ་ཁྲིམས་དམ་པ་རྣམས་ཀྱི་ནོར། ། གང་དག་ཚུལ་ཁྲིམས་ལོག་ལྷུང་བྱས། ། དེ་དག་འཇིག་རྟེན་བསླུས་པ་ཡིན། ། ལྷས་གསོལ་པ། བདེ་ཞེས་བགྱི་བ་དེ་གང་ལགས། ། དབང་ཕྱུག་དམ་པ་དེ་གང་ལགས། ། རྟག་ཏུ་རྣམ་པར་བརྒྱན་པ་གང་། ། མཐོ་བཙམས་ གང་ལགས་བཀའ་སྩལ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆུང་བདེ་བར་ཤེས་པར་བྱ། ། ཆོག་ཤེས་དབང་ཕྱུག་དམ་པ་ཡིན། ། ཁྲིམས་ལྡན་རྟག་ཏུ་རྣམ་པར་བརྒྱན། ། ཚུལ་ཁྲིམས་ཉམས་པ་མཐོ་བཙམས་ཡིན། ། ལྷས་གསོལ་པ། རྩ་ ལག་མཉེས་གཤིན་དེ་གང་ལགས། ། བསམ་པ་སྡང་བའི་དགྲ་གང་ལགས། ། སྡུག་བསྔལ་མི་བཟད་དེ་གང་ལགས། ། མཆོག་ཏུ་བདེ་བ་དེ་གང་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་ལག་མཉེས་གཤིན་བསོད་ནམས་ཡིན། །
BO
སྡིག་པ་བསམ་པ་སྡང་བའི་དགྲ། ། དམྱལ་བའི་སྡུག་བསྔལ་མི་བཟད་པ། ། ཕུང་པོ་མེད་པའི་བདེ་བའི་མཆོག ། ལྷས་གསོལ་པ། སྡུག་ལ་མི་ཕན་དེ་གང་ལགས། ། ཕན་ཡང་མི་སྡུག་གང་ཞིག་ལགས། ། གནོད་པ་བགྱིད་པའི་ནད་གང་ལགས། ། སྨན་པའི་ མཆོག་གཅིག་དེ་གང་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་པ་སྡུག་ཀྱང་མི་ཕན་པ། ། ཐར་པ་ཕན་ལ་མི་སྡུག་པ། ། འདོད་ཆགས་གནོད་པ་མེད་པའི་ནད། ། སྨན་པའི་མཆོག་གཅིག་སངས་རྒྱས་ཡིན། ། ལྷས་གསོལ་པ། གང་གིས་ འཇིག་རྟེན་འདི་བསྒྲིབས་ལགས། ། གང་གིས་འཇིག་རྟེན་དབང་དུ་བགྱིས། ། གང་གིས་མཛའ་བཤེས་འབྱེད་པར་བགྱིད། ། གང་གིས་མཐོ་རིས་མཆི་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཤེས་པས་ནི་འཇིག་རྟེན་བསྒྲིབས། ། གཏི་མུག་གིས་ནི་ དབང་དུ་བྱས། ། ཞེན་པས་མཛའ་བཤེས་འབྱེད་པར་བྱེད། ། ཆགས་པས་མཐོ་རིས་འགྲོ་མི་འགྱུར། ། ལྷས་གསོལ་པ། གང་གིས་མཛའ་བཤེས་འཕེལ་བར་འགྱུར། ། གང་གིས་དགྲ་རྣམས་ཞི་བར་བགྱིད། ། གང་གིས་མཐོ་རིས་འཐོབ་པར་བགྱིད། ། གང་གིས་ཐར་ པར་འགྲོ་བར་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏོང་བས་མཛའ་བཤེས་འཕེལ་བར་འགྱུར། ། བྱམས་པས་དགྲ་རྣམས་ཞི་བར་བྱེད། །
BO
ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ། ། ཤེས་པས་ཐར་པར་འགྲོ་བར་འགྱུར། ། ལྷས་གསོལ་པ། རྒྱལ་ པོ་དང་ནི་ཆོམ་རྐུན་གྱིས། ། ཤིན་ཏུ་བསྒྲིམ་པ་བགྱིས་གྱུར་ན། ། སྐྱེས་པའམ་བུད་མེད་གང་གིའང་རུང་། ། དབྲོག་པར་མི་ཚུགས་ཅི་ཞིག་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས། ། ཤིན་ཏུ་བསྒྲིམ་པ་བྱས་གྱུར་ཀྱང་། ། སྐྱེས་ པའམ་བུད་མེད་གང་གིའང་རུང་། ། དབྲོག་པར་མི་ཚུགས་ཚུལ་ཁྲིམས་སོ། ། ལྷས་གསོལ་པ། འཇིག་རྟེན་འདི་ནི་གང་གིས་འཆིང་། ། གང་གིས་འཇིག་རྟེན་རྣམ་པར་གྲོལ། ། གང་ཞིག་རྣམ་པར་སྤངས་པས་ན། ། མྱ་ངན་འདས་ཞེས་བགྱི་བར་བགྱི། ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འདོད་པས་འཇིག་རྟེན་འཆིང་བར་བྱེད། ། འདོད་པ་མེད་པས་རྣམ་པར་གྲོལ། ། སྲེད་པ་རྣམ་པར་སྤངས་པས་ན། ། མྱ་ངན་འདས་ཞེས་བརྗོད་པ་ཡིན། ། ལྷས་གསོལ་པ། རླུང་དམར་གྱིས་ཀྱང་མི་ཤིགས་ཤིང་། ། ཞུགས་ཀྱིས་མི་འཚིག་ དེ་ཅི་ལགས། ། དོག་ས་གཏམ་པར་བགྱིད་པ་ཡི། ། ཆབ་ཀྱིས་མི་འདྲུལ་ཅི་ཞིག་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རླུང་དམར་གྱིས་ཀྱང་མི་ཤིགས་ཤིང་། ། མེས་ཀྱང་མི་འཚིག་བསོད་ནམས་ཡིན། །
BO
ས་རྣམས་ཁེབས་པར་བྱེད་པ་ཡི། ། ཆུས་ ཀྱང་མི་འདྲུལ་བསོད་ནམས་སོ། ། ལྷས་གསོལ་པ། སུ་ཞིག་ཤིན་ཏུ་བསླུས་གྱུར་ནས། ། འཇིག་རྟེན་འདི་ནས་ཕ་རོལ་མཆིས། ། ད་དུང་བདག་གི་དོགས་པ་འདི། ། ཁྱོད་ཀྱིས་བསལ་བར་མཛད་པའི་རིགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། གང་གིས་ལོངས་ སྤྱོད་ཡོད་བཞིན་དུ། ། བསོད་ནམས་བསགས་པ་མ་བྱས་པ། ། དེ་ནི་ཤིན་ཏུ་བསླུས་གྱུར་ནས། ། འཇིག་རྟེན་འདི་ནས་ཕ་རོལ་སོང་། ། ལྷས་གསོལ་པ། འཇིགས་པ་ཀུན་ལས་འདས་གྱུར་ཅིང་། ། རྒལ་བའི་འཇིག་རྟེན་མཐུ་ལྡན་པའི། ། བྲམ་ཟེ་མྱ་ངན་ཡོངས་འདས་ པར། ། ཀྱེ་མ་བདག་གིས་རིང་ནས་མཐོང་། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རྗེས་སུ་ཡི་རངས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། ལྷའི་མདོ་རྫོགས་སོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source