The Sutra Teaching the Great Compassion of the Tathagatas

འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

The Sutra Teaching the Great Compassion of the Tathagatas

འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

BO
རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་མ་ཧཱ་ཀ་རུ་ཎཱ་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི། སྔོན་རྒྱལ་བ་བཞུགས་བཞུགས་པའི་མཆོད་རྟེན་ཆེན་པོ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བརླབས་པ་སའི་སྙིང་པོ། བྱང་ཆུབ་སེམས་དཔས་མངོན་པར་བསྟོད་པ། ཆོས་ཀྱི་གདན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་གྱིས་ཕྱག་བྱས་པའི་ས་ཕྱོགས། དགེ་བའི་རྩ་བ་ཡང་དག་པར་སྐུལ་བ། དེ་བཞིན་གཤེགས་པ་འབྱུང་བ་ཆོས་ཀྱི་སྒོ་མངོན་པར་བརྗོད་པ། བྱང་ཆུབ་སེམས་ དཔའ་འབྱུང་བ། ཡོན་ཏན་ཚད་མེད་པ་ལས་ཡང་དག་པར་བྱུང་བ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར། སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ ཚོགས་ནི་མངའ།
BO
ཆོས་ཐམས་ཅད་ལ་མངའ་དབང་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྒྲུབ་པ་ནི་ལེགས་པར་མཁྱེན། དབང་པོ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ལེགས་པར་འཇོམས་པ་ལ་ནི་མཁས། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མི་འཆད་ཅིང་དགེ་སློང་སྟོང་ཕྲག་དྲུག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་བཅོམ་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་ པོའི་སྲས། ཆོས་ཟབ་མོ་ལ་གནས་པར་མཁས་པ། དམིགས་པ་མེད་པའི་ཆོས་ཀྱིས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་པའི་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ། ། བྱང་ཆུབ་སེམས་ དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ཡང་ཐབས་ཅིག་སྟེ།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཆགས་པ་མེད་པའི་སྤྱོད་ཡུལ་གྱིས་ངེས་པར་བྱུང་བ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྤྲིན་ལས་ལྷག་མཐོང་དང་། རིག་པ་དང་། རྣམ་པར་ གྲོལ་བའི་གློག་ཕྱུང་ཞིང་བདུད་རྩིའི་ཆུའི་རྒྱུན་གྱི་ཆར་འབེབས་པས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་སེམས་ས་དང་མཉམ་པ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྣ་ཚོགས་ཀྱི་ལོ་ཐོག་ཡང་དག་པར་འཕེལ་བར་བྱེད་ པ། ཉི་མའི་དཀྱིལ་འཁོར་བས་ལྷག་པའི་ཤེས་རབ་ཀྱི་འོད་ཟེར་རབ་ཏུ་གཏོང་བས་གཏི་མུག་གི་མུན་པ་སེལ་བའི་ལམ་གྱི་སྣང་བ་ཐོབ་པ་ཀུན་ཏུ་སྟོན་པ་དང་། སེམས་ཅན་གྱི་པད་མ་ཁ་འབྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པ་དང་། སྲེད་པའི་ཆུ་སྐེམས་པ་དང་། ཤེས་ པའི་ལས་ཀྱི་མཐའ་ལ་རབ་ཏུ་འཇོག་པ་ལ་མངོན་པར་ཤེས་པ་ཆེན་པོ་དང་། ཞི་གནས་ཀྱིས་རྒྱུ་བ། ཟླ་བ་ལྟ་བུར་འགྲོ་བ་ཐམས་ཅད་ལ་སེམས་མཉམ་པས་མངོན་པར་ཞི་བར་བྱ་བའི་བསམ་པ་ཚིམ་པར་བྱ་བའི་ཐབས་ལ་མཁས་པས་འགྲིབ་པ་དང་འཕེལ་བ་ཀུན་ཏུ་སྟོན་པ།
BO
རི་རབ་ལྟ་ བུའི་ལྷག་པའི་བསམ་པས་ཚངས་པའི་གནས་པའི་རིན་པོ་ཆེ་ཤིན་ཏུ་བརྟན་ཏེ། ངོས་བཞི་ནས་ཡུལ་གྱི་རླུང་ཐམས་ཅད་ཀྱིས་མི་སྒུལ་ཅིང་འཇིག་རྟེན་གྱི་ཆོས་ལས་མངོན་པར་འཕགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་བསྟན་པ་སྣང་བར་གྱུར་པ། རྒྱ་མཚོ་ཆེན་པོ་ལྟར་གཟུངས་དང་དྲན་པའི་སྣོད་ རྒྱ་ཆེན་པོ་ཆོས་ཀྱི་ཆུས་ཡོངས་སུ་གང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རིན་པོ་ཆེས་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ། {རི་དགས་,རི་དྭགས་}ཀྱི་རྒྱལ་པོ་ལྟར་བདེན་པའི་རྐང་པ་དང་། བྱམས་པ་རབ་ཏུ་འཕེལ་བའི་མཇུག་མ་དང་། ཞི་གནས་དང་ལྷག་མཐོང་གི་མིག་དང་ལྡན་ཞིང་ཆོས་ཟབ་ མོ་ལ་སྐྲག་པ་མེད་པས་ཕ་རོལ་རྒོལ་བ་ཐམས་ཅད་འཇོམས་པ། བསྐལ་པ་བརྒྱ་སྟོང་ཕྲག་དཔག་ཏུ་མེད་ཅིང་མཐའ་ཡས་ཐུག་པ་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མ་བཅད་པས་ཡོན་ཏན་ཐམས་ཅད་དང་ལྡན་པ་ཤ་སྟག་དང་ཐབས་ཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཀུན་ནས་སྣང་ཞིང་སྒྲིབ་པ་མེད་པར་ལྟ་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞིང་ཐམས་ཅད་ཀྱི་རྒྱུན་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་དང་།
BO
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་ལས་བྱུང་ བའི་སྤྱོད་པའི་བློ་གྲོས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ལམ་ཐམས་ཅད་ཀྱིས་འདུལ་བ་མི་འཁྲུགས་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་མཐའ་ཡས་པའི་ཏོག་གི་རྒྱལ་མཚན་རྣམ་པར་སྤྲུལ་པའི་དབྱངས་ ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་བཟང་པོ་རྣམ་པར་བསགས་པའི་འོད་ཀྱི་གཟི་བརྗིད་ཀྱི་འོད་ཟེར་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱིས་རྣམ་པར་ངེས་པའི་ཚིག་ལ་སྤོབས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པས་བརྟན་པས་བསགས་པ་ཞེས་བྱ་བ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་དག་དང་ཐབས་ཅིག་གོ། ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འདུག་ པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་སྟོན་ཏོ། །
BO
དེ་ནས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་དྲུག་བཞེས་ཏེ། ཚངས་པར་སྤྱོད་པ་རྒྱས་པར་གྱུར་པར་མཁྱེན། བྱང་ཆུབ་སེམས་དཔའ་འདུས་པ་ཆེན་པོ་ དེ་ཡང་གཟིགས་ཤིང་མཁྱེན་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་འདུས་པ་འདི་དག་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འཛིན་པར་མཁྱེན་ནས་འདི་སྙམ་དུ་གང་གི་ཕྱིར་ངས་བྱང་ཆུབ་སེམས་དཔའ་རྒྱ་ཆེར་རྗེས་སུ་ཡོངས་སུ་གཟུང་བ་དང་། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་དེ་བཞིན་གཤེགས་པའི་ཡུལ་ལ་གཟུད་པའི་ཕྱིར་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཆེན་པོ་དང་། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་ པར་བསྟན་པར་བྱའོ་སྙམ་དུ་དགོངས་སོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཡུལ་རྣམ་པར་སྤྲུལ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །
BO
བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ སངས་རྒྱས་ཀྱི་ཡུལ་རྣམ་པར་སྤྲུལ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་བར་དུ་འཁོར་གྱི་ཁྱམས། སངས་རྒྱས་ཀྱི་གནས་དེ་བཞིན་ གཤེགས་པའི་དགེ་བའི་རྩ་བས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་སྦྱོང་བ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ། སེམས་ཅན་ཚད་མེད་པའི་བསམ་པ་ཚིམ་པར་བྱེད་པ། ལྷའི་གཞལ་མེད་ཁང་ཐམས་ཅད་ཟིལ་གྱིས་གནོན་པ། ཕྱོགས་ བཅུའི་བྱང་ཆུབ་སེམས་དཔའ་ཡང་དག་པར་སྐུལ་བ། གཞི་བཻ་དཱུརྱ་དཀར་པོའི་དབྱིབས་དང་། འཛམ་བུའི་གླིང་གི་གསེར་གྱི་ཁང་པ་དག་དང་། དཔལ་གྱི་སྙིང་པོའི་རྟ་བབས་དག་དང་། རིན་པོ་ཆེ་རྡོའི་སྙིང་པོའི་སྒོ་ཁང་དག་དང་། ནོར་བུ་རིན་པོ་ཆེ་སྙིང་པོའི་ཁ་ཁྱེར་དག་དང་། རིན་ པོ་ཆེ་དྲི་མ་མེད་པའི་འོད་ཀྱི་སྟེགས་བུ་དག་དང་། རིན་པོ་ཆེ་ཀུན་ནས་འོད་ཀྱི་ཁང་པ་བརྩེགས་པ་དག་དང་། རིན་པོ་ཆེ་ཐམས་ཅད་ཀྱིས་དགབ་པ་དང་། མུ་ཏིག་གི་རྒྱན་ཕྲེང་རབ་ཏུ་སྤྱངས་པ་དང་། གདུགས་དང་།
BO
རྒྱལ་མཚན་དང་། བ་དན་སྒྲེང་བ་དང་། ལྷའི་དར་གྱི་ལྡ་ལྡི་མངོན་པར་ སྤྱངས་པས་བསྔགས་པ་བསྟན་པ་དཔག་ཏུ་མེད་ཅིང་ཐུག་པ་མེད་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་ཞིག་བྱུང་སྟེ། འཁོར་གྱི་ཁྱམས་དེ་ཡང་ཙན་དན་སྦྲུལ་གྱི་སྙིང་པོས་བསྐུས་པ། ཙན་དན་དུས་ཀྱི་རྗེས་སུ་འབྲང་བའི་དྲི་ཡིད་དུ་འོང་བ་དང་ལྡན་པ། དྲིའི་ མཆོག་ཨ་ག་རུ་དམ་པའི་སྙིང་པོས་བདུགས་པ། ཀླུའི་མུ་ཏིག་དང་རིན་པོ་ཆེའི་མེ་ཏོག་གིས་རྣམ་པར་སྤྲས་པ། མེ་ཏོག་སིལ་མ་བཀྲམ་པ། རིན་པོ་ཆེའི་ཤིང་དང་། རིན་པོ་ཆེའི་མཁའ་རྟེན་གྱིས་མཛེས་པར་བྱས་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ ན་རྒྱན་མཛེས་པ་བཀོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་འཁོར་གྱི་ཁྱམས་དེ་ཉིད་ན་ཀུན་ཏུ་སྣང་ངོ་། ། དེར་གདན་སེང་གེའི་ཁྲི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དཔག་ཏུ་མེད་པ། གྲངས་མེད་པ། སྣ་ཚོགས་པ། བལྟ་ན་སྡུག་པ། མཐོ་བ། རབ་ཏུ་བཟང་བ། ཡངས་པ། རྒྱ་ཆེ་བ། ཡིད་དུ་འོང་བ། ཡིད་དགའ་བར་བྱེད་པ་དག་བྱུང་བར་གྱུར་ཏོ། ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ཐེམ་སྐས་ཁ་ཁྱེར་མི་བདུན་གྱི་འཕང་ཙམ་གྱིས་བསྐོར་བ།
BO
རྒྱར་དཔག་ཚད་ཕྱེད་ཀྱིས་ཡོངས་སུ་བཟུང་བ། རིན་པོ་ཆེ་ཨན་ད་རྙིལ་དང་། མཐོན་ཁ་ཆེན་པོས་སྙིང་པོར་གྱུར་པ། བརྒྱ་ བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོའི་གདུགས་ཅན། ཚངས་པའི་ནེ་ཙོ་འམ་ཅི་དང་། རིན་པོ་ཆེ་སེར་པོས་སྤྲས་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བ་ཀུན་ཏུ་བསྐྱོད་པས་སྒྲ་འབྱུང་བ། སའི་སྟེང་ནས་འཁོར་གྱི་ཁྱམས་ལ་ཐུག་གི་བར་དུ་གྱེན་དུ་མངོན་པར་འཕགས་པ། དྲང་བ་མ་ཡོ་བ་ བཞི་སྟོང་བྱུང་བར་གྱུར་ཏོ། ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་དེ་ལྟ་བུའི་ཐེམ་སྐས་ཆེན་པོ་དག་བྱུང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དགོངས་ ཤིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་པར་གྱུར་ཏོ། ། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། སྣང་བ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའི་ཚོགས་དང་ཐབས་ཅིག །
BO
ཉན་ཐོས་ཀྱི་ཚོགས་དང་ཐབས་ཅིག་ཏུ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཉན་ཐོས་ཀྱི་ཚོགས་ཀྱིས་མདུན་དུ་བདར་ཏེ། ལྷ་དང་ཀླུས་མངོན་པར་བསྟོད་ཅིང་མེ་ཏོག་གི་ཆར་ཆེན་པོ་ནི་འབེབས། ན་བཟའི་ཆར་ཆེན་པོས་ནི་མངོན་པར་འགེབས། ཕྱེ་མ་དང་། ། སྤོས་དང་། བྱུག་པའི་ཆར་ཆེན་པོ་ནི་འཐོར། སིལ་སྙན་དང་། སྒྲ་དབྱངས་ཆེན་པོ་ནི་རབ་ཏུ་སྒྲོགས། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ནི་རབ་ཏུ་གཡོ་བར་མཛད། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ནི་སྣང་བར་མཛད་ཅིང་སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་ རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་ཆེན་པོ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཆེན་པོ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཆེན་པོ་དང་། སངས་རྒྱས་ཀྱི་བྱིན་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་ པོས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་མི་སྣང་བར་གྱུར་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་།
BO
ལྟོ་འཕྱེ་ཆེན་པོ་བྱེ་བ་ཕྲག་དུ་མ་ཞབས་འབྲིང་དུ་འབྲང་ཞིང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཐེམ་སྐས་ཀྱི་དབུས་ནས་ འཁོར་གྱི་ཁྱམས་བཀོད་པ་ག་ལ་བ་དེར་གཤེགས་སོ། ། དེ་ནས་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཐེམ་སྐས་སུ་ཞུགས་པར་རིག་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་མེ་ཏོག་གི་སྤྲིན་གྱི་ཆར་རབ་ཏུ་ཕབ་སྟེ་ ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། ཉི་ཟླ་མེ་དང་ནོར་བུའི་འོད་དང་ལྷ་ཡུལ་པ་ཡི་ལྷ་འོད་ཤིན་ཏུ་དྲི་མེད་པ། ། ཐུབ་པས་འོད་ཀྱིས་ཐམས་ཅད་ཟིལ་གྱིས་མནན་ནས་ངན་སོང་གསུམ་པོ་དག་ཀྱང་ཞི་བར་མཛད། ། རི་བོ་ལྷུན་པོ་དང་ནི་ཁོ་ར་ཁོར་ཡུག་རྩེ་མོ་ བསྙིལ་ཏེ་ཞིང་རྣམས་གསལ་བར་གྱུར་པས་ན། ། དགའ་ཞིང་ཡིད་རྣམས་མགུ་ནས་དོན་རྣམས་ཐམས་ཅད་གྲུབ་པའི་རྒྱལ་བ་ལ་ནི་སྐྱབས་སུ་མཆི། ། དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ གཤེགས་པའི་ཞབས་འབྲིང་དུ་འབྲང་ངོ་། །
BO
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཐེམ་སྐས་སུ་ཞུགས་པར་རིག་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་སྤོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་ཕབ་སྟེ། ཐལ་མོ་སྦྱར་ནས་བཅོམ་ ལྡན་འདས་ལ་མངོན་པར་བསྟོད་པ། རྫུ་འཕྲུལ་དམ་པ་བརྙེས་ཤིང་རབ་ཏུ་མཚུངས་པ་མེད་པ་རྣམ་པར་འཕྲུལ་པ་ཤིན་ཏུ་སྟོན། ། རྒྱལ་བ་ཉི་མ་ཇི་བཞིན་འཕགས་ཏེ་ཞིང་རྣམས་བྱེ་བ་བརྒྱ་དག་ཏུ་ཡང་རབ་ཏུ་གདའ། ། རྒྱལ་བས་རང་གི་ཡོན་ཏན་ཀུན་གྱིས་ཞིང་རྣམས་ ཐམས་ཅད་བརྒྱན་ཏེ་ཤིན་ཏུ་མཛེས་མཛད་པ། ། གང་ཞིག་ཤིན་ཏུ་མཉམ་མེད་མཚུངས་པ་མེད་ཅིང་རྫུ་འཕྲུལ་དབང་དུ་གྱུར་ལ་ཕྱག་འཚལ་ལོ། ། དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་ དུ་འབྲང་ངོ་། ། དེ་ནས་ལྷའི་རྒྱལ་པོ་རབ་འཐབ་བྲལ་ལ་སོགས་པ་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཐེམ་སྐས་སུ་ཞུགས་པར་རིག་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ན་བཟའི་སྤྲིན་གྱི་ཆར་རབ་ཏུ་ཕབ་སྟེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་མངོན་པར་ བསྟོད་པ།
BO
བདེ་གཤེགས་ཁྱོད་ཀྱི་མཁྱེན་པ་མཐའ་ཡས་ཡངས་པས་སེམས་ཅན་བསམ་པ་མཁྱེན། ། མཁའ་འདྲའི་ལམ་གྱི་ཆོས་གསུམ་དག་ལ་ཆགས་མེད་ཐམས་ཅད་མཁྱེན་པ་ཉིད། ། སེམས་ཀྱི་འཇུག་པ་གཅིག་གིས་འགྲོ་བའི་སེམས་ཀྱི་སྤྱོད་པ་ཐམས་ཅད་མཁྱེན། ། དེས་ ན་སྲིད་པ་གསུམ་པོ་དག་ན་ལུས་ཅན་རྣམས་ཀྱིས་མཆོད་པར་འོས། ། དེ་ནས་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་བར་གྱུར་ཏོ། ། དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་ལ་སོགས་ པ་དགའ་ལྡན་གྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཐེམ་སྐས་སུ་ཞུགས་པར་རིག་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་རིན་པོ་ཆེའི་སྤྲིན་གྱི་ཆར་རབ་ཏུ་ཕབ་སྟེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། གང་གི་སླད་དུ་སྒྲ་དང་ཡི་གེ་མ་མཆིས་གང་དུའང་རྒྱུ་བ་ མ་མཆིས་པས། ། ཁྱོད་ཀྱིས་ཆོས་རྣམས་མི་གཡོ་ཡ་མ་བརླ་དང་སྒྱུ་མ་སྨིག་རྒྱུ་འདྲར་མཁྱེན་ནས། ། བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་སེམས་ཅན་རྣམས་ལ་ཆེད་དུ་ཆོས་མཆོག་གསུངས་པས་ན། ། ཆོས་ཀྱི་དངོས་པོའི་རང་བཞིན་མཁས་པ་བདག་མེད་གསུང་བའི་རྒྱལ་ལ་ཕྱག་འཚལ་ལོ། །
BO
དེ་ནས་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་ངོ་། ། དེ་ནས་ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལ་སོགས་པ་འཕྲུལ་དགའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཐེམ་སྐས་སུ་ཞུགས་པར་ རིག་ནས། བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་རྒྱན་གྱི་སྤྲིན་གྱི་ཆར་རབ་ཏུ་ཕབ་སྟེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་དོ། ། ཆོས་ཀྱི་ཟོང་གིས་རང་གི་སྟོབས་བཅུ་མཁའ་འདྲ་འོད་ཟེར་ལྡན་པ་དང་། ། ཐུགས་རྗེ་བརྙེས་ ནས་བྱམས་པའི་དགོངས་པས་སེམས་ཅན་རྣམས་ལ་གཟུགས་སྟོན་པ། ། གྲུ་ཚུལ་ཆོས་ལ་གཉིས་སུ་མེད་པར་ཞུགས་ཀྱང་རྒྱལ་བ་མཚུངས་པར་མཁྱེན། ། ཆོས་ཀྱི་ཁྱད་པར་སེམས་ལྷག་དོན་ཀུན་གྲུབ་པའི་རྒྱལ་ལ་ཕྱག་འཚལ་ལོ། ། དེ་ནས་འཕྲུལ་དགའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ ལ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་བར་གྱུར་ཏོ། ། དེ་ནས་ལྷའི་རྒྱལ་པོ་དབང་སྒྱུར་ལ་སོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཐེམ་སྐས་སུ་ཞུགས་པ་དང་།
BO
འཁོར་གྱི་ཁྱམས་སུ་མངོན་པར་ཕྱོགས་པར་ རིག་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་མུ་ཏིག་གི་དོ་ཤལ་གྱི་སྤྲིན་གྱི་ཆར་རབ་ཏུ་ཕབ་སྟེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཚུལ་ཁྲིམས་དྲི་མ་མི་མངའ་རྣམ་དག་རྣམ་པར་ངེས་པ་དམ་པ་ཏིང་ངེ་འཛིན་མཆོག་མི་ གཡོས་པ། ། མཉམ་མེད་བློ་ལྡན་རྒྱ་མཚོ་འདྲ་བར་གནས་ཤིང་སྲིད་ལས་རྣམ་གྲོལ་དབང་སྒྱུར་ཞབས་ལ་ཕྱག་འཚལ་ལོ། ། རིམ་གྱིས་བྱམས་དང་ལྡན་པའི་ཐུགས་རྗེ་ཡིས་ནི་བདེན་པའི་ལམ་གྱི་རྣམ་པ་རབ་ཏུ་གནས་མཛད་པ། ། རྣམ་ཐར་གསུམ་གྱི་ལམ་གྱི་ཁྱམས་ན་གནས་པའི་བདེ་ གཤེགས་སེང་གེ་ཁྱོད་ལ་བདག་ཅག་ཕྱག་འཚལ་ལོ། ། སྙིང་རྗེའི་ཆུ་བོ་ཏིང་ངེ་འཛིན་གྱིས་རྣམ་འཕེལ་བ། ། ཞི་གནས་འདབ་མ་རྣམ་པར་གྲོལ་བའི་མེ་ཏོག་རྒྱས། ། སློབ་མའི་ཚོགས་ཀྱི་བུང་བས་ངེས་པར་བསྙེན་གྱུར་པ། ། བདེ་གཤེགས་པད་མ་ལ་ནི་སྤྱི་བོས་ཕྱག་འཚལ་ལོ། ། མངའ་ བདག་གཡོ་བ་མ་མཆིས་ཚུལ་ཁྲིམས་སར་གནས་པས། ། བརྩོན་འགྲུས་མཚུངས་པ་མ་མཆིས་སྟོབས་ཀྱིས་ཡང་དག་འཕགས། ། ཡུལ་གྱི་རླུང་རྣམས་ལངས་པ་ཆེན་པོས་མི་གཡོས་པ། ། སངས་རྒྱས་རི་བོ་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །
BO
མངའ་བདག་ཐུགས་རྗེས་ དབྱངས་ཀྱི་དཀྱིལ་འཁོར་རྣམ་དག་པ། ། བློ་གཏེར་བློ་མཆོག་གིས་ནི་རབ་ཏུ་འཇོམས་མཛད་པ། ། སེམས་ཅན་བརྒྱ་དག་གིས་ནི་མང་པོས་མཆོད་གྱུར་པ། ། བདེ་གཤེགས་ཟླ་བ་ཁྱོད་ལ་བདག་ཅག་ཕྱག་འཚལ་ལོ། ། མཁའ་ལྟར་ཞི་བའི་རྣམ་པར་ཐར་པའི་ལམ་གཤེགས་པ། ། ཤེས་ རབ་འོད་ཀྱིས་ཕྱོགས་བཅུ་དག་ནི་རྒྱས་འགེངས་ཤིང་། ། སྐྱེ་བོ་མང་པོ་མཚུངས་མེད་པད་མ་ཁ་འབྱེད་པ། ། སངས་རྒྱས་ཉི་མ་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། ། མངའ་བདག་ཕྱོགས་བཅུའི་འཇིག་རྟེན་གསུམ་པོ་དག་ན་ཡང་། ། འདྲེན་པ་ཁྱོད་དང་མཉམ་པ་དམིགས་པར་མ་གྱུར་ཏེ། ། ཁྱོད་ ནི་ཡོན་ཏན་ཀུན་གྱིས་ཡང་དག་གྲུབ་པ་ལགས། ། བདག་ཅག་ཁྱོད་ལ་བསྟོད་པས་ངོམས་པར་འགྱུར་མ་ལགས། ། ལྷ་དབང་ཀླུ་དང་ལྷ་མ་ཡིན་གྱིས་ཕྱག་བགྱིས་པ། ། ལྷ་མཆོག་བརྒྱ་དག་གིས་ཀྱང་ཡང་དག་མངོན་བསྟོད་པ། ། བསྔགས་པ་བརྒྱ་ཕྲག་མང་པོས་ཡང་དག་མངོན་བསྟོད་པ། ། བདེ་བར་གཤེགས་པ་བསྟོད་འོས་ཁྱོད་ལ་ཕྱག་འཚལ་ལོ། ། དེ་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་ངོ་། །
BO
དེ་ནས་བཅོམ་ལྡན་འདས་དེ་ལྟར་སངས་རྒྱས་ཀྱི་ ཡུལ་རྣམ་པར་སྤྲུལ་པ་ཚད་མེད་པ་ལྷ་འབུམ་གྱིས་མངོན་པར་བསྟོད་ནས་འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་གཤེགས་ཏེ། ཇི་ལྟར་བཅོམ་ལྡན་འདས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཐེམ་སྐས་ནས་འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་གཤེགས་པ་ཤེས་པ་དེ་ བཞིན་དུ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་གཤེགས་པར་ཤེས་སོ། ། དེ་ནས་བཅོམ་ལྡན་འདས་འཁོར་གྱི་ཁྱམས་སྟོང་གསུམ་གྱིས་ཡོངས་སུ་གཟུང་བ་རིན་པོ་ཆེ་བཀོད་པར་གདན་སེང་གེའི་ཁྲི་ཇི་ལྟར་བཤམས་པ་ ལ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་དག་ཀྱང་སྟན་ཅི་རིགས་པ་ལ་འཁོད་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དེའི་ཚེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པ་སྒྲིབ་པ་མེད་པ་ལ་སངས་རྒྱས་རྣམ་པར་རོལ་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། ། བཅོམ་ ལྡན་འདས་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པ་སྒྲིབ་པ་མེད་པ་ལ་སངས་རྒྱས་རྣམ་པར་རོལ་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ།
BO
དེ་ནས་བཅོམ་ལྡན་འདས་ཀྱི་སྐུའི་སྤུའི་ཁུང་བུ་ཐམས་ཅད་ཀྱི་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་ཟེར་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱུང་སྟེ། བྱུང་ ནས་ཀྱང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ། ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་རྣམས་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་རྣམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ། ། འཇིག་རྟེན་གྱི་ཁམས་རྣམས་སྣང་ བར་བྱས་མ་ཐག་ཏུ། དེ་ནས་སེམས་ཅན་དམྱལ་བ་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་དོ། ། དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་རྣམས་དང་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་ཚོར་བ་ཡང་རྒྱུན་ཆད་ དོ། ། སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་འདོད་ཆགས་ཀྱིས་གནོད་པར་མ་གྱུར་ཅིང་། ཞེ་སྡང་གིས་མ་ཡིན། གཏི་མུག་གིས་མ་ཡིན་ཏེ། ཉོན་མོངས་པ་གཞན་གྱིས་ཀྱང་གནོད་པར་མ་གྱུར་ཏོ། ། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་བྱམས་པའི་སེམས་དང་། ཕ་མ་ལྟ་བུའི་ འདུ་ཤེས་སུ་གྱུར་ཏོ། །
BO
བྱང་ཆུབ་སེམས་དཔའ་ཡང་དག་པར་བསྐུལ་བའི་ཕྱིར་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པའི་འོད་དེ་ལས་ཚིགས་སུ་བཅད་པ་འདི་བྱུང་ངོ་། ། གང་གིས་བརྩོན་འགྲུས་སྟོབས་ནི་མཐའ་ཡས་ཡངས་པ་བརྟན་པ་བརྩམས་གྱུར་ཏེ། ། གང་གིས་བརྩོན་ འགྲུས་ཆེན་པོའི་སྟོབས་ཀྱིས་བསྐལ་པ་དག་ལས་ཕྱིར་ཕྱོགས་སྤངས། ། གང་གིས་ཡོན་ཏན་དག་ནི་ཕྱོགས་བཅུ་རྣམས་ན་མཐུ་ལྡན་རབ་བརྗོད་པ། ། ཤཱཀྱ་ཐུབ་པའི་འོད་ཡངས་འགྲོ་བ་ཐམས་ཅད་སྣང་བར་བྱེད་པ་མཛེས། ། གང་ཆོས་རྒྱ་ཆེན་བླ་མེད་མཉན་སླད་དེ་ཡི་ཞབས་ལ་ཕྱག་ འཚལ་ཏེ། ། མཁས་པ་བློ་གྲོས་བརྟན་པ་དག་ནི་བསྐལ་པ་གྲངས་མེད་རྟག་ཏུ་ཉན། ། བློ་རྒྱས་གང་ཞིག་རྫོགས་པའི་བྱང་ཆུབ་སེམས་དཔའི་བསམ་པ་ཚིམ་སྐྱེད་པ། ། ཐུབ་པ་དེས་ནི་གང་ཕྱིར་སེམས་ཅན་བདེ་བར་བཞེད་པས་འོད་འདི་ཕྱུང་། ། མངའ་ བདག་གང་ཞིག་བརྩོན་འགྲུས་ཀྱིས་ནི་བདུད་སྟོབས་མུ་སྟེགས་ཚོགས་བཅས་ཕམ་མཛད་ནས། ། པདྨ་བྱུང་བ་བཞིན་དུ་འཕགས་ཤིང་ཕྱོགས་བཅུ་དག་ཏུ་ལྷུན་པོ་ཇི་བཞིན་མཛེས། ། གང་ཞིག་ཉི་མ་བཞིན་དུ་སྐུ་ཡི་འོད་ཀྱིས་འགྲོ་བ་མ་ལུས་སྣང་མཛད་པ། ། དེ་ཡི་ཆོས་ཀྱི་འཁོར་ ལོ་གཞག་པ་དོན་ཆེན་གསན་དུ་རྒྱལ་བ་གཤེགས་སུ་གསོལ། །
BO
རབ་ཏུ་བསྐོར་བར་མ་གྱུར་མཚུངས་པ་མེད་ཅིང་རྒྱལ་བ་ཀུན་གྱིས་བསྐོར་གྱུར་པ། ། འཁོར་ལོ་དམ་པ་སྟོབས་བཅུ་སེམས་ཅན་ཐུགས་བརྩེ་ཕྱིར་ནི་དེ་རིང་སྐོར་བར་མཛད། ། སྲོག་ཆགས་རྣམས་ཀྱིས་བསྟེན་པར་རྙེད་ དཀའ་ལེགས་པ་རྒྱ་ཆེན་དེ་རིང་འབྱུང་བར་འགྱུར། ། གང་དག་དད་པ་དང་བ་ཆེ་ཡངས་དོན་དུ་གཉེར་བ་དེ་དག་དེ་རིང་ལྟོས། ། དེ་ནས་འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཚིགས་སུ་བཅད་པ་འདི་དག་གིས་གོ་བར་བྱས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་ བསྐུལ། འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོ་བར་བྱས། སེམས་ཅན་ཐམས་ཅད་བདེ་བར་བྱས། ཉོན་མོངས་པའི་ཁམས་ཐམས་ཅད་རྣམ་པར་སྦྱངས། མུན་པ་མུན་ནག་ཐམས་ཅད་བསལ། བདུད་ཀྱི་ཁྱིམ་ཐམས་ཅད་མོག་མོག་པོར་བྱས་ནས་བྱང་ཆུབ་སེམས་དཔའི་འཁོར་དཔག་ ཏུ་མེད་པ་དག་དང་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སླར་འོངས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །
BO
དེ་ནས་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་དྲི་མེད་རྣམ་དག་རིན་ཆེན་འོད་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཆོས་རྒྱུན་མི་འཆད་པའི་འོད་ཟེར་བཀོད་ པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་མཐའ་ཡས་པའི་རིན་པོ་ཆེའི་བསོད་ནམས་བཀོད་པས་རྒྱ་ཆེ་བ་དང་ལྡན་པ་ན། བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ་བྱང་ཆུབ་སེམས་ དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་ སྤྱན་སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་ཁྲི་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ནོར་བུ་བཻ་དཱུརྱའི་དྲ་བའི་ཆར་རབ་ཏུ་ཕབ་སྟེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ དོ། ། བཅོམ་ལྡན་རབ་ཏུ་མཚུངས་མེད་ཡོན་ཏན་ཕ་རོལ་ཕྱིན། །
BO
ཁྱོད་ཀྱི་ཡོན་ཏན་བསྔགས་ཕྲེང་ཕྱོགས་བཅུ་ཀུན་ན་བརྗོད། ། ཁྱོད་ཀྱི་ཡོན་ཏན་ཚོགས་མཆིས་ཞིང་གང་ཡོན་ཏན་གཏེར། ། དེར་ནི་ཆོས་དོན་གཉེར་བ་བདག་ཅག་རབ་ཏུ་མཆི། ། ཆོས་དབྱིངས་མཉམ་ཉིད་རྣམ་རྟོག་མ་མཆིས་ཇི་ བཞིན་དུ། ། བཅོམ་ལྡན་དྲི་མེད་འོད་ཀྱིས་མཉམ་པ་ཉིད་མཁྱེན་ཀྱང་། ། ཤིན་ཏུ་བསླབ་པའི་སྒྱུ་མ་མཁན་ལྟར་ཆོས་ཀྱི་རྒྱལ། ། སེམས་ཅན་རྣམ་པར་དགྲོལ་སླད་ཐ་དད་བསྟན་པ་མཛད། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་ བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། ཤར་ཕྱོགས་ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ནས་ལྷོ་ཕྱོགས་ན་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྤོབས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་ གྱི་ཁམས་སངས་རྒྱས་ཀྱི་སྤོབས་པ་ན། བྱང་ཆུབ་སེམས་དཔའ་རིན་ཆེན་སྲོག་ཤིང་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ།
BO
ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་ཁྲི་བསྐོར་བ་བྱས་ནས། བཅོམ་ལྡན་ འདས་ལ་མཆོད་པའི་ལས་བྱེད་ཅིང་གསེར་གྱི་དྲ་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། བཅོམ་ལྡན་ཐུགས་རྗེའི་སྤྲིན་གྱིས་འཇིག་རྟེན་རྒྱས་བཀང་ནས། ། འོད་ཀྱི་གློག་ཕྱུང་ སྟོང་པ་བདག་མེད་སྒྲ་བསྒྲགས་ཏེ། ། ཡན་ལག་བརྒྱད་པའི་ལམ་གྱི་ཆུ་ཡིས་ཞི་མཛད་ཅིང་། ། དཀར་པོའི་སྟོབས་དབང་ནགས་ཚལ་གེལ་པ་འཕེལ་བར་མཛད། ། བདེ་གཤེགས་ཤེས་རབ་འོད་ཀྱིས་གཏི་མུག་མུན་བསལ་ནས། ། རིང་ནས་སྲིད་མཚོར་གཉིད་ལོག་སེམས་ཅན་སད་མཛད་ དེ། ། ལམ་ཡང་བསྟན་ཅིང་སྲེད་པ་དག་ཀྱང་སྐམས་པར་མཛད། ། ཐར་པའི་གྲོང་གནས་རྣམས་ཀྱི་མིག་ཀྱང་རྣམ་པར་སྦྱོང་། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས།
BO
བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་ལྷོ་ཕྱོགས་ ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ནས་ནུབ་ཕྱོགས་ན་དེ་བཞིན་གཤེགས་པ་ཀུན་ནས་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་པ་ན། བྱང་ཆུབ་སེམས་དཔའ་སྒྲ་བསྒྲགས་པའི་སྟོབས་ཀྱི་ རྒྱལ་པོ་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་ གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ཁྲི་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་ཅིང་ནོར་བུ་མུ་ཏིག་གི་དོ་ཤལ་གྱི་ཕྲེང་བའི་དྲ་བས་བཅོམ་ ལྡན་འདས་ལ་མངོན་པར་བཀབ་སྟེ། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །
BO
ཁྱོད་ཀྱི་སྐུ་ཡི་འཕྲིན་ལས་ནམ་མཁའི་ཁམས་འདྲ་ཞིང་། ། སྨོན་ལམ་དགེ་བས་དག་པ་བྱེ་བ་ཕྲག་མང་ལྡན། ། དྲི་མེད་རྣམ་པར་དག་ཅིང་ཟག་པ་མེད་པ་དེས། ། ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་བསམ་གྱིས་མི་ཁྱབ་གསལ། ། ཁྱོད་ཀྱི་ཚིག་ནི་རྒྱུན་ཆགས་གསལ་ཞིང་མཚུངས་པ་སྟེ། ། འགྲོ་བ་བསམ་དག་བསམ་པ་མཉམ་ཉིད་ཡོངས་ཚིམ་བགྱིད། ། སེམས་ཀྱི་རྒྱུ་དང་རྣམ་རྟོག་གང་ཡང་མི་མངའ་ཡང་། ། སེམས་ཅན་བསམ་པ་རྣམས་ ལ་རྒྱལ་བ་དག་གི་འབྱུང་། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་ནུབ་ཕྱོགས་ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་ དོ། ། དེ་ནས་བྱང་ཕྱོགས་ན་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྤོབས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་ན་བྱང་ཆུབ་སེམས་དཔའ་བློ་མཆོག་རྒྱ་མཚོ་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་གང་ གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ།
BO
ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་ སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ཁྲི་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་ཅིང་ནོར་བུའི་དོ་ཤལ་དང་རིན་པོ་ཆེའི་དྲ་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། ཚིགས་སུ་ བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། འཛམ་བུའི་ཆུ་གསེར་བཙོ་མ་ལྟ་བུར་སེར་བའི་སྐུ། ། ཀུན་ནས་སྤྱན་མངའ་ཕྱོགས་བཅུ་དག་ཏུ་རྣམ་པར་མཛེས། ། མཚུངས་མེད་སྐུ་ལ་སེམས་ཅན་གང་དག་ངེས་རྟོག་པ། ། དེ་དག་སྐྱོན་མེད་བདེ་ཞིང་དགའ་བ་ ཐོབ་པར་འགྱུར། ། གང་གིས་ལྷུན་པོ་བརྩེགས་པ་ལྟ་བུའི་ཁྲུན་ཙམ་དུ། ། འཇིག་རྟེན་མཁྱེན་པ་མཚུངས་མེད་རྒྱལ་བ་བལྟས་ཀྱང་ནི། ། དེ་ཡི་རྫུ་འཕྲུལ་ཀུན་གྱི་སྟོབས་དང་བརྩོན་འགྲུས་ཀྱི། ། རྣམ་པར་སྤྲུལ་པས་རྒྱལ་བའི་སྤྱི་གཙུག་མཐོང་མི་ནུས། །
BO
དེ་ནས་བྱང་ཆུབ་སེམས་ དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་བྱང་ཕྱོགས་ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ནས་ཤར་དང་ལྷོའི་ མཚམས་ཕྱོགས་ན་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་བཅོམ་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན། བྱང་ཆུབ་སེམས་དཔའ་ཀུན་ནས་སྣང་བ་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་ བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། དེས་བཅོམ་ལྡན་འདས་ཀྱི་ ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ཁྲི་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་ཅིང་རིན་པོ་ཆེའི་དྲ་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །
BO
སྤུ་ཡིས་མཐའ་དབུང་མ་མཆིས་པ་ཡི་ཞིང་འཛིན་ཀྱང་། ། སེམས་ཅན་རྣམས་ལ་མི་གནོད་ཞིང་ལ་མི་གནོད་པས། ། མིག་མེད་རྣམས་ཀྱིས་རྒྱལ་བའི་སྤྱོད་ཡུལ་འཚལ་བར་དཀའ། ། སངས་རྒྱས་སྲས་ནི་རྒྱལ་བའི་བྱིན་གྱིས་ཡང་དག་འཚལ། ། ཞིང་གཅིག་ཕྱོགས་ལ་ཞིང་མང་རབ་ འབྱམ་སྟོན་མཛད་དེ། ། ཀུན་ཏུ་བསྟན་ཀྱང་རྣམ་པར་འཕེལ་དང་འགྲིབ་མ་མཆིས། ། བསམ་པ་ཆེན་པོ་དག་ལྡན་ཅི་འདྲར་གྱུར་དེ་ལ། ། དཔག་མེད་རྫུ་འཕྲུལ་རྣམ་པར་སྤྲུལ་པས་དེ་སྟོན་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་ དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་ཤར་དང་ལྷོའི་ཕྱོགས་མཚམས་ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ནས་ལྷོ་དང་ནུབ་ཀྱི་མཚམས་ཕྱོགས་ན་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་སེམས་ ཅན་ཐམས་ཅད་ལ་གཟིགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མིག་བཟང་པོ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་སེམས་པ་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ ཏེ།
BO
ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ཁྲི་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་ཅིང་ན་བཟའི་དྲ་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། སེམས་ཅན་ དམ་པ་གཡག་རྔ་ཐོགས་པ་ཇི་བཞིན་དུ། ། ཚུལ་ཁྲིམས་དྲི་མེད་ནོར་བུ་རིན་ཆེན་འདྲ་བ་སྲུང་། ། ཚུལ་ཁྲིམས་མེད་གཟིགས་མགོན་པོ་ཤིན་ཏུ་ཐུགས་རྗེ་ཞིང་། ། བདག་ལ་བསྟོད་པ་མི་མཛད་གཞན་ལ་སྨོད་མི་མཛད། ། ལྷུན་པོ་ཇི་བཞིན་ཁྱོད་བརྟན་བླ་མ་རྒྱ་ཆེན་སྟེན། ། ཆུ་ གཏེར་ཟབ་མོ་བཞིན་དུ་ཤིན་ཏུ་གཏིང་དཔག་དཀའ། ། སྲིད་པ་ཐོག་མར་བཅིངས་པ་ཀུན་ནས་གྲོལ་བ་སྟེ། ། སེམས་ཅན་ཁྲག་ཁྲིག་ཉེས་པ་ཆེན་པོས་བཅིངས་ལས་གྲོལ། །
BO
དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་ བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་ལྷོ་དང་ནུབ་ཀྱི་མཚམས་ཕྱོགས་ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ནས་ནུབ་དང་བྱང་གི་མཚམས་ཕྱོགས་ན་དེ་བཞིན་གཤེགས་པ་འོད་བཀོད་པའི་རྒྱལ་པོའི་སངས་ རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མུན་པ་དང་བྲལ་བ་ན། བྱང་ཆུབ་སེམས་དཔའ་འོད་ཟེར་དྲ་བ་ཅན་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་ སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ ཁྲི་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་ཅིང་རྒྱན་གྱི་དྲ་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ།
BO
ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། སྲིད་པའི་རང་བཞིན་སྒྱུ་མའི་རང་བཞིན་རྟོགས་མཛད་ནས། ། བྱེད་པ་སྒྱུ་མ་ལྟ་ བུ་དངོས་པོ་མེད་པར་སྟོན། ། སྒྱུ་མ་ལྟ་བུ་སེམས་ཅན་ཁམས་ནི་འདུལ་མཛད་ཀྱང་། ། འདི་ན་སེམས་ཅན་རང་བཞིན་མ་མཆིས་ཁམས་མ་མཆིས། ། དཔེར་ན་མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན། ། གཟུགས་མཐོང་ཡང་དག་འདུ་ཤེས་དེ་བཞིན་མཐོང་མ་ལགས། ། འདུས་བྱས་ དངོས་པོ་མ་མཆིས་རྨི་ལམ་འདྲ་བར་གསུང་། ། ཆོས་རྣམ་སྣང་ཡང་འདི་ན་ཆོས་ལ་ཆགས་མ་མཆིས། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། ནུབ་དང་བྱང་གི་མཚམས་ཕྱོགས་ ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ནས་བྱང་དང་ཤར་གྱི་མཚམས་ཕྱོགས་ན་དེ་བཞིན་གཤེགས་པ་ནམ་མཁའི་དཀྱིལ་དྲི་མ་མེད་པ་རྣམ་པར་སེམས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོངས་དག་དྲི་མ་མེད་ པར་རབ་ཏུ་གནས་པ་ན། བྱང་ཆུབ་སེམས་དཔའ་བློ་མཐའ་ཡས་དྲི་མེད་ཅེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ།
BO
བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། སྐད་ ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ཁྲི་བསྐོར་བ་བྱས་ནས་ བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་ཅིང་རྟག་ཏུ་སྒྲ་འབྱུང་བའི་སིལ་སྙན་གྱི་དྲ་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། ཟབ་མོའི་ཆོས་ལ་མཁས་ཤིང་རབ་ཏུ་ཞི་ལ་མོས། ། ཁྱོད་ ཀྱིས་ཆོས་ཀུན་སྟོང་ཞིང་མཚན་མ་མེད་པར་མཁྱེན། ། ཁྱོད་ཀྱི་ཐུགས་ཀྱི་དགོངས་པ་འཇིག་རྟེན་ཀུན་མ་འཚལ། ། མཐའ་ཡས་བློ་མངའ་སེམས་ཀྱི་བསམ་པ་ཆོ་ག་མཁྱེན། ། སེམས་ཅན་གཅིག་གི་སྤྱོད་བཞིན་སེམས་ཅན་ཀུན་གྱི་སྤྱོད། ། གང་དག་དུས་གསུམ་ལྡན་པ་དེ་དག་ ཁྱོད་ཀྱིས་མཁྱེན། ། སེམས་ཅན་འདུ་ཤེས་མི་འཇུག་སེམས་ཀྱི་འདུ་ཤེས་མུན། ། འདུ་ཤེས་ཡོངས་ཤེས་མཁས་ཤིང་མཉམ་པ་ཉིད་དང་ལྡན། །
BO
དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་ བསྟོད་ནས་བྱང་དང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ནས་འོག་གི་ཕྱོགས་ན་དེ་བཞིན་གཤེགས་པ་རིན་ཆེན་ཨུཏྤ་ལ་དམར་པོའི་དཔལ་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རྣམ་ པར་སྣང་བྱེད་དུ་སྣང་བ་ན། བྱང་ཆུབ་སེམས་དཔའ་སྤོབས་པའི་རྒྱན་བཀོད་པ་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་སྐད་ ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ཁྲི་བསྐོར་བ་བྱས་ནས་བཅོམ་ ལྡན་འདས་ལ་མཆོད་པའི་ལས་བྱེད་ཅིང་ནོར་བུ་རིན་པོ་ཆེའི་གླིང་གི་ཕྲེང་གི་དྲ་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ།
BO
ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། གལ་ཏེ་ཁྲག་ཁྲིག་ཞིང་ན་ཇི་སྙེད་རྡུལ་མཆིས་པ། ། དེ་སྙེད་བདེ་ གཤེགས་སྲས་པོ་རྒྱལ་བའི་དྲུང་ལྷགས་ཏེ། ། བསྐལ་པ་བྱེ་བ་སྟོང་མང་ཞུ་བ་ཞུས་པ་དག ། དེ་དག་ཐམས་ཅད་ཚིག་གཅིག་དུས་ཀྱིས་གོ་བར་མཛད། ། བློ་ལ་མཁས་པ་རབ་རྫོགས་ཤེས་རབ་ཤིན་ཏུ་རྫོགས། ། གཟུངས་དང་ཏིང་འཛིན་རབ་རྫོགས་བསོད་ ནམས་མཐའ་ཡས་ཏེ། ། བསྐལ་པ་མང་པོ་མཐའ་ཡས་བསྔགས་པ་རབ་བརྗོད་ཀྱང་། ། སྐྲ་རྩེས་རྒྱ་མཚོ་ཇི་བཞིན་ཟད་པར་མི་ནུས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ ནས་འོག་གི་ཕྱོགས་ལོགས་སུ་གནས་ཏེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ནས་སྟེང་གི་ཕྱོགས་ན་དེ་བཞིན་གཤེགས་པ་སྒྲ་བསྒྲགས་མཆོག་གི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རྒྱན་གྱིས་བརྒྱན་པ་ན། བྱང་ཆུབ་ སེམས་དཔའ་ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་འོད་དེས་བསྐུལ་མ་ཐག་ཏུ།
BO
བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ ཙམ་དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་ཁྲི་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་ པའི་ལས་བྱེད་ཅིང་རྒྱན་ཐམས་ཅད་བཀོད་པ་དང་། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། བདེ་གཤེགས་སྐུ་ཡི་འཕྲིན་ལས་མཐའ་དང་དབུང་མ་མཆིས། ། བླ་མེད་རྣམས་ཀྱི་གསུང་ཐུགས་སྤྱོད་ཡུལ་མཐའ་ཡས་པ། ། དེ་ནི་སངས་རྒྱས་མཁྱེན་གྱི་སེམས་ཅན་གཞན་གྱིས་མིན། ། དཔེར་ན་ནམ་མཁའི་མཐའ་མ་སྐྱེ་བོས་མི་རྙེད་བཞིན། ། མཚུངས་མེད་སྤྱོད་པ་མཐའ་དབུང་མེད་པ་ཇི་བཞིན་དུ། ། བྱང་ཆུབ་འཁོར་ལོ་དེ་བཞིན་འོན་ཏེ་མྱ་ ངན་འདས། ། ས་བོན་ཇི་བཞིན་དེ་ལྟར་འབྲས་བུ་འབྱུང་བ་ལྟར། །
BO
དེ་བཞིན་ཕྱོགས་བཅུར་རྒྱལ་བའི་གནས་ཀྱང་ཚད་མ་མཆིས། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའི་བསྟོད་པ་ཚད་མེད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་སྟེང་ གི་བར་སྣང་ལ་དོང་སྟེ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རང་རང་གི་སྟན་དག་ལ་འཁོད་དོ། ། དེ་ལྟར་ཕྱོགས་བཅུ་དག་ནས་བྱང་ཆུབ་སེམས་དཔའ་བཅུ་འདུས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཚད་མེད་པ་དག་འོད་དེས་བསྐུལ་མ་ཐག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། ། དེ་ནས་བཅོམ་ལྡན་འདས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། གསུང་བསལ་བའི་སྒྲ་མཛད་ནས། གསུང་བསལ་ བའི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གང་དག་དད་པ་དང་ལྡན་ཞིང་སྣོད་དུ་གྱུར་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་།
BO
མི་ དང་མི་མ་ཡིན་པ་དེ་དག་གིས་བཅོམ་ལྡན་འདས་ཀྱི་གསུང་བསལ་བའི་སྒྲ་དེ་ཐོས་ནས་ལུས་དང་། སེམས་ཚིམ་པར་གྱུར་ཏེ། སངས་རྒྱས་ཀྱི་མཐུས་ཇི་ལྟར་བྱུང་བའི་ཐེམ་སྐས་དག་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་ཕྱིན་ཏེ། དེ་དག་གིས་བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་ཇི་ལྟར་འཐུན་པའི་སྟན་དག་ལ་འཁོད་དོ། ། གསུང་བསལ་བའི་སྒྲ་དེ་ཉིད་ཀྱིས་ཚངས་པའི་ལྷ་རྣམས་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་འཁོར་དང་། ཚངས་ཆེན་དང་། འོད་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་ དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བསྐུལ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་ཕྱིན་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་སྟན་རབ་ཏུ་བརྟན་པ་དག་ལ་འཁོད་ དོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ཆེན་པོ་དེ་འདུས་པར་མཁྱེན་ནས་སྨིན་མཚམས་ཀྱི་མཛོད་སྤུ་ནས་བྱང་ཆུབ་སེམས་དཔའི་སྟོབས་ཉེ་བར་སྟོན་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། དེས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་ལན་བདུན་བསྐོར་བ་ བྱས་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་ཉིད་ཀྱི་སྤྱི་བོར་མི་སྣང་བར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་འོད་དེས་རེག་མ་ཐག་ཏུ། དེའི་ཚེ་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱན་ ཐམས་ཅད་བཀོད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། ། བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱན་ཐམས་ཅད་བཀོད་པ་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེའི་ཚེ་འཁོར་གྱི་ཁྱམས་རིན་ པོ་ཆེ་བཀོད་པའི་དབུས་ནས་བཅོམ་ལྡན་འདས་ཀྱི་གདན་སེང་གེའི་ཁྲི་འཕང་དུ་ཤིང་ཏ་ལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཙམ་དུ་མཐོ་བ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། ཁ་ཁྱེར་རྒྱན་ཐམས་ཅད་ལས་བྱས་པ། རས་བཀོད་པ་ཐམས་ཅད་བཏིང་བ།
BO
མེ་ཏོག་སིལ་མ་ སྣ་ཚོགས་ཐམས་ཅད་བཀྲམ་པ། བླ་རེ་ཡིད་དུ་འོང་བ་ཐམས་ཅད་བྲེས་པ། བྱང་ཆུབ་སེམས་དཔའི་ལུས་ཐམས་ཅད་ཀྱིས་ཡང་དག་པར་བཟུང་བ། འཁོར་ཐམས་ཅད་ཀྱི་མིག་གིས་བལྟས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ། བསམ་པ་ཚིམ་པར་ བྱེད་པ་ཞིག་བྱུང་བར་གྱུར་ཏོ། དེ་ནས་བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོ་ཆོས་ཐམས་ཅད་ལ་དབང་སྒྱུར་བས་དེ་བཞིན་གཤེགས་པའི་གདན་སེང་གེའི་ཁྲི་ཆེན་པོ་བསྐུལ་བར་བསྔགས་པ་མཐའ་ཡས་ཞེས་བྱ་བ་མངོན་པར་སྤྲུལ་ནས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ ལས་ལངས་ཏེ། གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པར་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ཉི་མའི་འོད་ཀྱིས་འགྲོ་བའི་དགོས་པ་རབ་ཏུ་བགྱིད། ། ལྷ་དབང་གཟི་བརྗིད་ཡོན་ཏན་སུམ་ཅུ་རྩ་གསུམ་དགའ། ། ཚངས་པའི་དབྱངས་ ཀྱིས་ཚངས་པའི་འཇིག་རྟེན་རྣམ་པར་མཛེས། ། སངས་རྒྱས་མཐུ་ཡི་ཡུལ་གྱིས་རྣམ་པར་འཕྲུལ་པ་འདི། ། ཆོས་རྣམས་མི་གཡོ་ནམ་མཁའི་རང་བཞིན་ཡ་མ་བརླ། ། སྒྱུ་མ་སྨིག་རྒྱུ་ལྟ་བུ་ཆུ་ཡི་ཟླ་འདྲ་ཞིང་། ། རྗེ་མེད་བྱེད་པ་པོ་དང་ཚོར་བ་པོ་མེད་པར། །
BO
མཁྱེན་ནས་མགོན་ པོ་འདིར་ནི་རྣམ་པར་སྒྲུབ་པ་སྟོན། ། བཀོད་པའི་སེམས་ཀྱི་དབང་འགྲོ་སེམས་ནི་གཟུགས་ཅན་མིན། ། རྣམ་སྒྲུབ་ཐམས་ཅད་སེམས་ཀྱི་རང་བཞིན་དབང་དུ་འགྲོ། ། བཀོད་པ་ཐམས་ཅད་འདིར་ནི་སྒྱུ་མའི་རང་བཞིན་འདྲ། ། རྣམ་སྒྲུབ་བདག་གིས་མ་མཆིས་གང་ནའང་གནས་མ་ མཆིས། ། གང་གིས་སེམས་རྒྱུན་མ་མཆིས་རང་བཞིན་དག་འཚལ་བ། ། དེ་ལ་གློ་བུར་གནས་པའི་ཉོན་མོངས་མ་མཆིས་སོ། ། རྟོག་དང་ཀུན་རྟོག་ཡོངས་སུ་རྟོག་ལས་སེམས་གྲོལ་བ། ། དེ་ནི་སྒྱུ་མའི་རྣམ་པར་སྤྲུལ་པ་སྣ་ཚོགས་སྟོན། ། ས་སྟེང་རྡུལ་ཙམ་མངོན་ པར་འཕགས་པ་མ་མཆིས་ཀྱང་། ། ས་སྟེང་ནོར་བུ་རིན་ཆེན་སྣ་ཚོགས་ཀུན་ཏུ་བསྟན། ། གདན་གང་བཞུགས་ནས་སེམས་ཅན་བྱེ་བ་འདུལ་འགྱུར་བ། ། ཁྱོད་ཀྱི་སེང་གེའི་ཁྲི་གདན་རབ་མཛེས་བདག་གིས་བགྱིས། ། གདུགས་དང་རྒྱལ་མཚན་མཆོག་དང་དར་གྱི་ཕྲེང་བ་བསྒྲེང་། ། དེ་ ནི་གང་དུའང་འགྲོ་བ་མ་མཆིས་འོང་མ་མཆིས། ། ཁྱོད་ཀྱིས་གང་ནས་ཆོས་རྣམས་འདུ་བ་མཁྱེན་ནས་ཀྱང་། ། སེམས་ཅན་དམ་པ་རྣམ་པར་འཕྲུལ་པ་སྣ་ཚོགས་སྟོན། ། ཚངས་པའི་དབྱངས་ལྡན་ལེགས་ཤིང་ཤིན་ཏུ་བསྲུངས་པའི་གསུང་། ། འཇིག་རྟེན་སྒྲོན་མ་མཛད་པ་ བསོད་ནམས་གཟི་བརྗིད་མང་།
BO
། བདག་ལ་ཐུགས་བརྩེའི་སླད་དུ་འཛེགས་ཏེ་གདན་ལ་བཞུགས། ། རྒ་དང་འཆི་དང་ན་བ་གཅོད་པའི་ཆོས་བཤད་གསོལ། ། ཁྱོད་ལ་བསྙེན་བཀུར་བགྱི་དང་ཆོས་ནི་མཉན་སླད་དུ། ། རྣམ་དག་སེམས་ཅན་འདི་རྣམས་ཕྱོགས་བཅུ་དག་ནས་ ལྷགས། ། གང་གི་དོན་དུ་ལྷགས་པའི་དོན་དེ་སྩལ་དུ་གསོལ། ། སེང་གེའི་ཁྲི་ལ་བཞུགས་ཏེ་ཆོས་ཀྱང་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ལྷག་པའི་ བསམ་པ་མཁྱེན་ནས་གདན་སེང་གེའི་ཁྲི་དེ་ལ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་བརྙེས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་ དཔའི་ལམ་བཀོད་པ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཆོས་ཟབ་མོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་ཡོངས་སུ་སྒྲུབ་པ་དང་། ཡེ་ཤེས་ཀྱི་འབྱུང་གནས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ། སོ་སོ་ཡང་ དག་པར་རིག་པ་ལ་རྣམ་པར་གཏན་ལ་དབབ་པ་ལ་གཞོལ་བའི་སྒོར་འཇུག་པ།
BO
མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་གཞོལ་བའི་སྒོར་འཇུག་པ། ཕྱིར་མི་ལྡོག་པའི་འཁོར་ལ་མི་སྐྱེ་བའི་ཆོས་སྟོན་པ། ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཉམ་པ་ཉིད་དུ་ཡང་ དག་པར་འདུ་བ། ཆོས་ཀྱི་དབྱིངས་ཚུལ་གཅིག་ཅིང་མ་འདྲེས་པ་ལ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོ་ལ་འཇུག་པ། སྟོན་པ་སྙིང་པོ་དང་ལྡན་པ། ཆོས་རྣམ་པར་གདོན་མི་ཟ་བ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་ པར་བྱེད་པ། ཚུལ་བཞིན་གྱི་ཆོས་ཀྱི་ཚུལ་ལ་གཞོལ་བར་འཇུག་པ། ཉོན་མོངས་པ་དང་ལྟ་བར་གྱུར་པ་ཐམས་ཅད་འདུལ་བ། ཆགས་པ་མེད་པའི་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ། ཐུབ་པ་མེད་པར་ཡོངས་སུ་བསྔོ་བ་ལ་མཁས་པའི་ཐབས་དང་ཡེ་ཤེས་སྟོན་པ། སངས་ རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པ། ཆགས་པ་མེད་པའི་བྱིན་གྱི་རླབས་ཀྱི་སྒོར་འཇུག་པ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་ངེས་པ་སྟོན་པ། རྟོག་པ་མེད་པ་དང་རྣམ་པར་རྟོག་པ་མེད་པ་མཉམ་པ་ཉིད་དུ་འཇུག་པ། བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བསགས་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་མཉམ་པ་ཉིད་རྟོགས་པར་བྱེད་པ། སངས་རྒྱས་ཀྱི་སྐུ་དང་། གསུང་དང་།
BO
ཐུགས་མཉམ་པ་ཉིད་ཀྱི་རྒྱན་དང་ལྡན་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། མོས་ པ་དང་། ཤེས་རབ་ཟད་མི་ཤེས་པ་མངོན་པར་སྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་ཕྱིར་འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་ཕྱིར་ལུས་དང་། ངག་དང་། སེམས་རབ་ཏུ་དབེན་པར་ཤེས་པ། ཐེག་པ་ཆེན་པོས་ འདུལ་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སར་དབང་བསྐུར་བ་རབ་ཏུ་ཐོབ་པ། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་བརྗོད་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཚུལ་ལ་འཇུག་པ་འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བསྟན་པ་དང་། བསྙད་པ་དང་། བཤད་པ་དང་། བཀླག་པ་དང་། གཟུང་བ་དང་། རྣམ་པར་ཤེས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་བསྐང་བ་དང་། དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པ་ཡང་དག་པར་བསྟན་པ་དང་། འཁོར་ གྱི་ཐེ་ཚོམ་ཐམས་ཅད་གཅད་པ་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཚར་གཅད་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་འབར་བར་བྱ་བ་དང་། སངས་རྒྱས་ཀྱི་མཛད་པ་ཆེན་པོ་ཡོངས་སུ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ལ་ བཞུགས་སོ། ། ། །
BO
བམ་པོ་གཉིས་པ། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་རིན་ཆེན་སྲོག་ཤིང་ཞེས་བྱ་བས་སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་ སངས་རྒྱས་ཀྱི་རྒྱན་གྱིས་བརྒྱན་པར་བྱིན་གྱིས་བརླབས་སོ། ། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སྒྲ་བསྒྲགས་སྟོབས་ཀྱི་རྒྱལ་པོས་པདྨ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་གྱི་ལག་པ་རྣམས་སུ་ མེ་ཏོག་གི་ལྡ་ལྡི་དག་དང་། མེ་ཏོག་གི་སྐོན་བུ་རྣམས་བྱིན་གྱིས་བརླབས་ཏེ། མེ་ཏོག་གི་ལྡ་ལྡི་དང་། མེ་ཏོག་གི་སྐོན་བུ་དེ་དག་གིས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་མངོན་པར་འཐོར་རོ། ། དེ་ནས་སངས་རྒྱས་ཀྱི་ མཐུས་བྱང་ཆུབ་སེམས་དཔའ་བློ་མཆོག་རྒྱ་མཚོས་དྲི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་གྱི་སྤུའི་ཁུང་བུ་ཐམས་ཅད་དུ་ཙན་དན་སྦྲུལ་གྱི་སྙིང་པོའི་དྲིར་བྱིན་གྱིས་བརླབས་སོ། །
BO
དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་ སེམས་དཔའ་འོད་ཟེར་དྲ་བ་ཅན་གྱིས་འོད་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་ལ་ལུས་ཀྱི་འོད་མཐའ་ཡས་པར་བྱིན་གྱིས་བརླབས་སོ། ། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་སེམས་ པས་མིག་མི་འཛུམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་བཞིན་གཤེགས་པ་ལ་མངོན་པར་ཕྱོགས་ཤིང་མིག་མི་འཛུམས་པར་བྱིན་གྱིས་བརླབས་སོ། ། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་བློ་མཐའ་ ཡས་དྲི་མེད་ཀྱིས་ཆོས་ལ་མཆོག་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་ཆོས་དོན་དུ་གཉེར་ཞིང་ཆོས་ལ་དགའ་བ་དང་མོས་པར་བྱིན་གྱིས་བརླབས་སོ། ། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སྤོབས་པའི་ རྒྱན་བཀོད་པས་རབ་ཏུ་ཞི་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་སྒྲིབ་པ་ལྔ་རྣམ་པར་སེལ་བར་བྱིན་གྱིས་བརླབས་སོ། །
BO
དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་ རྒྱལ་པོས་བརྗེད་པ་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་བྱང་ཆུབ་ཀྱི་སེམས་དྲན་ཞིང་དེ་བཞིན་གཤེགས་པ་ལ་དམིགས་པ་མི་བརྗེད་པར་བྱིན་གྱིས་བརླབས་སོ། ། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་སྣང་བ་ཞེས་བྱ་བས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་དང་ལྡན་པའི་འཁོར་བདུད་དང་། ཕྱིར་རྒོལ་བ་བཅོམ་པར་བྱིན་གྱིས་བརླབས་སོ། ། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་བྱང་ཆུབ་ སེམས་དཔའ་བདུད་རབ་ཏུ་འཇོམས་པས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའི་བདུད་རབ་ཏུ་འཇོམས་པས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་དེ་ལ་ སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་བྱེ་བ་ཕྲག་བརྒྱ་ཇི་སྙེད་པ་དེ་དག་ཐམས་ཅད་དཔུང་དང་བཅས།
BO
གཡོག་འཁོར་དང་བཅས་ཏེ་མྱུར་བ་མྱུར་བར་{རིངས་,རིང་}ཐབས་སུ་རང་རང་གི་བདུད་ཀྱི་གནས་ནས་མི་སྣང་ བར་གྱུར་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལྷའི་མཆོད་པ་རྣམ་པ་བརྒྱ་སྟོང་ཕྲག་དུ་མས་བཅོམ་ལྡན་འདས་ལ་མཆོད་ནས་གུས་པ་དང་ བཅས་ཤིང་ཞེ་ས་དང་བཅས་པར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་བ་བཏབ་ནས། བཅོམ་ལྡན་འདས་བདག་ཅག་གསོལ་བ་འཚལ་ན་བཅོམ་ལྡན་འདས་ཆོས་བཤད་དུ་གསོལ། བདེ་བར་གཤེགས་པ་ཆོས་བཤད་དུ་གསོལ། བྱང་ཆུབ་སེམས་ དཔའ་བདུད་རབ་ཏུ་འཇོམས་པའི་བྱིན་གྱི་རླབས་ཀྱིས་བདག་ཅག་བདུད་ཀྱི་སུག་ལས་འདོར་ཞིང་སླན་ཆད་སེམས་ཅན་རྣམས་ལ་མིག་གིས་མི་རྩོལ་བར་འགྱུར་བའི་ལས་མི་བགྱིད་དོ། ། བཅོམ་ལྡན་འདས་བདག་ཅག་ལ་དབུགས་དབྱུང་བ་སྩོལ་ཅིག་དང་། བཅོམ་ལྡན་འདས་ཀྱི་ ཐད་དུ་མཆིས་ཏེ། བདག་ཅག་ཆོས་ཉན་པར་བགྱིད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་དེ་དག་དབུགས་དབྱུང་བའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ། ། གྲོགས་པོ་དག་ལེགས་སོ་ལེགས་སོ། །
BO
གང་གི་ཕྱིར་ཁྱེད་བདུད་ཀྱི་ལས་ཀྱང་འོར་ལ་དེ་བཞིན་གཤེགས་པ་ལ་ ཆོས་བཤད་པར་གསོལ་བ་ཡང་ཐོབ་ཤིག་དང་། དེ་ཉིད་ཁྱེད་ཀྱི་བདུད་ཀྱི་ལམ་ཐམས་ཅད་ལས་འདའ་བའི་རྒྱུར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་པའི་སྟོབས་བསྐྱེད་པའི་ཕྱིར་རོ། ། གྲོགས་པོ་དག་འདི་ལྟ་སྟེ། དཔེར་ ན་མུན་པ་མུན་ནག་ལོ་དུ་མར་བསགས་པ་ནི་མར་མེ་གཅིག་གིས་མེད་པར་འགྱུར་རོ། ། གྲོགས་པོ་དག་དེ་བཞིན་དུ་ཉོན་མོངས་པའི་མུན་པ་མུན་ནག་བསྐལ་པ་བརྒྱར་བསགས་པ་ཡང་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་གཅིག་གིས་མེད་པར་འགྱུར་རོ། ། གྲོགས་པོ་དག་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་གཅིག་དང་། ཉི་མའི་དཀྱིལ་འཁོར་གཅིག་དང་། ནོར་བུ་རིན་པོ་ཆེ་ཆེན་པོ་གཅིག་གིས་མུན་པ་མུན་ནག་ཐམས་ཅད་སེལ་ཏོ། ། གྲོགས་པོ་དག་དེ་བཞིན་དུ་དགེ་བའི་སེམས་ལྷག་མཐོང་དང་ལྡན་པ་གཅིག་གིས་མི་ཤེས་པའི་མུན་པ་མུན་ནག་ ཐམས་ཅད་སེལ་ཏོ། ། གྲོགས་པོ་དག་དེའི་ཕྱིར་ཁྱེད་དགེ་བའི་རྩ་བ་འདིས་རིམ་གྱིས་མི་ཤེས་པའི་མུན་པ་མུན་ནག་ཐམས་ཅད་བསལ་ནས་ཆོས་ཀྱི་སྣང་བ་ཆེན་པོ་ཐོབ་པར་འགྱུར་རོ། །
BO
དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་འཁོར་དེ་ཉིད་ དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དང་། ཀུན་ཏུ་བསྟན་པ་འདི་ནི་བསམ་གྱིས་མི་ཁྱབ་བོ། ། དེང་ནི་དེ་བཞིན་གཤེགས་པ་བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བགྱི་བ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་བཤད་པར་བཞེད་པར་ཐེ་ཚོམ་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཨེ་མ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུས་པ་ འདི་ནི་ཆེ་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ། མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་རྣམ་པར་རོལ་པ། ཕྱོགས་བཅུར་སྒྲ་བསྒྲགས་པ་སེམས་ཤིན་ཏུ་བྱང་བར་བགྱིས་ཏེ་དྲི་མ་མ་མཆིས་པར་རིག་པ་དང་། རྣམ་ པར་གྲོལ་བས་སྣང་བར་གྱུར་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ། ཆོས་ཐམས་ཅད་ལ་དབང་ཕྱུག་གིས་དབང་སྒྱུར་བ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ།
BO
ཐབས་ལ་མཁས་པ་ཐམས་ཅད་ལས་ངེས་པར་སྐྱེས་པ། བདུད་ཀྱི་ལས་ དང་རྩོད་པ་དང་། ཉོན་མོངས་པ་ཐམས་ཅད་བསལ་བ། ཕས་ཀྱི་རྒོལ་བ་དང་། ངན་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་རབ་ཏུ་འདུལ་བ། ཚིག་ཐམས་ཅད་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ལ་མཁས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་མ་མཆིས་པའི་ ཕ་རོལ་ཏུ་སོན་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཁྲེལ་ཡོད་པ་དང་། མོས་པ་དང་། གཟུངས་དང་། ཡེ་ཤེས་རབ་ཏུ་ཐོབ་པ། བྱིན་གྱི་རླབས་ཐོགས་པ་མ་མཆིས་ཤིང་སྤོབས་པ་རྒྱུན་མི་འཆད་པ། ། སེམས་ཅན་ཐམས་ཅད་ཀྱི་དབང་པོས་མཆོག་ དང་། མཆོག་མ་ལགས་པ་ཤེས་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ། འཁྲུལ་པ་མ་མཆིས་པར་ཁ་ན་མ་ཐོ་བ་མ་མཆིས་པའི་ཆོས་སྟོན་པ། སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་ལ་མཁས་པ། མི་འམ་ཅི་དང་། བྱ་ཀ་ལ་པིང་ཀ་དང་། ཁྲུང་ཁྲུང་གི་སྒྲ་དང་། ཚངས་པའི་སྒྲ་དབྱངས་ཅན། ཤིན་ཏུ་བཤེས་གཉེན་བགྱིས་པས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ལ་འགོད་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ལྷག་པའི་བསམ་པ་ཅན། བརྟན་ ཞིང་ཤིན་ཏུ་གནས་ལ་མི་གཡོ་ཞིང་ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པ།
BO
ཆོས་ཀྱི་རྒྱལ་མཚན་ཡང་དག་པར་བསྒྲེང་བར་བགྱིད་པ། རྡོ་རྗེ་ལྟར་སྲ་ཞིང་མི་ཤིགས་པའི་ཁོར་ཡུག་ལྟ་བུ། སྨོན་པ་མ་མཆིས་པའི་སྨོན་ལམ་དང་ལྡན་པ། རྟེན་ཅིང་འབྲེལ་བར་འབྱུང་ བ་ཟབ་མོ་བལྟ་དཀའ་ཞིང་རྟོགས་པར་དཀའ་བ་ལ་ཞུགས་པ། ཆད་པ་དང་། རྟག་པའི་མཐའ་གཉི་ག་དང་། ལྟ་བར་གྱུར་པ་ཐམས་ཅད་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་བཅད་པ། ཚོགས་ཅན་ཆེན་པོའི་ཚོགས་ཀྱི་རྒྱལ་པོ་ཡོངས་སུ་འགུགས་ པ། དེད་དཔོན་ཆེན་པོ་བསྐལ་པ་གྲངས་མེད་པར་ཆོས་དཀོན་མཆོག་གིས་བསོད་ནམས་ཡང་དག་པར་བསྒྲུབས་པ། སྨན་པའི་རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གཟུགས་ཅན་མ་ལགས་པའི་ནད་གསོ་བར་བགྱིད་པ། སེང་གེའི་ སྒྲ་ཆེན་པོ་སྒྲོགས་པ། སྣྲེལ་ཞིའི་རྒྱུད་དང་། སྤྱིའུ་ཚུགས་ཀྱི་རྒྱུད་ཐམས་ཅད་དང་། དེ་བཞིན་གཤེགས་པའི་གསང་བ་ལ་མི་སྐྲག་པ། མཚན་དང་དཔེ་བྱད་བཟང་པོས་ལུས་ལེགས་པར་བརྒྱན་པ། གཏན་པ་མེད་པའི་མཆོད་སྦྱིན་བགྱིད་པ། ཐམས་ཅད་ལ་ སེམས་དཔའ་བ། བདུད་བཞི་དང་། ཉོན་མོངས་པའི་གཡུལ་འདུལ་བ། མཉན་པ་ལྟ་བུར་གྱུར་པ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་།
BO
ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ། ཤིན་ཏུ་ ཡོངས་སུ་སྦྱང་བ་བགྱིས་པ། སེམས་ཅན་ཐམས་ཅད་རབ་ཏུ་སྒྲོལ་བ་ལ་བརྩོན་པ། རི་ལྟ་བུར་གྱུར་པ། འཇིག་རྟེན་གྱི་ཆོས་བརྒྱད་པོ་རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། སྨད་པ་དང་། བསྟོད་པ་དང་། བདེ་བ་དང་། སྡུག་བསྔལ་ ལས་ལོག་པ། དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བའི་ཆོས་ལ་སེམས་ཞུགས་པ། ཆོས་དཀོན་མཆོག་གི་འོད་ཟེར་དང་ལྡན་པ། ཤེས་རབ་ཀྱིས་ངོམས་ནས་ངོམས་པར་བགྱིད་པ། པདྨ་ལྟ་བུ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱིས་མི་གོས་པ། འོད་ ཀྱི་དཀྱིལ་འཁོར་རྣམ་པར་དག་པ། ཟླ་བ་དང་། ཉི་མ་དང་། བརྒྱ་བྱིན་དང་། ཚངས་པའི་འོད་མོག་མོག་པོར་བགྱིད་པ། རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ། ཆོས་དཀོན་མཆོག་ཐམས་ཅད་ལ་ཡང་དག་པར་གཞོལ་བ། དཀོན་མཆོག་གསུམ་གྱི་ གདུང་མི་གཅོད་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱི་བ་དང་། འདུལ་བའི་ཆོ་ག་འཚལ་བ། སངས་རྒྱས་ཀྱི་ཆོས་དཀོན་མཆོག་ཐམས་ཅད་ཀྱི་མཛོད་ཡང་དག་པར་འཛིན་པ། བསྔགས་པ་མཐའ་ཡས་པ་དང་ཡང་དག་པར་ལྡན་པ། བསོད་ནམས་ ཚད་མ་མཆིས་པ་བསགས་པ།
BO
རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཉེ་བར་གྱུར་པ། ཕྱི་མའི་མཐའི་མུའི་བསྐལ་པར་བསྔགས་པ་མཐར་མི་ཕྱིན་པ་འདི་ལྟ་བུ་རྣམས་ཀྱི་འདུས་པ་ལགས་སོ། ། བཅོམ་ལྡན་འདས་དེ་ལ་བདག་ འདི་སྙམ་དུ། བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བགྱི་བ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་བཤད་པར་བཞེད་པ་སྙམ་བགྱིད་དོ། ། བཅོམ་ལྡན་འདས་ཇི་ཙམ་དུ་སངས་རྒྱས་འབྱུང་བ་ནི་ ཕན་འདོགས་པར་འགྱུར་བ། སེམས་ཅན་ཐམས་ཅད་ཚིམ་པར་འགྱུར་བ། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་དག་པར་སྐྱེད་པ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཡོངས་སུ་སྦྱོང་བ། སྤྱོད་པ་ ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་གཅིག་ལ་འཇུག་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ལ་དབང་བསྐུར་བ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུ་དང་འབྲས་བུ་ཆུད་མི་ཟ་བ། ངེས་ པའི་སེམས་ཅན་རྣམས་ལ་རྐྱེན་ཉེ་བར་སྒྲུབ་པ།
BO
མ་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཉེ་བར་སྒྲུབ་པ། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལམ་ལ་འཛུད་པ། ཐེག་པ་གསུམ་ལ་མོས་པའི་སེམས་ཅན་རྣམས་ལ་རྣམ་པར་དགོད་པ་སྟོན་པ་སྟེ་ངོ་ མཚར་ཏོ། ། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རྒྱན་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་བྱུང་བར་གྱུར་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདི་ལྟ་བུ་འདི་དག་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། ། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་དག་གིས་འཁོར་གྱི་ཁྱམས་འདིར་སེམས་བསྐྱེད་པ་གཅིག་གིས་བཀོད་པ་གང་བྱིན་གྱིས་བརླབས་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་སྟོན་པའི་རྔོ་ མི་ཐོགས་སོ། ། བཅོམ་ལྡན་འདས་དེ་ལ་བདག་འདི་སྙམ་བགྱིད་དེ། ཨེ་མ་ཇི་ཙམ་དུ་གང་རྫུ་འཕྲུལ་གྱིས་རྣམ་པར་སྤྲུལ་པའི་ཆོ་འཕྲུལ་འདི་ལྟ་བུ་འདི་མཐོང་ཡང་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་རེ་བ་སྐྱེད་པའི་སེམས་ཅན་ཤེས་རབ་ འཆལ་པ་ཅན་དེ་དག་ནི་ངོ་མཚར་ཆེ་བ་སྙམ་བགྱིད་དོ། ། དེ་ཅིའི་སླད་དུ་ཞེ་ན།
BO
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་པའི་སླད་དུའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ ན་ཤེས་རབ་འཆལ་པའི་རང་བཞིན་ཅན་གྱི་མི་ལ་ལ་ཞིག་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་བོར་ནས་ནོར་བུ་མཆིང་བུ་ལ་དམིགས་པ་སྙམ་དུ་སེམས་པ་དང་། བཅོམ་ལྡན་འདས་གང་དག་ཐེག་པ་ཆེན་པོ་བོར་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་དམིགས་པར་བགྱི་བ་ སྙམ་དུ་སེམས་པའི་སེམས་ཅན་དག་ནི་འདྲ་བ་ཉིད་དུ་བདག་ལ་གདའོ། ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྐྱེད་པར་འགྱུར་བ་དེ་དག་ཐམས་ ཅད་ནི་རིང་པོར་མི་ཐོགས་པར་ཆོས་འདི་ལྟ་བུ་དང་ལྡན་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོས་བསྟན་པ་འདི་བཤད་པ་ན། ལྷ་དང་མིར་བཅས་པའི་སྐྱེ་དགུའི་འཁོར་དེ་ལས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། རྒྱན་བཀོད་པ་ཞེས་བྱ་བ་འདུས་པའི་ལེའུའོ། ། ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་དེ་གཟིགས་ནས། ཨེ་མ་བྱང་ཆུབ་སེམས་དཔའ་འདུས་ པ་འདི་དག་ནི་ཆོས་དོན་དུ་གཉེར་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འཛིན་པར་མཁྱེན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ། སྒྲིབ་པ་མེད་པའི་སྒོའི་ལེའུའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་བཤད་པའི་ཕྱིར། མི་འཇིགས་པས་སྤོབས་པ་ ཞེས་བྱ་བའི་འོད་ཟེར་སྐྱེས་བུ་ཆེན་པོའི་མཚན་སྤྱི་གཙུག་ནས་བྱུང་ངོ་། ། བཅོམ་ལྡན་འདས་ཀྱིས་འོད་ཟེར་དེ་ཕྱུང་མ་ཐག་ཏུ་དེ་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་ལན་བདུན་བསྐོར་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་ པོའི་ལུས་ལ་ལན་བརྒྱར་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོའི་སྤྱི་གཙུག་ཏུ་མི་སྣང་བར་གྱུར་ཏོ། ། འོད་དེས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་རེག་མ་ཐག་ཏུ། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འོད་དང་། སེང་གེའི་ཁྲི་དང་།
BO
ལུས་བརྒྱ་འགྱུར་དུ་ཟིལ་གྱིས་མནན་ནས་ལམ་མེ། ལྷང་ངེ་། ལྷན་ནེའོ། ། དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་ ཀྱི་དབང་ཕྱུག་གི་རྒྱལ་པོས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་རིག་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་ འདས་ཀྱི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་རིན་པོ་ཆེའི་གདུགས་དེ་བཞིན་གཤེགས་པའི་རྒྱན་ཅེས་བྱ་བ་ཡུ་བ་ནི་བཻ་དཱུརྱ། གཡོགས་མ་ནི་གསེར། སྙིང་པོ་ནི་རིན་པོ་ཆེ་ནེ་ཚོ་འམ་ཅི། རྩིབས་ནི་ཨན་ད་རྙིལ་ལས་བྱས་པ། མུ་ཏིག་གི་དོ་ཤལ་རབ་ ཏུ་སྤྱངས་པ། དར་གྱི་ལྡ་ལྡིས་མཛེས་པར་བྱས་པ། དྲིལ་བུ་གཡེར་ཀའི་དྲ་བ་འཁྲོལ་བ། བྱང་ཆུབ་སེམས་དཔའི་ལུས་ཀྱིས་བཟུང་བ། རྒྱར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་ཞིག་བྱིན་གྱིས་བརླབས་སོ། ། དེ་བཞིན་གཤེགས་ པ་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ཆེའི་གདུགས་དེ་ལྟ་བུ་བྱིན་གྱིས་བརླབས་ནས་མེ་ཏོག་གི་ཆར་ཡང་ཕབ་སྟེ། སིལ་སྙན་དང་། སྒྲ་དབྱངས་རྟག་ཏུ་རྒྱུན་མི་འཆད་པར་སྒྲ་འབྱུང་བར་བྱིན་གྱིས་བརླབས་ནས།
BO
བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་ མངོན་པར་བསྟོད་དོ། ། ཀུན་དུ་སྣང་བ་ཀུན་ནས་འོད་ཟེར་ཅན། ། དོན་རྣམས་མ་ལུས་སྟོན་པ་ཀུན་ནས་སྤྱན། ། རང་བྱུང་ཆོས་ཀྱི་ངོ་བོ་ཉིད་ལ་མཁས། ། བསམ་གྱིས་མི་ཁྱབ་ཡོན་ཏན་ཀུན་དང་ལྡན། ། སྐྱེས་བུ་ཁྱུ་མཆོག་གིས་ནི་འོད་ཟེར་ཕྱུང་། ། ཞལ་ ཡང་རྣམ་པར་སྦྱོང་ཞིང་འོད་མཛད་པ། ། འདྲེན་པ་དེ་ནི་བདག་གི་ལུས་ལ་ཡང་། ། ལན་བརྒྱར་བསྐོར་བ་བགྱིས་ནས་སྤྱི་བོར་ཞི། ། མི་ཡི་འདྲེན་པའི་འོད་ཀྱིས་རེག་པས་ན། ། གང་དག་བདག་གིས་སྔོན་ཐོབ་དྲན་པ་དང་། ། བློ་གྲོས་སྤོབས་པ་སྣང་བ་དེ་བཞིན་གཟུངས། ། རྣམ་ པ་སྟོང་དུ་ཁྱད་པར་འཕགས་པར་གྱུར། ། བདག་ལུས་རབ་སིམ་སེམས་ནི་རྣམ་པར་དག ། བདག་གི་བློ་གྲོས་དགའ་མགུ་མཉམ་པར་གྱུར། ། གཞན་ཡང་སངས་རྒྱས་མཁྱེན་པ་མཐའ་ཡས་དང་། ། སྤོབས་པ་བདག་གི་ལུས་ལ་རབ་ཏུ་ཞུགས། ། སངས་རྒྱས་མཐུ་ཆེན་བསྙེན་ པར་དཀའ་བ་ལ། ། ཉམ་ཆུང་དག་གིས་མཉེས་པར་བགྱིད་མི་ནུས། ། སངས་རྒྱས་གནང་ནས་འགྲོ་ཀུན་ཕན་སླད་དུ། ། སངས་རྒྱས་ལ་ནི་ཞུ་བ་ཞུ་བར་འཚལ། ། རྫོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་དང་། ། འཇིག་རྟེན་རྣམ་འདྲེན་དག་གི་འབྱུང་བ་དང་། །
BO
སྣང་ དང་ངེས་འབྱུང་རྣམ་པར་སྤྲུལ་པ་དང་། ། དབང་བསྐུར་ཡེ་ཤེས་ཡོངས་སུ་ཞུ་བར་འཚལ། ། ཐེག་མཆོག་དམ་པ་རྟོགས་པར་ཁོང་ཆུད་ཅིང་། ། མཐའ་ཡས་རྒྱ་ཆེ་བ་ཡི་འཁོར་ལྷགས་དང་། ། གང་དག་རྒྱ་ཆེན་ཆོས་དོན་གཉེར་བ་དག ། དེ་དག་ཕན་སླད་སངས་རྒྱས་ལ་ཡང་ ཞུ། ། བདུད་ཀྱི་དཀྱིལ་འཁོར་ཤིན་ཏུ་ཚར་གཅད་ཅིང་། ། སངས་རྒྱས་བསྟན་པ་འདི་ནི་ཤིན་ཏུ་གཟུང་། ། བཅོམ་ལྡན་ཕུང་པོ་མ་མཆིས་དམ་ཆོས་མཛོད། ། ལུས་ཅན་རྣམས་ལ་བཤད་པའི་དུས་འདི་ལགས། ། སྐྱེས་བུ་ཁྱུ་མཆོག་མཁྱེན་པ་མཐའ་ཡས་པས། ། བཅོམ་ལྡན་དེ་ལ་བདག་གི་བློ་མི་ཆུད། ། བདེ་གཤེགས་མཁྱེན་པ་ཤེས་པས་མི་དཔོགས་པས། ། མཁས་པ་ཡངས་པ་བདག་ནི་ཞུ་བར་འཚལ། ། ཇི་ལྟར་བཅོམ་ལྡན་འདས་ཀྱི་མཁྱེན་འཇུག་དང་། ། ཇི་ལྟར་ཡུན་རིང་ནས་ནི་བསླབས་པ་དང་། ། ཆོས་ཀྱི་དབང་ཕྱུག་ རྒྱལ་པོ་རབ་བསླབས་པ། ། འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་བཤད་དུ་གསོལ། ། དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ ལྡན་འདས་དེ་བཞིན་གཤེགས་པའི་ཡུལ་ནི་བསམ་གྱིས་མི་ཁྱབ།
BO
བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ནི་ཚད་མ་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ནི་ཡོངས་སུ་མི་སྐྱོ་བར་ཆོས་སྟོན་པ་ལགས་པར་རིག་ཅིང་། དེ་བཞིན་གཤེགས་པ་ནི་སེམས་ཅན་ ཐམས་ཅད་མི་གཏོང་བའི་ཐུགས་རྗེ་ཆེན་པོ་ལ་གནས་པར་མཐོང་ནས་དོན་འདི་ཞུ་བར་འཚལ་ལོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་དག་ནི་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྒྱན་གང་དག་གིས་བརྒྱན་ན་བྱང་ཆུབ་སེམས་དཔའི་སྤྱད་པ་ སྤྱོད་པ་ན་མཛེས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཐོབ་ནས་གཏི་མུག་གི་མུན་པ་དང་བྲལ་ཞིང་ཐེ་ཚོམ་མ་མཆིས་པ་དང་། ཆོས་ཀྱི་སྒོ་ཆེན་པོ་ཤིན་ཏུ་ཡོངས་སུ་སྦྱངས་པ་རྣམས་ལགས། བཅོམ་ལྡན་ འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་མི་གཏོང་བའི་སྙིང་རྗེ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ལ་གནས་པ་མཆོག་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ དག་བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ལ་ཞུགས་པ་དང་། ལེགས་པར་བགྱིད་པའི་ལས་བགྱིད་པ་དང་།
BO
ལས་ཀྱི་མཐའ་གདུང་བ་མ་མཆིས་པ་རྣམས་ལགས། བཅོམ་ལྡན་འདས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་བདུད་དང་ཕྱིར་རྒོལ་བ་བཅོམ་ཞིང་ཐེ་ཚོམ་དང་ བྲལ་ནས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་ཡུལ་ལ་མངོན་དུ་འཕགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་འཇུག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དག་ ཡོངས་སུ་འཚལ་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་རྣམས་རྣམ་པར་སྦྱོང་བར་འགྱུར་བ་དང་། བདུད་ཀྱི་དཀྱིལ་འཁོར་ཚར་གཅོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ཡང་དག་པར་འཛིན་པར་འགྱུར་བ་དང་། མྱུར་དུ་ཆོས་ཐམས་ ཅད་ལ་དབང་སྒྱུར་བ་འཐོབ་པར་འགྱུར་བར་དེ་བཞིན་གཤེགས་པས་བློ་ཤིན་ཏུ་རྣམ་པར་ངེས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་མངོན་པར་འཕགས་པའི་ཆོས་ཀྱི་སྒོ་དེ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྐྱེས་བུ་དམ་པ་ཁྱོད་ལེགས་སོ། ། ལེགས་སོ། ། ཁྱོད་ཇི་ལྟར་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚད་མེད་པ་ལ་རྣམ་པར་ངེས་པ་ཐོབ་ནས།
BO
ཁྱོད་བློ་རྣམ་པར་ངེས་པ་འདི་ལྟ་བུས་དེ་བཞིན་ གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་སྐྱེས་བུ་དམ་པ་ཁྱོད་ལེགས་སོ། ། དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡོན་ཏན་འདི་དག་དང་། བྱང་ཆུབ་སེམས་དཔའི་ཡོན་ ཏན་ཚད་མེད་པ་གཞན་དག་ཀྱང་ཡོངས་སུ་རྫོགས་པར་འགྱུར་བ་དང་། མྱུར་དུ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་འཐོབ་པར་འགྱུར་བ་ངས་ཁྱོད་ལ་བཤད་དོ། ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་རྒྱན་དང་། ཏིང་ངེ་འཛིན་གྱི་རྒྱན་དང་། ཤེས་ རབ་ཀྱི་རྒྱན་དང་། གཟུངས་ཀྱི་རྒྱན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་ནི་བཞི་པོ་འདི་དག་གོ། ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་གང་ཞེ་ན།
BO
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ ནི་གཅིག་སྟེ། གཅིག་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་གནོད་པ་མི་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་ཞེ་སྡང་བའི་སེམས་མེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་དགའ་བ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཚུལ་ཁྲིམས་ཀྱི་རྒྱན་གཅིག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་གཉིས་པོ་འདི་དག་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ངན་འགྲོའི་སྒོ་གཅོད་པ་དང་། བདེ་འགྲོའི་སྒོ་འབྱེད་པ་སྟེ། གཉིས་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལུས་རྣམ་པར་དག་པ་དང་། ངག་རྣམ་པར་དག་པ་དང་། ཡིད་རྣམ་པར་དག་པ་སྟེ། གསུམ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། གང་འདོད་པ་དེ་འབྱོར་པ་དང་། གང་སྨོན་པ་དེ་ཡང་དག་པར་འགྲུབ་པ་དང་། གང་འདོད་པ་དེ་འཐོབ་པ་དང་།
BO
གང་རྩོམ་པ་དེ་ཉམས་འོག་ཏུ་ཆུད་པར་བྱེད་པ་སྟེ། བཞི་པོ་ འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པའི་ཏིང་ངེ་འཛིན་སྒྱུ་མེད་པ་ཡིན། ཤེས་རབ་སྒྱུ་མེད་པ་ཡིན། རྣམ་པར་གྲོལ་བ་སྒྱུ་མེད་པ་ཡིན། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྒྱུ་མེད་པ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བླ་ན་མེད་པ་སྒྱུ་མེད་པ་ཡིན་ཏེ་ལྔ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་དྲུག་པོ་འདི་དག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། ཡིད་ལ་ཆགས་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕྱིར་སྐྱོན་མེད་པའི་ཚུལ་ཁྲིམས་དང་། ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་ཀྱི་ཕྱིར་ཉམས་པ་མེད་པའི་ཚུལ་ཁྲིམས་དང་། འདྲེན་མ་མ་ཡིན་པའི་ཚུལ་ཁྲིམས་ཀྱི་ཕྱིར་འདྲེས་པ་མ་ཡིན་པའི་ཚུལ་ཁྲིམས་དང་། དགེ་བའི་ ཆོས་ཤིན་ཏུ་རྣམ་པར་འཕེལ་བའི་ཕྱིར་སྲ་སྲེ་མ་ཡིན་པའི་ཚུལ་ཁྲིམས་དང་། གང་གིས་འདོད་པར་འགྲོ་བའི་ཚུལ་ཁྲིམས་ཀྱི་ཕྱིར་རང་དགའི་ཚུལ་ཁྲིམས་དང་།
BO
གཞན་ལ་རག་མ་ལུས་པའི་ཤེས་པས་རང་གི་དབང་སྒྱུར་བའི་ཚུལ་ཁྲིམས་ཏེ་དྲུག་པོ་འདི་དག་ གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་བདུན་པོ་འདི་དག་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པའི་སྦྱིན་པ་རྣམ་པར་དག་པ་དང་། བཟོད་པ་རྣམ་པར་དག་པ་དང་། བརྩོན་འགྲུས་རྣམ་པར་དག་པ་དང་། བསམ་གཏན་རྣམ་པར་དག་པ་དང་། ཤེས་རབ་རྣམ་པར་དག་པ་དང་། ཐབས་རྣམ་པར་དག་པ་དང་། བག་ཡོད་པ་རྣམ་པར་དག་པ་སྟེ། བདུན་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་ གང་ཞེ་ན། འདི་ལྟ་སྟེ། སྤོབས་པ་ཕུན་སུམ་ཚོགས་པ་དང་། ས་ཕུན་སུམ་ཚོགས་པ་དང་། རྣམ་པར་འཕྲོ་བ་མེད་པ་ཕུན་སུམ་ཚོགས་པ་དང་། ལྷོད་པ་མེད་པ་ཕུན་སུམ་ཚོགས་པ་དང་། འཁོན་དུ་འཛིན་པ་མེད་པ་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ འབྱུང་བ་མཉེས་པར་བྱེད་པ་ཕུན་སུམ་ཚོགས་པ་དང་། དལ་བ་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་ཕུན་སུམ་ཚོགས་པ་སྟེ་བརྒྱད་པོ་འདི་དག་གོ། །
BO
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་དགུ་པོ་འདི་དག་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། འཇིགས་པ་མེད་པ་ཡིན། སྐྲག་པ་མེད་པ་ཡིན། བསམ་པ་ངེས་པ་ཡིན། ཉེ་བར་ཞི་བ་ཡིན། བསིལ་བ་ཡིན། བཅིངས་པ་ལྷོད་པ་ཡིན། སེམས་ལས་སུ་རུང་བ་ཡིན། སེམས་ཅང་ཤེས་པ་ཡིན། དུལ་བའི་ས་རྗེས་སུ་ འཐོབ་པ་ཡིན་ཏེ། དགུ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནི་བཅུ་པོ་འདི་དག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པའི་ཕྱིར་ལུས་ཀྱི་རྒྱན་དང་། ཇི་སྐད་སྨྲས་པ་དེ་ བཞིན་བྱེད་པའི་ཕྱིར་ངག་གི་རྒྱན་དང་། ཉོན་མོངས་པ་མེད་པའི་ཕྱིར་སེམས་ཀྱི་རྒྱན་དང་། སྨོན་ལམ་ཡོངས་སུ་རྫོགས་པའི་ཕྱིར་ཞིང་གི་རྒྱན་དང་། བསམ་པ་ཡོངས་སུ་སྤྱོད་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱན་དང་། སྡིག་པ་ཐམས་ཅད་མི་བྱེད་པའི་ ཕྱིར་སྐྱེ་བའི་རྒྱན་དང་། དེ་བཞིན་གཤེགས་པའི་སྤྱོད་པ་ལ་རྗེས་སུ་སློབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱན་དང་། ང་རྒྱལ་མེད་པའི་ཕྱིར་ཤེས་པའི་རྒྱན་དང་།
BO
དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དང་། ཚུལ་ཁྲིམས་ཀྱི་ རྩ་བ་ལ་གནས་པ་མི་འདོར་བའི་ཕྱིར་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྒྱན་ཏེ། རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ནོ། ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཏིང་ངེ་འཛིན་གྱི་རྒྱན་གང་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་གཅིག་སྟེ། གཅིག་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་སྟེ་འདི་ནི་གཅིག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་ འཛིན་གྱི་རྒྱན་ནི་གཉིས་པོ་འདི་དག་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། དྲང་བ་དང་། མཉེན་པ་སྟེ་གཉིས་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྒྱུ་མེད་ པ་དང་། གཡོ་མེད་པ་དང་། བཅོས་མ་མེད་པ་སྟེ་གསུམ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན།
BO
འདི་ལྟ་སྟེ། འདུན་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང་། ཞེ་སྡང་ གིས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང་། འཇིགས་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ་སྟེ་བཞི་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སྒྲིབ་པ་ལྔ་སྤོང་བ་སྟེ། ལྔ་པོ་དེ་དག་གང་ཞེ་ན། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་སྟེ། སྒྲིབ་པ་ལྔ་པོ་འདི་དག་སྤོང་བའོ། ། རིགས་ཀྱི་བུ་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་དྲུག་པོ་འདི་དག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་ དང་། ལྷ་རྗེས་སུ་དྲན་པ་སྟེ་དྲུག་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་བདུན་པོ་འདི་དག་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ།
BO
བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་སྟེ། དྲན་པ་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་ འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བདུན་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ལམ་ ཡན་ལག་བརྒྱད་པ་བསྒོམ་པ་སྟེ། འདི་ལྟར་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་ དག་པའི་ཏིང་ངེ་འཛིན་ཏེ་བརྒྱད་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་དགུ་པོ་འདི་དག་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ།
BO
རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བརྗེད་པ་མེད་པའི་སེམས་ཀྱིས་སྙིང་རྗེ་ཆེན་པོའི་གནས་ལ་གནས་ ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་ནས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་རྫོགས་ པར་བྱས་ཏེ་གནས་སོ། ། དེ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་ སོ། ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་ བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། ། དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ།
BO
བཏང་སྙོམས་དང་དྲན་པ་ཡོངས་ སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་ མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅིའང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་ སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་ སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཀྱང་ཐབས་མཁས་པས་ཡང་དག་པའི་མཐའ་མངོན་སུམ་དུའང་མི་བྱེད་ལ།
BO
སྔོན་གྱི་བྱིན་གྱི་རླབས་ཀྱིས་ཡང་དག་པར་གནས། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་སྟེ། ཏིང་ངེ་འཛིན་གྱི་རྒྱན་ནི་དགུ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་བཅུ་པོ་འདི་དག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་འཁྲུགས་པས་ངེས་པར་སེམས་པ་དང་། ཞི་གནས་ཡོངས་སུ་རྫོགས་པར་བྱེད་པ་དང་། མངོན་པར་བརྩོན་པ་མི་འདོར་བ་དང་། ནང་དུ་ ཡང་དག་འཇོག་སྦེད་པ་དང་། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་དང་། སེམས་དབེན་པ་དང་། ལུས་ཤིན་ཏུ་སྦྱངས་པ་དང་། ཆོས་རྣམས་ལ་སེམས་ཤིང་འཇལ་ལ་སོ་སོར་རྟོག་པ་དང་། སེམས་ལ་དབང་སྒྱུར་བ་དང་། འཕགས་པའི་རིགས་རབ་ཏུ་ཐོབ་པ་སྟེ། རིགས་ ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ནི་བཅུ་པོ་འདི་དག་གོ། ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་གང་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་གཅིག་སྟེ། གཅིག་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པ་སྟེ། འདི་ནི་གཅིག་གོ། །
BO
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་གཉིས་པོ་འདི་དག་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། འགྱོད་པ་དང་བྲལ་བ་དང་། ཀུན་ནས་ལྡང་བ་དང་བྲལ་བ་སྟེ། གཉིས་པོ་འདི་ དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། གཏི་མུག་སྤོང་བ་དང་། མ་རིག་པའི་སྒོ་ངའི་སྦུབས་ངེས་པར་གཅོག་པ་དང་། མུན་པ་མུན་ནག་སེལ་བ་སྟེ། གསུམ་པོ་འདི་དག་ གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བའི་ཤེས་པ་དང་། ཀུན་འབྱུང་བ་སྤང་བའི་སྣང་བ་དང་། འགོག་པ་མངོན་སུམ་དུ་བྱ་བའི་མངོན་གསལ་ དང་། ལམ་བསྒོམ་པའི་བྱིན་གྱི་རླབས་ཏེ། བཞི་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དམིགས་པ་མེད་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། ཤེས་ རབ་མཆོག་གིས་བསམ་གཏན་པ་ཡིན་པས་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་དང་།
BO
གཉིས་དང་བྲལ་བས་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་དག་པ་དང་། དུས་གསུམ་མཉམ་པ་ཉིད་པས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཉིད་པས་ཆོས་ཀྱི་ཕུང་པོ་ཡོངས་སུ་དག་པ་སྟེ། ལྔ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་དྲུག་པོ་འདི་དག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ནི་སྒྱུ་མ་དང་མཉམ་པ་ཉིད་པས་བདག་གི་འཁོར་ཡོངས་སུ་དག་པ་དང་། རྨི་ལམ་དང་མཉམ་པ་ཉིད་པས་སེམས་ཅན་གྱི་འཁོར་ཡོངས་སུ་དག་པ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པས་བྱང་ཆུབ་ཀྱི་འཁོར་ཡོངས་སུ་དག་པའོ། ། འཁོར་གསུམ་ཡོངས་ སུ་དག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་བརྙན་ལྟ་བུའི་ཕྱིར་ལུས་ཀྱི་འཁོར་ཡོངས་སུ་དག་པ་དང་། བྲག་ཅ་ལྟ་བུའི་ཤེས་པས་ངག་གི་འཁོར་ཡོངས་སུ་དག་པ་དང་། སྒྱུ་མ་དང་མཉམ་པ་ཉིད་པས་སེམས་ཀྱི་འཁོར་ཡོངས་སུ་དག་པའོ། ། འཁོར་གསུམ་ ཡོངས་སུ་དག་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཉེས་པར་སྨྲས་པའི་ཚིག་རྣམས་ལ་ཁོང་ཁྲོ་བ་སྤོང་བ་ཡོངས་སུ་དག་པ་དང་། བསྟོད་པ་དང་།
BO
བསྔགས་པ་དང་། རྗེས་སུ་ཆགས་པ་སྤོང་བ་ཡོངས་སུ་དག་པ་དང་། ཡན་ལག་དང་ཉིང་ལག་གཅོད་པ་དག་ལ་ཆོས་ཀྱི་སྐུ་ལ་ རབ་ཏུ་རྟོག་པ་ཡོངས་སུ་དག་པའོ། ། འཁོར་གསུམ་ཡོངས་སུ་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཁོར་བ་རྨི་ལམ་ལྟ་བུར་མོས་པས་ཡོངས་སུ་མི་སྐྱོ་བ་ཡོངས་སུ་དག་པ་དང་། རྡོ་རྗེ་ལྟ་བུའི་བསམ་པས་བརྟན་པ་ཡོངས་སུ་དག་པ་དང་། མཚན་ མ་ཐམས་ཅད་ལས་སྒྲོལ་བས་བླང་བ་མེད་པ་དང་དོར་བ་མེད་པ་ཡོངས་སུ་དག་པའོ། ། འཁོར་གསུམ་ཡོངས་སུ་དག་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་འགྱུར་བར་ཤེས་པས་དེ་ལ་མ་ཆགས་པ་ཡོངས་སུ་དག་པ་དང་། མངོན་པར་ཞེན་པ་མེད་པས་ལྷག་མཐོང་ ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་སྐྱེད་པས་དམིགས་པ་ཡོངས་སུ་དག་པའོ། ། འཁོར་གསུམ་ཡོངས་སུ་དག་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་བསྡུ་བའི་དངོས་པོ་ཡོངས་སུ་དག་པ་དང་། དམ་པའི་ཆོས་ཡོངས་སུ་ འཛིན་པས་གཟུངས་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་གྱི་ཕྱིར་སྨོན་ལམ་ཡོངས་སུ་དག་པ་སྟེ། དྲུག་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་བདུན་པོ་འདི་དག་སྟེ།
BO
བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་ པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ལུས་དང་སེམས་དབེན་པ་དང་། དབང་པོ་རྣམས་ལ་དབང་པོ་ཡོངས་སུ་ ཤེས་པ་དང་། སྟོབས་རྣམས་ཀྱིས་བདུད་དང་ཉོན་མོངས་པ་ཐམས་ཅད་ཚར་གཅོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། ལམ་རྣམས་ལ་འོང་བ་མེད་པ་དང་འགྲོ་བ་མེད་པར་ཤེས་པ་སྟེ་བདུན་པོ་འདི་དག་གོ། ། རིགས་ཀྱི་བུ་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཤིན་ཏུ་ཞི་བའི་ཕྱིར་ཞི་གནས་ཤེས་པ་དང་། རབ་རིབ་དང་བྲལ་བའི་ཕྱིར་ལྷག་མཐོང་ཤེས་པ་དང་། ཆོས་ཀྱི་ཕུང་པོ་རྗེས་སུ་རྟོགས་པའི་ཕྱིར་ཕུང་པོ་ཤེས་ པ་དང་། ནམ་མཁའི་ཁམས་དང་མཉམ་པ་ཉིད་ཀྱི་ཕྱིར་ཁམས་ཤེས་པ་དང་། གྲོང་སྟོང་དང་མཉམ་པ་ཉིད་ཀྱི་ཕྱིར་སྐྱེ་མཆེད་ཤེས་པ་དང་། བདག་མེད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་དང་། མི་འཁྲུགས་པའི་ཕྱིར་བདེན་པ་ཤེས་པ་དང་།
BO
ཡང་ དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པས་ཆོས་ཐམས་ཅད་ངེས་པར་རྟོགས་པ་ཤེས་པ་སྟེ། བརྒྱད་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་དགུ་པོ་འདི་དག་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་མཐའ་དག་པས་འདས་པ་ཤེས་པ་དང་ ཕྱི་མའི་མཐའ་དག་པས་མ་འོངས་པ་ཤེས་པ་དང་། བར་གྱི་མཐའ་དག་པས་ད་ལྟར་བྱུང་བ་ཤེས་པ་དང་། རྒྱུ་ཆུད་མི་ཟ་བས་ངེས་པ་རྣམས་ཤེས་པ་དང་། རྐྱེན་ཕྱེ་བར་སྒྲུབ་པས་མ་ངེས་པ་རྣམས་ཤེས་པ་དང་། ཡོངས་སུ་སྨིན་པར་བྱེད་པས་ལོག་པ་ཉིད་དུ་མ་ངེས་པ་རྣམས་ཤེས་པ་དང་། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཀྱི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་འཕགས་པ་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་སྟེ། དགུ་པོ་ འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་བཅུ་པོ་འདི་དག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བསྒྲུབ་པའི་མཚན་ཉིད་ཀྱི་ཕྱིར་སྒྱུ་མ་ལྟ་བུར་ཤེས་པ་དང་།
BO
ཡོངས་སུ་རྟོག་པའི་མཚན་ཉིད་ཀྱི་ཕྱིར་རྨི་ལམ་ལྟ་བུར་ཤེས་པ་དང་། རྣམ་པར་འཁྲུལ་པའི་མཚན་ཉིད་ཀྱི་ཕྱིར་སྨིག་རྒྱུ་ལྟ་བུར་ཤེས་པ་དང་། འཕོ་བ་མེད་པའི་མཚན་ཉིད་ཀྱི་ཕྱིར་གཟུགས་བརྙན་ལྟ་བུར་ཤེས་པ་དང་། འདུ་འཕྲོད་ཀྱི་མཚན་ཉིད་ཀྱི་ཕྱིར་མིག་ཡོར་ལྟ་བུར་ཤེས་པ་དང་། རྐྱེན་གྱི་མཚན་ཉིད་ཀྱི་ཕྱིར་བྲག་ཅ་ལྟ་བུར་ཤེས་པ་ དང་། ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་མཚན་ཉིད་དུ་ཤེས་པ་དང་། དེ་བཞིན་ཉིད་གནས་མེད་པའི་མཚན་ཉིད་དུ་ཤེས་པ་དང་། ཡང་དག་པའི་མཐའ་མི་འཁྲུགས་པའི་མཚན་ཉིད་དུ་ཤེས་པ་དང་། འདུས་བྱས་དག་འདུས་མ་བྱས་ཀྱི་མཚན་ཉིད་དུ་ཤེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱན་ནི་བཅུ་པོ་འདི་དག་གོ། ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་གང་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་གཅིག་སྟེ་ གཅིག་གང་ཞེ་ན། འདི་ལྟ་སྟེ། དྲན་པ་བརྗེད་པ་མེད་པ་སྟེ། འདི་ནི་གཅིག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་གཉིས་པོ་འདི་དག་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཀུན་ཏུ་འཛིན་པ་དང་།
BO
འཛིན་པ་སྟེ། གཉིས་ པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། དོན་ལ་མཁས་པ་དང་། ཚིག་འབྲུ་ལ་མཁས་པ་དང་། ངེས་པའི་ཚིག་ལ་མཁས་པ་སྟེ། གསུམ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པའི་ཚིག་དང་། རྩུབ་པ་མ་ཡིན་པའི་ཚིག་དང་། རབ་ཏུ་གྲོལ་བའི་ཚིག་དང་། {བརྫུན་,རྫུན་}པ་མེད་པའི་ཚིག་སྟེ། བཞི་པོ་ འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཐོས་པ་ཐམས་ཅད་ཀྱི་ནང་ནས་དོན་ལ་རྟོན་པ་དང་། ཡི་གེའི་ཚོགས་ཐམས་ཅད་ཀྱི་ནང་ནས་ཡེ་ཤེས་ལ་རྟོན་པ་དང་། མདོ་སྡེ་ ཐམས་ཅད་ཀྱི་ནང་ནས་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་དང་། གང་ཟག་གི་སྒྲ་ཐམས་ཅད་ལས་ཆོས་ཉིད་ལ་རྟོན་པ་དང་། འཇིག་རྟེན་ཐམས་ཅད་ལས་འཇིག་རྟེན་ལས་འདས་པ་ལ་རྟོན་པ་སྟེ། ལྔ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ གཟུངས་ཀྱི་རྒྱན་ནི་དྲུག་པོ་འདི་དག་སྟེ།
BO
དྲུག་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། བདེན་པའི་རྗེས་སུ་འཐུན་པའི་ཚིག་རབ་ཏུ་ཐོབ་པ་དང་། ང་རྒྱལ་མེད་པས་གཟུང་བར་འོས་པའི་ཚིག་དང་། གཡོ་མེད་པས་བླང་བར་འོས་པའི་ ཚིག་དང་། སྙིང་རྗེ་ཆེན་པོ་ལ་སྦྱོར་བས་འབྲས་བུ་ཡོད་པའི་ཆོས་སྟོན་པ་དང་། སྣོད་ལ་མཁས་པས་ཕྱད་པར་ཆོས་སྟོན་པ་དང་། འཇིག་རྟེན་ཤེས་པས་དུས་སུ་ཆོས་སྟོན་པ་སྟེ་དྲུག་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་ རྒྱན་ནི་བདུན་པོ་འདི་དག་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། མགྱོགས་པའི་སྤོབས་པ་དང་། ཤུགས་ཅན་གྱི་སྤོབས་པ་དང་། མྱུར་བའི་སྤོབས་པ་དང་། ཆགས་པ་མེད་པའི་སྤོབས་པ་དང་། རྒྱུན་ཆད་པ་མེད་པའི་སྤོབས་པ་དང་། འཁྲུལ་པ་མེད་ པའི་སྤོབས་པ་དང་། ཤིན་ཏུ་ངེས་པའི་ཚིག་གི་སྤོབས་པ་སྟེ། བདུན་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ལྷའི་སྐད་ཤེས་པ་དང་། ཀླུའི་སྐད་ཤེས་པ་ དང་། གནོད་སྦྱིན་གྱི་སྐད་ཤེས་པ་དང་། དྲི་ཟའི་སྐད་ཤེས་པ་དང་། ལྷ་མ་ཡིན་གྱི་སྐད་ཤེས་པ་དང་།
BO
ནམ་མཁའ་ལྡིང་གི་སྐད་ཤེས་པ་དང་། མི་འམ་ཅིའི་སྐད་ཤེས་པ་དང་། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་ནས་སེམས་ཅན་ཐམས་ཅད་ཀྱི་བར་གྱི་སྐད་ ཤེས་པ་སྟེ། བརྒྱད་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་དགུ་པོ་འདི་དག་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། འཁོར་གྱི་ནང་དུ་སྤ་གོང་བ་མེད་པ་དང་། སྨྲ་བའི་ནང་དུ་ཞུམ་པ་མེད་པ་དང་། ཆོས་བཤད་པའི་ ནང་དུ་འཇིགས་པ་མེད་པ་དང་། འདྲི་བ་རྣམས་ལ་ངེས་པར་འབྱུང་བ་ཤེས་པ་དང་། མངོན་པའི་ང་རྒྱལ་ཅན་རྣམས་ལ་སྣྲེལ་ཞིར་བསྟན་པ་ཤེས་པ་དང་། ཡང་དག་པར་ཞུགས་པ་རྣམས་ལ་རྗེས་སུ་འཐུན་པ་བསྟན་པ་ཤེས་པ་དང་། ཁེངས་པ་དག་ལ་ལག་ན་ རྡོ་རྗེ་སྟོན་པ་དང་། མངོན་པར་ཆགས་པ་རྣམས་ལ་སྲེག་པའི་བསྐལ་པ་སྟོན་པ་དང་། ཡོངས་སུ་སྨིན་པ་རྣམས་ལ་ཐེག་པའི་རིམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་སྟེ། དགུ་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་བཅུ་པོ་འདི་ དག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དོགས་པ་ཐམས་ཅད་ལ་ཐེ་ཚོམ་མེད་པར་སྟོན་པ་ཤེས་པ་དང་། བློས་ཆོས་སྐྱེ་བའི་སྒོ་དང་། ཤེས་རབ་ཀྱི་སྣང་བ་གཞན་ལ་ལྷག་མ་མ་ལུས་པ་དང་།
BO
ཡི་གེ་བསྟན་པ་མི་ཟད་པ་དང་། དོན་བསྟན་པ་རྒྱུན་ཆད་པ་མེད་པ་ དང་། སངས་རྒྱས་ཀྱི་བསྔགས་པ་མཐའ་ཡས་པ་ཡང་དག་པར་རབ་ཏུ་བརྗོད་པ་དང་། ཀུན་ནས་ཉོན་མོངས་པའི་སྐྱོན་མུ་མེད་བར་བརྗོད་པ་དང་། རྣམ་པར་བྱང་བའི་བསྔགས་པ་ཚད་མེད་པ་སྟོན་པ་དང་། དབང་པོ་ཐམས་ཅད་ལ་གཞོལ་བར་འཇུག་པ་ཆགས་ པ་མེད་པ་དང་། སངས་རྒྱས་ཀྱིས་གནང་བའི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་བཅུ་པོ་འདི་དག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་ཚིགས་ སུ་བཅད་བ་འདི་དག་གསུངས་སོ། ། གང་གིས་ཐེག་མཆོག་དམ་པ་འདི་མཛེས་པ། ། བློ་གྲོས་ཆེན་པོ་རྣམས་ཀྱི་རྒྱན་བཞི་སྟེ། ཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་མཆོག ། ཤིན་ཏུ་རྣམ་ངེས་དོན་དང་དེ་བཞིན་གཟུངས། ། དེ་ནི་ལུས་ཅན་ཀུན་གྱི་ཡིད་ འོད་དགའ། ། ལུས་དང་ངག་རྣམས་དང་ནི་ཡིད་དག་ཅིང་། དེ་ཡི་རྣམ་པར་ལྷུང་བ་ཀུན་ཆད་པ། ། འདི་ནི་ཚུལ་ཁྲིམས་ལྡན་པའི་རྒྱན་ཡིན་ནོ། ། ལྷ་མི་རྣམས་ཀྱི་ནང་དུ་མཁས་པ་སྐྱེ། ། དེ་ཡི་སྨོན་ལམ་ཇི་ལྟར་འདོད་བཞིན་འགྲུབ། ། ནན་ཏན་སྙིང་པོར་བྱེད་ དང་ཡང་དག་ལྡན། །
BO
འདི་ནི་ཚུལ་ཁྲིམས་དག་པའི་རྒྱན་ཡིན་ནོ། ། དེ་ཡི་ཏིང་འཛིན་སྒྱུ་མ་མ་ཡིན་ཏེ། ། ཤེས་རབ་རྣམ་གྲོལ་དེ་བཞིན་ཡེ་ཤེས་མཐོང་། དེ་ཡི་མྱ་ངན་ལས་འདས་པ་སྒྱུ་མ་མིན། ། འདི་ནི་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱན། ། ཚུལ་ཁྲིམས་ སྐྱོན་མེད་ཚུལ་ཁྲིམས་རྣམ་པར་དག ། ཚུལ་ཁྲིམས་སྲ་སྲེ་མ་ཡིན་འདྲེན་མ་མེད། ། དེ་ཡི་རང་དགའ་དེ་བཞིན་རང་དབང་ཡིན། ། འདི་ནི་གང་དག་ཚུལ་ཁྲིམས་དག་པའི་རྒྱན། ། ཚུལ་ཁྲིམས་ཀྱིས་ནི་སྦྱིན་པ་དག་པར་འགྱུར། ། བཟོད་པ་དག་ཅིང་དེ་བཞིན་ བརྩོན་འགྲུས་དག ། བསམ་གཏན་དག་ཅིང་དེ་བཞིན་ཤེས་རབ་དག ། ཐབས་དང་དེ་བཞིན་བག་ཡོད་དག་པ་ཡིན། ། གཡོ་བ་མེད་ཅིང་བརྟན་ལ་ཤིན་ཏུ་གནས། ། ས་མཆོག་ཐོབ་ཅིང་རྣལ་འབྱོར་རྣམ་འཕྲོ་མེད། ། ལྷོད་པ་སྤངས་ཤིང་དགང་སླ་གསོ་ཡང་སླ། ། འདི་ནི་གང་དག་ཚུལ་ཁྲིམས་དག་པའི་རྒྱན། ། བརྩོན་འགྲུས་འབར་ཞིང་ཚུལ་ཁྲིམས་བསྔགས་པ་སྟེ། ། དེ་ཡི་སེམས་ནི་ནམ་ཡང་གདུང་མི་འགྱུར། ། དེ་ལ་ཡིད་ལ་གཅགས་པར་འགྱུར་མེད་དེ། ། འདི་ནི་གང་དག་ཚུལ་ཁྲིམས་དག་པའི་རྒྱན། ། འཇིགས་པ་ མེད་ཅིང་མི་སྐྲག་མི་ཞུམ་སྟེ། ། བསམ་པ་དེས་ཤིང་ཞི་ལ་ཡིད་རབ་ཞི། ། འདིར་ནི་དེ་ཡི་བཅིངས་པ་ལྷོད་པར་གྱུར།
BO
། འདི་ནི་གང་དག་ཚུལ་ཁྲིམས་དག་པའི་རྒྱན། ། གྲགས་ཆེན་སེམས་ནི་ལས་སུ་རུང་བ་ཡིན། ། དེ་ནི་དུལ་ཞིང་དེ་བཞིན་ཅང་ཤེས་ཡིད། ། འདིར་ནི་ རང་ལུས་མཚན་གྱིས་བརྒྱན་བྱེད་པ། ། འདི་ནི་གང་དག་ཚུལ་ཁྲིམས་དག་པའི་རྒྱན། ། དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད། ། མཁས་པ་དེ་ནི་ངག་གི་རྒྱན་ཐོབ་སྟེ། ། དེ་ནི་ཉོན་མོངས་མེད་པས་རྟག་སེམས་བརྒྱན། ། འདི་ནི་གང་དག་ཚུལ་ཁྲིམས་དག་པའི་རྒྱན། ། ཁྱད་ པར་འཕགས་པའི་ཞིང་ནི་ལེགས་པར་བརྒྱན། ། ཐེག་པ་མཆོག་ལ་སེམས་ཅན་ཡོངས་སྨིན་བྱེད། ། གང་ཕྱིར་སྡིག་པ་ཐམས་ཅད་མི་བྱེད་པས། ། རང་གི་སྐྱེ་བ་ལེགས་པར་བརྒྱན་པར་བྱེད། ། བྱང་ཆུབ་སྤྱོད་པ་རྟག་ཏུ་བརྒྱན་བྱེད་ཅིང་། ། བྱང་ཆུབ་སྙིང་པོ་དམ་པ་བརྒྱན་ པར་བྱེད། ། སྟོབས་དང་མི་འཇིགས་པ་དག་བརྒྱན་བྱེད་ཅིང་། ། ང་རྒྱལ་མེད་པས་ཤེས་པ་ལེགས་པར་བརྒྱན། ། དེ་ནི་བྱམས་པས་སེམས་ཅན་ཀུན་ཁྱབ་བྱེད། ། མཁས་པ་རྟག་ཏུ་དྲང་དང་མཉེན་པ་ཡིན། ། གཡོ་ནི་མེད་ཅིང་སྒྱུ་མེད་བཅོས་པ་མེད། ། གཏི་མུག་ འདོད་སྡང་འཇིགས་པས་འགྲོ་མ་ཡིན། ། དེ་ནི་སྒྲིབ་པ་ལྔ་པོ་རྣམ་པར་སེལ། ། བག་ཡོད་གྱུར་ནས་རྗེས་སུ་དྲན་དྲུག་བསྒོམ། །
BO
བྱང་ཆུབ་ཡན་ལག་བདུན་དང་ལམ་སྒོམ་སྟེ། ། མཐར་གྱིས་དགུ་དང་ཏིང་འཛིན་བསམ་གཏན་བྱེད། ། རྣལ་འབྱོར་པ་ནི་ཞི་གནས་ངེས་ སེམས་སྦྱོར། ། དེ་ནི་ཚུལ་བཞིན་དགེ་བ་ཆུད་མི་གསོན། ། དབེན་དང་ཤིན་ཏུ་སྦྱངས་དང་སོ་སོར་རྟོག ། འཕགས་པའི་རིགས་ལ་དབང་ནི་སྒྱུར་བ་ཡིན། ། ཆོས་རྣམས་ལ་ནི་ཐེ་ཚོམ་མེད་པར་གྱུར། ། དེ་ལ་ཀུན་ནས་ལྡང་དང་འགྱོད་པ་མེད། ། དེ་ ལ་མ་རིག་གཏི་མུག་མུན་པ་མེད། ། བདེན་པ་སྣང་བ་ཡོངས་སུ་ཤེས་པ་ཤེས། ། ཚུལ་ཁྲིམས་དག་པ་དམིགས་པ་མེད་པ་སྟེ། ། ཤེས་རབ་དམ་པ་བསམ་གཏན་ཏིང་འཛིན་དག ། གཉིས་བསལ་ནས་ནི་རྣམ་པར་གྲོལ་བ་དག ། ལྷག་པའི་ང་རྒྱལ་མེད་ཅིང་ཤེས་པ་ དག ། དུས་གསུམ་དག་ལ་ཡེ་ཤེས་མཐོང་མི་ཆགས། ། འདོད་ཆགས་བྲལ་བའི་ཤེས་པས་ཆོས་ཀྱང་དག ། དག་ནས་འདིར་ནི་དེ་ལ་རློམ་སེམས་མེད། ། འདི་ནི་གང་དག་ཤེས་རབ་ལྡན་པའི་རྒྱན། ། ཤེས་རབ་ཀྱིས་ནི་སྦྱིན་པ་བརྒྱན་གྱུར་ཏེ། ། རྨི་ལམ་སྒྱུ་མ་ཚོལ་ བ་མེད་པའི་ཕྱིར། ། བདག་དང་བྱང་ཆུབ་དེ་བཞིན་སེམས་ཅན་རྣམས། ། འཁོར་གསུམ་པོ་དག་དེ་དག་རྣམ་པར་སྦྱོང་། ། ཤེས་རབ་ཀྱིས་ནི་ཚུལ་ཁྲིམས་བརྒྱན་གྱུར་ཏེ། ། གཟུགས་བརྙན་སྒྱུ་མ་བྲག་ཅ་འདྲ་བའི་ཕྱིར། །
BO
ལུས་དང་ངག་རྣམས་དང་ནི་དེ་བཞིན་སེམས། ། འཁོར་གསུམ་པོ་དག་དེ་ནི་རྣམ་པར་སྦྱོང་། ། ཤེས་རབ་ཀྱིས་ནི་བཟོད་པ་བརྒྱན་གྱུར་ཏེ། ། མཁས་དང་མཐོ་མིན་དམའ་བར་འགྱུར་མིན་དང་། ། དམ་པའི་ཆོས་སྐུ་རྟག་ཏུ་རབ་རྟོག་པ། ། འཁོར་གསུམ་པོ་དག་དེ་ནི་རྣམ་པར་སྦྱོང་། ། ཤེས་རབ་ཀྱིས་ནི་བརྩོན་འགྲུས་བརྒྱན་ གྱུར་ཏེ། ། སྐྱོ་བ་མེད་ཅིང་བསམ་པ་བརྟན་པ་དང་། ། དེ་ནི་བླང་བ་མེད་ཅིང་དོར་མེད་པ། ། འཁོར་གསུམ་པོ་དག་དེ་ནི་རྣམ་པར་སྦྱོང་། ། ཤེས་རབ་ཀྱིས་ནི་བསམ་གཏན་བརྒྱན་གྱུར་ཏེ། ། དེ་ལ་མ་ཆགས་གྱུར་དང་ལྷག་མཐོང་དང་། ། མཁས་དང་མངོན་པར་ཤེས་ པ་སྐྱེད་པ་དང་། ། འཁོར་གསུམ་པོ་དག་དེ་ནི་རྣམ་པར་སྦྱོང་། ། ཤེས་རབ་ཀྱིས་ནི་ཐབས་ཀྱང་བརྒྱན་བྱེད་དེ། ། ཤིན་ཏུ་སྡུད་དང་གཟུངས་དང་ཡང་དག་སྨོན། ། འཁོར་གསུམ་པོ་དག་དེ་ནི་རྣམ་སྦྱོང་ཞིང་། ། སེམས་ཅན་ཆོས་དང་དེ་བཞིན་ཞིང་རྣམས་སྦྱོང་། ། དྲན་ པ་ཉེ་བར་གཞག་ལ་དྲན་མི་འཇུག ། ཡང་དག་སྤོང་བ་རྣམས་ལ་གཉིས་མེད་དེ། ། རྫུ་འཕྲུལ་གྱིས་ནི་ལུས་དང་སེམས་ཀྱང་དབེན། ། སེམས་ཅན་གྱིས་ནི་དབང་པོ་ཀུན་མི་ཤེས། ། བདུད་དང་ཉོན་མོངས་རྣམས་ཀྱིས་ཟིལ་མི་ནོན། །
BO
ཆོས་ཀྱི་རང་བཞིན་ཚུལ་བཞིན་རྗེས་ སུ་རྟོགས། ། དེ་བཞིན་ལམ་ལ་འོང་མེད་འགྲོ་བ་མེད། ། འདི་ནི་གང་དག་ཤེས་རབ་ལྡན་པའི་རྒྱན། ། དེ་ནི་ཤིན་ཏུ་ཞི་བས་ཞི་གནས་ཤེས། ། དེ་ཡི་ལྷག་མཐོང་སྤྱོད་ཡུལ་མཐའ་ཡས་ཏེ། ། ཆོས་ཀྱི་ཕུང་པོ་ཅི་བཞིན་ཕུང་པོ་ཤེས། ། ཁམས་ནི་ནམ་མཁའ་མཚུངས་ ཤིང་འདྲ་བར་ཤེས། ། དེས་ནི་སྟོང་པ་ལྟ་བུར་སྐྱེ་མཆེད་ཤེས། ། རྟེན་པས་བསགས་པས་ཆོས་རྣམས་འབྱུང་མེད་དེ། ། དོན་དམ་བདེན་པར་འཁྲུགས་པ་མེད་པར་ཤེས། ། ཚུལ་བཞིན་གྱིས་ནི་ངེས་པར་རྟོགས་པར་ཤེས། ། དུས་གསུམ་ལ་ནི་ཆགས་མེད་ཡེ་ཤེས་ འཇུག ། རྣམ་པར་གཞག་ཕྱིར་ཕུང་པོ་གསུམ་ཡང་ཤེས། ། དཀོན་མཆོག་གསུམ་ནི་མཚན་ཉིད་གཅིག་ཏུ་ཤེས། ། འདི་ནི་གང་དག་ཤེས་རབ་ལྡན་པའི་རྒྱན། ། རྣམ་བསྒྲུབས་མཚན་ཉིད་སྒྱུ་མ་ལྟ་བུར་ཤེས། ། ཡོངས་བརྟགས་རྩ་བ་རྨི་ལམ་ཇི་བཞིན་ནོ། ། རྣམ་འཕྲུལ་མཚན་ཉིད་སྨིག་རྒྱུ་འདྲ་བ་སྟེ། ། འཕོ་མེད་ཆོས་རྣམས་གཟུགས་བརྙན་མཚན་ཉིད་དོ། ། འདུ་འཕྲོད་བྱུང་བ་མིག་ཡོར་ལྟ་བུ་སྟེ། ། རྐྱེན་རྣམས་ཀྱིས་ནི་བྲག་ཅ་ཇི་བཞིན་ནོ། ། ཆོས་ཀྱི་དབྱིངས་ནི་རྟག་ཏུ་མ་འདྲེས་ཤེས། ། དེ་བཞིན་ཉིད་ནི་གནས་མེད་དེ་ རབ་ཤེས། །
BO
ཡང་དག་མཐའ་ནི་རྟག་ཏུ་མི་གཡོ་ཆོས། ། འདུས་མ་བྱས་དང་འདུས་བྱས་གཉིས་སུ་མེད། ། ཤེས་རབ་ཟབ་ཅིང་བློ་ནི་རབ་ཡངས་པར། ། བརྒྱན་ནས་སངས་རྒྱས་ཆོས་རྣམས་ཚོལ་བར་བྱེད། ། དེ་ནི་ནམ་ཡང་དྲན་པ་བརྗེད་པ་མེད། ། ཆོས་རྣམས་ ཀུན་ཏུ་འཛིན་ཅིང་འཛིན་པར་བྱེད། ། དོན་དང་ཚིག་འབྲུ་ལ་ནི་རྟག་ཏུ་མཁས། ། ངེས་ཚིག་ཤེས་པ་རྟག་པར་རྟོགས་ཁོང་ཆུད། ། ཆགས་མེད་ཚིག་དང་རྩུབ་པ་མ་ཡིན་དང་། ། རབ་ཏུ་གྲོལ་བའི་ཚིག་དང་{བརྫུན་,རྫུན་}མེད་ཚིག ། ཐོས་པ་ཀུན་དོན་རྟག་ཏུ་རྟོག་པ་དང་། ། མཁས་པ་དེ་ནི་ཡེ་ཤེས་རྟོན་པར་བྱེད། ། ངེས་དོན་མདོ་སྡེ་རྟོགས་པར་རབ་ཏུ་ཤེས། ། གང་ཟག་མེད་པའི་ཆོས་ཉིད་རྟོན་བྱེད་ཅིང་། ། འཇིག་རྟེན་འདས་པའི་ཆོས་ཉིད་ལ་ཡང་རྟོན། ། དེ་ནི་གཟུངས་ཀྱིས་བརྒྱན་པར་གྱུར་པ་ཡིན། ། དེ་ཡི་ཚིག་ནི་བདེན་ པའི་རྗེས་སུ་འཐུན། ། གཟུང་བར་འོས་དང་དུས་སུ་འོས་པ་ཡིན། ། དེ་ཡི་ཆོས་བསྟན་དེ་ནི་འབྲས་བུ་ཡོད། ། ཕྱེད་པ་དང་ནི་དུས་སུ་རྒྱུན་ཆགས་འཇུག ། དེ་ཡི་སྤོབས་པ་མགྱོགས་པ་སྐྱེ་བ་སྟེ། ། ཤུགས་ཅན་དང་ནི་མྱུར་དང་རྟག་མི་ཆགས། ། རྒྱུན་ཆད་མེད་དང་འཁྲུལ་ མེད་ངེས་པའི་ཚིག །
BO
ལེགས་པར་བརྒྱུས་པའི་ཕྲེང་བས་ལེགས་བརྒྱན་བཞིན། ། ལྷ་དང་ཀླུ་ཡི་སྐད་ནི་རབ་ཏུ་ཤེས། ། གནོད་སྦྱིན་དག་དང་དྲི་ཟ་ལྷ་མིན་དང་། ། མཁའ་ལྡིང་མི་འམ་ཅི་དང་ལྟོ་འཕྱེ་ཆེ། ། སེམས་ཅན་ཀུན་གྱི་སྐད་ཀྱང་རབ་ཏུ་ཤེས། ། འཁོར་ལྷགས་ ཤེས་ནས་སྤ་གོང་མེད་པ་སྟེ། ། སྨྲ་བ་མཐོང་ནས་ཞུམ་པར་གྱུར་པའང་མེད། ། འཇིགས་པ་མེད་པར་ཆོས་ཀྱི་གཏམ་ཡང་རྗོད། ། འདྲི་བ་རྣམས་ལ་ངེས་འབྱུང་རབ་ཏུ་ཤེས། ། ལྷག་པའི་ང་རྒྱལ་ཅན་མཐོང་སྣྲེལ་ཞི་ཡི། ། གཏམ་བརྗོད་རྣལ་འབྱོར་མཐོང་ནས་རྗེས་ སུ་འཐུན། ། ང་རྒྱལ་ཅན་ལ་ལག་ན་རྡོ་རྗེ་སྟོན། ། ཡུལ་མངོན་ཆགས་ལ་སྲེག་པའི་བསྐལ་པ་སྟེ། ། ཐེག་པ་གསུམ་གྱི་རིམ་པའི་གཏམ་ཡང་རྗོད། ། དོགས་པ་ཀུན་གྱི་ཐེ་ཚོམ་གཅོད་པ་སྟེ། ། བློ་ཡི་ཆོས་རྣམས་མངོན་སུམ་འགྱུར་བ་ཡིན། ། དེ་ཡི་ཤེས་རབ་ ནམ་ཡང་གཞན་མི་ལྟོས། ། ཡི་གེ་ཐམས་ཅད་རྟག་ཏུ་ཟད་མི་ཤེས། ། དོན་རྣམས་ངེས་པ་དག་ལ་རྒྱུན་ཆགས་ཏེ། ། འདི་ནི་སངས་རྒྱས་ཆོས་རྣམས་མཐའ་ཡས་བརྗོད། ། དེ་ནི་གཟུངས་ཀྱིས་བརྒྱན་པར་གྱུར་པ་ཡིན། ། ཀུན་ནས་ཉོན་མོངས་སྐྱོན་ནི་མཐའ་ཡས་ ཤེས། ། རྣམ་པར་བྱང་བའི་ཕན་ཡོན་ཐུག་པ་མེད། །
BO
དེ་བཞིན་སེམས་ཅན་དབང་པོ་ཐམས་ཅད་ཤེས། ། སངས་རྒྱས་གནང་བའི་སོ་སོ་རིག་པ་ཐོབ། ། དེ་ནི་གཟུངས་ཀྱིས་བརྒྱན་པར་གྱུར་པ་སྟེ། ། དེ་ཡི་ཡོན་ཏན་འདི་དང་གཞན་དག་ཀྱང་། ། བསྐལ་པར་རྒྱུན་ ཆད་མེད་པར་རབ་བརྗོད་ཀྱང་། ། ཡོན་ཏན་མཐའ་ནི་རྟོགས་པར་མི་ནུས་སོ། ། ། ། བམ་པོ་གསུམ་པ། བཅོམ་ལྡན་འདས་ཀྱིས་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྣང་བ་ གང་དག་གིས་སྣང་བར་གྱུར་ན་བྱང་ཆུབ་སེམས་དཔའ་མུན་པ་མུན་ནག་དང་བྲལ་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་སྤྱོད་པར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་ནི་བརྒྱད་པོ་འདི་དག་གོ། ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། དྲན་པའི་ སྣང་བ་དང་། བློ་གྲོས་ཀྱི་སྣང་བ་དང་། རྟོགས་པའི་སྣང་བ་དང་། ཆོས་ཀྱི་སྣང་བ་དང་། ཤེས་པའི་སྣང་བ་དང་། བདེན་པའི་སྣང་བ་དང་། མངོན་པར་ཤེས་པའི་སྣང་བ་དང་། སྒྲུབ་པའི་སྣང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་ བ་ནི་བརྒྱད་པོ་འདི་དག་གོ། ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་སྣང་བ་གང་ཞེ་ན།
BO
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་སྣང་བ་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྔོན་བྱས་པའི་དགེ་བའི་རྩ་བ་ ཆུད་མི་གཟོན་པ་དང་། དགེ་བའི་རྩ་བ་མ་བྱས་པ་སོགས་པ་དང་། ཐོས་པའི་ཆོས་རྣམས་མི་བརྗེད་པ་དང་། དོན་རྣམ་པར་ངེས་པ་རྗེས་སུ་ཐོབ་པ་དང་། ཡུལ་དྲུག་གིས་མི་འཕྲོགས་པ་དང་། མི་དགེ་བའི་ཆོས་སྤང་ཞིང་དགེ་བའི་ཆོས་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་དྲན་པ་རྒྱ་ཆེན་པོ་ཕུན་སུམ་ཚོགས་པར་གྱུར་པ་དང་། དེ་དྲན་པ་ཕུན་སུམ་ཚོགས་པར་རིག་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་གྲོང་ཁྱེར་སྲུང་བར་འཇོག་པ་དང་། དྲན་པ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་སྣང་བ་ནི་བརྒྱད་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་གྲོས་ཀྱི་སྣང་བ་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། དོན་གྱི་བློ་གྲོས་ཡིན་གྱི་ཚིག་འབྲུའི་བློ་གྲོས་མ་ཡིན་ པ་དང་། ཡེ་ཤེས་ཀྱི་བློ་གྲོས་ཡིན་གྱི་རྣམ་པར་ཤེས་པའི་བློ་གྲོས་མ་ཡིན་པ་དང་།
BO
ཆོས་ཀྱི་བློ་གྲོས་ཡིན་གྱི་ཉོན་མོངས་པའི་བློ་གྲོས་མ་ཡིན་པ་དང་། རིག་པའི་བློ་གྲོས་ཡིན་གྱི་འགལ་བའི་བློ་གྲོས་མ་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བློ་གྲོས་ ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བློ་གྲོས་མ་ཡིན་པ་དང་། རླབས་པོ་ཆེའི་བློ་གྲོས་ཡིན་གྱི་དམན་པའི་བློ་གྲོས་མ་ཡིན་པ་དང་། སངས་རྒྱས་ཀྱི་བློ་གྲོས་ཡིན་གྱི་བདུད་ཀྱི་བློ་གྲོས་མ་ཡིན་པ་དང་། སྙིང་རྗེ་ཆེན་པོའི་བློ་གྲོས་ཡིན་གྱི་སེམས་ཅན་ལ་རྣམ་པར་འཚེ་ བའི་བློ་གྲོས་མ་ཡིན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་གྲོས་ཀྱི་སྣང་བ་ནི་བརྒྱད་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་སྣང་བ་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ ཅད་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དང་། དགོངས་ཏེ་བསྟན་པ་རྣམས་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དང་། སེམས་ཅན་གྱི་བསམ་པ་རྣམས་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དང་། སོ་སོ་ཡང་དག་པར་རིག་པའི་ཤེས་པ་རྣམས་རྟོགས་པར་ཁོང་ དུ་ཆུད་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དང་།
BO
སྣྲེལ་ཞིའི་རྒྱུད་བསྟན་པ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དང་། སྤྱིའུ་ཚུགས་ཀྱི་རྒྱུད་བསྟན་པ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དང་། སངས་ རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་སྣང་བ་ནི་བརྒྱད་པོ་འདི་དག་གོ ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྣང་བ་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ལ་ལས་ཀྱི་བྱ་བ་ལ་འཇུག་པ་སྟོན་པས་འཇིག་རྟེན་པའི་ཆོས་ཀྱི་སྣང་བ་དང་། ཐར་པ་འདོད་པ་རྣམས་ལ་ཤེས་རབ་ཀྱིས་སྟོན་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྣང་བ་དང་། ལམ་ཤིན་ཏུ་བསྒོམས་པའི་ཕྱིར་སྒྲིབ་པ་མེད་ པའི་ཆོས་ཀྱི་སྣང་བ་དང་། འདོད་པ་དང་། སྲིད་པ་དང་། མ་རིག་པ་དང་། ལྟ་བའི་ཟག་པ་མི་སློང་བའི་ཕྱིར་ཟག་པ་མེད་པའི་ཆོས་ཀྱི་སྣང་བ་དང་། འཕགས་པ་རྣམས་ཀྱི་ངེས་པར་གྱུར་པ་མངོན་སུམ་དུ་བྱེད་པའི་ཕྱིར་འདུས་མ་བྱས་པའི་ཆོས་ཀྱི་སྣང་བ་དང་། གློ་བུར་ གྱི་ཉོན་མོངས་པ་ལ་ཤིན་ཏུ་རྟོགས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་སྣང་བ་དང་།
BO
སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་བྱང་བའི་ཆོས་ཀྱི་སྣང་བ་དང་། ཆོས་རྣམས་ཤིན་ཏུ་ཉེ་བར་ཞི་བའི་ཕྱིར་མྱ་ངན་ལས་འདས་པའི་ཆོས་ཀྱི་སྣང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྣང་བ་ནི་བརྒྱད་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པའི་སྣང་བ་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བརྒྱད་པའི་ཤེས་པའི་སྣང་བ་དང་། རྒྱུན་ དུ་ཞུགས་པའི་ཤེས་པའི་སྣང་བ་དང་། ལན་ཅིག་ཕྱིར་འོང་བའི་ཤེས་པའི་སྣང་བ་དང་། ཕྱིར་མི་འོང་བའི་ཤེས་པའི་སྣང་བ་དང་། དགྲ་བཅོམ་པའི་ཤེས་པའི་སྣང་བ་དང་། རང་སངས་རྒྱས་ཀྱི་ཤེས་པའི་སྣང་བ་དང་། བྱང་ཆུབ་སེམས་དཔའི་ཤེས་ པའི་སྣང་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཁྱེན་པའི་སྣང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པའི་སྣང་བ་ནི་བརྒྱད་པོ་འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པའི་སྣང་བ་ནི་བརྒྱད་པོ་འདི་ དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བདེན་པ་བསྒོམ་པ་གང་གིས་ངེས་པར་གྱུར་པ་ལ་འཇུག་པ་དེ་ལ་དེའི་སྣང་བ་དང་།
BO
བདེན་པ་བསྒོམ་པ་གང་གིས་འབྲས་བུ་དང་པོ་འཐོབ་པར་འགྱུར་བ་དེ་ལ་དེའི་སྣང་བ་དང་། བདེན་པ་བསྒོམ་པ་གང་གིས་འབྲས་བུ་ གཉིས་པ་འཐོབ་པར་འགྱུར་བ་དེ་ལ་དེའི་སྣང་བ་དང་། བདེན་པ་བསྒོམ་པ་གང་གིས་འབྲས་བུ་གསུམ་པ་འཐོབ་པར་འགྱུར་བ་དེ་ལ་དེའི་སྣང་བ་དང་། བདེན་པ་བསྒོམ་པ་གང་གིས་འབྲས་བུ་བཞི་པ་འཐོབ་པར་འགྱུར་བ་དེ་ལ་དེའི་སྣང་བ་དང་། བདེན་པ་བསྒོམ་པ་གང་ གིས་རང་སངས་རྒྱས་ཉིད་འཐོབ་པར་འགྱུར་བ་དེ་ལ་དེའི་སྣང་བ་དང་། བདེན་པ་བསྒོམ་པ་གང་གིས་བྱང་ཆུབ་སེམས་དཔའི་བཟོད་པ་རབ་ཏུ་འཐོབ་པར་འགྱུར་བ་དེ་ལ་དེའི་སྣང་བ་དང་། བདེན་པ་བསྒོམ་པ་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་བ་དེ་ལ་དེའི་སྣང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པའི་སྣང་བ་ནི་བརྒྱད་པོ་འདི་དག་གོ ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་སྣང་བ་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་གིས་གཟུགས་ཐམས་ཅད་ཡང་དག་པར་མཐོང་བའི་ཕྱིར་གསལ་བའི་སྣང་བ་དང་། ལྷའི་རྣ་བས་སྒྲ་ཐམས་ཅད་ཐོས་པའི་ཕྱིར་ངེས་པར་རྟོགས་པའི་སྣང་བ་དང་།
BO
སྔོན་གྱི་གནས་བསྐལ་པ་གྲངས་མེད་པ་རྗེས་སུ་དྲན་པའི་ཕྱིར་རྗེས་སུ་དྲན་པའི་སྣང་བ་དང་། སེམས་ཅན་ ཐམས་ཅད་ཀྱི་སེམས་ལ་ལྟ་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་སྣང་བ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་རྫུ་འཕྲུལ་གྱིས་འགྲོ་བའི་ཕྱིར་ནམ་མཁའ་སྒྲིབ་པ་མེད་པའི་སྣང་བ་དང་། ཟག་པ་མེད་པའི་ཤེས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཤེས་པའི་སྣང་ བ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་སྣང་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོགས་པ་གཅོད་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཀྱི་སྣང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་སྣང་བ་ནི་བརྒྱད་པོ་ འདི་དག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་སྣང་བ་ནི་དགུ་པོ་འདི་དག་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། སྒྲུབ་པས་ཡེ་ཤེས་ཀྱི་སྣང་བ་དང་། སྒྲུབ་པས་ཤེས་རབ་ཀྱི་སྣང་བ་དང་། སྒྲུབ་པས་བློའི་སྣང་བ་དང་། སྒྲུབ་པས་ཡང་དག་པའི་ལྟ་བའི་ སྣང་བ་དང་། སྒྲུབ་པས་ཞི་གནས་ཀྱི་སྣང་བ་དང་། སྒྲུབ་པས་ལྷག་མཐོང་གི་སྣང་བ་དང་། སྒྲུབ་པས་སེམས་ཅན་གྱི་བསམ་པའི་སྣང་བ་དང་།
BO
སྒྲུབ་པས་འཁྲུགས་པ་མེད་པར་སེམས་རྣམ་པར་གྲོལ་བའི་སྣང་བ་དང་། སྒྲུབ་པས་ཤིན་ཏུ་མཐར་ཐུག་པའི་སྣང་བ་སྣང་བ་ སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་སྣང་བ་ནི་དགུ་པོ་འདི་དག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དྲན་པ་དེ་དང་ཡང་དག་འདྲེས་པ་ནི། ། སྔོན་ཆད་ལས་དགེ་བསགས་པ་ཆུད་མི་གཟོན། ། ཕྲ་བར་སྔོ་བ་ཕུན་སུམ་ཚོགས་པ་དེ། ། ཕྱི་ཕྱིར་ཞིང་ནི་ཡང་དག་སྒྲུབ་པར་བྱེད། ། ཐོས་པའི་ཆོས་རྣམས་ལ་ནི་བརྗེད་པ་མེད། ། རྣམ་པར་ངེས་པ་མྱུར་དུ་འཐོབ་པར་འགྱུར། ། ཉེ་བར་ཞི་བས་ཡུལ་རྣམས་ལས་ནི་སྦས། ། དྲན་དང་ལྡན་པ་མི་དགེ་རྣམས་དང་བྲལ། ། དྲན་ པ་རྒྱ་བོ་ཆེ་ནི་ཤིན་ཏུ་བསགས། ། བྱ་བ་བྱ་བ་དག་ནི་རྣམ་པར་འབྱེད། ། དྲན་པ་དག་དང་ལྡན་པར་རིག་ནས་ནི། ། རྒྱལ་བ་རང་བྱུང་དག་གི་བྱིན་གྱིས་རློབ། ། དམ་པའི་ཆོས་ཀྱི་གྲོང་ཁྱེར་སྐྱོང་བྱེད་པ། ། དེ་ནི་འགྲོ་བ་རྣམས་ལ་ཆོས་སྟོན་ནུས། ། ཤེས་རབ་ལྡན་པ་མུན་ པ་རྣམ་བྲལ་ཏེ། ། ལྷ་དང་མི་རྣམས་ཀྱི་ནི་དོན་ཀྱང་བྱེད། ། བློ་གྲོས་བཟང་ལྡན་སྣང་བ་ཐོབ་གྱུར་ནས། ། དོགས་པ་དང་ནི་ཐེ་ཙོམ་རྣམས་ཀྱང་གཅོད། །
BO
དྲན་དང་ལྡན་པ་རང་འབྱུང་ཡེ་ཤེས་ཀྱིས། ། བྱང་ཆུབ་མྱུར་དུ་རྗེས་སུ་རྟོགས་པར་བྱེད། ། དེ་ནི་དོན་གྱི་བློ་གྲོས་ ཅན་ཡིན་གྱི། ། ཚིག་འབྲུའི་རྗེས་སུ་མི་རྒྱུག་སྒྲ་ལའང་མིན། ། སེམས་ཅན་དག་པ་ཡེ་ཤེས་བློ་གྲོས་ཅན། ། རྣམ་པར་ཤེས་པའི་བློ་གྲོས་འདོད་མ་ཡིན། ། ཆོས་ཀྱི་བློ་གྲོས་ལྡན་པར་གྱུར་པ་དེ། ། ཉོན་མོངས་བློ་གྲོས་སེལ་ཅིང་གཏི་མུག་བྲལ། ། ཤེས་རབ་དང་ ནི་ཐབས་ཀྱི་ཚུལ་ཤེས་པ། ། དེ་ནི་རྒྱལ་བའི་བྱང་ཆུབ་འགལ་མི་བྱེད། ། དེ་ནི་སངས་རྒྱས་འགྱུར་བའི་བློ་གྲོས་ལྡན། ། ཉན་ཐོས་འགྱུར་མིན་རང་རྒྱལ་འགྱུར་མ་ཡིན། ། རྟག་ཏུ་རླབས་ཆེན་བློ་གྲོས་ཅན་ཡིན་གྱི། ། དེ་ནི་བློ་གྲོས་ཆུང་ངུ་འདོད་མ་ཡིན། ། སངས་ རྒྱས་བློ་གྲོས་རྟག་ཏུ་ལྡན་ཡིན་གྱི། ། བདུད་ཀྱི་བློ་གྲོས་སུ་ནི་འགྱུར་མ་ཡིན། ། བློ་གྲོས་ལྡན་པ་སྙིང་རྗེ་ཆེར་གཞོལ་གྱི། ། སེམས་ཅན་གང་ལའང་རྣམ་པར་འཚེ་བ་མིན། ། ཆོས་འགའ་བསྟན་པ་གང་ཡིན་དེ་ལ་ནི། ། ཐེ་ཚོམ་མེད་ཅིང་རྟོགས་པར་ཁོང་དུ་ཆུད། ། དེ་ནི་དགོངས་ཏེ་གསུང་ལ་མཁས་འགྱུར་ཞིང་། ། སེམས་ཅན་སྤྱོད་པ་རྣམས་ལ་རྟོགས་དང་ལྡན། ། སོ་སོ་ཡང་དག་རིག་ལ་རྟོགས་ལྡན་ཞིང་། །
BO
དེ་ཡི་ཤེས་པ་འཇུག་པ་ཆགས་པ་མེད། ། རྐྱེན་བྱུང་བྱེད་པ་པོ་དང་རྣམ་བྲལ་བར། ། རྟེན་པའི་ཆོས་རྣམས་ དག་ནི་རབ་ཏུ་ཤེས། ། དེ་ནི་སྣྲེལ་ཞིའི་རྒྱུ་ལ་མཁས་གྱུར་ཅིང་། ། སྤྱིའུ་ཚུགས་ཚུལ་ནི་རྟོགས་པར་ཁོང་དུ་ཆུད། ། སངས་རྒྱས་ཀྱི་ནི་ཆོས་རྣམས་ཇི་སྙེད་པ། ། ཐམས་ཅད་ཀྱང་ནི་རྟོགས་པར་ཁོང་དུ་ཆུད། ། འཇིག་རྟེན་པ་ཡི་ཆོས་ཀྱི་སྣང་བ་ཡིས། ། ལྷ་མི་རྣམས་ ཀྱི་ལས་ཀྱི་བྱ་བ་ཤེས། ། འཇིག་རྟེན་ལས་ནི་འདས་པའི་ཡེ་ཤེས་ཀྱིས། ། ཤེས་རབ་སྣང་བ་དང་ནི་ལྡན་པ་ཡིན། ། ཁ་ན་མ་ཐོར་བཅས་དང་མ་ཐོ་མེད། ། ཡེ་ཤེས་རབ་ཏུ་གསལ་བ་ཆེན་པོ་འཇུག ། ལམ་ནི་ཤིན་ཏུ་བསྒོམས་པར་གྱུར་པའི་ཕྱིར། ། རྟག་ཏུ་འབྲས་ བུ་ཡོད་པར་ཆོས་སྟོན་ཏོ། ། ཟག་པར་བཅས་དང་ཟག་པ་མེད་པ་ཡི། ། ཆོས་ལ་དེ་ཡི་སྣང་བ་རབ་ཏུ་འཇུག ། དེ་ནི་ཟག་པ་ཐམས་ཅད་སྤོང་བྱེད་ཅིང་། ། ལྷ་དང་མི་རྣམས་ཀྱི་ནི་དོན་ཀྱང་བྱེད། ། འདུས་མ་བྱས་དང་འདུས་བྱས་ཆོས་རྣམས་ལ། ། དེ་ཡི་ཤེས་པ་རྟག་ ཏུ་རབ་ཏུ་འཇུག ། དེ་ནི་དེ་ཡིས་དྲི་བྲལ་རབ་རིབ་མེད། ། སྐྱོན་མེད་ཐོབ་ནས་སྤྱད་པ་རྣམས་ཀྱང་སྤྱོད། ། རྣམ་པར་བྱང་དང་ཀུན་ནས་ཉོན་མོངས་ལ། ། དེ་ཡི་ཤེས་པ་སྒྲིབ་པ་མེད་པ་འཇུག །
BO
རང་བཞིན་གྱིས་ནི་སེམས་འོད་གསལ་བ་དང་། ། ཀུན་ནས་ཉོན་མོངས་ པ་ཡི་ཚུལ་ཡང་ཤེས། ། ཇི་ལྟར་མྱ་ངན་འདས་པར་གྱུར་པ་ནི། ། སྐྱེ་བ་མེད་ཅིང་འབྱུང་བ་མེད་པར་ཤེས། ། འདི་འདྲ་འདི་ནི་ཐེག་པ་ཆེན་པོ་ལ། ། ཆོས་ཀྱི་སྣང་བ་མཐའ་ཡས་གྱུར་པ་ཡིན། ། དེ་ནི་བརྒྱད་པ་ཡི་ནི་ཤེས་པ་དང་། ། རྒྱུན་དུ་ཞུགས་ལ་ཤེས་པ་ འཇུག་པ་དང་། ། ལན་ཅིག་ཕྱིར་འོང་བ་ཡི་ཤེས་པ་དང་། ། ཕྱིར་མི་འོང་ལ་ཤེས་པ་འཇུག་པ་དང་། ། དེ་ནི་དགྲ་བཅོམ་པ་དང་རང་རྒྱལ་དང་། ། འཇིག་རྟེན་མགོན་པོ་བྱང་ཆུབ་སེམས་དཔའ་དག ། ཀུན་ལ་དེ་ཡི་ཤེས་དང་སྒྲུབ་པ་རྣམས། ། ལྷག་མ་ལུས་པ་ མེད་པར་རབ་ཏུ་འཇུག ། གང་གིས་འབྲས་བུ་འཐོབ་པར་འགྱུར་བ་དང་། ། འཁྲུགས་མེད་དོན་དམ་ངེས་པར་འབྱུང་འགྱུར་བ། ། དེ་ལ་རབ་བསྒོམས་སྨྲ་བ་དཔའ་བོ་རྣམས། ། བདེན་པའི་སྣང་བ་དག་དང་ལྡན་པ་ཡིན། ། བདེན་པ་དག་ནི་བསྒོམ་པ་བྱས་པས་ན། ། སྐྱོན་ མེད་འཇུག་དང་འབྲས་བུ་དང་པོ་འཐོབ། ། གཉིས་དང་གསུམ་དང་དེ་བཞིན་བཞི་པ་དང་། ། རང་རྒྱལ་རྣམས་ཀྱི་འབྲས་བུ་ཐོབ་པར་འགྱུར། ། བསྒོམ་པ་གང་གིས་སུ་ནི་སྨྲ་བའི་སྟག ། དེ་དག་བཟོད་པ་དག་ནི་འཐོབ་འགྱུར་དང་། ། གང་གིས་རྒྱལ་བ་བྱང་ཆུབ་འཚང་ རྒྱ་བ།
BO
། བདེན་པ་དེ་དག་ལ་ནི་སྣང་བར་འགྱུར། ། ལྷ་ཡི་མིག་གིས་སུ་ནི་དེ་ཡིས་ཀྱང་། ། གཟུགས་ཀྱི་རྣམ་པ་དག་ནི་ཐམས་ཅད་མཐོང་། ། ལྷ་ཡི་རྣ་བ་ངེས་པར་རྟོགས་པ་ཡིས། ། ཕྱོགས་བཅུ་དག་གི་སྒྲ་རྣམས་རྟོགས་པར་འགྱུར། ། སྔོན་གྱི་གནས་ཤེས་པ་ཡི་ སྣང་བ་ཡིས། ། བསྐལ་པ་ཁྲག་ཁྲིག་དག་ནི་རྗེས་སུ་དྲན། ། འོད་གསལ་བ་ཡི་ཤེས་པའི་སྣང་བ་ཡིས། ། གཞན་གྱི་སེམས་ཀྱི་སྤྱོད་པ་རྣམས་ལ་མཁས། ། རྫུ་འཕྲུལ་གྱི་ནི་ཤེས་པའི་སྣང་བ་ཡིས། ། ཕྱོགས་བཅུའི་ཞིང་ནི་ཁྲག་ཁྲིག་རྣམས་སུ་འགྲོ། ། ཟག་ པ་མེད་པའི་ཤེས་པའི་སྣང་བ་ནི། ། ནམ་མཁའ་དང་ནི་མཚུངས་ཤིང་འདྲ་བ་ཡིན། ། བསོད་ནམས་ཀྱི་ནི་སྣང་བ་མཐའ་ཡས་པའི། ། མངོན་ཤེས་ཐོག་མ་འགྲོ་བ་ཉེ་བར་འགྲོ། ། དེ་ཡི་ཤེས་པ་ཆགས་པ་མེད་པ་ཡིས། ། འགྲོ་བའི་དོགས་པ་དག་ནི་གཅོད་པར་བྱེད། ། ནན་ཏན་སྙིང་པོར་བྱེད་པའི་རྣལ་འབྱོར་པ། ། དྲན་དང་བློ་གྲོས་རྟོགས་དང་ཆོས་ཤེས་སྣང་། ། བདེན་པ་ཡི་ནི་སྣང་བ་མཐའ་ཡས་ཏེ། ། མངོན་པར་ཤེས་པའི་སྣང་བར་གྱུར་པ་ཡིན། ། སྒྲུབ་པས་ཡེ་ཤེས་དང་ནི་ཤེས་རབ་དང་། ། རྒྱ་ཆེན་བློ་དང་སྤོབས་པ་མཐའ་ཡས་ དང་། ། ཡང་དག་ལྟ་བ་དང་ནི་ལྷག་མཐོང་དང་། །
BO
ཤིན་ཏུ་འཁྲུགས་པ་མེད་པ་མཐར་ཐུག་གྱུར། ། སྣང་བ་ཤིན་ཏུ་རྣམ་པར་དག་པ་བརྒྱད། ། འདི་དག་མཐུ་ཆེན་གང་ལ་ཡོད་པ་ནི། ། རེ་ཞིག་བྱང་ཆུབ་ཐོབ་པར་མ་གྱུར་ཀྱང་། ། དེ་ནི་སངས་རྒྱས་མཛད་པ་བྱེད་པར་ འགྱུར། ། བཅོམ་ལྡན་འདས་ཀྱིས་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་དྲུག་གིས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེའོ། ། བཅུ་དྲུག་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ། ཀྱེ་མ་སེམས་ཅན་འདི་དག་ནི་འཇིག་ཚོགས་ལ་ལྟ་བས་བཅིངས་པ། ལྟ་བ་སྣ་ཚོགས་དང་འདྲེས་པ་དག་སྟེ། ལྟ་བ་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་ཏུ་གྱུར་ནས་མི་རྟག་པ་ལ་རྟག་པར་འདུ་ཤེས། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས། བདག་མེད་པ་ལ་བདག་ཏུ་འདུ་ཤེས། མི་སྡུག་པ་ལ་ སྡུག་པར་འདུ་ཤེས་པ་དག་སྟེ།
BO
ཕྱིན་ཅི་ལོག་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པ། དངོས་ པོ་མེད་པ་ལ་དངོས་པོར་འདུ་ཤེས་པ་དག་སྟེ། ངར་འཛིན་པ་དང་ང་ཡིར་འཛིན་པ་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་སྒྲིབ་པ་ལྔས་བསྒྲིབས་ཏེ་འདོད་པའི་ ཟུག་རྔུས་ཟུག་པ། ཁོང་ཁྲོ་བ་མང་བ། རྨུགས་པ་དང་གཉིད་ལ་ཆགས་པ། དམ་པ་མ་ཡིན་པ་ལ་འགྱོད་པ་ཀུན་ནས་ལངས་པ། ཟབ་མོའི་ཆོས་ལ་ངེས་པ་མ་ཐོབ་པ་དག་སྟེ། སྒྲིབ་པ་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་ རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་ནི་སྐྱེ་མཆེད་དྲུག་གིས་ཆགས་པས་ཆགས་ཏེ། མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པ་ཡིན། རྣ་བས་སྒྲ་ཐོས། སྣས་དྲི་སྣམས། ལྕེས་རོ་མྱངས། ལུས་ཀྱིས་རེག་བྱ་རྣམས་ལ་རེག །
BO
ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པ་དག་ཡིན་ཏེ། སྐྱེ་མཆེད་དྲུག་གིས་ཆགས་པ་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། {ཆུང་ཟད་,ཅུང་ཟད་}སྙམ་པའི་ང་རྒྱལ་ དང་། ལོག་པའི་ང་རྒྱལ་གྱིས་བཅོམ་པས། ཆུང་ངུ་དག་པས་བདག་ཅག་ཆེའོ་སྙམ་དུ་བདག་ལ་རློམ་སེམས་སུ་བྱེད་པ། མཚུངས་པ་དག་པས་ནི་བདག་ཅག་ཆེའོ་སྙམ་དུ་བདག་ལ་རློམ་སེམས་སུ་བྱེད་པ་དང་། ཆེས་ཆེ་བ་དག་པས་ཀྱང་བདག་ཅག་ཆེས་ ཆེའོ་སྙམ་དུ་བདག་ལ་རློམ་སེམས་སུ་བྱེད་པ། གཟུགས་ལ་བདག་ཏུ་ཁས་ལེན་པ་ནས་རྣམ་པར་ཤེས་པའི་བར་ལ་བདག་ཏུ་ཁས་ལེན་པ། མ་ཐོབ་པར་བདག་ལ་ཐོབ་པ་སྙམ་དུ་ཤེས་པ། བདག་ཅག་ནི་འཕགས་པའོ་སྙམ་དུ་བདག་ལ་སེམས་པ། ལོག་པའི་ལྟ་བ་ ལ་ཡང་དག་པའི་ལྟ་བར་མོས་པ་དག་སྟེ།
BO
ང་རྒྱལ་གྱི་རྣམ་པ་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ལམ་ངན་པར་ཞུགས་པ། འཕགས་ པའི་ལམ་དང་བྲལ་བ་དག་སྟེ། ལམ་ངན་པ་སྤང་ཞིང་འཕགས་པའི་ལམ་ཐོབ་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་སྲེད་པའི་ཁོལ་པོ་ཆུང་མ་དང་། བུ་ཕོ་དང་། བུ་མོ་ལ་ཡོངས་སུ་ཞེན་པས་སྦགས་པ། རང་དབང་མེད་པས་བདག་ལ་མི་དཔོགས་པ་དག་སྟེ། རང་དབང་ཡོད་ཅིང་བདག་ལ་དཔོགས་པར་བྱ་བ་དང་། གར་དགའ་བར་འགྲོ་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ཕན་ཚུན་མི་འཕྲོད་པ། ཁྲོ་བ་དང་། ཞེ་སྡང་དང་། གནོད་སེམས་མང་བ་དག་སྟེ། ཁྲོ་བ་དང་། ཞེ་སྡང་དང་། གནོད་སེམས་སྤང་བར་བྱ་བའི་ཕྱིར་དེ་དག་ ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་།
BO
ཀྱེ་མ་སེམས་ཅན་འདི་དག་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ། དགེ་བའི་བཤེས་གཉེན་དང་བྲལ་བ། སྡིག་པའི་ལས་བྱེད་པ་དག་སྟེ། དགེ་བའི་ བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་བརྐམ་པ། ཆགས་པས་ ཟིལ་གྱིས་ནོན་པ། ཆོག་མི་ཤེས་ཤིང་འཕགས་པའི་ཤེས་རབ་ཀྱི་གནས་པ་དང་བྲལ་བ་དག་སྟེ། ཆགས་པ་སྤངས་པ་དང་། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ལྟ་ཞིང་རྟག་པ་དང་ཆད་པ་ལ་གནས་པ་དག་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དང་། ལས་དང་། བྱ་བ་ལ་གཟུད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་ སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་མ་རིག་པ་དང་གཏི་མུག་གིས་ལྡོངས་པ། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་།
BO
སྐྱེས་བུ་དང་། གང་ཟག་ལ་མངོན་པར་ཞེན་པ་དག་སྟེ། འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་བྱ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བ་ལ་ མངོན་པར་དགའ་བ། ཕུང་པོ་ལྔའི་གཤེད་མས་ཡོངས་སུ་ཟིན་པ་དག་སྟེ། ཁམས་གསུམ་ཐམས་ཅད་ལས་དབྱུང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ བདུད་ཀྱི་ཞགས་པའི་བཅིང་བས་བཅིངས་པ། གཡོ་བ་དང་། རློམ་སེམས་ལ་གནས་པ་དག་སྟེ། བདུད་ཀྱི་ཞགས་པས་བཅིངས་པ་ཐམས་ཅད་ལས་རྣམ་པར་དགྲོལ་བ་དང་། གཡོ་དང་རློམ་སེམས་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་མྱ་ངན་ལས་འདའ་བའི་སྒོ་བཅད་ཅིང་། ངན་འགྲོའི་སྒོ་ཕྱེ་བ་དག་སྟེ། མྱ་ངན་ལས་འདའ་བའི་སྒོ་དབྱེ་བ་དང་།
BO
ངན་འགྲོའི་སྒོ་བཅད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་ བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་སྟེ། རིགས་ཀྱི་བུ་རྣམ་པ་བཅུ་དྲུག་པོ་དེ་དག་གིས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེའོ། ། རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་མ་ འདྲེས་པ་སུམ་ཅུ་རྩ་གཉིས་ཏེ། དེ་དག་ལ་བརྩོན་ན་བྱང་ཆུབ་སེམས་དཔའ་རྣམས་ལེགས་པར་བྱེད་པའི་ལས་བྱེད་པ་རྣམས་ཡིན་ནོ། ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དག་གཏི་མུག་གི་གཉིད་ཀྱིས་ལོག་པ་དང་། བདག་ཤེས་རབ་ཀྱིས་ སད་པ་མཐོང་ནས་ཤེས་རབ་ཀྱིས་སེམས་ཅན་རྣམས་སད་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ལས་མ་འདྲེས་པ་དང་པོའོ། ། སེམས་ཅན་དག་ཆུང་ངུ་ལ་མོས་པ་དང་། བདག་རྒྱ་ཆེན་པོ་ལ་མོས་པར་མཐོང་ནས་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་ཡང་དག་པར་ འཛིན་དུ་འཇུག་པ་དང་། སེམས་ཅན་དག་ཆོས་མ་ཡིན་པ་འདོད་པ་དང་། བདག་ཆོས་ལ་གནས་པར་མཐོང་ནས་སེམས་ཅན་རྣམས་ཆོས་འདོད་པ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་འཚོ་བ་ཡོངས་སུ་མ་དག་པ་དང་།
BO
བདག་འཚོ་བ་ཡོངས་སུ་དག་པར་མཐོང་ ནས་སེམས་ཅན་རྣམས་འཚོ་བ་ཡོངས་སུ་དག་པར་སྦྱོར་བ་དང་། སེམས་ཅན་དག་ལྟ་བར་གྱུར་པར་བྱིང་བ་དང་། བདག་ཡང་དག་པའི་ལྟ་བར་ཞུགས་པར་མཐོང་ནས་སེམས་ཅན་རྣམས་འཕགས་པའི་ཡང་དག་པའི་ལྟ་བ་ལ་རབ་ཏུ་འགོད་པ་དང་། སེམས་ ཅན་དག་མ་རིག་པར་གྱུར་ཅིང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བསགས་པར་མཐོང་ཞིང་བདག་རིག་པའི་རྗེས་སུ་འཐུན་པའི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པར་རིག་ནས་སེམས་ཅན་རྣམས་རིག་པའི་རྗེས་སུ་འཐུན་པའི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་ འགོད་པ་དང་། སེམས་ཅན་དག་ལོག་པའི་ཆོས་ལ་གནས་པ་དང་། བདག་ཡང་དག་པའི་ཆོས་ལ་ཞུགས་པར་མཐོང་ནས་ཡང་དག་པའི་ཆོས་བསྒྲུབ་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་དག་སེར་སྣ་ཅན་དུ་གྱུར་ཏེ་ཀུན་ཏུ་འཛིན་པའི་ སེམས་དང་ལྡན་པ་དང་། བདག་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་མཐོང་ནས་སེམས་ཅན་རྣམས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་སྦྱོར་བ་དང་། སེམས་ཅན་དག་ངང་ཚུལ་ངན་པ་ཅན་དུ་གྱུར་ཏེ། སྡོམ་པ་ལ་མི་གནས་པ་དང་། བདག་ཚུལ་ ཁྲིམས་ཡོངས་སུ་དག་པར་གནས་ནས། སེམས་ཅན་རྣམས་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་རབ་ཏུ་འགོད་པ་དང་།
BO
སེམས་ཅན་དག་གནོད་སེམས་མང་ཞིང་ཁྲོ་བ་ཤས་ཆེ་བ་དང་། བདག་བཟོད་པའི་སྟོབས་དང་། བྱམས་པ་ལ་གནས་པར་མཐོང་ནས་སེམས་ཅན་རྣམས་ བཟོད་པའི་སྟོབས་དང་། བྱམས་པ་ལ་གནས་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་ལེ་ལོ་ཅན་དུ་གྱུར་ཏེ། བརྩོན་འགྲུས་ཆུང་བ་དང་། བདག་ལེ་ལོ་མེད་ཅིང་བརྩོན་འགྲུས་བརྩམས་པར་མཐོང་ནས་སེམས་ཅན་རྣམས་བརྩོན་འགྲུས་རྩོམ་པ་ལ་སྦྱོར་ བ་དང་། སེམས་ཅན་དག་སེམས་གཡེངས་ཤིང་དྲན་པ་ཉམས་པ་དང་། བདག་མཉམ་པར་བཞག་སྟེ། བསམ་གཏན་ལ་བསམ་གཏན་བྱེད་པར་མཐོང་ནས་སེམས་ཅན་རྣམས་སེམས་མི་གཡེང་བ་དང་། དྲན་པ་དང་། ཤེས་བཞིན་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་ཤེས་རབ་འཆལ་པར་གྱུར་ཏེ། དམན་ཞིང་གཏི་མུག་དང་ལྡན་པ་དང་། བདག་ཤེས་རབ་དང་ལྡན་ཞིང་གཏི་མུག་དང་བྲལ་བར་མཐོང་ནས་སེམས་ཅན་རྣམས་ཤེས་རབ་ཆེན་པོ་དང་། གཏི་མུག་དང་བྲལ་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་རིགས་པ་མ་ཡིན་པར་ལྷུང་ཞིང་ཡ་ང་བའི་བྱེད་པ་བརྩམས་པ་དང་། བདག་ཐབས་མཁས་པ་དང་ལྡན་ཞིང་ཡང་དག་པའི་ལས་བརྩམས་པར་མཐོང་ནས་སེམས་ཅན་རྣམས་ཐབས་མཁས་པ་དང་། ཡང་དག་པའི་ལས་རྩོམ་པ་ཡང་དག་པར་འཛིན་དུ་ འཇུག་པ་དང་།
BO
སེམས་ཅན་དག་ཉོན་མོངས་པས་བཅོམ་ཞིང་ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པའི་སྤྱོད་ཡུལ་པར་གྱུར་པ་དང་། བདག་ཉོན་མོངས་པ་ཐམས་ཅད་ལས་ལོག་པར་མཐོང་ནས་སེམས་ཅན་རྣམས་ཉོན་མོངས་པ་ཐམས་ཅད་ སྤོང་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་འཇིག་ཚོགས་ལ་ལྟ་བའི་བཅིང་བས་བཅིངས་ཤིང་དམིགས་པ་ལ་རབ་ཏུ་གནས་པ་དང་། བདག་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་དང་ལྡན་ཞིང་དམིགས་པས་བཅིངས་པ་ལས་ཡོངས་སུ་གྲོལ་བར་ མཐོང་ནས་སེམས་ཅན་རྣམས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་དང་དམིགས་པ་དང་བྲལ་བ་ལ་སྦྱོར་བ་དང་། སེམས་ཅན་དག་མ་དུལ་ཞིང་མ་སྦས་ཏེ་བྱང་བ་མ་ཡིན་པ་དང་། བདག་དུལ་ཞིང་སྦས་ཏེ་བྱང་བར་མཐོང་ནས་སེམས་ཅན་རྣམས་དུལ་བ་དང་། སྦས་ པ་དང་། བྱང་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་བྱས་པ་མི་གཟོ་ཞིང་བྱས་པ་མི་ཤེས་ཏེ། དགེ་བའི་རྩ་བ་འཇོམས་པ་དང་། བདག་བྱས་པ་གཟོ་ཞིང་བྱས་པ་ཤེས་ཏེ་དགེ་བའི་རྩ་བ་བསྲུང་བར་གནས་པར་མཐོང་ནས་སེམས་ཅན་རྣམས་བྱས་པ་གཟོ་བ་ དང་། བྱས་པ་ཤེས་པ་དང་། དགེ་བའི་རྩ་བ་ཆུད་མི་གཟོན་པ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་ཆུ་བོར་ལྷུང་ཞིང་སྡིག་པ་འདོད་པའི་དབང་དུ་སོང་བ་དང་།
BO
བདག་ཆུ་བོ་ཐམས་ཅད་ལས་ཡང་དག་པར་འདས་པར་མཐོང་ནས་སེམས་ཅན་རྣམས་ཆུ་བོ་ ཐམས་ཅད་ལས་ཡང་དག་པར་འདའ་བ་ལ་སྦྱོར་བ་དང་། སེམས་ཅན་དག་བཀའ་བློ་མི་བདེ་ཞིང་འཐུན་པར་འཛིན་པ་མ་ཡིན་པ་དང་། བདག་བཀའ་བློ་བདེ་ཞིང་འཐུན་པར་འཛིན་པར་མཐོང་ནས་སེམས་ཅན་རྣམས་བཀའ་བློ་བདེ་ཞིང་འཐུན་པར་འཛིན་ པ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་ཕོངས་པ་མང་ཞིང་དམ་པ་མ་ཡིན་པ་ལ་ཡོངས་སུ་ཞེན་པ་དང་། བདག་མ་ཕོངས་པ་མང་ཞིང་དགེ་བ་བདུད་རྩི་ལ་གནས་པར་མཐོང་ནས་སེམས་ཅན་རྣམས་ཡོངས་སུ་ཞེན་པ་དང་བྲལ་ཞིང་དགེ་བའི་རྩ་བ་ལ་ གནས་པར་སྦྱོར་བ་དང་། སེམས་ཅན་དག་དབུལ་ཞིང་འཕགས་པའི་ནོར་དང་བྲལ་བ་དང་། བདག་འཕགས་པའི་ནོར་དང་མ་བྲལ་ཞིང་ནོར་བདུན་དང་ལྡན་པར་མཐོང་ནས་སེམས་ཅན་རྣམས་འཕགས་པའི་ནོར་ཐོབ་པར་བྱ་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་རྟག་ ཏུ་ན་ཞིང་ཁམས་རྣམ་པ་བཞི་པོའི་སྦྲུལ་གདུག་པས་ཟིན་པ་དང་། བདག་ནད་མེད་ཅིང་བདེ་ལ་འགྱུར་བ་མེད་པར་མཐོང་ནས་སེམས་ཅན་རྣམས་ནད་ཐམས་ཅད་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་མི་ཤེས་པའི་མུན་པས་ཀུན་ཏུ་གཏིབས་ ཤིང་ཡེ་ཤེས་ཀྱི་སྣང་བ་དང་བྲལ་བ་དང་།
BO
བདག་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་མཐོང་ནས་སེམས་ཅན་རྣམས་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་ཁམས་གསུམ་ལ་ཆགས་པས་ཆགས་ཤིང་རྒྱུད་ལྔའི་འགྲོ་བའི་འཁོར་བའི་འཁོར་ ལོའི་རྗེས་སུ་འཇུག་པ་མཐོང་ཞིང་བདག་ཁམས་གསུམ་ཡོངས་སུ་ཤེས་པ་ལ་མཁས་པར་ཤེས་ནས་སེམས་ཅན་རྣམས་ཁམས་གསུམ་ཡོངས་སུ་ཤེས་པ་ལ་མཁས་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་གཡོན་ཕྱོགས་ཀྱི་ལམ་དུ་ཞུགས་ཤིང་ གཡས་ཕྱོགས་ཀྱི་ལམ་དང་བྲལ་བ་དང་། བདག་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་མཐོང་ནས་སེམས་ཅན་རྣམས་གཡས་ཕྱོགས་ཀྱི་ལམ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་ལུས་དང་སྲོག་ལ་ཆགས་ཤིང་ཉེས་པ་མ་མཐོང་བ་དང་། བདག་ལུས་དང་ སྲོག་ལ་མི་ལྟ་ཞིང་ཉེས་པ་མཐོང་བ་ཡིན་པར་མཐོང་ནས་སེམས་ཅན་རྣམས་ལུས་དང་སྲོག་ལ་མི་ལྟ་བ་དང་། ཉེས་པ་མཐོང་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་བྲལ་བ་དང་། བདག་དཀོན་མཆོག་གསུམ་གྱི་རིགས་ རྒྱུན་མི་གཅོད་པར་གནས་པར་མཐོང་ནས་སེམས་ཅན་རྣམས་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་ལ་འཛུད་པ་དང་། སེམས་ཅན་རྣམས་དམ་པའི་ཆོས་ལས་ཉམས་པ་དང་།
BO
བདག་དམ་པའི་ཆོས་ཡོངས་སུ་འཛིན་པར་གནས་པར་མཐོང་ནས་སེམས་ཅན་རྣམས་ དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་སྟོན་པ་རིན་པོ་ཆེ་དང་རིང་དུ་གནས་ཤིང་། རྗེས་སུ་དྲན་པ་དྲུག་དང་བྲལ་བ་དང་། བདག་རྗེས་སུ་དྲན་པ་དྲུག་མ་བཏང་བ་མཐོང་ནས་སེམས་ཅན་རྣམས་རྗེས་སུ་དྲན་པ་དྲུག་བསྒོམ་པ་ལ་རབ་ཏུ་འགོད་ པ་དང་། སེམས་ཅན་དག་ལས་དང་ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པ་དང་། བདག་ལས་དང་ཉོན་མོངས་པ་དང་བྲལ་བར་མཐོང་ནས་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དང་བྲལ་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་མི་དགེ་བའི་ཆོས་ཐམས་ཅད་དང་ ལྡན་ཞིང་དགེ་བའི་ཆོས་ཐམས་ཅད་སྤངས་པ་དང་། བདག་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་མཐོང་ནས་སེམས་ཅན་རྣམས་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ པ་ལ་རབ་ཏུ་འགོད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ལས་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་ཕུལ་ཡིན་ཏེ། དེ་དག་ལ་གནས་ནས་བྱང་ཆུབ་སེམས་དཔའ་རྣམས་ལེགས་པར་བྱེད་པའི་ལས་བྱེད་པ་རྣམས་ཡིན་ནོ། །
BO
རིགས་ཀྱི་ བུ་ཡང་བྱང་ཆུབ་སེམས་དཔའི་ལས་ནི་ཚད་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་སྒོ་ཇི་སྙེད་པར་བྱང་ཆུབ་སེམས་དཔས་རྣམ་པར་བྱང་བའི་སྒོ་ཡང་དག་པར་བསྒྲུབ་པར་བྱ་བ་ཡང་དེ་སྙེད་དོ། ། རིགས་ཀྱི་བུ་གལ་ཏེ་གང་དག་གང་ གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་གནས་པར་གྱུར་ཀྱང་སེམས་ཅན་དེ་དག་ཐམས་ཅད་ཀྱི་ལས་གང་ཡིན་པ་དེ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་ སེམས་དཔའི་ལས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། ། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་ སངས་རྒྱས་དག་ནི་རང་གི་རྒྱུད་ཀྱི་ཉོན་མོངས་པ་སྤོང་བར་ཉེ་བར་གནས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བར་ཉེ་བར་གནས་པ་ཡིན་ནོ། ། རིགས་ཀྱི་བུ་དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་ལས་གང་ཡིན་པ་དང་། ཉན་ ཐོས་དང་།
BO
རང་སངས་རྒྱས་ཐམས་ཅད་ཀྱི་ལས་གང་ཡིན་པ་བས་འདིར་བྱང་ཆུབ་སེམས་དཔའི་ལས་ཉིད་མཆོག་ཅེས་བརྗོད་དོ། ། དེ་ཅིའི་ཕྱིར་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ལས་ནི་ཕྱིན་ཅི་ལོག་དང་ལྡན་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ལས་ ནི་ཉི་ཚེ་བ་དང་ལྡན་པ་ཡིན་གྱི། བྱང་ཆུབ་སེམས་དཔའི་ལས་ནི་ཕྱིན་ཅི་ལོག་མེད་ཅིང་ཚད་མེད་པའི་རྣམ་པའི་ཡོན་ཏན་རྩོམ་པ་སྟེ། བྱང་ཆུབ་སེམས་དཔའ་རྒྱུ་འདིས་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། ཡང་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་རྒྱན་དང་། བྱང་ཆུབ་སེམས་དཔའི་སྣང་བ་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ལས་ལེགས་པར་གསུངས་པ་དེ་དག་ནི་ངོ་ མཚར་ཏོ། །
BO
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་འཇུག ། དེ་བཞིན་གཤེགས་ པའི་ཐུགས་རྗེ་ཆེན་པོ་ནི་ཅི་ཙམ། རྣམ་པ་ནི་གང་ལགས། རྟགས་ནི་གང་ལགས། མཚན་མ་ནི་གང་ལགས། གནས་ནི་གང་ལགས། སངས་རྒྱས་བཅོམ་ལྡན་འདས་རྣམས་འཕྲིན་ལས་ནི་ཇི་ལྟར་མཛད། དེ་བཞིན་གཤེགས་པའི་འཕྲིན་ལས་ནི་ཅི་ཙམ། རྣམ་པ་ནི་གང་ལགས། རྟགས་ནི་གང་ལགས། མཚན་མ་ནི་གང་ལགས། གནས་ནི་གང་ལགས་པ་དེ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། དེ་བཞིན་གཤེགས་པའི་འཕྲིན་ལས་རྣམས་མངོན་སུམ་དུ་གྱུར་པས་མངོན་སུམ་དུ་བདག་ ཅག་ལ་ལེགས་པར་ཡང་དག་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱོད་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་ དང་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་དང་། དེ་བཞིན་གཤེགས་པའི་འཕྲིན་ལས་ལ་འཇུག་པ་ཙམ་ཅུང་ཟད་ཅིག་ཁྱོད་ལ་བཤད་པར་བྱའོ། །
BO
རིགས་ཀྱི་བུ་སེམས་ཅན་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་སྐྱེ་བ་ཡང་མེད། འཇུག་པ་ ཡང་མེད་དོ་ཞེས་བརྗོད་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྟག་ཏུ་འཇུག་པའི་ཕྱིར་རོ། ། དེ་ནི་བསྐལ་པ་གྲངས་མེད་པར་ཡོངས་སུ་སྦྱང་བ་བྱས་པས་ཡང་དག་པར་བསྐྱེད་པ་སྟེ། འཇུག་པ་ཡང་མེད། ལྡོག་པ་ཡང་ མེད་དོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་མ་བཏང་བ། སེམས་ཅན་ཐམས་ཅད་ལ་གནས་པའོ། ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དེ་ནི་ཅི་ཙམ་དུ་ལས་ཡོངས་སུ་ཐོབ་པར་བྱ་བར་སླ་བ་མ་ཡིན་པ་དེ་ཙམ་དུ་ཚད་མེད། དེ་ཙམ་དུ་ བསམ་གྱིས་མི་ཁྱབ་སྟེ། དེ་ཙམ་དུ་མི་ཟད་ཅིང་། དེ་ཙམ་དུ་རིང་དུ་སོང་བའོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་ལྟར་བྱང་ཆུབ་ཐོབ་པ་དེ་ལྟར་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་འཇུག་གོ། ། བྱང་ཆུབ་ཅི་འདྲ་བ་ཐུགས་རྗེ་ཆེན་ པོ་ཡང་དེ་འདྲའོ། ། དེ་བཞིན་གཤེགས་པས་བྱང་ཆུབ་ཇི་ལྟར་ཐོབ་ཅེ་ན། དེ་བཞིན་གཤེགས་པས་རྩ་བ་མེད་པ་དང་། གནས་མེད་པར་བྱང་ཆུབ་ཐོབ་བོ། ། དེ་ལ་རྩ་བ་ནི་གང་།
BO
གནས་ནི་གང་ཞེ་ན། འཇིག་ཚོགས་ནི་རྩ་བའོ། ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ གནས་སོ། ། དེ་གཉིས་ནི་དེ་བཞིན་གཤེགས་པས་བྱང་ཆུབ་དང་མཉམ་པ་ཉིད་ཀྱིས་མཉམ་པར་ཡོངས་སུ་ཤེས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་རྩ་བ་མེད་པ་དང་གནས་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱའོ། ། སེམས་ཅན་འདི་དག་ གིས་ནི་རྩ་བ་མེད་པ་དང་། གནས་མེད་པའི་ཆོས་འདི་དག་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་ཞི་བ་དང་ཉེ་བར་ཞི་བའོ། ། དེ་ལ་ཞི་བ་ནི་གང་། ཉེ་ བར་ཞི་བ་ནི་གང་ཞེ་ན། ནང་ནི་ཞི་བའོ། ། ཕྱི་ནི་ཉེ་བར་ཞི་བའོ། ། དེ་ཅིའི་ཕྱིར་ཞེ་ན། མིག་ནི་བདག་དང་བདག་གིས་སྟོང་སྟེ། དེ་ནི་དེའི་རང་བཞིན་ནོ། ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ནི་བདག་དང་བདག་གིས་སྟོང་སྟེ། དེ་ནི་དེའི་རང་བཞིན་ནོ། ། མིག་སྟོང་པར་ ཡོངས་སུ་ཤེས་ནས་གཟུགས་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། ། རྣ་བ་སྟོང་པར་ཡོངས་སུ་ཤེས་ནས་སྒྲ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །
BO
སྣ་སྟོང་པར་ཡོངས་སུ་ཤེས་ནས་དྲི་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ ཉེ་བར་ཞི་བ་ཞེས་བྱའོ། ། ལྕེ་སྟོང་པར་ཡོངས་སུ་ཤེས་ནས་རོ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། ། ལུས་སྟོང་པར་ཡོངས་སུ་ཤེས་ནས་རེག་བྱ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། ། ཡིད་སྟོང་པར་ཡོངས་སུ་ཤེས་ནས་ཆོས་ རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། ། སེམས་ཅན་འདི་དག་གིས་ནི་ཞི་བ་དང་། ཉེ་བར་ཞི་བ་ཁོང་དུ་མ་ཆུད་པས་དེ་དག་གི་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་སེམས་རང་ བཞིན་གྱིས་འོད་གསལ་བའི་ཕྱིར་བྱང་ཆུབ་རང་བཞིན་འོད་གསལ་བའོ། ། ཅིའི་ཕྱིར་རང་བཞིན་འོད་གསལ་བ་ཞེས་བྱ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ། ནམ་མཁའ་དང་མཚུངས་པ། ནམ་མཁའི་རང་བཞིན། ནམ་མཁའ་དང་མཉམ་པར་ གཞོལ་བ། ནམ་མཁའ་དང་མཉམ་པས་མཉམ་པ་སྟེ། རང་བཞིན་དེ་ནི་ཤིན་ཏུ་འོད་གསལ་བ་ཉིད་དོ། །
BO
བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་རང་བཞིན་འོད་གསལ་བ་འདི་ཁོང་དུ་མ་ཆུད་པས་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་ཏེ། རང་བཞིན་འོད་གསལ་ བ་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་བླང་བ་མེད་པ་དང་། དོར་བ་མེད་པའོ། ། དེ་ལ་བླང་བ་མེད་པ་ནི་གང་། དོར་བ་མེད་པ་ནི་གང་ཞེ་ན། བླང་བ་མེད་པ་ཞེས་བྱ་བ་ནི་ ཆོས་ཐམས་ཅད་མི་འཛིན་པའོ། ། དོར་བ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་འདོར་བའོ། ། དེ་ལ་དེ་བཞིན་གཤེགས་པ་བླང་བ་མེད་པ་དང་། དོར་བ་མེད་པར་ཆུ་བོར་འཇུག་པ་ན། ཇི་ལྟར་དེ་བཞིན་ཉིད་ལ་ཕ་རོལ་མེད་པ་དང་། ཕ་རོལ་མེད་པ་མ་ཡིན་པར་ཡང་དག་ པར་རྗེས་སུ་མཐོང་བ་དེ་ལྟར་རྒལ་ཏོ། ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཕ་རོལ་མེད་པ་དང་། ཕ་རོལ་དང་བྲལ་བར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། ། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ནི་བླང་བ་ མེད་པ་དང་།
BO
དོར་བ་མེད་པ་འདི་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་མཚན་མ་མེད་པ་དང་། དམིགས་པ་མེད་པའོ། ། དེ་ལ་མཚན་མ་མེད་ པ་ནི་གང་། དམིགས་པ་མེད་པ་ནི་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། ། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་དམིགས་པ་མེད་པའོ། ། རྣ་བའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་ པའོ། ། སྒྲ་མཉན་དུ་མེད་པ་ནི་དམིགས་པ་མེད་པའོ། ། སྣའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། ། དྲི་བསྣམ་དུ་མེད་པ་ནི་དམིགས་པ་མེད་པའོ། ། ལྕེའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། ། རོ་མྱང་དུ་མེད་པ་ནི་ དམིགས་པ་མེད་པའོ། ། ལུས་ཀྱི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། ། རེག་བྱ་རེག་པར་བྱར་མེད་པ་ནི་དམིགས་པ་མེད་པའོ། ། ཡིད་ཀྱི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། ། ཆོས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ དམིགས་པ་མེད་པའོ། ། དེ་ལྟར་ན་མཚན་མ་མེད་པ་དང་།
BO
དམིགས་པ་མེད་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཞེ་ན། གང་ཁམས་གསུམ་པའི་སྤྱོད་ཡུལ་མ་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། ། དེ་ ལྟར་ན་གང་སྤྱོད་ཡུལ་མ་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། འཕགས་པའི་སྤྱོད་ཡུལ་འདི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དུས་གསུམ་མཉམ་པ་འཁོར་གསུམ་ཡོངས་སུ་ཆད་པའོ། ། དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག་པ་དང་། མ་འོངས་པ་ ལ་རྣམ་པར་ཤེས་པ་མི་རྒྱུག་པ་དང་། ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་པའོ། ། དེ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་མི་གནས་པས་འདས་པ་ལ་རྟོག་པར་མི་བྱེད། མ་འོངས་པ་ལ་མི་སེམས། ད་ལྟར་བྱུང་བ་སྤྲོས་པར་མི་བྱེད་དོ། ། དེ་ལྟར་ དུས་གསུམ་མཉམ་པ་ཉིད་དང་།
BO
འཁོར་གསུམ་ཡོངས་སུ་དག་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་ལུས་མེད་ཅིང་ འདུས་མ་བྱས་པའོ། ། དེ་ལ་ལུས་མེད་པ་ནི་གང་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའོ། ། འདུས་མ་བྱས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་ མེད་པ་དང་། འཇིག་པ་མེད་པ་དང་། གནས་མེད་པ་སྟེ། དེ་ནི་མཚན་ཉིད་གསུམ་དང་བྲལ་བའི་འདུས་མ་བྱས་ཞེས་བྱའོ། ། འདུས་མ་བྱས་ཇི་ལྟ་བར་འདུས་བྱས་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་ པ་དེ་ནི་མེད་པའོ། ། མེད་པ་གང་ཡིན་པ་དེ་ལ་ནི་གཉིས་མེད་དོ། ། ལུས་མེད་པ་དང་འདུས་མ་བྱས་འདི་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །
BO
རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་དབྱེར་མེད་པ་དང་གནས་སོ། ། དེ་ལ་གནས་ནི་གང་། དབྱེར་མེད་པ་ནི་གང་ཞེ་ན། དེ་བཞིན་ཉིད་ནི་གནས་སོ། ། གནས་མེད་པ་ནི་དབྱེར་མེད་པའོ། ། ཆོས་ཀྱི་དབྱིངས་ནི་གནས་སོ། ། ཐ་དད་པ་མ་ཡིན་པ་ནི་དབྱེར་མེད་པའོ། ། ཡང་ དག་པའི་མཐའ་ནི་གནས་སོ། ། གཡོ་བ་མེད་པ་ནི་དབྱེར་མེད་པའོ། ། སྟོང་པ་ཉིད་ནི་གནས་སོ། ། དམིགས་སུ་མེད་པ་ནི་དབྱེར་མེད་པའོ། ། མཚན་མ་མེད་པ་ནི་གནས་སོ། ། རྣམ་པར་རྟོག་པ་མེད་པ་ནི་དབྱེར་མེད་པའོ། ། སྨོན་པ་མེད་པ་ནི་གནས་སོ། ། སྨོན་ལམ་ འདེབས་པ་མེད་པ་ནི་དབྱེར་མེད་པའོ། ། སེམས་ཅན་མེད་པ་ཉིད་ནི་གནས་སོ། ། སེམས་ཅན་ངོ་བོ་ཉིད་མེད་པ་ནི་དབྱེར་མེད་པའོ། ། ནམ་མཁའ་ནི་གནས་སོ། ། དམིགས་སུ་མེད་པ་ནི་དབྱེར་མེད་པའོ། ། སྐྱེ་བ་མེད་པ་ནི་གནས་སོ། ། འགོག་པ་མེད་པ་ནི་དབྱེར་ མེད་པའོ། ། འདུས་མ་བྱས་ནི་གནས་སོ། ། རྒྱུ་བ་མེད་པ་ནི་དབྱེར་མེད་པའོ། ། བྱང་ཆུབ་ནི་གནས་སོ། ། ཉེ་བར་ཞི་བ་ནི་དབྱེར་མེད་པའོ། ། མྱ་ངན་ལས་འདས་པ་ནི་གནས་སོ། ། མངོན་པར་གྲུབ་པ་མེད་པ་ནི་དབྱེར་མེད་པའོ། ། དེ་ལྟར་དབྱེར་མེད་པ་ དང་།
BO
གནས་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་ཀྱིས་ཀྱང་ མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ལུས་ནི་བེམས་པོའོ། ། སེམས་ནི་སྒྱུ་མ་ལྟ་བུའོ། ། གང་ལུས་དང་སེམས་འདི་ལྟ་བུར་ཁོང་དུ་ཆུད་པ་དེ་ནི་ཐ་སྙད་བཏགས་ནས་བྱང་ཆུབ་ཅེས་བྱའི། བྱང་ཆུབ་ནི་ལུས་སམ། སེམས་སམ། ཆོས་སམ། ཆོས་མ་ཡིན་པའམ། ཡང་ དག་པའམ། ཡང་དག་པ་མ་ཡིན་པའམ། བདེན་པའམ། {བརྫུན་,རྫུན་}པ་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། ། བྱང་ཆུབ་ནི་གང་གིས་ཚིག་ཏུ་ཐ་སྙད་གདགས་པར་འགྱུར་བའི་དབྱིབས་ ཅི་ཡང་མེད་དེ། ཇི་ལྟར་ནམ་མཁའ་དབྱིབས་མེད་ཅིང་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་ཀྱང་དབྱིབས་མེད་ཅིང་བརྗོད་པར་བྱ་བ་མ་ཡིན་ནོ། ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བཙལ་ན་ཆོས་ཐམས་ཅད་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ། ཆོས་ལ་ ཚིག་མེད་དོ། །
BO
ཚིག་ལ་ཡང་ཆོས་མེད་དོ། ། ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་ གཟུང་དུ་མེད་པ་དང་། གཞི་མེད་པའོ། ། དེ་ལ་གཟུང་དུ་མེད་པ་ནི་གང་། གཞི་མེད་པ་ནི་གང་ཞེ་ན། མིག་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། ། གཟུགས་དམིགས་སུ་མེད་པ་ནི་གཞི་མེད་པའོ། ། རྣ་བ་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། ། སྒྲ་ དམིགས་སུ་མེད་པ་ནི་གཞི་མེད་པའོ། ། སྣ་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། ། དྲི་དམིགས་སུ་མེད་པ་ནི་གཞི་མེད་པའོ། ། ལྕེ་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། ། རོ་དམིགས་སུ་མེད་པ་ནི་གཞི་མེད་པའོ། ། ལུས་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་ པའོ། ། རེག་བྱ་དམིགས་སུ་མེད་པ་ནི་གཞི་མེད་པའོ། ། ཡིད་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། ། ཆོས་དམིགས་སུ་མེད་པ་ནི་གཞི་མེད་པའོ། ། དེ་ལྟར་དེ་བཞིན་གཤེགས་པས་བྱང་ཆུབ་གཟུང་དུ་མེད་པ་དང་། གཞི་མེད་པར་མངོན་པར་རྫོགས་པར་སངས་ རྒྱས་སོ། ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མིག་གཟུང་དུ་མེད།
BO
གཟུགས་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། ། རྣ་བ་གཟུང་དུ་མེད། སྒྲ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། ། སྣ་གཟུང་དུ་མེད། དྲི་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། ། ལྕེ་གཟུང་དུ་མེད། རོ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། ། ལུས་གཟུང་དུ་མེད། རེག་བྱ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། ། ཡིད་གཟུང་དུ་མེད། ཆོས་གཞི་མ་ཡིན། རྣམ་པར་ཤེས་པ་ གནས་པ་མེད་དོ། ། དེ་རྣམ་པར་ཤེས་པ་གནས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་རྣམས་རབ་ཏུ་ཤེས་སོ། ། སེམས་ཅན་དག་གི་སེམས་ཀྱི་གནས་རྣམས་གང་ཞེ་ན། སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ནི་བཞི་པོ་འདི་དག་གོ། ། བཞི་གང་ཞེ་ན། འདི་ལྟ་ སྟེ། གཟུགས་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དག་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ཏེ། སེམས་ཀྱི་གནས་དེ་དག་ཀྱང་དེ་བཞིན་གཤེགས་པས་གནས་མེད་པར་མཁྱེན་ཏོ། ། གནས་མེད་པའི་མཐའ་འདི་སེམས་ ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །
BO
རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་{བླ་དགས་,བླ་དྭགས་}སོ། ། སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པའི་སྟོང་ པ་ཉིད་དེས་ཆོས་ཐམས་ཅད་སྟོང་ངོ་། ། སྟོང་པ་ཉིད་ཇི་ལྟ་བ་བཞིན་དུ་ཆོས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ། ། དེ་ནི་འདི་ལྟ་སྟེ། སྟོང་པ་ཉིད་དང་བྱང་ཆུབ་ཅེས་བྱ་བ་ཚུལ་གཅིག་པར་ཤེས་པ་སྟེ། དེ་ལ་གཉིས་གང་གིས་སྟོང་པ་ཉིད་དང་། བྱང་ཆུབ་གཉིས་སུ་དབྱེ་བའི་གཉིས་{ཆུང་ཟད་,ཅུང་ཟད་}ཀྱང་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཉིས་སུ་མེད་པ། གཉིས་སུ་དབྱེར་མེད་པ། མཚན་ཉིད་ མེད་པ། མིང་མེད་པ། མཚན་མ་མེད་པ། རྒྱུ་བ་མེད་པ། རབ་ཏུ་རྒྱུ་བ་མེད་པ། ཀུན་ཏུ་འབྱུང་བ་མེད་པའོ། ། གང་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་པ་མེད་ཅིང་འཛིན་པ་མེད་པའི་ཚིག་{བླ་དགས་,བླ་དྭགས་}སོ། ། འདི་ལ་དོན་དམ་པར་གང་སྟོང་པ་ཞེས་བྱ་བའི་ཆོས་གང་ ཡང་དམིགས་སུ་མེད་ཀྱང་སྟོང་པ་ཞེས་ཀྱང་བརྗོད་དོ། །
BO
ཇི་ལྟར་ནམ་མཁའ་ལ་ནམ་མཁའ་ཞེས་རྗོད་ཀྱང་ནམ་མཁའ་ནི་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་སྟོང་པ་ལ་སྟོང་པ་ཞེས་རྗོད་ཀྱང་སྟོང་པ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། ། འདི་ལྟ་སྟེ། མིང་མེད་པ་ལ་མིང་དུ་ཐ་ སྙད་འདོགས་པ་དེ་ནི་ཆོས་ཐམས་ཅད་ལ་འཇུག་པའོ། ། མིང་དེ་ཡང་ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་ནོ། ། ཇི་ལྟར་མིང་ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་པ་དེ་བཞིན་དུ་མིང་གང་གིས་ཆོས་གང་བརྗོད་པའི་ཆོས་དེ་ཡང་ ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་ནོ། ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་དེ་དག་ཐམས་ཅད་མཁྱེན་ཏེ། གཟོད་མ་ནས་མ་སྐྱེས་པ་དང་། མ་འགགས་པ་དང་། མཚན་ཉིད་མེད་པ་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་ བ་དང་། ཡི་གེ་མེད་པ་དང་། སྒྲ་མེད་པར་ཤེས་སོ། ། ཇི་ལྟར་ཤེས་པ་དེ་བཞིན་དུ་རྣམ་པར་གྲོལ་ཏེ། བཅིངས་པ་ཡང་མེད། གྲོལ་བ་ཡང་མེད་དོ། ། མཉམ་པ་ཉིད་འདི་ཡང་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་ དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་ནམ་མཁའ་དང་མཉམ་སྟེ།
BO
ནམ་མཁའ་ནི་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་ནོ། ། བྱང་ཆུབ་ཀྱང་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་ནོ། ། ཆོས་གང་ལ་ཡང་དག་པར་ཡོངས་སུ་གྲུབ་པ་མེད་པ་དེ་མཉམ་པའམ་མི་མཉམ་པར་བརྗོད་པ་མ་ཡིན་ནོ། ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཇི་ལྟར་ཆོས་{ཆུང་ཟད་,ཅུང་ཟད་}ཙམ་ ཡང་མཉམ་པར་ཡང་མི་བྱེད། མི་མཉམ་པར་ཡང་མི་བྱེད་པ་དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཆོས་འདི་དག་ཅི་འདྲ་བ་དེ་འདྲ་བར་ཡང་དག་པའི་ཡེ་ཤེས་ཀྱིས་མཁྱེན་ཏོ། ། ཡང་དག་པའི་ཡེ་ཤེས་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་རྩ་བ་ མེད་པ། མ་སྐྱེས་པ། མ་འགགས་པ་སྟེ། དེ་དག་ནི་མ་བྱུང་བ་ལས་འབྱུང་བ། བྱུང་ནས་ཀྱང་འབྲལ་བའོ། ། དེ་དག་ནི་བདག་པོ་མེད་པར་འབྱུང་བ། བདག་པོ་མེད་པར་འབྲལ་བའོ། ། དེ་ལྟར་འབྱུང་བ་དང་འཇིག་པ་ལ་བརྟེན་ནས་འཇུག་ཀྱང་འདི་ལ་འཇུག་པ་གང་ཡང་ མེད་དེ། ལམ་བཅད་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ་ཞེས་ཀྱང་བརྗོད་དོ། །
BO
ལམ་ཆད་པ་དེ་ཡང་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་ཇི་ལྟ་བ་བཞིན་གྱི་གནས་སོ། ། དེ་ལ་ཇི་ལྟ་བ་བཞིན་གྱི་གནས་གང་ཞེ་ན། བྱང་ཆུབ་ཇི་ལྟ་བར་གཟུགས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། ། བྱང་ཆུབ་ཇི་ལྟ་བར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་ པར་ཤེས་པ་ཡང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། ། བྱང་ཆུབ་ཇི་ལྟ་བར། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། ། བྱང་ཆུབ་ཇི་ལྟ་བར་མིག་གི་ཁམས་ དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། ། བྱང་ཆུབ་ཇི་ལྟ་བར་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་།
BO
ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། ། ཆོས་སུ་བཏགས་པ་ནི་འདི་དག་ཏུ་ཟད་དེ། འདི་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་བཏགས་པའོ། ། དེ་དག་ནི་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་མངོན་ པར་རྫོགས་པར་སངས་རྒྱས་སོ། ། ཕྱིན་ཅི་མ་ལོག་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེ་དག་ནི་སྔོན་གྱི་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་བར་དུ་ཡང་དེ་བཞིན་ཏེ། སྔོན་གྱི་མཐར་ཡང་མ་སྐྱེས། ཕྱི་མའི་མཐར་ཡང་མི་འཕོ། བར་དུ་ཡང་དབེན་པ་དག་གོ། ། དེ་ལྟར་ན་ འདི་ནི་ཇི་ལྟ་བ་བཞིན་གྱི་གནས་ཡིན་ནོ། ། གཅིག་ཇི་ལྟ་བར་ཐམས་ཅད་ཀྱང་དེ་བཞིན། ཐམས་ཅད་ཇི་ལྟ་བར་གཅིག་ཀྱང་དེ་བཞིན་ཏེ། ཇི་ལྟ་བ་བཞིན་ལ་ནི་གཅིག་པའམ་མང་བར་མི་དམིགས་སོ། ། ཇི་ལྟ་བ་བཞིན་གྱི་གནས་འདི་འང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་ དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་རྣམ་པ་ལ་འཇུག་པས་རྣམ་པ་མེད་པ་ལ་ཞུགས་པའོ། །
BO
དེ་ལ་རྣམ་པ་ནི་གང་། རྣམ་པ་མེད་པ་ནི་གང་ཞེ་ན། རྣམ་ པ་ཞེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་རྩོམ་པའོ། ། རྣམ་པ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པའོ། ། རྣམ་པ་ཞེས་བྱ་བ་ནི་གནས་པ་མེད་པའི་སེམས་ཀྱི་གནས་སོ། ། རྣམ་པ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་སྒོའོ། ། རྣམ་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་སེམས་པ་དང་། འཇལ་བ་དང་། བགྲང་བ་དང་། སོ་སོར་རྟོག་པའོ། ། རྣམ་པ་མེད་པ་ཞེས་བྱ་བ་ནི་འཇལ་བ་ལས་ཤིན་ཏུ་འདས་པའོ། ། འཇལ་བ་ལས་ཤིན་ཏུ་འདས་པ་གང་ཞེ་ན། གང་ལ་རྣམ་པར་ཤེས་པའི་ལས་མེད་པའོ། ། རྣམ་པ་ཞེས་བྱ་བ་ནི་འདུས་བྱས་ལ་སོ་སོར་རྟོག་པའོ། ། རྣམ་པ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ལ་མངོན་སུམ་དུ་བྱེད་པའོ། ། རྣམ་པ་དང་རྣམ་པ་མེད་པ་ལ་འཇུག་པ་འདི་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་ སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་ཟག་པ་མེད་པ་དང་། ཉེ་བར་ལེན་པ་མེད་པའོ། ། དེ་ལ་ཟག་པ་མེད་པ་ནི་གང་། ཉེ་བར་ལེན་པ་མེད་པ་ནི་གང་ཞེ་ན།
BO
ཟག་པ་མེད་པ་ཞེས་བྱ་བ་ནི་ཟག་པ་བཞི་དང་ བྲལ་བའི་ཕྱིར་ཏེ། འདི་ལྟ་སྟེ། འདོད་པའི་ཟག་པ་དང་བྲལ་བ་དང་། སྲིད་པའི་ཟག་པ་དང་བྲལ་བ་དང་། མ་རིག་པའི་ཟག་པ་དང་བྲལ་བ་དང་། ལྟ་བའི་ཟག་པ་དང་བྲལ་བའི་ཕྱིར་རོ། ། ཉེ་བར་ལེན་པ་མེད་པ་ཞེས་བྱ་བ་ནི་ཉེ་བར་ལེན་པ་བཞི་དང་བྲལ་བའི་ཕྱིར་ཏེ། འདི་ལྟར་འདོད་པའི་ཉེ་བར་ལེན་པ་དང་བྲལ་བ་དང་། ལྟ་བའི་ཉེ་བར་ལེན་པ་དང་བྲལ་བ་དང་། བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་དང་བྲལ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཉེ་བར་ལེན་པ་དང་བྲལ་བའི་ཕྱིར་རོ། ། དེ་ལ་ཉེ་བར་ལེན་པ་བཞི་པོ་འདི་ དག་ཐམས་ཅད་ཀྱང་མ་རིག་པས་མུན་པར་བྱས་ཤིང་སྲེད་པས་བསྙེན་ཏེ། བདག་གོ་སྙམ་དུ་མངོན་པར་ཞེན་པས་ཉེ་བར་ལེན་པ་དག་གོ། ། དེ་ལ་དེ་བཞིན་གཤེགས་པས་བདག་ཉེ་བར་ལེན་པའི་རྩ་བ་ཡོངས་སུ་ཤེས་ནས། བདག་རྣམ་པར་དག་པས་སེམས་ཅན་རྣམ་པར་ དག་པར་རྟོགས་སོ། ། བདག་རྣམ་པར་དག་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དེ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། ། གཉིས་སུ་མེད་པའི་དོན་གང་ཡིན་པ་དེ་སྐྱེ་བ་མེད་དོ། ། སྐྱེ་བ་དང་འགག་པ་མེད་པས་སེམས་དང་། ཡིད་དང་།
BO
རྣམ་པར་ཤེས་པ་རྣམས་མི་འཇུག་གོ། ། གང་ལ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ཡོངས་སུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བའི་ཡོངས་སུ་རྟོག་པ་གང་ཡང་མེད་དོ། ། དེར་ཚུལ་བཞིན་ ཡིད་ལ་བྱེད་པ་དང་ལྡན་པས་མ་རིག་པ་ཀུན་ནས་མི་སློང་ངོ་། ། གང་མ་རིག་པ་ཀུན་ནས་མི་ལྡང་བ་དེ་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་མི་ལྡང་ངོ་། ། གང་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་མི་ལྡང་བ་དེ་མི་སྐྱེ་བའོ། ། གང་མི་སྐྱེ་བ་དེ་ངེས་པར་གྱུར་པའོ། ། གང་ ངེས་པར་གྱུར་པ་དེ་ངེས་པའི་དོན་ཏོ། ། ངེས་པའི་དོན་གང་ཡིན་པ་དེ་དོན་དམ་པའོ། ། དོན་དམ་པ་གང་ཡིན་པ་དེ་གང་ཟག་མེད་པའི་དོན་ཏོ། ། གང་ཟག་མེད་པའི་དོན་གང་ཡིན་པ་དེ་བརྗོད་དུ་མེད་པའི་དོན་ཏོ། ། བརྗོད་དུ་མེད་པའི་དོན་གང་ཡིན་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་ བའི་དོན་ཏོ། ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གང་ཡིན་པ་དེ་ཆོས་ཀྱི་དོན་ཏོ། ། ཆོས་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་ཉིད་ཀྱི་དོན་ཏོ། ། དེ་བཞིན་ཉིད་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དོན་ཏོ། ། དེས་ན་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ ངོ་།
BO
། སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་བྱ་སྟེ། ཇི་ལྟར་དེ་བཞིན་ཉིད་ཀྱིས་ཡོངས་སུ་བཙལ་ན་ཅི་ཡང་མི་མཐོང་བ་དེ་ལྟར་མཐོང་ངོ་། ། དེ་ལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་མ་དང་དམིགས་པའོ། ། དེས་གང་གི་ཚེ་སེམས་ མེད་པ་དང་དམིགས་པ་མེད་པར་མཐོང་བ་དེའི་ཚེ་ཡང་དག་པ་མཐོང་ངོ་། ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་དེ་དག་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཟག་པ་མེད་པ་དང་། ཉེ་བར་ལེན་པ་མེད་པ་འདི་ཡང་སེམས་ཅན་རྣམས་ཀྱིས་ ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། ། རིགས་ཀྱི་བུ་བྱང་ཆུབ་ནི་དག་པ་དང་། དྲི་མ་མེད་པ་དང་། ཉོན་མོངས་པ་མེད་པའོ། ། དེ་ལ་དག་པ་ནི་གང་། དྲི་མ་མེད་པ་ནི་གང་། ཉོན་མོངས་པ་མེད་པ་ནི་གང་ཞེ་ན། སྟོང་པ་ཉིད་ནི་དག་པའོ། ། མཚན་མ་མེད་པ་ནི་དྲི་མ་མེད་པའོ། ། སྨོན་པ་མེད་པ་ནི་ཉོན་མོངས་པ་མེད་པའོ། ། སྐྱེ་བ་མེད་པ་ནི་དག་པའོ། ། མངོན་པར་འདུ་བྱེད་པ་མེད་པ་ནི་དྲི་མ་མེད་པའོ། ། འབྱུང་བ་མེད་པ་ནི་ཉོན་མོངས་པ་མེད་པའོ། ། རང་བཞིན་ནི་དག་པའོ། །
BO
ཡོངས་སུ་དག་པ་ནི་དྲི་མ་མེད་པའོ། ། འོད་གསལ་བ་ནི་ཉོན་མོངས་པ་མེད་པའོ། ། སྤྲོས་པ་མེད་པ་ནི་དག་པའོ། ། མ་སྤྲོས་པ་ནི་དྲི་མ་མེད་པའོ། ། སྤྲོས་པ་ཉེ་བར་ཞི་བ་ནི་ཉོན་མོངས་པ་མེད་པའོ། ། དེ་བཞིན་ཉིད་ནི་དག་པའོ། ། ཆོས་ཀྱི་དབྱིངས་ནི་དྲི་ མ་མེད་པའོ། ། ཡང་དག་པའི་མཐའ་ནི་ཉོན་མོངས་པ་མེད་པའོ། ། སྐབས་འབྱེད་པ་ནི་དག་པའོ། ། ནམ་མཁའ་ནི་དྲི་མ་མེད་པའོ། ། ནམ་མཁའ་ནི་ཉོན་མོངས་པ་མེད་པའོ། ། ནང་ཡོངས་སུ་ཤེས་པ་ནི་དག་པའོ། ། ཕྱི་རོལ་དུ་མི་རྒྱུ་བ་ནི་དྲི་མ་མེད་པའོ། ། ནང་དང་ཕྱི་མི་དམིགས་ པ་ནི་ཉོན་མོངས་པ་མེད་པའོ། ། ཕུང་པོ་ཡོངས་སུ་ཤེས་པ་ནི་དག་པའོ། ། ཁམས་ཀྱི་ངོ་བོ་ཉིད་ནི་དྲི་མ་མེད་པའོ། ། སྐྱེ་མཆེད་འདོར་བ་ནི་ཉོན་མོངས་པ་མེད་པའོ། ། འདས་པ་ལ་ཟད་པར་ཤེས་པ་ནི་དག་པའོ། ། མ་འོངས་པ་ལ་མི་སྐྱེ་བར་ཤེས་པ་ནི་དྲི་མ་མེད་པའོ། ། ད་ལྟར་བྱུང་ བ་ལ་ཆོས་ཀྱི་དབྱིངས་གནས་པར་ཤེས་པ་ནི་ཉོན་མོངས་པ་མེད་པའོ། ། དེ་ལྟར་ན་དག་པ་དང་། དྲི་མ་མེད་པ་དང་། ཉོན་མོངས་པ་མེད་པ་ནི་འདི་ལྟ་སྟེ། ཞི་བའི་གནས་ཀྱི་གནས་གཅིག་ཏུ་ཡང་དག་པར་འདུའོ། ། ཞི་བ་གང་ཡིན་པ་དེ་རབ་ཏུ་ཞི་བའོ། །
BO
རབ་ཏུ་ཞི་བ་གང་ཡིན་པ་ དེ་ཉེ་བར་ཞི་བའོ། ། ཉེ་བར་ཞི་བ་གང་ཡིན་པ་དེ་ཉེ་བར་ཞི་བར་བྱེད་པས་མཚན་མ་མེད་པ་ཞེས་བྱའོ། ། མཚན་མ་མེད་པ་གང་ཡིན་པ་དེ་ཉེ་བར་ཞི་བའོ། ། ཉེ་བར་ཞི་བ་གང་ཡིན་པ་དེ་བློ་གྲོས་ཞེས་བྱའོ། ། རིགས་ཀྱི་བུ་དེ་ལྟར་ན་ནམ་མཁའ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། ། བྱང་ ཆུབ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། ། ཆོས་རྣམས་ཇི་ལྟ་བར་སེམས་ཅན་རྣམས་ཀྱང་དེ་བཞིན་ནོ། ། སེམས་ཅན་རྣམས་ཇི་ལྟ་བར་ཞིང་རྣམས་ཀྱང་དེ་བཞིན་ནོ། ། ཞིང་རྣམས་ཇི་ལྟ་བར་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ། ། དེས་ན་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་ དང་མཉམ་པ་ཞེས་བྱ་སྟེ། མཐར་ཕྱིན་ཅིང་མུར་ཐུག་པའི་ཕྱིར་གཉེན་པོ་མེད་པའོ། ། གཉེན་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཟོད་མ་ནས་དག་པ། གཟོད་མ་ནས་དྲི་མ་མེད་པ། གཟོད་མ་ནས་ཉོན་མོངས་པ་མེད་པའོ། ། དེ་ལ་དེ་བཞིན་གཤེགས་པས་དེ་ལྟ་བུའི་ ཚུལ་དང་འཐུན་པར་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མ་དག་པ་དང་། དྲི་མ་མེད་པ་མ་ཡིན་པ་དང་།
BO
ཉོན་མོངས་པ་དང་བཅས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་གཟིགས་ནས་སེམས་ཅན་ཐམས་ཅད་ལ་རྣམ་པར་རོལ་པ་ཞེས་བྱ་བའི་ཐུགས་རྗེ་ཆེན་ པོ་འཇུག་གོ། ། དེ་བཞིན་གཤེགས་པ་ནི་ཐབས་མཁས་པས་ཚངས་པ་ལ་གཞེས་ཏེ། གསོལ་བ་མ་བཏབ་པར་ཆོས་ཀྱི་འཁོར་ལོ་མི་བསྐོར་རོ། ། དེ་ནས་ཚངས་པ་གཙུག་ཕུད་ཅན་ཚངས་པ་བརྒྱ་སྟོང་ཕྲག་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་ཚངས་ པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག་ནས། དེས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་དུ་གསོལ། བདེ་བར་གཤེགས་པས་ཆོས་བཤད་དུ་ གསོལ་ཞེས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་བོ། ། དེའི་ཚེ་ཚངས་པ་གཙུག་ཕུད་ཅན་གྱིས་དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པས་ཀྱང་གསོལ་པ། ཁྱོད་ཀྱི་ཆོས་ནི་ཞི་ཞིང་རབ་ཞི་ལ། ། དག་ཅིང་རྣམ་དག་དྲི་མེད་འོད་གསལ་ཏེ། ། བརྗོད་མེད་སྒྲ་མེད་ཡི་གེ་མེད་ འཕགས་པར། ། སངས་རྒྱས་ཡེ་ཤེས་ཀྱིས་ནི་ཐུགས་སུ་ཆུད། ། ཡུན་རིང་གཉིད་ལོག་གཏི་མུག་རྒྱགས་པས་བསྒྲིབས། ། ནོར་བའི་སེམས་ཅན་སད་པར་མཛད་དོན་དུ། །
BO
དེ་སླད་ཁྱོད་ཀྱིས་བསྐལ་པ་བྱེ་བར་ནི། ། བརྟུལ་ཞུགས་དཀའ་ཐུབ་ཤིན་ཏུ་དཀའ་བ་སྤྱད། ། གང་དག་སྔོན་ གྱི་རྒྱལ་བའི་རྒྱུས་ལྷགས་པ། ། དེ་དག་ཆོས་མཆོག་འདི་ནི་རྟོགས་འགྱུར་ཏེ། ། འདི་ན་སེམས་ཅན་དགེ་བསམ་མང་མཆིས་ཀྱིས། ། དེ་བཞིན་གཤེགས་པས་ཆོས་རབ་འཁོར་ལོ་བསྐོར། ། ཁྱོད་ཀྱིས་བདུད་འཁོར་ཤིན་ཏུ་ཚར་བཅད་དེ། ། ཁྱོད་ཀྱིས་བདུད་རྩིའི་སྒོ་ནི་རབ་ཏུ་ཕྱེ། ། དེད་དཔོན་ཆེན་པོ་ལམ་ལོག་འཁྱམས་པ་ཡི། ། སེམས་ཅན་དག་ནི་འཕགས་པའི་ལམ་དུ་ཁྲིད། ། ཁྱོད་ཀྱི་སངས་རྒྱས་ཐུགས་རྗེ་བླ་ན་མེད། ། འགྲོ་ལ་ཕན་པར་བསམ་གྱིས་མི་ཁྱབ་འཇུག ། སྟོན་པ་ཁྱོད་ལ་བདག་ནི་གསོལ་འདེབས་ཀྱིས། ། ཆོས་མཆོག་འཁོར་ལོ་ རབ་ཏུ་བསྐོར་དུ་གསོལ། ། ཇི་ལྟར་རྒྱལ་བ་འཁོར་བ་འཇིག་གིས་བསྐོར། ། ཇི་ལྟར་གསེར་ཐུབ་རྒྱལ་བས་བསྐོར་བ་དང་། ། བདེ་གཤེགས་འོད་སྲུང་གིས་ཀྱང་བསྐོར་བ་ལྟར། ། བཅོམ་ལྡན་འདས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར། ། ཇི་ལྟར་སྤྲིན་གྱི་ཆུ་ཡིས་ཚིམ་བགྱིས་ཏེ། ། དེ་ཡིས་ལོ་ཐོག་སྨན་རྣམས་བསྐྱེད་པ་ལྟར། ། ཐུགས་རྗེའི་སྤྲིན་གྱིས་འཇིག་རྟེན་ཁྱབ་མཛད་དེ། ། དེ་བཞིན་གཤེགས་པ་ཁྱོད་ཀྱིས་ཆོས་ཆར་ཕོབ། །
BO
རྣམ་པར་འདྲེན་མཆོག་གང་ཞིག་སྐྱེས་མ་ཐག ། འགྲོ་བ་ཐར་བར་མཛད་སླད་སྒྲ་ཕྱུང་བ། ། དེང་དུས་དེང་ལགས་ལྷ་མི་སྐོམ་ པ་རྣམས། ། ཆོས་ཆེན་ཆུ་ཡིས་སྐོམ་པ་བསལ་དུ་གསོལ། ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པས་ཚངས་པ་གཙུག་ཕུད་ཅན་གྱིས་གསོལ་བ་བཏབ་པར་མཁྱེན་ནས་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་མ་བཏང་བས་གྲོང་ཁྱེར་བཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་{རི་དགས་,རི་དྭགས་}ཀྱི་ནགས་སུ་དགེ་ སྦྱོང་དང་། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་གིས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏེ། དེར་མི་རྟག་པའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གོ་བར་བྱས་སོ། ། ཀཽཎྜི་ ནྱས་ཀྱང་ཐོག་མར་ཆོས་ཀུན་དུ་ཤེས་སོ། ། དེ་ནས་དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། བརྗོད་དུ་མེད་ཅིང་ཟབ་པ་སྟེ། ། ཡི་གེ་མེད་ཅིང་ངེས་པའི་དོན། ། ཀཽཎྜི་ནྱས་ནི་འདི་ཤེས་པས། ། ང་ཡི་འབད་པ་དོན་མེད་མིན། ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་ བས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བཏུལ་བར་གྱུར་ཏོ། །
BO
དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་རྣམ་པར་རོལ་པར་རིག་ནས། སེམས་ཅན་ཚད་མེད་གྲངས་མེད་པ་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་རྣམ་པ་བཅུ་དྲུག་པོ་འདི་ནི་ལྷུན་གྱིས་གྲུབ་པར་རྟག་ཏུ་འཇུག་པ་སྟེ་ཡང་གཏང་བར་བྱ་བ་མ་ཡིན་ནོ། ། ཐུགས་རྗེ་ཆེན་པོ་དེ་དང་ལྡན་པས་དེ་བཞིན་གཤེགས་པ་སེམས་ཅན་རེ་རེའི་ཆེད་དུ་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་གནས་པར་སྤྲོ་སྟེ། གལ་ཏེ་སེམས་ཅན་དེ་དག་འཕགས་པའི་ཆོས་འདུལ་བ་ལ་འདུལ་བར་འགྱུར་བ་ལྟ་ན་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མི་སྐྱོ་ཞིང་། ཐུགས་རྗེ་ཆེན་པོ་དེ་ཡང་ཡོངས་སུ་མི་མཉམ་མོ། ། དེ་ལྟར་སེམས་ཅན་ རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཇུག་གོ། ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྙིང་རྗེ་ནི་པགས་པའི་རྣམ་པ་ལྟ་བུའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་ཤའི་རྣམ་པ་ལྟ་བུའོ། ། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རུས་པ་དང་རྐང་གི་རྣམ་པ་ལྟ་བུའོ། །
BO
ཉན་ཐོས་རྣམས་ཀྱི་སྙིང་རྗེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་རྗེས་སུ་ཡི་རང་བའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པའོ། ། སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་པའོ། ། ཉན་ཐོས་རྣམས་ཀྱི་སྙིང་རྗེ་ནི་བྱམས་པ་ལ་ལྟོས་པའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་སེམས་ཅན་ཡོངས་སུ་སྨིན་པ་ལ་ལྟོས་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ རྗེ་ཆེན་པོ་ནི་ཤིན་ཏུ་ཡོངས་སུ་སྨིན་པར་བྱ་བ་ལ་ལྟོས་པའོ། ། ཉན་ཐོས་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་རྩོམ་པས་ཡོངས་སུ་སྐྱོ་བའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་རྩོམ་པ་ཉམས་འོག་ཏུ་ཆུད་པར་བྱེད་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་ པོ་ནི་རྩོམ་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའོ། ། རིགས་ཀྱི་བུ་དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་མཆོག་ཡིན་ཏེ། གང་གི་ཕྱིར་སངས་རྒྱས་ཀྱིས་འདུལ་བའི་ཆེད་དུ་བསྐལ་པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ ངམ།
BO
བསྐལ་པ་བརྒྱ་ཕྲག་སྟོང་དུ་གནས་ཀྱང་དེ་སྲིད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་མི་འདའོ། ། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ། ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་ བས་ཀྱང་ཆེས་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། དྲི་མཆོག་གི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་དྲི་ལྡན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་ཁྱིམ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། ། བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཕྲག་བཅུ་དྲུག་ཐུབ་ པར་གྱུར་ཏོ། ། དེའི་ཉན་ཐོས་ཀྱི་འདུས་པ་ནི་ཉན་ཐོས་བརྒྱད་ཅུ་རྩ་བཞི་ཕྲག་བཅུ་དྲུག་གོ། །
BO
བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེའི་སྤུའི་ཁུང་བུ་གཅིག་ནས་དྲིའི་ངད་བྱུང་བ་གང་ཡིན་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་དྲི་ཞིམ་ པོའི་དྲིར་བྱེད་དོ། ། འཇིག་རྟེན་གྱི་ཁམས་དེ་ན་དྲི་ང་བ་འབྱུང་བ་མེད་དོ། ། ཡང་འཇིག་རྟེན་གྱི་ཁམས་དེ་ན་རྩིག་པ་དང་། ཤིང་དང་། རི་དང་། གཟུགས་སྣང་བ་རྣམས་དེ་བཞིན་གཤེགས་པའི་དྲི་དེས་ཡོངས་སུ་བསྒོས་པར་གྱུར་ཏེ། དེས་ན་འཇིག་རྟེན་གྱི་ཁམས་དེ་དྲི་ལྡན་ཞེས་ བྱའོ། ། སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་དེར་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་དྲི་དེས་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པར་གྱུར་ཏོ། ། སེམས་ཅན་གང་དག་བཅོམ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ་བྱུང་བ་ དེ་དག་ཀྱང་། དྲི་དེ་བསྣམས་པས་བསམ་གཏན་བཞི་དག་བསྐྱེད་པར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་སྟོང་ཕྲག་བཅུ་ཅིག་ཆར་བྱུང་བར་གྱུར་ཏེ། ཐམས་ཅད་ཀྱང་འདི་ལྟར་ཙན་དན་ཁྱིམ་ཞེས་བྱ་བར་མིང་འཐུན་པར་གྱུར་ཏོ། ། དེས་ན་བསྐལ་པ་དེ་དྲི་མཆོག་ ཅེས་བྱའོ། །
BO
བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེས་སངས་རྒྱས་ཀྱི་མཛད་པ་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་སེམས་ཅན་སངས་རྒྱས་ཀྱིས་འདུལ་བ་གང་ཞིག་ངས་གདུལ་བར་བྱ་ཞེས་སེམས་ཅན་གྱི་ཁམས་ལ་རྣམ་པར་ གཟིགས་ན། དེས་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷའི་ནང་ན་སེམས་ཅན་སྔོན་དགེ་བའི་རྩ་བ་བསྐྱེད་པ་རྒྱ་ཆེན་པོ་ལ་མོས་པ། སངས་རྒྱས་ཀྱིས་འདུལ་བ་གཅིག་ཅིག་དེར་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ གནས་ནས། དེ་ནས་ཤི་འཕོས་ཏེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་ཞིང་། གལ་ཏེ་འདོད་པ་རྣམས་ལ་མ་རྩེས་པར་ཐེག་པ་ཆེན་པོའི་བསྔགས་པ་ཐོས་པ་ལྟ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཞིག་གཟིགས་སོ། ། དེ་ནས་བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེ་ཐབས་མཁས་པས་ཐུགས་རྗེ་ཆེན་པོ་མངོན་དུ་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ ལ་བབ་ཀྱིས་དེང་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །
BO
དེ་ནས་བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོ་ལ་ལྟ་བས་ཡོངས་སུ་སྐྱོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ། ། དེ་ཡོངས་སུ་མྱ་ ངན་ལས་འདས་ནས་སྐུ་གདུང་ནི་རྒྱས་པར་གྱུར་ཏེ། དེའི་དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཕྲག་བརྒྱད་དུ་གནས་པར་གྱུར་ཏོ། ། དེའི་དམ་པའི་ཆོས་གནས་པ་ཡང་སྐྱེ་བོ་མང་པོས་ཐོབ་པར་གྱུར་ཏེ། དེའི་དམ་པའི་ཆོས་ལྟར་བཅོས་པ་གང་ཡང་མེད་པར་གྱུར་ཏོ། ། བཅོམ་ ལྡན་འདས་དེ་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་དང་། རྫུ་འཕྲུལ་གྱི་བྱིན་གྱི་རླབས་ཀྱིས་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྐུ་མི་སྣང་བར་གནས་པར་གྱུར་ཏོ། ། དེ་ལྟར་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་འདས་ནས་སེམས་ཅན་དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་ སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། མིའི་འཇིག་རྟེན་དུ་ཚོང་དཔོན་ཞིག་གི་རིགས་སུ་སྐྱེས་པར་གྱུར་ཏོ། །
BO
ཁྱེའུ་དེ་གང་གི་ཚེ་ལོ་བརྒྱད་ལོན་པར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེ་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འདས་ནས་ཏིང་ ངེ་འཛིན་དེ་ལས་བཞེངས་ཏེ། ཁྱེའུ་དེའི་མདུན་དུ་སངས་རྒྱས་ཀྱི་ཁ་དོག་དང་། གཟུགས་ཀྱིས་བཞུགས་ནས་ཁྱེའུ་དེ་མ་གཏོགས་པར་གཞན་གང་གིས་ཀྱང་དེ་མ་མཐོང་སྟེ། དེས་ཅི་ནས་ཀྱང་ཁྱེའུ་དེ་སེམས་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟར་ཐེག་པ་ཆེན་པོ་འདི་ལས་བརྩམས་ཏེ་ཁྱེའུ་དེ་ལ་ཆོས་བསྟན་ཏོ། ། འདོད་པའི་ཉེས་པའི་གཏམ་ཡང་ཡང་དག་པར་བཤད་དོ། ། བཅོམ་ལྡན་འདས་དེས་དེ་ལྷག་པའི་བསམ་པ་ཕུན་སུམ་ ཚོགས་པར་རིག་ནས་ལྷའི་བུ་དག་ཁྱེའུ་འདི་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་རིན་ཆེན་མཆོག་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་ཞེས་ལུང་བསྟན་ ཏོ། ། དེའི་ལུང་བསྟན་པ་དེ་ནི་ཁྱེའུ་དེ་མ་གཏོགས་པར་མིར་གྱུར་པ་གང་གིས་ཀྱང་མ་ཐོས་སོ། །
BO
ལྷའི་བུ་སྣོད་དུ་གྱུར་པ་སྟོང་ཕྲག་བཅུ་གཉིས་ཀྱིས་དེའི་ལུང་བསྟན་པ་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཏེ། འདི་སྐད་དུ། གང་ གི་ཚེ་བཅོམ་ལྡན་འདས་རིན་ཆེན་མཆོག་དེ་བཞིན་གཤེགས་པ་དེས་བྱང་ཆུབ་བརྙེས་པར་གྱུར་པ་དེའི་ཚེ་བདག་ཅག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་ཡང་བཏབ་བོ། ། བཅོམ་ལྡན་འདས་དེས་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་དེ་ བཞིན་གཤེགས་པ་རིན་ཆེན་མཆོག་དེ་ཁྱོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། ། དེ་ནས་བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དེ་དག་ལུང་བསྟན་ནས་དེའི་འོག་ཏུ་ཤིན་ཏུ་ ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། ། དེའི་སྐུ་གདུང་ནི་ལྷ་རྣམས་ཀྱིས་མཆོད་པར་གྱུར་ཏོ། ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གང་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མེད་པ་དེ་ལྟ་བུའི་ ཐུགས་རྗེ་ཆེན་པོ་དང་ལྡན་ནོ། །
BO
རིགས་ཀྱི་བུ་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པ་དེ་ལྟར་གང་དག་སངས་རྒྱས་རྣམས་ལ་ཡོན་འབུལ་བ་དེ་དག་གིས་དགེ་བའི་རྩ་བ་དེ་ཡང་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་རྒྱུན་མི་འཆད་དེ། རྒྱུ་ཆུད་མི་ཟ་བའི་ཕྱིར་རོ། ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་སེམས་ཅན་གང་གཱའི་ཀླུང་གི་བྱེ་མའི་སུམ་ཆ་སྙེད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་གང་གཱའི་ ཀླུང་གི་བྱེ་མའི་ཕྱེད་སྙེད་ཀྱིས་ནི་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མའི་སྙེད་ཀྱིས་ནི་སྙིང་རྗེ་ཆེན་པོ་རྣམ་པ་བཅུ་དྲུག་ཐོབ་པར་གྱུར་ཏོ། ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དབང་བསྐུར་བ་དང་ལྡན་པའི་ཆོས་ཀྱི་བཟོད་པ་ཡང་ཐོབ་ པར་གྱུར་ཏོ། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ།
BO
ལྷ་དང་མིའི་མཆོད་པས་བཅོམ་ལྡན་འདས་ལ་ མཆོད་དོ། ། ། ། བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་དེ་བཞིན་གཤེགས་པའི་ལས་གང་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ལས་ནི་སུམ་ ཅུ་རྩ་གཉིས་པོ་འདི་དག་གོ། ། སུམ་ཅུ་རྩ་གཉིས་གང་ཞེ་ན། རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་ཡེ་ཤེས་བླ་ན་མེད་པས་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏོ། ། རིགས་ཀྱི་བུ་དེ་ལ་གནས་ནི་གང་། གནས་མ་ཡིན་པ་ནི་གང་ཞེ་ན། རིགས་ཀྱི་བུ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་ དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བར་འགྱུར་བ་འདི་ནི་གནས་མེད་དོ། ། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་པ་སྟེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་ དང་།
BO
སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བར་འགྱུར་བ་འདི་ནི་གནས་ཡིན་ནོ། ། རིགས་ཀྱི་བུ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སེར་སྣས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དང་། འཆལ་པའི་ཚུལ་ཁྲིམས་ཀྱིས་ལྷ་དང་མིར་སྐྱེ་བ་དང་། གནོད་སེམས་ ཀྱིས་མཛེས་པར་འགྱུར་བ་དང་། ལེ་ལོས་མངོན་པར་རྟོགས་པ་འཐོབ་པ་དང་། ། སེམས་རྣམ་པར་གཡེངས་པས་ངེས་པར་གྱུར་པ་ལ་འཇུག་པ་དང་། གང་འཆལ་པའི་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ལེགས་པར་འཇོམས་པར་འགྱུར་བ་ནི་གནས་མ་ཡིན་ཞིང་གོ་ སྐབས་མེད་དེ་དེ་ནི་གནས་མ་ཡིན་ནོ། ། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་པ་སྟེ། གང་སྦྱིན་པས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དང་། ཚུལ་ཁྲིམས་ཀྱིས་ལྷ་དང་མིར་སྐྱེ་བ་དང་། བཟོད་པས་མཛེས་པར་འགྱུར་བ་དང་། བརྩོན་འགྲུས་ཀྱིས་མངོན་པར་རྟོགས་པ་ འཐོབ་པ་དང་། བསམ་གཏན་གྱིས་ངེས་པར་གྱུར་པ་ལ་འཇུག་པ་དང་། གང་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་འཇོམས་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་མཚམས་མེད་པ་ བྱེད་པ་སེམས་གནས་པར་འགྱུར་བ་འདི་ནི་གནས་མེད་དོ། །
BO
གང་ཚུལ་ཁྲིམས་རྣམ་པར་དག་པའི་སེམས་གནས་པར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་དམིགས་པ་ཅན་གྱིས་རྗེས་སུ་འཐུན་པའི་བཟོད་པ་འཐོབ་ པར་འགྱུར་བ་དེ་ནི་གནས་མེད་དོ། ། གང་སྟོང་པ་ཉིད་ལ་མོས་པས་བཟོད་པ་འཐོབ་པར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་འགྱོད་པ་ལ་རབ་ཏུ་གནས་པས་སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་འདི་ནི་ གནས་མེད་དོ། ། གང་ཀུན་ནས་ལྡང་བ་མེད་པའི་སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བུད་མེད་ཀྱི་ལུས་དེ་ཉིད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། བརྒྱ་བྱིན་ནམ། ཚངས་པའམ། སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་འདི་ནི་གནས་མེད་དོ། ། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་བུད་མེད་ཀྱི་ལུས་བརྗེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། བརྒྱ་བྱིན་ནམ། ཚངས་པའམ། སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་འདི་ནི་གནས་ ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ།
BO
གང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་མཉམ་པས་རྒྱལ་སྲིད་བྱེད་པ་འདི་ནི་གནས་མེད་དོ། ། གང་མཉམ་པས་བྱེད་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བྱང་གི་སྒྲ་མི་སྙན་གྱི་མི་ ལོག་པར་ལྟུང་བར་འགྲོ་བ་འདི་ནི་གནས་མེད་དོ། ། བདེ་འགྲོར་འགྲོ་བ་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྲོག་གཅོད་པའི་སྐྱེ་དགུ་གང་ཟག་སྲོག་གཅོད་པའི་རྒྱུས་ཚེ་རིང་བར་འགྱུར་བ་ནས། ལོག་པར་ལྟ་བ་དག་ལོག་པར་ལྟ་བ་ཅན་ ལོག་པའི་ལས་ཡང་དག་པར་བླངས་པའི་རྒྱུས་འཕགས་པའི་ལམ་འཐོབ་པར་འགྱུར་བའི་བར་འདི་ནི་གནས་མེད་དོ། ། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་སྲོག་གཅོད་པ་སྤངས་པའི་རྒྱུས་ཚེ་རིང་བར་འགྱུར་བ་ནས། ཡང་དག་པར་ལྟ་བ་འཕགས་པའི་ལམ་འཐོབ་པར་ འགྱུར་བའི་བར་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བརྒྱད་པ་འབྲས་བུ་མ་ཐོབ་པར་ལྡང་བ་འདི་ནི་གནས་མེད་དོ། ། གང་འབྲས་བུ་ཐོབ་ནས་ལྡང་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ།
BO
གང་རྒྱུན་དུ་ ཞུགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་འདི་ནི་གནས་མེད་དོ། ། གང་རེ་ལྟར་ཐོགས་ཀྱང་སྲིད་པ་བདུན་དུ་འགྱུར་བ་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལན་ཅིག་ཕྱིར་འོང་བ་སྲིད་པ་གཉིས་པ་མངོན་པར་འགྲུབ་པ་འདི་ནི་གནས་མེད་དོ། ། གང་ ལན་ཅིག་ཕྱིར་འོང་བ་འཇིག་རྟེན་འདིར་འོངས་ནས་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཕྱིར་མི་འོང་བ་འཇིག་རྟེན་འདིར་འོང་བ་འདི་ནི་གནས་མེད་དོ། ། གང་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་ འདའ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་དགྲ་བཅོམ་པ་ཉིང་མཚམས་སྦྱོར་བར་འགྱུར་བ་འདི་ནི་གནས་མེད་དོ། ། གང་དགྲ་བཅོམ་པ་ཉིང་མཚམས་སྦྱོར་བ་མེད་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་ མ་ཡིན་ཞིང་གོ་སྐབས་མེད་དེ། གང་འཕགས་པའི་གང་ཟག་སྟོན་པ་གཞན་གྱི་ལུང་ནོད་པ་འདི་ནི་གནས་མེད་དོ། ། གང་ལྷ་གཞན་མེད་པ་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ།
BO
གང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ ཕྱིར་ལྡོག་པར་འགྱུར་བ་འདི་ནི་གནས་མེད་དོ། ། གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་མངོན་པར་རྫོགས་པར་སངས་མ་རྒྱས་པར་ལྡང་ བ་འདི་ནི་གནས་མེད་དོ། ། གང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྡང་བ་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་སྣང་བ་འདི་ནི་གནས་མེད་དོ། ། གང་དེ་བཞིན་གཤེགས་པ་བག་ ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་བཅོམ་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། ། གནས་མ་ཡིན་ཏེ། གང་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པར་འགྱུར་བ་འདི་ནི་གནས་མེད་དོ། ། གང་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པ་མེད་པ་འདི་ནི་ གནས་ཡིན་ནོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་དེ་བཞིན་གཤེགས་པའི་སྤྱི་གཙུག་མཐོང་བར་འགྱུར་བ་འདི་ནི་གནས་མེད་དོ། ། གང་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་བ་འདི་ནི་གནས་ཡིན་ནོ། །
BO
གནས་མ་ཡིན་ཞིང་གོ་ སྐབས་མེད་དེ། གང་སངས་རྒྱས་ཀྱི་མཐུ་མ་གཏོགས་པར་དེ་བཞིན་གཤེགས་པའི་སེམས་ཀྱི་རྒྱུ་བ་ཤེས་པ་འདི་ནི་གནས་མེད་དོ། ། གང་མི་ཤེས་པ་འདི་ནི་གནས་ཡིན་ནོ། ། གནས་མ་ཡིན་ཏེ། གང་དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་དམིགས་ པ་འདི་ནི་གནས་མེད་དོ། ། གང་དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་གཞག་པ་འདི་ནི་གནས་ཡིན་ནོ། ། འདི་ནི་གནས་མ་ཡིན་ཏེ། གང་དེ་བཞིན་གཤེགས་པ་ལ་ལོག་པའི་ཚིག་འབྱུང་བ་འདི་ནི་གནས་མ་ཡིན་ནོ། ། གང་བདེན་པའི་ཚིག་འབྱུང་བ་འདི་ནི་གནས་ཡིན་ནོ། ། རིགས་ ཀྱི་བུ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་དམིགས་པ་འདི་ནི་གནས་མེད་དོ། ། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་འདི་ནི་གནས་ཡིན་ནོ། ། རིགས་ཀྱི་བུ་དེ་ལྟར་གང་དེ་བཞིན་ གཤེགས་པའི་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་དེ་ཡི་གེ་རྣམས་ཀྱིས་ཚད་བསྟན་དུ་མེད་དེ་ཡང་དག་པའོ། ། དེ་ཁོ་ནའོ། ། གཞན་མ་ཡིན་པ་ཉིད་དོ། ། དེ་ལ་འདི་སྐད་ཅེས་བྱའོ། ། ས་ཀུན་འགྲུམ་པར་འགྱུར་ཡང་སྲིད། ། ནམ་མཁའ་གཡོ་བར་འགྱུར་སྲིད་ཀྱི། ། སངས་རྒྱས་གནས་མིན་བཤད་པ་ནི། །
BO
གནས་སུ་འགྱུར་བ་མི་སྲིད་དོ། ། སྐྱེས་བུས་ཁ་དོག་ལྔ་ཅན་དུ། ། ནམ་མཁའ་གཟུགས་སུ་བྱེད་ཀྱང་སྲིད། ། སངས་རྒྱས་གནས་མིན་བཤད་པ་ནི། ། གནས་སུ་འགྱུར་བ་མི་སྲིད་དོ། ། ཐ་མ་དང་ནི་འབྲིང་དང་མཆོག ། གང་དག་སངས་ རྒྱས་གནས་བཤད་པ། ། དེ་ཀུན་དེ་བཞིན་བཤད་པ་སྟེ། ། གཞན་དུ་འགྱུར་བ་ཡོད་མ་ཡིན། ། ཐ་མ་དང་ནི་འབྲིང་དང་མཆོག ། གང་དག་གནས་མིན་བཤད་པ་ཡང་། ། དེ་ཀུན་དེ་བཞིན་བཤད་པ་སྟེ། ། གཞན་དུ་འགྱུར་བ་ཡོད་མ་ཡིན། ། གནས་དང་གནས་མིན་རབ་ཤེས་ པ། ། སེམས་ཅན་བསམ་པ་ཇི་བཞིན་དུ། ། དེས་ནི་ཕྱད་པར་ཡང་དག་དང་། ། ཆོས་ཀྱང་སྲོག་ཆགས་རྣམས་ལ་བཤད། ། དགེ་སྦྱོང་དང་ནི་བྲམ་ཟེ་གཞན། ། གང་དུ་ཐམས་ཅད་རྒྱུག་བྱེད་ཅིང་། ། གནས་དང་གནས་མིན་མི་ཤེས་པ། ། སངས་རྒྱས་ལ་ནི་དེ་མེད་དོ། ། གནས་གང་དང་ནི་ལྡན་པས་ན། ། སེམས་ཅན་ཐར་བྱེད་དཔུང་འགྱུར་བ། ། ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱིས། ། དེ་ནི་ཡང་དག་རབ་ཏུ་བཤད། ། སེམས་ཅན་གང་དག་སྣོད་མིན་གང་། ། དེ་ལ་སངས་རྒྱས་བཏང་སྙོམས་མཛད། ། གང་གི་དུས་ན་འགྲོལ་འགྱུར་བ། ། དེ་ ཡི་དུས་ལ་རབ་ཏུ་གཞེས། ། གང་གིས་སེམས་ཅན་ཐར་བྱེད་པ། ། ཁ་ན་མ་ཐོ་མེད་པའི་ལས། །
BO
སངས་རྒྱས་བློ་མཆོག་ལྡན་པ་ཡི། ། འཕྲིན་ལས་དང་པོ་འདི་ཡིན་ནོ། ། གནས་དང་གནས་མིན་བཤད་པ་ནི། ། དཔག་ཏུ་མེད་ཅིང་གྲངས་མེད་དེ། ། དྲང་སྲོང་ཆེན་པོའི་ སྟོབས་འདི་ནི། ། ཕ་རོལ་རྒོལ་བས་ཐུབ་པར་དཀའ། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ལེན་པ་རྣམས་གནས་དང་། རྒྱུ་དང་། དངོས་པོ་དང་། རྣམ་པར་སྨིན་པ་ལ་མཁས་ བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། རིགས་ཀྱི་བུ་འདི་ལ་འདས་པའི་ལས་ལེན་པ་གང་དགེ་བའི་རྒྱུ་ལས་བྱུང་བ། མི་དགེ་བ་དང་བྲལ་བ། གང་མ་འོངས་པའི་དུས་ན་དགེ་བའི་རྒྱུ་ལས་བྱུང་བ་འབྱིན་པ་དེ་དེ་བཞིན་གཤེགས་པས་ རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་མི་དགེ་བའི་རྒྱུ་ལས་བྱུང་བ། ། དགེ་བ་དང་བྲལ་བ་གང་མ་འོངས་པའི་དུས་ན། མི་དགེ་བའི་རྒྱུ་ལས་བྱུང་བ་འབྱིན་པ་དེའང་དེ་བཞིན་གཤེགས་བས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་མ་འོངས་པའི་དུས་ན་དམན་པ་ལ་བརྟེན་པར་འགྱུར་བ་ དེའང་དེ་བཞིན་གཤེགས་པ་ས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །
BO
ལས་ལེན་པ་གང་མ་འོངས་པའི་དུས་ན་ཁྱད་པར་ལ་བརྟེན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་ད་ལྟར་བྱུང་བའི་དུས་ན་དམན་པ་ལ་རྟེན་ལ་མ་འོངས་པའི་དུས་ ན་ཁྱད་པར་བརྟེན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་ད་ལྟར་བྱུང་བའི་དུས་ན་ཁྱད་པར་ལ་རྟེན་ལ་མ་འོངས་པའི་དུས་ན་དམན་པ་ལ་བརྟེན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་ ད་ལྟར་བྱུང་བའི་དུས་ན་ཡང་དམན་པ་ལ་རྟེན་ལ་མ་འོངས་པའི་དུས་ན་ཡང་དམན་པ་ལ་བརྟེན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་ད་ལྟར་བྱུང་བའི་དུས་ན་ཡང་ཁྱད་པར་ལ་རྟེན་ལ་མ་འོངས་པའི་དུས་ན་ཡང་ཁྱད་པར་ལ་བརྟེན་པར་ འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་འདས་པ་ན་སྦྱོར་བར་དམན་ལ་དེ་མ་འོངས་པའི་དུས་ན་རྒྱ་ཆེ་ཞིང་སྦྱོར་བ་རྒྱ་ཆེ་བར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་རྩོམ་པ་ཆུང་ལ་ཁྱད་པར་ཆེན་པོར་འགྱུར་ བ་དང་། ལས་ལེན་པ་གང་རྩོམ་པ་ཆེན་པོར་འགྱུར་ལ་ཁྱད་པར་ཆུང་ངུར་འགྱུར་བ་དང་།
BO
ལས་ལེན་པ་གང་ཉན་ཐོས་ཉིད་ཀྱི་རྒྱུ་འབྱིན་པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་རང་སངས་རྒྱས་ཉིད་ཀྱི་རྒྱུ་འབྱིན་པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་ མཁྱེན་ཏོ། ། ལས་ལེན་པ་གང་སངས་རྒྱས་ཉིད་ཀྱི་རྒྱུ་འབྱིན་པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་ད་ལྟར་བྱུང་བ་ན་སྡུག་བསྔལ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང་། ལས་ལེན་པ་གང་ད་ལྟར་བྱུང་བ་ན་བདེ་བ་ལ་མ་འོངས་པ་ན་ རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་དང་། ལས་ལེན་པ་གང་ད་ལྟར་བྱུང་བ་ན་སྡུག་བསྔལ་ལ་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་དང་། ལས་ལེན་པ་གང་ད་ལྟར་བྱུང་བ་ན་ཡང་བདེ་ལ་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་བདེ་བར་འགྱུར་བ་དེ་ ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། རིགས་ཀྱི་བུ་དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ཀྱི་ལས་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དང་། རྣམ་པར་སྨིན་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པས་དེ་ཁོ་ན་དང་། གཞན་ མ་ཡིན་པ་ལ་རྟེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །
BO
མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་གཉིས་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། དེ་བཞིན་གཤེགས་པ་རྒྱུ་ལ་མཁས་པ་སྟེ། ། ལས་ཀྱི་རྣམ་ སྨིན་ཚུལ་མཁྱེན་སྤྱན་དང་ལྡན། ། དུས་གསུམ་དག་ལ་ཆགས་པ་མི་མངའ་སྟེ། ། སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། ། རྒྱུ་ནི་གང་ཞིག་བདེ་བར་འགྱུར་བ་སྟེ། ། ལྷ་དང་མི་ཡི་རྣམ་པར་སྨིན་ལྡན་དང་། ། གང་ཡང་སྡུག་བསྔལ་དག་ཏུ་འགྱུར་བྱེད་པ། ། དེ་ནི་བདེ་བར་གཤེགས་པས་ རབ་ཏུ་མཁྱེན། ། དགེ་བ་དང་ནི་མི་དགེའི་ལས་རྣམས་ཀྱི། ། རྒྱུ་དང་རྣམ་པར་སྨིན་པ་ཅིར་འགྱུར་བ། ། དེ་ནི་བདེ་བར་གཤེགས་པས་རབ་མཁྱེན་ཏེ། ། ནོར་བུ་རིན་ཆེན་ཕྱག་ཏུ་བཞག་པ་བཞིན། ། ལས་གང་ཆུང་ངུའི་རྒྱུ་ལས་བྱུང་གྱུར་ལ། ། ཚད་མེད་རྒྱུད་ཀྱང་འབྱིན་པར་འགྱུར་བ་དང་། ། གང་ཡང་རྒྱ་ཆེ་བ་དང་ཆུང་ངུ་ཡང་། ། དེ་ནི་ཇི་ལྟ་བཞིན་དུ་སངས་རྒྱས་མཁྱེན། ། གང་ཡང་ཉན་ཐོས་ཀྱི་ནི་རྒྱུ་འབྱིན་དང་། ། རྐྱེན་གྱི་ཐེག་པ་དེ་བཞིན་འབྱིན་པ་དང་། ། གང་ཡང་རྒྱལ་བའི་རྒྱུ་ནི་འབྱིན་འགྱུར་བ། ། དེ་ཀུན་བདེ་བར་གཤེགས་པས་རབ་ཏུ་མཁྱེན། །
BO
རྒྱུ་ནི་གང་ཞིག་སྡུག་ བསྔལ་འགྱུར་བྱེད་ལ། ། དེ་ཡང་བདེ་བ་དག་ཏུ་འགྱུར་བ་དང་། ། རྒྱུ་ནི་གང་ཞིག་བདེ་བར་འགྱུར་བྱེད་ལ། ། དེ་ཡང་སྡུག་བསྔལ་དག་ཏུ་འགྱུར་བ་དང་། ། རྒྱུ་ནི་བདེ་ལ་སྡུག་བསྔལ་གནས་པ་དང་། ། རྒྱུ་ཡང་བདེ་ལ་བདེ་བར་གནས་པ་དང་། ། ལས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་ནི། ། རྒྱུ་དང་འཐུན་པར་བདེ་གཤེགས་རབ་ཏུ་མཁྱེན། ། དུས་གསུམ་དག་ཏུ་སེམས་ཅན་ཐམས་ཅད་ཀྱི། ། རྒྱུ་གང་ལས་འཇུག་བྱེད་དང་ལས་ཀྱང་ནི། ། གཞན་མ་ཡིན་པར་སངས་རྒྱས་ཡེ་ཤེས་ཀྱིས། ། དེ་བཞིན་རྒྱལ་བས་ཕྱད་པར་རབ་ཏུ་མཁྱེན། ། རིགས་ཀྱི་བུ་གཞན་ཡང་དེ་ བཞིན་གཤེགས་པས་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་མོས་པ་དུ་མ་དང་། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་ དུ་མ་དང་། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། གང་ཟག་གང་འདོད་ཆགས་ལ་གནས་ཤིང་ཞེ་སྡང་ལ་མོས་པ་དང་། གང་ཟག་གང་ཞེ་སྡང་ལ་གནས་ཤིང་འདོད་ཆགས་ལ་མོས་པ་དང་། གང་ཟག་གང་གཏི་མུག་ལ་ གནས་ཤིང་འདོད་ཆགས་དང་། ཞེ་སྡང་དང་།
BO
གཏི་མུག་ལ་མོས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། གང་ཟག་གང་དགེ་བ་ལ་གནས་ཤིང་དགེ་བ་ལ་མོས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། གང་ཟག་གང་དག་སྦྱོར་བ་དམན་ཞིང་བསམ་པ་ རྒྱ་ཆེན་པོ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། གང་ཟག་གང་དག་སྦྱོར་བ་རྒྱ་ཆེ་ཞིང་བསམ་པ་དམན་པ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། མོས་པ་གང་གིས་སྦྱོར་བ་དམན་ཞིང་ཁྱད་པར་ལ་གནས་པར་འགྱུར་བ་དང་། མོས་པ་གང་གིས་སྦྱོར་བ་ཁྱད་པར་དུ་འཕགས་ཤིང་དམན་པ་ལ་གནས་པར་འགྱུར་བ་དང་། མོས་པ་གང་གིས་ལོག་པ་ཉིད་དུ་ངེས་ལ་ངེས་པའི་ཁམས་ཐོབ་པར་འགྱུར་བ་དང་། མོས་པ་གང་གིས་མ་ངེས་ལ་ཡང་དག་པ་ཉིད་དུ་ངེས་པའི་ཁམས་ཐོབ་པར་འགྱུར་བ་དང་། མོས་པ་ གང་གིས་ཡང་དག་པ་ཉིད་དུ་ངེས་ལ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། མོས་པ་གང་གིས་འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། མོས་པ་གང་གིས་གཟུགས་ཀྱི་ཁམས་ ལས་ཡང་དག་པར་འདའ་བར་འགྱུར་བ་དང་།
BO
མོས་པ་གང་གིས་ཁམས་གསུམ་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། མོས་པ་གང་གིས་དམན་པ་ལ་སྟེན་ཅིང་ཁྱད་པར་གནོན་པར་འགྱུར་བ་དང་། མོས་པ་གང་གིས་ཁྱད་ པར་དུ་གྱུར་ནས་ཀྱང་དམན་པ་ལ་གནས་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། མོས་པ་གང་གིས་སྐྱེ་བ་ཐ་དད་པ་དང་། ཁ་དོག་ཐ་དད་པ་དང་། ཡོངས་སུ་ལོངས་སྤྱོད་པ་ཐ་དད་པ་ཡོངས་སུ་འཛིན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ ཏུ་མཁྱེན་ཏོ། ། མོས་པ་གང་གིས་རྩེ་མོ་ལས་ཉམས་པར་འགྱུར་བ་དང་། མོས་པ་གང་གིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་ པའི་འཕྲིན་ལས་གསུམ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། འཇིག་རྟེན་མོས་པ་སྣ་ཚོགས་མོས་པ་དུ་མར་བློ་གྲོས་ཚད་མེད་པ། ། དེ་ཡི་མོས་པ་དེ་བཞིན་གཤེགས་པས་ལྷག་མ་མ་ལུས་མཁྱེན་པར་གྱུར། ། འདི་ན་གང་གི་མོས་པ་ཞེ་སྡང་རྒྱུས་བྱུང་འདོད་ཆགས་གནས་པ་ དང་། ། ཞེ་སྡང་གནས་ཤིང་གཏི་མུག་མོས་པ་སངས་རྒྱས་ཀྱིས་ནི་རབ་ཏུ་མཁྱེན། །
BO
གཏི་མུག་གནས་པའི་སེམས་ནི་དགེ་དང་འདོད་ཆགས་ལ་ཡང་འཇུག་པ་དང་། ། དེའི་འོག་གང་འཇུག་པ་དང་སེམས་ཅན་སྦྱོར་བ་དམན་ལ་རྒྱ་ཆེན་མོས། ། བསམ་པ་རྒྱ་ཆེ་བ་དང་གང་དག་སྦྱོར་ བ་རྒྱ་ཆེན་ཡོད་ཀྱང་ནི། ། མོས་པ་དམན་པར་གྱུར་པ་དེ་ཡང་བདེ་བར་གཤེགས་པས་རབ་ཏུ་མཁྱེན། ། མོས་པ་གང་གིས་སེམས་ཅན་སྦྱོར་བ་དམན་ལ་རྒྱ་ཆེར་འགྱུར་བ་དང་། ། སེམས་ཅན་བློ་གྲོས་རྒྱ་ཆེན་འགྱུར་ལ་དམན་པར་འགྱུར་བ་དེ་ཡང་མཁྱེན། ། ལོག་པ་ཉིད་དུ་གང་ངེས་པ་ ཡང་ཡང་དག་ཉིད་དུ་ངེས་འགྱུར་དང་། ། ཁམས་གསུམ་པ་ལས་རྣམ་པར་གྲོལ་བའི་མོས་པའང་སངས་རྒྱས་རབ་ཏུ་མཁྱེན། ། དུས་གསུམ་ཐམས་ཅད་དག་གི་སེམས་ཅན་ཀུན་གྱི་སྐྱེ་དང་ཁ་དོག་དང་། ། དེ་བཞིན་ལོངས་སྤྱོད་ཐ་དད་པ་དང་རྩེ་མོ་ལས་ནི་ཉམས་འགྱུར་དང་། ། གང་ཡང་ རྣམ་པར་གྲོལ་བར་འགྱུར་བའི་མོས་པ་རྒྱལ་བས་ཐམས་ཅད་མཁྱེན། ། མཁྱེན་ནས་ཆོས་སྟོན་མཛད་པ་འདི་ཡང་བདེ་གཤེགས་འཕྲིན་ལས་ཡིན་ཞེས་གསུངས། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ཁམས་དུ་མ་དང་། ཁམས་སྣ་ཚོགས་ཅན་གྱི་འཇིག་རྟེན་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན།
BO
ཁམས་གང་གིས་འཇིག་རྟེན་བསོད་ནམས་ཀྱི་འདུ་བྱེད་སོགས་པའི་ཁམས་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ཁམས་གང་གིས་བསོད་ནམས་མ་ཡིན་པའི་ འདུ་བྱེད་སོགས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ཁམས་གང་གིས་མི་གཡོ་བའི་འདུ་བྱེད་སོགས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ཁམས་གང་གིས་འབྱུང་བའི་ཁམས་སུའང་འཇོག་པར་འགྱུར་བ་དེ་ཡང་དེ་བཞིན་ གཤེགས་པས་རབ་ཏུ་མཁྱེན་ཏོ། ། གཞན་ཡང་དེ་བཞིན་གཤེགས་པས་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ ཉིད་དུ་རབ་ཏུ་མཁྱེན་ཏོ། ། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། ། སྣའི་ཁམས་དང་། དྲིའི་ཁམས་ དང་། སྣའི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་།
BO
ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། ། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། ། ཇི་ ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། ། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་ སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། ། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ ཏོ། ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནམ་མཁའི་ཁམས་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ ཁམས་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ཀུན་ཏུ་རྟོག་པ་ལས་བྱུང་བར་རབ་ཏུ་མཁྱེན་ཏོ། །
BO
འདུས་བྱས་ཀྱི་ཁམས་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། ། འདུས་མ་བྱས་ཀྱི་ཁམས་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། ། ཀུན་ནས་ཉོན་མོངས་པའི་ཁམས་ནི་གློ་བུར་གྱི་ཉོན་མོངས་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། ། རྣམ་པར་བྱང་བའི་ཁམས་ནི་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། ། འཁོར་བའི་ཁམས་ནི་ཚུལ་བཞིན་མ་ཡིན་པ་མ་རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། ། མྱ་ངན་ལས་འདས་པའི་དབྱིངས་ནི་ཚུལ་བཞིན་རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། ། དེ་ལྟར་ན་འཇིག་རྟེན་གནས་པའི་ཁམས་གང་ཡིན་པ་དང་། རབ་ཏུ་གནས་པའི་ཁམས་གང་ཡིན་པ་དང་། རྗེས་སུ་ཁྲིད་པའི་ཁམས་གང་ཡིན་པ་དང་། ཐོགས་པའི་ཁམས་གང་ཡིན་པ་ དང་། སྦྱོར་བའི་ཁམས་གང་ཡིན་པ་དང་། བསམ་པའི་ཁམས་གང་ཡིན་པ་དང་། ངེས་པར་སེམས་པའི་ཁམས་གང་ཡིན་པ་དང་། རྟེན་པའི་ཁམས་གང་ཡིན་པ་དེ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏེ། འདི་ནི་ དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཞི་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། །
BO
མི་ཡི་སེང་གེ་ཁམས་རྣམས་ཀུན་གྱི་ཚུལ་ལ་མཁས། ། གང་དུ་གང་གི་ཁམས་ནི་ཅི་འདྲ་འཇུག་པ་དང་། ། ཁམས་གང་དགེ་བ་རྒྱ་ཆེན་ཀུན་དུ་འབྱུང་བྱེད་པ། ། དེ་ ཀུན་བདེ་བར་གཤེགས་པས་མ་ལུས་རབ་མཁྱེན་ཏོ། ། བསོད་ནམས་བསོད་ནམས་མིན་དང་མི་གཡོ་རྒྱུས་བྱུང་མྱོང་། ། གང་གིས་འབྱུང་བ་ཐོབ་པར་འགྱུར་བ་ཞི་བའི་ཁམས། ། ཁམས་གང་གནས་ནས་ཁམས་ལས་རྣམ་པར་གྲོལ་འགྱུར་བ། ། ཁམས་དེ་ཤེས་རབ་ཆེན་པོ་ བདེ་བར་གཤེགས་པས་མཁྱེན། ། མིག་གི་ཁམས་དང་དེ་བཞིན་གཟུགས་དང་ཡིད་ཀྱི་ཁམས། ། རང་བཞིན་སྟོང་པར་རྒྱལ་བས་སྤྱོད་པའི་བདག་ཉིད་མཁྱེན། ། དེ་བཞིན་རྣ་བ་སྣ་དང་ལྕེ་དང་དེ་བཞིན་ལུས། ། ཡིད་དང་ཆོས་ཀྱི་ཁམས་ཀྱང་རྟག་ཏུ་སྟོང་པར་མཁྱེན། ། ཆུ་དང་མེ་ དང་ས་དང་རླུང་གི་ཁམས་འདི་དག ། ནམ་མཁའ་མཉམ་པར་མི་ཡི་སེང་གེས་རབ་ཏུ་མཁྱེན། ། འདོད་པ་དང་ནི་གཟུགས་དང་གཟུགས་མེད་ཁམས་འདི་དག ། ཡོངས་སུ་རྟོག་ལས་ཡང་དག་བྱུང་བར་མ་ལུས་མཁྱེན། ། ཉོན་མོངས་ཁམས་ནི་རྒྱལ་བས་ རང་བཞིན་མེད་པར་མཁྱེན། ། རྣམ་བྱང་རང་བཞིན་འདྲ་བར་བདེ་བར་གཤེགས་པས་མཁྱེན། ། མི་མཁས་དག་གིས་འཁོར་བ་རྟག་ཏུ་འདུས་བྱས་དང་། ། མྱ་ངན་འདས་པ་གང་ལ་མཚན་ཉིད་གསུམ་མེད་དང་། །
BO
ཁམས་གང་མི་དགེ་བས་ནི་འཇུག་པའི་མཚན་ཉིད་ དང་། ། གང་ཡང་དགེ་བས་འཇུག་པ་ཐམས་ཅད་གཅོད་པ་དང་། ། སྣ་ཚོགས་ཁམས་དང་དུ་མའི་ཁམས་ཅན་འཇིག་རྟེན་འདི། ། སངས་རྒྱས་མཁྱེན་ཀྱང་ངས་མཁྱེན་སྙམ་དུ་རློམ་སེམས་མེད། ། ནམ་མཁའ་ཇི་ལྟ་བཞིན་དུ་མཐའ་ཡས་ཕྱོགས་རྣམས་ཀྱི། ། ཁམས་ རྣམས་དེ་བཞིན་མི་ཡི་སེང་གེས་རབ་ཏུ་མཁྱེན། ། རྒྱལ་བའི་ཡེ་ཤེས་དམ་པ་དེ་ནི་ཐུག་པ་མེད། ། དེ་ཡི་མཐའ་ནི་འགྲོ་བ་རྣམས་ཀྱིས་ཤེས་མི་ནུས། ། འདི་ནི་སྐྱོབ་པ་རྡུལ་མེད་རྣམས་ཀྱི་འཕྲིན་ལས་བཞི། ། དེ་ཡིས་སེམས་ཅན་འདུལ་བའི་ཁམས་རྣམས་ཆོ་ག་མཁྱེན། ། གང་དག་ལས་ལེགས་བྱས་པས་དུལ་གྱུར་དེ་དག་ལ། ། འཁྲུལ་པ་བརྒྱ་ལམ་ན་ཡང་ནམ་ཡང་མི་འབྱུང་ངོ་། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་ལྟར་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན།
BO
རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་དབང་པོ་རྟུལ་པོ་ རྣམས་ཀྱང་སེམས་ཅན་དབང་པོ་རྟུལ་པོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། དེ་བཞིན་དུ་དབང་པོ་འབྲིང་ཡང་རབ་ཏུ་མཁྱེན་ཏོ། ། དབང་པོ་རྣོ་བ་ཡང་རབ་ཏུ་མཁྱེན་ཏོ། ། དབང་པོ་ཁྱད་པར་དུ་འཕགས་པ་ཡང་རབ་ཏུ་མཁྱེན་ཏོ། ། དབང་པོ་དམན་པ་ཡང་རབ་ཏུ་ མཁྱེན་ཏོ། ། ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་མཐར་ཕྱིན་པའི་འདོད་ཆགས་སྐྱེ་བ་དང་། མཐར་ཕྱིན་པའི་ཞེ་སྡང་སྐྱེ་བ་དང་། མཐར་ཕྱིན་པའི་གཏི་མུག་སྐྱེ་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་འདོད་ཆགས་དང་། ཞེ་ སྡང་དང་། གཏི་མུག་བཅོས་མ་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་སྣྲེལ་ཞིའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ཡོངས་སུ་རྟོག་པའི་དབང་པོ་ ཇི་ལྟ་བུས་ཚར་བཅད་ཅིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །
BO
ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་དབང་པོ་གང་དག་དགེ་བའི་རྒྱུ་ལས་བྱུང་བ་དང་། དབང་པོ་གང་དག་མི་དགེ་བའི་རྒྱུ་ལས་བྱུང་བ་དང་། དབང་པོ་གང་དག་མི་གཡོ་བའི་རྒྱུ་ལས་བྱུང་བ་དང་། དབང་པོ་གང་དག་འབྱུང་བའི་རྒྱུ་ལས་བྱུང་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་མིག་གི་དབང་པོ་རབ་ཏུ་མཁྱེན་ཏོ། ། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། ཕོའི་དབང་པོ་དང་། མོའི་དབང་པོ་དང་། སྲོག་གི་དབང་པོ་དང་། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་ དང་། བཏང་སྙོམས་ཀྱི་དབང་པོ་རབ་ཏུ་མཁྱེན་ཏོ། ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་རབ་ཏུ་མཁྱེན་ཏོ། ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་ པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་རབ་ཏུ་མཁྱེན་ཏེ། །
BO
དབང་པོ་གང་མིག་གི་དབང་པོའི་རྒྱུ་ལས་བྱུང་ལ་རྣ་བའི་དབང་པོ་ལ་གནས་པར་གྱུར་ཏེ། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་ལ་མ་ཡིན་པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། དབང་པོ་གང་ རྣ་བའི་དབང་པོའི་རྒྱུ་ལས་བྱུང་ལ་སྣའི་དབང་པོ་ལ་གནས་པར་འགྱུར་བ་དང་། དབང་པོ་གང་སྣའི་དབང་པོའི་རྒྱུ་ལས་བྱུང་ལ་ལྕེའི་དབང་པོ་ལ་གནས་པར་འགྱུར་བ་དང་། དབང་པོ་གང་ལྕེའི་དབང་པོའི་རྒྱུ་ལས་བྱུང་ལ་ལུས་ཀྱི་དབང་པོ་ལ་གནས་པར་འགྱུར་བ་དང་། དབང་པོ་གང་ལུས་ཀྱི་དབང་པོའི་རྒྱུ་ལས་བྱུང་ལ་མིག་གི་དབང་པོ་ལ་གནས་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། སེམས་ཅན་གང་སྦྱིན་པའི་དབང་པོ་ཅན་ཡིན་ལ་དེ་ཡང་ཚུལ་ཁྲིམས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་ མཆོག་མ་ཡིན་པ་མཁྱེན་པས་སྦྱིན་པའི་གཏམ་སྟོན་ཏོ། ། སེམས་ཅན་གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ཡིན་ལ་དེ་ཡང་སྦྱིན་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཚུལ་ཁྲིམས་ཀྱི་གཏམ་སྟོན་ཏོ། །
BO
སེམས་ཅན་གང་བཟོད་ པའི་དབང་པོ་ཅན་ཡིན་ལ་དེའང་བརྩོན་འགྲུས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བཟོད་པའི་གཏམ་སྟོན་ཏོ། ། སེམས་ཅན་གང་བརྩོན་འགྲུས་ཀྱི་དབང་པོ་ཅན་ཡིན་ལ་དེའང་བཟོད་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་ དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བརྩོན་འགྲུས་ཀྱི་གཏམ་སྟོན་ཏོ། ། སེམས་ཅན་གང་བསམ་གཏན་གྱི་དབང་པོ་ཅན་ཡིན་ལ་དེའང་ཤེས་རབ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བསམ་གཏན་གྱི་གཏམ་སྟོན་ཏོ། ། སེམས་ཅན་གང་ཤེས་རབ་ཀྱི་དབང་པོ་ཅན་ཡིན་ལ་དེའང་བསམ་གཏན་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཤེས་རབ་ཀྱི་གཏམ་སྟོན་ཏོ། ། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཡང་རྒྱས་པར་ཁོང་དུ་ཆུད་པར་ བྱའོ། ། སེམས་ཅན་གང་ཉན་ཐོས་ཀྱི་ཐེག་པའི་དབང་པོ་ཅན་ཡིན་ལ་དེའང་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཉན་ཐོས་ཀྱི་ཐེག་པའི་གཏམ་སྟོན་ཏོ། །
BO
སེམས་ཅན་གང་རང་སངས་རྒྱས་ཀྱི་ཐེག་ པའི་དབང་པོ་ཅན་ཡིན་ལ་དེའང་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་སྟོན་ཏོ། ། སེམས་ཅན་གང་ཐེག་པ་ཆེན་པོའི་དབང་པོ་ཅན་ཡིན་ལ་དེའང་ཉན་ཐོས་དང་རང་སངས་རྒྱས་ ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཐེག་པ་ཆེན་པོའི་གཏམ་སྟོན་ཏོ། ། སེམས་ཅན་གང་ཐ་མའི་དབང་པོ་ཅན་ཡིན་ལ་དེའང་ཐེག་པ་ཆེན་པོ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་ མཁྱེན་པས་ཐ་མའི་གཏམ་སྟོན་ཏོ། ། སེམས་ཅན་སྐལ་བ་མེད་པའི་དབང་པོ་ཅན་སྐལ་བ་མེད་པར་སྣང་བ་དེ་དག་དེ་བཞིན་གཤེགས་པས་སྣོད་མ་ཡིན་པར་རིག་ནས་བཏང་སྙོམས་སུ་འཇོག་གོ། ། སེམས་ཅན་སྐལ་བ་ཡོད་པའི་དབང་པོ་ཅན་སྐལ་བ་ཡོད་པར་སྣང་བ་དག་ལ་དེ་བཞིན་ གཤེགས་པས་སྐལ་བ་ཡོད་པར་རིག་ནས་རི་མོར་བྱས་ཤིང་ཆོས་སྟོན་ཏེ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱང་རབ་ཏུ་མཁྱེན། དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱང་རབ་ཏུ་མཁྱེན།
BO
འབྱུང་བ་མ་ཡིན་པའི་ དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན། འབྱུང་བ་དང་བཅས་པའི་དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་ཏེ། སེམས་ཅན་གྱི་དབང་པོའི་རྣམ་པ་གང་ཡིན་པ་དང་། སྦྱོར་བ་གང་ཡིན་པ་དང་། བསམ་པ་གང་ཡིན་པ་དང་། གང་གི་རྒྱུ་ལས་བྱུང་བ་དང་། རྐྱེན་གང་ཡིན་པ་དང་། དམིགས་ པ་གང་ཡིན་པ་དང་། རྒྱུ་འཐུན་པ་གང་ཡིན་པ་དང་། སེམས་ཅན་གྱི་དབང་པོའི་མཐའ་གང་ཡིན་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ལྔ་པའོ། ། དེ་ལ་ འདི་སྐད་ཅེས་བྱའོ། ། གང་ཞིག་དབང་པོ་ཤེས་པའི་ཕ་རོལ་སོན་པ་སེམས་ཅན་བསམ་པ་རྣམས་ལ་མཁས། ། གང་གི་དབང་པོའི་སྤྱོད་པ་ཅི་འདྲར་གྱུར་པ་ཐམས་ཅད་རྒྱལ་བས་རབ་ཏུ་མཁྱེན། ། རྒྱལ་བ་དབང་པོ་ཁྱད་པར་ཅན་དང་འབྲིང་དང་ཐ་མའི་ཆོ་ག་མཁྱེན་གྱུར་ཏེ། ། གང་ གིས་འགྲོ་བ་གྲོལ་བྱེད་མཚུངས་པ་མེད་པའི་ལས་འདི་ཁྱད་པར་འཕགས་པ་ཡིན། ། གང་གིས་མཐར་ཕྱིན་པ་ཡི་ཉོན་མོངས་གྱུར་དང་གང་གིས་བཅོས་པར་གྱུར་པ་དང་། ། དབང་པོ་གང་གིས་གསོག་ཏུ་གྱུར་པ་དང་ནི་གང་གིས་སྣྲེལ་ཞིར་གྱུར་པ་དང་། །
BO
ཉོན་མོངས་ པ་དག་ཚར་གཅོད་འགྱུར་དང་དགེ་བའི་དབང་པོ་དང་ནི་མི་གཡོ་དང་། ། དེ་བཞིན་མི་དགེ་བ་དང་གཞན་ཡང་གྲོལ་བར་འགྱུར་བ་དག་ཀྱང་རབ་ཏུ་མཁྱེན། ། གང་གིས་མིག་དང་ཡིད་དང་ཕོ་མོ་སྲོག་གི་དབང་པོ་དང་ནི་བདེ་བ་དང་། ། སྡུག་བསྔལ་དང་ནི་ཡིད་བདེ་བ་དང་གང་གིས་ཡིད་མི་ བདེ་བར་འགྱུར་བ་དང་། ། གང་གིས་བཏང་སྙོམས་དད་དང་བརྩོན་འགྲུས་དྲན་དང་ཤེས་རབ་དེ་བཞིན་རྩེ་གཅིག་འགྱུར། ། ཀུན་ཤེས་བྱེད་དང་ཀུན་ཤེས་དབང་པོའི་ཆོ་ག་དང་ནི་གྲོལ་བའི་དབང་པོ་གང་ཡིན་མཁྱེན། ། མིག་གི་རྒྱུ་ལས་བྱུང་ལ་རྣ་བར་གནས་པར་བྱེད་ཀྱི་སྣ་དང་ལྕེ་ལ་མིན། ། ལུས་ཀྱི་བར་གྱི་རྒྱུ་ལས་བྱུང་བར་གྱུར་ལ་དེ་ཡང་མིག་ལ་གནས་པ་དང་། ། སྦྱིན་པའི་དབང་པོ་ཡིན་ལ་ཚུལ་ཁྲིམས་སྣང་བའི་མི་དེ་ལ་ནི་སྦྱིན་པའི་གཏམ། ། ཚུལ་ཁྲིམས་དབང་པོ་ཡིན་ལ་སྦྱིན་པའི་སྣང་བའི་མི་དེ་ལ་ནི་ཚུལ་ཁྲིམས་གཏམ། ། བཟོད་པའི་དབང་པོ་ཡིན་ལ་བརྩོན་འགྲུས་ སྣང་བའི་མི་ལ་བཟོད་པའི་གཏམ་སྟོན་ཏོ། ། བརྩོན་འགྲུས་དབང་པོ་ཡིན་ལ་བཟོད་པར་སྣང་བའི་མི་དེ་ལ་ནི་བརྩོན་འགྲུས་གཏམ། ། བསམ་གཏན་དབང་པོ་ཡིན་ལ་ཤེས་རབ་སྣང་བའི་མི་དེ་ལ་ནི་བསམ་གཏན་གཏམ་སྟོན་ཏོ། །
BO
ཤེས་རབ་དབང་པོ་ཡིན་ལ་བསམ་གཏན་སྣང་བའི་ མི་དེ་ལ་ནི་ཤེས་རབ་གཏམ་སྟོན་ཏོ། ། གང་དག་ཉན་ཐོས་ཐེག་པའི་དབང་པོ་ཡིན་ལ་རང་རྒྱལ་སྦྱོར་བར་བྱེད་པའི་མི། ། དེ་དག་ལ་ནི་ཉན་ཐོས་གཏམ་སྟོན་བྱེད་ཀྱི་རང་རྒྱལ་གཏམ་ནི་སྤོང་བར་བྱེད། ། གང་གི་དབང་པོ་རྐྱེན་གྱི་ཐེག་པར་ངེས་ལ་སྒྲ་ལ་སྦྱོར་བྱེད་གནས་བྱེད་པ། ། དེ་དག་ ལ་ནི་རྐྱེན་གྱི་ཐེག་པ་བསྟན་པའི་ཆོ་ག་དག་དབང་རབ་ཏུ་སྟོན། ། གང་དག་དབང་པོ་ཐེག་པ་ཆེན་པོར་ངེས་ལ་སྦྱོར་བ་དམན་པའི་མི་རྣམས་གང་ཡིན་པ། ། དེ་དག་ལ་ནི་ཐུགས་རྗེ་ཆེ་ལ་གནས་པའི་རྒྱལ་བའི་ཕ་རོལ་ཕྱིན་གཏམ་སྟོན། ། སྐལ་བ་ཡོད་མེད་མཁྱེན་ནས་རྒྱལ་བ་གསུང་ཞིང་ ཁ་ཅིག་ལ་ནི་བཏང་སྙོམས་འཇོག ། དབང་པོ་ཡོངས་སུ་སྨིན་དང་གང་ཡང་དབང་པོ་ཡོངས་མ་སྨིན་པ་སྟོབས་བཅུས་མཁྱེན། ། མི་ཡི་དབང་པོའི་སྤྱོད་པའི་རྣམ་པ་གང་དང་གང་གི་སྦྱོར་བ་ཇི་ལྟ་དང་། ། བསམ་པ་ཇི་ལྟ་བ་དང་རྐྱེན་གང་ཡིན་དང་ཇི་ལྟར་རྒྱུ་གང་ཡིན་པའང་མཁྱེན། ། དམིགས་པ་ཇི་ལྟ་བ་དང་མཐར་ཐུག་ཇི་འདྲར་གྱུར་དང་རྒྱུ་འཐུན་དེ་བཞིན་དུ། ། རང་བྱུང་ཡེ་ཤེས་ཀྱིས་མཁྱེན་སྟོན་པའི་འཕྲིན་ལས་འདི་ན་ནོར་བ་ཡོད་མ་ཡིན། །
BO
རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། ། མ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། ། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། ། ངེས་པ་དང་བཅས་པའི་སེམས་ཅན་ གྱི་ཁམས་ཀྱང་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། སེམས་ཅན་གང་དག་རྒྱུའི་སྟོབས་ཅན། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ། ཟུར་ཙམ་གྱིས་གོ་བ། དབང་པོ་རྣོ་བའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་། མ་བསྟན་ཀྱང་རུང་སྟེ་རྣམ་པར་གྲོལ་བའི་ སྐལ་བ་ཡོད་པ་དེ་དག་དེ་བཞིན་གཤེགས་པས་སྔོན་གྱི་རྒྱུའི་སྟོབས་མཁྱེན་ནས་ཅི་ནས་དེ་དག་མྱུར་དུ་རྣམ་པར་གྲོལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། ། མ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏེ།
BO
གང་དག་རྐྱེན་གྱི་སྟོབས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཚན་ ཉིད་ཀྱི་སེམས་ཅན་དེ་དག་གལ་ཏེ་འཐུན་པར་འདོམས་ཤིང་རྗེས་སུ་སྟོན་པ་དང་ཕྲད་ན་རྣམ་པར་གྲོལ་བར་འགྱུར་གྱི་མ་ཕྲད་ན་རྣམ་པར་གྲོལ་བར་མི་འགྱུར་བ་དེ་དག་ལ་ཡང་དེ་བཞིན་གཤེགས་པ་དེ་ལྟ་དེ་ལྟར་རྒྱུ་དང་རྐྱེན་དང་ལྡན་པའི་གཏམ་ཡང་དག་པར་གསུང་སྟེ། འདི་ལྟར་དེ་ བཞིན་གཤེགས་པ་ལས་དེ་ལྟ་བུའི་ཆོས་ཐོས་ནས་ཚུལ་བཞིན་རབ་ཏུ་སྦྱོར་བས་འབྲས་བུ་ཐོབ་པར་འགྱུར་བ་དེ་དག་གི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་ངོ་། ། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་དུ་རབ་ཏུ་མཁྱེན་ཏེ། ཡོངས་སུ་སྦྱོང་བ་མ་བྱས་ པ། ཁོ་རེ་ཆུང་བ་བླུན་པ། སྣོད་དུ་མ་གྱུར་པའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་། ། མ་བསྟན་ཀྱང་རུང་སྟེ་སེམས་ཅན་དེ་དག་རྣམ་པར་དགྲོལ་བའི་སྐལ་བ་མེད་པས། དེ་དག་དེ་བཞིན་གཤེགས་པས་སྣོད་མ་ཡིན་ པར་རིག་ནས་བཏང་སྙོམས་སུ་འཇོག་སྟེ། དེ་དག་གི་ཆེད་དུ་བྱང་ཆུབ་སེམས་དཔའ་རྣམས་གོ་ཆ་གྱོན་ཏོ། ། རིགས་ཀྱི་བུ། གཞན་ཡང་དེ་བཞིན་གཤེགས་པས་འདོད་ཆགས་ཀྱི་ལམ་རྣམ་པ་གསུམ་རབ་ཏུ་མཁྱེན་ཏེ། རྣམ་པ་གསུམ་གང་ཞེ་ན།
BO
འདོད་ཆགས་ཀྱི་ལམ་ སྡུག་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། ། འདོད་ཆགས་ཀྱི་ལམ་རྗེས་སུ་ཆགས་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། འདོད་ཆགས་ཀྱི་ལམ་སྔོན་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དོ། ། ཞེ་སྡང་གི་ལམ་རྣམ་པར་གསུམ་ཡང་རབ་ཏུ་མཁྱེན་ཏེ། ཞེ་སྡང་གི་ལམ་ཁོང་ཁྲོ་བའི་རྒྱུ་ལས་སྐྱེ་བ་ཡང་ ཡོད། ཞེ་སྡང་གི་ལམ་བསམ་པ་ཡོངས་སུ་མ་རྫོགས་པ་ལས་སྐྱེ་བ་ཡང་ཡོད། ཞེ་སྡང་གི་ལམ་སྔོན་གྱི་བག་ལ་ཉལ་ལས་སྐྱེ་བ་ཡང་ཡོད་དོ། ། གཏི་མུག་གི་ལམ་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏེ། གཏི་མུག་གི་ལམ་མ་རིག་པའི་རྒྱུ་ལས་སྐྱེ་བ་ཡང་ཡོད། གཏི་མུག་གི་ ལམ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་སྐྱེ་བ་ཡང་ཡོད། གཏི་མུག་གི་ལམ་ཐེ་ཚོམ་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། རིགས་ཀྱི་བུ་གཞན་ཡང་དབང་པོ་རྣོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཡང་དེ་ བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། དབང་པོ་རྟུལ་བའི་ཕྱིར་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། ། དབང་པོ་རྣོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །
BO
དབང་པོ་རྟུལ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་ དཀའ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། ། དམིགས་པ་བོར་བའི་ཕྱིར་མངོན་པར་ཤེས་པ་བུལ་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། ། ལམ་གྱི་རྒྱུན་མ་བཅད་པའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། ། ཡོངས་སུ་ཐུག་པ་མེད་པར་དབུགས་ འབྱིན་པའི་ཕྱིར་མངོན་པར་ཤེས་པ་བུལ་ལ་མྱུར་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། ། དེ་ལ་མ་ཆགས་པའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། ། སོ་སོར་རྟོག་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་ཀྱི་སྒོམ་པའི་སྟོབས་ལ་མ་ཡིན་པའི་ལམ་ཡང་ ཡོད་དེ། དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། སྒོམ་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་ཀྱི། སོ་སོར་རྟོག་པའི་སྟོབས་ལ་མ་ཡིན་པའི་ལམ་ཡང་ཡོད་དེ། དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། སོ་སོར་རྟོག་པའི་སྟོབས་ཀྱང་ཡོངས་སུ་རྫོགས་ པར་མི་བྱེད་ལ་སྒོམ་པའི་སྟོབས་ལ་ཡང་མ་ཡིན་པའི་ལམ་ཡང་ཡོད་དེ། དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། སོ་སོར་རྟོག་པའི་སྟོབས་དང་སྒོམ་པའི་སྟོབས་ཀྱང་ཡོངས་སུ་རྫོགས་པར་བྱེད་པའི་ལམ་ཡང་ཡོད་དེ།
BO
དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། བསམ་པ་ཕུན་སུམ་ཚོགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད་དེ། དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། སྦྱོར་བ་ཕུན་སུམ་ཚོགས་ལ་བསམ་པ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད་དེ། དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ མཁྱེན་ཏོ། ། བསམ་པ་ཡང་ཕུན་སུམ་ཚོགས་པ་མ་ཡིན་ལ་སྦྱོར་བ་ཡང་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། བསམ་པ་ཡང་ཕུན་སུམ་ཚོགས་ལ་སྦྱོར་བ་ཡང་ཕུན་སུམ་ཚོགས་པའི་ལམ་ཡང་ཡོད་དེ། དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལུས་ སྦྱོང་གི ། ངག་ལ་མ་ཡིན། སེམས་ལ་མ་ཡིན་པའི་ལམ་ཡང་ཡོད། ངག་སྦྱོང་གི ། ལུས་ལ་མ་ཡིན། སེམས་ལ་མ་ཡིན་པའི་ལམ་ཡང་ཡོད། ལུས་དང་། ངག་དང་། སེམས་ཀྱང་སྦྱོང་བའི་ལས་ཡང་ཡོད། ལུས་ལ་མ་ཡིན། ངག་ལ་མ་ཡིན་ལ། སེམས་ཀྱང་མི་སྦྱོང་ བའི་ལམ་ཡང་ཡོད་དེ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འཇུག་པའི་རྒྱུ་ལས་བྱུང་བ་དང་། ལོག་པའི་རྒྱུ་ལས་བྱུང་བའི་ལམ་གང་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པ་འཇུག་སྟེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་ པའི་འཕྲིན་ལས་དྲུག་པའོ། །
BO
དེ་ལ་འདི་སྐད་ཅེས་བྱའོ། ། བདེ་བར་གཤེགས་པས་ལམ་ཀུན་རབ་ཏུ་མཁྱེན་ཅིང་ངེས་དང་རྒྱུ་དང་བཅས་པའི་སེམས་ཅན་ཁམས་ཀྱང་མཁྱེན། ། མ་ངེས་ཡོངས་སུ་སྨིན་པར་བྱ་བའི་མཚན་ཉིད་དང་ནི་དེ་བཞིན་སྣོད་མིན་ལོག་པར་ལྟ་ལྡན་ དང་། ། འདོད་ཆགས་རྣམ་གསུམ་ལམ་ལྡན་དག་དང་ཞེ་སྡང་རྣམ་པ་གསུམ་དང་དེ་བཞིན་གཏི་མུག་ལྡན་པ་དང་། ། ཉོན་མོངས་ཁམས་ཀྱི་རྣམ་པ་མཐའ་ཡས་པ་དང་ལམ་གྱི་རྒྱུ་དང་རྐྱེན་ཀྱང་སྟོན་པས་རབ་ཏུ་མཁྱེན། ། རྣོ་བར་གྱུར་ལ་དཀའ་བའི་ལམ་དང་དེ་བཞིན་དབང་པོ་རྣམས་ནི་ ཞན་ཕྱིར་བུལ་བར་གྱུར་པ་དང་། ། རྣོ་བར་འགྱུར་ལ་སླ་བའི་ལམ་དང་དེ་བཞིན་བུལ་བ་འཇིག་རྟེན་གྱི་ནི་མགོན་པོས་རབ་ཏུ་མཁྱེན། ། བུལ་བའི་ལམ་ལ་དེ་ཡི་བློ་ཡང་བུལ་ཞིང་དེ་བཞིན་བུལ་བར་གྱུར་ལ་རྣོ་ཞིང་དག་པའང་ཡོད། ། བུལ་བར་གྱུར་ལ་མྱུར་བའི་ལམ་དང་དེ་བཞིན་དེ་ལ་མ་ ཆགས་ཕྱིར་ནི་ཤིན་ཏུ་མྱུར་བ་དང་། ། སོ་སོར་རྟོག་པ་སྐྱེད་པར་བྱེད་ཀྱི་བསྒོམ་པའི་ལམ་ནི་སྐྱེད་པར་མི་བྱེད་པ་ཡི་ལམ་ཡང་ཡོད། ། སྒོམ་པ་སྐྱེད་པར་བྱེད་དང་ཁྱད་པར་ཅན་གྱི་སྦྱོར་དང་ལྡན་པས་གཉི་ག་སྐྱེད་པར་བྱེད་པའང་ཡོད། །
BO
བསམ་པ་རྣམ་པར་སྦྱོང་བར་བྱེད་ཀྱི་སྦྱོར་བ་དག་པར་བྱེད་པ་ མ་ཡིན་པ་ཡི་ལམ་ཡང་ཡོད། ། གཉི་ག་སྦྱོར་བར་བྱེད་པའང་ཡོད་དེ་དེ་ཡང་སངས་རྒྱས་བདག་ཉིད་ཆེན་པོ་ཐམས་ཅད་གཟིགས་པས་མཁྱེན། ། ལུས་ནི་རྣམ་པར་སྦྱོང་བར་བྱེད་ཀྱི་ངག་ལ་མ་ཡིན་པ་དང་སེམས་ཀྱང་སྦྱོང་བར་མི་བྱེད་ཡོད། ། ཚིག་དང་དེ་བཞིན་ལུས་ཀྱང་སྦྱོང་བར་བྱེད་ཀྱི་ནམ་ཡང་ སེམས་ནི་རྣམ་པར་སྦྱོང་བར་མི་བྱེད་དང་། ། སེམས་ནི་རྣམ་པར་སྦྱོང་བར་བྱེད་ཀྱི་ནམ་ཡང་ངག་ནི་རྣམ་པར་སྦྱོང་བར་མི་བྱེད་པ་ཡང་ཡོད། ། ངག་དང་དེ་བཞིན་སེམས་ཀྱང་སྦྱོང་བར་བྱེད་ཀྱི་ནམ་ཡང་ལུས་ནི་རྣམ་པར་སྦྱོང་བར་མི་བྱེད་དང་། ། ལུས་དང་དེ་བཞིན་སེམས་ཀྱང་སྦྱོང་བར་བྱེད་པའི་ལམ་དང་ ཇི་ལྟར་འཇུག་པར་འགྱུར་དང་ལྡོག་པ་ཡང་། ། ཡེ་ཤེས་དང་ནི་སེམས་གཟིགས་པས་མཁྱེན་འདི་ཡང་བདེ་གཤེགས་འཕྲིན་ལས་ཁྱད་པར་འཕགས་པ་དྲུག ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་ འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན།
BO
སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་སྐྱེ་བའི་རྒྱུ་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ ཏུ་མཁྱེན་ཏོ། ། སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བའི་རྒྱུ་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། དེ་ལ་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། ། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྐྱེན་ནི་མ་རིག་པའོ། ། མ་རིག་པ་ནི་རྒྱུའོ། ། འདུ་བྱེད་རྣམས་ནི་རྐྱེན་ཏོ། ། འདུ་བྱེད་ནི་རྒྱུའོ། ། རྣམ་པར་ཤེས་པ་ནི་རྐྱེན་ཏོ། ། རྣམ་པར་ཤེས་པ་ནི་རྒྱུའོ། ། མིང་དང་གཟུགས་ནི་རྐྱེན་ཏོ། ། མིང་དང་གཟུགས་ནི་རྒྱུའོ། ། སྐྱེ་མཆེད་དྲུག་ནི་རྐྱེན་ཏོ། ། སྐྱེ་མཆེད་དྲུག་ ནི་རྒྱུའོ། ། རེག་པ་ནི་རྐྱེན་ཏོ། ། རེག་པ་ནི་རྒྱུའོ། ། ཚོར་བ་ནི་རྐྱེན་ཏོ། ། ཚོར་བ་ནི་རྒྱུའོ། ། སྲེད་པ་ནི་རྐྱེན་ཏོ། ། སྲེད་པ་ནི་རྒྱུའོ། ། ཉེ་བར་ལེན་པ་ནི་རྐྱེན་ཏོ། ། ཉེ་བར་ལེན་པ་ནི་རྒྱུའོ། ། སྲིད་པ་ནི་རྐྱེན་ཏོ། ། སྲིད་པ་ནི་རྒྱུའོ། ། སྐྱེ་བ་ནི་རྐྱེན་ཏོ། ། སྐྱེ་བ་ནི་རྒྱུའོ།
BO
། རྒ་ཤི་ནི་རྐྱེན་ཏོ། ། རྒ་ཤི་ནི་རྒྱུའོ། ། ཉོན་མོངས་པ་ རྣམས་ནི་རྐྱེན་ཏོ། ། ཉོན་མོངས་པ་རྣམས་ནི་རྒྱུའོ། ། ལས་རྣམས་ནི་རྐྱེན་ཏོ། ། ལྟ་བ་ནི་རྒྱུའོ། ། སྲེད་པ་ནི་རྐྱེན་ཏོ། ། བག་ལ་ཉལ་ནི་རྒྱུའོ། ། ཀུན་ནས་ལྡང་བ་ནི་རྐྱེན་ཏོ། ། འདི་ནི་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུའོ། ། འདི་ནི་རྐྱེན་ཏོ། ། དེ་ལ་སེམས་ཅན་རྣམས་ཀྱི་རྣམ་པར་དག་པར་ འགྱུར་བའི་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། སེམས་ཅན་རྣམས་ཀྱི་རྣམ་པར་དག་པའི་རྒྱུ་གཉིས་དང་རྐྱེན་གཉིས་སོ། ། གཉིས་གང་ཞེ་ན། གཞན་ལས་རྗེས་སུ་འཐུན་པའི་སྒྲ་དང་། སོ་སོ་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། གཉིས་པོ་འདི་དག་གོ། ། གཞན་ཡང་སེམས་ཅན་རྣམས་ཀྱི་ རྣམ་པར་དག་པའི་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། ཞི་གནས་ལ་རྩེ་གཅིག་པ་དང་། ལྷག་མཐོང་ལ་མཁས་པའོ། ། གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། འོང་བ་མེད་པར་ཤེས་པ་དང་། འགྲོ་བ་མེད་པར་ཤེས་པའོ། ། གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། སྐྱེ་བ་མེད་པར་རབ་ཏུ་རྟོག་ པ་དང་། ངེས་པར་གྱུར་པ་ལ་རེག་པར་བྱེད་པའོ། ། གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། རྐང་པར་ལྡན་པ་དང་།
BO
རིག་པས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། ། གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། རྣམ་པར་ཐར་པའི་སྒོ་ལ་སྒོམ་པ་དང་། རང་བཞིན་གྱིས་རྣམ་པར་ གྲོལ་བར་ཤེས་པའོ། ། གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། ། གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། བདེན་པ་རྗེས་སུ་རྟོགས་པ་དང་། བདེན་པ་རྗེས་སུ་ཐོབ་པ་སྟེ། འདི་ནི་སེམས་ཅན་རྣམས་ཀྱི་རྣམ་པར་དག་པའི་རྒྱུའོ། ། འདི་ནི་རྐྱེན་ཏེ། དེའང་ དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། རིགས་ཀྱི་བུ་གཞན་ཡང་ཀུན་ནས་ཉོན་མོངས་པ་ལ་དམིགས་པ་ཚད་མེད། རྣམ་པར་དག་པ་ལ་དམིགས་པ་ཡང་ཚད་མེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་ཀུན་ནས་ཉོན་མོངས་པ་ལ་དམིགས་པ་རྣམ་པར་བྱང་བ་ལ་དམིགས་པར་ འཇོག་པ་ཡང་ཡོད། ། ལྷག་པའི་ང་རྒྱལ་གྱིས་འཛིན་པས་རྣམ་པར་དག་པ་ལ་དམིགས་པ་ཀུན་ནས་ཉོན་མོངས་པ་ལ་དམིགས་པར་འཇོག་པ་ཡང་ཡོད་དེ། དེ་ལ་སྣྲེལ་ཞིའི་རྣམ་གྲངས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་གོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་འདི་ལྟ་བུ་དང་ ལྡན་པས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ།
BO
རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་འགོག་པ་ལས་ལྡང་ངོ་། ། འགོག་པ་ལས་སྙོམས་ པར་ཞུགས་ཏེ་བསམ་གཏན་དང་པོ་ལས་ལྡང་ངོ་། ། རྣམ་པར་ཐར་པ་བརྒྱད་ལ་རྗེས་སུ་འཐུན་པར་སྙོམས་པར་འཇུག་གོ། ། མི་འཐུན་པར་ཡང་སྙོམས་པར་འཇུག་གོ། ། ཐོད་རྒལ་དུ་ཡང་སྙོམས་པར་འཇུག་གོ། ། ཏིང་ངེ་འཛིན་ནི་སྙོམས་པར་འཇུག་པར་སྟོན། སྙོམས་པར་འཇུག་པ་ནི་ཏིང་ངེ་ འཛིན་དུ་སྟོན་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་འདྲེས་པ་གང་ཡང་མེད་ཅིང་དེ་བཞིན་གཤེགས་པ་ལ་ནི་དམིགས་པས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱ་བ་མེད་དོ། ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་ཐམས་ཅད་མངོན་པར་འགྲུབ་སྟེ། དེ་ བཞིན་གཤེགས་པ་ནི་ཏིང་ངེ་འཛིན་གཅིག་ལས་མ་བཞེངས་པར་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་ཀྱང་། དེ་བཞིན་གཤེགས་པ་ལ་སེམས་གཅིག་ནས་གཅིག་ཏུ་འཇུག་པ་མེད་དོ། ། དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་མི་དམིགས་སོ། ། དེ་བཞིན་ གཤེགས་པའི་ཏིང་ངེ་འཛིན་ནི་སུས་ཀྱང་བལྟ་བར་མི་ནུས་ཏེ།
BO
ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན་ཏོ། ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན་ཏོ། ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི་དེ་བཞིན་ གཤེགས་པའི་ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན་ཏོ། ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་མི་ནོན་པ་སྟེ་འདི་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཟིལ་གྱིས་མི་ནོན་པར་འཇུག་གོ། ། གདམས་པ་གང་དང་རྗེས་སུ་བསྟན་པ་གང་གིས་ཉན་ཐོས་རྣམས་ཏིང་ངེ་འཛིན་སྐྱེད་པ་དེ་ཡང་དེ་ བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། དེ་བཞིན་དུ་རང་སངས་རྒྱས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། མཁྱེན་ནས་ཀྱང་དེ་བཞིན་དུ་འདོམས་ཤིང་དེ་བཞིན་དུ་རྗེས་སུ་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་ གཤེགས་པའི་འཕྲིན་ལས་བདུན་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། འདིར་ནི་འགྲོ་བའི་ཀུན་ནས་ཉོན་མོངས་རྒྱུ་དང་རྐྱེན། ། རྒྱལ་བ་རང་བྱུང་ཡེ་ཤེས་ལྡན་པས་དེ་ཀུན་མཁྱེན། ། དེ་བཞིན་མངོན་པར་བརྩོན་རྒྱུས་རྣམ་དག་འགྱུར་བ་ཡི། །
BO
རྒྱུ་དང་རྐྱེན་དེ་ཆོས་ཀྱི་རྗེས་ནི་རབ་ཏུ་མཁྱེན། ། ཚུལ་བཞིན་ མ་ཡིན་རྒྱུ་སྟེ་རྐྱེན་ནི་མ་རིག་པ། ། རྒྱུ་ནི་མ་རིག་པ་སྟེ་རྐྱེན་ནི་འདུ་བྱེད་ཡིན། ། རྣམ་པར་ཤེས་དང་མིང་དང་གཟུགས་དང་དབང་པོ་དྲུག ། ཐམས་ཅད་སྲེད་པའི་ཡན་ལག་འགྲོ་བའི་རྒྱུ་དང་རྐྱེན། ། ཉོན་མོངས་རྣམས་ནི་རྒྱུ་སྟེ་དེ་བཞིན་ལས་རྣམས་རྐྱེན། ། ལྟ་བ་རྒྱུ་སྟེ་དེ་བཞིན་སྲེད་པ་རྐྱེན་དུ་གསུངས། ། ཀུན་དུ་སྦྱོར་དང་བག་ལ་ཉལ་འདི་འདིར་རྒྱུ་སྟེ། ། མི་གང་རྒྱུ་ལས་ཀུན་དུ་བྱུང་བ་དེ་འདིར་རྐྱེན། ། འགྲོ་བ་རྣམ་དག་འགྱུར་བའི་རྒྱུ་དང་རྐྱེན་གཉིས་ཏེ། ། གཞན་ལས་འཐུན་པའི་སྒྲ་ཐོས་པ་དང་ཐོས་ནས་ཀྱང་། ། ཆོས་རྣམས་སྟོང་པར་ནང་དུ་ཚུལ་བཞིན་རྟོག་བྱེད་པ། ། དེ་ནི་སྲིད་པའི་མཚོ་ལས་ རྣམ་པར་སྒྲོལ་བར་འགྱུར། ། ཞི་གནས་ལྷག་མཐོང་གཉི་ག་ཟུང་དུ་འབྲེལ་ལྡན་པ། ། སྒོམ་པ་གང་དུའང་འགྲོ་བ་མེད་ཅིང་འོང་བ་མེད། ། དེ་ལ་སྐྱེ་མེད་འཆི་འཕོ་དང་ནི་རྟོག་མེད་དེ། ། དེ་ནི་སྐྱོན་མེད་རེག་ཅིང་རྣམ་པར་དག་པར་འགྱུར། ། རྐང་པར་ལྡན་ནས་རིག་པ་གསུམ་ནི་རྗེས་ སུ་ཉལ། ། བག་ཡོད་གྱུར་ནས་རྣམ་ཐར་གསུམ་གྱི་སྒོ་ལ་སྒོམ། །
BO
ཟད་པ་དང་ནི་མི་སྐྱེ་ཤེས་དང་བདེན་པ་ཐོབ། ། འདི་ནི་རྣམ་དག་ལམ་དུ་འདྲེན་པའི་རྒྱུ་དང་རྐྱེན། ། རྒྱལ་བ་བསམ་གཏན་གཅིག་ལ་ཡང་དག་སྙོམས་ཞུགས་ནས། ། འགོག་པར་རེག་སྟེ་དེ་བཞིན་དྲན་དང་ལྡན་པར་བཞེངས། ། རྗེས་སུ་འཐུན་དང་མི་འཐུན་པ་དང་ཐོད་རྒལ་དུ། ། ཆོས་ཀྱི་རྒྱལ་པོ་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག ། མཚུངས་པ་མེད་པ་མཉམ་པ་ཉིད་ལ་གནས་ནས་ནི། ། ཏིང་འཛིན་གཅིག་ལས་ཏིང་འཛིན་བྱེ་བ་མཐའ་ཡས་སྟོན། ། སེམས་ལ་འདྲེས་པ་མེད་ཅིང་ཆོས་ལ་རྣམ་རྟོག་མེད། ། དེ་ཕྱིར་ རྒྱལ་བ་མཉམ་པར་མ་བཞག་སེམས་ཀྱང་མེད། ། གང་དག་ཉན་ཐོས་དེ་བཞིན་རང་རྒྱལ་ཏིང་ངེ་འཛིན། ། བྱང་ཆུབ་སེམས་དཔའི་ཏིང་འཛིན་རྣམ་པ་བྱེ་བ་དག ། དེ་ཀུན་བདེ་གཤེགས་ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན། ། གདམས་པ་ཤེས་ལ་མཁས་པ་བདེ་གཤེགས་འཕྲིན་ལས་སོ། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་བདག་དང་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། ། འདི་ལྟ་སྟེ། སྐྱེ་བ་གཅིག་རྗེས་སུ་དྲན་ནོ། ། གཉིས་སམ། གསུམ་མམ། བཞིའམ། ལྔའམ། བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། སྐྱེ་བ་བརྒྱའམ། སྐྱེ་བ་སྟོང་ངམ།
BO
སྐྱེ་བ་བརྒྱ་ཕྲག་སྟོང་ངམ། སྐྱེ་བ་བྱེ་བ་བརྒྱ་ཕྲག་སྟོང་ངམ། འཇིག་པའི་བསྐལ་པའམ། འཆགས་པའི་བསྐལ་པའམ། འཇིག་པ་དང་འཆགས་པའི་བསྐལ་པའམ། འཇིག་པའི་བསྐལ་པ་དུ་མའམ། འཆགས་པའི་བསྐལ་པ་དུ་མའམ། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་རྗེས་སུ་དྲན་ནོ། ། སེམས་ཅན་དེ་དག་མིང་འདི་ཞེས་བྱ་བར་གྱུར་ཏོ། ། ང་དེར་བྱུང་སྟེ་མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཁ་དོག་ནི་འདི་ལྟ་བུ། དབྱིབས་ནི་འདི་ལྟ་བུ། ཡུན་ནི་འདི་སྲིད་ཞིག་ཏུ་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་སྟེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། ། དེ་ནས་ཤི་འཕོས་ནས་འདིར་སྐྱེས་པར་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་ པར་བདག་དང་། སེམས་ཅན་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། ། དེ་སེམས་ཅན་དེའི་སྔོན་གྱི་གནས་རྗེས་སུ་དྲན་ནོ། ། སྔོན་གྱི་རྒྱུ་ཇི་ལྟ་བུ་དང་། རྒྱུ་གང་གིས་སེམས་ཅན་གང་ཀུན་དུ་བྱུང་བ་དེའི་སྔོན་གྱི་རྒྱུ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། མཁྱེན་ནས་ཀྱང་དེ་བཞིན་དུ་ ཆོས་སྟོན་ཏོ། །
BO
འདས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། སེམས་ཀྱི་དམིགས་པ་གང་གི་འོག་ཏུ་གང་ལ་དམིགས་པའི་སེམས་སྐྱེ་བ་དང་། དམིགས་པ་གང་གིས་སྐྱེས་པ་དང་། དམིགས་པ་གང་མ་ཚང་བས་འགགས་ པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། དེ་ལྟར་ཇི་ཙམ་དུ་སེམས་ཅན་གཅིག་གི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཇུག་པ་སེམས་དེ་ལྟ་བུ་ཞིག་གི་འོག་ཏུ་སེམས་འདི་ལྟ་བུ་ཞིག་བྱུང་བ་དེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཚིག་ཏུ་བསྟན་པས་བསྟན་ པར་དཀའོ། ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིའང་དེ་ལྟ་བུར་སོ་སོའི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་དེ་བཞིན་གཤེགས་པས་ཕྱི་མའི་མཐའི་མུར་ཐུག་པར་བསྟན་ཀྱང་དེའི་ཡེ་ཤེས་མཐར་ཐུག་པར་མི་འགྱུར་རོ། ། དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པའི་མཁྱེན་པ་འདི་ནི་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་ལ་ཚད་མེད་དེ། དེའི་མཐའི་གནས་ནི་བསྟན་པར་སླ་བ་མ་ཡིན་ནོ། ། སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པས་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ལ།
BO
ཀྱེ་སེམས་ཅན་དག་ དགེ་བའི་རྩ་བ་སངས་རྒྱས་ལ་བསྐྱེད་པའམ། ཉན་ཐོས་ལ་བསྐྱེད་པའམ། རང་སངས་རྒྱས་ལ་བསྐྱེད་པ་དེ་ལྟ་བུ་དེ་དྲན་པར་གྱིས་ཤིག ། དྲན་པར་གྱིས་ཤིག་ཅེས་དྲན་པར་མཛད་དོ། ། འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་དེ་དག་གིས་ཀྱང་དྲན་པར་འགྱུར་རོ། ། དེ་བཞིན་གཤེགས་ པས་དེ་དག་ལ་དེ་དགེ་བའི་རྩ་བ་ལ་དམིགས་པ་དེས་གང་གི་ཕྱིར་ཅི་ནས་ཀྱང་ཐེག་པས་རྣམ་པར་གྲོལ་བ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བརྒྱད་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། དེ་ནི་བདག་དང་དེ་བཞིན་གཞན་དག་གི། ། སྔོན་གྱི་མཐའ་ནི་བྱེ་བ་ཁྲག་ཁྲིག་དག ། ཐུག་པ་མེད་པར་འཇིག་རྟེན་སྒྲོན་མས་དྲན། ། སྐྱུ་རུ་ར་ལྔ་ཕྱག་མཐིལ་བཞག་པ་བཞིན། ། མིང་རུས་དེ་བཞིན་ཁ་དོག་རྣམ་རྟོག་དང་། ། ཚེ་གནས་འཆི་འཕོ་དང་ནི་འགྲོ་བ་དང་། ། རྒྱུ་གང་གིས་ནི་སེམས་ཅན་ གང་འོངས་པ། ། དེ་ལ་དུས་མཁྱེན་ནས་ནི་ཆོས་ཀྱང་སྟོན། ། འགྲོ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས། ། གང་དག་འདས་པ་མཐའ་ཡས་ཐུག་མེད་དང་། ། གང་གི་འོག་ཏུ་སེམས་ནི་གང་འབྱུང་བ། །
BO
ཡེ་ཤེས་ཆེ་ལྡན་རྒྱལ་བས་ཐམས་ཅད་མཁྱེན། ། སེམས་ཅན་གཅིག་གི་སེམས་ནི་ སྔ་མ་གང་། ། འདས་པ་གང་ཡིན་བདེ་བར་གཤེགས་པས་མཁྱེན། ། བསྐལ་པ་གང་གཱའི་ཀླུང་གི་བྱེ་སྙེད་དུ། ། དེ་ནི་བསྟན་ཀྱང་དེ་ལ་ཐུག་པ་མེད། ། གང་ཡང་སྔོན་གྱི་སྤྱོད་པ་བྱེ་བ་དག ། མཐའ་ཡས་ཐུག་པ་མེད་པ་བསྟན་ཀྱང་ནི། ། མཚུངས་པ་མེད་པའི་ཡེ་ཤེས་མི་ཟད་དེ། ། བདེ་ གཤེགས་ཡེ་ཤེས་རྒྱ་མཚོ་དེ་འདྲའོ། ། སེམས་ཅན་གང་དག་བསམ་པ་དགེ་གྱུར་དང་། ། གང་གིས་སྔོན་ཆད་རྒྱལ་བ་བསྟི་སྟང་བྱས། ། སངས་རྒྱས་རྫུ་འཕྲུལ་སྟོབས་ཀྱི་ཤུགས་གནས་ཏེ། ། སྔོན་ཆད་དཀར་པོ་བྱས་པ་དྲན་པར་བྱེད། ། སྔོན་ཆད་དཀར་པོ་དེས་བྱས་ཅི་འདྲ་བ། ། སངས་རྒྱས་ མཐུས་ནི་དེ་དག་དྲན་པར་འགྱུར། ། དེ་དྲན་ནས་ཀྱང་ཐེག་པ་གསུམ་གནས་ཏེ། ། དེ་དག་ཐར་ལམ་དགེ་ལས་ཕྱིར་མི་ལྡོག ། བདེ་གཤེགས་རྣམས་ཀྱི་སྔོན་བྱུང་མཐའ་ཡས་པ། ། སེམས་ཅན་ཀུན་གྱིས་བསམ་པར་མི་ནུས་ཏེ། ། གང་གིས་སེམས་ཅན་ཐུག་པ་མེད་བཏུལ་བ། ། སྐྱེས་བུ་ ཆེན་པོ་རྣམས་ཀྱི་འཕྲིན་ལས་བརྒྱད། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ལྷའི་མིག་རྣམ་པར་དག་པ་མི་ལས་ཤིན་ཏུ་འདས་པས་སེམས་ཅན་རྣམས་འཆི་འཕོ་དང་། སྐྱེ་བ་དང་།
BO
བཟང་པོ་དང་། ངན་པ་དང་། ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། བདེ་འགྲོར་ འགྲོ་བ་དང་། ངན་འགྲོར་འགྲོ་བ་རྣམས་གཟིགས་སོ། ། ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ། ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། ། སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་དག་སྟེ། ཡང་དག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཇི་ ལྟར་ལས་ཀྱིས་ཉེ་བར་འགྲོ་བའི་སེམས་ཅན་དག་རབ་ཏུ་མཁྱེན་ཏོ། ། དེ་ལ་དེ་བཞིན་གཤེགས་པའི་ལྷའི་མིག་ནི་འདི་ཡིན་ཏེ།
BO
མིག་དེས་ཕྱོགས་བཅུའི་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཚད་མེད་པ། གྲངས་མེད་པ། བགྲང་བ་ལས་ ཤིན་ཏུ་འདས་པའི་སངས་རྒྱས་ཀྱི་ཞིང་དག་ན་ཞིང་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་འཇིག་པ་དང་འཆགས་པར་གཟིགས་སོ། ། སེམས་ཅན་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་འཆི་འཕོ་བ་དང་སྐྱེ་བར་གཟིགས་སོ། ། བྱང་ཆུབ་སེམས་དཔའ་གང་དག་ཁ་ཅིག་སྣང་ བ་དེ་དག་ཐམས་ཅད་ནི་འཆི་འཕོ་བ་དང་། མངལ་དུ་འཇུག་པ་དང་། བཙའ་བར་གཟིགས་སོ། ། སངས་རྒྱས་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཚེའི་འདུ་བྱེད་འདོར་བ་དང་། ཡོངས་སུ་མྱ་ངན་ ལས་འདའ་བར་གཟིགས་སོ། ། ཉན་ཐོས་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་རྣམ་པར་འགྲོལ་བ་ཡོངས་སུ་མྱ་ངན་ལས་འདའ་བར་གཟིགས་སོ། ། རང་སངས་རྒྱས་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་རྫུ་འཕྲུལ་སྟོན་ཅིང་ཡོན་སྦྱོང་བར་གཟིགས་སོ། ། སེམས་ ཅན་གང་དག་སྣང་བར་མ་གྱུར་པ་དག་དང་། གང་དག་ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱིས་མིག་གི་ལམ་དུ་མ་གྱུར་པ་དང་། ཉན་ཐོས་རྣམས་ཀྱི་མ་ཡིན་པ་དང་།
BO
རང་སངས་རྒྱས་རྣམས་ཀྱི་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དག་གི་མ་ ཡིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལྷའི་མིག་ལ་སྣང་བར་འགྱུར་རོ། ། ཡང་ཤིང་རྟའི་ཕང་ལོ་ཙམ་གྱི་ས་ཕྱོགས་ན་སྣང་བར་མ་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་སྣང་བར་གྱུར་པ་དེ་དག་ནི་ཆེས་མང་གི ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་སྣང་བར་མ་གྱུར་པའི་སེམས་ཅན་གྱི་ཁམས་ནི་ཚད་མེད་དོ། ། དེ་ལྟར་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གང་ཡིན་ཞེས་དེ་བཞིན་གཤེགས་པའི་ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ལ་རྣམ་པར་ གཟིགས་ཏེ། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གྱི་རིས་ཇི་སྙེད་པ་དེ་དག་གི་མདུན་ན་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་བཞུགས་ཤིང་སེམས་ཅན་དེ་དག་འདུལ་ཡང་དེ་དག་མ་ཡིན་པའི་སེམས་ཅན་གཞན་གྱིས་མི་ཤེས་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་ པའི་འཕྲིན་ལས་དགུ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། དེ་བཞིན་གཤེགས་པའི་ལྷ་ཡི་མིག་ནི་དྲི་མེད་འོད་གསལ་ཏེ། ། མིག་ནི་རྣམ་སྦྱངས་མཐའ་ཡས་བསོད་ནམས་གཟི་བརྗིད་གཟི་བརྗིད་གྱུར། །
BO
ཕྱོགས་བཅུ་དག་གི་ཞིང་རྣམས་ཀུན་དུ་མཚན་ཉིད་རྣམ་གཟིགས་ཏེ། ། གང་དག་འབྱུང་ དང་གང་དག་འབྱུང་བར་འགྱུར་དང་གང་དག་བྱུང་། ། དེ་ན་སེམས་ཅན་གཟུགས་ཅན་གཟུགས་མེད་གང་དག་ཡོད་པ་དང་། ། བདེ་འགྲོ་ངན་འགྲོ་དག་ན་རབ་འབྲིང་ཐ་མ་གང་མཆི་དང་། ། སྡིག་པ་བྱེད་པ་གང་དག་ངན་འགྲོ་རྣམས་སུ་འགྲོ་བ་དང་། གང་ཡང་མཐོ་རིས་བསོད་ནམས་ལས་ཅན་དེ་དག་རྒྱལ་ བས་གཟིགས། ། བྱང་ཆུབ་སེམས་དཔའ་གང་དག་ཞིང་རྣམས་ཀུན་ན་སྤྱད་སྤྱོད་དང་། ། མངལ་དུ་འཇུག་དང་འབྱུང་དང་བྱང་ཆུབ་ཤིང་དྲུང་འགྲོ་བ་དང་། ། གང་དག་ལ་ལ་བྱང་ཆུབ་ཤིང་དྲུང་གནས་ནས་བདུད་འདུལ་བ། ། དེ་ཀུན་སངས་རྒྱས་ཐམས་ཅད་གཟིགས་པས་ལྷ་ཡི་མིག་གིས་ གཟིགས། ། སངས་རྒྱས་ཆོས་ཀྱི་རྒྱལ་པོ་གང་དག་བྱང་ཆུབ་མཆོག་སངས་རྒྱས། ། གང་དག་ཆོས་ཀྱི་འཁོར་ལོ་སྐོར་ཞིང་ལྷ་དང་མི་རྣམས་འགྲོལ། ། སངས་རྒྱས་མཛད་པ་མཆོག་མཛད་ནས་ནི་རྒྱལ་བ་ཚེ་འདོར་དང་། ། གང་ཡང་མྱ་ངན་འདས་པ་སྟོན་པ་དེ་དག་རྒྱལ་བས་གཟིགས། ། གང་ དག་འདྲེན་པའི་ཆོས་ཐོས་ནས་ནི་ཚུལ་བཞིན་རབ་སྦྱོར་བ། ། དམ་པ་བསིལ་བར་གྱུར་པ་རིམས་མེད་ཞི་བའི་གནས་ལ་རེག ། གང་ཡང་བདག་ཀྱང་ཆོས་ཐོས་ནས་ནི་སྲིད་པའི་རྒྱ་མཚོ་ལས། །
BO
བརྒལ་ཏེ་བདེ་བ་ཕ་རོལ་ཕྱིན་པ་དེ་དག་རྒྱལ་བས་གཟིགས། ། གསང་བ་པ་དང་ཉན་ཐོས་རང་རྒྱལ་ བྱང་ཆུབ་སེམས་དཔའ་ཡི། ། ལྷ་མིག་ལམ་དུ་མ་གྱུར་སེམས་ཅན་ཁམས་ནི་མཐའ་ཡས་གང་། ། དེ་བཞིན་གཤེགས་པའི་ལྷ་མིག་རྣམ་དག་དྲི་མ་མེད་པ་ཡིས། ། སེམས་ཅན་ཀུན་གྱི་ལུས་ཕྲ་ཤིན་ཏུ་གནས་པ་རྣམས་ཀྱང་གཟིགས། ། གང་ཡང་ཕང་ལོ་ཙམ་ལ་སེམས་ཅན་ཁམས་ཕྲ་ རྒྱལ་བས་གཟིགས། ། དེ་ནི་ཆེས་མང་སྟོང་གསུམ་ལྷ་མི་སྐྱེ་དགུ་དེ་ལྟ་མིན། ། འགྲོ་བ་ཡངས་པ་དག་ན་སེམས་ཅན་ཁམས་འཁོར་མཐའ་ཡས་པ། ། རབ་ཏུ་ཤེས་ཀྱང་ཐམས་ཅད་གཟིགས་ལ་སེམས་ཅན་འདུ་ཤེས་མེད། ། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་དབང་པོ་རྣོ་ བ་གང་། ། དེ་ཡི་མདུན་ན་འཇིག་རྟེན་མགོན་པོ་ཆོས་མཆོག་གསུང་ཡང་ནི། ། སེམས་ཅན་ཚོགས་གཞན་གང་གིས་ཀྱང་ནི་དེ་བཞིན་གཤེགས་མི་མཐོང་། ། འདི་ནི་འདྲེན་པའི་ལྷ་ཡི་མིག་གི་སྟོབས་ཀྱི་འཕྲིན་ལས་ཡིན། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་ཟག་པ་ཐམས་ ཅད་ཟད་པས་བདག་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྟེན། བྱ་བ་ནི་བྱས་ཏེ། འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཟག་པ་མེད་པ། སེམས་རྣམ་པར་གྲོལ་བ།
BO
རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། ། དེ་ལ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མཁྱེན་ པ་དེ་ནི་དག་པ། དྲི་མ་མེད་པ། ཡོངས་སུ་དག་པ། འོད་གསལ་བ། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་བཅོམ་པའོ། ། ཉན་ཐོས་རྣམས་ཀྱི་ཟག་པ་ཟད་པ་ནི་ཚད་ཡོད་པའི་བག་ཆགས་ལེགས་པར་མ་བཅོམ་པའོ། ། རང་སངས་རྒྱས་རྣམས་ཀྱི་ཟག་པ་ཟད་པ་ནི་ཚད་ ཡོད་པ། སྙིང་རྗེ་ཆེན་པོ་དང་བྲལ་བ། སྤོབས་པ་དང་བྲལ་བའོ། ། དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དང་། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་བཅོམ་པ། སྙིང་རྗེ་ཆེན་པོས་ཀུན་དུ་བཟུང་བ། མི་ འཇིགས་པ་དང་སྤོབས་པ་དང་མ་བྲལ་བ། འཇིག་རྟེན་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པ་སྟེ། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་ལས་ཀྱི་བག་ཆགས་མེད། ཉོན་མོངས་པའི་བག་ཆགས་མེད། སྤྱོད་ལམ་འཁྲུལ་པའི་བག་ ཆགས་མེད་དོ། ། འདི་ལྟ་སྟེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་ཡོངས་སུ་དག་པས་རྡུལ་དང་དུ་བ་དང་ལྷན་ཅིག་མི་གནས་པ་དེ་བཞིན་དུ།
BO
དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མཁྱེན་པ་དེ་ཡང་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་དང་ལྷན་ཅིག་མི་གནས་སོ། ། དེ་ ཟག་པ་ཟད་པ་མཁྱེན་པ་དེ་འདི་ལྟ་བུ་ལ་རབ་ཏུ་གནས་མ་ཐག་ཏུ་ཟག་པ་དང་བཅས་པ་ལེན་པ་དང་བཅས་པའི་སེམས་ཅན་རྣམས་ལ་ཟག་པ་ཟད་པར་བྱ་བ་དང་། ལེན་པ་སྤང་བའི་ཕྱིར་ཆོས་སྟོན་ཏོ། ། ཀྱེ་མ་སེམས་ཅན་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ལས་ཀུན་དུ་བྱུང་བ་དག་ཁྱེད་ ཟག་པ་དང་ལེན་པ་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་ཤིག་ཅེས་དེ་དག་ལ་དེ་བཞིན་གཤེགས་པས་ཅི་ནས་ཀྱང་ཟག་པ་རྣམས་ཡང་དག་པ་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་འགྱུར་བ་དང་། རབ་ཏུ་ཤེས་ནས་ཀྱང་ཆོས་གང་ཡང་མི་ལེན་ཏེ། དེ་དག་མི་ལེན་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟ་དེ་ལྟར་དཔེ་ཉེ་བར་བཀོད་པའི་དཔེ་རྣམས་ཀྱིས་ཆོས་སྟོན་ཏེ། རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཅུ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། འདྲེན་པའི་ཟག་པ་ཟད་པ་ མཁྱེན་པ་ནི། ། ཤིན་ཏུ་རྒྱ་ཆེ་མ་བསྒྲིབས་ཚད་མེད་ལྡན། ། སྟོབས་བཅུ་སྟོབས་ནི་དེ་ཡིས་བྱང་ཆུབ་མཆོག ། ཞི་བ་འདི་ནི་རྟོགས་ཤིང་རབ་ཏུ་ཕྱེ། །
BO
ཉན་ཐོས་རྣམས་ཀྱི་ཟག་ཟད་ཤེས་པ་ནི། ། བག་ཆགས་མ་བཅོམ་ཚད་དང་ལྡན་པ་ཡིན། ། མི་ཡི་མཆོག་གི་རབ་མཆོག་འདྲེན་པ་ཡི། ། བག་ཆགས་བཅོམ་ཞིང་ཚད་དང་ལྡན་མ་ཡིན། ། དེ་བཞིན་གང་དག་རང་རྒྱལ་བྱང་ཆུབ་རེག ། དེ་ལ་སྙིང་རྗེ་ཆེ་དང་སྤོབས་པ་མེད། ། ཟག་པ་དག་ནི་ཡོངས་སུ་ཟད་གྱུར་ནས། ། སྙིང་རྗེ་ཆེ་དང་སྤོབས་པ་ཚད་ཀྱང་མེད། ། སངས་རྒྱས་ཟག་ཟད་མཁྱེན་ལ་གནས་ནས་ནི། ། འགྲོ་བའི་ཟག་ པ་ཡང་དག་མ་ཡིན་མཁྱེན། ། རིགས་པའི་གནས་ཀྱི་ཚུལ་འདི་མ་ཤེས་པས། ། སེམས་ཅན་འདི་དག་ཐམས་ཅད་ལོག་པར་སྦྱོར། ། དེ་ལ་རྒྱལ་བས་སྙིང་རྗེ་མི་ཟད་བསྐྱེད། ། མི་རྟག་སྟོང་པ་བདག་མེད་ཆོས་ཀྱང་སྟོན། ། ཆོས་འདི་དངོས་མེད་སྒྱུ་མ་ལྟ་བུར་ནི། ། རྟོགས་ལ་ཞི་མཆོག་ ཡང་དག་ཐོབ་པར་གྱིས། ། འདི་ནི་སྲོག་དང་གང་ཟག་ཤེད་སྐྱེས་དང་། ། ཤེད་བུ་དེ་བཞིན་བྱེད་པ་པོ་མེད་ཀྱང་། ། སེམས་ཅན་འདི་ཀུན་ལོག་པར་ཞེན་པས་ན། ། སྙིང་རྗེ་བསྐྱེད་པ་སྟོན་པ་ཐར་པར་འཆད། ། བདེ་བར་གཤེགས་ལ་ཡོངས་སུ་སྐྱོ་མེད་ཅིང་། ། ཡང་དག་ཤེས་ལ་ནམ་ཡང་ ཉེས་པ་མེད། ། དེས་ནི་རྒྱལ་བ་རྟག་ཏུ་རྣལ་འབྱོར་བརྩོན། ། འགྲོ་ལ་ཕན་ཕྱིར་ཆོས་ཀྱང་རབ་ཏུ་སྟོན། །
BO
འདི་ནི་ཕ་རོལ་རྒོལ་བ་རབ་འདུལ་བ། ། སྟོབས་བཅུ་ལྡན་གྱི་རྒྱལ་དང་འཐུན་པའི་ལས། ། སྟོབས་བཅུ་མངའ་བ་སྟོབས་དེར་གནས་ནས་ནི། ། མཚུངས་མེད་འཁོར་ལོ་དམ་པ་རབ་ཏུ་ བསྐོར། ། ། ། བམ་པོ་ལྔ་པ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་པོ་དག་ལ་རབ་ཏུ་གནས་ཏེ། འཕྲིན་ལས་མཛད་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེ་བ་དེ་ལ་ལྷ་དང་ བཅས་པའི་འཇིག་རྟེན་གང་གིས་ཀྱང་ཁྱོད་ཀྱིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ཆོས་དང་འཐུན་པས་དེ་བཞིན་གཤེགས་པ་ལ་རྒོལ་མི་ནུས་སོ། ། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་ཞེ་ན་དེ་བཞིན་གཤེགས་པས་ཆོས་ ཐམས་ཅད་མི་མཉམ་པ་མེད་པར་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། སོ་སོའི་སྐྱེ་བོའི་ཆོས་རྣམས་གང་ཡིན་པ་དང་། སློབ་པའི་ཆོས་རྣམས་གང་ཡིན་པ་དང་། མི་སློབ་པའི་ཆོས་རྣམས་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་པ་དང་། བྱང་ཆུབ་ སེམས་དཔའི་ཆོས་རྣམས་གང་ཡིན་པ་དང་།
BO
སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་མཉམ་པ་ཉིད་དུ་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཁ་ ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་མཉམ་པ་ཉིད་དུ་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ སོ། ། དེ་ལ་མཉམ་པ་ཉིད་གང་ཞེ་ན། ལྟ་བའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་མཉམ་པ་ཉིད་དོ། ། མཚན་མའི་ངོ་བོ་ཉིད་ཀྱིས་མཚན་མ་མེད་པར་མཉམ་པ་ཉིད་དོ། ། ཁམས་གསུམ་པའི་ངོ་བོ་ཉིད་ཀྱིས་སྨོན་པ་མེད་པར་མཉམ་པ་ཉིད་དོ། ། སྐྱེ་བའི་ངོ་བོ་ཉིད་ཀྱིས་མི་སྐྱེ་བར་མཉམ་པ་ཉིད་དོ། ། མངོན་པར་འདུ་བྱེད་པའི་ངོ་བོ་ཉིད་ཀྱིས་མངོན་པར་འདུ་བྱེད་པ་མེད་པར་མཉམ་པ་ཉིད་དོ། ། འབྱུང་བའི་ངོ་བོ་ཉིད་ཀྱིས་འབྱུང་བ་མེད་པར་མཉམ་པ་ཉིད་དོ། ། ཀུན་གཞིའི་ངོ་བོ་ཉིད་ཀྱིས་ཀུན་གཞི་མེད་པར་མཉམ་པ་ཉིད་དོ། ། དུས་གསུམ་གྱི་ངོ་བོ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མཉམ་པ་ ཉིད་དོ། ། མ་རིག་པ་དང་། སྲིད་པ་དང་།
BO
སྲེད་པའི་ངོ་བོ་ཉིད་ཀྱིས་རིག་པ་དང་རྣམ་པར་གྲོལ་བར་མཉམ་པ་ཉིད་དོ། ། འཁོར་བའི་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པར་མཉམ་པ་ཉིད་དེ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་ རྒྱས་པས་དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། ། དེ་བཞིན་གཤེགས་པས་ཇི་ལྟར་ཆོས་དེ་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་ཐུགས་རྗེ་ཆེན་པོ་ལ་གནས་ཏེ་བསྟན་པ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། རྐྱེན་སྣ་ཚོགས་རྣམས་ཀྱིས་ སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་ཏེ། དེའི་ཆོས་དེ་ཡང་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་ངོ་། ། གང་དག་སྟོན་པ་མ་ཡིན་པར་སྟོན་པའོ་ཞེས་ཁས་འཆེ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ མ་ཡིན་པར་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་ཁས་འཆེ་བ་དེ་དག་དེ་བཞིན་གཤེགས་པའི་མི་འཇིགས་པ་འདིས་ཟིལ་གྱིས་ནོན་པར་འགྱུར་ཞིང་མེད་པར་ཡང་འགྲོ་བར་འགྱུར་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཅུ་གཅིག་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། རང་བྱུང་གིས་ནི་ཆོས་རྣམས་ཀུན།
BO
། མཉམ་པ་ཉིད་དུ་རྗེས་རྟོགས་པས། ། དེས་ན་ཡང་དག་རྫོགས་སངས་རྒྱས། ། དེ་བཞིན་གཤེགས་པས་མཉམ་པར་གཟིགས། ། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། ། སློབ་དང་མི་སློབ་ཆོས་རྣམས་དང་། ། རང་ རྒྱལ་ཆོས་རྣམས་གང་ཡིན་པ། ། དེ་དག་སངས་རྒྱས་ཆོས་དང་མཉམ། ། འཇིག་རྟེན་པ་དང་དེ་བཞིན་དུ། ། འཇིག་རྟེན་ལས་ནི་འདས་པ་དང་། ། དགེ་དང་མི་དགེ་གང་ཡིན་པ། ། མྱ་ངན་འདས་དང་མཚུངས་ཤིང་འདྲ། ། སྟོང་པ་མཚན་མ་མེད་པ་དང་། ། སྨོན་པ་རྣམ་པར་སྤངས་པ་ དང་། ། སྐྱེ་མེད་མངོན་པར་འདུ་མི་བྱེད། ། ཐམས་ཅད་མཉམ་པ་ཉིད་དུ་གཟིགས། ། དེ་དག་རྟོགས་ནས་ཐུགས་རྗེ་ཡིས། ། སེམས་ཅན་རྣམས་ལ་རབ་སྟོན་ཏོ། ། དེས་ན་སེམས་ཅན་རྣམ་པར་འགྲོལ། ། འདི་ནི་ཐུབ་པའི་ལས་ཀྱི་མཆོག ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་ གཤེགས་པས་ང་ཟག་པ་ཟད་དོ་ཞེས་བདག་ཉིད་ཞལ་གྱིས་འཆེ་བ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་གང་གིས་ཀྱང་ཁྱོད་ཟག་པ་འདི་དག་མ་ཟད་དོ་ཞེས་ཆོས་དང་འཐུན་པས་དེ་བཞིན་གཤེགས་པ་ལ་རྒོལ་མི་ནུས་སོ། ། དེ་ལ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི་འདི་ཡིན་ཏེ།
BO
འདོད་པའི་ཟག་པ་རྣམས་ལས་དེ་བཞིན་གཤེགས་པའི་སེམས་རྣམ་པར་གྲོལ་བས་འདོད་ཆགས་ལ་སྤྱོད་པའི་བག་ཆགས་ཐམས་ཅད་ལེགས་པར་བཅོམ་མོ། ། སྲིད་པའི་ཟག་པ་རྣམས་ལས་དེ་བཞིན་གཤེགས་པའི་སེམས་རྣམ་པར་གྲོལ་བས་ཞེ་སྡང་ལ་སྤྱོད་པའི་བག་ཆགས་ ཐམས་ཅད་ལེགས་པར་བཅོམ་མོ། ། མ་རིག་པའི་ཟག་པ་རྣམས་ལས་དེ་བཞིན་གཤེགས་པའི་སེམས་རྣམ་པར་གྲོལ་བས་གཏི་མུག་ལ་སྤྱོད་པའི་བག་ཆགས་ཐམས་ཅད་ལེགས་པར་བཅོམ་མོ། ། ལྟ་བའི་ཟག་པ་རྣམས་ལས་དེ་བཞིན་གཤེགས་པའི་སེམས་རྣམ་པར་གྲོལ་ བས་ཉོན་མོངས་པ་ལ་སྤྱོད་པའི་བག་ཆགས་ཐམས་ཅད་ལེགས་པར་བཅོམ་སྟེ། དེའི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་ནས་དེ་བཞིན་གཤེགས་པ་ཟག་པ་ཟད་པ་ཞེས་བྱའོ། ། དོན་དམ་པར་ན་ནི་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་མདུན་ན་གང་ཡོངས་ སུ་ཤེས་པར་བྱ་བའམ་སྤང་བར་བྱ་བའམ། བསྒོམ་པར་བྱ་བའམ་མངོན་སུམ་དུ་བྱ་བར་འགྱུར་བའི་ཆོས་གང་ཡང་མི་གནས་སོ། ། དེ་ཅིའི་ཕྱིར་ཞེ་ན། གང་ཟད་པ་ཞེས་བྱ་བ་དེ་ནི་ནམ་དུ་ཡང་མི་ཟད་པ་ཡིན་ནོ། ། དེ་ནི་ཤིན་ཏུ་ཟད་པ་ཉིད་ཡིན་གྱི་གཉེན་པོས་ཟད་པ་ཞེས་ནི་མི་བྱ་སྟེ། དེ་ནི་ཇི་ལྟ་བ་བཞིན་དུ་ཟད་པའོ། །
BO
ཇི་ལྟ་བ་བཞིན་དུ་ཟད་པ་གང་ཡིན་པ་དེ་ལ་ཟད་པ་གང་ཡང་མེད་དོ། ། གང་ལ་ཟད་པ་གང་ཡང་མེད་པ་དེ་འདུས་མ་བྱས་པའོ། ། འདུས་མ་བྱས་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད། འཇིག་པ་མེད། གནས་པ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ ཡང་རུང་སྟེ། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དེ་ནི་གནས་པ་ཉིད་དོ། ། ཆོས་ཀྱི་དབྱིངས་དེ་ཇི་ལྟར་གནས་པ་དེ་བཞིན་དུ་དེ་ལ་ཡེ་ཤེས་ཞུགས་ཏེ། ཇི་ལྟར་འཇུག་པ་མེད་པ་དང་། ལྡོག་པ་མེད་པ་དེ་ལྟར་ཞུགས་སོ། ། དེ་ལྟ་བུའི་ཆོས་ཀྱི་ཚུལ་གྱིས་ཟག་པ་དང་། ཟག་པ་སྤོང་བ་མི་ དམིགས་ཏེ། དེ་བཞིན་གཤེགས་པ་ནི་ཐུགས་རྗེ་ཆེན་པོ་ལ་གནས་ནས་སེམས་ཅན་རྣམས་ཀྱི་ཟག་པ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཅུ་གཉིས་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། རྒྱལ་བས་ འདོད་པའི་ཟག་པ་སྤངས་པས་ན། འདོད་ཆགས་བག་ཆགས་ཕྱིས་ནི་ཡོད་མ་ཡིན། ། མི་དབང་སྲིད་པ་ཀུན་ལས་རྣམ་གྲོལ་བས། ། དེ་ཡི་ཉེས་པ་མ་ལུས་ཡང་དག་འཆད། ། བདེ་གཤེགས་རིག་པ་ཀུན་ལ་གནས་པས་ན། ། དེ་ཡི་གཏི་མུག་ལྷག་མ་མ་ལུས་བྲལ། ། མི་ཡི་སེང་གེ་ ལྟ་བ་ཀུན་དང་བྲལ། །
BO
དེས་ནི་ཉོན་མོངས་སྤྱོད་པའི་བག་ཆགས་མེད། ། ཀུན་གྱིས་ཟག་པ་ཟད་པ་འཐོབ་འགྱུར་བར། ། རྒྱལ་བ་ཀུན་རྫོབ་ཏུ་ནི་ཆོས་སྟོན་ཏོ། ། གང་ཞིག་འཕེལ་བ་དང་ནི་ཟད་འགྱུར་བ། ། ཆོས་དེ་དམ་པའི་དོན་དུ་ཡོད་མ་ཡིན། ། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། ། སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། ། ཟད་པ་གང་ཡིན་དེ་ནི་འདུས་མ་བྱས། ། དེ་ལ་མཚན་ཉིད་གསུམ་ནི་ཡོད་མ་ཡིན། ། དབྱིངས་དེ་གནས་པ་ཡིན་ཏེ་འགྱུར་བ་མེད། ། དབང་གི་ཕ་རོལ་སོན་པས་ཆོས་རྣམས་མཁྱེན། ། དེ་དག་ཤེས་ནས་དེ་བཞིན་ཆོས་སྟོན་ཏེ། ། འདི་ནི་རྒྱལ་ བའི་འཕྲིན་ལས་བཅུ་གཉིས་པ། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་བར་དུ་གཅོད་པའི་ཆོས་རྣམས་མཚུངས་པར་བར་དུ་གཅོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་གང་གིས་ཀྱང་ཆོས་འདི་དག་བར་དུ་གཅོད་ པར་མི་འགྱུར་རོ་ཞེས་ཆོས་དང་འཐུན་པས་དེ་བཞིན་གཤེགས་པ་ལ་རྒོལ་མི་ནུས་སོ། ། དེ་ལ་བར་དུ་གཅོད་པའི་ཆོས་རྣམས་གང་ཞེ་ན། བར་དུ་གཅོད་པར་འགྱུར་བའི་ཆོས་གཅིག་སྟེ། གཅིག་གང་ཞེ་ན་འདི་ལྟ་སྟེ། དང་བ་མེད་པའི་སེམས་སོ། ། བར་དུ་གཅོད་པའི་ཆོས་ གཉིས་ཏེ། གཉིས་གང་ཞེ་ན།
BO
འདི་ལྟ་སྟེ་ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པའོ། ། བར་དུ་གཅོད་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན་འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་སྟེ། གསུམ་ པོ་འདི་དག་གོ། ། བར་དུ་གཅོད་པར་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། འགྲོ་བ་མ་ཡིན་པར་འགྲོ་བ་བཞི་སྟེ། འདུན་པས་འགྲོ་བ་མ་ཡིན་པར་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་མ་ཡིན་པར་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་མ་ཡིན་པར་འགྲོ་བ་དང་། འཇིགས་པས་འགྲོ་བ་མ་ཡིན་པར་འགྲོ་བ་སྟེ། བཞི་པོ་འདི་དག་གོ། ། བར་དུ་གཅོད་པར་འགྱུར་བའི་ཆོས་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། {བརྫུན་,རྫུན་}དུ་སྨྲ་བ་དང་། ཆང་འཐུང་བ་སྟེ། ལྔ་པོ་འདི་དག་གོ། ། བར་དུ་གཅོད་པར་འགྱུར་བའི་ཆོས་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་མ་གུས་པ་ཡིན། ཆོས་ལ་མ་གུས་པ་ཡིན། དགེ་འདུན་ལ་མ་གུས་པ་ཡིན། བསླབ་པ་ལ་མ་གུས་པ་ཡིན། ཏིང་ངེ་འཛིན་ལ་མ་གུས་པ་ཡིན། གདིང་བ་ལ་མ་ གུས་པ་ཡིན་ཏེ། དྲུག་པོ་འདི་དག་གོ། །
BO
བར་དུ་གཅོད་པར་འགྱུར་བའི་ཆོས་བདུན་ཏེ། བདུན་གང་ཞེ་ན་འདི་ལྟ་སྟེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། {ཆུང་ཟད་,ཅུང་ཟད་}སྙམ་པའི་ང་ རྒྱལ་དང་། ལོག་པའི་ང་རྒྱལ་ཏེ། བདུན་པོ་འདི་དག་གོ། ། བར་དུ་གཅོད་པར་འགྱུར་བའི་ཆོས་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ལོག་པའི་ལྟ་བ་དང་། ལོག་པའི་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་ རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་ཏེ། བརྒྱད་པོ་འདི་དག་གོ། ། བར་དུ་གཅོད་པར་འགྱུར་བའི་ཆོས་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། བདག་ལ་གནོད་པ་བྱས་སོ་བྱེད་དོ། ། བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པ་དང་། བདག་ གི་མཛའ་བོ་གང་ཡིན་པ་དེ་ལ་གནོད་པ་བྱས་སོ། ། བྱེད་དོ། ། བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པ་དང་། བདག་དང་མི་མཛའ་བ་གང་ཡིན་པ་དེའི་དོན་བྱས་སོ། ། བྱེད་དོ། ། བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པ་སྟེ་དགུ་པོ་འདི་དག་གོ། །
BO
བར་ དུ་གཅོད་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡིན་ནོ། ། བཅུ་གང་ཞེ་ན་འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། {བརྫུན་,རྫུན་}དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་ པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ཀུན་དུ་སྦྱོར་བར་འགྱུར་བའི་ཆོས་རྣམས་རོ་མྱང་བ་ལ་རྗེས་སུ་ལྟ་ཞིང་གནས་པ་དང་། ཕྱིན་ཅི་ལོག་དང་ལྡན་པ་དང་། སྒྲིབ་པས་ཀུན་ ནས་དཀྲིས་པ་དང་། སྲིད་པ་དང་ལྟ་བ་ལ་མངོན་པར་ཞེན་པའི་ཟང་ཟིང་དང་བཅས་པ་དང་། ཕུང་པོ་དང་བཅས་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་བར་དུ་གཅོད་པའི་ཆོས་སུ། དེ་བཞིན་གཤེགས་པས་མཁྱེན་ཅིང་བར་དུ་གཅོད་ པར་འགྱུར་རོ་ཞེས་དེ་བཞིན་གཤེགས་པ་དེ་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་ཏེ། འདི་དག་ནི་བར་དུ་གཅོད་པར་འགྱུར་བའི་ཆོས་རྣམས་སོ། ། བར་དུ་གཅོད་པར་འགྱུར་བའི་ཆོས་དེ་དག་ཞི་བར་བྱ་བ་དང་། ཉེ་བར་ཞི་བར་བྱ་བ་དང་། སྤང་བར་བྱ་བའི་ཕྱིར།
BO
དེ་བཞིན་ གཤེགས་པས་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཅུ་གསུམ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། རྒྱལ་བ་ཡིས་ནི་ཆོས་གང་རྗེས་རྟོགས་པ། ། དེ་དག་བསྟེན་ན་རྣམ་པར་གྲོལ་མི་འཐོབ། ། གང་ལ་དད་པ་སྤང་བ་ཡོད་པ་ དང་། ། གང་ལ་ངོ་ཚ་ཁྲེལ་ལྟས་{ཆུང་ཟད་,ཅུང་ཟད་}མེད། ། དེ་བཞིན་ལུས་དང་ངག་དང་སེམས་སྡོམ་པ། ། གང་དག་ལ་ནི་ནམ་ཡང་མེད་པ་དང་། ། འདུན་པ་དང་ནི་ཞེ་སྡང་གཏི་མུག་ནས། ། སྲོག་གཅོད་གཞན་གྱི་ལོངས་སྤྱོད་འཇིག་པའི་བདག ། གཞན་གྱི་ཆུང་མ་{བརྫུན་,རྫུན་}སྨྲ་དེ་བཞིན་ཆང་། ། མ་ གུས་དྲུག་པོ་དག་དང་ང་རྒྱལ་བདུན། ། ལོག་པ་བརྒྱད་ནི་གང་ཡིན་དེ་དག་ཀྱང་། ། ཐམས་ཅད་རྣམ་པར་གྲོལ་བའི་ལམ་གྱི་བགེགས། ། ཀུན་ནས་མནར་སེམས་དངོས་པོ་དགུར་གསུངས་དང་། ། མི་དགེ་བཅུ་པོའི་ལས་ཀྱི་ལམ་རྣམས་དང་། ། གང་ཡང་ཚུལ་བཞིན་མི་ལྡན་དེ་དག་ལ། ། མངོན་པར་ཤེས་དང་ཐར་པ་ནམ་ཡང་མེད། ། དེ་དག་ཕྱིན་ཅི་ལོག་དང་ལྡན་པ་དང་། ། མཐར་ཞེན་ཡང་དག་མ་ཡིན་ཆགས་རིག་ནས། ། ཆོས་རྣམས་འདི་དག་རྣམ་པར་སྤང་བའི་ཕྱིར། ། རྒྱལ་བ་དབང་པོ་བྱམས་པས་འཆད་པ་མཛད། །
BO
རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ འཕགས་པའི་ངེས་པར་འབྱུང་བའི་ལམ་ནི་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་འཕགས་པའི་ངེས་པར་འབྱུང་བའི་ལམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དེ་ལ་བསྟེན་ན་སེམས་ཅན་རྣམས་ངེས་པར་འབྱུང་བ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ གང་གིས་ཀྱང་འདི་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་ཆོས་དང་འཐུན་པས་དེ་བཞིན་གཤེགས་པ་ལ་རྒོལ་མི་ནུས་སོ། ། ངེས་པར་འབྱུང་བའི་ལམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བའི་བགྲོད་པ་གཅིག་པུའི་ལམ་མོ། ། ངེས་པར་འབྱུང་བའི་ ལམ་གྱི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་དང་། ལྷག་མཐོང་ངོ་། ། ངེས་པར་འབྱུང་བའི་ལམ་གྱི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། གསུམ་པོ་འདི་དག་གོ། ། ངེས་པར་འབྱུང་བའི་ལམ་གྱི་ཆོས་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་སུ་གཏོགས་པའི་དྲན་པ་དང་། ཚོར་བར་གཏོགས་པ་དང་། སེམས་སུ་གཏོགས་པ་དང་། ཆོས་སུ་གཏོགས་པའི་དྲན་པ་སྟེ།
BO
དེ་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དང་། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དང་། ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དང་། ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ནང་དང་ཕྱིའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་། ནང་དང་ཕྱིའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དང་། ནང་གི་ཆོས་དང་། ཕྱིའི་ཆོས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟེ། བཞི་པོ་འདི་དག་གོ། ། ངེས་པར་འབྱུང་བའི་ལམ་གྱི་ཆོས་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། ལྔ་པོ་འདི་དག་གོ། ། ངེས་པར་འབྱུང་བའི་ལམ་གྱི་ཆོས་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་།
BO
ལྷ་རྗེས་སུ་དྲན་པ་སྟེ་དྲུག་པོ་འདི་དག་གོ། ། ངེས་པར་འབྱུང་བའི་ལམ་གྱི་ཆོས་བདུན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བདུན་པོ་འདི་དག་གོ། ། ངེས་པར་འབྱུང་བའི་ལམ་གྱི་ཆོས་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་ པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། བརྒྱད་པོ་འདི་དག་གོ། ། ངེས་པར་འབྱུང་བའི་ལམ་གྱི་ཆོས་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་དང་པོ་དང་། བསམ་ གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་།
BO
རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་སྟེ། དགུ་པོ་འདི་དག་གོ། ། ངེས་པར་འབྱུང་བའི་ལམ་གྱི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། ། དེ་དག་ཀྱང་ གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པ་ལ་ལོག་པར་གཡེམ་པ་སྤོང་བ་དང་། {བརྫུན་,རྫུན་}དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ངག་རྩུབ་པོ་སྤོང་བ་དང་། ཚིག་ཀྱལ་པ་སྤོང་བ་དང་། བརྣབ་སེམས་སྤོང་བ་དང་། གནོད་སེམས་སྤོང་བ་ དང་། ལོག་པར་ལྟ་བ་སྤོང་བ་སྟེ། ངེས་པར་འབྱེད་པའི་ལམ་གྱི་ཆོས་བཅུ་པོ་འདི་དག་གོ། ། དེ་ལྟར་ཇི་ཙམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དགེ་བ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པའམ། ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པའམ། ཤེས་རབ་ཀྱི་ཕུང་པོ་དང་ལྡན་པའམ། རྣམ་ པར་གྲོལ་བའི་ཕུང་པོ་དང་ལྡན་པའམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པའམ།
BO
འཕགས་པའི་བདེན་པ་དང་ལྡན་པ་དེ་ཡང་ངེས་པར་འབྱུང་བའི་ལམ་ཞེས་བྱའོ། ། གཞན་ཡང་ངེས་པར་འབྱུང་བའི་ལམ་ཞེས་བྱ་བ་ནི་གང་ཡང་ཡང་དག་པར་སྒྲུབ་པའོ། ། ཡང་དག་པར་སྒྲུབ་པ་གང་ཡིན་པ་དེ་ལ་ནི་སོགས་པའམ། མི་སོགས་པའམ། བླང་བའམ། དོར་བའམ། གཟུང་བའམ། སྤོང་བའི་ཆོས་གང་ཡང་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་ཞུགས་པ་ནི་གཉིས་ལ་བློ་མི་འཇུག་སྟེ། ཆོས་ཐམས་ཅད་གཉིས་སུ་མེད་ པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱིས་མཐོང་བ་ནི་ངེས་པར་འབྱུང་བའི་ལམ་སྟེ། དེ་བཞིན་གཤེགས་པ་ངེས་པར་འབྱུང་བའི་ལམ་དེ་སེམས་ཅན་རྣམས་ལ་ཡང་དག་པར་སྟོན་ཏོ། ། དེ་ལ་སྟེན་ན། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ཕྱིར་སེམས་ཅན་ རྣམས་ངེས་པར་འབྱུང་སྟེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཅུ་བཞི་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། གང་སྦྱངས་བདེ་བ་ཚད་མེད་འགྱུར་བ་དང་། གང་བསྟེན་པས་ན་མིས་ནི་ཞི་རིག་པ། ། ཐམས་ཅད་རྒྱལ་བས་མཁྱེན་ཏེ་རང་ཐོས་ཤིང་། ། མཁྱེན་ ནས་འཆི་མེད་འགྲོ་བའི་ཆོས་སྟོན་ཏོ། ། རྒྱལ་བས་བསྔགས་པ་དགེ་བ་བྱང་ཆུབ་ཕྱོགས། ། དགེ་ཆོས་མང་པོ་ཇི་སྙེད་ཡོད་པ་དག །
BO
བློ་གྲོས་ཅན་གྱིས་བསྟེན་ན་མི་འགྲོལ་བའི། ། གནས་མེད་ཅེས་ནི་བདེ་བར་གཤེགས་པས་བཤད། ། ཡང་དག་ཆོས་ལ་མཁས་དང་ཡང་དག་ལྡན། ། ཚུལ་བཞིན་གྱིས་ནི་ཉོན་མོངས་རྒྱ་ཆེན་ཞི། ། ཆོས་མིན་མ་ཞེན་ཆོས་ལའང་མ་ཡིན་པ། ། དེ་ནི་རྣམ་གྲོལ་ནད་མེད་ཞི་ལ་རེག ། རྟེན་ལ་མཁས་པ་གང་ཞིག་ཆོས་རྣམས་ལ། ། གསོབ་གསོག་ཡ་མ་བརླ་དང་མཁའ་འདྲ་དང་། ། སྒྱུ་མའི་གཟུགས་མཚུངས་རྨི་ལམ་འདྲར་རྟོག་པ། ། དེ་ནི་སྲིད་པའི་ མཚོ་ལས་ཐར་བར་འགྱུར། ། འདི་ནི་དྲང་སྲོང་རྒྱལ་པོ་ཐུབ་པའི་ལས། ། སྙིང་རྗེ་བསྐྱེད་ནས་སྐྱེ་བོ་མྱོས་པ་དང་། ། གང་ཕྱིར་སྲིད་པའི་འཁོར་ལོ་ལས་འགྲོལ་བ། ། དེ་ཕྱིར་དེ་དག་འདྲེ་བ་མེད་པ་ཡིན། ། རིགས་ཀྱི་བུ་གཞན་ཡང་གང་གི་ཕྱིར་དེའི་ལུས་འཁྲུལ་བས་བྱིས་པའམ། མཁས་པས་ ཀྱང་རུང་སྟེ། ཆོས་དང་འཐུན་པས་རྒོལ་བར་འགྱུར་བའི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུའི་འཕྲིན་ལས་འཁྲུལ་པ་མེད་པ་དང་ལྡན་པ་སྟེ། ཀུན་དུ་གཟིགས་པ་དང་། རྣམ་པར་གཟིགས་པ་དང་། བསྐུམ་ པ་དང་། སྨྱང་བ་དང་། ཆོས་གོས་སྣམ་སྦྱར་དང་། ཐང་བ་དང་། ལྷུང་བཟེད་དང་།
BO
ཆོས་གོས་ཐོགས་པས་སྤྱོད་ལམ་མཛེས་པ། བཞུད་པ་དང་། བྱོན་པ་དང་། འཆག་པ་དང་། བཞེངས་པ་དང་། བཞུགས་པ་དང་། གཟིམས་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་ འཇུག་པ་དང་། འབྱུང་བ་ན་ཞབས་ཀྱི་མཐིལ་ས་ལ་མི་རེག་སྟེ། འཁོར་ལོ་རྩིབས་སྟོང་པ་ས་ལས་འབྱུང་ཞིང་དྲི་ཡིད་དུ་འོང་བའི་པད་མ་མངོན་པར་འབྱུང་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཞབས་འཇོག་གོ། ། དེ་ལ་གང་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་གང་དག་དེ་བཞིན་ གཤེགས་པའི་ཞབས་ལ་རེག་པ་དེ་དག་ཞག་བདུན་རབ་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། ། ཤི་འཕོས་ན་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། ། དེ་བཞིན་གཤེགས་པའི་སྐུ་ལ་ཆོས་གོས་སོར་བཞི་ཙམ་གྱིས་མི་རེག་མོད་ཀྱི། རྣམ་པར་འཐོར་རླུང་གི་རླུང་གིས་ཀྱང་བཟློག་པར་ མི་ནུས་སོ། ། སྐུའི་འོད་ཀྱིས་མནར་མེད་པའི་བར་གྱི་སེམས་ཅན་བདེ་བར་བྱེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ལ་འཁྲུལ་པ་མེད་ཅེས་བྱའོ། ། རིགས་ཀྱི་བུ་ཡང་གང་གི་ཕྱིར་དེའི་གསུང་གི་འཁྲུལ་པས་བྱིས་པའམ་མཁས་པས་ཀྱང་རུང་སྟེ། ཆོས་དང་འཐུན་པས་རྒོལ་བར་འགྱུར་ བའི་གསུང་གི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ།
BO
། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་དུས་སུ་གསུང་བ། ཚིགས་སུ་གསུང་བ། ཡང་དག་པར་གསུང་བ། བདེན་པར་གསུང་བ། ཇི་སྐད་གསུངས་པ་དེ་བཞིན་དུ་མཛད་པའོ། ། ཤིན་ཏུ་ངེས་པའི་ ཚིག་དང་ལྡན་པའོ། ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཚིག་དང་ལྡན་པའོ། ། མི་ཟློས་པའི་ཚིག་དང་ལྡན་པའོ། ། དོན་དང་ཚིག་འབྲུས་བརྒྱན་པའི་ཚིག་དང་ལྡན་པའོ། ། སྐད་ཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པ་སྟེ། དེའི་ཕྱིར་དེ་ བཞིན་གཤེགས་པའི་གསུང་འཁྲུལ་པ་མེད་ཅེས་བྱའོ། ། རིགས་ཀྱི་བུ་ཡང་གང་གི་ཕྱིར་དེའི་ཐུགས་འཁྲུལ་པས་བྱིས་པའམ། མཁས་པས་ཀྱང་རུང་སྟེ། ཆོས་དང་འཐུན་པས་རྩོད་པར་འགྱུར་བའི་སེམས་ཀྱི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ ལྟར་དེ་བཞིན་གཤེགས་པ་ནི་མཉམ་པར་གཞག་པའི་གནས་མི་འདོར་ཞིང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་ཀྱང་སེམས་དེར་མི་གཏོང་ཞིང་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་ཀྱི་མཐོང་བ་འཇུག་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་སེམས་ འཁྲུལ་པ་མེད་ཅེས་བྱའོ། །
BO
ཇི་ལྟར་དེའི་སེམས་འཁྲུལ་པ་མེད་པ་དེ་བཞིན་དུ་འཁྲུལ་པ་ཐམས་ཅད་སེལ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་{བཅྭ་,བཅོ་}ལྔ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། སྐུ་དང་གསུང་དང་ ཐུགས་ཀྱི་འཁྲུལ་པ་དག ། རྣམ་པར་འདྲེན་ལ་ཅུང་ཟད་ཡོད་མ་ཡིན། ། འཇིག་རྟེན་མགོན་པོ་ཁ་ན་མ་ཐོ་མེད། ། འཁྲུལ་མེད་འགྲོ་ལ་ཕན་བྱེད་ཀུན་ནས་གཟིགས། ། ཇི་ལྟར་རྒྱལ་བ་ཅུང་ཟད་འཁྲུལ་མེད་པ། ། དེ་ལྟར་ཆོས་མཆོག་ཞི་བ་འགྲོ་ལ་སྟོན། ། འཁྲུལ་པ་འདི་དག་ཐམས་ ཅད་རྣམ་སྤངས་པ། ། འདི་ནི་རྒྱལ་བའི་འཕྲིན་ལས་{བཅྭ་,བཅོ་}ལྔ་པ། ། རིགས་ཀྱི་བུ་གཞན་ཡང་དེའི་ཅ་ཅོ་གང་ལས་བདུད་དམ། བདུད་ཀྱི་རིས་ཀྱི་ལྷའམ། གཞན་མུ་སྟེགས་ཅན་དག་གིས་གླགས་རྙེད་པར་འགྱུར་བའི་ཅ་ཅོ་དེ་བཞིན་གཤེགས་པ་ལ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ གཤེགས་པ་ལ་ཅ་ཅོ་འམ་རྗེས་སུ་ཅ་ཅོ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ་སྟེ། སེམས་ཅན་ཐམས་ཅད་ཀྱིས་བཀུར་སྟི་བྱས་ཀྱང་མ་ཐོས་པར་མི་སེམས།
BO
སེམས་ཅན་ཐམས་ཅད་ཀྱིས་བཀུར་སྟི་མ་བྱས་ཀྱང་སྲོ་ཤི་ བར་མི་འགྱུར་རོ། ། གང་གི་ཕྱིར་དེ་འགྱོད་པས་རྗེས་སུ་ཅ་ཅོ་འབྱུང་བར་འགྱུར་བ་བྱ་དཀའ་བའི་བྱ་བའམ། མཐར་མ་ཕྱིན་པ་ཅུང་ཟད་ཀྱང་དེ་བཞིན་གཤེགས་པ་ལ་མེད་དོ། ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་གང་དང་ཡང་རྩོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཅ་ ཅོ་མེད་དོ། ། དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་མེད་པ་ལ་གནས་པ་སྟེ། ངའི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ། ལེན་པ་མེད་པ། མདུད་པ་ཐམས་ཅད་དང་བྲལ་བ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་དོ། ། ཇི་ལྟར་དེ་ལ་ཅ་ཅོ་མེད་པ་དེ་བཞིན་དུ་སེམས་ཅན་ ཐམས་ཅད་ཀྱི་ཅ་ཅོ་ཐམས་ཅད་སྤང་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཅུ་དྲུག་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། བསྔགས་པ་ཐོས་ཀྱང་མ་ཐོས་པར་སེམས་པ་མེད། ། མི་བསྔགས་ཐོས་ཀྱང་སྲོ་ཤིར་མི་འགྱུར་ཏེ། ། རྗེས་སུ་ འཆགས་དང་ཁོང་ཁྲོར་འགྱུར་བ་མེད། ། སྔོན་སྤྱོད་ལེགས་པར་སྤྱད་པ་སྨད་པ་མིན། ། རྒྱལ་བས་ཉོན་མོངས་མེད་པ་རྟག་ཏུ་བསྒོམས། ། དེ་ལ་ང་ཡི་མེད་ཅིང་འཛིན་མདུད་མེད། །
BO
ཇི་ལྟར་གནས་པ་དེ་ལྟར་ཆོས་སྟོན་ཏེ། ། འདི་ནི་བདེན་པ་མཐོང་བའི་ལམ་གྱི་མཆོག ། རིགས་ཀྱི་བུ་ གཞན་ཡང་བསྙེལ་བ་གང་གིས་ཆོས་གང་ལ་ཡང་རྨོངས་པར་འགྱུར་བའི་བསྙེལ་བ་དེ་བཞིན་གཤེགས་པ་ལ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་བསྙེལ་བ་ མེད་དོ། ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། གཡོ་བ་ལ་རྣམ་པར་ལྟ་ཞིང་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ལ་བསྙེལ་བ་མེད་དོ། ། དེ་བཞིན་གཤེགས་པ་ནི་དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ རྣམས་ལ་བསྙེལ་བ་མེད་དོ། ། དེ་བཞིན་གཤེགས་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ལ་བསྙེལ་བ་མེད་དོ། ། དེ་བཞིན་གཤེགས་པ་ཇི་ལྟར་བདག་བསྙེལ་བ་མེད་པ་དེ་ལྟར་སེམས་ཅན་ཐམས་ཅད་བརྗེད་པར་མི་འགྱུར་ བར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཅུ་བདུན་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། ཆོས་དང་ཡེ་ཤེས་རྣམ་ཐར་སྤྱོད་ཡུལ་ལ། །
BO
རྣམ་པར་འདྲེན་པ་བསྙེལ་བ་མེད་པ་སྟེ། ། བསམ་པ་ཇི་བཞིན་ཆོས་རྣམས་བསྟན་པའི་ཕྱིར། ། སེམས་ཅན་བསམ་པ་རྣམས་ལ་སྤྱོད་མཐའ་ཡས། ། སོ་སོ་ཡང་དག་རིག་ལ་བསྙེལ་བ་མེད། ། དུས་གསུམ་ལ་ནི་ཡེ་ཤེས་བསྒྲིབས་པ་མེད། ། ཇི་ལྟར་མི་བསྙེལ་དེ་ལྟར་ཆོས་སྟོན་ཏེ། ། འདི་ནི་སྐྱེས་མཆོག་རྣམས་ཀྱི་འཕྲིན་ལས་ཡིན། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་ གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་མེད་དོ། ། དེ་བཞིན་གཤེགས་པ་ནི་འཆག་གམ། བཞེངས་སམ། བཞུགས་སམ། གཟིམས་སམ། བཤོས་གསོལ་ལམ། གསུང་ངམ། ཅང་མི་གསུང་ཡང་རུང་སྟེ། རྟག་ཏུ་མཉམ་པར་བཞག་པ། ཏིང་ངེ་ འཛིན་ཟབ་མོའི་མཆོག་ཐོབ་པ། སྒྲིབ་པ་མེད་པའི་བསམ་གཏན་ལ་བསམ་གཏན་བྱེད་པ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་མ་གཏོགས་པར་སེམས་ཅན་གྱི་རིས་ན་སེམས་ཅན་གང་མཉམ་པར་བཞག་ཀྱང་རུང་མཉམ་པར་མ་བཞག་ཀྱང་རུང་སྟེ། སུ་ཡང་དེ་བཞིན་གཤེགས་ པའི་སེམས་ལ་ལྟ་བར་ནུས་པ་མེད་དོ། ། དེ་བཞིན་གཤེགས་པ་ཇི་ལྟར་རྟག་ཏུ་མཉམ་པར་གཞག་པ་དེ་ལྟར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཏིང་ངེ་འཛིན་ལས་མི་གཡེང་བར་བྱ་བའི་ཕྱིར་ཆོས་སྟོན་ཏེ།
BO
འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་{བཅྭ་,བཅོ་} བརྒྱད་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། བཞེངས་སམ་བཞུགས་སམ་གཟིམས་སམ་འཆག་པ་རྣམས་སུ་ཡང་། ། སངས་རྒྱས་སེམས་ནི་མཉམ་པར་མ་བཞག་ནམ་ཡང་མེད། ། མི་གསུང་བཞུགས་དང་གསུང་བ་དང་ནི་བཤོས་གསོལ་དང་། ། རྒྱལ་བ་མཉམ་པར་བཞག་ལ་ གཡེང་བ་མི་དམིགས་སོ། ། གང་ཞིག་བདེ་གཤེགས་མཉམ་པར་བཞག་པའི་སེམས་ཤེས་པ། ། གང་ཟག་དེ་ནི་ཕྱོགས་བཅུ་དག་ནའང་ཡོད་མ་ཡིན། ། དེ་ནི་ཇི་ལྟར་མཉམ་བཞག་དེ་ལྟར་འགྲོ་བ་ལ། ། རྟག་ཏུ་ཆོས་རྣམས་སྟོན་ཏེ་འདི་ནི་རྒྱལ་བའི་ལས། ། རིགས་ཀྱི་བུ་གཞན་ཡང་ ཐ་དད་པའི་འདུ་ཤེས་གང་གིས་སེམས་མི་མཉམ་པར་གནས་པར་འགྱུར་བའི་ཐ་དད་པའི་འདུ་ཤེས་དེ་བཞིན་གཤེགས་པ་ལ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་བཞིན་དུ་ཞིང་མི་ཟད་པའི་ཕྱིར་དེ་བཞིན་གཤེགས་པ་ཞིང་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་དོ། ། རང་བཞིན་ གྱིས་བདག་མེད་པའི་ཕྱིར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་དོ། ། ཆོས་ཀྱི་དབྱིངས་འདྲེས་པ་མེད་ཅིང་མཉམ་པ་ཉིད་དུ་ཤེས་པའི་ཕྱིར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་དོ། །
BO
འདོད་ཆགས་དང་བྲལ་བའི་ ཆོས་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཆོས་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་དོ། ། དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཡང་རྗེས་སུ་ཆགས་པ་མེད། ཚུལ་ཁྲིམས་འཆལ་པ་རྣམས་ལ་ཡང་ཁོང་ཁྲོ་བ་མེད། ཕན་བཏགས་པ་རྣམས་ལ་ཡང་ལན་དུ་ ཕན་འདོགས་པ་མེད། གནོད་པ་བྱས་པ་རྣམས་ལ་ཡང་ལན་དུ་གནོད་པ་བྱེད་པ་མེད། འདུལ་བར་འོས་པ་རྣམས་ལ་ཡང་མཉམ་པ་ཉིད་དུ་མ་ཡིན། ལོག་པར་ངེས་པ་རྣམས་ལ་ཡང་སྨོད་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་ཅེས་བྱའོ། ། ཇི་ལྟར་དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཐ་དད་པའི་འདུ་ཤེས་སྤང་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ བཅུ་དགུ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། ཞིང་དང་སེམས་ཅན་དེ་བཞིན་ཆོས་རྣམས་ལ། ། ཐ་དད་འདུ་ཤེས་བདེ་བར་གཤེགས་པ་མེད། ། མཉམ་ཉིད་གནས་ཤིང་གྲགས་པ་ཆེ་རྣམས་ལ། ། ཐ་དད་འདུ་ཤེས་ནམ་ཡང་ཡོད་མ་ཡིན། ། ཁྲིམས་ལྡན་ཁ་ན་མ་ཐོ་མེད་པའི་ཁྲིམས། །
BO
སེམས་ཅན་འདུལ་བའི་འོས་དང་གདུལ་དཀའ་བ། ། དེ་ལ་རྐང་གཉིས་དམ་པ་སེམས་མཉམ་སྟེ། ། སེམས་ཅན་ཐ་དད་འཛིན་པ་ཐར་བར་བྱེད། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ གཤེགས་པའི་བཏང་སྙོམས་ནི་ལམ་བསྒོམས་པ་ཡིན་གྱི། ལམ་མ་བསྒོམས་པ་མ་ཡིན་ཏེ། ལུས་བསྒོམས་པ། སེམས་བསྒོམས་པ། ཚུལ་ཁྲིམས་བསྒོམས་པའོ། ། དེ་བཞིན་གཤེགས་པའི་བཏང་སྙོམས་ནི་ཤེས་རབ་བསྒོམས་པ་ཡིན་གྱི། མ་བསྒོམས་པ་མ་ཡིན་ནོ། ། དེ་ བཞིན་གཤེགས་པའི་བཏང་སྙོམས་ནི་ཡེ་ཤེས་དང་ལྡན་པ་ཡིན་གྱི། གཏི་མུག་དང་ལྡན་པ་མ་ཡིན་ནོ། ། དེ་བཞིན་གཤེགས་པའི་བཏང་སྙོམས་ནི་འཇིག་རྟེན་ལས་འདས་པ་ཡིན་གྱི། འཇིག་རྟེན་པར་ལྟུང་བ་མ་ཡིན་ནོ། ། དེ་བཞིན་གཤེགས་པའི་བཏང་སྙོམས་ནི་འཕགས་པ་ངེས་ པར་འབྱུང་བ་ཡིན་གྱི། འཕགས་པ་མ་ཡིན་པ་ངེས་པར་མི་འབྱུང་བ་མ་ཡིན་ནོ། ། དེ་བཞིན་གཤེགས་པའི་བཏང་སྙོམས་ནི་ཆོས་ཀྱི་འཁོར་ལོ་སྐོར་བ་སྟེ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང་བྲལ་བ་མ་ཡིན་ནོ། ། དེ་བཞིན་གཤེགས་པའི་བཏང་སྙོམས་དེ་ནི་རང་གི་ཚུལ་ གྱིས་སྒྲུབ་པ་སྟེ་གཉེན་པོའི་རྗེས་སུ་སོང་བ་མ་ཡིན།
BO
མཐོ་བར་སེམས་པ་མ་ཡིན། དམའ་བར་སེམས་པ་མ་ཡིན་ཏེ། གནས་པ་མི་གཡོ་བར་གྱུར་པ། དམིགས་པ་དང་བྲལ་བ། རྟོག་པ་དང་སེལ་བ་ལས་ཤིན་ཏུ་འདས་པ། དུས་ལ་ལྟ་བ། དུས་ལས་མ་ཡོལ་བ། མི་གཡོ་བ། མི་སེམས་པ། མི་རྟོག་པ། རྣམ་པར་མི་རྟོག་པ། རྣམ་པར་མ་བསྒྲུབས་པ། བསྟན་དུ་མེད་པ། ཡང་དག་པ། དེ་ཁོ་ན། དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པ་ནི་བཏང་སྙོམས་ཆེན་པོ་དེ་ལྟ་བུ་ཕུན་སུམ་ཚོགས་པས་སེམས་ཅན་ཐམས་ཅད་ལ་བཏང་ སྙོམས་དེ་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། ལེགས་སྤྱད་ལམ་མཆོག་ཤིན་ཏུ་བསྒོམས་པའི་ཕྱིར། ། སོ་སོར་མ་བརྟགས་བཏང་སྙོམས་ཡོད་མ་ཡིན། ། གང་ཟག་མཆོག་ནི་ལུས་དང་དེ་བཞིན་སེམས། ། ཚུལ་ཁྲིམས་ཤེས་རབ་བདེན་པ་ཤིན་ཏུ་བསྒོམས། ། རྒྱལ་བ་རྗེས་སུ་ཆགས་དང་ཁོང་ཁྲོ་མེད། ། རྟོག་དང་རྣམ་པར་རྟོག་དང་རྣམ་བསྒྲུབས་མེད། ། བཏང་སྙོམས་ཡང་དག་དེ་བཞིན་གཞན་མ་ཡིན། ། དེ་ལྟར་ཡིན་ཡང་འགྲོ་བ་ཀུན་ལ་ འཆད། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་འདུན་པ་ཉམས་པ་མེད་དོ། །
BO
དེ་ལ་འདུན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་ལ་འདུན་པའོ། ། དེ་ཡང་གང་ཞེ་ན། བྱམས་པ་ཆེན་པོ་ལ་དེ་བཞིན་གཤེགས་པའི་འདུན་པ་ཉམས་པ་མེད་དོ། ། སྙིང་རྗེ་ཆེན་པོ་ལ་དེ་ བཞིན་གཤེགས་པའི་འདུན་པ་ཉམས་པ་མེད་དོ། ། ཆོས་སྟོན་པ་ལ་འདུན་པ་ཉམས་པ་མེད་དོ། ། སེམས་ཅན་འདུལ་བ་ལ་འདུན་པ་ཉམས་པ་མེད་དོ། ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་འདུན་པ་ཉམས་པ་མེད་དོ། ། རབ་ཏུ་དབེན་པ་ལ་འདུན་པ་ཉམས་པ་མེད་དོ། ། སེམས་ ཅན་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ལ་འདུན་པ་ཉམས་པ་མེད་དོ། ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་ལ་འདུན་པ་ཉམས་པ་མེད་དོ། ། དེ་བཞིན་གཤེགས་པ་ནི་འདུན་པས་འགྲོ་བ་མ་ཡིན་གྱི། དེ་བཞིན་གཤེགས་པའི་འདུན་པ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་ཉིད་ དེ། དེའི་ཕྱིར་དེ་བཞིན་གཤེགས་པའི་འདུན་པ་ཉམས་པ་མེད་ཅེས་བྱའོ། ། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་འདུན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་ཀྱང་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་གཅིག་པའོ། ། དེ་ལ་ འདི་སྐད་ཅེས་བྱའོ། ། རྒྱལ་བའི་འདུན་པ་རྟག་ཏུ་དགེ་བའི་ཆོས་ཀྱི་ཚུལ་ལ་འདོད་ཅིང་དགའ། །
BO
སེམས་ཅན་རབ་ཏུ་ཐར་བར་བྱ་ཕྱིར་བྱམས་དང་སྙིང་རྗེའི་ཆོས་ཀྱང་སྦྱིན། ། སེམས་ཅན་ཡོངས་སྨིན་བྱ་དང་ནགས་ཚལ་དགའ་ལ་མོས་པ་ཉམས་པ་མེད། ། རབ་ཏུ་མང་པོ་བྱང་ཆུབ་འཛིན་འཇུག་ དཀོན་མཆོག་གསུམ་གྱི་རྒྱུན་མི་གཅོད། ། འདོད་དང་ཞེ་སྡང་དང་ནི་འཇིགས་དང་གཏི་མུག་གིས་ནི་འགྲོ་མ་ཡིན། ། ཁྱད་པར་གྱུར་ནས་མཁས་དེ་ཤེས་པས་བྱས་པའི་ཆོས་ཀུན་རྟོགས་པར་འགྱུར། ། རྒྱལ་བ་སེམས་ཅན་འདུན་བྲལ་ལེ་ལོ་ཅན་དག་མཐོང་ནས་འདུན་ལ་སྦྱོར། ། གང་གིས་འགྲོ་ བ་འདུན་པའི་ལས་ནི་མཚུངས་པ་མེད་པའི་ཤེས་པས་རིག ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་བརྩོན་འགྲུས་ཉམས་པ་མེད་དོ། ། དེ་ལ་དེ་བཞིན་གཤེགས་པའི་བརྩོན་འགྲུས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདུལ་བའི་སེམས་ཅན་རྣམས་ཡལ་བར་མི་འདོར་བའི་བརྩོན་ འགྲུས་དང་། ཆོས་ཉན་པ་དག་ལ་བརྙས་པ་མེད་པའི་བརྩོན་འགྲུས་སོ། ། གལ་ཏེ་དེ་བཞིན་གཤེགས་པས་ཆོས་ཀྱི་སྣོད་ཆོས་ཉན་པ་གང་བསྐལ་པར་ཡང་ཆོས་ཉན་པས་སྐྱོ་བར་མི་འགྱུར་བ་རྙེད་ན་དེ་བཞིན་གཤེགས་པ་ཡང་ཆོས་སྟོན། ཁ་ཟས་དང་བྲལ་བའི་རྒྱུད་དུ་གྱུར་ཀྱང་བསྐལ་ པར་ཡང་མི་ལྡང་ངོ་། །
BO
དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་ལྟ་བས་ཐ་ན་གང་ན་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གཅིག་གི་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་ཞིང་བཞུད་དེ། དེ་བཞིན་གཤེགས་པ་ལ་སྐུ་མཉེལ་བའམ། གསུང་མཉེལ་བའམ། ཐུགས་མཉེལ་བ་མེད་དོ། ། དེ་བཞིན་གཤེགས་པ་ནི་སེམས་ཤིན་ཏུ་སྦྱངས་པ། བརྩོན་འགྲུས་བརྩམས་པ། བརྩོན་འགྲུས་ཀྱི་བསྔགས་པ་སྨྲ་བ་སྟེ། ཡང་དག་པར་སྦྱོར་བའི་བརྩོན་འགྲུས་གང་གིས་སེམས་ཅན་རྣམས་ཀྱིས་འཕགས་པའི་རྣམ་པར་གྲོལ་བ་ཐོབ་པར་ འགྱུར་བའི་བརྩོན་འགྲུས་དེ་སེམས་ཅན་རྣམས་ལ་བསྔགས་པར་བྱེད་དེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་གཉིས་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། བརྩོན་འགྲུས་གང་གིས་མི་ཡི་སེང་གེ་འཕགས་འགྱུར་བ། ། བརྩོན་འགྲུས་སྟོབས་དེའི་ བསྔགས་པ་རྟག་ཏུ་རྗོད་པར་བྱེད། ། བརྩོན་འགྲུས་སྟོབས་ནི་གང་དུའང་ཉམས་པ་ཡོད་མིན་ཏེ། ། སྣོད་དུ་གྱུར་པ་རྙེད་ནས་ཆོས་ཀྱང་སྟོན་པར་བྱེད། ། བདེ་བར་གཤེགས་ཀྱི་བརྩོན་འགྲུས་གནས་པ་ཡོད་མིན་ཏེ། ། ལུས་དང་ངག་དང་སེམས་ནི་གང་དུའང་སྐྱོ་བ་མེད། ། ཇི་ལྟར་རང་བྱུང་བརྩོན་ འགྲུས་ཀུན་དུ་སྡིག་མེད་པ། །
BO
དེ་ལྟར་བློ་སྦྱངས་སེམས་ཅན་ཡང་དག་འཛིན་དུ་འཇུག ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་དྲན་པ་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཉམས་པ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་བསྙེལ་བ་ མེད་དོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་རྣམ་པར་གཟིགས་ཀྱང་དེ་ལ་དེ་བཞིན་གཤེགས་པ་ བསྙེལ་བ་ཤིན་ཏུ་མེད་དོ། ། སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཀྱང་དེ་ལ་དེ་བཞིན་གཤེགས་པས་ཡེ་ཤེས་ཡང་གཏོང་བ་མེད་དོ། ། དེ་བཞིན་གཤེགས་པ་ནི་ཕུང་པོ་གསུམ་དུ་རྣམ་པར་དགོད་པ་དང་། སེམས་ཅན་གྱི་དབང་པོ་ལ་འཇུག་པ་དང་། སེམས་ཅན་གྱི་བསམ་པ་ལ་ འཇུག་པ་དང་། སེམས་ཅན་གྱི་སྤྱོད་པ་ལ་རྣམ་པར་གཟིགས་པས་དྲན་པ་ཉམས་པ་མེད་པ་ཉིད་དེ། དེ་བཞིན་གཤེགས་པ་ནི་དྲན་པར་བྱས་སམ། བསམས་སམ། རྣམ་པར་བརྟགས་ཏེ་སེམས་ཅན་རྣམས་ལ་ཆོས་སྟོན་པ་མེད་དོ། ། སྟོན་ཀྱང་ཉམས་པ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན།
BO
དེ་བཞིན་གཤེགས་པའི་དྲན་པ་ནི་ཇི་ལྟར་ཉམས་པ་མེད་དོ། ། དེ་ཇི་ལྟར་བདག་དྲན་ཞིང་བསྙེལ་བ་མེད་པ་དེ་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་གསུམ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། སྟོན་པའི་ དྲན་པ་གང་ཡང་ཉམས་མེད་དེ། ། རྒྱལ་བའི་དྲན་པས་དྲན་པར་བྱ་བ་མེད། ། རྒྱལ་བས་གང་ཚེ་བྱང་ཆུབ་སངས་རྒྱས་ནས། ། འགྲོ་བའི་སེམས་ནི་མ་ལུས་རྣམ་པར་མཁྱེན། ། བསམ་པ་དབང་པོ་སེམས་ཅན་སྤྱོད་པ་དང་། ། ཕྱིས་ཡང་རྣམ་པར་ཤེས་པར་བྱ་བ་མེད། ། ལྷུན་གྱིས་གྲུབ་པའི་ བྱ་བར་གནས་ནས་ནི། ། རྒྱལ་བའི་དབང་པོ་འགྲོ་ལ་ཆོས་སྟོན་ཏོ། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་དོ། ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དང་ཆོས་ཐམས་ཅད་མི་མཉམ་པ་མ་ཡིན་པ་ དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ནོ། ། ཅིའི་ཕྱིར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པར་མི་འགྱུར་ཞེ་ན། དེ་བཞིན་ཉིད་གང་དང་མཉམ་པ་དེ་དང་ཏིང་ངེ་འཛིན་དང་མཉམ་མོ། ། ཏིང་ངེ་འཛིན་གང་དང་མཉམ་པ་དེ་དང་དེ་བཞིན་གཤེགས་པ་མཉམ་སྟེ།
BO
དེའི་ཕྱིར་མཉམ་ པར་གཞག་པ་ཞེས་བྱའོ། ། འདོད་ཆགས་ཀྱི་མཐའ་གང་དང་མཉམ་པ་འདོད་ཆགས་དང་བྲལ་བའི་མཐའ་ཡང་དེ་དང་མཉམ་མོ། ། ཞེ་སྡང་གི་མཐའ་གང་དང་མཉམ་པ་ཞེ་སྡང་དང་བྲལ་བའི་མཐའ་ཡང་དེ་དང་མཉམ་མོ། ། གཏི་མུག་གི་མཐའ་གང་དང་མཉམ་པ་གཏི་མུག་དང་བྲལ་བའི་ མཐའ་ཡང་དེ་དང་མཉམ་མོ། ། འདུས་བྱས་ཀྱི་མཐའ་གང་དང་མཉམ་པ་འདུས་མ་བྱས་ཀྱི་མཐའ་ཡང་དེ་དང་མཉམ་མོ། ། འཁོར་བའི་མཐའ་གང་དང་མཉམ་པ་མྱ་ངན་ལས་འདས་པའི་མཐའ་ཡང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་དག་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་མཉམ་ པར་གཞག་པ་ཞེས་བྱའོ། ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་ཅེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་དེ་ལ་ཉམས་པ་མེད། ཡོངས་སུ་ཉམས་པ་མེད་དོ། ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དེ་ཡང་མིག་དང་ལྡན་པ་མ་ཡིན། རྣ་བ་དང་། སྣ་ དང་། ལྕེ་དང་། ལུས་དང་། ཡིད་དང་ལྡན་པ་མ་ཡིན་མོད་ཀྱི། དེ་བཞིན་གཤེགས་པ་དབང་པོ་མ་ཚང་བ་ཡང་མ་ཡིན་ནོ། ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་སའི་ཁམས་ལ་མི་གནས་སོ། ། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན་ཏེ། རླུང་ གི་ཁམས་ལ་ཡང་མི་གནས་སོ། ། འདོད་པའི་ཁམས་ལ་མི་གནས།
BO
གཟུགས་ཀྱི་ཁམས་ལ་མི་གནས། གཟུགས་མེད་པའི་ཁམས་ལ་མི་གནས། འཇིག་རྟེན་འདི་ལ་མི་གནས། འཇིག་རྟེན་ཕ་རོལ་ལ་མི་གནས་སོ། ། མི་གནས་པའི་ཕྱིར་ཉམས་པ་མེད་དེ། དེའི་ཕྱིར་དེ་བཞིན་ གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་ཅེས་བྱའོ། ། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱང་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་བཞི་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། སངས་རྒྱས་ རྟག་ཏུ་མཉམ་པར་གཞག ། དེ་ཡི་ཏིང་འཛིན་ཉམས་པ་མེད། ། ཆོས་རྣམས་ཀུན་དང་མཉམ་པར་ལྡན། ། སངས་རྒྱས་མཉམ་ཉིད་མཉམ་པར་གཞག ། ས་ཆུ་མེ་ལ་མ་ཡིན་ཏེ། ། རླུང་དང་འདོད་གཟུགས་གཟུགས་མེད་ལ། ། རྒྱལ་བ་གནས་ཏེ་བསམ་གཏན་མིན། ། དེས་འདི་ཏིང་འཛིན་ ཉམས་པ་མེད། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་ཤེས་རབ་ཉམས་པ་མེད་དོ། ། ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་རབ་ཏུ་ཤེས་པ་སྟེ། གཞན་གྱི་དྲིང་མི་འཇོག་པའི་ཤེས་པའོ། ། སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ལ་ཆོས་ཡང་དག་པར་ སྟོན་པའི་ཤེས་པའོ། ། སོ་སོ་ཡང་དག་པར་རིག་པ་ལ་མཁས་པས་ཚིག་རབ་ཏུ་དབྱེ་བ་ཤེས་པའོ། །
BO
ཚིག་གཅིག་ལ་འཇུག་པས་བསྐལ་པ་བརྒྱ་སྟོང་དུ་གནས་ཤིང་སྟོན་པ་ཤེས་པའོ། ། ཇི་ལྟར་དྲིས་པ་བཞིན་དུ་ཐེ་ཚོམ་གཅོད་པའི་ཤེས་པའོ། ། ཐམས་ཅད་དུ་ཆགས་པ་མེད་པ་ཤེས་ པའོ། ། ཐེག་པ་གསུམ་རྣམ་པར་དགོད་པ་བསྟན་པ་ཤེས་པའོ། ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པའི་ཤེས་པའོ། ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ཤེས་པའོ། ། འདི་ནི་དེ་བཞིན་གཤེགས་པའི་ཤེས་རབ་ མཐའ་ཡས་པ། ཐུག་པ་མེད་པ། ཟད་པ་མེད་པ། ཚད་མེད་པ་བསྟན་པའོ། ། ཇི་ལྟར་དེ་བཞིན་གཤེགས་པ་ལ་ཉམས་པ་མེད་ཅིང་ཡོངས་སུ་ཉམས་པ་མེད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་མི་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་ བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་ལྔ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། ཤེས་རབ་ཀྱིས་ནི་ཚུལ་རྣམས་མངོན་སུམ་སྟེ། ། སོ་སོ་ཡང་དག་རིག་དབང་ཕ་རོལ་སོན། ། བསམ་བཞིན་རང་བྱུང་སེམས་ཅན་ཆོས་སྟོན་ཏེ། ། འབྲུ་གཅིག་ཚིག་ལ་མཐའ་ཡས་ཚིག་རྣམས་འཇུག ། འགྲོ་ བའི་སྤྱོད་པ་ཐུག་མེད་རབ་ཤེས་ནས། ། དེ་བཞིན་བརྒྱད་ཁྲི་བཞི་སྟོང་ཆོས་སྟོན་ཀྱང་། །
BO
ནམ་ཡང་བདེ་གཤེགས་ཤེས་རབ་ཉམས་མེད་དེ། ། སྟོབས་བཅུའི་ལས་འདི་འགྲོ་ལས་ཁྱད་པར་འཕགས། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ཉམས་པ་མེད་དོ། ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་གང་ཞེ་ན། ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་སྒྲའི་རྗེས་སུ་འགྲོ་བའོ། ། རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་རྐྱེན་ཁོང་དུ་ཆུད་པའོ། ། སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་ཆགས་པ་དང་། འཛིན་པ་ཐམས་ཅད་དང་བྲལ་བས་ རྣམ་པར་གྲོལ་བ་ཞེས་བྱ་སྟེ། སྔོན་གྱི་མཐར་ཡང་མ་བཅིངས། ཕྱི་མའི་མཐར་ཡང་མི་འཕོ། ད་ལྟར་བྱུང་བ་ལ་ཡང་མི་གནས་སོ། ། མིག་དང་གཟུགས་ལ་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བའོ། ། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་ དང་། ཡིད་དང་། ཆོས་ལ་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བ་སྟེ། འཛིན་པར་མངོན་པར་ཞེན་པའི་གནས་ལས་རྣམ་པར་གྲོལ་བའོ། ། སེམས་རང་བཞིན་འོད་གསལ་བ་དེ་བཞིན་དུ་ཤེས་པ་སྟེ། དེའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱའོ། །
BO
ཇི་ལྟར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལྟར་དེ་བཞིན་གཤེགས་པ་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ལ་ཆོས་སྟོན་ཏོ། ། འདི་ནི་དེ་བཞིན་ གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་དྲུག་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་རྗེས་འགྲོ། ། རང་སངས་རྒྱས་ཀྱི་བརྟེན་ནས་སྐྱེས་པའོ། ། སངས་རྒྱས་མ་སྨད་རྣམས་ཀྱི་རྣམ་གྲོལ་ནི། ། ཆགས་ལས་རབ་འདས་ དྲི་མེད་ནམ་མཁའ་འདྲ། ། སེམས་ནི་སྔོན་ནས་བཅིངས་པར་མ་གྱུར་ཏེ། ། སེམས་རྒྱུན་འདི་དག་རང་བཞིན་རྣམ་པར་གྲོལ། ། ཇི་ལྟར་རྣམ་གྲོལ་དེ་ལྟར་ཡང་དག་ཤེས། ། ཤེས་ནས་རྣམ་གྲོལ་ཉམས་པ་གང་ཡང་མེད། ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། ། དེ་བཞིན་གཤེགས་པ་ལུས་ཀྱི་ལས་དེ་དང་ལྡན་པས་ལྟ་བས་ཀྱང་སེམས་ཅན་རྣམས་འདུལ། སྨྲ་བས་ཀྱང་སེམས་ཅན་རྣམས་འདུལ། ཅང་མི་སྨྲ་བས་ཀྱང་སེམས་ཅན་རྣམས་འདུལ། ཟ་བས་ཀྱང་སེམས་ཅན་ རྣམས་འདུལ། སྤྱོད་ལམ་གྱིས་ཀྱང་སེམས་ཅན་རྣམས་འདུལ། མཚན་དག་གིས་ཀྱང་སེམས་ཅན་རྣམས་འདུལ།
BO
དཔེ་བྱད་བཟང་པོ་དག་གིས་ཀྱང་སེམས་ཅན་རྣམས་འདུལ། སྤྱི་གཙུག་བལྟར་མི་སྣང་བས་ཀྱང་སེམས་ཅན་རྣམས་འདུལ། བལྟས་པ་ཙམ་གྱིས་ཀྱང་སེམས་ཅན་ རྣམས་འདུལ། འོད་གཏོང་བས་ཀྱང་སེམས་ཅན་རྣམས་འདུལ། གོམ་པ་འདོར་བས་ཀྱང་སེམས་ཅན་རྣམས་འདུལ། གྲོང་ཁྱེར་དུ་འཇུག་པ་དང་འབྱུང་བས་ཀྱང་སེམས་ཅན་རྣམས་འདུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ལམ་གང་སེམས་ཅན་འདུལ་བར་མི་འགྱུར་བ་དེ་ གང་ཡང་མེད་དོ། ། དེའི་ཕྱིར་དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་བདུན་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། འདྲེན་པ་རྣམས་ ཀྱི་སྤྱོད་ལམ་སྟོན་པ་དང་། ། འགྲོ་དང་འཇུག་དང་དེ་བཞིན་འབྱུང་བ་དང་། ། དཔེ་བྱད་བཟང་དང་མཚན་དང་སྤྱི་གཙུག་གིས། ། སངས་རྒྱས་དག་ནི་སེམས་ཅན་འདུལ་བར་སྦྱོར། ། རྣམ་པར་འདྲེན་པ་གང་ཚེ་འོད་གཏོང་བ། ། དེ་ཚེ་སྐྱེ་བོ་དུ་མ་བདེ་བར་གྱུར། ། འོད་ཀྱིས་རེག་ནས་འདུལ་བར་ རབ་ཏུ་འགྲོ། ། འདི་ནི་རྐང་གཉིས་དམ་པ་རྣམས་ཀྱི་ལས། །
BO
རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འབྲས་བུ་ཡོད་པའི་ཆོས་སྟོན་པའོ། ། ཕྱད་ པར་ལུང་སྟོན་པའོ། ། ཤིན་ཏུ་ངེས་པའི་ཚིག་སྨྲ་བའོ། ། དེ་བཞིན་གཤེགས་པའི་ངག་དེ་ཡང་ཀུན་ཤེས་པར་བྱེད་པའོ། ། རྣམ་པར་ཤེས་པར་བྱེད་པའོ། ། མི་མཐོ་བའོ། ། མི་དམའ་བའོ། ། མ་ཡོ་བའོ། ། ལྡབ་ལྡིབ་ཅན་མ་ཡིན་པའོ། ། གྱ་གྱུ་མ་ཡིན་པའོ། ། མི་བརླང་བའོ། ། མི་རྩུབ་ པའོ། ། མ་འཆལ་བའོ། ། འཇམ་པའོ། ། མཉན་པའོ། ། ལས་སུ་རུང་བའོ། ། ར་ར་པོ་མ་ཡིན་པའོ། ། བྱུང་རྒྱལ་མ་ཡིན་པའོ། ། བརྟབས་པ་མ་ཡིན་པའོ། ། རྣམ་པར་མྱུར་བ་མ་ཡིན་པའོ། ། རབ་ཏུ་མྱུར་བ་མ་ཡིན་པའོ། ། ཤིན་ཏུ་རྣམ་པར་ཕྱེ་བའོ། ། ཤིན་ཏུ་ངེས་པའི་ཚིག་གོ། ། ཤིན་ ཏུ་དགའ་བ་སྐྱེད་པའོ། ། ཤིན་ཏུ་གདངས་སྙན་པའོ། ། ཤིན་ཏུ་གསལ་བའོ། ། ཐགས་ཐོགས་མེད་པའོ། ། རྫོགས་པའོ། ། སྙན་པའོ། ། འབྲེལ་བའོ། ། བསྒྲགས་པའོ། ། མཆོད་པར་གྱུར་པའོ། ། མཛེས་པའོ། ། རྡུལ་མེད་པའོ། ། རྡུལ་དང་བྲལ་བའོ། ། ཐ་བ་མེད་པའོ། ། དྲི་མ་མེད་པའོ། ། དྲི་མ་དང་བྲལ་བའོ། །
BO
རྨོངས་པ་མེད་པའོ། ། ཤིན་ཏུ་ཟུར་ཕྱིན་པའོ། ། ཆགས་པ་མེད་པའོ། ། རབ་ཏུ་གྲོལ་བའོ། ། འོད་གསལ་བའོ། ། དྲང་བའོ། ། མི་དམན་པའོ། ། མ་འཛིངས་པའོ། ། དིབ་དིབ་པོ་མ་ཡིན་པའོ། ། བདེ་བ་སྐྱེད་པའོ། ། ལུས་ཚིམ་པར་བྱེད་པའོ། ། སེམས་དགའ་བ་སྐྱེད་ པའོ། ། འདོད་ཆགས་ཞི་བར་བྱེད་པའོ། ། ཞེ་སྡང་འདུལ་བའོ། ། གཏི་མུག་སེལ་བའོ། ། བདུད་འཇོམས་པའོ། ། སྡིག་པ་སེལ་བའོ། ། རྒོལ་བ་འདུལ་བའོ། ། རྣམ་པར་ཤེས་པར་བྱེད་པའོ། ། རྔའི་སྒྲའོ། ། མཁས་པ་དགའ་བར་བྱེད་པའོ། ། ཀ་ལ་པིང་ཀའི་སྒྲ་དབྱངས་སོ། ། བརྒྱ་བྱིན་གྱི་ སྒྲའོ། ། ཚངས་པའི་སྒྲའོ། ། རྒྱ་མཚོའི་རླབས་ཀྱི་སྒྲའོ། ། སྤྲིན་གྱི་སྒྲའོ། ། སའི་སྒྲ་དབྱངས་སོ། ། ཁྲུང་ཁྲུང་གི་སྒྲའོ། ། རྨ་བྱའི་སྒྲ་སྐད་དོ། ། ཁུ་བྱུག་གི་སྒྲའོ། ། ཤང་ཤང་ཏེའུའི་སྒྲའོ། ། ངང་པའི་རྒྱལ་པོའི་སྒྲའོ། ། {རི་དགས་,རི་དྭགས་}ཀྱི་རྒྱལ་པོའི་སྒྲའོ། ། པི་བང་དང་། པི་བང་རྒྱུད་གསུམ་པ་དང་། ཁར་རྔ་དང་། གླིང་བུ་དང་། དུང་དང་། སིལ་སྙན་གྱི་སྒྲའོ། ། ཀུན་ཤེས་པར་བྱ་བའོ། ། རྣམ་པར་ཤེས་པར་བྱ་བའོ། ། གསལ་བའོ། ། ཡིད་དུ་འོང་བའོ། ། མཉན་པར་འོས་པའོ། ། ཟབ་པའོ། །
BO
{བརྫུན་,རྫུན་}པ་མ་ཡིན་པའོ། ། རྣ་བ་བདེ་བར་བྱེད་པའོ། ། དགེ་བའི་རྩ་བ་སྐྱེད་ པའོ། ། ཚིག་དང་ཡི་གེ་ཉམས་པ་མེད་པའོ། ། ཚིག་དང་ཡི་གེ་ཤིན་ཏུ་ངེས་པའི་ཚིག་གོ། ། དོན་དང་ལྡན་པའོ། ། ཆོས་དང་ལྡན་པའོ། ། དུས་དང་ལྡན་པའོ། ། དུས་ཚིགས་ཐམས་ཅད་དང་ལྡན་པའོ། ། དུས་ལས་མི་གཡོ་བའོ། ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་སྟོན་པའོ། ། སྦྱིན་པས་བརྒྱན་པའོ། ། ཚུལ་ཁྲིམས་ཀྱིས་རྣམ་པར་དག་པའོ། ། བཟོད་པས་ཡང་དག་པར་བསྒྲུབས་པའོ། ། བརྩོན་འགྲུས་ཀྱིས་ཤིན་ཏུ་སྦྱངས་པའོ། ། བསམ་གཏན་གྱིས་ལས་སུ་རུང་བར་བྱས་པའོ། ། ཤེས་རབ་ཀྱིས་ངེས་པར་བཏགས་པའོ། ། བྱམས་པས་ཤིན་ཏུ་བརྩམས་པའོ། ། སྙིང་རྗེས་སྐྱོ་བ་མེད་པའོ། ། རབ་ཏུ་དགའ་བའོ། ། འོད་གསལ་བའོ། ། བཏང་སྙོམས་ཀྱིས་ངེས་པར་བརྟག་པའོ། ། ཐེག་པ་གསུམ་རྣམ་པར་འཇོག་པའོ། ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པའོ། ། ཕུང་པོ་གསུམ་རྣམ་པར་འབྱེད་པའོ། ། རྣམ་པར་ཐར་པའི་སྒོ་གསུམ་གྱིས་ རྣམ་པར་སྦྱངས་པའོ། ། བདེན་པས་ཡོངས་སུ་བསྒོས་པའོ། ། ཡེ་ཤེས་ཀྱིས་ཡོངས་སུ་བསྒོས་པའོ། ། མཁས་པས་མ་སྨད་པའོ། ། འཕགས་པས་བསྔགས་པའོ། །
BO
ནམ་མཁའི་ཚད་ཀྱི་རྗེས་སུ་འགྲོ་བའོ། ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་ པའི་ངག་ནི་དེ་ལྟ་བུ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་བརྒྱད་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། མཚུངས་པ་ མེད་པའི་ངག་ནི་གསལ་ཞིང་དྲི་མེད་ཡོན་ཏན་ཀུན་གྱིས་འཕགས། ། ཞིང་སྟོང་རྒྱས་པར་འགེངས་ཤིང་སྐད་ཅིག་ལས་ཀྱང་སྐད་རྣམས་ཀུན་གྲག་སྟེ། ། སེམས་ཅན་ཁ་ཅིག་ཉན་ཐོས་ཐེག་དང་དེ་བཞིན་རང་རྒྱལ་ཐེག་པ་ཐོས། ། ཐོས་ནས་སངས་རྒྱས་བདག་ཉིད་ཆེན་པོས་དེ་བཞིན་བྱང་ཆུབ་ འདིར་ཡིད་འཛུད། ། ཡི་གེ་རྣམས་ནི་མཚམས་སྦྱོར་མ་ཡིན་ཕན་ཚུན་འགལ་བར་འགྱུར་བའང་མིན། ། དེ་ལྟར་ཆོས་རབ་སྟོན་ཀྱང་སེམས་ནི་རྣམ་པར་རྟོག་པར་འགྱུར་བ་མེད། ། ཇི་ལྟར་བྲག་ཅ་གཡོ་བ་མེད་ཅིང་བྱེད་པ་མེད་པར་སྒྲ་སྒྲོག་པ། ། དེ་ལྟར་མི་ཡི་དམ་པ་སྒྲ་རྣམས་སྒྲོག་ཅིང་ སེམས་ཅན་ཚིམ་པར་བྱེད། །
BO
རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་སེམས་ཀྱིས་བརྗོད་པར་བྱ་བ་མ་ཡིན། ཡིད་ཀྱིས་མ་ཡིན། རྣམ་པར་ ཤེས་པས་མ་ཡིན་གྱི་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཡེ་ཤེས་ཀྱི་བདག་པོར་གྱུར་པའོ། ། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོང་བའོ། ། སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་རྗེས་སུ་ཞུགས་པའོ། ། སེམས་ཅན་ ཐམས་ཅད་ཀྱི་ཤེས་པ་རིག་པའོ། ། ཆོས་ཐམས་ཅད་ངེས་པར་བསམས་པའོ། ། ཏིང་ངེ་འཛིན་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའོ། ། དམིགས་པ་ལས་ཤིན་ཏུ་འདས་པའོ། ། རྐྱེན་ལས་སྐྱེ་བ་དང་བྲལ་བའོ། ། སྲིད་པ་གསུམ་བསལ་བའོ། ། ང་རྒྱལ་གྱི་རིམ་པ་ཐམས་ཅད་ལས་ ཤིན་ཏུ་འདས་པའོ། ། བདུད་ཀྱི་ལས་ཐམས་ཅད་ལས་རྣམ་པར་གྲོལ་བའོ། ། སྒྱུ་དང་གཡོ་ཐམས་ཅད་དང་བྲལ་བའོ། ། ངར་འཛིན་པ་དང་། ང་ཡིར་འཛིན་པ་སྤངས་པའོ། ། མ་རིག་པ་དང་གཏི་མུག་གི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་དང་བྲལ་བའོ། ། ལམ་གྱི་ཡན་ལག་ཤིན་ཏུ་ ཡོངས་སུ་བསྒོམས་པའོ། །
BO
ནམ་མཁའ་ལྟར་རྣམ་པར་མི་རྟོག་པའོ། ། ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་སྟེ། དེ་བཞིན་གཤེགས་པའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ནི་དེ་ལྟ་བུའོ། ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ཉི་ཤུ་རྩ་དགུ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། རྒྱལ་བ་རྐང་གཉིས་དབང་པོ་སེམས་དང་ཡིད་ཀྱིས་གཞལ་མ་ཡིན། ། ཡེ་ཤེས་རྣམ་པར་དག་གིས་འདྲེན་པ་ཀུན་གྱི་ལས་རྣམས་དག ། བདེ་གཤེགས་ཡེ་ཤེས་དེ་ནི་སེམས་ཅན་ཀུན་གྱི་བསམ་པ་ལ། ། མཉམ་པ་ཉིད་དུ་རྗེས་སུ་ཞུགས་ཤིང་ཆོས་ དབྱིངས་རང་བཞིན་ནོ། ། བསམ་གཏན་དང་ནི་དེ་བཞིན་ཏིང་འཛིན་ཀུན་དང་རབ་ཏུ་ལྡན། ། སེམས་དང་ཡིད་ཀྱི་རྣམ་པར་རྟོག་པ་ཀུན་དུ་རྒྱུ་བ་མེད། ། བདུད་ཀྱི་ཡུལ་ལས་གྲོལ་ཞིང་བདུད་ཀྱི་ལས་ལས་ཤིན་ཏུ་འདས། ། ནམ་མཁའི་རང་བཞིན་མཚུངས་ཤིང་དྲི་མེད་རྣམ་པར་ འགྱུར་བ་མེད། ། རིགས་ཀྱི་བུ་གཞན་ཡང་འདས་པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་གོ། ། ཇི་ལྟར་འཇུག་ཅེ་ན། འདས་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་བྱུང་བ་དང་ཞིག་པ་ཇི་སྙེད་པ་དེ་དག་ཐམས་ཅད་བགྲང་བའི་ཚུལ་གྱིས་ རབ་ཏུ་མཁྱེན་ཏོ། །
BO
སངས་རྒྱས་ཀྱི་ཞིང་དེ་དག་ན་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དུ་གྱུར་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། ། སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གྱི་ཚོགས་སེམས་ཅན་དུ་བཏགས་པར་གྱུར་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། ། སེམས་ཅན་དེ་དག་གི་སྤྱོད་པ་སྣ་ཚོགས་སུ་གྱུར་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། ། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སངས་རྒྱས་བྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། ། སངས་རྒྱས་རེ་རེས་ཆོས་བསྟན་ཅིང་བརྗོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ ཏོ། ། སེམས་ཅན་ཇི་སྙེད་ཅིག་ཉན་ཐོས་ཀྱི་ཐེག་པར་བཏུལ་བ་དེ་དག་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། ། སེམས་ཅན་ཇི་སྙེད་ཅིག་རང་སངས་རྒྱས་ཀྱི་ཐེག་པར་བཏུལ་བ་དེ་དག་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། ། སེམས་ཅན་ཇི་སྙེད་ཅིག་ཐེག་པ་ཆེན་པོར་བཏུལ་བ་དེ་དག་ཐམས་ཅད་ཀྱང་ རབ་ཏུ་མཁྱེན་ཏོ། ། སངས་རྒྱས་ཀྱི་ཞིང་རྣམ་པར་ཕྱེ་བ་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། ། དགེ་སློང་གི་དགེ་འདུན་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། ། ཚེའི་ཚད་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། །
BO
ཆོས་གནས་པ་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། ། དབུགས་འབྱུང་བ་དང་ རྔུབ་པ་ཡང་རབ་ཏུ་མཁྱེན་ཏོ། ། ཟས་ཀྱི་མཆོག་གི་ལོངས་སྤྱོད་ཀྱང་རབ་ཏུ་མཁྱེན་ཏོ། ། སེམས་ཅན་ཐམས་ཅད་ཀྱི་འདས་པའི་རྣམ་པ་དང་། འཆི་འཕོ་དང་། འགྲོ་བར་སྐྱེ་བ་རྣམས་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། དབང་པོ་སྣ་ཚོགས་དང་སྤྱོད་པ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་རྣམས་ཀྱང་རབ་ཏུ་མཁྱེན་ཏོ། ། སེམས་ཀྱི་རྒྱུད་ཀྱང་རབ་ཏུ་མཁྱེན་ཏོ། ། སེམས་གང་གི་འོག་ཏུ་སེམས་གང་བྱུང་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་མངོན་སུམ་གྱི་ཤེས་པ་དང་རྗེས་སུ་རྟོགས་པའི་ཤེས་པས་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏེ། དེ་ དང་དེ་བཞིན་གཤེགས་པའི་སེམས་ཀྱི་རྒྱུད་འདས་པ་བཏང་བ་རྣམས་ཀྱང་དམིགས་སོ། ། དེ་བཞིན་གཤེགས་པ་ནི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཕྱད་པར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ ལས་སུམ་ཅུ་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། ཞིང་དང་སེམས་ཅན་དང་ནི་ཆོས་སྨྲ་ལ། ། སངས་རྒྱས་ཡེ་ཤེས་ཆགས་མེད་ཚད་ཀྱང་མེད། ། འདྲེན་པས་སེམས་ཅན་གང་དག་ཐར་བྱས་དང་། །
BO
ཞིང་དུ་དགེ་སློང་དགེ་འདུན་གྱུར་གྲངས་དང་། ། སེམས་ཅན་བསམ་པ་དབང་པོ་གང་ཡིན་ དང་། ། དབྱིབས་དང་སྒྲ་ཡི་རིམ་པ་གང་དང་སེམས། ། མིང་དང་སྦྱོར་བ་གང་དག་འདས་པ་ཀུན། ། རྫོགས་པའི་སངས་རྒྱས་ཡང་དག་གཟིགས་པས་རྟོགས། ། རིགས་ཀྱི་བུ་གཞན་ཡང་མ་འོངས་པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་ མེད་པ་འཇུག་གོ། ། ཇི་ལྟར་འཇུག་ཅེ་ན། སེམས་ཅན་ནམ། ཆོས་སམ། ཞིང་གང་དག་ཁ་ཅིག་མ་འོངས་པའི་དུས་ན་འབྱུང་བའམ། འགག་པའམ། འབྱུང་བར་འགྱུར་བའམ། འཇིག་པར་འགྱུར་བ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། བསྐལ་པའི་ མེས་ཚིག་པར་འགྱུར་བ་ཇི་སྙེད་པ་དང་། ཆུས་འཇིག་པར་འགྱུར་བ་ཇི་སྙེད་པ་དང་། སངས་རྒྱས་ཀྱི་ཞིང་གནས་པར་འགྱུར་བ་ཇི་སྙེད་པ་དང་། སངས་རྒྱས་ཀྱི་ཞིང་དེ་དག་ན་སའི་ཁམས་སུ་འགྱུར་བ་ཇི་སྙེད་པ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་དུ་འགྱུར་བ་ཇི་སྙེད་པ་དང་། རྩྭ་དང་། ཤིང་ གེལ་བ་དང་། སྨན་དང་། ནགས་ཚལ་དུ་འགྱུར་བ་ཇི་སྙེད་པ་དང་། སྐར་མའི་གཟུགས་སུ་འགྱུར་བ་ཇི་སྙེད་པ་དང་། ཞིང་རབ་འབྱམ་རེ་རེར་སངས་རྒྱས་འབྱུང་བར་འགྱུར་བ་ཇི་སྙེད་པ་དང་།
BO
ཉན་ཐོས་འབྱུང་བར་འགྱུར་བ་ཇི་སྙེད་པ་དང་། རང་སངས་རྒྱས་འབྱུང་བར་འགྱུར་བ་ཇི་ སྙེད་པ་དང་། བྱང་ཆུབ་སེམས་དཔའ་འབྱུང་བར་འགྱུར་བ་ཇི་སྙེད་པ་དང་། ཟས་ཀྱི་མཆོག་གི་ལོངས་སྤྱོད་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་། འཆག་པ་དང་། འདུག་པ་དང་། སྤྱོད་ལམ་དུ་འགྱུར་བ་ཇི་སྙེད་པ་དང་། དེ་བཞིན་གཤེགས་པ་རབ་འབྱམ་རེ་རེས་ཉན་ཐོས་ཀྱི་ ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོས་སེམས་ཅན་ཐར་བར་བྱེད་པར་འགྱུར་བ་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ཞིང་རབ་འབྱམ་རེ་རེ་ན་སེམས་ཅན་རྣམས་ཀྱི་སྐྱེ་བའི་གནས་ཇི་སྙེད་པ་དང་། སེམས་དང་སེམས་ལས་བྱུང་ བ་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཀྱང་དེ་བཞིན་གཤེགས་པའི་མ་འོངས་པའི་སེམས་ཀྱི་རྒྱུན་བསྐལ་པར་འགྱུར་བ་མ་ཡིན་པར་མ་འོངས་པ་ལ་ལྟ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་ གཤེགས་པའི་འཕྲིན་ལས་སུམ་ཅུ་རྩ་གཅིག་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། དྲི་མེད་མིག་གིས་མ་འོངས་དུས་ན་ནི། ། {ཆུང་ཟད་,ཅུང་ཟད་}འབྱུང་བར་འགྱུར་དང་འཇིག་འགྱུར་དང་།
BO
། སངས་རྒྱས་ཞིང་རྣམས་ཀུན་ན་རྒྱལ་བ་དང་། ། དེ་དག་ཐམས་ཅད་མ་ལུས་སངས་རྒྱས་མཁྱེན། ། མ་འོངས་ པ་ཡི་དམིགས་པར་གཏོང་བ་ན། ། དེ་ཡི་སེམས་ནི་ནམས་ཀྱང་གཡེང་བ་མེད། ། སེམས་ཅན་རྣམས་ལ་དེ་བཞིན་ཆོས་སྟོན་ཏེ། ། འདི་ནི་རྐང་གཉིས་མཆོག་གི་འཕྲིན་ལས་ཡིན། ། རིགས་ཀྱི་བུ་གཞན་ཡང་ད་ལྟར་བྱུང་བའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཆགས་པ་ མེད་ཅིང་ཐོགས་པ་མེད་པ་འཇུག་གོ། ། ཇི་ལྟར་འཇུག་ཅེ་ན། འདི་ལ་དེ་བཞིན་གཤེགས་པས་ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་བགྲང་བ་རྣམ་པ་གསུམ་གྱི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་རབ་ཏུ་མཁྱེན་ཏོ། ། ད་ལྟར་ བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་ཉན་ཐོས་ཐམས་ཅད་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་རང་སངས་རྒྱས་ཐམས་ཅད་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་སྐར་མའི་གཟུགས་ཐམས་ཅད་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་རྩྭ་དང་། ཤིང་ གེལ་པ་དང་། སྨན་དང་། ནགས་ཚལ་རྣམས་རབ་ཏུ་མཁྱེན་ཏོ། །
BO
ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་སའི་ཁམས་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཆར་བརླགས་པ་ཐམས་ཅད་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། ། ཕྱོགས་བཅུའི་ཆུའི་ཁམས་སྐྲའི་རྩེ་མོས་བླངས་པའི་ཐིགས་པ་ཐམས་ ཅད་ཀྱང་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། ། ཕྱོགས་བཅུའི་མེའི་ཁམས་ཀྱི་སྐྱེ་བ་དང་འགག་པ་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། ། ཕྱོགས་བཅུའི་རླུང་གི་ཁམས་ཐམས་ཅད་ཀྱང་གཟུགས་སུ་གྱུར་པ་ལ་བབ་པའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། ། ཕྱོགས་བཅུའི་ ནམ་མཁའི་ཁམས་ཐམས་ཅད་ཀྱང་སྐྲའི་རྩེ་མོས་རྒྱས་པར་དགང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་སེམས་ཅན་གྱི་ཁམས་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་སེམས་ཅན་དམྱལ་བ་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། ། དེའི་སྐྱེ་བའི་རྒྱུ་དང་ཐར་པའི་རྒྱུ་ ཡང་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། ། དེའི་སྐྱེ་བའི་རྒྱུ་དང་ཐར་པའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །
BO
དེའི་སྐྱེ་བའི་རྒྱུ་དང་ ཐར་པའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་མིར་གྱུར་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། ། དེའི་སྐྱེ་བའི་རྒྱུ་དང་ཐར་པའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་ལྷའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། ། དེའི་སྐྱེ་བའི་རྒྱུ་དང་ཐར་པའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། ། ད་ ལྟར་བྱུང་བའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུན་ཀྱང་རབ་ཏུ་མཁྱེན་ཏོ། ། དེ་དག་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་དང་བྲལ་བ་ཡང་རབ་ཏུ་མཁྱེན་ཏོ། ། ད་ལྟར་བྱུང་བའི་སེམས་ཅན་གདུལ་བར་འོས་པ་རྣམས་ཀྱི་དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་ཏོ། ། གདུལ་བར་འོས་ པ་མ་ཡིན་པ་དག་གི་དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་ཏོ། ། དེ་བཞིན་གཤེགས་པས་དེ་ལྟར་རབ་ཏུ་མཁྱེན་ཀྱང་དེ་བཞིན་གཤེགས་པ་ལ་གཉིས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མེད་ཅིང་གཉིས་སུ་མེད་པ་ལ་གཟུད་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏེ། འདི་ནི་དེ་ བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་སུམ་ཅུ་རྩ་གཉིས་པའོ། ། དེ་ལ་འདི་སྐད་ཅེས་བྱའོ། ། རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཐུག་པ་མེད། །
BO
ཚད་མེད་གཞལ་དུ་མེད་ཅིང་བསམ་མི་ཁྱབ། ། ནམ་མཁའ་མཚུངས་ཤིང་དཔེ་ཡང་མེད་པ་སྟེ། ། འགྲོ་བ་ཀུན་ གྱིས་ཤེས་པར་མི་ནུས་སོ། ། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བ་ཡི། ། འགྲོ་བའི་བྱ་བར་གྱུར་པ་ཇི་སྙེད་པ། ། དེ་དག་ཐམས་ཅད་རྒྱལ་བས་རྗེས་སུ་མཁྱེན། ། འདི་ནི་རང་བྱུང་རྣམས་ཀྱི་ལས་ཀྱི་མཆོག ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་འཕྲིན་ལས་ནི་སུམ་ཅུ་རྩ་གཉིས་པོ་འདི་དག་ སྟེ། དེ་བཞིན་གཤེགས་པའི་འཕྲིན་ལས་དེ་དག་དང་ལྡན་པས་སེམས་ཅན་གྱི་ཁམས་འདུལ་ལོ། ། དེ་བཞིན་གཤེགས་པའི་འཕྲིན་ལས་ནི་ཚད་མེད་མོད་ཀྱི། སེམས་ཅན་རྣམས་གཟུད་པའི་ཕྱིར་མདོ་ཙམ་དུ་ཚད་ཀྱིས་བསྟན་ཏོ། ། ། ། བམ་པོ་དྲུག་པ། རིགས་ཀྱི་བུ་ གཞན་ཡང་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་གང་ཡིན་པ་དེ་ནི་ཚད་མེད་པའོ། ། བསམ་གྱིས་མི་ཁྱབ་པའོ། ། འཇིག་རྟེན་ཐམས་ཅད་ཀྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའོ། ། ཡི་གེ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པའོ། ། གཞན་དག་གིས་ཐོབ་པར་ དཀའ་བའོ། ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱུན་ཆད་པ་མེད་པའོ། ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་རྗེས་སུ་སོང་བའོ། ། འབད་པའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པའོ།
BO
། ནམ་མཁའ་དང་མཉམ་པ་ཉིད་པས་རྣམ་པར་མི་རྟོག་པའོ། ། ཆོས་ཀྱི་དབྱིངས་ཀྱི་བྱ་བ་མ་ ཡིན་པས་སྣ་ཚོགས་སུ་བྱར་མེད་པའོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏམ་སྣ་ཚོགས་ཀྱི་ཆེད་དུ་འབྱུང་བ་མ་ཡིན་ཏེ། སེམས་ཅན་སྣ་ཚོགས་ཀྱི་གཏམ་གྱི་ཕྱིར་མ་ཡིན། ཞིང་སྣ་ཚོགས་ཀྱི་གཏམ་གྱི་ཕྱིར་མ་ཡིན། བསྟན་པ་སྣ་ཚོགས་ཀྱི་ གཏམ་གྱི་ཕྱིར་མ་ཡིན། བསམ་པ་སྣ་ཚོགས་ཀྱི་གཏམ་གྱི་ཕྱིར་མ་ཡིན། རྣམ་པར་གྲོལ་བ་སྣ་ཚོགས་ཀྱི་གཏམ་གྱི་ཕྱིར་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་སྣ་ཚོགས་ཀྱི་གཏམ་གྱི་ཕྱིར་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་རོ་གཅིག་པ། སྒྲིབ་པ་མེད་པ། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ། མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཆོས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྒྲིབ་པ་མེད་པའི་ཆོས་ཀྱི་འཁོར་ལོ་འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་རབ་ཏུ་བསྐོར་རོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་ མཁན་མཁས་པ་ནོར་བུ་སྦྱང་བའི་ཆོ་ག་ཤིན་ཏུ་ཤེས་པ་དེས་ནོར་བུའི་རིགས་ལས་སྦྱང་བ་མ་བྱས་པའི་ནོར་བུ་རིན་པོ་ཆེ་བླངས་ནས་བུལ་ཐོག་གི་ཆུ་རྣོན་པོས་བཀྲུས་ཏེ།
BO
སྐྲ་ནག་པོའི་ལ་བས་བྱི་དོར་བྱ་བས་བྱི་དོར་བྱེད་ཀྱང་དེ་ཙམ་གྱིས་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་དངུལ་ཆུ་ རྣོན་པོ་དང་བཅས་པས་བཀྲུས་ཏེ། ཤིང་དང་སྣམ་བུས་བྱི་དོར་བྱ་བས་བྱི་དོར་བྱེད་དོ། ། དེ་ཙམ་གྱིས་ཀྱང་བརྩོན་འགྲུས་རྒྱུན་མི་གཅོད་དེ། དེའི་འོག་ཏུ་ཡང་སྨན་ཆེན་པོའི་ཁུ་བས་བཀྲུས་ཏེ། རས་ཕྲ་མོས་བྱི་དོར་བྱ་བས་བྱི་དོར་བྱེད་དོ། ། བྱི་དོར་བྱས་ཏེ་ནོར་བུ་མཆིང་བུའི་རིགས་ དང་བྲལ་ནས་བཻ་དཱུརྱ་ཞེས་བྱའོ། ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་ དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ། ། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས། དེ་བཞིན་ གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། ། དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི།
BO
དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་ འཛུད་དོ། ། སེམས་ཅན་རྒྱུ་དང་། རང་བཞིན་སྣ་ཚོགས་པ་དེ་དག་མཉམ་དུ་ཞུགས་ནས་དེ་བཞིན་གཤེགས་པའི་ཆོས་ཉིད་ཁོང་དུ་ཆུད་པས་སྦྱིན་གནས་བླ་ན་མེད་པ་རྣམས་ཞེས་བྱའོ། ། དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་དེ་བཞིན་གཤེགས་པའི་འཕྲིན་ལས་བསམ་གྱིས་མི་ ཁྱབ་པ་དང་། ཀུན་གྱི་རྗེས་སུ་སོང་བ་དང་། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་དང་། དུས་གསུམ་གྱི་རྗེས་སུ་སོང་བ་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་ པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དེ་ལ་ཡང་གནས་སོ། ། ནམ་མཁའི་རང་བཞིན་གྱི་ལུས་ཀྱང་མི་འདོར་རོ། ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུའང་སྟོན་ཏོ། ། བརྗོད་དུ་མེད་པའི་ཆོས་སྟོན་པའི་ཚིག་ཀྱང་མི་འདོར་རོ། ། སྒྲ་ཇི་བཞིན་གྱི་རྣམ་པར་རིག་བྱེད་ཀྱིས་སེམས་ཅན་ རྣམས་ལ་ཆོས་ཀྱང་སྟོན་ཏོ། ། སེམས་ཅན་ཐམས་ཅད་ཀྱི་སེམས་དམིགས་པ་དང་བྲལ་བ་དང་།
BO
སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཡང་རབ་ཏུ་མཁྱེན་ཏོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པར་བྱ་བའི་ཕྱིར་ འབྱུང་ངོ་། ། རིགས་ཀྱི་བུ་གང་རྒྱུན་ཆད་པ་མེད་པ་རྒྱུན་ཆགས་པ། རྒྱུན་མི་གཅོད་པ། བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་གཅོད་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་འཕྲིན་ལས་ཡང་དག་པའོ། ། དེ་བཞིན་གཤེགས་པའི་ འཕྲིན་ལས་བསྟན་པ་འདི་བཤད་པ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ། གྲངས་མེད་པ། བགྲང་བ་ལས་ཤིན་ཏུ་འདས་པ་དག་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། ། སྣང་བ་ཆེན་པོས་ཀྱང་གསལ་བར་གྱུར་ཏོ། ། མེ་ཏོག་གི་སིལ་མས་ཀྱང་གཏོར་བར་གྱུར་ཏོ། ། འཁོར་གྱི་ ཁྱམས་རིན་པོ་ཆེ་བཀོད་པར་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་།
BO
དགེ་ བསྙེན་མ་ཇི་སྙེད་འདུས་པ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་འཕྲིན་ལས་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ་ཡི་རངས་ནས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་ པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམ་པ་སྣ་ཚོགས་རྣམས་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་བྱེད་པས་བཅོམ་ལྡན་འདས་རྣམས་མཆོད་དོ། ། དབུའི་གཙུག་ཏུ་མེ་ཏོག་རྣམས་ཀྱིས་ཀྱང་གཏོར་ཏོ། ། ཐིག་ལེ་ལྟ་བུའི་རྒྱན་ དང་། རྣ་ཆ་དང་། དཔུང་རྒྱན་དང་། ནོར་བུའི་རྒྱན་ཕྲེང་དང་། མུ་ཏིག་གི་རྒྱན་ཕྲེང་དང་། རྒྱན་ཟླ་གམ་དང་། སྤེན་ཏོག་རྒྱན་དང་། རྒྱན་ནེའུ་ལེ་ཅན་དང་། སོར་གདུབ་རྒྱན་དང་། གདུ་བུ་རྒྱན་ཏ་ལ་འདབ་དང་། རྒྱན་ལྕམ་ཁྲིས་ཅན་དང་། སེ་རལ་ཕྲེང་དང་། རྐང་གདུབ་དང་། དོ་ཤལ་དང་། མགོ་རྒྱན་དང་། ལག་རྒྱན་དང་། རྣ་རྒྱན་དང་། རྐང་རྒྱན་རྣམས་ཀྱིས་ཀྱང་གཏོར་ཏོ། ། རིན་པོ་ཆེ་བཻ་དཱུརྱ་དག་ཀྱང་གཏོར་ཏོ། ། འཛམ་བུ་ཆུ་བོའི་གསེར་རིན་པོ་ཆེ་རྣམས་དང་། རིན་པོ་ཆེ་རྡོའི་སྙིང་པོ་རྣམས་དང་།
BO
རིན་པོ་ཆེ་དཔལ་གྱི་སྙིང་པོ་རྣམས་ དང་། རིན་པོ་ཆེ་ཨན་ད་རྙིལ་རྣམས་དང་། རིན་པོ་ཆེ་མེ་མདོག་རྣམས་དང་། རིན་པོ་ཆེ་སྐར་འོད་རྣམས་དང་། རིན་པོ་ཆེ་ཁ་དོག་མཐའ་ཡས་རྣམས་ཀྱིས་ཀྱང་གཏོར་ཏོ། ། གསེར་ཕྱེ་དང་། དངུལ་ཕྱེ་དང་། ཨ་ག་རུའི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་། ཙན་དན་དུས་ཀྱི་རྗེས་སུ་འབྲང་བའི་ཕྱེ་ མ་དང་། ཙན་དན་དམར་པོའི་ཕྱེ་མ་དང་། ཀེ་ས་རའི་ཕྱེ་མ་རྣམས་ཀྱིས་ཀྱང་མངོན་པར་གཏོར་ཏོ། ། ལྷའི་མེ་ཏོག་རྣམས་ཀྱང་མངོན་པར་གཏོར་བ་ལ་འདི་ལྟ་སྟེ། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། ཡོངས་འདུ་དང་། མན་ཛུ་ཥ་ཀ་དང་། མན་ཛུ་ཥ་ཀ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། སྠ་ལ་དང་། སྠ་ལ་ཆེན་པོ་དང་། མེ་ཏོག་འཁོར་ལོ་དང་། འཁོར་ལོ་དྲི་མེད་དང་། འདབ་བརྒྱ་དང་། འདབ་སྟོང་དང་། འདབ་འབུམ་དང་། ཀུན་ནས་འོད་དང་། ཀུན་དུ་བསུང་དང་། ཀུན་དུ་ཆེར་སྣང་མིག་ཏུ་སྡུག་དང་། སྐར་འོད་ དང་། འོད་བྱེད་དང་། ཁ་དོག་མཐའ་ཡས་དང་། མེ་ཏོག་དེ་ལྟ་བུ་དག་ཀྱང་མངོན་པར་གཏོར་ཏོ། ། ཆུ་ནས་སྐྱེས་པའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་།
BO
པད་མ་དཀར་པོ་རྣམས་ཀྱང་གཏོར་ཏོ། ། ཐང་ལས་སྐྱེས་པ་སྣ་མའི་མེ་ཏོག་དང་། པ་རི་ཥ་ཀ་དང་། ཨ་ ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། མྱ་ངན་འཚང་དང་། དྷ་ནུ་སྐ་རི་དང་། སྐྱ་སྣར་དང་། མེ་ཏོག་བཏང་བཟུང་དག་ཀྱང་གཏོར་ཏོ། ། སིལ་སྙན་དང་ཕེག་རྡོབ་པ་དག་ཀྱང་ཀུན་དུ་ཡང་དག་པར་སྦྱར་བ་ལ་འདི་ལྟ་སྟེ། ཕེག་རྡོབ་པ་དང་། གླིང་བུ་དང་། རྔ་བོ་ཆེ་དང་། དུང་ དང་། རྫ་རྔ་དང་། འཁར་རྔ་དང་། སིལ་སྙན་དང་། གླུ་དབྱངས་རྣམ་པ་སྣ་ཚོགས་ཀྱང་བྱས་སོ། ། སྤོས་ཀྱི་ཆར་དང་། ཕྱེ་མའི་ཆར་དང་། རིན་པོ་ཆེའི་ཆར་དང་། རྒྱན་གྱི་ཆར་དང་། མུ་ཏིག་གི་རྒྱན་ཕྲེང་གི་ཆར་དང་། གོས་ཀྱི་ཆར་དང་། སིལ་སྙན་དང་། རོལ་མོའི་སྒྲའི་ཆར་ཡང་མངོན་ པར་ཕབ་བོ། ། བྱང་ཆུབ་སེམས་དཔའ་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ནས་འདུས་པ་དེ་དག་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ། བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་རང་རང་གི་ལུས་བོར་རོ། ། བྱང་ཆུབ་སེམས་དཔའ་དེ་དག་གིས་ལུས་བོར་ མ་ཐག་ཏུ་དེ་ནས་སྟེང་གི་བར་སྣང་ལ་ཐམས་ཅད་དང་ལྡན་པའི་འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པ་ཁེབས་པར་བྱས་ཏེ།
BO
རིན་པོ་ཆེའི་དྲ་བ་མུ་ཏིག་གི་རྒྱན་ཕྲེང་དུ་མ་དཔྱངས་པ། ཀུན་ནས་མིག་{མངས་,མང་}རིས་སུ་བྲིས་པ། ཤིན་ཏུ་ཡོངས་སུ་ལས་སུ་བྱས་པ། དྲིལ་བུ་གཡེར་ཀའི་དྲ་བས་ མཛེས་པར་བྱས་པ། རིན་པོ་ཆེའི་པད་མས་སྤྲས་པ་བྱུང་བར་གྱུར་ཏོ། ། མུ་ཏིག་གི་རྒྱན་ཕྲེང་དེ་དག་གི་མུ་ཏིག་གི་འབྲུ་རེ་རེ་ལས་ཀྱང་བྱང་ཆུབ་སེམས་དཔའི་ལུས་དཔག་ཏུ་མེད་ཅིང་གྲངས་མེད་པ་དག་བྱུང་བར་ཀུན་དུ་སྣང་ངོ་། ། དེ་དག་བྱུང་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་ བ་བྱས་ཏེ། རིན་པོ་ཆེ་བཀོད་པའི་པད་མའི་སེང་གེའི་ཁྲི་དེ་དག་ལ་འཁོད་དོ། ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་དེ་བཞིན་གཤེགས་པ་རེ་རེས་ཀྱང་བསྐལ་ པར་བརྗོད་པ་ཡོངས་སུ་ཐུག་པ་མེད་པ་ཞེས་བྱ་བའི་མཆོད་པ་བཀོད་པ་བསྒྲུབས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཏང་བ་དང་། སངས་རྒྱས་ཀྱི་མཐུས་བཀོད་པ་དེ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། དེ་དག་གིས་འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པ་ལ་ རྒྱན་གྱི་མཆོག་གིས་བརྒྱན་པར་གྱུར་ཏོ། །
BO
འཁོར་འདི་ལས་སེམས་ཅན་ཚད་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ། ། བྱང་ཆུབ་སེམས་དཔའ་ཚད་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྐྱེས་བུ་དམ་པ་ཁྱོད་རྣམས་ལས་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དེ་ བཞིན་གཤེགས་པས་བཏང་བ་རྣམ་པར་བརྟགས་པ་མ་ཡིན་པ། མ་འཁྲུགས་པ། མ་རྙིངས་པ། མ་ཉམས་པ་འདི་དེ་བཞིན་གཤེགས་པ་བྱམས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་དྲུག་ལོན་ཏེ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པར་འདུག་ནས་བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ། སྒྲིབ་པ་མེད་པའི་སྒོ། འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ན་བསྟན་པ་དང་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་འདུན་པར་བྱ་བ་དང་། མཆོད་པ་འདིས་ དེ་བཞིན་གཤེགས་པ་བྱམས་པ་དང་།
BO
བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་སུ་སྤྲོ། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་པད་མའི་སྟན་ལས་ ལངས་ཏེ་པུས་མོ་གཡས་པའི་ལྷ་ང་པད་མའི་སྙིང་པོ་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་རྒྱན་བཀོད་པ། རྣམ་པར་མ་བརྟགས་པ། མ་འཁྲུགས་པ། མ་རྙིངས་པ། མ་ཉམས་པ་འདིས་དེ་བཞིན་གཤེགས་པ་བྱམས་པ་དང་། དེ་མ་ལགས་པ་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་ཐམས་ཅད་ལའང་མཆོད་པ་བགྱིད་པར་སྤྲོའོ། ། དེའི་ཚེ་བདུད་རྣམ་པར་འཕྲུལ་ པ་ཞེས་བྱ་བ། ཤིན་ཏུ་གནས་པའི་གླིང་བཞི་པ་ན་གནས་པ་འཁོར་དེ་ཉིད་དུ་འདུག་ནས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་སྣོད་གང་གིས་བཀོད་པ་འདི་རྙིངས་པར་གྱུར་གྱི་བར་དུ་འཛིན་པའི་ ཁྱོད་ཀྱི་སྣོད་དེ་ཇི་ཙམ་ཞིག ། དེ་སྐད་ཅེས་སྨྲས་པ་དང་།
BO
བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་རྒྱལ་པོས་བདུད་རྣམ་པར་འཕྲུལ་པ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་སྣོད་ཇི་སྙེད་པ་དེ་དག་ཐམས་ཅད་ནི་འཆགས་པར་འགྱུར་བ། བར་དུ་གཅོད་པ་དང་ བཅས་པ་དག་གོ། ། ནམ་མཁའ་ནི་མི་ཤིགས་པ། བར་དུ་གཅོད་པ་མེད་པ་སྟེ་སྣོད་དེ་ཐམས་ཅད་ཀྱི་མཆོག་ཡིན་ནོ། ། གྲོགས་པོ་མིག་མ་འཛུམས་པར་ངའི་ལུས་ལ་ལྟོས་ཤིག་དང་། སྣོད་ཆེན་པོ་མཐོང་བར་འགྱུར་རོ། ། དེ་ནས་བདུད་རྣམ་པར་འཕྲུལ་པས་བྱང་ཆུབ་སེམས་དཔའ་ ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་ལུས་ལ་མིག་མི་འཛུམས་པར་བལྟས་པ་དང་། དེས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་ལུས་ཀྱི་དཀྱིལ་ལྟེ་བའི་དཀྱིལ་འཁོར་ན་ཆུའི་རྒྱལ་པོར་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་མཐོང་ངོ་། ། ཅིའི་ཕྱིར་ ཆུའི་རྒྱལ་པོར་སྣང་བ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ཆུས་རབ་ཏུ་གང་སྟེ་རྒྱ་མཚོ་གཅིག་པ་ལྟར་སྣང་ངོ་། ། དེ་ན་དེ་བཞིན་གཤེགས་པ་རིན་ཆེན་ཨུད་པ་ལའི་དཔལ་ཞེས་བྱ་བ་བཞུགས་སོ། ། འཚོའོ། ། གཞེས་སོ། ། བྱང་ཆུབ་སེམས་དཔའ་ཉི་ཚེ་ལ་ཆོས་ཀྱང་སྟོན་ཏོ། ། ཆུའི་ ཕུང་པོ་དེ་ལས་རིན་པོ་ཆེ་བཀོད་པའི་པད་མ་མངོན་པར་འཕགས་ཏེ།
BO
དེ་ལ་བཅོམ་ལྡན་འདས་དེ་དང་བྱང་ཆུབ་སེམས་དཔའ་དེ་དག་བཞུགས་སོ། ། དེ་ནས་བདུད་རྣམ་པར་འཕྲུལ་པས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་ཕྱག་ འཚལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པར་འཕྲུལ་པའི་རྒྱལ་པོས། བདུད་རྣམ་པར་འཕྲུལ་པ་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣོད་མཐོང་ངམ། སྨྲས་པ་མཐོང་ངོ་། ། སྐྱེས་བུ་དམ་པ་ཁྱོད་ ཀྱིས་སྣོད་འདི་ལྟ་བུ་འདིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་རིན་པོ་ཆེ་བཀོད་པ་ཆེན་པོ་མ་སྐམས་པ། མ་རྙིངས་པ་འདི་འཛིན་པར་ནུས་སམ། དེ་ནས་བདུད་རྣམ་པར་འཕྲུལ་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཚིག་འདི་སྐད་ཀྱང་སྨྲས་སོ། ། བཅོམ་ལྡན་འདས་བདག་ གིས་སྔོན་ཆད་སྐྱེས་བུ་དམ་པ་འདི་ཡང་མ་མཐོང་ངོ་། ། ཆོས་ཀྱི་རྣམ་གྲངས་འདིའང་མ་ཐོས་པས་ཅི་བདག་ཉན་ཐོས་ཀྱི་ཐེག་པས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པར་བགྱིའམ་སྙམ་པ་ལས། དེང་བདག་གིས་ཆོས་ཀྱི་རྣམ་གྲངས་འདིའང་ཐོས།
BO
བྱང་ཆུབ་སེམས་དཔའ་ཆོས་ ཐམས་ཅད་རྣམ་པར་འཕྲུལ་པའི་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་འདི་ཡང་མཐོང་བས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། ། བཅོམ་ལྡན་འདས་གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བ་ ཆེན་པོར་བསྲེགས་ལ། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་དུ་ལགས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལྟ་བུ་ཡོངས་སུ་མི་གཏོང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྣམ་པར་འཕྲུལ་པ་ ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གོ་ཆ་བགོས་པ་དང་། རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་འདི་ལྟ་བུ་དང་ལྡན་པར་འགྱུར་བ་ལེགས་སོ་ལེགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེང་གེའི་ཏོག་ཅེས་བྱ་བ་ འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །
BO
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དག་གཟུངས་གང་ལ་རབ་ཏུ་གནས་ན་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་དུ་འཛིན་པ་དང་། ཆོས་བསྟན་ པ་ན་ཟད་པར་མི་འགྱུར་བ་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་བྱང་ཆུབ་སེམས་དཔའ་སེང་ གེའི་ཏོག་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་གཟུངས་གང་དག་ལ་རབ་ཏུ་གནས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་ཀུན་དུ་འཛིན་པ་དང་། ཆོས་བསྟན་པ་ན་ཟད་པར་མི་འགྱུར་བ་དང་། ལེགས་པར་བཤད་པས་ སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ནི་བརྒྱད་པོ་འདི་དག་གོ། ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྒྲ་དབྱངས་རྣམ་པར་དག་པ་ཞེས་བྱ་བའི་གཟུངས་དང་། མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་དང་། འཁྱིལ་པ་མཐའ་ཡས་ པ་ཞེས་བྱ་བའི་གཟུངས་དང་། རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། པད་མ་བཀོད་པ་ཞེས་བྱ་བའི་གཟུངས་དང་། ཆགས་པ་མེད་པའི་སྒོར་འཇུག་པ་ཞེས་བྱ་བའི་གཟུངས་དང་།
BO
སོ་སོ་ཡང་དག་པར་རིག་པ་རྣམ་པར་ངེས་པ་ལ་འཇུག་པ་ཞེས་བྱ་བའི་གཟུངས་དང་། སངས་ རྒྱས་ཀྱི་རྒྱན་བྱིན་གྱིས་བརླབས་པ་ཞེས་བྱ་བའི་གཟུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ནི་བརྒྱད་པོ་འདི་དག་སྟེ། བྱང་ཆུབ་སེམས་དཔའ་རྣམས་གཟུངས་འདི་དག་ལ་རབ་ཏུ་གནས་ནས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་དུ་འཛིན་ཏོ། ། ཆོས་ བསྟན་པ་ན་ཟད་པར་མི་འགྱུར་རོ། ། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པར་འགྱུར་རོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེང་གེའི་ཏོག་གིས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ཁྱོད་བྱང་ ཆུབ་སེམས་དཔས་གང་ཐོས་པས་གཟུངས་འདི་དག་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་འགྱུར་བའི་གཟུངས་འདི་དག་རྒྱ་ཆེར་རྣམ་པར་དབྱེ་བ་ལ་འཇུག་པ་བསྟན་པ་ལ་སྤོབས་པར་གྱིས་ཤིག ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་སྨྲས་པ། དེའི་ཕྱིར་ རིགས་ཀྱི་བུ་ཁྱོད་ཀྱིས་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། གཟུངས་འདི་དག་རྒྱ་ཆེར་རྣམ་པར་དབྱེ་བ་ལ་འཇུག་པ་ཁོ་བོས་ཁྱོད་ལ་བཤད་པར་བྱའོ། །
BO
རིགས་ཀྱི་བུ་དེ་ལ་སྒྲ་དབྱངས་རྣམ་པར་དག་པའི་གཟུངས་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་ དཔའ་གཟུངས་འདི་ལ་རབ་ཏུ་གནས་པ་ན་ཆགས་པ་མེད་པ་ལ་འཇུག་པའི་སྒོ་ཤིན་ཏུ་རྣམ་པར་དག་པས་སྙིང་པོ་དང་ལྡན་པའི་བློས་ཤིན་ཏུ་གནས་ཏེ། ཆོས་བསྟན་པའི་བྱིན་གྱི་རླབས་ངེས་པར་བྱས་ནས་ཆོས་སྟོན་པ་ན་སངས་རྒྱས་ཀྱི་ཞིང་གཅིག་དབྱངས་ཀྱིས་གོ་བར་བྱེད་དོ། ། གཉིས་ སམ། གསུམ་མམ། བཞིའམ། ལྔའམ། བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། བརྒྱ་ཡང་དབྱངས་ཀྱིས་གོ་བར་བྱེད་དོ། ། སངས་རྒྱས་ཀྱི་ཞིང་སྟོང་དབྱངས་ཀྱིས་གོ་བར་བྱེད་པ་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། བརྒྱའི་བར་དུ་དབྱངས་ཀྱིས་གོ་བར་བྱེད་དོ། ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མཐའ་ཡས་མུ་མེད་པའི་བར་དག་དབྱངས་ཀྱིས་གོ་བར་བྱེད་དོ། ། དེས་རྒྱང་གྲགས་ཀྱི་ཚད་ཙམ་གྱི་སེང་གེའི་ཁྲི་བྱིན་གྱིས་བརླབས་ཏེ། དེ་ལ་འདུག་ནས་ཆོས་སྟོན་ཏོ། ། ཇི་ལྟར་མོས་པའི་སེམས་ཅན་རྣམས་མོས་པ་དེ་ལྟ་བུས་ཚིམ་པར་བྱ་བའི་ཕྱིར་དཔག་ཚད་ཕྱེད་ཀྱི་ཚད་ཙམ་མམ། དཔག་ཚད་ཀྱི་ཚད་ཙམ་མམ།
BO
རི་རབ་ཀྱི་ཚད་ཙམ་མམ། ཚངས་པའི་འཇིག་རྟེན་གྱི་ཚད་ཙམ་གྱི་སེང་གེའི་ཁྲི་བྱིན་གྱིས་བརླབས་ཏེ། དེ་ལ་འདུག་ནས་ཆོས་སྟོན་ཏོ། ། དེ་ལྟར་ སེང་གེའི་ཁྲི་དེ་ལ་འདུག་པ་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྣང་བར་གྱུར་ཏོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བཤད་པ་དེ་ཐམས་ཅད་ཀྱང་ཐོས་སོ། ། ཐོས་ནས་ཀྱང་གཟུངས་ཀྱི་སྟོབས་ཀྱིས་ཀུན་དུ་འཛིན་ཏོ། ། མི་བརྗེད་དོ། ། ཆོས་དེས་ཆོས་ཀྱི་དོན་ སོ་སོར་མྱོང་བར་བྱེད་དོ། ། དེ་ཆོས་གཞན་ཉན་པས་ཆོས་སྟོན་པ་ལ་སྒྲིབ་པར་མི་བྱེད་དོ། ། ཆོས་སྟོན་པས་ཆོས་ཉན་པ་ལ་སྒྲིབ་པར་མི་བྱེད་དོ། ། ཡི་གེའི་སྒྲ་གཅིག་ལ་འཇུག་པས་ཡི་གེའི་སྒྲ་ཐམས་ཅད་ལ་འཇུག་པ་སྟོན་ཏོ། ། ཡི་གེའི་དང་པོ་ཨ་ཞེས་བྱ་བ་བརྗོད་པའི་ཚུལ་གྱིས་ཆོས་ ཀྱི་སྒོ་མཐའ་ཡས་པ་བརྗོད་དེ། འདི་ལྟ་སྟེ། འོང་བ་མེད་པའི་མཚན་ཉིད་ཀྱི་ཚུལ་གྱིས་ཆོས་ཐམས་ཅད་ནི་འོང་བ་མེད་པའོ། ། འཕོ་བ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ནི་སོང་བ་མེད་པའོ། ། གནས་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ནི་གནས་པ་མེད་པའོ། ། གཟོད་མ་ནས་ རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པའོ། །
BO
གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ནི་རྩ་བ་མེད་པའོ། ། གཟོད་མ་ནས་བྱུང་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་མཐའ་མ་མེད་པའོ། ། རྣམ་པར་འགྲོ་བ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ནི་ཟད་ པ་མེད་པའོ། ། མངོན་པར་འདུ་བྱ་བ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ནི་མ་སྐྱེས་པའོ། ། བྱེད་པ་པོ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། ། རྒྱུ་བ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ནི་འབྱུང་བ་མེད་པའོ། ། ཕན་ཚུན་ཡང་དག་པར་འདུ་བའི་ཚུལ་གྱིས་ཆོས་ཐམས་ ཅད་ནི་མི་འཐུན་པ་མེད་པའོ། ། བདག་པོ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ནི་མ་འགགས་པའོ། ། སྨོན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རྒྱུ་བ་མེད་པའོ། ། མི་རྟོག་ཅིང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཆོས་ཐམས་ཅད་ནི་སྤྲོས་པ་མེད་པའོ། ། ཤིན་ཏུ་སྒྲ་ལ་ཞུགས་པའི་ཕྱིར་ཆོས་ ཐམས་ཅད་ནི་རྗོད་པ་མེད་པའོ། ། སྒྲ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་སྨྲ་བ་མེད་པའོ། ། རྣམ་པར་གནས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་བསྟན་དུ་མེད་པའོ། ། རྟོག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རྣམ་པར་བརྟགས་པ་མ་ཡིན་པའོ། ། རྣམ་པར་བསྒྲུབས་པ་མ་ཡིན་པའི་ཕྱིར་ ཆོས་ཐམས་ཅད་ནི་རློམ་སེམས་མེད་པའོ།
BO
། རློམ་སེམས་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཡོ་བ་མེད་པའོ། ། ནམ་མཁའ་དང་མཉམ་པའི་ཕྱིར་ཆོས་ཐམས་ཅད་ནི་རྣམ་པར་ཤེས་པ་མེད་པའོ། ། ཚིག་གི་ལམ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཐ་སྙད་མེད་པའོ། ། ཡུལ་ན་མི་གནས་པའི་ ཕྱིར་ཆོས་ཐམས་ཅད་ནི་གནས་མེད་པའོ། ། ཕྱོགས་ན་མི་གནས་པའི་ཕྱིར་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། ། ཉོན་མོངས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཟོད་མ་ནས་རྣམ་པར་དག་པའོ། ། བདག་གི་རང་བཞིན་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་བདག་མེད་པའོ། ། གཟོད་མ་ནས་ རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ནི་སེམས་ཅན་མེད་པའོ། ། དབང་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་སྲོག་མེད་པའོ། ། དོན་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་གང་ཟག་མེད་པའོ། ། ནང་ཉེ་བར་ཞི་བའི་ཕྱིར་ཆོས་ཐམས་ཅད་ནི་གཟོད་མ་ནས་སྟོང་པའོ། ། མཐའ་མེད་པར་གྱུར་ པའི་ཕྱིར་ཆོས་ཐམས་ཅད་ནི་མཚན་མ་མེད་པའོ། ། ཉེ་བར་ལེན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་སྨོན་པ་མེད་པའོ། ། འདུས་བྱས་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པའོ། ། གནས་མེད་པ་དང་། གནས་ལས་ཤིན་ཏུ་འདས་པའི་ཕྱིར་ཆོས་ཐམས་ཅད་ ནི་འདུས་མ་བྱས་པའོ། །
BO
གཞན་གྱི་དྲིང་མི་འཇོག་པའི་ཕྱིར་ཆོས་ཐམས་ཅད་ནི་ཐུན་མོང་མ་ཡིན་པའོ། ། ལེན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་བླང་བ་མེད་པའོ། ། འདོར་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་དོར་བ་མེད་པའོ། ། ལུས་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ མེད་པའོ། ། རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ནི་རྣམ་པ་མེད་པའོ། ། བྱེད་པ་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ལས་མེད་པའོ། ། འཕོ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རྣམ་པར་སྨིན་པ་མེད་པའོ། ། ས་བོན་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གདུང་བ་མེད་པའོ། ། འཛིན་པ་མེད་ པའི་ཕྱིར་ཆོས་ཐམས་ཅད་ནི་མཚན་མ་མེད་པའོ། ། མདུད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ལོག་པའི་ལས་མེད་པའོ། ། རྣམ་པར་བསྒྲུབས་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་མདུད་པ་མེད་པའོ། ། བྱས་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་རྣམ་པར་བསྒྲུབས་པ་མ་ཡིན་པའོ། ། ཟག་པ་མི་སློང་བའི་ཕྱིར་ཆོས་ཐམས་ཅད་ནི་ཟག་པ་མེད་པའོ། ། གཟོད་མ་ནས་བྱུང་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་མ་བྱུང་བའོ། ། གཉེན་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གསལ་བའོ། ། རྣམ་པ་སྣ་ཚོགས་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཉེན་པོ་མེད་པའོ། །
BO
འབྱུང་བ་ཆེན་པོ་ལས་ མ་བྱུང་བའི་ཕྱིར་ཆོས་ཐམས་ཅད་ནི་གཟུགས་ཅན་མ་ཡིན་པའོ། ། ཚོར་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཚོར་བ་མེད་པའོ། ། འདུ་ཤེས་ཀྱི་ལམ་ལས་ཤིན་ཏུ་འདས་པའི་ཕྱིར་ཆོས་ཐམས་ཅད་ནི་འདུ་ཤེས་མེད་པའོ། ། སྲེད་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་འདུ་བྱེད་པ་མེད་པའོ། ། སོ་སོར་རྣམ་པར་རིག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རྣམ་པར་ཤེས་པ་མེད་པའོ། ། ཁམས་ནམ་མཁའ་དང་མཚུངས་པའི་ཕྱིར་ཆོས་ཐམས་ཅད་ནི་ཁམས་མེད་པའོ། ། ཡུལ་གྱི་ལམ་ལས་ཤིན་ཏུ་འདས་པའི་ཕྱིར་ཆོས་ཐམས་ཅད་ནི་འདྲེན་པ་མེད་པའོ། ། རྒྱུ་བ་མེད་པའི་ཕྱིར་ཆོས་ ཐམས་ཅད་ནི་ཡུལ་མེད་པའོ། ། ཀུན་བརྟགས་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་འདོད་པ་མེད་པའོ། ། འཇུག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཟུགས་མེད་པའོ། ། ངེས་པར་སེམས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཟུགས་མེད་པ་མ་ཡིན་པའོ། ། འཁྲུགས་པ་སྤངས་པའི་ཕྱིར་ཆོས་ཐམས་ཅད་ནི་འཁྲུགས་པ་མེད་པའོ། ། གཟུང་བ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པའོ། ། གཉིས་སུ་དབྱེར་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཡིད་མེད་པའོ། །
BO
ཡུལ་གྱི་ལམ་ལས་ཤིན་ཏུ་འདས་པའི་ཕྱིར་ཆོས་ཐམས་ཅད་ནི་ གཟུང་བ་མ་ཡིན་པའོ། ། རྟག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཀུན་གཞི་མེད་པའོ། ། རྟེན་པ་དང་མི་འཐུན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཐེར་ཟུག་མ་ཡིན་པའོ། ། མཚན་མ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་མིང་མེད་པའོ། ། ཕན་ཚུན་གཅིག་ནས་གཅིག་ཏུ་བརྒྱུད་པ་མེད་པའི་ཕྱིར་ ཆོས་ཐམས་ཅད་ནི་འདྲེས་པ་མེད་པའོ། ། གནས་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གནས་པ་མེད་པའོ། ། འགྱོད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རྗོད་པ་མེད་པའོ། ། སྡིག་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་འགྱོད་པ་མེད་པའོ། ། དྲི་མ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་བག་ཆགས་ མེད་པའོ། ། གཟོད་མ་ནས་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ནི་དྲི་མ་མེད་པའོ། ། ཉོན་མོངས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཟོད་མ་ནས་རྣམ་པར་དག་པའོ། ། རྟེན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་པའོ། ། གཡོས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ རྟེན་པ་མེད་པའོ། ། ཆགས་པ་མེད་པར་འཇུག་པའི་ཕྱིར་ཆོས་ཐམས་ཅད་ནི་གཡོ་བ་མེད་པའོ། ། སྒྲིབ་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཆགས་པ་མེད་པར་འཇུག་པའོ། །
BO
ནམ་མཁའ་དང་མཚུངས་པའི་ཕྱིར་ཆོས་ཐམས་ཅད་ནི་སྒྲིབ་པ་མེད་པའོ། ། རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་ཐམས་ ཅད་ནི་ནམ་མཁའ་དང་མཚུངས་པའོ། ། རྒྱུ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཟུགས་ཅན་མ་ཡིན་པའོ། ། སྣང་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་བསྟན་དུ་མེད་པའོ། ། སྣང་བ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་སྣང་བ་མེད་པའོ། ། མི་མཉམ་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ མཉམ་པ་མེད་པའོ། ། ནམ་མཁའ་དང་མཚུངས་པའི་ཕྱིར་ཆོས་ཐམས་ཅད་ནི་མི་མཉམ་པ་མེད་པའོ། ། གསལ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་མུན་པ་མེད་པའོ། ། གཉེན་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་སྣང་བ་མེད་པའོ། ། ལྟུང་བ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་ཁ་ན་ མ་ཐོ་བ་མེད་པའོ། ། ལས་བྱས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པའོ། ། {བརྫུན་,རྫུན་}པ་སླུ་བའི་ཆོས་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་ཇི་ལྟ་བ་བཞིན་དུ་མ་ཡིན་པའོ། ། གཟོད་མ་ནས་གནས་པའི་ཕྱིར་ཆོས་ཐམས་ཅད་ནི་ཕྱེ་བ་མེད་པའོ། ། གཟུགས་ཅན་མ་ཡིན་པའི་ཕྱིར་ ཆོས་ཐམས་ཅད་ནི་ལྟ་བ་པོ་མེད་པའོ། ། སྒྲ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཉན་པ་པོ་མེད་པའོ། །
BO
དྲི་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་སྣོམ་པ་པོ་མེད་པའོ། ། རོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་མྱང་བ་པོ་མེད་པའོ། ། རེག་བྱ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རེག་པ་པོ་མེད་པའོ། ། ཆོས་ མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རྣམ་པར་ཤེས་པ་པོ་མེད་པའོ། ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་དམིགས་པ་མེད་པའོ། ། བྱང་ཆུབ་དང་མཚུངས་ཤིང་འདྲ་བའི་ཕྱིར་ཆོས་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པའོ། ། གཟོད་མ་ནས་མ་ སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ནི་གཟོད་མ་ནས་ཡོངས་སུ་མྱ་ངན་ལས་འདས་པའོ། ། རིགས་ཀྱི་བུ་དེ་ལྟར་སྒྲ་དབྱངས་རྣམ་པར་དག་པའི་གཟུངས་རབ་ཏུ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཡི་གེའི་དང་པོ་ཨ་ཞེས་བྱ་བ་ཡོངས་སུ་རྗོད་པ་ན་བསྐལ་པའམ། བསྐལ་པ་ལས་ལྷག་པར་ ཆོས་སྟོན་ཀྱང་ཡི་གེ་ཨ་ཞེས་བྱ་བའི་སྒྲ་མི་འདོར་བར་སྟོན་ཏོ། ། དེ་བཞིན་དུ་སྦྱར་ཏེ། ཡི་གེ་ཐམས་ཅད་ཀྱི་ནང་ནས་ཡི་གེ་གང་དང་གང་གིས་ཆོས་སྟོན་པར་རྩོམ་པའི་ཡི་གེ་དེ་དང་དེ་ཟད་པར་མི་འགྱུར་རོ། ། རྒྱུན་ཆད་པ་མེད་པར་ཆོས་ཀྱི་ཚུལ་དོན་དང་ཚིག་འབྲུ་དང་ལྡན་པ་སྟོན་ཏོ། །
BO
གཟུངས་ འདི་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྤྱོད་ལམ་གྱིས་ལུས་རྣམ་པར་དག་པ་ཡིན་ནོ། ། སྤོབས་པས་ངག་རྣམ་པར་དག་པ་ཡིན་ནོ། ། བྱམས་པ་སྒོམ་པས་སེམས་རྣམ་པར་དག་པ་ཡིན་ནོ། ། ཆོས་དང་ཟང་ཟིང་སྦྱིན་པ་ལ་སེར་སྣ་མེད་པས་སྦྱིན་པ་རྣམ་པར་དག་པ་ཡིན་ནོ། ། ཚུལ་ ཁྲིམས་ཉམས་པ་མེད་པས་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། ། ཞེ་འགྲས་པའི་སེམས་མེད་པས་བཟོད་པ་རྣམ་པར་དག་པ་ཡིན་ནོ། ། ལེགས་པར་བྱེད་པའི་ལས་བྱེད་པས་བརྩོན་འགྲུས་རྣམ་པར་དག་པ་ཡིན་ནོ། ། དེ་ལ་མ་ཆགས་པས་བསམ་གཏན་རྣམ་པར་དག་ པ་ཡིན་ནོ། ། ཡེ་ཤེས་ཀྱི་སྣང་བ་རབ་རིབ་མེད་པས་ཤེས་རབ་རྣམ་པར་དག་པ་ཡིན་ནོ། ། ཁ་ན་མ་ཐོ་བ་མེད་པས་ལས་རྣམ་པར་དག་པ་ཡིན་ནོ། ། ལྷའི་མིག་ཡོངས་སུ་དག་པས་མིག་རྣམ་པར་དག་པ་ཡིན་ནོ། ། ལྷའི་རྣ་བ་ཐོབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ བསྟན་པ་ཉན་པས་རྣ་བ་རྣམ་པར་དག་པ་ཡིན་ནོ། ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ལ་སྣོམ་པའི་ཕྱིར་སྣ་རྣམ་པར་དག་པ་ཡིན་ནོ། ། རོ་ཞིམ་པོ་ལ་བརྐམ་པ་མེད་པའི་ཕྱིར་ལྕེ་རྣམ་པར་དག་པ་ཡིན་ནོ། ། རྫུས་ཏེ་སྐྱེ་བས་མངལ་གྱི་དྲི་མས་མི་གོས་པའི་ཕྱིར་ལུས་རྣམ་པར་དག་ པ་ཡིན་ནོ།
BO
། ཆོས་རབ་ཏུ་འབྱེད་པ་ལ་མཁས་པས་སེམས་རྣམ་པར་དག་པ་ཡིན་ནོ། ། མཚན་གྱིས་ལེགས་པར་བརྒྱན་པས་གཟུགས་རྣམ་པར་དག་པ་ཡིན་ནོ། ། ཡིད་དུ་འོང་བའི་སྒྲ་རྗོད་པས། སྒྲ་རྣམ་པར་དག་པ་ཡིན་ནོ། ། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་ བའི་དྲིས་ཡོངས་སུ་བསྒོས་པས། དྲི་རྣམ་པར་དག་པ་ཡིན་ནོ། ། སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པས། རོ་རྣམ་པར་དག་པ་ཡིན་ནོ། ། འཇམ་ཞིང་མཉེན་པའི་རྐང་ལག་ཐོབ་པས། རེག་པ་རྣམ་པར་དག་པ་ཡིན་ནོ། ། ཆོས་ལ་སྣང་བ་ཐོབ་ པས་ཆོས་རྣམ་པར་དག་པ་ཡིན་ནོ། ། ཇི་ལྟར་ཐོས་པའི་ཆོས་རྣམས་མ་བརྗེད་པས་དྲན་པ་རྣམ་པར་དག་པ་ཡིན་ནོ། ། བདུད་ཀྱི་ལམ་ལས་ཤིན་ཏུ་འདས་པས་བློ་གྲོས་རྣམ་པར་དག་པ་ཡིན་ནོ། ། ཆོས་ཟབ་མོ་རྟོགས་པར་ཁོང་དུ་ཆུད་པས་རྟོགས་པ་རྣམ་པར་དག་པ་ཡིན་ནོ། ། གཟུངས་འདི་ ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཞིང་ཇི་སྙེད་སྒྲས་གོ་བར་བྱེད་པ་དེ་སྙེད་འོད་ཀྱིས་རྒྱས་པར་འགེངས་སོ། ། འདི་ལྟ་སྟེ། གཟུངས་འདི་ཉིད་ཀྱི་མ་འདྲེས་པའི་ཁྱད་པར་རབ་ཏུ་ཐོབ་པས་འོད་དེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་ ཚུལ་འབྱུང་བར་བྱེད་དོ། །
BO
རིགས་ཀྱི་བུ་སྒྲ་དབྱངས་རྣམ་པར་དག་པའི་གཟུངས་འདི་ནི་གང་{ཆུང་ཟད་,ཅུང་ཟད་}གཞོལ་བར་འཇུག་པ་སྟེ། སྒྲ་དབྱངས་རྣམ་པར་དག་པའི་གཟུངས་འདི་བསྟན་པ་ནི་ཚད་མེད་དེ། ཡི་གེ་རྣམ་པར་ཕྱེ་བས་བསམ་གྱིས་མི་ཁྱབ་པའོ། ། ངེས་པར་བསྟན་པས་མཐའ་ ཡས་པའོ། ། རྣམ་པར་གདོན་མི་ཟ་བས་ཚད་མེད་པའོ། ། བཤད་པས་ཐུག་པ་མེད་པའོ། ། གཞོལ་བར་འཇུག་པས་ཆགས་པ་མེད་པའོ། ། རིགས་ཀྱི་བུ་དེ་ལ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་གང་ཞེ་ན། འདི་ལྟ་སྟེ། གཟུངས་ཀྱི་བསྟན་པ་མི་ཟད་པ་སྟེ། གཟུགས་མི་རྟག་ གོ་ཞེས་མི་རྟག་པར་བསྟན་པ་མི་ཟད་པ་དང་། གཟུགས་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་བར་བསྟན་པ་མི་ཟད་པ་དང་། གཟུགས་བདག་མེད་པའོ་ཞེས་བདག་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་ཞི་བའོ་ཞེས་ཞི་བར་བསྟན་པ་མི་ཟད་པ་དང་། གཟུགས་དབེན་པའོ་ཞེས་ དབེན་པར་བསྟན་པ་མི་ཟད་པ་དང་། གཟུགས་དབུ་བ་རྡོས་པ་ལྟ་བུའོ་ཞེས་དབུ་བརྔོས་པ་ལྟ་བུར་བསྟན་པ་མི་ཟད་པ་དང་། གཟུགས་སྒྱུ་མ་ལྟ་བུའོ་ཞེས་སྒྱུ་མ་ལྟ་བུར་བསྟན་པ་མི་ཟད་པ་དང་། གཟུགས་སྨིག་རྒྱུ་ལྟ་བུའོ་ཞེས་སྨིག་རྒྱུ་ལྟ་བུར་བསྟན་པ་མི་ཟད་པ་དང་།
BO
གཟུགས་ ཆུའི་ཟླ་བ་ལྟ་བུའོ་ཞེས་ཆུའི་ཟླ་བ་ལྟ་བུར་བསྟན་པ་མི་ཟད་པ་དང་། གཟུགས་རྨི་ལམ་ལྟ་བུའོ་ཞེས་རྨི་ལམ་ལྟ་བུར་བསྟན་པ་མི་ཟད་པ་དང་། གཟུགས་བྲག་ཅ་ལྟ་བུའོ་ཞེས་བྲག་ཅ་ལྟ་བུར་བསྟན་པ་མི་ཟད་པ་དང་། གཟུགས་མིག་ཡོར་ལྟ་བུའོ་ཞེས་མིག་ཡོར་ལྟ་བུར་བསྟན་པ་མི་ ཟད་པ་དང་། གཟུགས་གཟུགས་བརྙན་ལྟ་བུའོ་ཞེས་གཟུགས་བརྙན་ལྟ་བུར་བསྟན་པ་མི་ཟད་པ་དང་། གཟུགས་ངོ་བོ་ཉིད་མེད་པའོ་ཞེས་ངོ་བོ་ཉིད་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་དངོས་པོ་མེད་པའོ་ཞེས་དངོས་པོ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་གནས་མེད་ པའོ་ཞེས་གནས་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་སྟོང་པའོ་ཞེས་སྟོང་པར་བསྟན་པ་མི་ཟད་པ་དང་། གཟུགས་མཚན་མ་མེད་པའོ་ཞེས་མཚན་མ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་སྨོན་པ་མེད་པའོ་ཞེས་སྨོན་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་མངོན་ པར་འདུ་བྱེད་པ་མེད་པའོ་ཞེས་མངོན་པར་འདུ་བྱེད་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་མ་སྐྱེས་པའོ་ཞེས་མ་སྐྱེས་པར་བསྟན་པ་མི་ཟད་པ་དང་། གཟུགས་སྐྱེས་བ་མེད་པའོ་ཞེས་སྐྱེ་བ་མེད་པར་བསྟན་པ་མི་ཟད་པ་དང་།
BO
གཟུགས་སྔོན་གྱི་མཐར་ངོ་བོ་ཉིད་མེད་ པའོ་ཞེས་སྔོན་གྱི་མཐར་ངོ་བོ་ཉིད་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་ཕྱི་མའི་མཐར་ངོ་བོ་ཉིད་མེད་པའོ་ཞེས་ཕྱི་མའི་མཐར་ངོ་བོ་ཉིད་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་བར་དུ་ངོ་བོ་ཉིད་མེད་པའོ་ཞེས་བར་དུ་ངོ་བོ་ཉིད་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་ བར་དུ་ཞི་བའོ་ཞེས་བར་དུ་ཞི་བར་བསྟན་པ་མི་ཟད་པ་དང་། གཟུགས་ཉེ་བར་ཞི་བར་ཞི་བའོ་ཞེས་ཉེ་བར་ཞི་བར་བསྟན་པ་མི་ཟད་པ་དང་། གཟུགས་རྒྱུ་བ་མེད་པའོ་ཞེས་རྒྱུ་བ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་སྤྲོས་པ་མེད་པའོ་ཞེས་སྤྲོས་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་བསམ་གྱིས་མི་ཁྱབ་པའོ་ཞེས་བསམ་གྱིས་མི་ཁྱབ་པར་བསྟན་པ་མི་ཟད་པ་དང་། གཟུགས་མཚུངས་པ་མེད་པའོ་ཞེས་མཚུངས་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་བདག་མེད་པའོ་ཞེས་བདག་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་སེམས་ཅན་ མེད་པའོ་ཞེས་སེམས་ཅན་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་སྲོག་མེད་པའོ་ཞེས་སྲོག་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་གསོ་བ་མེད་པའོ་ཞེས་གསོ་བ་མེད་པར་བསྟན་པ་མི་ཟད་པ་དང་།
BO
གཟུགས་གང་ཟག་མེད་པའོ་ཞེས་གང་ཟག་མེད་པར་བསྟན་ པ་མི་ཟད་པ་དང་། གཟུགས་བེམས་པོའོ་ཞེས་བེམས་པོར་བསྟན་པ་མི་ཟད་པ་དང་། གཟུགས་གཡོ་བ་མེད་པའོ་ཞེས་གཡོ་བ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་བྱེད་པ་མེད་པའོ་ཞེས་བྱེད་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་རྩྭ་དང་། རྩིག་པ་དང་། ཤིང་དང་། བོང་བ་དང་། མིག་ཡོར་ལྟ་བུའོ་ཞེས་རྩྭ་དང་། རྩིག་པ་དང་། ཤིང་དང་། བོང་བ་དང་། མིག་ཡོར་ལྟ་བུར་བསྟན་པ་མི་ཟད་པ་དང་། གཟུགས་རྣམ་པར་བསྒྲུབས་པའི་མཚན་ཉིད་དོ་ཞེས་རྣམ་པར་བསྒྲུབས་པའི་མཚན་ཉིད་དུ་བསྟན་པ་མི་ཟད་པ་དང་། གཟུགས་ འབྱུང་བ་ཆེན་པོ་བཞི་ལས་གྱུར་པའོ་ཞེས་འབྱུང་བ་ཆེན་པོ་བཞི་ལས་གྱུར་པར་བསྟན་པ་མི་ཟད་པ་དང་། གཟུགས་སྒྲ་མེད་པའོ་ཞེས་སྒྲ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་རྣམ་པར་རིག་པ་མ་ཡིན་པའོ་ཞེས་རྣམ་པར་རིག་པ་མ་ཡིན་པར་བསྟན་པ་མི་ཟད་པ་དང་། གཟུགས་ བརྗོད་དུ་མེད་པའོ་ཞེས་བརྗོད་དུ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་རང་གི་ངང་གིས་ཡོངས་སུ་དག་པའོ་ཞེས་རང་གི་ངང་གིས་ཡོངས་སུ་དག་པར་བསྟན་པ་མི་ཟད་པ་དང་།
BO
གཟུགས་རྟེན་ཅིང་འབྲེལ་བར་འབྱུང་བའོ་ཞེས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་མི་ཟད་པ་དང་། གཟུགས་ཆད་པ་མེད་པའོ་ཞེས་ཆད་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་རྟག་པ་མེད་པའོ་ཞེས་རྟག་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་བྱེད་པ་པོ་མེད་པའོ་ཞེས་བྱེད་པ་པོ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་ཚོར་བ་པོ་མེད་པའོ་ཞེས་ཚོར་བ་པོ་མེད་ པར་བསྟན་པ་མི་ཟད་པ་དང་། གཟུགས་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པའོ་ཞེས་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པར་བསྟན་པ་མི་ཟད་པ་དང་། གཟུགས་ཆོས་ཀྱི་དབྱིངས་དང་མཉམ་པའོ་ཞེས་ཆོས་ཀྱི་དབྱིངས་དང་མཉམ་པར་བསྟན་པ་མི་ཟད་པ་དང་། གཟུགས་དེ་བཞིན་ཉིད་ལ་ རབ་ཏུ་གནས་པའོ་ཞེས་དེ་བཞིན་ཉིད་ལ་རབ་ཏུ་གནས་པར་བསྟན་པ་མི་ཟད་པ་དང་། གཟུགས་ཡང་དག་པའི་མཐའ་ལ་རབ་ཏུ་གནས་པའོ་ཞེས་ཡང་དག་པའི་མཐའ་ལ་རབ་ཏུ་གནས་པར་བསྟན་པ་མི་ཟད་པ་དང་། གཟུགས་ངའི་བ་མེད་པའོ་ཞེས་ངའི་བ་མེད་པར་བསྟན་པ་མི་ཟད་པ་ དང་། གཟུགས་ཡོངས་སུ་འཛིན་པ་མེད་པའོ་ཞེས་ཡོངས་སུ་འཛིན་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་ཟིན་པ་མེད་པའོ་ཞེས་ཟིན་པ་མེད་པར་བསྟན་པ་མི་ཟད་པ་དང་།
BO
གཟུགས་བསམ་གྱིས་མི་ཁྱབ་པའོ་ཞེས་བསམ་གྱིས་མི་ཁྱབ་པར་བསྟན་པ་མི་ཟད་པ་དང་། གཟུགས་མཚུངས་པ་མེད་པའོ་ཞེས་མཚུངས་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་ཚད་མེད་པའོ་ཞེས་ཚད་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་ཐུག་པ་མེད་པའོ་ཞེས་ཐུག་པ་མེད་པར་བསྟན་པ་མི་ཟད་པ་དང་། གཟུགས་བྱང་ཆུབ་ཀྱི་རང་བཞིན་ནོ་ཞེས་བྱང་ཆུབ་ ཀྱི་རང་བཞིན་དུ་བསྟན་པ་མི་ཟད་པ་དང་། གཟུགས་ནམ་མཁའ་དང་མཉམ་པའོ་ཞེས་ནམ་མཁའ་དང་མཉམ་པར་བསྟན་པ་མི་ཟད་པ་དང་། གཟུགས་མྱ་ངན་ལས་འདས་པའི་རང་བཞིན་ནོ་ཞེས་མྱ་ངན་ལས་འདས་པའི་རང་བཞིན་དུ་བསྟན་པ་མི་ཟད་པའོ། ། དེ་ བཞིན་དུ་ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཐམས་ཅད་དང་། ཆོས་ཐམས་ཅད་ཀྱི་བར་ལ་ཡང་སྒྲ་གཅིག་བརྗོད་པ་ལ་འཇུག་པས་བསྟན་པ་མི་ཟད་པ་ཤེས་པར་ཐམས་ཅད་ལ་རྒྱས་ པར་སྦྱར་རོ། ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ལུས་ཀྱི་ཟ་མ་ཏོག་འདིའི་མི་ཟད་པ་ཡོངས་སུ་བརྗོད་པ་ཤེས་པ་དང་། རིན་པོ་ཆེའི་ཟ་མ་ཏོག་ཆོས་ཀྱི་རྣམ་གྲངས་མི་ཟད་པ་ལ་འཇུག་པ་ཤེས་པ་དང་།
BO
བསྟན་པ་ཤེས་པ་མི་ཟད་པ་འདི་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཞེས་བྱ་སྟེ། གང་{ཆུང་ཟད་,ཅུང་ཟད་}འཇུག་པ་ཙམ་ཞིག་བསྟན་གྱིས། བསྐལ་པའམ་དེ་ལས་ལྷག་པར་ཡང་མི་ཟད་པའི་ཟ་མ་ཏོག་ཅེས་བརྗོད་དུ་ཡོད་དོ། ། རིགས་ཀྱི་བུ་དེ་ལ་འཁྱིལ་བ་མཐའ་ཡས་ཀྱི་གཟུངས་གང་ཞེ་ན། མཐའ་ཞེས་བྱ་བ་ནི་ཆད་པ་དང་རྟག་པའོ། ། འཁྱིལ་བ་ཞེས་བྱ་བ་ནི་རྟེན་ ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག ། སྐྱེ་མཆེད་དྲུག་གི་ རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགྱུར་བར་འགྱུར་རོ། །
BO
དེ་ལ་སྔགས་ཀྱི་དགོངས་པ་མཐའ་ཡས་པ་དང་། སྔགས་བསྟན་པའི་སྒོ་མཐའ་ཡས་པ་དང་། གཞོལ་བར་འཇུག་པ་མཐའ་ཡས་པ་འདི་ནི། འཁྱིལ་ བ་མཐའ་ཡས་པའི་གཟུངས་ཤེས་པའོ། ། མཐའ་ཞེས་བྱ་བ་ནི་ལེན་པ་དང་འདོར་བའོ། ། འཁྱིལ་བ་ཞེས་བྱ་བ་ནི་མི་ལེན་མི་འདོར་བའོ། ། མཐའ་ཞེས་བྱ་བ་ནི་སྐྱེ་བ་དང་འགགས་པའོ། ། འཁྱིལ་བ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་དང་འགགས་པ་མེད་པའོ། ། མཐའ་ཞེས་བྱ་བ་ནི་ཀུན་ ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ། ། འཁྱིལ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའོ། ། མཐའ་ཞེས་བྱ་བ་ནི་མཚན་མ་དང་སྤྲོས་པའོ། ། འཁྱིལ་བ་ཞེས་བྱ་བ་ནི་ཀུན་དུ་འབྱུང་བ་མེད་པའོ། ། མཐའ་ཞེས་བྱ་བ་ནི་རྟོག་པ་དང་རྣམ་པར་རྟོག་པའོ། ། འཁྱིལ་བ་ཞེས་ བྱ་བ་ནི་རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པའོ། ། མཐའ་ཞེས་བྱ་བ་ནི་རྒྱུ་དང་ལྟ་བའོ། ། འཁྱིལ་བ་ཞེས་བྱ་བ་ནི་རྒྱུ་དང་ལྟ་བ་ཡོངས་སུ་ཤེས་པའོ། ། མཐའ་ཞེས་བྱ་བ་ནི་མིང་དང་གཟུགས་སོ། ། འཁྱིལ་བ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། ། མཐའ་ཞེས་བྱ་བ་ནི་ འདུས་བྱས་དང་འདུས་མ་བྱས་པའོ། ། འཁྱིལ་བ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པའོ། ། མཐའ་ཞེས་བྱ་བ་ནི་ནང་དང་ཕྱིའོ།
BO
། འཁྱིལ་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་མི་གནས་པའོ། ། མཐའ་ཞེས་བྱ་བ་ནི་ལས་དང་རྣམ་པར་སྨིན་པའོ། ། འཁྱིལ་བ་ཞེས་བྱ་བ་ནི་ ལས་མེད་པ་དང་རྣམ་པར་སྨིན་པ་མེད་པའོ། ། མཐའ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའོ། ། འཁྱིལ་བ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པའོ། ། མཐའ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པའོ། ། འཁྱིལ་བ་ཞེས་བྱ་བ་ནི་གཉིས་སུ་མེད་པའོ། ། མཐའ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་རྣམས་སོ། ། འཁྱིལ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའོ། ། མཐའ་ཞེས་བྱ་བ་ནི་བདག་དང་བདག་མེད་པའོ། ། འཁྱིལ་བ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའོ། ། མཐའ་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའོ། ། འཁྱིལ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། ། རིགས་ཀྱི་བུ་དེ་ལྟར་མཐའ་ཡས་པ་བསྟན་པ་ཚད་མེད་དོ། ། འཁྱིལ་བ་བསྟན་པ་ཚད་མེད་དོ། ། འཁྱིལ་བ་མཐའ་ཡས་པའི་གཟུངས་འདི་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ མཐའ་ཡས་པའི་རྗེས་སུ་སོང་།
BO
ཆོས་འཁྱིལ་བའི་རྗེས་སུ་སོང་བས་བསྐལ་པ་བརྒྱ་སྟོང་ཕྲག་མཐའ་ཡས་པར་ཆོས་སྟོན་ཀྱང་དོན་དང་ཚིག་འབྲུས་གཟུངས་ཀྱི་ཡེ་ཤེས་འདིའི་མཐར་མི་ཕྱིན་ཏོ། ། འདི་ནི་འཁྱིལ་བ་མཐའ་ཡས་པའི་གཟུངས་ལ་གཞོལ་བར་འཇུག་ པ་དང་། རྗེས་སུ་འགྲོ་བར་བསྟན་པ་དང་། ཡེ་ཤེས་ཀྱི་སྣང་བ་རྗེས་སུ་རྟོགས་པ་དང་། རྣམ་པར་དག་པའི་སྒོ་ལ་རབ་རིབ་མེད་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་རྗེས་སུ་རྟོགས་པའོ། ། རིགས་ཀྱི་བུ་དེ་ལ་རྒྱ་མཚོའི་ཕྱག་རྒྱའི་གཟུངས་གང་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་དག་གཟུགས་སུ་སྣང་བ་དང་། སེམས་ཅན་གྱི་གཟུགས་སུ་སྣང་བའམ། རིའི་གཟུགས་སུ་སྣང་བའམ། ཤིང་གི་གཟུགས་སུ་སྣང་བའམ། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དང་། ལོ་ཏོག་གི་གཟུགས་ སུ་སྣང་བའམ། ཟླ་བ་དང་། ཉི་མ་དང་། སྐར་མ་དང་། ནོར་བུ་དང་། སྤྲིན་དང་། མེ་དང་། གློག་གི་གཟུགས་སུ་སྣང་བའམ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་གྱི་དབྱིབས་ཀྱི་གཟུགས་སུ་སྣང་བའམ། གཞལ་མེད་ཁང་དང་ལོངས་སྤྱོད་ཀྱི་གཟུགས་སུ་སྣང་བའམ། སྐྱེད་མོས་ཚལ་དང་། ཆུ་མིག་དང་། མཚེའུ་དང་། ལྟེང་ཀ་དང་།
BO
འབབ་ཆུའི་གཟུགས་སུ་སྣང་བའམ། ཉེ་བར་སྤྱོད་པའམ། ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱི་གཟུགས་སུ་སྣང་བ་ངན་པ་དང་། འབྲིང་དང་། རབ་དང་། གཟུགས་སུ་སྣང་བ་དེ་དག་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་རྒྱ་དང་བཅས་པར་མི་ ཉུང་། མི་མང་། ལྷག་པ་མེད་པས་དེའི་ཕྱིར་རྒྱ་མཚོ་ཆེན་པོ་ཞེས་བྱའོ། ། རིགས་ཀྱི་བུ་དེ་བཞིན་དུ་རྒྱ་མཚོའི་ཕྱག་རྒྱའི་གཟུངས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་ལུས་རྒྱ་དང་མཚུངས་པ་ཡིན་ནོ། ། སེམས་ཅན་ཐམས་ཅད་ལ་ངག་རྒྱ་ དང་མཚུངས་པ་ཡིན་ནོ། ། སེམས་ཅན་ཐམས་ཅད་ལ་སེམས་རྒྱ་དང་མཚུངས་པ་ཡིན་ནོ། ། ཕྱོགས་བཅུ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཆོས་སྟོན་པའི་གསུང་གི་འཕྲིན་ལས་ཇི་སྙེད་འཇུག་པ་དེ་དག་བྱང་ཆུབ་སེམས་དཔའ་དེའི་ཁའི་སྒོ་ནས་ཕྱག་རྒྱས་བཏབ་པ་དང་མཚུངས་ པར་འབྱུང་ངོ་། ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་དེ་གང་ཅི་རྗོད་པ་དེ་ཐམས་ཅད་དེ་བཞིན་གཤེགས་པའི་ཕྱག་རྒྱས་རྣམ་པར་མི་རྟོག་པར་ཕྱག་རྒྱ་ཐམས་ཅད་སྟོན་པ་ལ་གཞན་གྱི་དྲིང་མི་འཇོག་པར་འགྱུར་རོ། ། དེ་ལ་ཕྱག་རྒྱ་བསྟན་པ་ནི་འདི་ཡིན་ཏེ། འདི་ ལྟ་སྟེ།
BO
ཨ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་མེད་པའི་ཕྱག་རྒྱའོ། ། ར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཐོབ་པའི་ཕྱག་རྒྱའོ། ། པ་ཞེས་བྱ་བ་ནི་དོན་དམ་པ་བསྟན་པའི་ཕྱག་རྒྱའོ། ། ཙ་ཞེས་བྱ་བ་ནི་མིག་རྣམ་པར་དག་པའི་ཕྱག་རྒྱའོ། ། ན་ཞེས་བྱ་བ་ནི་ མིང་དང་གཟུགས་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱག་རྒྱའོ། ། ལ་ཞེས་བྱ་བ་ནི་སྲེད་པའི་འཁྲི་ཤིང་དང་བྲལ་བའི་ཕྱག་རྒྱའོ། ། ད་ཞེས་བྱ་བ་ནི་སྟོབས་བཅུ་ཡོངས་སུ་དག་པའི་ཕྱག་རྒྱའོ། ། བ་ཞེས་བྱ་བ་ནི་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་དག་པའི་ཕྱག་རྒྱའོ། ། ཌ་ ཞེས་བྱ་བ་ནི་ཁྲག་ཁྲུག་དང་བྲལ་བ་དང་གདུང་བས་གདུང་བ་དང་བྲལ་བའི་ཕྱག་རྒྱའོ། ། ཥ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་འཐོབ་པའི་ཕྱག་རྒྱའོ། ། བ་ཞེས་བྱ་བ་ནི་གཡོན་ཕྱོགས་ཀྱི་ལམ་རྣམ་པར་སྤངས་པའི་ཕྱག་རྒྱའོ། ། ཏ་ཞེས་བྱ་བ་ནི་དེ་ཁོ་ན་བསྟན་པའི་ཕྱག་རྒྱའོ། ། ཡ་ ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་གྱི་ཕྱག་རྒྱའོ། ། སྟ་ཞེས་བྱ་བ་ནི་ཁེངས་པའི་ཐ་བ་དང་བྲལ་བའི་ཕྱག་རྒྱའོ། ། ཀ་ཞེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བའི་ཕྱག་རྒྱའོ། ། ས་ཞེས་བྱ་བ་ནི་བདེན་པ་བསྟན་པའི་ཕྱག་རྒྱའོ། །
BO
མ་ཞེས་བྱ་བ་ནི་ལམ་རྣམ་པར་དག་པའི་ཕྱག་རྒྱའོ། ། ག་ཞེས་བྱ་བ་ནི་ ཟབ་མོ་ལ་འཇུག་པའི་ཕྱག་རྒྱའོ། ། སྠ་ཞེས་བྱ་བ་ནི་མཐུ་དང་སྟོབས་ཀུན་དུ་བསྟན་པའི་ཕྱག་རྒྱའོ། ། ཛ་ཞེས་བྱ་བ་ནི་རྒ་ཤི་ལས་ཤིན་ཏུ་འདའ་བའི་ཕྱག་རྒྱའོ། ། ཤྭ་ཞེས་བྱ་བ་ནི་གཅན་གཟན་གྱི་ཉེས་པ་རྣམ་པར་སྤངས་པའི་ཕྱག་རྒྱའོ། ། དྷ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་འདྲེས་པ་ མེད་པའི་ཕྱག་རྒྱའོ། ། ཤ་ཞེས་བྱ་བ་ནི་ཞི་གནས་ཡོངས་སུ་རྫོགས་པའི་ཕྱག་རྒྱའོ། ། ཁ་ཞེས་བྱ་བ་ནི་ནམ་མཁའ་མི་ཟད་པའི་ཆོས་ཉིད་ཀྱི་ཕྱག་རྒྱའོ། ། ཀྵ་ཞེས་བྱ་བ་ནི་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཕྱག་རྒྱའོ། ། སུ་ཞེས་བྱ་བ་ནི་རྨུགས་པའི་སྒྲིབ་པ་རྣམ་པར་ སྤང་བའི་ཕྱག་རྒྱའོ། ། ས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀུན་དུ་ཤེས་པར་བྱེད་པའི་ཕྱག་རྒྱའོ། ། ཧ་ཞེས་བྱ་བ་ནི་ཉམས་པ་ལ་བསྟེན་པའི་ཆོས་རྣམ་པར་སྤང་བའི་ཕྱག་རྒྱའོ། ། བྷ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་རྗེས་སུ་རྟོགས་པར་བྱེད་པའི་ཕྱག་རྒྱའོ། ། ཚ་ ཞེས་བྱ་བ་ནི་འདོད་པ་དང་། ཞེ་སྡང་དང་། འཇིག་པ་དང་། གཏི་མུག་རྣམ་པར་སྤོང་བའི་ཕྱག་རྒྱའོ། ། སྨ་ཞེས་བྱ་བ་ནི་དྲན་པ་དང་། ཤེས་བཞིན་དང་།
BO
བརྗེད་པ་མེད་པའི་ཕྱག་རྒྱའོ། ། ཧྭ་ཞེས་བྱ་བ་ནི་བོད་པའི་ཕྱག་རྒྱའོ། ། ས་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་དོར་བའི་ཕྱག་ རྒྱའོ། ། གྷ་ཞེས་བྱ་བ་ནི་ཐིབས་པོ་དང་། ལིང་ཏོག་དང་། མ་རིག་པ་སེལ་བའི་ཕྱག་རྒྱའོ། ། ཋ་ཞེས་བྱ་བ་ནི་མཐར་ཐུག་པར་འགྲོ་བའི་ཕྱག་རྒྱའོ། ། ཎ་ཞེས་བྱ་བ་ནི་གྱ་ནོམ་པའི་ཆོས་རྗེས་སུ་རྟོགས་པར་བྱེད་པའི་ཕྱག་རྒྱའོ། ། ཕ་ཞེས་བྱ་བ་ནི་འབྲས་བུ་ཐོབ་པར་བྱེད་པའི་ཕྱག་རྒྱའོ། ། སྐ་ ཞེས་བྱ་བ་ནི་ཕུང་པོ་ཡོངས་སུ་ཤེས་པར་བྱ་བའི་ཕྱག་རྒྱའོ། ། ཛྭ་ཞེས་བྱ་བ་ནི་རིམས་ནད་སེལ་བའི་ཕྱག་རྒྱའོ། ། ཤྩ་ཞེས་བྱ་བ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱག་རྒྱའོ། ། བ་ཞེས་བྱ་བ་ནི་ལམ་གྱི་རྒྱུན་གཅོད་ཅིང་མྱ་ངན་ལས་འདས་པ་རྗེས་ སུ་ཐོབ་པར་བྱེད་པའི་ཕྱག་རྒྱའོ། ། ལ་ཞེས་བྱ་བ་ནི་ཡི་གེའི་མཐའ་ཐུག་པ་མེད་པའི་ཕྱག་རྒྱའོ། ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་པ་ཇི་སྙེད་ཀྱིས་ཆོས་སྟོན་པའི་ཡི་གེ་དེ་དག་ཐམས་ཅད་ཀྱི་ཕྱག་རྒྱ་བསྟན་པ་རབ་ཏུ་ཤེས་ཏེ། རིགས་ཀྱི་བུ་འདི་ནི་རྒྱ་མཚོའི་ཕྱག་རྒྱའི་ གཟུངས་ཀྱི་སྒོར་འཇུག་པའོ། །
BO
རིགས་ཀྱི་བུ་དེ་ལ་པད་མ་བཀོད་པ་ཞེས་བྱ་བའི་གཟུངས་དེ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གཟུངས་འདི་ལ་རབ་ཏུ་གནས་པ་ནི་འཁོར་གྱི་དཀྱིལ་འཁོར་གང་དང་གང་དུ་ཆོས་བསྟན་པ་དེ་དང་དེར་དེའི་པད་མའི་སྟན་སྣ་ཚོགས་པ་ བལྟ་ན་སྡུག་པ་འབྱུང་སྟེ། དེ་པད་མའི་སྟན་དེ་ལ་འདུག་མ་ཐག་ཏུ་སྟེང་གི་བར་སྣང་ལས་པད་མའི་ཆར་འབབ་བོ། ། པད་མ་དེ་དག་ལས་ཀྱང་ཆོས་བསྟན་པ་རྣམ་པ་སྣ་ཚོགས་འབྱུང་སྟེ། འདི་ལྟ་སྟེ། ཟབ་མོ་བསྟན་པ་དང་། སྣ་ཚོགས་བསྟན་པ་དང་། དཔེ་བརྗོད་པ་བསྟན་པ་དང་། མདོ་ དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། དེ་ལྟ་བུ་འབྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་གཏན་ལ་དབབ་པ་བསྟན་པ་དག་སྟོན་པར་འགྱུར་རོ། ། པད་མ་ལས་ཆོས་ བརྗོད་པ་བྱུང་བ་དེའང་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དེ་ཡང་བཏང་སྙོམས་སུ་བྱེད་ཅིང་མི་སྨྲ་བ་དང་། མཉམ་པར་བཞག་པའི་གནས་ཀྱང་མི་འདོར་རོ། ། པད་མ་འབྱུང་བ་ལས་ངེས་པར་བྱུང་བ་དེ་ཡང་དེ་བྱེད་པའི་སྡུག་བསྔལ་ཡང་ དག་པར་ཟད་པར་འགྱུར་ཏེ།
BO
སངས་རྒྱས་ཀྱི་མཛད་པ་ཡང་བྱེད་དོ། ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་དག་འབྱུང་ངོ་། ། འོད་ཟེར་དེ་དག་ལས་ཀྱང་པད་མ་དག་འབྱུང་ངོ་། ། པད་མ་དེ་དག་ལས་ཀྱང་བྱང་ཆུབ་སེམས་དཔའི་གཟུགས་རྣམས་ འབྱུང་སྟེ། དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་དོང་ནས་སངས་རྒྱས་ཀྱི་མཛད་པ་བྱེད་དེ། འདི་ནི་པད་མ་བཀོད་པའི་གཟུངས་ཀྱི་སྒོར་འཇུག་པའོ། ། རིགས་ཀྱི་བུ་དེ་ལ་ཆགས་པ་མེད་པའི་སྒོར་འཇུག་པ་ཞེས་བྱ་བའི་གཟུངས་གང་ཞེ་ན། འདི་ལྟ་སྟེ། བསྟན་པ་གཅིག་ལ་མི་ཆགས་སོ། ། བསྟན་པ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་བཅུ་དག་ལ་མི་ཆགས་སོ། ། བསྟན་པ་ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། དྲུག་ཅུ་དང་། བདུན་ཅུ་དང་། བརྒྱད་ཅུ་དང་། དགུ་བཅུ་དང་། བརྒྱ་དག་ལ་ མི་ཆགས་སོ། ། བསྟན་པ་སྟོང་ལ་མི་ཆགས་སོ། ། བསྟན་པ་བྱེ་བ་བརྒྱ་ཕྲག་སྟོང་ལ་མི་ཆགས་སོ། ། བསྟན་པ་ཐེར་འབུམ་དང་། ཁྲག་ཁྲིག་དང་། གཏམས་དང་། དཀྲིགས་དང་། མི་འཁྲུགས་པ་དང་། ཚད་མེད་པ་དང་། གྲངས་མེད་པ་དང་། མཚུངས་པ་མེད་པ་དང་།
BO
གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་ལ་མི་ཆགས་སོ། ། བསྟན་པ་གང་གཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་མི་ཆགས་སོ། ། བསྟན་པ་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་མི་ཆགས་སོ། ། བསྟན་པ་གླིང་བཞི་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་མི་ཆགས་ སོ། ། བསྟན་པ་སྟོང་གསུམ་གྱི་སྟོང་ཆེན་པོ་ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་མི་ཆགས་སོ། ། བསྟན་པ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་མི་ཆགས་ པ་ནས། བསྟན་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་མི་ཆགས་སོ། ། རིགས་ཀྱི་བུ་དེ་ལྟར་ཆོས་ཀྱི་སྒོ་གང་དང་གང་བརྩམས་པའི་ཆོས་ཀྱི་སྒོ་དེ་དང་དེའི་བསྟན་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་བསྟན་པ་གཅིག་གིས་སྟོན་ཏོ། ། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། བརྒྱ་དང་། སྟོང་དང་། ཚད་མེད་པའི་བསྟན་པས་སྟོན་ཏེ། ལྡན་པ་དང་། འབྱོར་པ་དང་།
BO
ཤིན་ཏུ་ངེས་པའི་ཚིག་དང་། དོན་དང་། ཚིག་འབྲུ་དང་ལྡན་ པར་སྟོན་ཀྱང་ཆགས་པ་མེད་ཅིང་རྒྱུན་ཆད་པ་མེད་དེ། འདི་ནི་ཆགས་པ་མེད་པའི་སྒོར་འཇུག་པ་ཞེས་བྱ་བའི་གཟུངས་སོ། ། རིགས་ཀྱི་བུ་དེ་ལ་སོ་སོ་ཡང་དག་པར་རིག་པ་རྣམ་པར་ངེས་པ་ལ་འཇུག་པ་ཞེས་བྱ་བའི་གཟུངས་གང་ཞེ་ན། གང་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པ་མི་ ཟད་པ་ཤེས་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་བསྟན་པ་མི་ཟད་པ་ཤེས་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་བསྟན་པ་མི་ཟད་པ་ཤེས་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བསྟན་པ་མི་ཟད་པ་ཤེས་པ་སྟེ། ཤེས་པ་འདི་ལྟ་བུ་རབ་ཏུ་ཐོབ་པ་དེ་ལ་ཤར་ ཕྱོགས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ཏེ། རང་རང་གི་སྐད་ཀྱིས་དོན་ལ་མཁས་པ་ཡོངས་སུ་དྲིས། གང་དག་ལྷོ་ཕྱོགས་ཀྱི་སེམས་ཅན་དེ་དག་གིས་ནི་ཆོས་ལ་མཁས་པ་ཡོངས་སུ་དྲིས། གང་དག་ནུབ་ཕྱོགས་ཀྱི་སེམས་ཅན་དེ་དག་གིས་ནི་ངེས་པའི་ ཚིག་ལ་མཁས་པ་ཡོངས་སུ་དྲིས། གང་དག་བྱང་ཕྱོགས་ཀྱི་སེམས་ཅན་དེ་དག་གིས་ནི་སྤོབས་པ་ལ་མཁས་པ་ཡོངས་སུ་དྲིས་ན་དེ་ལ་བྱང་ཆུབ་སེམས་དཔའི་ངག་གི་ལས་ཀྱང་དེ་སྙེད་དུ་ཚད་མེད་དེ།
BO
དུས་གཅིག་ཏུ་བརྗོད་ཅིང་སྐད་སྣ་ཚོགས་ལ་འཇུག་པ་ལ་བརྗེད་པར་མི་འགྱུར། སེམས་གཡེང་བར་མི་འགྱུར་རོ། ། སྐད་ལ་འཇུག་པ་ཤེས་པས་སྐད་ཐམས་ཅད་ཀྱི་རྗེས་སུ་ཞུགས་ཏེ། སྐད་ཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པར་རིག་པ་ཚིམ་པར་བྱེད་དེ། འདི་ནི་སོ་སོ་ཡང་དག་པར་རིག་པ་རྣམ་པར་ངེས་པ་ལ་འཇུག་པ་ཞེས་བྱ་བའི་ གཟུངས་སོ། ། རིགས་ཀྱི་བུ་དེ་ལ་སངས་རྒྱས་ཀྱི་རྒྱན་བྱིན་གྱིས་བརླབས་པ་ཞེས་བྱ་བའི་གཟུངས་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གཟུངས་འདི་ལྟ་བུ་རབ་ཏུ་ཐོབ་པ། ཆོས་ཀྱི་སྟན་ཆེན་པོ་ལ་འདུག་པ། འཁོར་གྱི་དཀྱིལ་འཁོར་ཆེན་པོའི་དབུས་ན་འདུག་པའི་སྤྱི་ གཙུག་གི་དྲང་ཐད་ཀྱི་སྟེང་ན་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ཀྱིས་ལེགས་པར་བརྒྱན་པའི་ལུས་དང་ལྡན་པའི་གཟུགས་འབྱུང་སྟེ། དེ་བཞིན་གཤེགས་པའི་གཟུགས་དེས་ཕྱག་གཡས་པ་དེའི་སྤྱི་གཙུག་ཏུ་འཇོག་གོ། ། ཕྱག་བཞག་མ་ཐག་ཏུ་བྱང་ཆུབ་ སེམས་དཔའ་དེ་སངས་རྒྱས་ཀྱི་རྒྱན་གྱིས་བརྒྱན་པའི་ལུས་ཀྱི་ལས་དང་ལྡན་པར་འགྱུར་རོ། ། སངས་རྒྱས་ཀྱི་རྒྱན་གྱིས་བརྒྱན་པའི་ངག་གི་ལས་དང་ལྡན་པར་འགྱུར་རོ། །
BO
སངས་རྒྱས་ཀྱི་རྒྱན་གྱིས་བརྒྱན་པའི་དྲན་པའི་ལས་དང་ལྡན་པར་འགྱུར་རོ། ། དེ་ཆོས་དེ་ལྟ་བུ་དང་ལྡན་ཏེ། འཁོར་ ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ལ་འཇུག་པས་སོ་སོ་ཅི་རིགས་པར་ཆོས་སྟོན་ཏོ། ། ཞག་གཅིག་གམ། ཞག་གཉིས་སམ། ཞག་གསུམ་མམ། ཞག་བཞིའམ། ཞག་བདུན་ནམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། དུས་སམ། ལོ་ཁྱུད་ཀོར་རམ། ལོ་བརྒྱའམ། སྟོང་ངམ། ལོ་བརྒྱ་ཕྲག་སྟོང་ངམ། ཇི་ཙམ་དུ་འདོད་པ་དེ་ཙམ་དུ་ཁ་ཟས་དང་བྲལ་བའི་རྒྱུད་ཀྱིས་ཆོས་སྟོན་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་ཡོངས་སུ་བཟུང་བའི་ཕྱིར་དེའི་ཆོས་ཀྱི་སྒོ་ཡོངས་སུ་ཟད་པར་མི་འགྱུར། ལུས་དང་སེམས་ངལ་བར་མི་འགྱུར་རོ། ། ཤེས་པ་ཆེན་པོ་ བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། སེམས་ཅན་གྱི་བསམ་པ་དང་། ཚིག་རབ་ཏུ་དབྱེ་བ་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ཤེས་པ་དང་། ཐེག་པ་ཇི་ལྟར་རྣམ་པར་དགོད་པ་ཤེས་པ་དང་། སོ་སོ་ཅི་རིགས་པར་ཆོས་བསྟན་པ་ཤེས་པ་དང་ལྡན་ པར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་སངས་རྒྱས་ཀྱི་རྒྱན་བྱིན་གྱིས་བརླབས་པའི་གཟུངས་གང་{ཆུང་ཟད་,ཅུང་ཟད་}གཞོལ་བའི་སྒོར་འཇུག་པ་ཞེས་བྱའོ། ། གཟུངས་འདི་ནི་མི་ཟད་པ།
BO
ཐུག་པ་མེད་པའི་རྗེས་སུ་སོང་བ། དེ་བཞིན་གཤེགས་པའི་མཚམས་དང་བཅས་པ་དང་བསྟན་ པ་ཚད་མེད་པའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ནི་བརྒྱད་པོ་འདི་དག་སྟེ། གཟུངས་དེ་དག་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་དུ་འཛིན་ཏོ། ། ཆོས་སྟོན་པ་ནི་མི་ཟད་པར་འགྱུར་རོ། ། ལེགས་ པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པར་འགྱུར་རོ། ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བདེ་གཤེགས་རྣམས་ཀྱིས་རབ་ཏུ་གསུངས་པའི་གཟུངས་བརྒྱད་པོ། ། ཐེག་པ་འདིར་ནི་ དེ་དག་རྣམ་པར་ངེས་ཐོབ་པ། ། མདོ་སྡེ་བྱེ་བ་སྟོང་ཕྲག་ཐུག་པ་མེད་འཆད་ཀྱང་། ། དེ་ནི་དོན་དང་ཚིག་འབྲུ་གང་ལའང་ཆགས་པ་མེད། ། ཡིད་འོང་ཤིན་ཏུ་སྙན་ཅིང་ཆགས་པར་འགྱུར་བའི་དབྱངས། ། བྱེ་བ་སྟོང་ཕྲག་ཚད་མེད་ཞིང་དུ་གོ་བྱེད་པ། ། སེམས་ཅན་རྣམས་ཀྱིས་དེ་ཐོས་མྱ་ངན་ འདས་པར་འགྲོ། ། སྒྲ་དབྱངས་རྣམ་པར་དག་པའི་གཟུངས་འདི་ཐུག་པ་མེད། ། ཡི་གེ་ཐམས་ཅད་ཤེས་པ་མཁས་པ་བློ་གྲོས་ལྡན། ། བསྐལ་པ་མང་པོར་འཆད་ཀྱང་ཆོས་ལ་ཟད་པ་མེད། །
BO
རྩ་བའི་ཚིག་གཅིག་བརྗོད་པའང་ཟད་པར་མི་འགྱུར་ཏེ། ། མི་ཟད་ཆོས་ཀྱི་ཟ་མ་ཏོག་འདི་དྲན་པ་ ཡི། ། གང་གིས་གཟུངས་ཐོབ་མཐའ་མར་ཐུག་པར་ཡོངས་བཅད་པ། ། མཉམ་ཉིད་ཚུལ་བཞིན་ཆོས་ལ་སེམས་པ་བློ་གྲོས་ལྡན། ། མཐར་འཛིན་ཐམས་ཅད་རྣམ་པར་སྤངས་ཏེ་ཡོངས་དག་པས། ། ཁྱུ་མཆོག་གྱུར་པ་དེ་ནི་དབུས་ལ་གནས་མི་འགྱུར། ། གང་གིས་མཚོ་ཆེན་ཕྱག་རྒྱའི་ གཟུངས་ནི་རབ་ཐོབ་པ། ། དེ་ཡི་ཁ་ནས་ཕྱག་རྒྱ་བསམ་ཡས་རྗོད་པ་ན། ། གང་དག་གླིང་བཞི་གཟུགས་ཀྱི་རྣམ་པ་ཇི་སྙེད་པ། ། དེ་དག་ཀུན་དང་རྒྱ་མཚོ་མཚོ་ཆེན་བཅས་མི་རྟོག ། འཁོར་དུ་གལ་ཏེ་བདག་ཉིད་ཆེན་པོ་དེ་ཆོས་སྟོན། ། ནམ་མཁའ་ལས་ནི་པད་མ་དག་གི་ཆར་ཆེན་འབབ། ། པད་མ་དག་ལས་ཆོས་མང་བྱེ་བ་རབ་ཏུ་འབྱུང་། ། འདི་ནི་པད་མ་བཀོད་པའི་གཟུངས་ཏེ་ཡོངས་སུ་དག ། ཆགས་པ་མེད་པའི་གཟུངས་ནི་གལ་ཏེ་ཐོབ་གྱུར་ན། ། ཚིག་གཅིག་བརྗོད་པ་རབ་ཏུ་སྨྲ་དང་གཉིས་དག་དང་། ། གསུམ་དང་བཞི་དང་ལྔ་དང་བྱེ་བ་དག་དང་ནི། ། ཁྲག་ཁྲིག་ཐུག་པ་ མེད་པར་སྨྲ་ལ་ཆགས་པ་མེད། ། གང་གིས་རྣམ་པར་གདོན་མི་ཟ་བའི་གཟུངས་ཐོབ་པ། ། དོན་དང་ཆོས་དང་ངེས་ཚིག་སྤོངས་པ་ཇི་སྙེད་པ། །
BO
ཕྱོགས་བཅུའི་སེམས་ཅན་ཇི་སྙེད་མང་པོས་ཡོངས་དྲིས་ན། ། དེ་དག་ཐེ་ཚོམ་ཀུན་བཅད་དོགས་པ་མེད་པར་འགྱུར། ། གང་གིས་སངས་རྒྱས་རྣམ་ པར་འཕྲུལ་པའི་གཟུངས་ཐོབ་པ། ། གཟི་བརྗིད་ཆེན་པོ་དེ་ནི་སྟན་ལ་འདུག་པ་ན། ། སངས་རྒྱས་ཕྱག་གཡས་དེ་ཡི་སྤྱི་བོར་འཇོག་མཛད་དེ། ། དེ་ཡང་རྒྱལ་བའི་སྤོབས་པ་ཅི་འདྲ་བཞིན་དུ་འགྱུར། ། གང་གིས་གཟུངས་རྣམས་འདི་དག་རབ་ཏུ་ཐོབ་འགྱུར་བ། ། དེ་ཡི་ཡོན་ཏན་བསམ་ཡས་ ཐུག་པ་མེད་འགྱུར་ཏེ། ། གང་གཱའི་སྙེད་ཀྱི་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། ། ཁྱུ་མཆོག་གྱུར་པའི་བསྔགས་པ་བརྗོད་པས་ཟད་པ་མེད། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ཡི་ཤེས་པ་སྲིད་པ་གསུམ་ལ་མཉམ་འཇུག་སྟེ། ། པད་མ་བཞིན་དུ་སྲིད་པ་ གསུམ་ལས་འཕགས་འགྱུར་ཞིང་། ། རི་རབ་བཞིན་དུ་ཡུལ་རྣམས་ཀྱིས་ནི་མི་བསྐྱོད་འགྱུར། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་སྲིད་ཀུན་རྣམ་པར་སྤངས་པའི་སྤྱད་སྤྱོད་དེ། ། མུ་སྟེགས་ཅན་གྱི་ཚོགས་ཀུན་འཇོམས་པ་སྒྲོག་པ་ན། ། སེང་གེ་བཞིན་ དུ་འཁོར་དུ་འཇིགས་པ་མེད་པར་འགྱུར། ། ས་ལྟར་དགེ་བ་རྣམས་ནི་རྣམ་པར་སྐྱེད་པར་འགྱུར། །
BO
ཆུ་ལྟར་དྲི་མ་རྣམས་ནི་རབ་ཏུ་དེད་པར་འགྱུར། ། མེ་ལྟར་རློམ་སེམས་མེད་ཅིང་རྣམ་རྟོག་མེད་པར་འགྱུར། ། རླུང་ལྟར་ཡུལ་རྣམས་ལ་ནི་ཆགས་པ་མེད་པར་འགྱུར། ། གང་གིས་ གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་སྨྲ་ཚེ་ཤེས་དང་དབང་པོ་འཁྲུག་པ་མེད། ། དེ་ནི་སྨན་པ་བཞིན་དུ་འགྲོ་བ་ཐར་བྱེད་འགྱུར། ། ཕན་པར་འདོད་པས་ཆོས་ཀྱི་བཀྲུ་སྨན་སྦྱིན་པར་བྱེད། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། སྐྱེ་བོའི་ཚོགས་ རྣམས་དེ་ལ་ལྟ་བས་མི་ངོམས་ཏེ། ། ཟླ་བ་བཞིན་དུ་དགེ་བ་དག་ནི་རྣམ་སྦྱོང་འགྱུར། ། སེམས་སྙོམས་གཟི་བརྗིད་ཆེན་པོ་འོད་ཟེར་མཉམ་པར་གཏོང་། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་འགྲོ་བའི་སྲིད་པ་མ་ལུས་སྐེམས་པར་བྱེད། ། ཉི་མ་ བཞིན་དུ་འོད་བྱེད་མུན་པ་སེལ་བར་འགྱུར། ། གཉིད་ལོག་སེམས་ཅན་སྲིད་པ་གསུམ་ལས་སད་པར་བྱེད། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་ཀུན་ལ་{ཆུང་ཟད་,ཅུང་ཟད་}ཙམ་ཡང་འཛིན་པ་མེད། ། དེ་ནི་རྒྱལ་པོ་བཞིན་དུ་འཇིག་རྟེན་དབང་ཕྱུག་ཆེ། ། རྣམ་ཐོས་བུ་བཞིན་ ནོར་ལྡན་ཆོས་རྣམས་སྟོན་པར་བྱེད། །
BO
གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། རྫུ་འཕྲུལ་ཆེན་པོ་དྲན་ལྡན་ཀླུ་དང་འདྲར་འགྱུར་ཏེ། ། སྤྲིན་གྱི་བྱ་བ་བྱེད་ཅིང་མཁའ་ལས་གློག་ཕྱུང་ནས། ། ཞི་བར་བྱ་ཕྱིར་དེ་ནི་ཆོས་ཀྱི་ཆར་པ་འབེབས། ། གང་གིས་གཟུངས་ཀྱི་མཆོག་རྣམས་ རབ་ཏུ་ཐོབ་གྱུར་པ། ། འཁོར་རྣམས་ཐམས་ཅད་ཁྱུ་མཆོག་གྱུར་པའི་གདོང་དུ་བལྟ། ། བརྒྱ་བྱིན་བཞིན་དུ་དམན་པ་མ་ཡིན་གཟུགས་མཆོག་ལྡན། ། བློ་ཆེན་འགྲོ་བ་རྣམས་ལ་ཆོས་དང་དོན་རྣམས་སེམས། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་ཚངས་པའི་ གནས་པ་ཡོངས་དག་བསམ་གཏན་བྱེད། ། ཚངས་པ་བཞིན་དུ་མཉམ་བཞག་སྙིང་རྗེ་ལྡན་པར་འགྱུར། ། འཇིག་རྟེན་འདི་ཀུན་ཟིལ་གྱིས་མནན་ནས་བསམ་གཏན་བྱེད། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་ཕྱོགས་བཅུའི་སངས་རྒྱས་མང་ལ་མཆོད་པ་བྱེད། ། དེ་ ནི་རྟག་ཏུ་མངོན་ཤེས་ལྔ་ལས་ཉམས་མི་འགྱུར། ། ཞིང་བརྒྱ་བསམ་གྱིས་མི་ཁྱབ་དག་ཏུ་མཁའ་ནས་འགྲོ། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་རིང་པོར་མི་ཐོགས་སངས་རྒྱས་ཡོན་ཏན་འཐོབ། ། ཕྱོགས་ན་རྒྱལ་བ་རྣམས་ནི་དེ་ཡི་བསྔགས་བརྗོད་དེ། །
BO
བུ་ གཅིག་པ་ཞིག་ཡོན་ཏན་ལྡན་པ་བཞིན་དུ་བསྟོད། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ཡི་སྤོབས་པ་ཕྲེང་བ་ལེགས་བརྒྱུས་ཇི་བཞིན་ཏེ། ། མདོ་སྡེ་ཟབ་མོ་སྣ་ཚོགས་མང་པོ་འཆད་པ་ན། ། སྤོབས་པ་རྒྱ་ཆེ་ཡངས་ཤིང་ཟད་པ་མེད་པར་འགྱུར། ། གང་གིས་ གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ལ་རྒྱགས་པ་མེད་ཅིང་གཡོ་མེད་ང་རྒྱལ་མེད། ། དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་རྟོགས་དང་ལྡན། ། ཡེ་ཤེས་མཐའ་ཡས་སྤྱོད་ཡུལ་ནམ་མཁའ་བཞིན་དུ་འགྱུར། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ཡི་ འདུས་བྱས་ཉེས་པ་ཐམས་ཅད་རབ་ཏུ་ཆད། ། ཤེས་རབ་ཡེ་ཤེས་ཐབས་དང་ཟུང་དུ་འབྲེལ་བར་འགྱུར། ། བྱམས་དང་སྙིང་རྗེ་དག་ཀྱང་ཟུང་དུ་འབྲེལ་བར་འགྱུར། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་སྨྲ་ཚེ་འཁྲུལ་པ་{ཆུང་ཟད་,ཅུང་ཟད་}མི་དམིགས་ཏེ། ། བདག་ ཉིད་ཆེ་དེ་སེམས་ཅན་རྣམས་ཀྱི་སྒྲ་སྐད་ཤེས། ། སྤྱོད་དང་དབང་པོ་དང་ནི་མོས་པ་ཐམས་ཅད་ཤེས། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེས་ནི་ཆོས་ལ་ལྷག་མཐོང་དགེ་དང་དྲན་པ་དང་། །
BO
རྫུ་འཕྲུལ་དང་ནི་སྤང་དང་དབང་པོ་སྟོབས་ལྔ་དང་། ། བྱང་ཆུབ་ཡན་ ལག་དེ་བཞིན་ལམ་མཆོག་ཞི་གནས་འཐོབ། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་བདེ་གཤེགས་རྣམས་ཀྱི་སྤྱོད་ཡུལ་རང་གིས་རྟོགས། ། ཕ་རོལ་ཕྱིན་པ་དག་ནི་ཀུན་གྱི་ཕ་རོལ་སོན། ། བསྡུ་བའི་དངོས་པོ་ཀུན་ལ་མཁས་ཤིང་བློ་གྲོས་ལྡན། ། གང་ གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ལ་ནམ་ཡང་འཁྲུལ་པ་{ཆུང་ཟད་,ཅུང་ཟད་}མི་དམིགས་ཏེ། ། ངེས་པ་དེ་ནི་ཞི་ཞིང་ཉེར་ཞི་མྱོས་པ་མེད། ། དེ་ནི་སྤྱོད་ལ་རབ་ཏུ་གནས་གྱུར་ཤིན་ཏུ་དུལ། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་བདེ་གཤེགས་ སྤྱན་སྔར་པད་མའི་སྟེང་ན་འདུག ། དེ་ཡི་ལུས་ནི་ཆོས་ཀྱི་རྒྱུས་བྱུང་རྡུལ་དང་བྲལ། ། དེ་ཡི་ལུས་ལ་མངལ་གྱི་དྲི་མས་གོས་མི་འགྱུར། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། ། དེ་ནི་རྒྱལ་བ་ཀུན་གྱིས་བྱིན་བརླབས་ཆོས་སྨྲ་སྟེ། ། དེ་ནི་ལུས་དང་ངག་ཡིད་ལས་ རྣམས་གང་བྱེད་པ། ། ཐམས་ཅད་ཤེས་པས་བྱས་ཏེ་སྐྱེ་བོ་ཕན་པར་བྱེད། ། གང་གིས་གཟུངས་ཀྱི་མཆོག་རྣམས་རབ་ཏུ་ཐོབ་གྱུར་པ། །
BO
དེ་ནི་སྨྲ་ཚེ་བསྔགས་པ་ཟད་པར་མི་འགྱུར་ཏེ། ། སེམས་ཅན་ཐམས་ཅད་འདྲེན་པ་ཤེས་རབ་ཆེར་གྱུར་ཀྱང་། ། དེ་ཡི་བསྔགས་པ་བསྐལ་པ་ མང་པོར་བསམ་མི་ཁྱབ། ། ། ། བམ་པོ་བདུན་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་ལེགས་སོ་བྱ་བ་གནང་སྟེ། གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཁྱོད་ ཀྱིས་གཟུངས་རྣམ་པར་ངེས་པར་བསྟན་པ་འདི་ལེགས་པར་བཤད་པ་དང་། ཇི་ལྟར་ཡང་ཁྱོད་ཆོས་འདི་དག་ལ་གཞན་གྱི་དྲིང་མི་འཇོག་པ་དང་། ཇི་ལྟར་ཡང་ཁྱོད་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་གཟུངས་ཀྱི་སྒོའི་ཚིག་ཟབ་མོ་རྣམས་ཡོངས་སུ་འདྲི་བའི་རང་བཞིན་ཅན་ དུ་གྱུར་པ་ལེགས་སོ་ལེགས་སོ། ། དེའི་ཕྱིར་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ། ། གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་རྒྱས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ།
BO
དེའི་ཚེ་དེའི་དུས་ན་རྣམ་པར་སྣང་བྱེད་ཀྱི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་དྲི་མ་མེད་པར་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་གྱུར་པ་འཇིག་རྟེན་དུ་བྱུང་ངོ་། ། འཇིག་རྟེན་གྱི་ཁམས་དྲི་མ་ མེད་པ་དེ་ཡང་བཻ་དཱུརྱ་ལྟར་དག་པར་གྱུར་ཏེ། མེ་ལོང་ལྟ་བུར་ཤིན་ཏུ་བྱི་དོར་བྱས་པ། ལག་མཐིལ་ལྟར་མཉམ་པའོ། ། འཇིག་རྟེན་གྱི་ཁམས་དེར་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་རིན་པོ་ཆེའི་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུར་ལྡན་པ་དག་བྱུང་བར་གྱུར་ ཏོ། ། འཛམ་བུའི་ཆུ་བོའི་གསེར་གྱི་པད་མ་ཚད་ཤིང་རྟའི་ཕང་ལོ་ཙམ་དུ་གྱུར་པ་སྣ་ཚོགས་པ། བལྟ་ན་སྡུག་པ་དག་ཀྱང་བྱུང་བར་གྱུར་ཏོ། ། ལྷ་དང་མི་དེ་དག་ཀྱང་རིན་པོ་ཆེའི་ཁང་པ་བརྩེགས་པ་ལ་ཡོངས་སུ་ལོངས་སྤྱོད་པར་གྱུར་ཏོ། ། ཟས་དང་སྐོམ་ཡང་བསམས་པ་ཙམ་གྱིས་ འབྱོར་ཏེ། འདི་ལྟ་སྟེ། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དག་ཡོངས་སུ་སྤྱོད་པ་ལྟར་ལྷ་དང་མི་དེ་དག་གི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཡང་དེ་འདྲ་བར་གྱུར་ཏོ། ། ལྷ་དང་མི་དེ་དག་ཀྱང་འདོད་ཆགས་ཆུང་བ། ཞེ་སྡང་ཆུང་བ།
BO
གཏི་མུག་ཆུང་བ། རྣམ་ པ་བཟང་བ། ཤིན་ཏུ་རྣམ་པར་རིག་པར་བྱེད་པར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་དེ་ནི་ཉི་མ་དང་ཟླ་བར་བཏགས་པ་རྣམས་མེད་པར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེ་ནི་ལུས་ཀྱི་འོད་ཀྱིས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ གསལ་བར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་དེ་ན་པད་མ་ཁ་ཟུམ་པས་མཚན་མོ་ཞེས་བྱ་བ་དང་པད་མ་ཁ་བྱེ་བས་ཉིན་མོར་བགྲང་བ་མ་གཏོགས་པར་ཉིན་མཚན་དུ་གདགས་པ་མེད་དོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེའི་བྱང་ཆུབ་སེམས་དཔའི་དགེ་ འདུན་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་དྲུག་ཅུར་གྱུར་ཏོ། ། ཁྱིམ་པ་ཚད་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏོ། ། དེ་ནི་ཐེག་པ་ཆེན་པོ་མ་གཏོགས་པར་ ཐེག་པ་རྣམ་པར་དགོད་པ་གཞན་མེད་པར་གྱུར་ཏོ། ། བཅོམ་ལྡན་འདས་དེ་ནི་ཕྱིར་མི་ལྡོག་པ་དག་པའི་གཏམ་ཡང་དག་པར་སྟོན་ཏོ། ། བཅོམ་ལྡན་འདས་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་ཕྱེད་དུ་གྱུར་ཏོ། །
BO
མི་རྣམས་ཀྱང་བར་མ་དོར་འཆི་བའི་དུས་བྱེད་པ་མེད་པར་གྱུར་ཏོ། ། སངས་རྒྱས་ཀྱི་ ཞིང་དེ་ན་གང་དག་ས་ལ་གནས་པའི་ཁང་པ་བརྩེགས་པ་རྣམས་ན་གནས་པ་དེ་དག་ནི་མི་ཞེས་བྱ་བའི་གྲངས་སུ་འགྲོ། གང་དག་ནམ་མཁའ་ལ་གནས་པའི་ཁང་པ་བརྩེགས་པ་རྣམས་ན་གནས་པ་དེ་དག་ནི་ལྷ་ཞེས་བྱ་བའི་གྲངས་སུ་འགྲོ་བ་མ་གཏོགས་པར་ལྷ་དང་མི་རྣམས་ཀྱི་ཁ་དོག་དང་། ཡོངས་སུ་སྤྱོད་པ་ཐ་དད་དུ་བྱ་བ་མེད་པར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པ་དེ་མ་གཏོགས་པར་རྒྱལ་པོ་གཞན་གང་ཡང་མེད་དོ། ། ལྷ་དང་མི་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱེད་པ་དང་། ཆོས་ཉན་ པ་ལ་འདུན་པར་གྱུར་པ་མ་གཏོགས་པར་ལྷ་གཞན་མེད། སྟོན་པ་གཞན་མེད། གཞན་ལ་ཕྱག་མི་འཚལ། ལས་གཞན་མི་བྱེད། གཞན་ཡིད་ལ་མི་བྱེད་པར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་དེ་ན་བུད་མེད་དུ་གདགས་པ་མེད་དོ། ། སེམས་ཅན་དེ་དག་བསླབ་པ་གསུམ་པོ་དག་ ལ་སློབ་པ་མ་གཏོགས་པར་ལྟུང་བར་གདགས་པ་མེད་དོ། ། བསླབ་པ་ལས་འདའ་བར་གདགས་པ་མེད་དོ། ། བསླབ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་།
BO
ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ ཀྱི་བསླབ་པའོ། ། དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། གང་ཐམས་ཅད་མཁྱེན་པའི་སེམས་མི་གཏོང་བ་དང་། མངོན་པར་འདུ་བྱེད་པ་ཐམས་ཅད་རྣམ་པར་སྤོང་བའོ། ། དེ་ལ་ལྷག་པའི་སེམས་ཀྱི་བསླབ་པ་གང་ཞེ་ན། གང་ཏིང་ངེ་འཛིན་ལ་རབ་ཏུ་གནས་ ནས་ལྷག་པའི་ཤེས་རབ་ཐོབ་པའོ། ། དེ་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཞེ་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་གནས་ནས། སོ་སོ་ཡང་དག་པར་རིག་པ་ཐོབ་པའོ། ། བྱང་ཆུབ་སེམས་དཔའ་དེ་དག་ནི་ལུང་ཕོག་པ་མེད་པར་བསླབ་པ་འདི་ལྟ་བུ་དག་ལ་ སློབ་པ་དག་གོ། ། འཇིག་རྟེན་གྱི་ཁམས་དེ་ནི་དེ་ལྟ་བུར་ཡོངས་སུ་དག་པར་གྱུར་ཏོ། ། བཅོམ་ལྡན་འདས་དེའི་ཆོས་བསྟན་པ་ཡང་དེ་ལྟ་བུར་ཡོངས་སུ་དག་པར་གྱུར་ཏོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་འོད་དཔལ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཏེ། འདུག་པར་གྱུར་པ་དེ་སྟན་ ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གཟུངས་གཟུངས་ཞེས་བགྱི་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དག ། གཟུངས་གང་ལ་རབ་ཏུ་གནས་ནས།
BO
སངས་ རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་ཀུན་དུ་འཛིན་པ་དང་། ཆོས་བསྟན་པ་ན་ཟད་པར་མི་འགྱུར་བ་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བགྱིད་པའི་གཟུངས་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེས། བྱང་ཆུབ་སེམས་དཔའ་འོད་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱོད་གང་གི་ཕྱིར། དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་དྲི་བར་སེམས་པ་ལེགས་སོ་ལེགས་སོ། ། རིགས་ཀྱི་བུ་རིན་ ཆེན་སྒྲོན་མ་ཞེས་བྱ་བའི་གཟུངས་ཡོད་དེ། བྱང་ཆུབ་སེམས་དཔའ་དག་གཟུངས་དེ་ལ་རབ་ཏུ་གནས་ནས། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་དུ་འཛིན་ཏོ། ། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་དོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་ལ། བྱང་ཆུབ་སེམས་དཔའ་འོད་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་ཐོས་པས་བདག་ཅག་དེ་བཞིན་དུ་སྒྲུབ་ཅིང་། གཟུངས་འདི་འཐོབ་པར་འགྱུར་བར་དེ་བཞིན་གཤེགས་པས་རིན་ཆེན་སྒྲོན་མའི་གཟུངས་ ལ་གང་{ཆུང་ཟད་,ཅུང་ཟད་}འཇུག་པ་ཙམ་ཞིག་ལེགས་པར་བཤད་དུ་གསོལ།
BO
དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བས། བྱང་ཆུབ་སེམས་དཔའ་འོད་དཔལ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཉོན་མོངས་རྣམས་ཀྱི་རྡུལ་དང་བྲལ་གྱུར་ཏེ། དྲི་མ་མེད་ཅིང་དྲི་མ་ ཀུན་དུ་སྤངས། ། སེམས་ནི་རྟག་ཏུ་དག་ཅིང་དྲི་མེད་པ། ། འདི་ནི་རིན་ཆེན་སྒྲོན་མའི་གཟུངས་ཡིན་ནོ། ། ལུས་ཀྱིས་ངག་རྣམས་དག་ཅིང་ཡིད་ཀྱིས་ནི། ། ཟླ་བ་ལྟ་བུར་དྲི་བྲལ་དྲི་མེད་འོད། ། བྱམས་པའི་སེམས་དང་ཡིད་ཀྱང་སྙོམས་གྱུར་པ། ། འདི་ནི་རིན་ཆེན་སྒྲོན་མའི་ གཟུངས་ཡིན་ནོ། ། གཉིས་སུ་ལྟ་བ་དག་ལས་རྣམ་གྲོལ་ཞིང་། ། རྟོག་དང་རྣམ་པར་རྟོག་དང་ཀུན་དུ་བྲལ། ། འདུ་ཤེས་རྣམས་ནི་ཡོངས་སུ་ཤེས་གྱུར་པ། ། འདི་ནི་རིན་ཆེན་སྒྲོན་མའི་གཟུངས་ཡིན་ནོ། ། དྲན་དང་བློ་གྲོས་རྟོག་ལ་འཇུག་པ་འགྲུབ། ། ཤེས་རབ་ཆེ་ ལྡན་ཡོན་ཏན་རྣམས་དང་ལྡན། ། ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་ཅིང་དག ། འདི་ནི་རིན་ཆེན་སྒྲོན་མའི་གཟུངས་ཡིན་ནོ། ། དཀོན་མཆོག་གསུམ་པོ་རྒྱུན་མི་འཆད་པ་དང་། ། དྲི་གསུམ་རྣམ་སྤངས་སྲིད་པ་གསུམ་ལས་གྲོལ། ། གཉིས་ལ་ཡིད་གཉིས་ཟ་བ་མཐར་ འབྱིན་པ། ། རིན་ཆེན་སྒྲོན་མའི་གཟུངས་ནི་དག་པ་ཡིན། །
BO
འདོད་ཆགས་དང་ནི་ཞེ་སྡང་གཏི་མུག་བཅོམ། ། དུས་ངན་རྙོག་སྤངས་ཡོན་ཏན་ཀུན་དང་ལྡན། ། ཉོན་མོངས་མུན་པ་རབ་རིབ་སེལ་བྱེད་པ། ། རིན་ཆེན་སྒྲོན་མ་གཟུངས་ཀྱི་མཆོག་ཡིན་ནོ། ། འཇིག་རྟེན་ དག་ན་སྒྲ་སྐད་ཐ་མ་དང་། ། འབྲིང་དང་མཆོག་ནི་ཇི་སྙེད་ཡོད་པ་དག ། སྒྲ་རྣམས་ཀུན་ལ་ཤིན་ཏུ་ཞུགས་གྱུར་པ། ། རིན་ཆེན་སྒྲོན་མའི་གཟུངས་ནི་རྡུལ་དང་བྲལ། ། ཟབ་མོའི་ཆོས་རྣམས་དང་ནི་ལྡན་གྱུར་ཅིང་། ། ཚིག་དང་ཡིག་འབྲུ་སྣ་ཚོགས་མཐའ་ ཡས་མང་། ། བདག་དང་སེམས་ཅན་དག་ཏུ་ལྷུང་བ་མེད། ། གཉིས་མེད་ལྡན་པ་འདི་ནི་གཟུངས་ཡིན་ནོ། ། སོ་སོ་ཡང་དག་རིག་པ་ཐོབ་གྱུར་ཅིང་། ། རྐང་པ་སྙིང་པོ་བཞི་ལ་རབ་གནས་ཏེ། ། བསམ་གཏན་བཞི་དང་ཡང་དག་རབ་ལྡན་པ། ། འདི་ནི་རིན་ཆེན་སྒྲོན་མའི་ གཟུངས་ཡིན་ནོ། ། དམ་པའི་དོན་གྱི་ཆོས་ཀྱི་ཚུལ་གྱུར་ཅིང་། ། ཚངས་པའི་གནས་པ་བཞི་དང་བསྡུ་དང་ལྡན། ། མངོན་པར་ཤེས་པ་ལྔ་ལ་འགྲོ་བྱེད་པ། ། འདི་ནི་རིན་ཆེན་སྒྲོན་མའི་གཟུངས་ཡིན་ནོ། ། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས། ། ཡང་དག་སྤོང་བ་ རྣམས་དང་རྟག་ཏུ་འཐུན། ། རྫུ་འཕྲུལ་རྐང་པ་བཞི་ལ་སྤྱོད་བྱེད་པ། ། འདི་ནི་རིན་ཆེན་སྒྲོན་མའི་གཟུངས་ཡིན་ནོ། །
BO
དབང་པོ་ལྔ་པོ་དག་དང་ལྡན་གྱུར་ཅིང་། ། སྟོབས་ལྔ་དག་ལ་གནས་པ་མི་གཡོའི་ཤུགས། ། བྱང་ཆུབ་ཡན་ལག་རྣམས་དང་རབ་ལྡན་པ། ། འདི་ནི་རིན་ ཆེན་སྒྲོན་མའི་གཟུངས་ཡིན་ནོ། ། ཡན་ལག་བརྒྱད་པའི་ལམ་གྱིས་འགྲོ་བྱེད་ཅིང་། ། ཞི་གནས་མཆོག་དང་ལྷག་མཐོང་ཟུང་དུ་འབྲེལ། ། རིག་དང་རྣམ་པར་གྲོལ་བས་འགྲོ་བྱེད་པ། ། འདི་ནི་རིན་ཆེན་སྒྲོན་མའི་གཟུངས་ཡིན་ནོ། ། ས་རྣམས་གནོན་པ་དག་ནི་རབ་ལྡན་ ཞིང་། ། མཚམས་སྦྱོར་གྲོལ་བའི་ལམ་དང་རྗེས་སུ་འཐུན། ། ཉེས་པ་རྣམས་ནི་ཀུན་དུ་སྤངས་གྱུར་པ། ། འདི་ནི་རིན་ཆེན་སྒྲོན་མའི་གཟུངས་ཡིན་ནོ། ། འཇིག་རྟེན་ཐམས་ཅད་ན་ནི་སྣང་བྱེད་ཅིང་། ། ཉི་དང་ཟླ་ཡི་འོད་ཀྱི་དཀྱིལ་འཁོར་ལྟར། ། རྣམ་པར་དག་ཅིང་ མིག་ནི་འབྱེད་བྱེད་པ། ། འདི་ནི་རིན་ཆེན་སྒྲོན་མའི་གཟུངས་ཡིན་ནོ། ། འདིར་ནི་ལྷ་མིག་དག་སྟེ་རབ་རིབ་མེད། ། ཤེས་རབ་མཆོག་གི་མིག་ཀྱང་རྣམ་དག་པ། ། འདིར་ནི་ཆོས་ཀྱི་མིག་ཀྱང་དག་གྱུར་ཏེ། ། རྒྱལ་བ་དམ་པའི་སྤྱན་ནི་རྣམ་པར་དག ། འདིར་ནི་ཉོན་མོངས་ བདུད་ཀྱང་དག་པར་གྱུར། ། ཕུང་པོ་ལྔ་ཡི་ཉེས་པ་འདིར་ཡོངས་དག ། འདིར་ནི་འཆི་བདག་བདུད་ཀྱང་དག་གྱུར་ཅིང་། །
BO
འདིར་ནི་སྡེ་དང་བཅས་པའི་བདུད་ཀྱང་བཅོམ། ། འདིར་ནི་གཟུངས་ལ་རབ་ཏུ་གནས་ནས་སུ། ། བྱེ་བ་ཁྲག་ཁྲིག་དག་གི་ཞིང་དུ་འགྲོ། ། སངས་རྒྱས་ ཁྲག་ཁྲིག་དག་ཀྱང་མཐོང་འགྱུར་ཞིང་། ། བླ་ན་མེད་པའི་ཆོས་ཀྱང་ཉན་པར་བྱེད། ། རྒྱ་ཆེན་ཆོས་ནི་ཐོས་པར་གྱུར་ནས་ཀྱང་། ། གཟུངས་ཀྱི་དྲན་པའི་སྟོབས་ཀྱིས་འཛིན་པར་བྱེད། ། དོན་དང་ཚིག་འབྲུ་དག་ཀྱང་གཟུངས་ལྡན་པར། ། སེམས་ཅན་ཐམས་ཅད་ལ་ནི་སྟོན་པར་བྱེད། ། རྒྱུ་དང་རྐྱེན་གྱིས་རྣམ་པར་ཕྱེ་བས་ན། ། སེམས་ནི་སྐད་ཅིག་འཇིག་པར་ཤེས་གྱུར་ཏེ། ། ཆོས་རྣམས་རབ་ཏུ་དབྱེ་བ་ཤེས་ཐོབ་པ། ། གཟུངས་འདི་ལ་ནི་གནས་པར་གྱུར་པ་ཡིན། ། སྤོབས་པ་ཐོབ་ཅིང་གསུམ་རིག་ཆགས་པ་མེད། ། མིག་གསུམ་རྣམ་པར་དག་པའང་རབ་ཏུ་ ཐོབ། ། རྣམ་པར་ཐར་པ་གསུམ་གྱི་དོན་ཀྱང་ཐོབ། ། འདིར་ནི་གཟུངས་རྣམས་ཐོབ་པར་གྱུར་དང་ལྡན། ། གང་དག་གཟུངས་རྣམས་མང་པོ་གཞལ་ཡས་ཤིང་། ། ཚད་མེད་པ་དག་ངེས་པར་བསྟན་པ་ཡང་། ། གཟུངས་ཀྱི་དམ་པ་འདི་ནི་ཐོབ་གྱུར་ན། ། དེ་དག་ཐམས་ ཅད་རབ་ཏུ་ཐོབ་པར་འགྱུར། ། བསམ་གཏན་གང་དང་རྣམ་ཐར་གང་དག་དང་། ། སྙོམས་འཇུག་ཏིང་འཛིན་གང་དག་མཐའ་ཡས་དང་། །
BO
མངོན་པར་ཤེས་པས་རྣམ་པར་རོལ་དང་གཟུངས། ། མཐའ་ཡས་དེ་དག་ལ་ནི་རབ་ཏུ་འཇུག ། ཇི་ལྟར་རྒྱ་མཚོ་དཔག་ཏུ་མེད་པ་ལ། ། མཐའ་ཡས་སྒོ་ནས་ཀླུང་མཚོ་མཚེའུ་འཇུག་པ། ། དེ་ལྟར་གཟུངས་འདི་འཛིན་པར་བྱེད་པ་ཡང་། ། མཐའ་ཡས་ཆོས་རྣམས་ཀྱི་ནི་སྒོ་མོར་འཇུག ། ཟད་པ་མེད་པའི་སྒྲ་ལ་འཇུག་པ་ཡང་། ། ཟད་པ་མེད་པའི་ཤེས་པས་ཁོང་དུ་ཆུད། ། གཟུངས་འདི་སྨྲ་བར་བྱེད་པ་དེ་ ཡི་ནི། ། བསོད་ནམས་ཐམས་ཅད་ཟད་པར་མི་འགྱུར་རོ། ། གཟུངས་འདི་རབ་ཏུ་ཐོབ་པར་གྱུར་པ་ནི། ། རིན་ཆེན་དམ་པ་དྲི་མེད་ལག་ཏུ་འགྱུར། ། གཟུགས་དང་མཚན་རྣམས་དང་ནི་རིགས་དང་ཡང་། ། རུས་དང་སྐྱེ་བ་དག་ནི་རྣམ་པར་དག ། ཟབ་མོའི་ཚུལ་ དག་ལ་ནི་འཇུག་པ་དང་། ། མི་སྐྱེ་བ་ལ་བཟོད་དང་མ་སྐྱེས་དང་། ། ཕྱིར་མི་ལྡོག་པའི་ཤེས་པའི་ས་དག་ཀྱང་། ། གཟུངས་འདི་ཡིན་པར་ངེས་པར་བསྟན་པ་ཡིན། ། བྱང་ཆུབ་བླ་མེད་མཆོག་འདི་ཚོལ་བྱེད་པའི། ། བྱང་ཆུབ་སེམས་དཔའ་མང་པོ་གང་ དག་གིས། ། གཟུངས་འདི་རབ་ཏུ་ཐོབ་པར་གྱུར་ན་ནི། ། བྱང་ཆུབ་བླ་ན་མེད་པ་རྙེད་མི་དཀའ། ། གང་དག་ཕྱོགས་བཅུ་རྣམས་ན་བདེ་བར་གཤེགས། ། འགྲོ་ལ་ཕན་དང་བདེ་ཕྱིར་ཆོས་སྟོན་པ། །
BO
གཟུངས་ཀྱི་དམ་པ་འདི་ནི་ཐོབ་གྱུར་ན། ། དེ་དག་སྤོབས་པ་རྒྱུན་ཆད་མི་འགྱུར་ རོ། ། གཟུངས་འདི་རབ་ཏུ་ཐོབ་པར་གྱུར་པ་དག ། དགའ་དང་མོས་དང་བསམ་པ་ཤེས་ནས་ནི། ། དེ་དག་འབྲས་བུ་ཡོད་པ་སྟོན་པས་ན། ། སེམས་ཅན་ཁྲག་ཁྲིག་དག་ནི་ཚིམ་པར་བྱེད། ། གཟུངས་འདི་ལ་ནི་གནས་པའི་དཔའ་བོ་དག ། འཁོར་ལོ་དམ་པ་རབ་ཏུ་སྐོར་བྱེད་ ཅིང་། ། སེམས་ཅན་སྡུག་བསྔལ་སྣ་ཚོགས་རྣམས་ལས་འགྲོལ། ། ཐེག་པ་དམ་པ་ལ་ཡང་འཇོག་པར་བྱེད། ། བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ནི། ། བསྔགས་དང་ཡོན་ཏན་ལེགས་པ་བརྗོད་བྱས་ཀྱང་། ། དྲང་སྲོང་ཆེན་པོས་དེ་ཡི་ཡོན་ཏན་གྱི། ། མཐའ་མ་བརྗོད་དུ་ ནུས་པར་མི་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེས་གཟུངས་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དེ་ལས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་གཟུངས་ཐོབ་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་དཔལ་གྱིས་ནི་རིན་ཆེན་སྒྲོན་མའི་གཟུངས་འདི་ཐོབ་པར་གྱུར་ཏོ། ། གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཁྱོད་དེའི་ཚེ་དེའི་དུས་ན།
BO
བྱང་ཆུབ་སེམས་དཔའ་འོད་དཔལ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་ཡིད་ གཉིས་སུ་གྱུར་ཏམ། ཐེ་ཚོམ་ཟ་བ་ལྟ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་དཔལ་ཞེས་བྱ་བར་གྱུར་ཏེ། གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཁྱོད་ཀྱིས་དེ་ཚུན་ཆད་བགྲང་བ་ལས་འདས་པའི་ དེ་བཞིན་གཤེགས་པ་དག་ལ་གཟུངས་རྣམ་པར་ངེས་པ་འདི་ཡོངས་སུ་དྲིས་སོ། ། ཡོངས་སུ་དྲི་བ་བྱས་སོ། ། དེས་ན་ཁྱོད་ད་ལྟར་ཡང་དེ་བཞིན་གཤེགས་པ་ལ་ཡོངས་སུ་འདྲི་བ་དེ་ལྟར་འཇིགས་པ་མེད་ཅིང་གཟུངས་ཀྱི་རྣམ་པར་ངེས་པ་འདིའང་སྟོན་ཏོ། ། ཁྱོད་ཀུན་དུ་ལྟ་བའི་ བློས་ཆོས་འདི་མངོན་སུམ་དུ་གྱུར་པས་རྣམ་གྲངས་འདིས་ན་ངས་ཁྱོད་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་དྲན་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུག་པར་ གྱུར་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རིན་ཆེན་སྒྲོན་མའི་གཟུངས་འདི་རབ་ཏུ་ཐོབ་ཅིང་།
BO
ཐོབ་ནས་ཀྱང་ཆབ་འཚལ་བར་མི་བགྱིད་པ་དང་། འདི་ལྟ་སྟེ། གཟུངས་ཀྱི་སྟོབས་བསྐྱེད་པས་སེམས་ ཅན་ཐམས་ཅད་ཉེ་བར་འཚོ་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་རྩ་བ་ལ་གནས་པར་གྱུར་པ་དང་། ཤེས་ རབ་ཀྱི་ལས་བྱེད་པར་གྱུར་པ་དེའི་ཚེ་གཟུངས་འདི་རབ་ཏུ་འཐོབ་བོ། ། ཆུད་ཟ་བར་མི་བྱེད་དོ། ། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་ཡང་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ཀྱིས་འདི་སྐད་ཅེས་ གསོལ་ཏོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་རྩ་བ་ནི་གང་ལགས། ཤེས་རབ་ཀྱི་ལས་ནི་གང་ལགས། དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ཤིན་ཏུ་ལེགས་པར་ཉོན་ ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་མ་ཐོས་པའི་ཆོས་ཉན་པ་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་རྩ་བའོ། །
BO
ཇི་ལྟར་ཐོས་པའི་ཆོས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་ལས་ སོ། ། དཔྱོད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། གང་དཔྱད་པ་གཞན་དག་ལ་ཉེ་བར་སྟོན་པ་འདི་ནི་ཤེས་རབ་ཀྱི་ལས་སོ། ། ཚུལ་བཞིན་སོ་སོར་རྟོག་པ་ནི་ཤེས་རབ་ཀྱི་རྩ་བའོ། ། སེམས་ཅན་རྣམས་ཚུལ་བཞིན་ལ་རབ་ཏུ་དགོད་པ་འདི་ནི་ཤེས་རབ་ཀྱི་ལས་སོ། ། ཡང་དག་པར་སྦྱོར་བ་ནི་ཤེས་རབ་ཀྱི་རྩ་བའོ། ། ཡང་དག་པར་སྒྲུབ་པ་ནི་ཤེས་རབ་ཀྱི་ལས་སོ། ། སེམས་ལ་ངེས་པར་སེམས་པ་ནི་ཤེས་རབ་ཀྱི་རྩ་བའོ། ། སེམས་ལ་ངེས་པར་སེམས་པ་ཡང་དག་པར་སྟོན་པ་ནི་ཤེས་རབ་ཀྱི་ལས་སོ། ། རབ་ཏུ་དབེན་པར་གནས་པ་ནི་ཤེས་ རབ་ཀྱི་རྩ་བའོ། ། ལུས་དང་སེམས་དབེན་པར་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། གཅིག་པུར་དགའ་བ་ནི་ཤེས་རབ་ཀྱི་རྩ་བའོ། ། གཅིག་པུར་བགྲོད་པའི་ལམ་སྒྲུབ་པ་ནི་ཤེས་རབ་ཀྱི་ལས་སོ། ། ཞི་གནས་དང་ལྷག་མཐོང་སྒོམ་པ་ནི་ཤེས་རབ་ཀྱི་རྩ་བའོ། ། རིག་ པ་དང་རྣམ་པར་གྲོལ་བ་འཐོབ་པ་ནི་ཤེས་རབ་ཀྱི་ལས་སོ། ། རྣམ་པར་ཐར་པ་གསུམ་སྒོམ་པ་ནི་ཤེས་རབ་ཀྱི་རྩ་བའོ། ། རིག་པ་གསུམ་མངོན་སུམ་དུ་བྱེད་པ་ནི་ཤེས་རབ་ཀྱི་ལས་སོ། །
BO
དྲན་པ་ཉེ་བར་གཞག་པ་སྒོམ་པ་ནི་ཤེས་རབ་ཀྱི་རྩ་བའོ། ། དྲན་པ་མེད་ཅིང་ཡིད་ལ་ བྱེད་པ་མེད་པ་ནི་ཤེས་རབ་ཀྱི་ལས་སོ། ། ཡང་དག་པར་སྤོང་བ་སྒོམ་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཐམས་ཅད་རང་བཞིན་གྱིས་སྤངས་པར་རབ་ཏུ་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་ནི་ཤེས་རབ་ཀྱི་རྩ་བའོ། ། མངོན་པར་འདུ་བྱ་བ་མེད་པ་ རྫུ་འཕྲུལ་ཐོབ་པ་ནི་ཤེས་རབ་ཀྱི་ལས་སོ། ། དད་པས་མོས་ཏེ་ཡིད་ཆེས་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་ནི་ཤེས་རབ་ཀྱི་ལས་སོ། ། སེམས་མི་འཇུམ་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ལུས་དང་སེམས་ཤིན་ཏུ་སྦྱངས་པ་ནི་ཤེས་རབ་ ཀྱི་ལས་སོ། ། དྲན་པ་དང་ཤེས་བཞིན་ནི་ཤེས་རབ་ཀྱི་རྩ་བའོ། ། དྲན་པར་བྱ་བ་རྗེས་སུ་དྲན་པ་ནི་ཤེས་རབ་ཀྱི་ལས་སོ། ། ཏིང་ངེ་འཛིན་རིམ་གྱིས་རྗེས་སུ་རྟོགས་པར་བྱེད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། རྟག་ཏུ་མཉམ་པར་བཞག་པར་གནས་པ་འཐོབ་པ་ནི་ཤེས་རབ་ཀྱི་ ལས་སོ། ། ཤེས་རབ་ཀྱི་དབང་པོ་ལ་སྟེན་པ་ནི་ཤེས་རབ་ཀྱི་རྩ་བའོ། ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། སྟོབས་ལྔའི་གནས་ཤེས་པ་ནི་ཤེས་རབ་ཀྱི་རྩ་བའོ། །
BO
བདུད་དང་ཉོན་མོངས་པས་མི་རྫི་བ་ནི་ཤེས་རབ་ཀྱི་ལས་སོ། ། བྱང་ཆུབ་ཀྱི་ཡན་ལག་རྗེས་སུ་འཐུན་པའི་བཟོད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་རྟོགས་པ་ནི་ཤེས་རབ་ཀྱི་ལས་སོ། ། ལམ་གྱི་ཡན་ལག་ཡང་དག་པར་སྒྲུབ་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཐམས་ཅད་གཟིངས་ལྟ་བུར་ཤེས་ནས་ཆོས་ དང་ཆོས་མ་ཡིན་པ་ལ་མི་གནས་པ་ནི་ཤེས་རབ་ཀྱི་ལས་སོ། ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་སྒོམ་པ་ནི་ཤེས་རབ་ཀྱི་རྩ་བའོ། ། འགོག་པ་མངོན་སུམ་དུ་བྱེད་པ་ནི་ཤེས་རབ་ཀྱི་ལས་སོ། ། དྲང་བའི་དོན་གྱི་མདོ་སྡེ་ཀུན་ཆུབ་པར་ བྱེད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ནི་ཤེས་རབ་ཀྱི་ལས་སོ། ། ཐོས་པ་ཐམས་ཅད་འཛིན་པ་ནི་ཤེས་རབ་ཀྱི་རྩ་བའོ། ། དོན་ལ་རྟོན་པ་ནི་ཤེས་རབ་ཀྱི་ལས་སོ། ། རྣམ་པར་ཤེས་པ་ལ་སོ་སོར་རྟོག་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཡེ་ཤེས་ ལ་རྟོན་པ་ནི་ཤེས་རབ་ཀྱི་ལས་སོ། ། གང་ཟག་གི་སྒྲ་ལ་མངོན་པར་ཞེན་པ་མེད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཉིད་ལ་རྟོན་པ་ནི་ཤེས་རབ་ཀྱི་ལས་སོ། །
BO
འདུ་བྱེད་ཐམས་ཅད་མི་རྟག་པར་སོ་སོར་རྟོག་པ་ནི་ཤེས་རབ་ཀྱི་རྩ་བའོ། ། གདོད་མ་ནས་མ་སྐྱེས་པར་རབ་ཏུ་ ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་སོ་སོར་རྟོག་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པར་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པ་ནི་ཤེས་རབ་ཀྱི་རྩ་བའོ། ། སེམས་ཅན་གཟོད་མ་ནས་རྣམ་པར་དག་པར་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོག་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། དོན་ ཐོས་ནས་སྐྲག་པ་མེད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། དོན་སོ་སོ་ཡང་དག་པར་རིག་པ་ནི་ཤེས་རབ་ཀྱི་ལས་སོ། ། ཡང་དག་པའི་ཆོས་ཉིད་ཐོས་ནས་སྐྲག་པ་མེད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཐམས་ཅད་ཡང་དག་པར་རིག་པ་ནི་ཤེས་རབ་ཀྱི་ལས་སོ། ། ངེས་པའི་ཚིག་ཐམས་ཅད་ལ་སྐྲག་པ་མེད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཤེས་རབ་ཀྱི་ལས་སོ། ། སངས་རྒྱས་ཀྱི་སྤོབས་པ་ཐོས་ནས་སྐྲག་པ་མེད་པ་ནི་ཤེས་རབ་ཀྱི་རྩ་བའོ། །
BO
སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་ཤེས་རབ་ ཀྱི་ལས་སོ། ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་ནི་ཤེས་རབ་ཀྱི་རྩ་བའོ། ། དམིགས་པ་མེད་པའི་བྱམས་པ་ནི་ཤེས་རབ་ཀྱི་ལས་སོ། ། བདག་ལ་བྱེད་པ་དང་། གཞན་ལ་བྱེད་པ་ལ་སྙིང་རྗེ་བ་ནི་ཤེས་རབ་ཀྱི་རྩ་བའོ། ། མཐའ་གཉི་ ག་བསལ་བའི་སྙིང་རྗེ་ཆེན་པོ་ནི་ཤེས་རབ་ཀྱི་ལས་སོ། ། ཆོས་ལ་སེམས་པ་ལ་མཆོག་ཏུ་དགའ་བར་བྱེད་པའི་དགའ་བ་ནི་ཤེས་རབ་ཀྱི་རྩ་བའོ། ། བླང་བ་མེད་པ་དང་དོར་བ་མེད་པ་ནི་ཤེས་རབ་ཀྱི་ལས་སོ། ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བའི་བཏང་སྙོམས་ ནི་ཤེས་རབ་ཀྱི་རྩ་བའོ། ། གཉིས་དང་བྲལ་བ་ནི་ཤེས་རབ་ཀྱི་ལས་སོ། ། སངས་རྒྱས་རྗེས་སུ་དྲན་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཀྱི་སྐུ་རབ་ཏུ་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། ཆོས་རྗེས་སུ་དྲན་པ་ནི་ཤེས་རབ་ཀྱི་རྩ་བའོ། ། འདོད་ཆགས་དང་བྲལ་བའི་ཆོས་ ཉིད་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། དགེ་འདུན་རྗེས་སུ་དྲན་པ་ནི་ཤེས་རབ་ཀྱི་རྩ་བའོ། ། འདུས་མ་བྱས་སུ་སོ་སོར་རྟོག་པ་ནི་ཤེས་རབ་ཀྱི་ལས་སོ། ། གཏོང་བ་རྗེས་སུ་དྲན་པ་ནི་ཤེས་རབ་ཀྱི་རྩ་བའོ། །
BO
ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་ཤེས་རབ་ཀྱི་ ལས་སོ། ། ཚུལ་ཁྲིམས་རྗེས་སུ་དྲན་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཚུལ་ཁྲིམས་མངོན་པར་འདུ་བྱ་བ་མེད་པར་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། ལྷ་རྗེས་སུ་དྲན་པ་ནི་ཤེས་རབ་ཀྱི་རྩ་བའོ། ། རྣམ་པར་དག་པའི་ཆོས་ཉིད་ནི་ཤེས་རབ་ཀྱི་ལས་སོ། ། ཐོས་པ་ལ་རྟོག་ པ་ནི་ཤེས་རབ་ཀྱི་རྩ་བའོ། ། འཇིག་རྟེན་ཐམས་ཅད་ལ་རྟོག་པ་ནི་ཤེས་རབ་ཀྱི་ལས་སོ། ། མ་བྱས་པའི་ལས་བྱེད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། ང་རྒྱལ་མེད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཡེ་ཤེས་ཆེན་ པོ་ཐོབ་པ་ནི་ཤེས་རབ་ཀྱི་ལས་སོ། ། བདག་གི་དོན་ནི་ཤེས་རབ་ཀྱི་རྩ་བའོ། ། གཉི་གའི་དོན་ནི་ཤེས་རབ་ཀྱི་ལས་སོ། ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན་དུ་འཛིན་པ་ནི་ཤེས་རབ་ཀྱི་རྩ་བའོ། ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། ཆོས་བསྟན་པ་ཤེས་པ་ནི་ཤེས་རབ་ཀྱི་རྩ་བའོ། ། འབྲས་བུ་ཡོད་པའི་ཆོས་སྟོན་པ་ནི་ཤེས་རབ་ཀྱི་ལས་སོ། ། སེམས་ཅན་རྣམས་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ནི་ཤེས་རབ་ཀྱི་རྩ་བའོ། །
BO
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་སེམས་ཅན་རྣམས་ཕྱིར་ མི་ལྡོག་པའི་ས་ལ་རབ་ཏུ་དགོད་པ་འདི་ནི་ཤེས་རབ་ཀྱི་ལས་སོ། ། སྲིད་པར་འགྲོ་བར་སྐྱེ་བ་ཐམས་ཅད་ཀྱིས་སྐྲག་པ་ནི་ཤེས་རབ་ཀྱི་རྩ་བའོ། ། བསམས་བཞིན་དུ་སྐྱེ་བ་ནི་ཤེས་རབ་ཀྱི་ལས་སོ། ། སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། བསྒོམ་ པ་ལས་བྱུང་བའི་བཟོད་པ་ནི་ཤེས་རབ་ཀྱི་ལས་སོ། ། ཟད་པ་ཤེས་པ་ནི་ཤེས་རབ་ཀྱི་རྩ་བའོ། ། མི་སྐྱེ་བར་ཤེས་པ་ནི་ཤེས་རབ་ཀྱི་ལས་སོ། ། རྗེས་སུ་འཐུན་པའི་བཟོད་པ་ནི་ཤེས་རབ་ཀྱི་རྩ་བའོ། ། མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ཤེས་རབ་ཀྱི་ལས་སོ། ། ཕྱིར་མི་ལྡོག་ པའི་ས་ནི་ཤེས་རབ་ཀྱི་རྩ་བའོ། ། དབང་བསྐུར་བའི་ས་ནི་ཤེས་རབ་ཀྱི་ལས་སོ། ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ནི་ཤེས་རབ་ཀྱི་རྩ་བའོ། ། གང་ཅི་ཤེས་པར་བྱ་བ་དང་། ཐོས་པར་བྱ་བ་དང་། རྟོགས་པར་བྱ་བ་དང་། མངོན་པར་རྫོགས་པར་ འཚང་རྒྱ་བར་བྱ་བ། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི་ཤེས་རབ་ཀྱི་ལས་སོ། །
BO
ཤེས་རབ་ཀྱི་རྩ་བ་དང་ལས་བསྟན་པ་འདི་ བཤད་པ་ན། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གྲངས་མེད། དཔག་ཏུ་མེད་པ་དག་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། ། འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པ་ཡང་རྣམ་པ་དྲུག་ཏུ་གཡོས་སོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ ཆུབ་སེམས་དཔའ་ཤེས་རབ་བརྩེགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་གིས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གྲངས་མ་མཆིས། དཔག་ཏུ་མ་མཆིས་པ་འདི་དག་རབ་ཏུ་གཡོས་པར་གྱུར་པ་དང་། ནམ་མཁའ་ལ་གནས་པའི་ འཁོར་གྱི་ཁྱམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཤེས་རབ་ཀྱི་རྩ་བ་དང་། ལས་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི། འདས་པའི་དེ་བཞིན་ གཤེགས་པ་རྣམས་ཀྱིས་སྔོན་བཤད་པ་ན། རིགས་ཀྱི་བུ་ཁྱོད་ཉིད་ཀྱིས་ནམ་མཁའ་ཡོངས་སུ་འཛིན་པ་འདི་ཉིད་དུ། དེ་བཞིན་གཤེགས་པ་དེ་དག་ལ་ཡོངས་སུ་དྲིས་ཤིང་ཡོངས་སུ་དྲི་བ་བྱས་ཏེ། ས་ཆེན་པོ་གཡོས་པ་འཇིག་རྟེན་དུ་བྱུང་བའི་རྒྱུ་ནི་འདི་ཡིན་ནོ། ། རྐྱེན་ ནི་འདི་ཡིན་ནོ། །
BO
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པ་ལ་སྤོབས་པ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ལ་ཤེས་རབ་བརྩེགས་ཞེས་བགྱི། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། དྲི་མ་མེད་པའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་པོ་ན། དེ་བཞིན་གཤེགས་པ་དཔལ་སྦས་ཞེས་བྱ་བའི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་གྱུར་པ་ འཇིག་རྟེན་དུ་བྱུང་ངོ་། ། འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་པོ་དེའི་སེམས་ཅན་རྣམས་ནི་བདེ་བས་ཚིམ་པས་གནས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་དཔལ་སྦས་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཞི་བཅུ་ རྩ་གཉིས་སུ་གྱུར་ཏོ། ། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ཉན་ཐོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་གྱུར་ཏོ། ། རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་སྦས་དེས། བྱང་ཆུབ་སེམས་དཔའ་དེ་དག་གི་སྤོབས་པ་རྒྱ་ཆེན་པོ་ཉེ་བར་བཟུང་སྟེ། དྲི་ བ་བྱེ་བ་ཕྲག་བརྒྱ་ཆེད་དུ་མཛད་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ།
BO
སྐྱེས་བུ་དམ་པ་ཁྱོད་ཀྱི་ནང་ནས་སུ་དུས་ཇི་སྲིད་ཅིག་ན། དྲི་བ་བྱེ་བ་ཕྲག་བརྒྱ་པོ་འདི་དྲི་བ་རེ་རེ་ལ་བསྟན་པ་བྱེ་བ་ཕྲག་བརྒྱ་བརྒྱས་ལན་འདེབས་པར་སྤྲོ། དེའི་ནང་ནས་ བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་གསོལ་པ། མཚན་མོ་འདི་བས་ཏེ་ལན་གདབ་པར་བགྱིའོ། ། ཁ་ཅིག་གིས་གསོལ་པ། དགུང་བདུན་ནའོ། ། ཁ་ཅིག་གིས་གསོལ་པ། དགུང་ཟླ་ཕྱེད་ནའོ། ། ཁ་ཅིག་གིས་གསོལ་པ། བཅོམ་ལྡན་འདས་དྲིས་པ་ འདི་དག་བདག་ཅག་གིས་དགུང་ཟླ་གཅིག་ན་ལན་གདབ་པར་བགྱིའོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་དྲན་པའི་བློ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་པ་དེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་སྦས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་སྟན་ལས་མི་ལྡང་ཞིང་། སྤྱོད་ལམ་འཁྲུག་པ་མ་མཆིས་པར་དེ་བཞིན་གཤེགས་པ་དབང་དུ་བགྱིས་ཏེ་དྲི་བ་འདི་བས་པར་ལན་གདབ་པར་བགྱིའོ། ། སྐྱེས་བུ་དམ་པ་དེས་སེང་གེའི་སྒྲ་བསྒྲགས་མ་ཐག་ཏུ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། ། སྣང་བ་ཆེན་པོ་ཡང་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། ། སྣང་བ་དེས་བསྐུལ་ནས་ས་བླ་བའི་ལྷ་ནས་བཟུང་སྟེ།
BO
གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་རྣམས་འདུས་སོ། ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་སྟོང་ཕྲག་མང་པོ་ཡང་འདིར་འདུས་པར་གྱུར་ཏོ། ། དེ་ལྟར་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་དཔག་ཚད་སྟོང་ཕྲག་བཅུར་འཁོར་གྱི་དཀྱིལ་འཁོར་གཅིག་ཏུ་གནས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་དྲན་པའི་བློས་འཁོར་ འདུས་པ་ཆེན་པོ་དེ་མཐོང་ནས། རང་གི་བསོད་ནམས་ཀྱི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། གཟུངས་ཀྱི་སྟོབས་དང་། སྤོབས་པའི་སྟོབས་དང་། མི་འཇིགས་པའི་སྟོབས་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ དང་སྟོབས་ཀྱིས་དྲི་བ་ཆེད་དུ་མཛད་པ་བྱེ་བ་ཕྲག་བརྒྱ་པོ་དེ་ཀུན་དུ་བཟུང་ནས། བཅོམ་ལྡན་འདས་དེའི་སྤྱན་སྔར་ཐམས་ཅད་དང་ལྡན་པའི་འཁོར་དེའི་མདུན་དུ་དྲི་བ་བྱེ་བ་ཕྲག་བརྒྱ་པོ་རེ་རེ་ལ་བསྟན་པ་བྱེ་བ་ཕྲག་བརྒྱས་ལན་བཏབ་སྟེ། ཕྱད་པ་དང་། རྒྱུན་ཆད་པ་མེད་པ་དང་། རྗེས་སུ་ལྡན་པ་དང་། རྗེས་སུ་འབྲེལ་བ་དང་། ཚིག་དང་ཡིག་འབྲུར་ལྡན་པ་དང་། ཤིན་ཏུ་ངེས་པའི་ཚིག་རྣམས་ཀྱིས་དེའི་ལན་བཏབ་པ་དང་།
BO
འཁོར་དེ་ལས་སྲོག་ཆགས་སྟོང་ཕྲག་དྲུག་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བྱང་ཆུབ་ སེམས་དཔའ་སྟོང་ཕྲག་བཞི་བཅུ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་སྦས་དེས་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ཞེས་བྱ་བའི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ དབྱངས་ཀྱིས་གོ་བར་གྱུར་ཏོ། ། ས་བླ་པའི་ལྷ་ནས་བཟུང་སྟེ། གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་རྣམས་ཀྱིས། ཀྱེ་མ་གང་ཤེས་རབ་དང་། སྤོབས་པ་དང་། བསྟན་པ་འདི་འདྲ་བ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་སུ་འགྱུར་རོ་ཞེས་སྒྲ་ཕྱུང་སྟེ་སྒྲ་ བསྒྲགས་སོ། ། དེ་ལྟར་ན་དེ་ཤེས་རབ་བརྩེགས་ཤེས་རབ་བརྩེགས་ཞེས་མིང་དུ་བཏགས་སོ། ། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲན་པའི་བློ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་དོགས་ཤིང་ཡིད་གཉིས་སུ་གྱུར་ཏམ། ཐེ་ཚོམ་ཟ་བ་ལྟ་ན་ ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན།
BO
བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་འདི་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲན་པའི་བློ་ཞེས་བྱ་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་རྒྱ་ཆེར་བརྗོད་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་ པ་འདི་དག་གསུངས་སོ། ། མ་མོས་གྱུར་ནས་མ་ཐོས་ཆོས་རྣམས་རྟག་ཉན་པ། ། ཤེས་རབ་རྩ་བ་སེམས་ཅན་དག་པས་ཐོབ་ནས་ནི། ། འཛིན་ཅིང་བྱམས་པས་འགྲོ་བ་དག་ལ་སྟོན་བྱེད་པ། ། ཤེས་རབ་ལས་ཏེ་བྱང་ཆུབ་སེམས་དཔའ་རྟག་ཏུ་བྱེད། ། དཔྱོད་པའི་དྲན་ པ་ཆེན་པོ་འདི་ནི་ཤེས་རབ་རྩ། ། དཔྱད་ནས་འགྲོ་ལ་རྟག་ཏུ་སྟོན་པ་ཤེས་རབ་ལས། ། གལ་ཏེ་ཚུལ་བཞིན་རབ་སྲེག་འདི་ནི་ཤེས་རབ་རྩ། ། དེ་ལ་སྦྱར་ནས་སྟོན་པ་ཤེས་རབ་ལས་ཞེས་བྱ། ། ཡང་དག་སྦྱོར་ལ་གལ་ཏེ་སྦྱོར་བ་ཤེས་རབ་རྩ། ། སྒྲུབ་ཅིང་སྟོན་པར་བྱེད་པ་དེ་ ནི་ཤེས་རབ་ལས། ། སེམས་ལ་ངེས་པར་སེམས་རྙེད་འདི་ནི་ཤེས་རབ་རྩ། ། ངེས་པར་སེམས་པ་སྤྱོད་པ་འདི་ནི་ཤེས་རབ་ལས། ། གཅིག་པུ་དབེན་པར་སྤྱོད་པ་འདི་ནི་ཤེས་རབ་རྩ། ། ལུས་དང་སེམས་ལ་ངའི་མེད་འདི་ནི་ཤེས་རབ་ལས། ། གང་ཚེ་འདུ་འཛིའི་འཇིགས་ གྱུར་དེ་ནི་ཤེས་རབ་རྩ། ། གཅིག་པུ་བགྲོད་པའི་ལམ་ལ་རིག་བྱེད་ཤེས་རབ་ལས། །
BO
ཞི་གནས་ལྷག་མཐོང་དགའ་བ་འདི་ནི་ཤེས་རབ་རྩ། ། རིག་དང་རྣམ་པར་གྲོལ་ལ་རེག་འདི་ཤེས་རབ་ལས། ། རྣམ་ཐར་གསུམ་ལ་མངོན་པར་བརྩོན་པ་ཤེས་རབ་རྩ། ། རིག་གསུམ་མངོན་ དུ་བྱེད་པ་ཤེས་རབ་ལས་ཞེས་བྱ། ། གལ་ཏེ་དྲན་པ་ཉེར་གཞག་སྒོམ་པ་ཤེས་རབ་རྩ། ། དྲན་མེད་ཡིད་ལ་བྱེད་མེད་དེ་ནི་ཤེས་རབ་ལས། ། སྡིག་པ་སྤངས་ཏེ་དགེ་བ་སྤྱོད་པ་ཤེས་རབ་རྩ། ། ཆོས་འདི་རང་བཞིན་སྤངས་པ་དེ་ནི་ཤེས་རབ་ལས། ། གལ་ཏེ་རྫུ་འཕྲུལ་རྐང་པ་བཞི་ སྒོམ་ཤེས་རབ་རྩ། ། ལྷུན་གྲུབ་རྫུ་འཕྲུལ་ཐོབ་པ་འདི་ནི་ཤེས་རབ་ལས། ། དད་པས་མོས་ནས་ཡིད་ཆེས་པ་ནི་ཤེས་རབ་རྩ། ། ཆགས་པ་ཐམས་ཅད་གང་བྲལ་དེ་ནི་ཤེས་རབ་ལས། ། ཞུམ་མེད་རྟག་ཏུ་བརྩོན་པ་དེ་ནི་ཤེས་རབ་རྩ། ། ལུས་དང་ཡིད་སེམས་རབ་སྦྱངས་དེ་ནི་ཤེས་རབ་ལས། ། དྲན་དང་ཤེས་བཞིན་མཁས་པ་འདི་ནི་ཤེས་རབ་རྩ། ། གནས་རྣམས་ཀུན་ལ་མི་གནས་འདི་ནི་ཤེས་རབ་ལས། ། རང་གིས་ཏིང་འཛིན་རྟོགས་པ་དེ་ནི་ཤེས་རབ་རྩ། ། རང་བཞིན་མཉམ་པར་བཞག་ལ་སྤྱོད་འདི་ཤེས་རབ་ལས། ། གལ་ཏེ་ཤེས་རབ་དབང་པོར་རབ་གནས་ཤེས་རབ་རྩ། ། འགྲོ་བའི་དབང་པོ་ཐམས་ཅད་ཤེས་པ་ཤེས་རབ་ལས། ། སྟོབས་ལྔ་པོ་དག་རྗེས་སུ་སྒོམ་པ་ཤེས་རབ་རྩ། །
BO
བཅོམ་ནས་ཡེ་ཤེས་ཐོབ་པ་དེ་ནི་ཤེས་རབ་ལས། ། བྱང་ཆུབ་ཡན་ལག་རྗེས་འཐུན་བཟོད་པ་ཤེས་རབ་རྩ། ། ཆོས་ཀུན་རྗེས་སུ་གང་རྟོགས་དེ་ནི་ཤེས་རབ་ལས། ། ལམ་གྱི་ཡན་ལག་སྐྱེ་གནས་སྒྲུབ་པ་ཤེས་རབ་རྩ། ། ཆོས་དང་ཆོས་མིན་སྤོང་བ་འདི་ནི་ཤེས་རབ་ལས། ། སྡུག་བསྔལ་རང་བཞིན་མཁས་པ་འདི་ནི་ཤེས་རབ་རྩ། ། གལ་ཏེ་འགོག་པ་མངོན་སུམ་བྱེད་འདི་ཤེས་རབ་ལས། ། དྲང་བའི་དོན་གྱི་མདོ་སྡེ་ཚིག་འཛིན་ཤེས་རབ་རྩ། ། ངེས་པའི་ དོན་ལ་རྟོན་པ་འདི་ནི་ཤེས་རབ་ལས། ། ཐམས་ཅད་ཐོས་པས་མི་ངོམས་འདི་ནི་ཤེས་རབ་རྩ། ། དོན་ལ་རབ་ཏུ་རྟོན་པ་འདི་ནི་ཤེས་རབ་ལས། ། རྣམ་པར་ཤེས་ལ་ཚུལ་བཞིན་ཚོལ་བ་ཤེས་རབ་རྩ། ། ཡེ་ཤེས་ལ་ནི་རབ་ཏུ་རྟོན་འདི་ཤེས་རབ་ལས། ། གང་ཟག་གང་ལའང་མ་ ཞེན་འདི་ནི་ཤེས་རབ་རྩ། ། གལ་ཏེ་ཆོས་ཉིད་རྟོན་པ་འདི་ནི་ཤེས་རབ་ལས། ། འདུ་བྱེད་མི་རྟག་ཡོངས་སུ་ཚོལ་བ་ཤེས་རབ་རྩ། ། གལ་ཏེ་གཟོད་ནས་མ་སྐྱེས་ཤེས་པ་ཤེས་རབ་ལས། ། འདུ་བྱེད་སྡུག་བསྔལ་མོས་པར་བྱེད་པ་ཤེས་རབ་རྩ། ། ཆོས་རྣམས་འདུས་མ་བྱས་སུ་མོས་པ་ཤེས་ རབ་ལས། ། ཆོས་རྣམས་བདག་མེད་ཐེ་ཚོམ་མེད་པ་ཤེས་རབ་རྩ། ། སེམས་ཅན་འདི་དག་གདོད་ནས་དག་དེ་ཤེས་རབ་ལས། །
BO
མྱ་ངན་འདས་ལ་ཞི་བར་མོས་པ་ཤེས་རབ་རྩ། ། འགྲོ་བ་ཤིན་ཏུ་མྱ་ངན་འདས་འདི་ཤེས་རབ་ལས། ། དོན་གྱི་རྗེས་སུ་རྟོགས་པ་འདི་ནི་ཤེས་རབ་རྩ། ། དོན་རྟོགས་སོ་སོ་ ཡང་དག་རིག་པ་ཤེས་རབ་ལས། ། གལ་ཏེ་ཆོས་ཉིད་མོས་པར་བྱེད་པ་ཤེས་རབ་རྩ། ། ཆོས་ལ་སོ་སོ་ཡང་དག་རིག་པ་ཤེས་རབ་ལས། ། སྒྲ་རྣམས་ཀུན་ལ་སྐྲག་པ་མེད་འདི་ཤེས་རབ་རྩ། ། ངེས་ཚིག་སོ་སོ་ཡང་དག་རིག་འདི་ཤེས་རབ་ལས། ། སྐྲག་མེད་བློ་ཡིས་སྤོབས་པ་དེ་ནི་ཤེས་རབ་རྩ། ། སྤོབས་པ་སོ་སོ་ཡང་དག་རིག་པ་ཤེས་རབ་ལས། ། གལ་ཏེ་སེམས་ཅན་གནས་པའི་བྱམས་དེ་ཤེས་རབ་རྩ། ། དམིགས་པ་མེད་པའི་བྱམས་ཐོབ་དེ་ནི་ཤེས་རབ་ལས། ། བདག་དང་གཞན་ལ་སྙིང་རྗེ་འདི་ནི་ཤེས་རབ་རྩ། ། གང་གིས་གཉི་གར་མི་རྟོག་དེ་ནི་ཤེས་རབ་ལས། ། མཆོག་ཏུ་ དགའ་ལ་དགའ་བ་ཐོབ་འདི་ཤེས་རབ་རྩ། ། དགའ་མེད་གདུང་བ་མེད་པ་འདི་ནི་ཤེས་རབ་ལས། ། བྱམས་དང་གནོད་པར་མི་བྱེད་དེ་ནི་ཤེས་རབ་རྩ། ། གཉིས་ལས་སེམས་གྲོལ་ཐོབ་པ་དེ་ནི་ཤེས་རབ་ལས། ། བློ་གྲོས་ལྡན་པ་སངས་རྒྱས་དྲན་འདི་ཤེས་རབ་རྩ། ། གང་ཚེ་ཆོས་སྐུ་རྗེས་སུ་ རྟོགས་པ་ཤེས་རབ་ལས། ། ཆོས་ཀྱང་རྟག་ཏུ་དྲན་པ་འདི་ནི་ཤེས་རབ་རྩ། །
BO
ཆོས་རྣམས་འདོད་ཆགས་བྲལ་བར་རྟོགས་པ་ཤེས་རབ་ལས། ། ཡོན་ཏན་ལས་ནི་དགེ་འདུན་དྲན་དེ་ཤེས་རབ་རྩ། ། དེ་ཡང་འདུས་མ་བྱས་སུ་རྟོགས་པ་ཤེས་རབ་ལས། ། བློ་ལྡན་གཏོང་བ་དྲན་པ་དེ་ནི་ཤེས་རབ་རྩ། ། གང་ཕྱིར་ཉོན་མོངས་ཀུན་འདོར་འདི་ནི་ཤེས་རབ་ལས། ། ཚུལ་ཁྲིམས་ཤིན་ཏུ་དག་པ་དྲན་འདི་ཤེས་རབ་རྩ། ། ཚུལ་ཁྲིམས་ཟག་པ་མེད་ལ་གནས་ནི་ཤེས་རབ་ལས། ། ཆེ་བའི་བདག་ཉིད་ལྷ་དྲན་འདི་ནི་ཤེས་རབ་རྩ། ། དག་ནས་དག་པ་དྲན་པ་འདི་ནི་ཤེས་རབ་ལས། ། གང་ཕྱིར་བསྒྲིམས་ ཏེ་ཐོས་པ་ཚོལ་བ་ཤེས་རབ་རྩ། ། གཞན་དག་ལས་ནི་ཕྱིས་མི་ཚོལ་བ་ཤེས་རབ་ལས། ། ལེགས་པར་བྱེད་པའི་ལས་བྱེད་འདི་ནི་ཤེས་རབ་རྩ། ། ལས་ཕྱིས་མངོན་པར་འདུ་མི་བྱེད་པ་ཤེས་རབ་ལས། ། ང་རྒྱལ་མེད་ཅིང་འདུད་པར་བྱེད་པ་ཤེས་རབ་རྩ། ། ཡེ་ཤེས་ཆེ་བའི་བདག་ཉིད་ཐོབ་ འདི་ཤེས་རབ་ལས། ། བདག་གི་དོན་ལ་བརྩོན་འགྱུར་འདི་ནི་ཤེས་རབ་རྩ། ། སེམས་ཅན་རྣམས་ཀྱི་དོན་བྱེད་འདི་ནི་ཤེས་རབ་ལས། ། གལ་ཏེ་ཆོས་ཀྱི་ཕུང་པོ་འཛིན་བྱེད་ཤེས་རབ་རྩ། ། སེམས་ཅན་སྤྱོད་པ་རྗེས་སུ་རྟོགས་བྱེད་ཤེས་རབ་ལས། ། གཞན་གྱི་བློ་ལ་ཡང་དག་ཐོབ་བྱེད་ཤེས་ རབ་རྩ། །
BO
སེམས་ཅན་ཐེག་གསུམ་ངེས་འབྱུང་བྱེད་པ་ཤེས་རབ་ལས། ། བློ་གྲོས་ལྡན་པ་སྦྱིན་དང་སྙན་པར་སྨྲ་བ་དང་། ། དོན་བྱེད་སེམས་ཅན་ཡོངས་སུ་སྨིན་བྱེད་ཤེས་རབ་རྩ། ། གལ་ཏེ་དོན་འཐུན་པ་ཡིས་སངས་རྒྱས་ཡོན་ཏན་འགོད། ། འདི་ནི་སྐྱེས་བུ་དམ་པ་རྣམས་ཀྱི་ཤེས་ རབ་ལས། ། སྲིད་པ་ཀུན་དུ་འབར་ཤེས་སྐྲག་པ་ཤེས་རབ་རྩ། ། མི་སྐྱེ་བཟོད་པ་ཐོབ་པ་དེ་ནི་ཤེས་རབ་ལས། ། ཕྱིར་མི་ལྡོག་པའི་ས་འདི་ཤེས་རབ་རྩ་བ་སྟེ། ། དབང་བསྐུར་དེ་ཡི་ས་ཐོབ་དེ་ནི་ཤེས་རབ་ལས། ། གལ་ཏེ་བྱང་ཆུབ་ཤིང་དྲུང་འདུག་པ་ཤེས་རབ་རྩ། ། ཀུན་ མཁྱེན་ཡེ་ཤེས་རེག་པ་འདི་ནི་ཤེས་རབ་ལས། ། བྱང་ཆུབ་སེམས་འདི་ཤེས་རབ་རྩ་བ་ཞེས་ཀྱང་བྱ། ། སེམས་ནི་གནས་སུ་གང་བྱེད་དེ་ནི་ཤེས་རབ་ལས། ། གང་དག་བྱང་ཆུབ་སེམས་ལ་རྟག་གནས་མི་གཡོ་བ། ། དེ་དག་ཤེས་རབ་ཀྱིས་ནི་རྟག་ཏུ་ལས་བྱ་བྱེད། ། རྩ་ བ་འདི་འདྲ་བྱང་ཆུབ་སྤྱོད་པ་མཆོག་གི་སེམས། ། སངས་རྒྱས་སྟོབས་དང་དེ་བཞིན་སོ་སོ་ཡང་དག་རིག ། དེ་ཡི་བསྔགས་པ་བསྐལ་པ་བྱེ་བ་མང་བརྗོད་ཀྱང་། ། སངས་རྒྱས་ཡོན་ཏན་མཐའ་མར་ཐུག་པར་འགྱུར་བ་མེད། ། གང་དག་འདས་པའི་བདེ་གཤེགས་དེ་བཞིན་ད་ལྟར་ བྱུང་། །
BO
གང་དག་མ་འོངས་པ་དང་ཕྱོགས་བཅུའི་ཐུབ་དབང་པོ། ། ཚད་མེད་པ་ལ་བསྙེན་བཀུར་ཚད་མེད་བྱེད་འདོད་གང་། ། དེ་ནི་མ་མྱོས་བྱང་ཆུབ་སེམས་ལ་དགའ་བ་ཡིན། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་འདི་སྐད་ཅེས་གསོལ་ ཏོ། ། བཅོམ་ལྡན་འདས། ཀྱེ་མ་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཤིན་ཏུ་རྣམ་པར་ངེས་ཤིང་། ཡི་གེ་རྣམས་ཀྱིས་བསྟན་པ་མཐའ་ཡས་པ། དོན་གྱིས་འཇུག་པ་མཐའ་ཡས་པ། མི་བརྩོན་པ་རྣམས་ཀྱིས་ འཇུག་པར་དཀའ་བ། རྟེན་ཅིང་འབྲེལ་བར་འབྱུང་བ་རྗེས་སུ་རྟོགས་པས་ཟབ་པ། གཉིས་ལ་སྤྱོད་པ་རྣམས་ཀྱིས་འཚལ་བར་དཀའ་བ། སྐྱེ་མཆེད་དྲུག་ལ་བརྟེན་པ་རྣམས་ཀྱིས་མཐོང་བར་དཀའ་བ། ཐེག་པ་དམན་པ་ལ་མོས་པ་རྣམས་ཀྱིས་ཡིད་ཆེས་པར་དཀའ་བ། ཉན་ ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མ་ལགས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་པས་ཕྱེ་བ་མ་མཆིས་པ། ནམ་མཁའི་མཚན་ཉིད་ཀྱི་སླད་དུ་འགྱུར་བ་མ་མཆིས་པ། ཤིན་ཏུ་འདས་པས་ཀུན་ གཞི་མ་མཆིས་པ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་ཤེས་པ།
BO
རྒྱུ་ཐམས་ཅད་ཡོངས་སུ་ཤེས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བ། ངེས་པར་འབྱུང་བ་རྣམས་ཀྱི་འབྱུང་བ། དགེ་བའི་རྩ་བ་རྣམས་ཀྱི་ཐབས། སོ་སོ་ཡང་དག་པར་རིག་པ་ཐོབ་པ་ རྣམས་ཀྱིས་རྣམ་པར་དབྱེ་བར་བགྱི་བ། མངོན་པར་ཤེས་པ་ཐོབ་པ་རྣམས་ཀྱིས་རྣམ་པར་དགྲོལ་བར་བགྱི་བ། ཚུལ་གཅིག་ལ་གནས་པ་རྣམས་ཀྱིས་མཉམ་པ་ཉིད་དུ་རྟོགས་པར་བགྱི་བ། སྣ་ཚོགས་མ་མཆིས་པར་སྤྱོད་པ་རྣམས་ལ་ཁྱད་པར་མ་མཆིས་པ། ནམ་མཁའ་ དང་མཉམ་པ་ཉིད་པས་མཉམ་པ། གཉེན་པོ་མ་མཆིས་པས་མཉམ་པ་མ་མཆིས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་པས་མི་མཉམ་པ་དང་མཉམ་པ། འགོག་པས་རབ་ཏུ་ཕྱེ་བས་གཉིས་དང་བྲལ་བ། ཡི་གེ་རྣམས་ཀྱིས་དཔྱད་དུ་མ་མཆིས་པ། དོན་ གྱི་ཡང་དག་པར་བཞག་པ། སྒྲས་རྣམ་པར་རིག་པར་བགྱི་བ། དོན་དམ་པར་བརྗོད་དུ་མ་མཆིས་པ། ཀུན་རྫོབ་ཏུ་མཆིས་པ། དཀོན་མཆོག་གསུམ་གྱི་མཐུ་དང་ལྡན་པ། ཐེག་པ་གསུམ་ལ་རྣམ་པར་རྟོག་པ། རྣམ་པར་ཐར་པའི་སྒོ་གསུམ་པོ་དག་རབ་ཏུ་སྟོན་པ། ཁམས་གསུམ་པ་ལས་ཤིན་ཏུ་འདས་པ། རིག་པ་གསུམ་པོ་དག་ཁོང་དུ་ཆུད་པར་བགྱིད་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པ། ཆོས་ཐམས་ཅད་ཀྱི་གནས། སངས་རྒྱས་ཀྱི་ཡེ་ཤེས་ལས་བྱུང་བ།
BO
སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ། སངས་རྒྱས་ ཐམས་ཅད་ཀྱིས་གསལ་བར་མཛད་པ་ནི་ངོ་མཚར་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བསྟན་པ་ཚད་མ་མཆིས་པ་འདི་ལ་མོས་པར་བགྱིད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཡང་སེམས་སྐྱེད་པར་བགྱིད་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ་མདོ་སྡེ་འདི་ལྟ་བུ་འདི་མཉན་པར་བགྱིད་པ་དང་། མོས་པར་བགྱིད་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ ལ་ཡང་རྒྱས་པར་ཡང་དག་པར་སྟོན་པར་བགྱིད་པ་དེ་དག་ནི་བཅོམ་ལྡན་འདས་བསོད་ནམས་མང་དུ་སྐྱེད་པ་ལགས་སོ། ། དེ་བཞིན་གཤེགས་པ་རྣམས་ལ་ཡང་བྱས་པ་གཟོ་བ་དང་། བྱས་པ་འཚལ་བ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ ཀྱི་བུ་དེ་དེ་བཞིན་ནོ། ། ཇི་སྐད་སྨྲས་པ་བཞིན་ཏེ། དེ་དག་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། ། རིགས་ཀྱི་བུ་གང་གིས་དེ་བཞིན་གཤེགས་པའི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་བཀང་སྟེ།
BO
དེ་ བཞིན་གཤེགས་པ་རྣམས་ལ་སྦྱིན་པ་བྱིན་པ་བས་གང་གིས་དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། དཀོན་མཆོག་གསུམ་རྒྱུན་མི་འཆད་པར་བྱ་བའི་ཕྱིར་མདོ་སྡེ་འདི་ལྟ་བུ་འདི་ཉན་ཏམ། མོས་སམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། སྟོན་ཏམ། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཏམ། བསྒོམ་པའི་རྣལ་འབྱོར་ལ་བརྩོན་པར་གནས་ན་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། སངས་རྒྱས་སྤྱན་གྱིས་ཞིང་གང་ངས་མཐོང་ བ། ། རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་བྱིན་ཡང་། ། འདི་ལྟ་བུ་ཡི་ཆོས་འདི་མ་ཐོས་ན། ། དེ་ནི་བསོད་ནམས་ཆུང་ཞེས་ང་སྨྲའོ། ། གང་གིས་དམ་པའི་དོན་ལྡན་ཕྲ་ཟབ་པ། ། མདོ་སྡེ་བཟང་པོ་འདི་ནི་ཐོས་གྱུར་ན། ། ཀུན་དུ་འཛིན་ཅིང་བཟུང་ནས་ཀློག་བྱེད་པ། ། འདི་ནི་ དེ་བས་བསོད་ནམས་མཆོག་ཏུ་འཕགས། ། འདི་ལྟར་རྒྱལ་བའི་ཆོས་ཀྱིས་ཉེར་གནས་ཤིང་། ། ཆོས་ཀྱིས་ངེས་པར་འབྱུང་གི་ཟང་ཟིང་མིན། ། དེ་བས་གང་ཞིག་བདེ་གཤེགས་ཆོས་འཛིན་པ། ། དེ་ནི་སངས་རྒྱས་ཀུན་ལ་བྱས་པ་གཟོ། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ཁྱེད་ཀྱི་ནང་ནས་ང་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིན་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བྱ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ ཆུབ་འདི་ཡོངས་སུ་བསྲུང་བར་སུ་སྤྲོ། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་བདག་ཅག་རྣམས་དེ་བཞིན་གཤེགས་པའི་བྱང་ཆུབ་བསྐལ་པ་གྲངས་མ་མཆིས་པར་བསྒྲུབས་ པ་འདི་འཛིན་པ་དང་། སླད་མའི་ཚེ་སླད་མའི་དུས་དེ་ན་ཡང་རྒྱས་པར་བགྱིད་པར་སྤྲོའོ། ། བཅོམ་ལྡན་འདས་འོན་གྱིས་ཀྱང་ཅི་ནས་དེའི་དུས་ན་སྐྱེ་བོ་མང་པོ་གནས་པར་འགྱུར་བ། དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་རྣ་བར་གྲགས་པར་འགྱུར་བར་དེ་བཞིན་གཤེགས་ པས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། རྫོགས་པའི་སངས་རྒྱས་བདེན་པ་གསུང་། ། བདེན་པའི་ཆོས་ལ་རབ་ཏུ་གནས། །
BO
བྱིན་གྱི་རླབས་ཀྱིས་དེ་དག་ལ། ། མདོ་སྡེ་འདི་ ནི་བྱིན་གྱིས་བརླབས། ། སྙིང་རྗེ་ཆེན་པོའི་གོ་ཆ་བགོས། ། བྱམས་པ་ཆེན་པོར་རབ་ཏུ་གནས། ། ཀུན་ལ་བྱམས་པ་ཉིད་ཀྱི་ཕྱིར། ། མདོ་སྡེ་འདི་ནི་བྱིན་གྱིས་བརླབས། ། བསོད་ནམས་ཚོགས་ནི་ཕུན་སུམ་ཚོགས། ། ཡེ་ཤེས་ཚོགས་ཀྱིས་བྱུང་གྱུར་པ། ། ཚོགས་རྣམས་ཀུན་ དང་ལྡན་པ་ཡིས། ། མདོ་སྡེ་འདི་ནི་བྱིན་གྱིས་བརླབས། ། བདུད་རྣམས་ཐམས་ཅད་ངེས་འཇོམས་ལ། སྨྲ་བ་ཐམས་ཅད་རབ་འདུལ་ཞིང་། ། ལྟ་བ་ཐམས་ཅད་རྒྱུན་གཅོད་པ། ། མདོ་སྡེ་འདི་ནི་བྱིན་གྱིས་བརླབས། ། འཇིག་རྟེན་སྐྱོང་དང་བརྒྱ་བྱིན་དང་། ། དེ་བཞིན་ལྷ་མ་ཡིན་ རྣམས་དང་། ། ལྷ་དང་དྲི་ཟ་ཀླུ་དག་ཀྱང་། ། ངས་ནི་བྱིན་གྱིས་བརླབ་པ་བྱས། ། ས་དང་དེ་བཞིན་བར་སྣང་ལ། ། ལྷ་རྣམས་མང་པོ་གང་འཁོར་བ། ། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས། ། ཚུལ་འདི་རབ་ཏུ་འཛིན་པར་འགྱུར། ། འཁོར་འདི་བསྲུང་བར་བྱ་བའི་ཕྱིར། ། ཚངས་ པའི་གནས་པ་རྣམས་ལྡན་ཞིང་། ། བདེན་པ་བཞི་ཡིས་བརྒྱན་གྱུར་པ། ། མདོ་སྡེ་འདི་ནི་བྱིན་གྱིས་བརླབས། ། ནམ་མཁའ་གཟུགས་ཅན་བྱེད་ཀྱང་སྲིད། ། གཟུགས་ནི་གཟུགས་མེད་བྱེད་སྲིད་ཀྱི། །
BO
སངས་རྒྱས་རྣམས་ཀྱི་བྱིན་རླབས་ནི། ། རྣམ་པར་དཀྲུགས་པར་མི་ནུས་ སོ། ། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདི་གཉིས་གསོལ་ཏོ། ། དེ་བཞིན་གཤེགས་པ་བདག་ཅག་རྣམས། ། མདོ་འདི་ཀུན་དུ་བསྲུང་སླད་དུ། ། རྩ་ལག་དང་ནི་བཅས་རྣམས་ཀྱིས། ། བསྲུང་བ་བཟང་པོ་ བགྱི་བར་འཚལ། ། མཁས་པ་བྱང་ཆུབ་བློ་གྲོས་ཀྱིས། ། གང་དག་འཛིན་པར་བགྱིད་པ་དག ། དེ་དག་ལ་ནི་ཕྱོགས་བཞི་ནས། ། རྟག་པར་ཀུན་དུ་བསྲུང་བ་བགྱི། ། དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པ་འདི་ གཉིས་གསོལ་ཏོ། ། བདག་ནི་བཅོམ་ལྡན་མཛད་པ་གཟོ། ། འདྲེན་པ་ཆོས་ཀྱི་དབང་བདག་ལགས། ། མགོན་པོ་མདོ་སྡེ་མཆོག་འདི་ལས། ། སངས་རྒྱས་འབྱུང་བ་རབ་ཏུ་བསྟན། ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། ། མཛད་པ་གཟོ་བ་བསྲུང་བགྱིད་ཅིང་། ། འདི་འདྲའི་ མདོ་དང་དེ་བཞིན་དུ། ། མདོ་སྡེ་འཛིན་པ་བསྲུང་བར་འཚལ། ། དེ་ནས་བཅོམ་ལྡན་འདས་ལ་མི་མཇེད་ཀྱི་བདག་པོ་ཚངས་པས་ཚིགས་སུ་བཅད་པ་འདི་གཉིས་གསོལ་ཏོ། ། བསམ་གཏན་གང་དང་ཚད་མེད་དང་། ། ཐེག་པ་ཀུན་གྱིས་འབྱུང་བ་གང་། ། དེ་དག་དོན་ལྡན་ཟབ་མོ་ ཡི། །
BO
མདོ་སྡེ་འདི་ལས་ངེས་པར་འབྱུང་། ། བདག་ནི་ཚངས་པའི་བདེ་བོར་ཏེ། ། གང་ན་ཚུལ་འདི་འཆད་པར་ནི། ། མཉན་པའི་སླད་དང་དེ་བཞིན་དུ། ། བསྲུང་བའི་སླད་དུ་མཆི་བར་བགྱི། ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་རབ་དགའ་ལྡན་གྱིས་ཚིགས་སུ་བཅད་པ་འདི་ གཉིས་གསོལ་ཏོ། ། གང་ཞིག་སངས་རྒྱས་གསུངས་པ་ཡི། ། མདོ་སྡེ་འདི་ནི་འཛིན་འགྱུར་བ། ། སྐྱེ་བ་གཅིག་གིས་རབ་གནས་ནས། ། དགའ་ལྡན་རྣམས་སུ་གནས་པར་འགྱུར། ། མགོན་པོ་བདག་ནི་ལྷ་ཡུལ་བའི། ། ཕུན་སུམ་ཚོགས་པ་བོར་ནས་སུ། ། ཚུལ་འདི་རབ་ཏུ་ སྟོན་བགྱིད་ཅིང་། ། འཛམ་བུ་གླིང་དུ་གནས་པར་སྤྲོ། ། དེ་ནས་བཅོམ་ལྡན་འདས་ལ་བདུད་ཀྱི་བུ་དེད་དཔོན་གྱིས་ཚིགས་སུ་བཅད་པ་འདི་གཉིས་གསོལ་ཏོ། ། གང་ཞིག་གདོན་དང་ལྡན་པ་ཡི། ། མདོ་སྡེ་འདི་ནི་འཛིན་འགྱུར་བ། ། དེ་དག་བདུད་ལས་འདི་སྤངས་པས། ། བདུད་ ཀྱི་དབང་དུ་མི་མཆིའོ། ། དེ་བཞིན་གཤེགས་པ་བདག་ཀྱང་ནི། ། མདོ་འདི་ཀུན་དུ་བསྲུང་སླད་དུ། ། ཅི་ནས་ཀྱང་ནི་རྒྱས་འགྱུར་བར། ། བརྩོན་བགྱིད་ཅིང་འདུན་བར་བགྱིད། ། དེ་ནས་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་ཚིགས་སུ་བཅད་པ་འདི་གཉིས་གསོལ་ཏོ། ། རྣམ་པར་འདྲེན་པ་གང་ཞིག་ནི། །
BO
ཉོན་མོངས་ཐམས་ཅད་ཚར་གཅོད་པ། ། འདི་འཛིན་བགྱིད་པ་དེ་དག་ལ། ། བདག་ནི་སྒྲིབ་པར་མི་བགྱིད་དོ། ། མདོ་སྡེ་མཆོག་ནི་འབྱུང་བ་དེར། ། བདུད་ཀྱི་གོ་སྐབས་མ་མཆིས་སོ། ། མགོན་པོས་གསུངས་པ་དྲན་བགྱིད་པ། ། དེ་ལ་བསྲུང་བ་བགྱིད་པར་འཚལ། ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་མཚམས་རབ་ཀྱིས་ཚིགས་སུ་བཅད་པ་འདི་གཉིས་གསོལ་ཏོ། ། སངས་རྒྱས་ཀུན་གྱི་བྱང་ཆུབ་ནི། ། མདོ་སྡེ་འདི་ལས་རབ་བཤད་པས། ། གང་ཞིག་མདོ་སྡེ་འདི་འཛིན་པ། ། དེས་ནི་སངས་རྒྱས་ཀུན་ལ་མཆོད། ། མགོན་པོ་བདག་ནི་མདོ་སྡེ་འདི། ། ལྷ་ནི་བྱེ་བ་རྣམས་ལ་བཤད། ། གང་དག་གུས་པར་ཉན་པ་དག ། བྱང་ཆུབ་ཡང་དག་འཛིན་དུ་སྩལ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཚིགས་སུ་བཅད་པ་འདི་གཉིས་གསོལ་ཏོ། ། མི་གང་བྱང་ཆུབ་རབ་ཞུགས་ཏེ། ། དམ་ཆོས་ཡོངས་སུ་བསྲུང་སླད་ དུ། ། བདག་ཀྱང་སྟོང་བགྱིད་དེ་དག་ནི། ། གསོལ་བ་མ་བཏབ་བཤེས་གཉེན་ལགས། ། བདག་ནི་དགའ་ལྡན་མཆིས་ནས་སུ། ། སངས་རྒྱས་ཀྱི་ནི་བྱིན་རླབས་ཀྱིས། ། འདི་ལྟ་བུ་ཡི་མདོ་སྡེ་འདི། ། ཤིན་ཏུ་རྒྱས་པར་བགྱིད་པར་འཚལ། །
BO
དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་ པ་འོད་སྲུང་ཆེན་པོས་ཚིགས་སུ་བཅད་པ་འདི་གཉིས་གསོལ་ཏོ། ། སྟོན་པ་ལས་ནི་བདག་གིས་སུ། ། མདོ་སྡེ་སྟོང་ཕྲག་མང་ཐོས་ཀྱང་། ། བདག་གིས་མདོ་སྡེ་འདི་ལྟ་བུ། ། སྔོན་ཆད་ནམ་ཡང་མ་ཐོས་སོ། ། མངོན་སུམ་དུ་ནི་མདོ་སྡེ་འདི། ། བླངས་ཤིང་ཀུན་དུ་བཟུང་ལགས་ཏེ། ། བྱང་ ཆུབ་སེམས་དཔའི་ཆེད་དུ་ནི། ། ཤིན་ཏུ་རྒྱས་པར་བགྱི་བར་འཚལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ལྷའི་བུ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་ སྟེ། སྐྱེས་བུ་དམ་པ་དག་ཁྱེད་ཀྱིས་དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་འདི་ལྟ་བུའི་སེང་གེའི་སྒྲ་བསྒྲགས་པ་ལེགས་སོ་ལེགས་སོ། ། སྐྱེས་བུ་དམ་པ་དག་ཁྱོད་ལ་བསྒོའོ། ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། ། སེམས་ཅན་གང་དག་ཐེག་པ་ཆེན་པོ་ལ་ཞུགས་པ་བཟོད་པ་མ་ཐོབ་པ་དེ་དག་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཀུན་དུ་བཟུང་སྟེ།
BO
བཟུང་ནས་ཀྱང་ཀུན་ཆུབ་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཐོབ་ཀྱི་བར་དུ་དེ་བཞིན་གཤེགས་པ་བདུན་པ་ལས་འདའ་ བར་མི་འགྱུར་རོ། ། གང་དག་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་བ་དེ་དག་ནི་དེ་བཞིན་གཤེགས་པ་བྱམས་པའི་ཉན་ཐོས་འདུས་པ་དང་པོའི་གྲངས་སུ་ཆུད་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་པ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར་བ་དེ་དག་ནི་ང་ཡོངས་སུ་མྱ་ངན་ལས་ འདས་པའི་འོག་ཏུ་གཞན་ལས་མ་ཐོས་པར་རང་བྱང་ཆུབ་འཐོབ་པར་འགྱུར་རོ། ། གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཡོངས་སུ་ཞུས་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་ཀྱིས་བསྟན་པ་ན་སེམས་ཅན་དཔག་ཏུ་མེད་པ་དག་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བྱང་ཆུབ་སེམས་ དཔའ་གྲངས་མེད་པ་དག་ནི་ཕྱིར་མི་ལྡོག་པ་ལ་རབ་ཏུ་གནས་སོ། ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ནི་རྣམ་པ་དྲུག་ཏུ་གཡོས་སོ། ། སྣང་བ་ཆེན་པོས་ཀྱང་གསལ་བར་གྱུར་ཏོ། ། མེ་ཏོག་སིལ་མས་ཀྱང་གཏོར་བར་གྱུར་ཏོ། ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ ཆུབ་སེམས་དཔའ་དེ་དག་གིས་བཅོམ་ལྡན་འདས་དང་།
BO
ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་ཐམས་ཅད་དང་ལྡན་པའི་འཁོར་གྱི་ཁྱམས་རིན་པོ་ཆེ་བཀོད་པ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གིས་རྣམ་པར་བཀྲ་བར་བྱས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། བཅོམ་ལྡན་འདས་ བདག་ཅག་གིས་རྙེད་པར་བགྱི་བ་ལེགས་པར་རྙེད་དོ། ། གང་གི་སླད་དུ་བདག་ཅག་གིས་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཐོས་པས་བདག་ཅག་འདིར་མཆིས་པ་དོན་མ་མཆིས་པ་མ་ལགས་སོ། ། ཀྱེ་མ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེ་ཡོངས་སུ་བསྐྱང་དུ་གསོལ། འཛམ་བུའི་གླིང་གི་མི་རྣམས་ལ་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་གྱུར་ཅིག ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དག་མདོ་སྡེ་འདི་ལྟ་བུ་འཛིན་པ་དེ་དག་ཀྱང་དུས་རིང་པོར་ཡུན་དུ་ཚེ་ཡོངས་སུ་སྐྱོང་བར་གྱུར་ཅིག ། སེམས་ཅན་ ཐམས་ཅད་ལ་ཡང་ཕན་པ་བྱེད་པར་གྱུར་ཅིག ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་བཅོམ་ལྡན་འདས་ཇི་ཙམ་དུ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་འདི་དོན་བཟང་བ་དང་། ཚིག་འབྲུ་བཟང་བ་དང་།
BO
ལེགས་པར་བརྒྱན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོག་ཏུ་དགའ་བ་སྐྱེད་པ་དང་། བདུད་དང་ཕ་རོལ་རྒོལ་བ་ཐམས་ཅད་འཇོམས་པ་དང་། ཆོས་ཐམས་ཅད་ལ་མཁས་པར་འཛིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བགྱིད་པ་དང་། ཐེག་པ་ཐམས་ ཅད་ཀྱི་ངེས་པར་འབྱུང་བའི་ཕྱིར་འབྱུང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ལ་འཇུག་པའི་རྗེས་སུ་སོང་བ་དང་། ཐམས་ཅད་ཀྱིས་བརྩོན་པར་བགྱི་བ་ལས་གཏི་མུག་མ་མཆིས་པར་སྟོན་པ་ངོ་མཚར་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དེའི་ཕྱིར་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་ སྙིང་རྗེ་ཆེན་པོ་བསྟན་པ་ཞེས་བྱ་བར་ཟུང་ཤིག ། དེ་བཞིན་གཤེགས་པའི་ལས་དོན་ཡོད་པ་ཉན་པ་ལུང་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། བྱང་ཆུབ་ སེམས་དཔའི་ཚོགས་དང་།
BO
ཉན་ཐོས་ཀྱི་ཚོགས་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ། ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་ རྗེ་ཆེན་པོ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source