EN
Homage to the Blessed Mañjuśrī Kumārabhūta!
BO
རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་པྲ་ཏི་མོཀྵ་ཙ་ཏུཥྐ་ནི་ར་ཧཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཆོས་བཞི་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་སོགས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་ པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པའི་རྣམ་པའི་བྱ་བ་ནི་གང་།