The Secret Cycle of the Glorious Noble Ones

འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད།

The Secret Cycle of the Glorious Noble Ones

འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད།

BO
༄༅། ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཀརྨ་ཙ་ཏུཤྩ་ཀྲ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགྱེས་པ་ཆེན་པོར་གྱུར་ཏེ། ཡུམ་ཆེན་མོ་དང་གཉིས་སུ་མེད་པའི་མཁའ་ལ་བཞུགས་པ་ལ་འདི་ལྟ་སྟེ། འཁོར་ཁྲོ་བོ་དང་། ཁྲོ་མོ་དང་། མ་མོ་དང་། མངག་གཞུག་དང་། འབངས་ལ་སོགས་པ་རྣམས་ ཀྱིས། དེ་བཞིན་གཤེགས་པ་ཆེན་པོ་ལ་འདུད་པའི་ཚུལ་དུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་བཙུན་མོ་དང་གཉིས་སུ་མེད་པར་གྱུར། སྐྱེ་འགག་དང་བྲལ་བའི་དོན་འདི་སྟོན་ཏོ། ། ཡེ་ནས་མ་སྐྱེས་གཤིན་རྗེ་ཆེན་པོའི་ཚོགས། ། རྣམ་དག་ དབྱིངས་ཀྱི་རང་ཉིད་རྣམ་པར་དག་པ་ལ། ། གཉིས་མེད་འདུས་པའི་སྲས་མཆོག་གཤིན་རྗེ་གཤེད། ། ཐབས་དང་ཤེས་རབ་རྣམ་པར་དག་པ་ཡི། ། ཀུན་གྱི་ཡེ་ཤེས་ཐམས་ཅད་འདུས་པ་སྟེ། ། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། ། སེམས་ཅན་ མ་ལུས་མྱ་ངན་འདས་པའི་ལམ། ། ཡེ་ཤེས་ཐམས་ཅད་དེ་ཡི་ངང་ལ་རྫོགས། ། འཁོར་བའི་ཉེས་སྐྱོན་ཐམས་ཅད་ཚར་གཅད་ཕྱིར། །
BO
འདོད་ཆགས་འདུས་པའི་དཔལ་ལྡན་གར་གྱི་བདག ། བྱེ་བ་ཕྲག་བརྒྱ་དཔག་ཏུ་མེད་པར་ཡང་། ། འདུལ་བའི་དབང་ གིས་དེ་ལྟ་བུ་ཡི་གཟུགས་སུ་བསྟན། ། ཞེས་གསུངས་པས་འཁོར་གྱི་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་ཐམས་ཅད་མགུ་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། ། སེམས་ ཅན་འཁོར་བས་གདུངས་པ་ལ། ། མྱ་ངན་འདས་པའི་ལམ་མཆོག་བསྟན། ། བསྟན་པ་དམ་པ་འདི་གསུངས་པས། ། ཐམས་ཅད་སྒྲོལ་བ་ངོ་མཚར་ཆེ། ། ཞེས་གསོལ་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡུམ་དང་གཅིག་ཏུ་འདུས་ ཏེ། འདི་སྐད་ཅེས་གསུངས་སོ། ། སྤྲུལ་པའི་སྐུ་དག་ཚད་མེད་དཔག་ཏུ་མེད། ། ཐུན་མོང་མ་ཡིན་འཇམ་དཔལ་གཤིན་རྗེ་གཤེད། ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྨད་དུ་བྱུང་། ། མི་དགེ་བཅུ་དང་མཚམས་མེད་ཚར་གཅད་པ། ། ཟུག་རྔུ་མི་མངའ་ཆོས་ཉིད་རྨད་ པོ་ཆེ། ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ། ། སྤྲུལ་པའི་སྐུ་དང་གསུམ་ནི་དོན་དམ་ཀུན་དུ་སྦྱོར། ། ཕྱོགས་བཅུ་བདེ་བར་གཤེགས་པ་ཐུགས་ཀྱི་དཔལ། ། ཡང་དག་ཡེ་ཤེས་དཔལ་ཡིན་འཇམ་དཔལ་ཡིན། ། ཞེས་བསྟོད་དེ་གཉིས་སུ་མེད་པར་གྱུར་ཏོ། །
BO
དེ་ནས་དེ་ བཞིན་གཤེགས་པ་དམ་པ་དེ་ལ་འཁོར་གྱིས་དེ་བཞིན་དུ་གསོལ་པ་ལ་དགྱེས་ཏེ། འདི་སྐད་ཅེས་གསུངས་སོ། ། ཞི་བ་གཉིས་མེད་ཆོས་ཀྱི་ངང་ཉིད་ལས། ། སྙིང་པོ་གཉིས་མེད་བྱང་ཆུབ་སེམས་དཔའི་དོན། ། ཐམས་ཅད་འདུས་པའི་བླ་མེད་དམ་པ་སྟེ། ། དེ་བཞིན་ གཤེགས་པའི་སྙིང་པོ་འདི་བཤད་དོ། ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་ཏ་ཐཱ་ག་ཏ་པྲ་བ་ཏི། བོ་དྷི་སཏྭ་དྷརྨ་དྷཱ་ཏུ། ཨེ་ཧྱེ་ཧི་ཛཿཧཱུྃ་ཧྱེ་ཧི་ཧྱེ་ཧི་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་ནས་བརྡས་མཚོན་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་སྟེང་གི་ཕྱོགས་སུ་སེམས་ཅན་ཐམས་ཅད་ སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་པས་ཕྱོགས་ལ་ཕྱོགས་སུ་བལྟས་ཏེ། རང་བཞིན་གྱིས་སྒྲོལ་བའི་ནུས་པ་ཅན་དུ་གྱུར་ཏེ། ཐམས་ཅད་ཀྱང་སྒྲོལ་བར་གྱུར་ཏོ། ། དེ་ནས་ཡུམ་གྱི་ཚོགས་ཐམས་ཅད་ཀྱིས་དགྱེས་པ་ཆེན་པོའི་ བརྡ་འདིས་བཅོམ་ལྡན་འདས་ལ་བསྐུལ་ལོ། ། ཨེ་མའོ་ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི། ། ཡེ་ཤེས་འདུས་པའི་ཕྲིན་ལས་མཆོག ། བླ་མེད་ཐེག་པ་ངེས་པ་ལ། ། སྦྱོར་བ་མཆོག་གིས་བཤད་དུ་གསོལ། ། ཞེས་བསྐུལ་བས། ཕྱོགས་བཅུའི་དེ་བཞིན་ གཤེགས་པ་ཐམས་ཅད་དགྱེས་པར་གྱུར་ཏོ། །
BO
དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དབང་ཕྱུག་གི་འཁོར་མྱ་ངན་ལས་འདས་པ་ཐམས་ཅད་དང་བཅས་ནས་སྐུའི་རྒྱན་གྱིས་བརྒྱན་ཏེ། སོ་སོའི་བཙུན་མོའི་དགྱེས་པས་སྐུའི་ཉམས་སུ་བསྟར་བར་གྱུར་ ཏོ། ། དེ་ལྟར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་བ་སྤུ་ལངས་ཏེ་འདི་སྐད་ཅེས་ཆེད་དུ་བརྗོད་དོ། ། སྐུ་གསུང་ཐུགས་རྣམས་འགྲོ་བ་སོ་སོར་འདུལ། ། ངང་གི་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། ། ཕྲིན་ལས་རྣམ་བཞིས་འགྲོ་བ་སོ་སོར་འདུལ། ། དེ་ཕྱིར་ མཆོག་གི་རྒྱལ་པོ་འདི་བཤད་དོ། ། ཞེས་གསུངས་པས། འཁོར་རྣམས་རབ་ཏུ་དགའ་མགུར་རངས་པར་གྱུར་ཏེ་འདི་སྐད་ཅེས་གསོལ་ཏོ། ། སྐུ་གསུང་ཐུགས་ཀྱིས་འགྲོ་བ་རང་རང་འདུལ། ། དབྱིངས་ལས་འདྲེན་པ་རྡོ་རྗེ་གསོར་བྱས་ཏེ། ། འདི་ལྟར་འདུལ་བར་མཛད་ པ་ངོ་མཚར་ཆེ། ། ཞེས་བརྗོད་དོ། ། སྐུ་ལ་ཞུགས་ནས་མི་སྣང་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོས་འདུལ་བར་མཁྱེན་ནས་འདི་སྐད་ཅེས་གསུངས་སོ། ། ཁྲ་དང་སྤྱང་ཀི་སྲིན་མོ་མུ་སྟེགས་རྣམས། ། བདུད་དང་ལོག་འདྲེན་ཐམས་ཅད་ ཚར་གཅད་ཕྱིར། ། ཆོས་ཉིད་སྒྱུ་མ་ལྟ་བུ་སྤྲུལ་ནས་ཕྲིན་ལས་མཛད། ། ཅེས་གསུངས་པས།
BO
འཁོར་རྣམས་ངོ་མཚར་དུ་གྱུར་ཏེ། འདི་སྐད་དུ། ཨེ་མའོ་ཆེ་བའི་ཡོན་ཏན་ཀུན་ལ་ཁྱབ་པ་ལ། ། ངང་གིས་ཁྲོ་བོར་བསྟན་པ་འདི་ལྟ་བུ། ། ངོ་མཚར་རྨད་བྱུང་སྤྲུལ་པ་འདི་ལྟ་ བུ། ། རབ་ཏུ་མི་སྲུན་འདུལ་བ་ངོ་མཚར་ཆེ། ། ཞེས་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མ་བསྐུལ་བར་འདི་སྐད་ཅེས་གསུངས་སོ། ། ཁྱད་པར་རིམ་པར་བསྟན་པའི་ཁྲོ་གཉེར་ནི། ། ཡེ་ཤེས་དབྱིངས་ཀྱིས་ཀུན་ལ་ཁྱབ་པར་སྟོན། ། ཁྲོ་བོ་བཞི་དང་བརྒྱད་དང་བཅུ་ ལ་སོགས། ། སྟོན་པ་མཆོད་ཕྱིར་ཁྲོ་བོ་མང་པོ་བསྟན། ། ངང་ཁྲོ་ཀུན་ཁྱབ་ཤུགས་ཁྲོ་རང་རང་འདུལ་བ་ཡི། ། བྱེ་བྲག་སོ་སོར་རབ་ཏུ་ཤེས་བྱ་ལ། ། མཚན་མ་དྲག་པོ་ཞི་བ་དབང་དང་རྒྱས། ། {གོ་རིམས་,གོ་རིམ་}བཟློག་སྟེ་རབ་ཏུ་བཤད་པར་བྱ། ། ལྟེ་བར་བཅས་པའི་རྩིབས་ཅན་ལ། ། འཁོར་ བ་གཅོད་བྱེད་རྩེ་མོ་ཅན། ། གྲུ་གསུམ་ཨེ་ཡི་ཕོ་བྲང་ཨ། ། ཟླ་གམ་རྣམ་གསུམ་དབང་གི་ཚུལ། ། མུ་ཁྱུད་དད་ཅན་རྒྱས་པ་ཕྱི། ། རྣམ་བཞིར་ལྡན་པའི་འཁོར་ལོ་ལ། ། རབ་ཏུ་མཛེས་པའི་ཐིག་གདབ་བོ། ། དབུས་སུ་མ་ཧེའི་ཞིང་གདན་ལ། ། རྩེ་དབུས་ཞིང་རྐྱང་རེ་རེའོ། ། རུས་པ་ཚོགས་ཀྱི་དབའ་རླབས་བྲག་ཏུ་སྤུངས། ། རཀྟ་ཁྲག་གི་དཔའ་ཀློང་མཚོ་ལྟ་བུ།
BO
། གནམ་ལྕགས་ངུར་མོ་རབ་ཏུ་ཏ་ལ་ལ། ། དུར་ཁྲོད་རབ་ཏུ་བརྒྱན་པ་དེ་བཤམ་མོ། ། དབུས་སུ་ཁྲོ་རྒྱལ་གཤིན་རྗེ་གཤེད། ། སྐུ་ནི་ནག་པོ་དུག་འདྲ་ལ། ། དབུ་གསུམ་དཀར་དམར་མཐིང་ བ་སྟེ། ། རལ་པ་ཁམ་ནག་སྲིད་རྩེར་འབར། ། རྩེ་ལ་མེ་འབར་རྐེད་ནས་ཞག་ཀྱང་འཛག ། རྩ་བ་ཆུ་སྟེ་སྡང་མིག་རབ་ཏུ་བགྲད། ། ཕྱག་དྲུག་ཕྱག་མཚན་བསྣམས་པའི་ཐོར་ཚུགས་ནི། ། སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས། ། དུང་ཆེན་མདུང་ཐུང་གསལ་ཤིང་ གཡོན། ། ཞབས་བཞི་ཐུར་དུ་བསྟན་པ་ནི། ། བརྐྱང་བསྐུམ་ཚུལ་གྱིས་འགྲོ་བ་དབང་དུ་སྡུད། ། སྐུ་སྟོད་གླང་ཆེན་ཀོ་བ་ཞིང་ཕྲག་ལ། ། སྐུ་སྨད་སྟག་སྟེ་ཤམ་ཐབས་ཚམ་ངམ་ཅན། ། ཨེ་ཡི་ཕོ་བྲང་དབུས་སུའོ། ། ཡུམ་ཡང་ཡབ་དང་སྐུ་མཐུན་ཏེ། ། ཕོ་བྲང་དབུས་སུ་ གཡོན་དུའོ། ། ཞལ་གཅིག་ཕྱག་གཉིས་མཆེ་བ་ཅན། ། ཁྲམ་བམ་བྷན་དྷ་བསྣམས་པའོ། ། རྩེ་ལ་ཁྲོ་བོ་ཡབ་ཡུམ་བཅུ། ། རབ་ཏུ་ཁྲོས་པའི་སྡང་མིག་ཅན། ། {གོ་རིམས་,གོ་རིམ་}བཞིན་དུ་དགོད་པར་བྱ། ། ཟླ་གམ་དུར་ཁྲོད་མ་མོ་སྟེ། ། སྒོ་ལ་དེ་བཞིན་བསྲུང་ བའོ། ། དེ་ལ་རིམ་པས་མགུ་བར་བྱ། ། ཞེས་བརྗོད་དེ། འདི་སྐུ་གསུང་ཐུགས་ལས་ཕྱུང་ངོ་། ། ཨོྃ་ཨ་ཀྲོ་མཉྫུ་ཤྲཱི་མུྃ། །
BO
ཧཱུྃ་བཛྲ་ཀྲོ་དྷ་བྷིད་ནན་ཧཱུྃ། ཨོྃ་བཛྲ་བེ་ཏཱ་ལི་རཀྵ་མཾ། ། ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཨོྃ་རུ་རུ་དུ་ན། ཨོྃ་ཛ་ཛ་ཡ་བ། ཨོྃ་ཡ་ཤུག་བྷྱོ་བྷྱོ་བྷྱོ། ཛཿཧཱུྃ་བྃ་ཧོཿ ། ཞེས་བརྗོད་པས་ཕྱོགས་བཅུ་ཐམས་ཅད་འཁྲུགས་ཏེ། གཡོས་སོ། ། འགུལ་ཏོ། ། ལྡེག་གོ། ། ཆེམ་མོ། ། འུར་ཏེ། གཡོ་འགུལ་དུ་གྱུར་ཏེ། འཁྲུགས་པར་གྱུར་ཏོ། ། དེ་ནས་ཡུམ་གྱི་ཏིང་ངེ་འཛིན་ལ་ཞུགས་པར་གསོལ་ བ་གདབ་སྟེ། གསོལ་བར་ཞུས་པ། ཨེ་མའོ་རབ་ཏུ་བློ་ལྡན་ཁྱོད། ། འཇིག་རྟེན་འཁྲུགས་པར་མཛད་པའོ། ། དབང་མེད་ལས་ཀྱིས་མནར་བ་ལ། ། བདེར་གཤེགས་གསུང་དུ་གསུངས་པ་སྟེ། ། རབ་ཏུ་བདེ་བར་མཛད་དུ་གསོལ་ཞེས་གླེངས་པས། བཅོམ་ལྡན་འདས་ཀྱིས་ ཏིང་ངེ་འཛིན་མཆོག་གི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སྟེ་འདི་གསུངས་སོ། ། ཨོྃ་བཛྲཱ་ན་ལ་ཀ་ལ་ཧཱུྃ་བཛྲ་ག་ཏ་པྲ་བེ་ཤ་ཧོ། ཞེས་གསུངས་པས། འཇིག་རྟེན་གྱི་ཁམས་འདི་དག་རབ་ཏུ་འཇམ་པར་གྱུར་ཏོ། ། གྱུར་པས་སེམས་ཅན་ཐམས་ཅད་སླར་སྔོན་ཁོ་ན་ བཞིན་དུ་གྱུར་ཏེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆེན་པོ་ལ་སྐྱབས་སུ་དོང་ངོ་། །
BO
དེ་ནས་བཅོམ་ལྡན་འདས་ཀྱིས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱས་མཉེས་པར་བྱ་བ་འདི་གསུངས་སོ། ། རྩེ་གཅིག་མཉམ་པར་གཞག་བྱ་སྟེ། ། སྒེག་མོ་གཡོན་དུ་གནས་ པར་བྱ། ། བསྐུལ་བའི་ཏིང་འཛིན་བརླན་པ་ལ། ། བསྐྱོད་པ་བྱང་ཆུབ་ལམ་དུ་དྲངས། ། གནས་ཉིད་བདེར་གཤེགས་སྐྱེད་པའི་རྐྱེན། ། རྩེ་མོ་ཨོྃ་ལ་ཕཊ་དུ་བསྟན། ། ཞེས་གསུངས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རོལ་མོས་མཉེས་ པར་གྱུར་ཏོ། ། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། གླེང་གཞིའི་རྩ་བའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཞི་བར་བྱ་བ་འདི་ཆེད་དུ་བརྗོད་དོ། ། རབ་ཏུ་དཀར་བའི་ཡུལ་དག་ལ། ། མགུ་བའི་སེམས་དང་ལྡན་བྱས་ཏེ། ། དང་བས་ མགུ་བའི་ལས་བྱས་ཞེས། ། བླ་མེད་རྒྱལ་བས་རབ་ཏུ་བཤད། ། ས་གཞི་དཀར་བ་རབ་མཉམ་ལ། ། གྲུ་བཞིར་ལྡན་པའི་དཀྱིལ་འཁོར་ལ། ། ལྟེ་བར་བཅས་ཤིང་རྩིབས་བརྒྱད་པ། ། མཁས་པས་བསྒྲིམས་ཏེ་བྲི་བར་བྱ། ། དཀར་དང་ལྡན་པའི་ཟླ་བ་ལ། ། གཅིག་ནས་གསུམ་ནས་ མགོ་བཙུགས་ལ། ། ཁམས་གསུམ་རབ་ཏུ་མགུ་བྱའི་ཕྱིར། ། ཉམས་སུ་ལོན་པར་བྱས་ལ་བསྒྲུབས། ། དབུས་སུ་ཡེ་ཤེས་བདག་པོ་ལ། ། ཤར་དུ་ནག་འཇོམས་ཆེན་པོ་སྟེ། །
BO
ལྷོ་རུ་ཡ་བ་ཏི་ཞེས་བྱ། ། ནུབ་ཏུ་ཁྲོ་བོ་དམིགས་པ་ལ། ། བྱང་དུ་བདུད་འཇོམས་དགོད་པར་བྱ། ། ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་། ། བྱང་ཤར་མཚམས་སུ་དགོད་པ་ནི། ། གླང་མགོ་ཁྲོ་ཚེ་གཅོད་སྦྱོང་རྗེ། ། ལས་གྲུབ་བརྒྱད་དེ་{གོ་རིམས་,གོ་རིམ་}བཞིན། ། སྟེང་འོག་དམར་པོ་བྲག་དགོད་བསྒྲོམས་ཏེ་དགོད། ། ཟླ་གམ་ལམ་མོ་གསུམ་རྣམས་སོ། ། སྒོ་སྒོར་སྒོ་སྲུང་མ་རྣམས་བྲི། ། དེ་ཡི་ཡུམ་དང་བཅས་པ་རྣམས། ། ཁྲོ་བོ་ཉིད་དང་སྐུ་མཐུན་པའོ། ། སེམས་དཔའི་འདུག་སྟངས་གནས་བྱས་ལ། ། སྒེག་མོ་གཡོན་དུ་བསྟེན་བྱས་ལ། ། སྔགས་གཡོག་མཛེས་པར་ཚོགས་བྱས་ལ། ། མགུ་བའི་ཕྲིན་ལས་བརྩམ་པར་བྱ། ། སྐེ་ཚེ་ཐལ་བ་རུས་པ་ལ། ། ཛམྦྷ་ལ་ཡི་གཟུགས་ལྟ་བུར། ། བྱས་ལ་སྙིང་གར་བྲི་བ་ནི། ། ཨ་མ་པ་ལ་སི་ཏིའམ། ། གང་འདོད་པ་ཡི་ཡི་གེ་དེ། ། ཕཊ་དང་སྭཱ་ཧཱས་དམ་ལྟར་བྱ། ། མིང་བྱང་གོང་ལྟར་བྲི་བྱས་ལ། ། གང་ལྟར་འཚམ་པ་བཞིན་དུ་བཞག ། དེ་ལ་འདི་ཡང་རབ་ཏུ་བརྗོད། ། ཨོྃ་ཨ་ ཀྲོ་བཛྲ་ཤཱནྟིཾ་ན་ག་བཛྲ་སྭཱ་ཧཱ། ཨོྃ་ཨ་ཀྲོ་ཏེ་ཀ་ཤཱནྟིཾ་བ་ལ་བུྃ་ཞེས་བརྗོད་ལ་སྙིང་གར་བརྒྱབ་ན། ཐམས་ཅད་མགུ་ནས་དང་བའི་སེམས་ཀྱིས་ཞི་བར་འགྱུར་རོ། །
BO
དེ་ནས་ཞི་བའི་ལས་བྱས་ཟིན་ནས། ཕྱོགས་བཅུའི་གདུག་པ་ཞི་བར་བྱ་སྟེ། བདག་ལ་མི་དགའ་བ་ མེད་ན་ལས་འགྲུབ་པ་ཡིན་ནོ། ། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཐམས་ཅད་ཞི་བའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྒྱས་པར་བྱ་བ་འདི་ཆེད་དུ་བརྗོད་དོ། ། གསེར་ལས་གྲུབ་པའི་ཡུལ་དག་ ལའང་། ། དཔལ་རྒྱས་སེམས་དང་ལྡན་བྱས་ཏེ། ། རྒྱས་པར་བྱ་བའི་སེམས་ཀྱིས་སུ། ། དཀྱིལ་འཁོར་དམ་པ་བཤད་པར་བྱ། ། དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། ། བ་ཡི་ཆག་ཆག་བཏབ་བྱས་ཏེ། ། རྣལ་འབྱོར་དམ་པ་བློ་ལྡན་པས། ། ཐིག་འདི་གདབ་པ་རབ་ཏུ་བརྩམ། ། གསེར་ལས་གྲུབ་པའི་ཐིག་སྐུད་ལ། ། དཔལ་ལྡན་འཕེལ་བའི་སེམས་དང་བཅས། ། སློབ་མ་དམ་པ་ལས་གྲུབ་པར། ། བསམས་ལ་ཐིག་འདི་གདབ་པར་བྱ། ། ཕོ་བྲང་གསེར་ལ་རྩེ་མོ་གཡུ། ། རྡོ་རྗེ་རྩིག་པ་གསེར་ལས་གྲུབ། ། གྲུ་ཆད་སྒོ་རྣམས་ལྕགས་ལས་གྲུབ། ། རྣལ་འབྱོར་སྔགས་པ་བློ་ལྡན་པས། ། ཐིག་བཞི་རེའུ་ཆ་བརྒྱད་དུ་འགྱུར། ། མཐའ་ནས་ཐིག་གདབ་མན་ངག་ཅན། ། དེ་ལ་སོགས་པ་བསམ་པར་བྱ། ། རིན་ཆེན་སྐྱིལ་ཀྲུང་འདུག་བྱས་ལ། ། དབུས་སུ་གསང་སྔགས་བདག་བོས་ཏེ། །
BO
ཕྱོགས་ཕྱོགས་སྒོ་བ་དམ་པ་རྣམས། ། སྔ་མ་བཞིན་དུ་བསྒོམས་ནས་ཀྱང་། ། རང་སྔགས་སྐྱེས་བུ་དེ་བསྐྱེད་དོ། ། ཨོྃ་ཨ་ཀྲོ་ཏེ་ཀ་པུཥྚིཾ་བ་ལ་ན་ཧཱུྃ། ཨོྃ་ཨ་ཀྲོ་པུཥྚིཾ་ཏི་བ་ཏ་ན་སྟྭྃ། ཞེས་བརྗོད་པས་བདག་པོ་ཡབ་ཡུམ་ལ། ། འཁོར་རྣམས་འབྲུ་རེ་བ་ལས་སམ། ། རང་རང་བསྐྱེད་པ་དམ་པ་སྟེ། ། སྔགས་དང་ལྡན་པར་ ཏིང་འཛིན་གསལ། ། བཞུགས་དང་བརྟན་དང་མཆོད་པ་དང་། ། ཕྱག་བྱེད་པ་ལ་སོགས་པ་ཡི། ། ལས་ཀྱི་བྱ་བ་མ་ལུས་པར། ། ཐམས་ཅད་མ་ལུས་ཚང་བར་བྱ། ། སྐྱེད་དང་གྲུབ་པའི་འབྲས་བུ་ནི། ། རྒྱལ་བ་བསྙེན་ཏེ་ཐག་མི་རིང་། ། རང་གྲུབ་འབྲས་བུ་དེ་ལ་སོགས། ། ཕྱོགས་ དུས་ཀུན་ནས་གཤེགས་པ་ཡི། ། དངོས་གྲུབ་དམ་པ་རབ་སྟེར་ཞེས། ། འདྲེན་པ་དཔའ་བོས་ཡང་དག་བཤད། ། དེ་ནས་གཞན་ཡང་རབ་བཤད་པ། ། དཀྱིལ་འཁོར་སྔ་མ་བཞིན་བྱས་ནས། ། ས་ཞག་གསེར་ལས་གྲུབ་པ་ལ། ། གཟུགས་ནི་དམ་པ་རབ་ཏུ་བྱ། ། ཕྱི་གན་གན་རྐྱལ་ མནན་བྱས་ལ། ། ནང་ཧཱུྃ་པུཥྚིྃ་ཨ་བུ་ཙེ་སྭཱ་ཧཱ། སྙིང་གར་བྲིས་ནས་བརྗོད་བྱ་བ། ། སྙིང་པོ་སྔགས་ཀྱི་དམ་པ་སྟེ། ། བླ་མེད་དམ་པས་རབ་ཏུ་བཤད། །
BO
ཨོྃ་བཛྲ་པུཥྚིཾ་ཨཱ་ཡུ་བ་ཤང་ཤྲཱི་པུཥྚིཾ་སྭཱ་ཧཱ་ཞེས་བརྗོད་ན་ཐམས་ཅད་རྒྱས་པར་འགྱུར་རོ། ། འཕགས་པ་ལས་བཞི་འཁོར་ལོ་ གསང་བའི་རྒྱུད་ལས། ། ཐམས་ཅད་རྒྱས་པར་བྱ་བའི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དེ་བདག་ཉིད་དབང་གིས་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཟངས་ལས་འབྲེལ་བའི་ཡུལ་དག་ལ། ། རང་ དབང་མེད་དེ་དབང་བསྡུས་ནས། ། འདུ་བའི་སེམས་དང་ལྡན་བྱས་ཏེ། ། དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། ། ཟངས་སམ་དམར་པོའི་ས་དག་ལ། ། དཀྱིལ་འཁོར་སྔ་མ་དག་དང་འདྲ། ། ལེགས་པར་ཁོད་སྙོམས་ཟིན་པ་དང་། ། ཐིག་ནི་རབ་ཏུ་གདབ་པར་བྱ། ། ལྟེ་བ་ཅན་ལ་རྩིབས་ བརྒྱད་པ། ། ཀུན་ཏུ་ཟླུམ་པས་རྒྱས་པ་མཐའ། ། ལྟེ་དབུས་གཞུ་བདུངས་བྲིས་བྱས་ལ། ། དེ་སྟེང་བདག་པོ་དམ་པ་གཞག ། ཐམས་ཅད་མ་ལུས་མཆོག་ཏུ་འགུགས། ། ས་པ་ལ་ཡང་ཐོགས་པ་མེད། ། ཞེས་ནི་ཡང་དག་བླ་མེད་དེས། ། བཤད་པར་བྱ་སྟེ་རབ་ཏུ་བསྟེན། ། གཞན་ཡང་རབ་ཏུ་བཤད་བྱ་བ། ། སེམས་ཀྱི་དཀྱིལ་འཁོར་དམ་པ་སྟེ། ། བླ་མེད་ཡང་དག་ངེས་པའི་ལམ། ། སངས་རྒྱས་བྱང་ཆུབ་ལ་སོགས་རྣམས། ། གཞུང་ལས་འབྱུང་བའི་ཚིག་དོན་རྣམས། །
BO
མ་ནོར་གསུངས་པའི་བཀའ་བཞིན་དུ། ། བསྒྲུབས་ན་འགྲུབ་པར་བཤད་ པའོ། ། དེ་དག་འགགས་པར་གྱུར་པ་ན། ། ཕལ་པ་གཞན་ལྟ་སྨོས་ཅི་དགོས། ། བསྡུ་དང་འདྲེན་པ་བྱང་ཆུབ་ལམ། ། འདི་དག་གོ་འཕང་ཐོབ་བྱའི་ཕྱིར། ། ཡུངས་ཀར་རྐང་རྗེས་ས་འམ་གཞན། ། ཁྲག་གསུམ་ཐལ་ཆེན་བསྲེས་བྱས་ལ། ། གའུའི་ནང་དུ་བླུགས་བྱས་ལ། ། གའུ་གཉིས་ནི་ཁ་སྦྱར་ཏེ། ། སྐུད་པ་དམར་པོ་ཟངས་ལ་སོགས། ། བཅིང་བ་བསྡམས་ཏེ་དཀྲིས་བྱས་ལ། ། དཀྱིལ་འཁོར་གྱི་ནི་ཐོག་ཏུ་གཞག ། ཡུངས་ཀར་ཟངས་གཉིས་བསྲེག་བྱས་ཏེ། ། དུད་པས་གའུ་དེ་ལ་བདུག ། དེ་ལ་བདུགས་པར་གྱུར་པ་དང་། ། བཟླས་ པའི་སྙིང་པོ་བརྗོད་བྱ་ཞིང་། ། ལན་གྲངས་ཁྲི་ཚད་དུ་མ་རུ། ། བརྗོད་ན་སངས་རྒྱས་ལ་སོགས་རྣམས། ། འགུགས་པར་གྱུར་ན་ཕལ་བ་གཞན། ། སྨོས་ཅི་དགོས་ཏེ་ངེས་པར་འགུགས། ། ཨོྃ་བཛྲ་ཨ་ཀྲོ་མཉྫུ་ཤྲཱི་བ་ཤང་མ་ཧཱ་སརྦ་ཏིལ་བྲུྃ། ལན་གྲངས་ མང་དུ་བརྗོད་བྱས་ན། ། ཅི་ལྟར་བསམས་པ་ཐམས་ཅད་འགུགས། ། རྒྱ་ཤུག་བསྐུས་པའི་ཁུ་བ་དང་། ། མ་ཡི་ལག་པའི་ཁུ་བ་གཉིས། ། སྔ་མ་བཞིན་དུ་བཀུག་བྱས་ན། ། འགུགས་པར་འགྱུར་ཞེས་དཔའ་བོས་བཤད། ། ཡང་ན་རང་གི་ལག་པའང་རུང་། །
BO
ཞེས་ གསུངས་པས་ཐམས་ཅད་མ་ལུས་པར་འདུས་ཏེ། དཔེར་ན་ཕྱོགས་ཐམས་ཅད་ནས་མཚོ་ལ་སྦྲང་མ་འདུ་བ་བཞིན་དུ་འདུས་ཏེ་བདག་གི་དབང་དུ་བྱ་བ་དེ་དབང་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེས་གསུངས་སོ། ། འཕགས་པ་ལས་བཞི་ འཁོར་ལོ་གསང་བའི་རྒྱུད་ལས། དབང་གི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་གཤིན་རྗེའི་ཚོགས་འདུ་མཛད་དེ། ། རང་བཞིན་གྱི་མཐུ་ཅན་འདི་གསུངས་སོ། ། འབྱུང་བྱེད་ཡེ་ཤེས་དཀྱིལ་འཁོར་ནི། ། དཀྱིལ་འཁོར་སྔ་མ་བཞིན་ བྱས་ལ། ། བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། ། ཡུམ་ཡང་དེ་བཞིན་དེ་ཡིའོ། ། ཡབ་ཡུམ་གཉིས་མེད་བྱིན་བརླབས་ལས། ། ཐིག་སྐུད་རྒྱུས་པ་ལྕགས་ལས་བྱས། ། དེ་ནི་ལས་ཀྱི་ཐིག་ཅེས་བྱ། ། ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། ། འཁོར་ལོ་རྩིབས་བཞི་མུ་ ཁྱུད་བཅས། ། ཀུན་དུ་གྲུ་བཞི་སྒོ་ཁྱུད་ཅན། ། གྲུ་ཆད་ལྡན་ཏེ་དུར་ཁྲོད་རྒྱན། ། མཛེས་པར་བྲིས་ཏེ་གཞན་ན་མིན། ། སྟེན་པའི་ལྷ་སྟེ་སྔ་མ་བཞིན། ། བསྐྱེད་པའི་སྔགས་འདི་བརྗོད་བྱས་པས། ། བདག་དང་འདྲ་བར་བསྐྱེད་པར་བྱ། ། ཨོྃ་ཨ་ཀྲོ་ཏེ་ཀ་ཧཱུྃ་ཨ། ཧཱུྃ་བཛྲ་ བེ་ཏཱ་ལི་རཀྴ་མཾ། བྷྱོ་བྷྱོ་བྷྱོ།
BO
ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཛཿཧཱུྃ་བྃ་ཧོཿ ། བྷྱོ་བྷྱོ་བྷྱོ་བྷྱོ། ཞེས་བརྗོད་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་གཡོས་སོ། ། རབ་ཏུ་གཡོས་སོ། ། ཀུན་དུ་རབ་ཏུ་གཡོས་སོ། ། འགུལ་འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་ འགུལ་ལོ། ། ལྡེག་ལྡེག ། རབ་ཏུ་ལྡེག ། ཀུན་དུ་རབ་ཏུ་ལྡེག་གོ། ། ཆེམ་ཆེམ། རབ་ཏུ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། ། འུར་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར་རོ། ། དབུས་མཐོ་ན་མཐའ་དམའ། ། མཐའ་མཐོ་ན་དབུས་དམའ་སྟེ། འཇིག་རྟེན་ གྱི་ཁམས་འདི་དག་རབ་ཏུ་གཡོས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་ཉིད་དེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རབ་ཏུ་གསུང་གི་གསང་སྔགས་གསུངས་པས་བདག་ཅག་སྤྲོ་ལགས་སོ། ། འཇིག་རྟེན་དུ་འདི་ལྟ་བུར་མཐུ་ཅན་ལ་ བདག་ཞུ་ལགས་སོ། ། བཅོམ་ལྡན་འདས་རང་བཞིན་གྱིས་ཁྲོ་བར་མཛད་པ་དེ་ལ་བདག་མངོན་དུ་སེམས་ཅན་ཐམས་ཅད་རབ་ཏུ་ཡང་ཞུ་བར་འཚལ་ལགས་སོ། ། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོར་འདུ་མཛད་པ་དེས་འདི་སྐད་ཅེས་གསུངས་སོ། ། ཨོྃ་ཤྲཱི་བ་ར་ཡཀྴ་ གུ་ཡ། སརྦ་ཏ་ཀྲི་བཛྲ་ཀཱ་ལ་རཱུ་པ་མ་ར་ན་ཕཊ་ཅེས་གསུངས་པས།
BO
འཇིག་རྟེན་ན་དབང་ཆེ་བ་དང་། མཐུ་ཆེ་བ་ལ་སོགས་པ་ཐམས་ཅད་བཏུལ་ནས་འདི་སྐད་ཅེས་གསུངས་སོ། ། ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། ། གསུང་དུ་མེད་པའི་ཆོས་ཉིད་ལ། ། རང་ སེམས་འཕྲོ་འདུར་གྱུར་པ་ལས། ། ཕྱོགས་བཅུར་གསུངས་པ་དེ་དག་ཡིན། ། དེ་བས་ནན་ཏན་བསྐྱེད་བྱས་ཏེ། ། དྲག་པོའི་ཚམ་ངམ་བཤད་པར་བྱ། ། འཇིག་རྟེན་བཅུད་ཀྱི་གདུག་པ་ཀུན། ། ཚམ་ངམ་གློག་ལྟར་འགྱུར་བ་ལས། ། ངོ་མཚར་ཡ་མཚན་བསྒྲག་པར་བྱ། ། ཨེ་མའོ་ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས། ། ཕྱོགས་བཅུར་འཕྲོ་བ་བྱང་ཆུབ་སེམས། ། རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི། ། རྟག་པར་བསྒོམས་ཏེ་དེ་བཞིན་གཤེགས་པར་བྱ། ། རྫས་དང་ཕྱག་རྒྱ་སྔགས་དང་བཅས་རྣམས་ནི། ། གཟུགས་དང་ འདོད་པའི་འབྲས་བུ་གང་འདོད་གྲུབ་པར་རོ། ། མི་དགེ་བཅུ་དང་ལྡན་པའི་རྣམ་པར་འདྲེན་པ་དེར་བྱས་ཏེ། ། སྔགས་དང་ཕྱག་རྒྱ་རྫས་རྣམས་དང་། ། གའུ་པདྨ་དམ་པ་དང་། ། ཁམ་པ་རྫ་ཡི་འཇི་བ་ཡིས། ། ཁྲག་སྣ་གསུམ་དང་གི་ཝང་ངོ་། ། དེ་དག་ཕྲིན་ལས་ མཆོག་ཡིན་ཏེ། ། གྲུབ་པར་འགྱུར་བ་གདོན་མི་ཟ། ། བླ་མེད་དཔའ་བོས་ཡང་དག་གསུངས། ། ཕྱོགས་བཅུའི་གདུག་པ་མ་ལུས་ཀུན། །
BO
འདུལ་བར་འགྱུར་ཏེ་ཐེ་ཚོམ་མེད། ། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་དྲག་པོའི་ལེའུ་སྟེ་ ལྔ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད། ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངང་ལ་ལོངས་སྤྱོད་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། རང་བཞིན་འཕགས་པ་ཀུན་དུ་ཤེས་རབ་སྟེ། ། དེ་བཞིན་རྣམ་པར་མི་རྟོག་ཡིན་པས་ན། ། འདི་ གཉིས་ཆོས་ཀྱི་སྐུ་ཞེས་རབ་ཏུ་བཤད། ། ཆོས་ཀྱི་ལོངས་སྤྱོད་འདུལ་བའི་དོན་ལ་རྒྱས། ། འགྲོ་བའི་དོན་རྫོགས་མ་ལུས་སྐུར་འབྱུང་དང་། ། བདུད་དང་མུ་སྟེགས་སྲིན་པོ་གདུལ་བའི་ཕྱིར། ། མཚན་དང་དཔེ་བྱད་གཟུགས་སུ་སྤྲུལ་ནས་ནི། ། མ་ལུས་ཚར་གཅོད་དོན་དུ་འདི་གསུངས་ སོ། ། འཁོར་ལོ་རྩིབས་བརྒྱད་དུ་ཁྱུད་ཟླུམ་པོར་བཅས། ། སྦྲུལ་གྱིས་རྒྱ་གྲམ་དག་གི་མཐའ་བསྐོར་ལ། ། ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། ། དེ་ཡི་སྟེང་དུ་ཀ་པཱ་ལ་གཉིས་ལ། ། གཅིག་ལ་གཤིན་རྗེ་དབུ་དྲུག་པ་ཡི་གཟུགས། ། གཅིག་ལ་ཡུམ་ཆེན་ཁྲོ་གཉེར་གཟུགས་བྲིས་ལ། ། ནང་ དུ་དགྲ་བོ་རྐང་རྗེས་སུ་དང་ནི། ། དྲི་དང་དེ་བཞིན་ཁྲག་སྣ་གསུམ། ། ཐལ་ཆེན་རྒྱ་ཤུག་བསྐུས་པའི་ཁུ་བ་དང་། །
BO
བརྫིས་ལ་དགྲ་བོའི་གཟུགས་བྱས་ལ། ། བཅུག་ལ་སྐུད་པ་དཀར་པོས་བཅིང་། ། དཀྱིལ་འཁོར་ཐོག་ཏུ་གཞག་པར་བྱ། ། ཨོྃ་ཡ་མཱནྟ་ཀ ། ཧྲཱིཥྚིཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ བཛྲ་ཀྲོ་དྷ་ཕཊ་ཕཊ་ཨ། ཞེས་བརྗོད་པ་ཙམ་གྱིས་ནི། ཡབ་ཡུམ་སྐུ་མདོག་མཐིང་ནག་ལ། ། དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྫེས། ། དབུ་ལ་ཐོད་པ་རློན་པས་བརྒྱན། ། སྐུ་ལ་སྦྲུལ་ནག་ཆུན་པོ་དང་། ། ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས། ། ཕྱག་དྲུག་ཕྱག་མཚན་བསྣམས་ པ་ནི། ། གཡས་ཀྱི་དང་པོ་སྡིགས་མཛུབ་ལ། ། རྒྱུ་ཞགས་ལྕགས་ཀྱུ་བར་ཐ་མ། ། དུང་ཆེན་ཏྲི་ཤཱུལ་གསལ་ཤིང་གཡོན། ། དེ་ལྟར་ཆ་ལུགས་གསལ་བ་དང་། ། དབྱངས་འདི་བླང་བར་ནན་ཏན་བྱ། ། ཧཱུྃ་རྔམ་པའི་རྒྱལ་པོ་ཁྲག་འཐུང་གཤིན་རྗེ་གཤེད། ། ཁམས་གསུམ་དབང་སྡུད་ རྟགས་སུ་ཞལ་གསུམ་པོ། ། དབྱིངས་ནས་སྤྲུལ་པའི་ཡབ་ཡུམ་ལྷུན་གྱིས་གྲུབ། ། ལས་ངན་འཁྲུལ་བའི་སེམས་ཅན་གདུལ་དཀའ་བ། ། གདུག་པ་དེ་དག་འདུལ་ཕྱིར་གཤེགས་སུ་གསོལ། ། དམ་ཚིག་གི་ཕྱག་རྒྱ་བཅས་ལ། ཛཿཧཱུྃ་བྃ་ཧོཿ། ས་མ་ཡ་སྟྭཾ། ཞེས་པ་ལན་ གྲངས་མང་དུ་བརྗོད། དེས་ནི་བརྟན་པར་བཞུགས་པར་འགྱུར། ། ཁྲག་ཆེན་རྒོད་ཁྲག་ཤ་དང་ཚིལ། ། ཆེན་པོ་ལ་སོགས་གཏོར་མ་བཤམ།
BO
། དེ་ནི་དཀྱིལ་འཁོར་ཐོག་དག་ཏུ། ། བདག་ཉིད་ཏིང་འཛིན་གསལ་བ་ལས། ། སྔགས་འདི་འབུམ་ཕྲག་གཅིག་ཏུ་བཟླས། ། ཨོྃ་བཛྲ་ཧ་སྟ་བ་བ་ཧེ་ཧ་དཱ་ན་ཧྲཱིཥྚིཾ་ཆེ་གེ་མོ་མཱ་ར་ཡ་ཧུྃ་ཧུྃ་ཕཊ་ཕཊ། ཆེ་གེ་མོ་ཧསྟ་བ་པྲི་ཏི་ནིར་ཏེ་ས་ཧཱུྃ་ཧཱུྃ་ཕཊ་ཕཊ། ཉིན་ཞག་གཅིག་ལ་ལན་འབུམ་བཟླས། ། ཉིན་ཞག་གསུམ་གྱི་བར་དུ་བཟླས། ། དེ་དག་བཟླས་པ་རྫོགས་པ་དང་། ། གཏོར་མའི་ལས་དག་བརྩམ་བྱ་ སྟེ། ། བསྐྱེད་དང་བསྐུལ་དང་རྫོགས་པ་དང་། ། ཕྱོགས་བཅུའི་ཁྲོ་བོ་སྤྱན་དྲངས་ཏེ། ། བཞུགས་དང་བརྟན་དང་མི་གཡོ་སོགས། ། མ་ལུས་རྫོགས་པའི་ཕྲིན་ལས་བྱ། ། དེ་ལྟར་ཕྲིན་ལས་རྫོགས་པ་དང་། ། ཡང་ནས་ཡང་དུ་བསྟབ་པ་བྱ། ། དེ་ལྟར་བསྟབ་པ་བྱས་པས་ན། ། དགྲ་བགེགས་ དབང་འགྱུར་སྨོས་ཅི་དགོས། ། དེ་ནས་ཡང་འདི་ཆེད་དུ་བརྗོད་དེ་གསུངས་སོ། ། ཨོྃ་ང་ནི་ཕྱོགས་བཅུ་དུས་གསུམ་གྱི། ། བདེར་གཤེགས་ཐུགས་ཀྱི་སྲས་ཡིན་པར། ། བདུད་དང་སྲིན་པོ་ལོག་འདྲེན་རྣམས། ། མ་ལུས་ཚར་གཅོད་བྱིན་བརླབས་ཏེ། ། མགོན་པོ་ གཤིན་རྗེ་ཉིད་ཀྱི་སྲས། ། དོན་རྣམས་ཐམས་ཅད་མ་ལུས་པ། ། དེ་ཉིད་དུ་ནི་བསྒྲུབ་པར་བྱ། ། དགྲ་རྣམས་ཐམས་ཅད་འདུལ་བའི་ཕྱིར། །
BO
ཕྲིན་ལས་རྡོ་རྗེ་ཅན་གྱིས་མཛོད། ། ཞེས་བརྗོད་ཅིང་སྔགས་ཀྱིས་བརྡེག་པ་ནི་ཕྲིན་ལས་མཆོག་གི་རྒྱལ་པོ་ཞེས་གསུངས་ སོ། ། དུས་དང་དུས་དང་ཞག་གྲངས་ནི། ། ཉི་མ་གཅིག་ལ་སྟོང་རྩ་གཅིག ། ནམ་གྱི་གུང་ལ་བརྒྱ་རྩ་གཅིག ། ཐོ་རངས་ཐུན་གཅིག་བརྒྱ་རྩ་གཅིག ། སྲོད་ཀྱི་གུང་ལ་བརྒྱ་རྩ་གཅིག ། དེ་ལྟར་ཉིན་ཞག་གསུམ་བར་དུ། ། བཟླས་པ་ཞག་གྲངས་ཚང་བྱ་ཞིང་། ། ཕྱག་རྒྱ་བཅའ་ ཞིང་གཟུགས་ལ་བརྡེག ། ཉ་ལ་བྱས་ན་གདོན་མི་ཟ། ། ཨོྃ་མཱ་ར་ན་ཁ་ད་སརྦ་ཧྲཱིཥྚིཾ་ཡ་མན། ཧུྃ་ཧུྃ་ཏྲེ་ཁ་ད་པ་ར་ན་པ་ལ་ཧུྃ་ཧུྃ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ལ་དགྲ་བོའི་གཟུགས་ལ་བརྡེག་གོ། ། ཨོྃ་བཛྲ་ཧཱུྃ་ཁཾ་སྥ་ར་ན་ཕཊ། ཧཱུྃ་ཨཱ་བེ་ཤ་ཡ། ཧུྃ་ཧུྃ་ ཕཊ་ཕཊ་ཨ། ཡང་ཕྱག་རྒྱ་གོང་མ་བཅས་ལ། ཨོྃ་བཛྲ་ཀྲོ་དྷ་ནཱི་ལ་ཏནྟྲ་ཧུྃ་ཧུྃ། ཧྲཱིཥྚིཾ་ཀྲྀ་ཏ་ན་ན། ཧུྃ་ཧྲཱི་ཥྚིཾ་བི་ཀྲྀ་ཏ་ནན་ནན་ཞེས་བརྗོད་ལ། བདག་གི་ལག་པས་དབང་བསྐུར་རོ། ། ཡང་ཕྱག་རྒྱ་བཅས་ལ། ། སྔགས་འདི་ལ་ཡང་ལན་གྲངས་མང་དུ་བྱའོ། ། ཨོཾ་བཛྲཱ་ཙཎྜ་ཧྲཱིཥྚིཾ་བཛྲ་སྟི་ར་བཾ། ཁ་ཧི་ཧུྃ་ཧུྃ་ཆེ་གེ་མོ་དབང་དུ་སྡུས་ཤིག ། ཧྲིལ་ཧྲིལ་ཞེས་ལན་གྲངས་མང་དུ་བརྗོད་དོ། །
BO
རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱས་བརྡེག་གོ། ། ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། ། ཨོཾ་བཛྲ་ཀང་ཀ་མ་ཀ་ལ་ཡ་ན་ཧུྃ་ཕཊ་ཕཊ་ཨ། ཞེས་འབུམ་བཟླས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ བརྡེག་གོ། ། ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། ། ཨོྃ་བཛྲ་ཨ་གུ་ཤ་ཏྲེ་ཐ་སྟི་ར་བྃ་ཧུྃ་ཧུྃ་ཕཊ་ཕཊ་ཆེ་གེ་མོ་མཱ་ར་ཡ་ཛ་ཧཱུྃ་ཞེས་དབང་དུ་སྡུས་ཤིང་། ཧུྃ་ཧུྃ་ཕཊ་ཕཊ་ཞེས་ལན་གྲངས་མང་དུ་བརྗོད་དོ། ། རྡོ་རྗེ་གདེངས་པའི་ཕྱག་རྒྱ་བཅས་ལ་དབང་དུ་བསྡུའོ། ། ཡང་ ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། ། ཨོྃ་ཧུྃ་ཧུྃ་ཕཊ་ཕཊ་འདུས་འདུས་རང་རང་ཡྃ་ཡྃ་རྃ་རྃ་ཧྲིང་ཧྲིང་དུ་བ་བྷྱོ་ཧུྃ་ཕཊ་ཆེ་གེ་མོ་དུན་བྷྱོ་ཞེས་བཟླས་ལ། ཁ་ཊྭཱཾ་གི་ཕྱག་རྒྱས་བརྡེག་གོ། ། དེ་ལྟར་ལས་དེ་དག་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ལ། བཟླས་པ་བྱས་ན་ལས་ཅི་བྱས་པ་ཐམས་ཅད་དབང་དུ་འདུ་བར་ངེས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ངན་སྔགས་དབང་སྡུད་ཀྱི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་ གཤེད། བཅོམ་ལྡན་འདས་ཀུན་ལ་ཁྱབ་པའི་ཕྲིན་ལས་བསྒྲུབ་པ་འདི།
BO
སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། ལྔ་ཕུང་ཡན་ལག་གཞོམ་པ་དང་། ། དུག་གསུམ་རྩད་ནས་གཅད་པ་དང་། ། འབྲས་བུ་རྒྱལ་བར་བསྒྲུབ་བྱའི་ཕྱིར། ། ནན་ཏུར་ཕྲིན་ ལས་བཤད་པར་བྱ། ། དང་པོའི་ལས་ནི་རྒྱས་དང་གསང་། ། དགུག་དང་གཏད་དང་བཅིང་དང་དགྲོལ། ། སྦྱོར་བའི་གདུག་པ་མ་ལུས་ཀུན། ། ཕྲིན་ལས་འདི་ཡིས་བྱེད་པར་འགྱུར། ། དང་པོར་བཙལ་བའི་བཙལ་ཐབས་ནི། ། རྣམ་པ་དྲུག་དང་ལྡན་པས་བཙལ། ། སྟག་ མོ་གད་ལ་མཆོང་སྟབས་དང་། ། སེང་གེ་གངས་ལ་འགྱིང་ཚུལ་དང་། ། ཁྭ་སྤྱང་གཟན་ལ་རྒྱུག་ཚུལ་དང་། ། བྱ་རྒོད་གཟན་ལ་འབབས་ཚུལ་དང་། ། དོམ་ཆེན་རྨི་ལམ་རྨི་ཚུལ་དང་། ། ཁྭ་སྐེག་ཐང་ཤིང་སྙེག་ཚུལ་གྱིས། ། རོ་ཡི་ཕུང་པོ་བཙལ་བར་བྱ། ། རི་ལ་ འདུག་ན་འགྱིང་བས་བཙལ། ། སྲིབས་ལ་འདུག་ན་མཆོང་བས་བཙལ། ། གདགས་ལ་འདུག་ན་འདུག་པས་བཙལ། ། འོར་ན་འདུག་ན་འབབས་པས་བཙལ། ། བྲག་ལ་འདུག་ན་རྨི་བས་བཙལ། ། ནགས་ལ་འདུག་ན་སྙེག་པས་བཙལ། ། རྒྱལ་རིགས་ ཡིན་ན་སེང་གེ་སྟངས། ། བྲམ་ཟེ་ཡིན་ན་སྟག་མོ་སྟངས། ། རྗེའུ་རིགས་ཡིན་ན་བྱ་རྒོད་སྟངས། ། དམངས་རིགས་ཡིན་ན་དོམ་གྱིས་བྱ། ། མ་ནིང་ཡིན་ན་སྤྲེའུ་ཡིས་བྱ། །
BO
དོག་ལ་ཡིན་ན་ཁྭ་སྤྱང་སྟངས། ། དེ་ལྟར་རོ་ཡི་ཚོལ་སྟངས་ནི། ། རྣམ་པ་དྲུག་དང་ལྡན་པས་བཙལ། ། བརྟགས་ ནས་འོངས་པ་གྱུར་པ་དང་། ། གཤིན་རྗེ་རྒྱལ་པོའི་ཚམ་ངམ་བྱ། ། ཁྲོ་བོ་བཅུ་ཡིས་སྟང་སྟབས་ཀྱིས། ། རོ་ལ་ཀུན་ཏུ་བསྐོར་བྱས་ལ། ། དཀྱིལ་འཁོར་ཆེན་པོའི་དབུས་སུ་གཞག ། དེ་ལྟར་གཞག་པའི་ལས་བྱས་ནས། ། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། ། རྐང་པ་བྱང་ཤར་ མཚམས་སུ་བསྟན། ། ལག་པ་གཡས་པ་ལྷོ་ཡི་ཕྱོགས། ། ལག་པ་གཡོན་པ་ནུབ་ཀྱི་ཕྱོགས། ། རྐང་པ་གཡས་པ་ཤར་གྱི་ཕྱོགས། ། རྐང་པ་གཡོན་པ་བྱང་གི་ཕྱོགས། ། དེ་ལྟར་གན་རྐྱལ་བཞག་བྱས་ལ། ། ད་ནི་ཕུར་བ་དགོད་བྱ་སྟེ། ། མིག་དང་རྣ་བ་སྣ་དང་ལྕེ། ། ལག་ གཉིས་རྐང་གཉིས་ཕོ་མཚན་དང་། ། ལྐོག་མ་དེ་བཞིན་སྙིང་ག་དང་། ། ལྟེ་བ་པུས་མོ་དཔུང་བ་གཉིས། ། གྲུ་མོ་དེ་བཞིན་ལོང་བུ་གཉིས། ། མཚོག་མ་དེ་བཞིན་སྤྱི་བོ་དང་། ། དཀུ་དང་དེ་བཞིན་མཆན་ཁུང་གཉིས། ། དཔྲལ་བ་རྣམས་སུ་གདབ་བྱས་ལ། ། ཕུར་བ་དེ་དག་ ལྷ་ཡི་སྐུར། ། རབ་ཏུ་བརྟགས་ཏེ་གོམས་པ་དང་། ། རང་བཞིན་གནས་ནས་གཤེགས་པ་དང་། ། ཏིང་ངེ་འཛིན་དུ་བསྒོམས་པ་དང་། ། གཟུགས་བརྙན་ནང་དུ་བཀོད་པ་གསུམ། །
BO
ཚད་པས་གདུངས་པའི་བྱེ་མ་ལ། ། མར་ཞུ་དེ་བཞིན་ཐིམ་པ་བཞིན། ། གཉིས་སུ་མེད་པར་ ཤེས་བྱ་ལ། ། གོང་དུ་བསྟན་པའི་ལྷ་རྣམས་ནི། ། རྣམ་ཤེས་བཞི་དང་དབང་པོ་བཞི། ། དེ་ལས་གྱུར་པའི་ཡུལ་རྣམས་ནི། ། བརྒྱད་པོ་ངང་དུ་ཤེས་པར་བྱ། ། སྒོ་མ་ལུས་ལ་གྲགས་པའོ། ། ཐབས་དང་ཤེས་རབ་འབྲེལ་པའི་ཕྱིར། ། སྟེང་འོག་ཁྲོ་བོ་དེ་ལས་གྱུར། ། དེ་དག་ཀུན་གྱི་ སྐུ་གསུང་ཐུགས། ། མ་མོ་གསུམ་གྱིས་ང་ཉིད་དེ། ། ཡབ་ནི་ཀུན་ལ་ཁྱབ་པ་ལ། ། ཡུམ་ནི་ཀུན་ལ་སྡུད་པ་སྟེ། ། བྱ་བ་བྱེད་པ་བདག་ཉིད་དོ། ། ཕུང་པོ་ཀུན་ལ་ཁྱབ་པ་ལ། ། མཉེས་པས་ཕུལ་ཕྱིན་ལྷ་ཡི་ཚོགས། ། འགྲོ་དྲུག་ཀུན་ལ་མ་ལུས་སྣང་། ། དེ་ལྟར་ལས་རྣམས་ཟིན་ པ་དང་། ། ཞག་གྲངས་དུ་བྱ་དམ་ཡང་བཅའ། ། དངོས་གྲུབ་ཐོབ་པར་འདོད་པ་ཡི། ། རྣལ་འབྱོར་ཆེན་པོས་ཏིང་འཛིན་གསལ། ། དེ་ལྟར་བྱས་ནས་མི་ལ་སོགས། ། ཐམས་ཅད་དབང་དུ་འདུ་བར་གསུངས། ། དགྲ་བགེགས་ལ་ལྟ་སྨོས་ཅི་དགོས། ། དྲག་པོའི་ཕྲིན་ལས་ གྲུབ་འདོད་པས། ། དགྲ་བོའི་མིང་བྱང་བྲིས་བྱས་ལ། ། བམ་གྱི་ཁ་ཡི་ནང་དུ་གཞུག ། རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་གདབ། ། ཧེ་རུ་ཀ་ཡི་ཕྱག་རྒྱས་མནན། ། ཡུངས་ཀར་རྒྱལ་པོས་དྲག་ཏུ་བརྡེག །
BO
རྒྱ་ཤུག་བཀུས་པས་དྲག་ཏུ་བླུགས། ། ཉི་མ་བཞི་ལ་དྲག་ཏུ་བརྡེག ། སྔགས་དང་ ཕྱག་རྒྱ་རྒྱུན་མི་བཅད། ། དམ་རྫས་མཆོད་པ་ཤིན་ཏུ་དགྲམ། ། རྣལ་འབྱོར་ཏིང་འཛིན་དྲག་ཏུ་བྱ། ། ཡེངས་ན་བར་ཆད་འབྱུང་བར་འགྱུར། ། གཡེང་བར་མི་མཛད་ཁྲོ་བོས་གསུངས། ། དེས་ནི་ལས་ཀྱི་འབྲས་བུ་ཡང་། ། ཤིན་ཏུ་ཟད་པ་མེད་པ་སྟེ། ། མཁའ་ ལ་འཕུར་དང་ས་ལ་འཛུལ། ། ཆུ་ལ་བྱིང་མེད་མངོན་ཤེས་ལྡན། ། ཞེས་གསུངས་སོ། ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་རོ་ལངས་ཀྱི་སྒྲུབ་པ་ལ། ངན་སྔགས་ཀྱི་ཕུར་བུས་གདབ་པའི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་ བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པ་འདི་ཆེད་དུ་བརྗོད་དོ། ། ཡེ་ཤེས་འཁྱིལ་བའི་དཀྱིལ་འཁོར་བསྐྱེད་སྟེང་ན། ། ཡེ་ཤེས་ཉི་མ་གསལ་བའི་ཐིག་ཕྲན་གདབ། ། མུ་ཁྱུད་ཟླུམ་པོ་སྦྲུལ་གྱི་ཞགས་པ་བྲི། ། སྟེགས་བུ་ཕྱོགས་མཚམས་ཕུར་བུས་ བསྐོར་བར་བྱ། ། དེ་ལྟར་བྲིས་པའི་དཀྱིལ་དུ་དགོད་པ་ནི། ། ཨོྃ་ནི་དབུས་ཀྱི་ལྟེ་བ་ལ། ། ཤར་དུ་ཧྲི་ལ་ལྷོ་རུ་སྟཾ། ། ནུབ་ཕྱོགས་ཧུྃ་ལ་བྱང་དུ་ཧ། ། བྱང་ཤར་མཚམས་སུ་ཛ་ཞེས་པ། ། ཤར་ལྷོ་ཏྲི་ལ་ལྷོ་ནུབ་མེ། །
BO
ནུབ་བྱང་ཨ་ལ་རབ་ཏུ་རྟེན། ། རྟེན་པའི་ཡི་གེ་དེ་བཀོད་ནས། ། དབུས་སུ་ བསྟན་པར་བསྒོམ་པ་ནི། ། གཤིན་རྗེ་སྟེ་སྐུ་དམར་ནག་ལ། ། དབུ་གསུམ་པོ་ལ་ཕྱག་ཀྱང་དྲུག ། དབུ་ལ་ཐོད་པ་ཚལ་གྱིས་བརྒྱན། ། ཞལ་གཡས་སྨུག་ནག་གཡོན་ལྗང་བ། ། དབུས་ནི་སྐུ་དང་རབ་མཐུན་པ། ། སྐུ་ལ་ཐོད་པ་བརྒྱན་གྱི་ཚལ། ། ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་ པ། ། ཡབ་ཀྱི་སྐུ་ལ་རབ་འཇུག་པ། ། གཡོན་ཕྱོགས་གནས་པ་གོང་མ་བཞིན། ། ཨོྃ་ཨ་མྲྀ་ཏ་ཏ་ཀ་སརྦ་ཨ་མྲྀ་ཏ་ཀྲོ་ཏ་ཧཱུྃ་ཕཊ། ། ཨོྃ་ཨ་མྲྀ་ཏ་ཀྲོ་ཊ་ཧཱུཾ་ཕཊ། ། དེ་ལྟར་ཡབ་ཡུམ་གསལ་བར་བསྐྱེད། ། པདྨའི་གདན་ལ་རབ་བཞུགས་པའོ། ། འཁོར་ལ་སོགས་པའི་རིམ་པ་ནི། ། བསྐྱེད་ པ་གོང་མའི་རིམ་པའོ། ། རྟག་ཏུ་བཟླས་པ་བསྙེན་པའི་སྔགས། ། མི་དྲག་མི་བུལ་མི་ཞན་པར། ། ཏིང་འཛིན་གསལ་བར་བསྒོམ་བྱས་ཏེ། ། ཞི་ལ་འཚེར་བའི་ཏིང་འཛིན་ལ། ། རི་རབ་དབུས་ཀྱི་ལྟེ་དབུས་ལ། ། རབ་བརྟན་འོག་གི་གོ་གོ་ནས། ། རྡོ་རྗེ་ཚེ་ཡི་དབང་སྩོལ་ཏེ། ། ཕྱོགས་བཅུ་གདུག་པའི་ཚེ་འདྲེན་ཏེ། ། གདུག་པ་མ་ལུས་འགུགས་པར་འགྱུར། ། ཚེའི་སྙིང་པོ་འདི་རྟག་ཏུ་བཟླས། ། ཨོྃ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཨ་ཀོ་ཨཱ་ཡུ་ཕ་ལ་སི་ཏི་ནི་བྲུྃ་ཨ།
BO
དེས་ནི་ཚེ་ཡི་དབང་ཐོབ་ནས། ། སངས་རྒྱས་སྐུ་དང་མཉམ་པ་དང་། ། བསྐལ་པ་མ་ཞིག་ བར་དུ་ནི། ། ལོ་ལྔ་ལོན་པ་བཞིན་དུ་གནས། ། དེ་ནས་བསྐུལ་བའི་གནས་འདི་གསུངས། ། ཨེ་མའོ་ཕྱོགས་བཅུ་ཀུན་ནས་འདུས་པ་ཡི། ། ཡེ་ཤེས་རྒྱལ་པོའི་ཐིག་ལེ་འདི། ། གསང་ཆེན་རྨད་དུ་བྱུང་བ་སྟེ། ། རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས། ། ཡེ་ནས་ ལྷུན་གྱིས་གྲུབ་པའི་བཅུད། ། ཐམས་ཅད་མ་ལུས་ཆོས་སོ་ཅོག ། ཆོས་ཀྱི་སྐུ་འམ་ཆོས་ཀྱི་དབྱིངས། ། དོན་དམ་ཚིག་དང་མངོན་སུམ་པ། ། དངོས་པོ་མཚན་མ་ཐམས་ཅད་ལས། ། ཁྱབ་པའི་མྱ་ངན་ཐུགས་རྗེ་ཆེ། ། ཕྲ་མོ་སེམས་ཀྱི་རང་བཞིན་ཏེ། ། གཏི་ མུག་མུན་པ་སེལ་བ་སྟེ། ། ཉོན་མོངས་དྲི་མ་ཀུན་དང་བྲལ། ། ཤིན་ཏུ་སད་པ་མྱ་ངན་འདས། ། ཐུགས་རྗེའི་རང་བཞིན་གཤིན་རྗེ་སྟེ། ། རྡོ་རྗེ་ཚེའི་རང་བཞིན་མི་འགྱུར་བའོ། ། ཞེས་གསུངས་པས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་རྔམ་པའི་ཞལ་ ནས་འདི་སྐད་ཅེས་གསུངས་སོ། ། ཨེ་མའོ་ཕྱོགས་བཅུའི་འཇིག་རྟེན་ཡེ་ནས་དབེན། ། བདེར་གཤེགས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ། ། མཐའ་གཉིས་སྤངས་པའི་ཡེ་ཤེས་ལྷུན་རྫོགས་པའི། །
BO
ཕྱོགས་བཅུའི་སྟོང་ཁམས་འཇིག་རྟེན་རྒྱན་དུ་བཅས། ། ཐབས་དང་ཤེས་རབ་ཀྱིས་ནི་དབང་བསྐུར་ན། ། བདུད་དང་སྲིན་པོ་ལོག་འདྲེན་ཚེ་བསྡུས་ཏེ། ། དབང་བསྐུར་གནང་བ་དེས་ཀྱང་བྱིན་བསྐྱེད་དེ། ། ཤར་ཕྱོགས་དྲི་ཟའི་གནས་ནས་ཚེ་དྲོངས་ཤིག ། ཨོྃ་བཛྲ་ཀུ་ལ་ཨེ་སྭ་ཤྭ་ར་ན་ཧ་ཧ་ཧོ་ཧོ་ཧུྃ་ཧུྃ། ཞེས་ནི་དབྱངས་དང་བཅས་པ་ ཡིས། ། རྡོ་རྗེ་རིགས་ལས་གྲུབ་པ་ཡི། ། བདེ་བར་གཤེགས་པ་ཐམས་ཅད་ཀྱིས། ། མགོན་པོ་གཤིན་རྗེ་ཚེ་དབང་བསྐུར། ། དེ་ནས་རིན་པོ་ཆེའི་ཚེའི་དབང་བསྐུར་བའི་ཕྱིར་འདི་གསུངས་སོ། ། ཨེ་མའོ་རིན་ཆེན་འཆང་བ་ཀུན་གྱི་བདག ། འཇིག་རྟེན་དབང་ཕྱུག་ དབང་བྱེད་པ། ། གཙོ་མཆོག་ཁྱབ་པར་བྱིན་བརླབས་ཏེ། ། མི་འགྱུར་རིགས་ཀྱི་ཚེ་ཐོབ་ནས། ། ལྷོ་ཕྱོགས་གཤིན་རྗེའི་གནས་ནས་ཚེ་དྲོངས་ཤིག ། ཨོྃ་རཏྣ་ཀུ་ལ་ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧྃ། རིན་ཆེན་དགྱེས་པའི་དབང་བསྐུར་བས། ། ཁྱད་པར་བྱིན་བརླབས་ ཐོབ་གྱུར་ཅིག ། དེ་ནས་པདྨ་རིགས་ཀྱི་ཚེའི་དབང་འདི་ཡང་གསུངས་སོ། ། ཨེ་མའོ་ཁྲོ་གཏུམ་རྔམ་པའི་ཚོགས། ། པདྨ་རིགས་ཀྱི་དབང་ཕྱུག་སྟེ། ། སྣང་བ་མེད་ལས་ལྷུན་གྱིས་གྲུབ། ། རྡོ་རྗེ་འཆང་གིས་དབང་བསྐུར་བས། །
BO
ཀླུ་འདུལ་ཚེ་ཡི་དབང་ཐོབ་ཤོག ། པདྨ་ཀུ་ལ་ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧྃ། ལྷུན་གྱིས་གྲུབ་པ་ཚེ་ཡི་དབང་། ། ཐོགས་མེད་དམ་པ་ཐོབ་པར་ཤོག ། དེ་ནས་ལས་ཀྱི་རིགས་ཀྱི་ཚེའི་དབང་བསྐུར་བ་འདི་བརྗོད་དོ། ། ཨེ་མའོ་རང་བཞིན་མཚན་མ་མེད་པ་ཡི། ། ཡེ་ཤེས་ལྔ་ལྡན་ཕྲིན་ལས་གཙོ། ། གཉིས་སུ་མེད་པ་ལས་ཀྱི་རིགས། ། ལས་རྣམས་ཐམས་ཅད་དབང་བསྐུར་བས། ། གནོད་སྦྱིན་གདོན་ལས་ཚེ་དྲོངས་ཏེ། ། གནོད་སྦྱིན་བགེགས་འདུལ་དབང་ཐོབ་ཤོག ། ཨོྃ་ཀརྨ་ཀུ་ལ་ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧྃ། ཞེས་བརྗོད་པས་ཐམས་ཅད་ཚེའི་དབང་ཉིད་དུ་གྱུར་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཚད་མེད་བཞི་ཡི་ཐུགས་ རྗེས་ཀྱང་། ། ཉོན་མོངས་དགྲ་རྣམས་ཞི་གྱུར་ཅིག ། ཅེས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཚེའི་དབང་བསྐུར་རོ། ། འཕགས་པ་ལས་བཞིའི་འཁོར་ལོ་གསང་བའི་རྒྱུད་ལས། འཇམ་དཔལ་ཚེ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ནས་ བཅོམ་ལྡན་འདས་གཤིན་རྗེའི་བདག་ཉིད་དེ། མཐའ་བྱེད་འབྱུང་བ་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་ངོ་། ། གཤིན་རྗེ་ལས་ཀྱི་ཕྲིན་ལས་འདི། ། མྱོས་དང་མགོ་འཁོར་བྱེད་པ་དང་། །
BO
ཡིད་འཁྲུག་ཁྲག་ཏུ་སྐྱུག་པར་བྱེད། ། ལོག་འདྲེན་རྣམ་པ་དྲུག་ཏུ་བསྟན། ། ལོག་འདྲེན་མཐར་བྱེད་དཀྱིལ་འཁོར་ནི། ། བཅུ་གཉིས་འཁོར་ལོ་རྩིབས་ཅན་དེ། ། {ཡི་དགས་,ཡི་དྭགས་}ཀྱི་ནི་གོས་ལ་བྲི། ། སུམ་བརྩེགས་ལྡན་པའི་མུ་རན་ལ། ། དབྱངས་ཀྱི་ཡི་གེས་ཀུན་ཏུ་བསྐོར། ། ཧྲིཥྚིའི་སྔགས་ཀྱིས་གནོན་བྱས་ལ། ། ཐ་ལ་ཐོད་པ་གཏང་བར་བྱ། ། དེ་ནས་ སྔགས་ཀྱིས་དགང་བར་བྱ། ། ཡ་མ་ན་ཏེ་ར་ཙའི་ཚོགས། ། ས་སྟེ་འབྱུང་བྱེད་དོ་ཡི་རྟེན། ། མེ་སྟེ་ཐམས་ཅད་སྲེག་པའོ། ། བདག་ཉིད་གཤིན་རྗེ་མཐར་བྱེད་སྐུར་བསྐྱེད་ལ། ། ཡུམ་ཡང་དེ་རུ་བསྒོམ་བྱས་ལ། ། ཕྱོགས་བཅུ་གདུག་པ་ཐམས་ཅད་ཀུན། ། མ་ལུས་ཚམ་ ངམ་དྲག་པར་བྱ། ། བཟླས་པའི་སྙིང་པོ་མ་ནོར་བར། ། སྒྲ་དང་འདུ་བྱེད་རབ་སྤངས་ཏེ། ། བདེ་ཞིང་ཡིད་འོང་གནས་དག་ལས། ། རབ་ཏུ་སྡང་མིག་སྡང་སེམས་བཅས། ། སྒྲ་དང་བཅས་པའི་སེམས་སྤངས་ཏེ། ། ཉི་མ་ཤར་ནས་ནུབ་ཀྱི་བར། ། རྒྱུན་དང་དུས་སུ་བསྟན་པའོ། ། བར་བར་བསྐུལ་བའི་ལས་བྱ་ཞིང་། ། བཅོལ་བའི་ལས་དག་རབ་ཏུ་བརྗོད། ། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་གཤིན་རྗེའི་ཚོགས་ཐམས་ཅད་ཡུམ་བཙུན་མོ་དང་གཉིས་སུ་མེད་པར་བྱས་ཏེ།
BO
བཟླས་པའི་སྔགས་འདི་སྐུ་དང་གསུང་དང་ཐུགས་ལས་ཕྱུང་ངོ་། ། ཨོཾ་ཧྲཱིཥྚྲི་པི་ཀྲི་ཏཱ་ན་ན། ཧུྃ་ཧུྃ་པ་ན་ཨ་ནུ་ད་བྷ་བ། སརྦ་དྷརྨ་ཙ་ཙཱརྱ་ཨ་ཏི་བ་ཧྃ། ཨོྃ་ལྃ་ཡྃ་ཨྃ། བཛྲ་བོ་དྷི་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རི། ཨ་བྱི་ཏ་བཛྲ་ཀྲོ་དྷི་ཤྭ་རི། ཧེ་ཧེ་ཧྃ་ཧྃ། སྔགས་འདི་རབ་ཏུ་བརྗོད་བྱས་པས། ། ཁ་དོག་ཆེ་ཞིང་ལུས་པོ་ཆེ་བ་དང་། ། རྒྱ་དག་ཡོངས་སུ་ མ་ཆད་ཐམས་ཅད་ནམ་མཁའ་སྟེ། ། གསལ་བའི་ཤེས་རབ་ཐམས་ཅད་ནམ་མཁའ་འདྲ། ། མཐར་ཕྱིན་སྔགས་ཀྱི་ལུང་ལ་མཁས་པར་བྱ། ། དེ་ཡི་སྦྱོར་བ་ཐམས་ཅད་དགྱེས་སྐོངས་ཤིང་། ། དབང་སྡུད་སྔགས་སྟེ་དྲག་པོའི་ལས་དང་སྦྱར། ། མི་དམིགས་གཙོ་ བོའི་སྔགས་དང་ཕྱག་རྒྱར་གནས། ། སྒྲོལ་དང་མཐར་ཕྱིན་ཕྲིན་ལས་གནས་སུ་བསྟན། ། ཏིང་འཛིན་རིམ་པ་འདི་དག་ལྡན་པར་བྱ། ། ཁྲོ་བོ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། སྒྱུ་མ་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་དང་། གོ་འཕང་ཆེན་པོ་ལ་སྦྱར་ བའི་ཐབས་ཀྱི་ཏིང་ངེ་འཛིན་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཐུགས་རྗེས་ཞེ་སྡང་སྒྲོལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་འདོད་ཆགས་སྒྲོལ་བའི་ཏིང་ངེ་འཛིན་དང་། །
BO
ཡེ་ཤེས་ཀྱིས་གཏི་མུག་སྒྲོལ་བའི་ཏིང་ངེ་འཛིན་ དང་། ཡོན་ཏན་གྱིས་ང་རྒྱལ་འཇོམས་པའི་ཏིང་ངེ་འཛིན་དང་། འབད་པ་མེད་པའི་བརྩོན་འགྲུས་ཀྱིས་ཕྲག་དོག་འཇོམས་པའི་ཏིང་ངེ་འཛིན་ཏོ། ། དེ་དག་འཇོམས་པའི་སྔགས་ནི་འདི་དག་གོ། ། པྲཛྙཱ་ཀུ་ལ། ཛྙཱ་ན་ཀུ་ལ། དྷ་ཀ་ཀུ་ལ། གུ་ན་ཀུ་ལ། བཱིརྱ་ ཀུ་ལ། བྷཱུ་ཏ་ཀུ་ལ། བཛྲ་ཀུ་ལ། པདྨ་ཀུ་ལ། ཀརྨ་ཀུ་ལ། རཏྣ་ཀུ་ལ། སརྦ་ཏ་ཐཱ་ག་ཏ་ཧོ། ཞེས་བརྗོད་ནས་འདི་སྐད་ཅེས་གསུངས་སོ། ། དཔེར་ན་མེ་དང་འོད་བཞིན་དུ། ། འོད་ལ་སྦྲང་མ་འདུ་ན་ཡང་། ། མེ་ལྕེའི་དྲོད་ནི་འོད་ལ་ཡོད། ། འོད་ ཀྱིས་སྦྲང་འཚིག་ཅི་བཞིན་དུ། ། སྐྱོན་གྱིས་དྲི་མ་ཐམས་ཅད་དང་། ། བདུད་དང་མུ་སྟེགས་ལོག་འདྲེན་དང་། ། མི་མཐུན་པ་ཡི་དགྲ་དང་བགེགས། ། ཤེས་རབ་ཐབས་ཀྱིས་གཟིར་གནོན་པའི། ། མེ་ལྕེ་དང་ནི་སྦྲང་མ་འདྲའོ། ། ཐ་དད་པ་ཡི་མི་མཐུན་པའང་། ། འཕགས་པ་འཇམ་དཔལ་ གཤིན་རྗེ་ཉིད། ། འཁྲིགས་པ་མེད་ཅིང་སྒྲོལ་བར་བྱེད། ། མི་སྐྱེ་ཡེ་ཤེས་རལ་གྲི་ཡིན། ། ཉོན་མོངས་སྡུག་བསྔལ་དྲལ་བྱས་ནས། ། གནས་དང་གནས་མ་ཡིན་པ་ཡི། ། རྒྱུ་དང་རྒྱུ་མ་ཡིན་པ་ཡི། ། ཉོན་མོངས་སེམས་ཅན་མཐོ་རིས་གནས། །
BO
བསྒྲལ་བའི་ཞིང་དུ་སྨོས་པ་དེ། ། དེ་ལ་ དེ་བཞིན་དྲག་ཏུ་བྱ། ། རིགས་དང་ལོ་གྲངས་མཐུན་པ་ལ། ། དེ་བཞིན་བྱས་ན་སྐྱོན་པ་སྟེ། ། དེ་དག་ཡོངས་སུ་ཤེས་པར་བྱ། ། ལས་དང་བྱ་བ་རྩོལ་བ་རྣམས། ། ཉམས་ཀྱི་ཕྱག་རྒྱ་རང་དོན་སད། ། དེ་རྟགས་དཀའ་བ་མི་འགྱུར་ཏེ། ། མི་ལ་ཡ་ཡི་འོག་གོས་ལ། ། གི་ཝང་དག་ གིས་བྲིས་བྱས་ཏེ། ། འོག་ནས་འབྱུང་བའི་གསང་སྔགས་དང་། ། གང་བྱ་སྤེལ་ལ་བྲིས་བྱས་ལ། ། རཀྟ་དག་གི་ཁ་ཆུས་བྲན། ། ཐུབ་པ་དྲུག་གི་སྙིང་པོ་བྲི། ། གསང་བའི་སྔགས་འདི་དྲག་ཏུ་བརྗོད། ། ཨོྃ་ཧྭིཥྚྲྀ་ཀྲོ་དྷ་བི་ཀྲི་ཏ། ཧྲིཥྚྲྀ་ཀྲོ་དྷི་མ་ར་ཏ། པྲ་སང་ཧེ་ཏེ་བ་མུ་ཀ ། ཧེ་ཧང་ཧེ་ཧང་། ཀཱ་ལ་རཱུ་པ་ཧུྃ་ཧུྃ་ཕཊ་ཕཊ་ཨ། དེ་སྐད་གསུང་གི་སྒྲ་བསྒྲགས་པས། ། དགྲ་དང་བགེགས་དང་མུ་སྟེགས་དང་། ། བདུད་དང་སྲིན་པོ་མ་ལུས་རྣམས། ། གཟིར་ཅིང་གནོན་པ་དྲག་ཏུ་བྱ། ། མི་མཐུན་ཕྱོགས་ཀྱི་འབྱུང་པོ་དེ། ། གདུལ་བར་བྱ་བའི་དོན་ཆེད་དུ། ། ཁྲོ་བོའི་སྐུ་རུ་བསྒོམ་བྱས་ཏེ། ། ཐམས་ཅད་བསྒྲལ་བར་བྱ་བ་ཡི། ། རང་བཞིན་གྲུབ་པ་འདི་གསུངས་སོ། ། ཨོྃ་པྲ་མཱ་རྟེ་ན། ན་མོ་བཛྲ་བཛྲ་ཀི་མོ་ན་ཏ། ཨ་ཧང་པྲ་ཁུ་མ་ཁུམ་མོ་མུ་སྟི་སྭཱ་ཧཱ།
BO
དེ་སྐད་ཅེས་ནི་གསུངས་པ་ཡིས། ། རང་བཞིན་གྱིས་ནི་དབང་དུ་འགྱུར། ། བདུད་ རྣམས་དག་ནི་ཁྲོ་ཞིང་གཏུམ། ། སྲིན་པོ་དག་ནི་འཇིགས་ཤིང་རྔམ། ། མུ་སྟེགས་ལོག་འདྲེན་རྒོལ་བར་བྱེད། ། དེ་དག་གདུལ་བར་བྱ་བའི་ཕྱིར། ། ཕྲིན་ལས་དམ་པ་འདི་བརྩམས་སོ། ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། ། དབུས་ཀྱི་ཕོ་བྲང་ལྟེ་བ་ལ། ། བདུད་རྣམས་ འདུལ་བའི་སྙིང་པོ་བྲི། ། ཤར་གྱི་འཁོར་ལོའི་རྩིབས་སྟེངས་སུ། ། དྲི་ཟ་དབང་བསྡུའི་སྙིང་པོ་བྲི། ། ལྷོ་ཡི་ཕྱོགས་ཀྱི་འཁོར་ལོ་ལ། ། མུ་སྟེགས་སྒྲོལ་བའི་སྙིང་པོ་བྲི། ། ནུབ་ཀྱི་ཕྱོགས་ཀྱི་འཁོར་ལོ་ལ། ། ཀླུ་རྣམས་ཚར་གཅོད་སྙིང་པོ་བྲི། ། བྱང་གི་ཕྱོགས་ ཀྱི་འཁོར་ལོ་ལ། ། གནོད་སྦྱིན་ཚོགས་རྣམས་དབང་སྡུད་བྲི། ། ཧུྃ་བི་གྷ་ནན། ཧུྃ་རཀྴ་ནན། ཨོྃ་ཏིར་ཏི་ཀ་ནན། ཨོྃ་མར་ནན་ན། མཚམས་ཀྱི་དཀྱིལ་འཁོར་ལྟེ་དབུས་སུ། ། མཚམས་ཀྱི་བགེགས་གནོན་སྙིང་པོ་བྲི། ། ཧུྃ་དྷ་ཧུྃ་པཱཿ ཧུྃ་ལཱ། ཧུ་སྭཱ། གྲུ་ཆད་རྣམ་པ་ བཞི་པོ་ལ། ། ཐོད་པ་རློན་པ་བྲི་བར་བྱ། ། མུ་ཁྱུད་ཐོད་པའི་ཕྲེང་བ་གཏང་། ། ཕྱི་རོལ་སྦྲུལ་གྱིས་ཡོངས་སུ་དགང་། ། དེ་ལྟར་དཀྱིལ་འཁོར་ཟིན་པ་དང་། །
BO
རྣམ་པར་འཚེ་བའི་གཟུགས་རྣམས་ཀུན། ། ཁམ་པ་རྫ་ཡི་གའུ་ལ། ། གཟུགས་སུ་ཡོངས་སུ་བྲི་བྱ་སྟེ། ། དབུས་སུ་ཡོངས་སུ་གཞག་པར་བྱ། ། ཁ་དོག་དམར་པོས་བཅིངས་ནས་ནི། ། རྩེ་གཅིག་ཕྱག་རྒྱ་བཅས་བྱས་ལ། ། གསང་སྔགས་འདི་ཡང་འབུམ་ཁྲི་བརྗོད། ། ཨོྃ་པྲ་མ་རྟ་ན་མོ་ཧ་སྲ་བཛྲ་ཛ་ཀི་མོ་ན་དྷ་ཨ་ཧང་པྲ་ཁུ་མ་མོ་ཐ་ཐ་སྭཱ་ཧཱ། ན་མོ་དོ་གི་ཁ་དྷ་མུ་པྲ་པ་ཐ་བྱི་ཐ་ ཨུ་སྟེ་ནི་ནན་སརྦ་ཏ་ཏ་ན་ཕཊ། ཕྱག་རྒྱ་དེ་དང་བཅས་པས་བརྡེག ། ཞག་གསུམ་བཟླས་པ་བྱས་ན་ནི། ། བགེགས་དང་ལོག་འདྲེན་དབང་དུ་འདུས། ། གཞན་ཡང་དེ་བཞིན་བཞུགས་པའི་ཁྲོ། ། དཀར་དང་དམར་དང་སེར་བ་དང་། ། སྨུག་ནག་ལྗང་ནག་ཁམ་པ་དང་། ། སོ་སོའི་ཆ་ལུགས་རྔམ་པའི་གཟུགས། ། མགོན་པོ་གཤིན་རྗེ་ནག་པོ་ཡིས། ། བགེགས་དང་ལོག་འདྲེན་གཟིར་ཅིང་གནོན། ། རྔམ་པའི་ཞལ་དུ་འདི་བསྟབས་སོ། ། ཨོྃ་ཆེ་གེ་མོ་ཁ་རམ་ཁཱ་ཧི། ཨོྃ་ཧྲིཥྚྲྀ་ཆེ་གེ་མོ་ཁ་རམ་ཁཱ་ཧི། ཨོྃ་ཀཱ་ལ་རཱུ་པ་ཆེ་གེ་མོ་ཁ་རམ་ཁཱ་ཧི། ། ཧུྃ་ཧུྃ་ ཕཊ་ཕཊ་ཨ། ། ཉིན་ཞག་གསུམ་གྱི་བར་དུ་བཟླས། ། དེ་ནས་ཕྱག་རྒྱ་གསུམ་བཅས་ཏེ། ། ཡང་ནས་ཡང་དུ་གཟིར་ཅིང་གནོན། ། ཕྱག་རྒྱ་དེ་དང་གསང་སྔགས་འདིས། །
BO
ལན་གྲངས་སྟོང་རྩ་གཅིག་ཏུ་བརྡེག ། ཨོྃ་ཧྲིཥྚྲྀ་བཛྲ་ཡ་ཡ་ན་པརྣ་སུ་པུཏྟ་ཧུྃ་ཧུྃ་ཕཊ་ཕཊ་ཨ། ། ལས་དང་ རྫས་དང་སྔགས་དང་ནི། ། ཕྱག་རྒྱ་བརྩོན་འགྲུས་མ་ཡེངས་པར། ། འབུམ་མམ་གྲངས་ནི་ཅི་མང་དུ། ། ཡང་ནས་ཡང་དུ་ནན་ཏན་བྱ། ། ཞེས་བཅོམ་ལྡན་འདས་འཇམ་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས་རབ་ཏུ་གསུངས་སོ། ། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་ལོག་ འདྲེན་མཐར་བྱེད་ཀྱིས་མནན་པའི་ལེའུ་སྟེ་དགུ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་བདག་ཉིད་དེས་མཐར་བྱེད་འབྱུང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། ། གནོད་སྦྱིན་མཐར་བྱེད་ཕྲིན་ལས་འདི། ། དཀྱིལ་འཁོར་སྔ་མ་བཞིན་ བྲིས་ལ། ། བཟླས་པའི་སྙིང་པོ་བྲི་བར་བྱ། ། ཡ་སྟེ་སྐྱེད་པ་མེ་སྟེ་སྲེག ། ཏོས་ལ་སྙིང་རྗེ་རུ་ལ་ཆགས། ། ནྫ་ནི་འབྱུང་བྱེད་ཡབ་ཀྱི་གསང་། ། ཡོ་ལ་ཀུན་འབྱུང་ཏ་ལ་བསྡུ། ། བདག་ཉིད་ལས་ཀྱི་མཐར་བྱེད་སྐུ། ། ཡབ་ཡུམ་གཉིས་མེད་རོལ་པ་ལས། ། བྱང་ཆུབ་སེམས་ཀྱི་འོད་ཟེར་ འཕྲོ། ། འཛུམ་དང་བཅས་པས་ཡུལ་ལ་འབུལ། ། བྱང་ཆུབ་བླ་མེད་སངས་རྒྱས་ལ། ། མཆོད་ཅིང་ཅི་ལྟར་མཛད་པ་ལྟར། ། བདག་ཀྱང་རབ་ཏུ་བསྒྲལ་སླད་དུ།
BO
། ཏིང་འཛིན་འདུ་བ་ནམ་མཁའ་འདྲ། ། ཞེས་གསུངས་པས་ཕྱོགས་བཅུའི་གདུག་པ་ཅན་ཐམས་ཅད་སྤ་གོང་སྟེ་བྲེད་ ནས་མྱོས་པར་གྱུར་ཏེ། དཔེར་ན་མི་ར་རོ་བ་བཞིན་ནོ། ། དེ་ནས་ནན་ཏན་གྱི་ཕྲིན་ལས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། ། གདུག་པ་མ་ལུས་འདུལ་མཛད་པ། ། ཁྲོ་བོ་ཆེན་པོ་ཧཱུྃ་སྒྲ་ཅན། ། ལས་རྣམས་མཐར་བྱེད་ཕྲིན་ལས་སྐུ། ། གནོད་སྦྱིན་སྡང་སེམས་ལྡན་པ་ཀུན། ། བར་ཆད་བྱ་བར་སེམས་པ་སྟེ། ། དེ་དག་ཟིལ་གྱིས་གནོན་པའི་ཕྱིར། ། སྐུ་མདོག་ནག་པོ་ཆེན་པོ་སྟེ། ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། ། ཐོད་པ་ཚར་གསུམ་དབུ་རྒྱན་ཅན། ། ཕྱག་གཡས་ཞིང་ཆེན་གཡོན་བྷན་དྷ། ། སྤྱན་གསུམ་ མཆེ་གཙིགས་ཞབས་ཀྱང་བརྐྱང་བསྐུམ་སྟེ། ། མི་མཐུན་བགེགས་དང་སྡང་བའི་དགྲ། ། མ་ལུས་དབང་སྡུད་ཕྲིན་ལས་མཆོག་གི་སྐུ། ། མི་སྡུག་ཚུལ་འཆང་དྲེགས་པའི་ཁྱོ་ཤུག་ལྡན། ། ཞིང་ཆེན་གཡང་གཞི་རྒྱན་དུ་བྱས། ། ཞེ་སྡང་དབང་སྡུད་སྟག་གི་ཤམ་ཐབས་ ཅན། ། ཉོན་མོངས་དབང་སྡུད་གླང་ཆེན་ཀོ་རློན་ཅན། ། འདྲེན་པའི་ཁྲོ་རྒྱལ་གདུག་འདུལ་དམ་པ་འདི། ། དུས་ངན་ཐ་མའི་སེམས་ཅན་འདུལ་དཀའ་བ། །
BO
ཉོན་མོངས་དབང་སྡུད་དཔལ་གྱི་ཞལ་དུ་སྟོབས། ། འགྲོ་བ་མ་ལུས་ཐུགས་རྗེས་དབྱིངས་ལ་དགོད། ། ཞེ་སྡང་ཤུགས་འཆང་ཁྲོ་བོའི་གཙོ། ། གདུག་པར་གྱུར་པའི་དགྲ་བགེགས་འདུལ་མཛད་པ། ། ང་རྒྱལ་ལ་སོགས་རྟག་ཏུ་དུག་གསུམ་སྐུ། ། ཡེ་ཤེས་ངང་ལས་ཐམས་ཅད་རྫོགས་པར་མཛོད། ། ཨོྃ་བཛྲ་ཧྲིཥྚཱྀ་བི་ཀྲི་ཏཱ་ནན། ཏ་ཐཱ་ག་ཏ་ཡ་མ་ར་ཙ་ཧཱུྃ་ཕཊ་ཨ། ཞེས་ པའི་སྔགས་དང་བཅས་ལ་བདག་ཉིད་ལས་མཐར་བྱེད་ཀྱི་སྐུར་བསྒོམས་ལ་ཕྲིན་ལས་བཅོལ་ཞིང་གནོན་པ་དྲག་ཏུ་བཟླས་པའི་སྙིང་པོ་བཟླས་སོ། ། དེའི་དུས་སུ་སྦྱིན་སྲེག་བྱེད་ན་ཕྲིན་ལས་བརྩམ་པར་བྱ་སྟེ། ། མེ་ཐབ་ཨེ་ཡི་དབྱིབས་འདྲ་ལ། ། བང་རིམ་སུམ་ བརྩེགས་ཁ་ཁྱེར་ཅན། ། ངོས་ལ་མེ་ཡི་ཕྲེང་བ་གཏང་། ། ཁ་ཁྱེར་རྡོ་རྗེ་ར་བ་ལ། ། མུ་རན་ཐོད་པའི་ཕྲེང་བ་སྟེ། ། མེ་སྟེ་བསྲེག་བྱ་འཆང་ཞེས་པ། ། ཁ་དོག་ནག་པོ་ཤིན་ཏུ་རིད། ། ཕྱག་ན་ཞུགས་གླིང་བགྲད་ཕྲེང་དང་། ། བེ་ཅོན་རིལ་བ་ཐོགས་པ་སྟེ། ། ཚུལ་བཞིན་ སྤྱན་དྲངས་གདན་བཞུགས་བསྟོད། ། དབང་དང་ཕྱག་ཚང་གཤེགས་པ་རྣམས། ། གང་ལྟར་འཚམ་པ་བཞིན་དུ་བྱ། ། གཉིས་འོག་རང་བཞིན་ཡ་མའི་སྐུ། ། གཉིས་མེད་སྤྱན་དྲངས་བཞུགས་ལ་བཅོལ། །
BO
སྦྱིན་སྲེག་ཕྲིན་ལས་ཟིན་པ་དང་། ། བཅོལ་བསྐུལ་དག་ཀྱང་ རབ་ཏུ་བྱ། ། རྫས་ནི་དུག་དང་ལན་ཚྭ་དང་། ། སྐེ་ཚེ་སྦྲང་རྩི་ཡུངས་ནག་དང་། ། གུ་གུལ་ནག་པོ་ལ་སོགས་པའི། ། ལྕགས་འདྲའི་རྫས་ལ་རབ་ཏུ་བསྔགས། ། བདག་ཉིད་ལྷ་ཡི་སྐུར་བསྒོམས་ལ། ། དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཡི། ། སྔགས་འདི་རབ་ཏུ་རྩེ་གཅིག་ བཟླས། ། ཨོྃ་ཧཱུྃ་ཡ་ཁང་མེ་ཏྲ་ཧ་མུ་ཁ་ཧྲི་ཥྚྲྀ་ཡ་མ་ར་ཙ་ཕཊ་ཧུྃ། ཕྱག་རྒྱ་ཟིལ་གནོན་ཕྱག་རྒྱ་བཅའ། ། དཀྱིལ་འཁོར་བསྐོར་ཞིང་གསང་སྔགས་བཟླས། ། བདག་ཉིད་ནུབ་ཀྱི་ཕྱོགས་འདུག་སྟེ། ། ལས་ཀྱི་མཐར་བྱེད་སྐུར་བསྒོམས་ལ། ། གསང་སྔགས་མི་བུལ་མི་དྲག་ པར། ། བཟླས་ན་མྱུར་དུ་འགྲུབ་པ་ནི། ། ཡིད་འཁྲུགས་མྱོས་ནས་དབང་མེད་འགྱེལ་བ་དང་། ། རབ་ཏུ་བརྒྱལ་ནས་ཐལ་བར་འཇིག་པ་དང་། ། དེ་རྣམས་མི་འགྲུབ་པ་རུ་ངེས་མ་བཤད། ། ཅེས་བཅོམ་ལྡན་འདས་དོན་ཡོད་པའི་ཁྲོ་བོས་གསུངས་སོ། ། འཕགས་པ་ ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། གནོད་སྦྱིན་མཐར་བྱེད་ཀྱིས་གནོན་པའི་ལེའུ་སྟེ་བཅུ་པའོ། ། ། ། དེ་ནས་ཡང་འཇམ་དཔལ་གཤིན་རྗེ་གཤེད་ཆེན་པོས་མཐར་བྱེད་འབྱུང་བ་འདི་སྐུ་དང་གསུང་དང་ཐུགས་ལས་ཕྱུང་ངོ་། །
BO
སྲིན་པོ་མཐར་བྱེད་ ཕྲིན་ལས་འདི། ། དཀྱིལ་འཁོར་བསྒོམ་པ་བྱ་བར་བསྟན། ། ཡ་སྟེ་རྒྱུ་ལ་ཏ་སྟེ་རྐྱེན། ། ཡོ་ནི་ཀུན་དུ་བསྐུལ་བ་ལ། ། ནི་ནི་སྡུད་པའི་དོན་ཡིན་ཏེ། ། རི་ཞེས་བྱ་བ་ལྷུན་སྟུག་པ། ། ཡ་ལ་འདུས་ཏེ་ཀྵེ་ལ་ཐིམ། ། བདག་ཉིད་ཆིངས་ཞེས་བྱ་བའི་སྐུ། ། དབུ་གསུམ་ པོ་ལ་ཕྱག་དྲུག་སྟེ། ། གཡས་དཀར་གཡོན་དམར་དབུས་སེར་ནག ། ཕྱག་དྲུག་ཕྱག་མཚན་བསྣམས་པ་ནི། ། གཡས་པ་བ་སུ་ཏ་ཡི་ཞགས། ། གཡས་པར་གསལ་ཤིང་ཐ་མ་ལྕགས་ཀྱུའོ། ། གཡོན་གྱི་དང་པོ་ཆུ་སྲིན་བར་མ་ཀ་ཏ་རི། ། ཐ་མ་རྡོ་རྗེ་རྒྱ་གྲམ་ བསྣམས་པའོ། ། སྐུ་སྟོད་གླང་ཆེན་ཀོ་རློན་ལ། ། སྐུ་སྨད་སྟག་གི་ཤམ་ཐབས་ཏེ། ། ཞིང་ཆེན་གཡང་གཞིས་སྐུ་ལ་བརྒྱན། ། གཞན་ཡང་དུར་ཁྲོད་རྒྱན་མཆོག་རྣམས། ། མ་ལུས་སྐུ་ལ་རྫོགས་པ་ལ། ། བསྐུལ་བའི་དབྱངས་འདི་བླང་བར་བྱ། ། མི་ཤིགས་རྡོ་རྗེ་གར་ གྱི་བདག ། རྡོ་རྗེ་གསང་བའི་གཤིན་རྗེ་སྟེ། ། ཕྲིན་ལས་རྒྱལ་པོ་གྲུབ་པའི་ལས། ། ཨོྃ་དང་ཨྃ་དང་ཧཱུྃ་ཞེས་པ། ། ཨོྃ་ནི་དཔྲལ་བའི་སྟེང་དུ་དམིགས། ། ཨྃ་ནི་ལྕེ་ཡི་སྟེང་དུ་ལ། ། ཧཱུྃ་ནི་ཐུགས་ཀ་ཉིད་དུའོ། ། དེ་ལས་འོད་ཟེར་རབ་སྤྲོས་ཏེ། ། བདག་ལུས་ནམ་ མཁའ་ལྟ་བུར་གྱུར། །
BO
ཕཊ་ཅེས་བྱ་བ་རབ་བརྗོད་པས། ། འཇིག་རྟེན་ཁམས་རྣམས་འོད་ཀྱིས་ཁེབས། ། དེ་ཉིད་སྲེག་པ་མ་ཡིན་ཏེ། ། ཡིད་ཀྱི་ཡེ་ཤེས་མེ་འབར་བ། ། གཅིག་གི་སྟོང་ཉིད་གང་ཡིན་པ། ། ཀུན་གྱི་སྟོང་པ་དེ་ཡིན་ནོ། ། ཇི་ལྟར་མཁའ་ལ་མཚོན་སྣང་ བ། ། ནམ་མཁའ་ཉིད་ལས་བྱུང་བ་ལྟར། ། སྔགས་ཀྱི་འཕྲོ་འདུ་བཏང་བ་ཡང་། ། སེམས་ལས་བྱུང་བ་ནམ་མཁའ་ལ། ། རྣམ་ཤེས་སྟོང་པའི་ངང་ལ་འདུ། ། བདག་ཉིད་ཆོས་ཀྱི་སྐུར་བསྒོམས་ལ། ། ཞེ་སྡང་འཕྲོ་འདུ་མང་བྱས་ལ། ། བསྐྱེད་པའི་ སྔགས་ནི་དྲག་ཏུ་བཟླས། ། ཨོྃ་མ་ཧཱ་དཾ་ཥྚོ་ཏ་ཀ་པེ་ར་ཨ་ར་ནེ་ཙ་ན་ཀ་ཏ་ཁཻ་ཆེ་གེ་མོ་ལ་དུས་ཞེས་པ་དང་། སྔགས་གོང་ནས་འབྱུང་བ་དང་། སྤེལ་ཏེ་ལས་བྱས་ན་གདོན་མི་ཟའོ་ཞེས་གཤིན་རྗེ་ཁྲོ་བོའི་རྒྱལ་པོས་གསུངས་སོ། ། འཕགས་པ་ལས་བཞི་འཁོར་ ལོ་གསང་བའི་རྒྱུད་ལས་ཀླུ་མཐར་བྱེད་ཀྱིས་གནོན་པའི་ཐབས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་ཡང་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱིས་མཐར་བྱེད་འབྱུང་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། ། ཡ་མ་མཐར་བྱེད་ ཕྲིན་ལས་ནི། ། དཀྱིལ་འཁོར་སྔ་མ་འདྲ་བར་དམིགས། ། བཟླས་པའི་སྙིང་པོ་འདི་ཡང་བྲི། །
BO
ཡ་སྟེ་འབྱུང་བྱེད་ཀྵེ་ཡིས་སྲེག ། ཡ་ནི་ཡང་དག་ཙ་ནི་སྐེམས། ། ནི་ཞེས་པ་ནི་ཁུག་ཅིག་པའོ། ། ར་ཞེས་བྱ་བ་བསྒྲལ་བ་ལ། ། མ་ལས་སྐྱེས་བྱེད་སླར་སྡུད་པའོ། ། བདག་ ཉིད་ཡ་མ་མཐར་བྱེད་སྐུ། ། སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། ། སྐུ་ལ་ཐོད་པ་ཕྱེད་ཚལ་བརྒྱན། ། དབུ་ཡི་སྐྲ་ནི་ཁམ་ནག་ལ། ། རལ་པ་གྱེན་དུ་འཁྱིལ་བ་སྟེ། ། ཕྱག་གཡས་ཆུ་སྲིན་དབྱུག་ཏོ་འཕྱར། ། གཡོན་པ་ཕྱག་ན་ཞིང་ཆེན་ཟ་བའོ། ། སྐུ་ སྟོད་གླང་ཆེན་ཀོ་རློན་ལ། ། སྐུ་སྨད་སྟག་གི་ཤམ་ཐབས་ཅན། ། དུར་ཁྲོད་མེ་དབུས་བཞུགས་པ་ལ། ། ཡུམ་ཡང་དེ་དང་འདྲ་བར་བསྒོམ། ། བཟླས་པའི་ཏིང་འཛིན་མེ་འདྲ་ལ། ། བཟླས་བརྗོད་རླུང་འདྲ་གཡོ་ཞིང་བསྐྱོད། ། ལྕེ་ལ་ཉི་མའི་དཀྱིལ་འཁོར་ལ། ། སྟེང་དུ་བཟླས་ པའི་སྙིང་པོ་དགོད། ། ཐ་མ་དབྱངས་དང་བཅས་པ་ལ། ། ཧྲིཥྚྲྀ་སྔགས་ཀྱི་ཕྲེང་བ་གདབ། ། ཕར་འཕྲོས་རྣམ་ཤེས་འགུགས་པར་བསམ། ། ཚུར་བསྡུས་གཤིན་རྗེ་ཉིད་ལ་ཐིམ། ། འཕྲོ་འདུ་བཟླས་པ་དེ་དག་ཀུན། ། གོང་དུ་བཤད་པ་དག་ལ་ཡང་། ། དེ་དག་རབ་ཏུ་སྦྱར་ ཞེས་བཤད། ། དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་ཁྲོ་བོས་བསྐུལ་བ་འདི་གསུངས་སོ། ། ཨོྃ་ཡ་མ་ལས་ཀུན་འཇིགས་པར་བྱེད་པ་ནི།
BO
། ཐམས་ཅད་དབང་སྡུད་ཡ་མ་མཐར་བྱེད་སྐུ། ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། ། ཞབས་གཉིས་དོར་ཐབས་ཀླུ་རྒྱལ་གནོན། ། སྐུ་ལ་སྦྲུལ་ནག་སྟོང་གིས་བརྒྱན་པ་ནི། ། བགེགས་རྣམས་འདུལ་ཞིང་རྟག་ཏུ་འཆི་བར་མཛད། ། སྐུ་ལ་ཐོད་པའི་ཕྱེད་ཚལ་བརྒྱན་པ་ནི། ། འགྲོ་བ་ཐུགས་རྗེ་ཕྱོགས་གཅིག་དགོངས་པའི་རྟགས། ། དབུ་སྐྲ་རལ་པ་གྱེན་དུ་འཁྱིལ་བ་ནི། ། སྲིད་གསུམ་མ་ལུས་དབང་དུ་སྡུད་པའི་རྟགས། ། ཕྱག་གཡས་ཆུ་སྲིན་དབྱུག་ཏོ་བསྣམས་པ་ནི། ། དགྲ་བགེགས་འཇིགས་པ་ཆེ་ལས་སྒྲོལ་བའི་རྟགས། ། གཡོན་པ་ཞིང་དབྱུག་ཕྱག་ན་བསྣམས་པ་ནི། ། ཐུགས་རྗེས་སེམས་ཅན་མྱ་ངན་ལམ་ལ་འཇོག ། ཀོ་རློན་གཡང་གཞིས་སྐུ་ལ་བརྒྱན་པ་ནི། ། དུག་ལྔ་མ་སྤངས་ གནས་སུ་དག་པའི་རྟགས། ། སྟག་གི་གཡང་གཞིས་སྐུ་ལ་བརྒྱན་པ་ནི། ། དུག་གསུམ་གནས་སུ་བསྒྲལ་ནས་ཆོས་ཀྱི་སྐུ། ། སྐྱེ་མེད་དང་ལས་གཡོ་བསྐྱོད་མི་མངའ་ཡང་། ། ཞེ་སྡང་ཕྲིན་ལས་བྱ་བའི་དུས་ལ་བབ། ། ཨོྃ་ཧྲིཥྚྲྀ་ཡ་མ་ར་ཙ་སརྦ་མ་ར་ཡ་ནན་ཛ་ས་མ་ཡ། ཞེས་བརྗོད་ཅིང་ཞེ་སྡང་དང་ལྡན་པར་ཏིང་ངེ་འཛིན་གྱིས་བཟླས་པ་དང་སྦྱར་ཏེ་ལས་བྱས་ན་གདོན་མི་ཟའོ། །
BO
དེ་དག་ནི་འདི་འོས་པ་ཙམ་གྱིས་མ་ཡིན་ཏེ་ཡང་དང་ཡང་དུ་འདྲིས་པར་བྱས་ལ་ནན་ཏན་གྱིས་མ་བྱས་ན་འཕྲལ་དུ་ཕྲ་མོ་ཙམ་གྱིས་འགྲུབ་པ་མ་ཡིན་ནོ། ། འཕགས་ པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་ཡ་མ་མཐར་བྱེད་ཀྱིས་གནོན་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་ཡང་ལས་ཕྲན་ཚེགས་བསྒྲུབ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། ། ཟླ་བ་འདྲ་བའི་དཀྱིལ་འཁོར་ལ། ། པདྨ་འམ་འཁོར་ལོ་གང་ཡང་རུང་། ། ཡང་ན་རིན་ཆེན་དྲ་བ་ལ། ། དྲ་མིག་རྣམས་ནི་འདུག་པར་གནས། ། རིན་ཆེན་ཕུར་བུ་ནང་དུ་བལྟས། ། དེ་རུ་བྲི་འམ་གཟུགས་པར་བྱ། ། ཐ་མ་སྦྲུལ་གྱི་ཞགས་པས་བསྐོར། ། དཀྱིལ་འཁོར་དེ་ཡི་དབུས་སུ་ནི། ། ཁྲུ་གང་ཐུར་ དུ་བརྐོས་བྱས་ལ། ། གའུ་ཁ་སྦྱར་ནང་དུ་ནི། ། ཡུངས་ཀར་བླུགས་ལ་བཟླས་པ་བྱ། ། རྟགས་ལ་མ་ཡེངས་འཕྲོ་འདུ་ཡིས། ། རྒྱུན་མི་འཆད་པར་བསྒྲུབ་པར་བྱ། ། ཨོྃ་བཛྲ་ཀཱ་ལ་ད་དུ་ཁ་ལ། པྲ་མ་རྟ་ན་ཧཱུྃ་ཕཊ། སླེ་ཁ་སླེ་ཁ་ཕཊ་ཕཊ་ཅེས་བཟླས་ ལ། ། བདག་ཉིད་ཡ་མཱན་ཏ་ཀར་བསྒོམས་ལ། སྔགས་ནི་ནུས་ཚད་དུ་བཟླས་ན་འགྲུབ་ངེས་སོ། ། ཡུངས་ཀར་རྒྱལ་པོ་བསྒྲུབ་པའོ། ། དེ་ནས་འཁོར་ཁྲོ་བོ་ལ་སོགས་པས།
BO
བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མའོ་ དབྱིངས་ལས་བྱུང་བ་དང་། མཁའ་ལ་རྒྱུ་དང་ས་ལ་དབང་བ་གསུམ་གྱིས་བསྐུལ་བའི་དབྱངས་འདི་བདག་ཅག་ལེན་ལགས་སོ། ། ཡེ་ཤེས་མཁའ་ལྡན་མ་མོའི་དཔལ། ། གཟི་བརྗིད་འབར་བའི་ཕྲིན་ལས་ཅན། ། དཔལ་གྱི་ཕྱག་བརྙན་རཀྟའི་དྲི་སྣོམ་ མ། ། མ་མོ་ཁྱོད་ནི་ཀུན་གྱི་གཙོ་མོ་དཔག་ཚད་བརྒྱད་ཁྲིར་རྒྱུག ། བུད་མེད་ལུས་ལ་འཇིགས་བྱེད་ཚུལ་འཆང་བ། ། ཁ་ནས་མེ་འབར་རྒྱ་མཚོའི་གཏིང་ནས་སྐེམས། ། མིག་ནས་ཞག་འཛག་རི་རབ་ཐལ་བར་རློག ། སྐད་ཅིག་ཙམ་ལ་སྟོང་ཁམས་དབང་དུ་སྡུད། ། འཇིག་ རྟེན་ལྷ་ཆེན་བརྒྱད་ཀྱང་འདར་ཡེད་ཡེད། ། ཆེ་གེ་མོ་ཞིག་དབང་དུ་སྡུད་པར་བྱེད། ། བུད་མེད་གཟུགས་ཅན་དུས་ལ་བབ། ། ཆེ་གེ་མོ་ཨོྃ་ཏྲག་རགྴ། ཧྲི་ཥྚྲྀ་ཡ་མ་མམ་ནན་ཞེས་བསྐུལ་བ་ནི་དབྱིངས་ཀྱི་མ་མོའོ། ། ནམ་མཁའི་གཏིང་དཔག་ཡངས་ལ་གནས་བཅས་ཤིང་། ། བར་ སྣང་ཁམས་ལ་རྒྱུ་བའི་ཚོགས། ། ཁམས་གསུམ་ཐམས་ཅད་དབང་དུ་སྡུད། ། ལྕགས་ཀྱི་བྱ་ཁྲ་ལྟ་བུ་ནི། ། མ་མོ་རྣམས་ཀྱི་མཆོག་ཀྱང་ཡིན། ། ཁ་འབར་སྟོང་གི་གཙོ་མོ་སྟེ། ། འཇིགས་བྱེད་རྣམས་ཀྱི་དབང་བྱེད་མ། ། སྲིད་གསུམ་དབང་དུ་སྡུད་པ་མོ། །
BO
གཟིགས་པའི་ གོ་འཕང་ནམ་མཁའ་འདྲ། ། གཤེགས་ཤིང་བཞུགས་པ་གློག་པས་མགྱོགས། ། གཡས་ཀྱི་གཤོག་པ་བརྡབས་པ་ཡིས། ། བདུད་དང་སྲིན་པོ་རྡུལ་དུ་རློག ། གཡོན་གྱི་གཤོག་པ་བརྡབས་པ་ཡིས། ། དགྲ་བགེགས་འབྱུང་པོ་དབང་དུ་སྡུད། དམ་ཚིག་ཅན་གྱི་ དུས་ལ་བབ། ། ཨོྃ་མ་ར་ཏྲག་རགྴ། ཏྲི་ཡོ་ཡ་མ་ར་ཙ་ཀ་ཀ་རུ་བ་ཧྲིཥྚྲྀ་ཛ་ཞེས་བསྐུལ་བ་ནི་མཁའ་ལྡིང་གི་ཚོགས་སོ། ། ཡ་མ་ན་སྟེ་གྲུབ་པ་མོ། ། ལ་ལ་ལག་ན་རྒྱུ་ཞགས་འཆང་། ། ལ་ལ་ལག་ན་ཐོད་ཕྲེང་འཛིན། ། ལ་ལ་ཞིང་ཆུང་བ་སུ་འདྲེན། ། ལ་ལ་མེ་ཁྱེར་རྒྱ་མཚོ་ སྐེམས། ། ལ་ལ་འགུགས་བྱེད་ཉམས་པ་འཛིན། ། ལ་ལ་སྦྲུལ་ནག་ཞགས་པ་འཛིན། ། ལ་ལ་ཕོ་ཉ་འགུགས་ཤིང་འདྲེན། ། སྔགས་པས་བོས་ཤིང་གདུངས་པའི་ཚེ། ། དམ་ཚིག་དུས་ལ་བབ་པོ་ས་མ་ཡ། ། སྡང་བར་སེམས་པའི་སྙིང་ནས་དྲོངས། ། བརྩེ་བའི་ཚོགས་ ཀྱི་དུས་ལ་བབ། ། ཨོྃ་ཀ་ཧ་ཏྲག་རཀྴ། རཏྣ་ཀ་ལ་ཧྲིཥྚྲྀཾ་སྭཱ་ཧཱ། ཞེས་སྤྱན་དྲངས་ཞིང་བསྐུལ་བ་ནི་གཏེར་བདག་གི་ཚོགས་སོ། ། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱིས་འདི་སྐད་ཅེས་གསུངས་སོ། ། རྒྱུད་ཀྱི་རྒྱལ་པོ་ལས་བཞི་འཁོར་ལོ་འདི། དུས་ ཕྱི་མ་ལ་རྣལ་འབྱོར་པ་གང་ཞིག་བསྒྲུབ་པའི་ལས་བྱེད་ན།
BO
ང་ཡང་ཐུགས་དམ་ལས་མི་གཡེལ་ལ། འཁོར་ཁྲོ་བོ་དང་། ཁྲོ་མོ་ལ་སོགས་པས་ཀྱང་། ངའི་ཐུགས་དམ་རྗེས་སུ་བསྒྲུབ་པར་མཛད་པས ། དུས་ཐ་མ་ལ་དམ་པའི་ཆོས་འདི་རྣལ་འབྱོར་པའི་སྐུ་ ལ་བསྔོ་བ་ལ་སོགས་པ་ལ་དམ་ཚིག་འབྱུང་བར་ཞལ་གྱིས་བཞེས་སོ། ། དེ་ནས་འཁོར་རྣམས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཤིན་རྗེས། དུས་ཐ་མ་ལ་འབྱུང་བར་ཞལ་གྱིས་བཞེས་པ་ལ་དགའ་ནས། ཡི་རངས་ཏེ་མངོན་པར་བསྟོད་དོ། ། འཕགས་ པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། མཇུག་བསྐུལ་བ་དང་གནང་བའི་ལེའུ་སྟེ་བཅུ་གསུམ་པའོ། ། ། ། འཕགས་པ་ལས་བཞི་འཁོར་ལོ་གསང་བ་ཆེན་པོ་རྩ་བའི་རྒྱུད་རྫོགས་{སྷོ,སོ}། ། ། ། དེ་ནས་འཁོར་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་རྣམས་ཀྱིས། ངག་ མཐུན་པས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མའོ་བཅོམ་ལྡན་ཁྲོ་རྒྱལ་གཙོ། ། ལས་བཞི་འཁོར་ལོའི་རྒྱུད་འདི་ལ། ། ངོ་མཚར་རྨད་བྱུང་བསྟན་པ་ལ། ། བདག་ཅག་ཐེ་ཚོམ་འཚལ་བ་རྣམས། ། བདེར་གཤེགས་གསུང་ གི་ངོ་བོ་ཡིས། ། ཞུ་བའི་དམིགས་རྣམས་བཤད་དུ་གསོལ། ། འཕགས་པ་ཞེས་བགྱི་ཇི་ལྟར་ལགས། ། ལས་བཞི་ཞེས་བགྱི་ཇི་ལྟར་ལགས། ། འཁོར་ལོ་ཞེས་བགྱི་ཇི་ལྟར་ལགས། །
BO
གསང་བ་ཞེས་བགྱི་ཇི་ལྟར་ལགས། ། རྒྱུད་ཅེས་བགྱི་བ་ཇི་ལྟར་ལགས། ། རྣམ་དག་ དབྱིངས་ལས་བཞེངས་ནས་ནི། ། ཞུ་བའི་དམིགས་རྣམས་བཤད་པར་མཛོད། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་གཞན་ལ་གདུག་པར་མཛད་པ་ཡིས། ཚངས་པའི་དབྱངས་ཀྱིས་གསུང་ཕྱུང་སྟེ། འདི་སྐད་འཁོར་ལ་བཀའ་སྩལ་ཏོ། ། རིགས་ཀྱི་འཁོར་ རྣམས་ཞུ་བ་ཡི། ། དམིགས་རྣམས་ཞུ་བ་རབ་ཏུ་ལེགས། ། འཕགས་པ་ཞེས་སུ་བསྟན་པ་ནི། ། གདུག་པ་མ་ལུས་ཀུན་ལས་འཕགས། ། ཡེ་ཤེས་སེམས་དཔའ་འབྱུང་བའི་གཞི། ། དཔེ་ཡིས་དེ་ལ་བསྐྲུན་དུ་མེད། ། ལས་བཞི་ཞེས་སུ་གྲགས་པ་ཡང་། ། དེ་ལ་ལས་ནི་རྣམ་པ་གཉིས། ། ཐབས་དང་ཤེས་རབ་འདུལ་དབང་དང་། ། སྐུ་གསུམ་ཕྲིན་ལས་འདུལ་བ་སྟེ། ། ཐབས་དང་ཐབས་སུ་འབྲེལ་བ་ལ། ། ཤེས་རབ་འབྲེལ་བས་ཡུམ་ཞེས་བྱ། ། ཆོས་དང་ལོངས་སྤྱོད་པ་ཡི་སྐུ། ། འདུལ་དབང་ལས་ཞེས་བྱ་བར་ གྲགས། ། དེ་ལ་བཞི་ཞེས་བྱ་བ་ཡང་། ། ཞི་བ་རྒྱས་པ་དབང་མངོན་ནོ། ། ཞི་བ་བྱ་བའི་ངེས་ཚིག་ཀྱང་། ། ཏིང་འཛིན་རིམ་པ་བྱམས་པ་ལ། ། འཕྲོ་འདུ་དཀར་ལ་འཚེར་བ་སྟེ། ། ཐམས་ཅད་མགུ་བར་བྱེད་པ་དང་། ། མི་མཐུན་པ་རྣམས་ཞི་བྱའི་ཕྱིར། ། དེ་ཕྱིར་ཞི་བ་ཞེས་ བྱའོ། །
BO
རྒྱས་པ་གསེར་ལྟར་སེར་བ་ལ། ། ཏིང་འཛིན་སྤྲུལ་པ་མང་པོར་ཁྱབ། ། ཕྱོགས་བཅུར་འགྲོ་བའི་དོན་བྱས་ཏེ། ། བསྐུལ་བའི་ས་ལ་གཞེས་པ་ཡི། ། སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ། བདག་གི་བ་སྤུའི་བུ་གནས། ། ཀུན་དུ་ཞུགས་ཏེ་རྒྱས་པ་ལ། ། ཚེ་དང་དབང་ ཐང་དཔལ་ལ་སོགས། ། ཐམས་ཅད་རྒྱས་པས་རྒྱས་ཞེས་བྱ། ། དེ་ལ་དབང་གི་ངེས་ཚིག་ཀྱང་། ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ནས། ། བདག་གི་ཡིད་ལ་བསམས་པ་ཀུན། ། ཡབ་ཡུམ་སྤྲུལ་པའི་ཁྱད་པར་ལས། ། ཅི་འདོད་ཐམས་ཅད་དབང་དུ་སྡུད། ། ལས་དང་བྱ་ བ་མ་ལུས་དང་། ། བདག་ཉིད་ལྷ་ཡི་སྐུར་བསྒོམས་པས། ། འདུ་བར་འགྱུར་བ་གདོན་མི་ཟ། ། དེ་ལ་དྲག་པོའི་ཕྲིན་ལས་ཀྱང་། ། གཤིན་རྗེ་གཤེད་དང་གཤེད་བདག་མོ། ། ཡབ་ཡུམ་ཁྱད་པར་སྤྲིན་ལྟ་བུ། ། ནམ་མཁའ་ཁེབས་པ་བྱེད་པ་ལྟར། ། གཉིས་མེད་བྱང་ཆུབ་ ཁྱད་པར་ལས། ། འཕྲོ་འདུ་འོད་ཟེར་སྤྲིན་ལྟ་བུ། ། ནམ་མཁའ་གང་བར་ཁྱབ་པ་ལ། ། ཁྲོ་བོའི་སྤྲུལ་པས་ཁེབས་གྱུར་ཏེ། ། འཇིག་རྟེན་རྡུལ་དུ་བཤིག་ནས་ནི། ། གདུག་པ་མ་ལུས་ཀུན་བཏུལ་ཏེ། ། སླར་བསྡུས་ཡབ་ཡུམ་སྐུ་ལ་བསྡུ། ། དེ་ལྟར་ནས་དང་ཡུངས་འབྲུ་ ཙམ། ། མ་ལུས་ཀུན་དུ་འགེངས་བྱེད་ཅིང་། །
BO
དམིགས་པ་གང་ན་གནས་པ་དག ། བཙལ་ཏེ་སླར་ཡང་འགུགས་ལ་སོགས། ། འདི་དང་འདི་ཞེས་བྱ་མེད་པར། ། འཁོར་བ་ཚང་ནས་སྤྲུགས་བསམས་ཏེ། ། དྲག་པོའི་ཕྲིན་ལས་གྲུབ་པར་བསམ། ། འཁོར་ལོ་ཞེས་ སུ་བསྟན་པ་ཡང་། ། མི་འཁོར་འཁོར་ཕྱིར་རྩེ་མོ་འཕྲོ། ། ལྟེ་བ་འཁོར་ལ་རྩེ་མོས་གཅོད། ། དེ་ཕྱིར་འཁོར་ལོ་ཞེས་སུ་གྲགས། ། གསང་བ་ཞེས་སུ་གྲགས་པ་ཡང་། ། ཀུན་ལ་མི་བསྟན་རྩ་བ་སྟེ། ། ཐུན་མོང་ཀུན་གྱི་མ་ཡིན་པས། ། དེ་ཕྱིར་གསང་བ་ ཞེས་བྱའོ། ། དེ་ལ་རྒྱུད་ཅེས་བྱ་བ་ཡང་། ། ཚང་ཞིང་འབྲེལ་བས་བཏགས་པ་དང་། ། བྲེང་ཆགས་དགོས་པ་སྒྲུབ་པ་ཡི། ། དེ་ཕྱིར་རྒྱུད་ཅེས་བྱ་བར་བཤད། ། དེ་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཉི་མ་བཞི་ལ་ལས་བཞི་ཞིག ། གསུངས་ ཤིང་ངེས་པར་བསྟན་པ་སྟེ། ། དངོས་པོ་ཅི་ལ་བསྒོམ་པར་བགྱི། ། ཞི་བ་ལ་ནི་ཇི་ལྟར་བགྱི། ། སྔགས་རྣམས་ཇི་ལྟར་བཟླས་པར་བགྱི། ། ཕྲིན་ལས་ངེས་པར་བསྟན་པ་སྟེ། ། རྒྱས་པ་དག་ལ་ཇི་ལྟར་བསྟན། ། སྔགས་རྣམས་བརྗོད་པ་ཇི་ལྟ་བུ། ། དབང་ལ་ཇི་ལྟར་ བསྒོམ་པར་བགྱི། ། སྔགས་རྣམས་བརྗོད་པ་ཇི་ལྟ་བུ། ། དྲག་པོའི་ལས་སུ་བསྟན་པ་ལ། ། ལྷ་ནི་ཇི་ལྟར་བསྒོམ་པར་བགྱི། །
BO
བཟླས་པའི་སྔགས་རྣམས་ཇི་ལྟར་ལགས། ། ཕྲིན་ལས་རྣམ་བཞིར་བསྟན་པ་དེས། ། ལས་ནི་ཇི་ལྟ་བུ་ཞིག་འགྲུབ། ། གཞི་འམ་ གནས་ནི་ཇི་ལྟ་བུ། ། དེ་དག་ཇི་ལྟ་བུ་ཡིས་བྲི། ། ངེས་པར་བསྟན་པའི་མན་ངག་ལ། ། བདག་ཅག་རྣམས་ལ་བསྟན་དུ་གསོལ། ། དེ་ནས་བཅོམ་ལྡན་ཁྲོ་འདུལ་དེས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། གང་བསྒོམ་ལྷ་རྣམས་སྐུ་མདོག་ དཀར། ། ཡུམ་ཡང་དེ་དང་འདྲ་བ་ལ། ། ཕྱོགས་བཅུའི་འཁོར་རྣམས་རིགས་དང་སྦྱར། ། བདག་ཉིད་ཡ་མཱན་ཏ་ཀ་རུ། ། སྐུ་མདོག་གསལ་བར་བསྒོམས་ནས་ནི། ། བཟླས་པའི་སྔགས་འདི་མགུ་བས་བཟླས། ། ཡ་མར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ་བ་ལུ་ཀ་ཤཱིནྟཾ་ཀུ་རུ་ སྭཱ་ཧཱ། ཡ་མེ་ཏོ་རུན་ཡོ་ཏ་ཡ། ཆེ་གེ་མོཀྵ་ར་ཙ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡ་ཏ་ཡོ་ནི་རི་ཡ་ཀྵེ་ཡ། ཆེ་གེ་མོ་པ་ལ་མུ་སྟི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡཀྵེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་མ་ར་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མི་དྲག་མི་བུལ་མི་ཞན་པར། ། ཏིང་འཛིན་སྦྱོར་བ་ལྡན་བྱས་ཏེ། ། ཉི་མ་རེ་ལ་རིམ་བཞིན་སྦྱར། ། གྲུབ་པར་འགྱུར་བར་གདོན་མི་ཟའོ། ། ཕྲིན་ལས་ངེས་པར་གྲུབ་པ་སྟེ། ། བསྒོམ་པར་བྱ་བ་སྐུ་མདོག་སེར། ། ཡུམ་ཡང་དེ་དང་འདྲ་བ་ལ། །
BO
ཕྱི་མ་རིམ་བཞིན་སྦྱར་བར་བྱ། ། གསེར་ལྟ་བུ་ཡི་ཏིང་འཛིན་ལ། ། འཕྲོ་འདུ་བྱང་ཆུབ་སེམས་ ལྟ་བུ། ། ཕྱོགས་བཅུ་མ་ལུས་དོན་བྱས་ཏེ། ། བདག་གི་ཕུང་པོ་མ་ལུས་དང་། ། ཚེ་དང་ལོངས་སྤྱོད་འཕེལ་བར་བསམ། ། དེ་ཚེ་སྔགས་འདི་བཟླས་པར་བྱ། ། ཡ་མ་ར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ་བྲ་མ་ཡ། པུཥྚིཾ་ཀུ་རུ་སྭཱ་ཧཱ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཀ་ཀྵ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཡ་ཏ་ ཡོ་ནི་ར་ཡ་ཀྵེ་ཡ། ཆེ་གེ་མོ་ཞིག་ས་སྟི་པུཥྚིཾ་ཉུ་རུ་སྭཱ་ཧཱ། ཡཀྵེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་ཞིག་མཱ་ར་ཡ་བུཥྚིཾ་ཀུ་རུ་སྭཱ་ཧཱ། ། དེ་ཚེ་རང་རིག་ཏིང་འཛིན་གྱི། ། མཐུ་དང་ལྡན་པར་བྱས་ཏེ་ནི། ། སྔགས་དེ་བཟླས་པ་བྱས་ན་ནི། ། འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། ། ཐམས་ ཅད་དབང་དུ་བསྡུ་བའི་ཕྱིར། ། ལྷ་ཡང་སྐུ་མདོག་ཟངས་ལྟ་བུ། ། ཡུམ་ཡང་དེ་དང་འདྲ་བར་བསྒོམ། ། ལྷ་རྣམས་གཞུང་བཞིན་བསྐྱེད་པ་ནི། ། མཐར་བྱེད་འབྱུང་བའི་བཟླས་བའོ། ། ཡ་མ་ར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ་ཧུྃ་ཧུྃ་བ་ཤང་ཀུ་རུ་སྭཱ་ཧཱ། ཡ་མེ་ཏོ་རུ་ན་ཡོ་ ཏ་ཡ། ཆེ་གེ་མོ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ། ཆེ་གེ་མོ་ཧུྃ་ཧཱུྃ་ཕཊ་ཕཊ། ཀཱ་ལ་རཱུ་པ་སྭཱ་ཧཱ།
BO
ཡཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཧུྃ་ཧཱུྃ་ཕཊ་ཕཊ། ཀཱ་ལ་རཱུ་པ་ཧུྃ་ཧཱུྃ་ཕཊ་ཕཊ། ། སྔགས་ཀྱི་བཟླས་པ་བྱས་ན་ནི། ། བླ་མེད་སངས་རྒྱས་ཐམས་ཅད་ཀྱང་། ། འདུ་ ཞེས་གསུངས་ཏེ་གདོན་མི་ཟའོ། ། ལྷ་ནི་སྐུ་མདོག་ལྕགས་ལྟ་བུ། ། མཐིང་ག་རབ་ཏུ་ཁྲོས་པ་ལ། ། གཅེར་བུ་རལ་པ་གཅིག་སྟེ་འཇིགས། ། མ་རུངས་འདུལ་བ་བསྒོམས་ནས་ནི། ། བཟླས་པ་འདི་ནི་དྲག་ཏུ་བཟླས། ། ཡ་མ་ར་ཙ་ས་ཏོ་མེ་ཡ་ཆེ་གེ་མོ་ཨ་མུ་ཁཾ་བྲ་མ་ ཡ་ནི་ཧཱུྃ་པཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཁྃ་མུ་ར་ཙ་ཡ་ཧཱུྃ་ཕཊ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་ཨ་མུ་ཁྃ་རཀྟ་ཙ་ར་ཧཱུྃ་ཕཊ། ཡཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཨ་མུ་ཁྃ་མཱ་ར་ཡ་ཧཱུྃ་ཕཊ། བདག་ཉིད་འཇིགས་བྱེད་སྐུར་བསྒོམས་ལ། ། སྔགས་ཀྱི་ ཕྲེང་བས་ཕོག་འགྱུར་ན། ། མངོན་ཤེས་ལྡན་པའི་སངས་རྒྱས་ཀྱང་། ། འཆི་བར་འགྱུར་བར་གདོན་མི་ཟ། ། ཞི་བའི་དུས་སུ་བཟླས་པ་ཡིས། ། དང་པོས་སེམས་ནི་གཡོས་པར་འགྱུར། ། གཉིས་པས་ཡིད་ལ་འབྱུང་བར་འགྱུར། ། གསུམ་པས་དཀར་པོའི་ངོ་བོ་ དང་། ། བཞི་བས་ཐམས་ཅད་ཞི་བར་འགྱུར། ། རྒྱས་པའི་དུས་སུ་བཟླས་པ་ཡིས། ། དང་པོས་དཔལ་ཡང་འཕེལ་བར་བྱེད། ། གཉིས་པས་དབང་ཐང་སྐྱེད་པར་བྱེད། །
BO
གསུམ་པས་གཟི་བྱིན་རྙེད་འགྱུར་ཏེ། ། བཞི་བས་ཚེ་རིང་མ་ལུས་རྒྱས་པར་འགྱུར། ། དབང་གི་དུས་སུ་བཟླས་པ་ཡིས། ། དང་པོས་སེམས་ཀྱང་གཡོས་པར་བྱེད། ། གཉིས་པས་འཇུག་པར་ནུས་པ་སྟེ། ། གསུམ་པས་དམིགས་པ་དབང་དུ་འདུ། ། བཞི་པས་ཐམས་ཅད་དབང་དུ་འདུའོ། ། དྲག་པོའི་བཟླས་པ་བྱས་པ་ཡིས། ། དང་པོས་མགོ་ ནི་འཁོར་བར་བྱེད། ། གཉིས་པས་ཡིད་འཁྲུགས་གསུམ་པས་ཁྲག་ཏུ་སྐྱུགས། ། བཞི་པས་གདོན་མི་ཟ་བའོ། ། གཞི་འམ་གནས་སུ་བསྟན་པ་ནི། ། བཅུ་གཉིས་འཁོར་ལོ་རྩིབས་ཅན་དེ། ། {ཡི་དགས་,ཡི་དྭགས་}ཀྱི་ནི་གོས་ལ་བྲི། ། ཞི་བ་པདྨ་ཟླ་བ་ལ། ། རྒྱས་ པ་གླང་པོའི་རྒྱབ་ཏུ་བྱ། ། དབང་ནི་བུད་མེད་སྙིང་གར་ཏེ། ། དགུག་པ་སེང་གེ་དྲེའུ་དང་གཉིས། ། དབྱེ་བ་རྟ་དང་མ་ཧེ་གཉིས། ། སྨྱོ་འབོག་ཤ་བའི་རྒྱབ་ཏུ་བྱ། ། ལྐུགས་པ་ལུག་གི་ཁོང་དུ་གཞུག ། བསྐྲད་པ་རྔ་མོའི་རྒྱབ་ཏུ་བྱ། ། གསང་བ་སྐྱེས་པའི་སྙིང་ག་སྟེ། ། གནོན་པ་རི་རབ་འོག་ཏུ་བྱ། ། སྣག་ཚའི་མཚན་ཉིད་བསྟན་པ་ཡང་། ། ཁྲག་སྣ་གསུམ་དང་བྱི་ལའི་གཅིན། ། ཕོ་རོག་དག་གི་སྒྲོ་རྩ་ལ། ། ཤི་བའི་སྐྲ་ལས་པིར་བྱས་ལ། ། གང་བརྩམས་འགྲུབ་པར་ངེས་པར་བཤད། །
BO
དེ་ནས་བཅོམ་ལྡན་འདས་བརྩམ་པའི་རྒྱལ་པོའི་ཏིང་ངེ་འཛིན་ མཆོག་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། ངེས་པར་བསྟན་པའི་རྒྱུད་འདི་ལ། ། ཁྲོ་བོའི་བཟླས་པ་ཇི་ལྟར་ལགས། ། ཡུམ་གྱི་བཟླས་པ་ཇི་ལྟར་ལགས། ། མ་མོའི་སྔགས་རྣམས་ཇི་ལྟར་ལགས། ། ཁྲོ་བོའི་སྔགས་རྣམས་ཇི་ལྟར་ལགས། ། ཞེ་སྡང་འཇོམས་མཛད་ཁྲོ་བོ་དེས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། ཁྲོ་བོ་ཡབ་ཡུམ་ལྕེ་ལ་གཞག ། མ་མོ་སྔགས་ཀྱི་མཐུ་བྱིན་ཆེ། ། ཁྲོ་བོ་མང་པོ་འོད་འཕྲོ་བའོ། ། དེ་ཡི་བཟླས་པ་འདི་དག་གོ ། ཨོྃ་ཨ་ཀྲོ་དྷེ་ཀ་ཡ་མཱན་ཏ་ཀ་ཀཱ་ལ་རཱུ་པ་པ་ཙ་ཏེ་ནི་ཧཱུྃ་ཕཊ། ཨོྃ་ཨྃ་ཧུྃ་པ་ཏཱ་ལི་རགྴ་མན། ཨོྃ་རོ་ག་མདུན་བྷྱོ། ཙ་མུན་ཏ་ཀྱི་ཀྱི་མ་བྷྱོ། ནམ་གྲུ་མ་བ་ཡ་ཏི་བྷྱོ། ཨོྃ་ཨོྃ་ཨོྃ། ཀྲོ་དྷ་བཛྲ་བ་སྨི། བཛྲ་ཀྲོ་དྷ་མ་ལ། བཛྲ་ཀྲོ་དྷ་ཏིསྠ། བཛྲ་ཀྲོ་དྷ་ཀངྐ། བཛྲ་ཀྲོ་དྷ་སྨིག་ཤ ། བཛྲ་ཀྲོ་དྷ་རག་ཁང་། བཛྲ་ཀྲོ་དྷ་ཏ་ཀི་ནི། བཛྲ་ཀྲོ་དྷ་རགྴ། བཛྲ་ཀྲོ་དྷ་ཡཀྵ། བཛྲ་ཀྲོ་དྷ་ཀུ་ཎ་ཌ་ལི། བཛྲ་ ཀྲོ་དྷ་ཀྲི་ཏ། བཛྲ་ལོ་ཀ། བཛྲ་བ་སྨི། བཛྲ་ཤུ་ལ། བཛྲ་ཀུ་ལན། བཛྲ་ཀངྐ། བཛྲ་མུ་ལ། བཛྲ་སྲི་ཏ། བཛྲ་བ་མུ། བཛྲ་ཤུ་ལ། བཛྲ་སྨ་ར།
BO
ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཛཿཧཱུྃ་བྃ་ཧོཿ བྷྱོ་བྷྱོ་བྷྱོ་བྷྱོ། ། དེ་ནས་ཡང་བཅོམ་ལྡན་འདས་འཇམ་དཔལ་ ཡེ་ཤེས་སེམས་དཔའ་ཁྲོ་བོའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། ངེས་པར་བསྟན་པའི་རྒྱུད་འདི་ལ། ། ཚེ་ཞེས་བགྱི་བ་ཇི་ལྟར་ལགས། ། ཡུངས་ཀར་བསྒྲུབ་པ་ཇི་ལྟར་ལགས། ། དེ་ཡིས་ལས་ནི་ཅི་ཞིག་འགྲུབ། ། ཕུར་བུ་ཞེས་བགྱི་ཇི་ལྟར་ལགས། ། དང་པོ་ དམ་བཅའ་ཇི་ལྟར་ལགས། ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ལ། ། དེ་སྐད་ཅེས་ནི་ཞུས་པ་དང་། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། ཚེ་ཞེས་བྱ་བའི་དོན་འདི་ཡང་། ། ཆོས་ཉིད་སྤྲོས་པ་མེད་པ་ལ། ། ཀུན་དུ་མི་འགྱུར་ནམ་མཁའ་འདྲ། ། བསྐྱོད་མེད་དུས་ཀྱིས་ བཤིག་ཏུ་མེད། ། འགྲོ་བ་འཁྲུལ་པའི་ངོ་གང་ལ། ། བག་ཆགས་ངན་པས་བསླུས་པ་ཡིས། ། ཚེ་ལ་བར་ཆོད་འོང་བར་གསུངས། ། དེ་ཕྱིར་ཚེ་ཡི་བསྒྲུབ་པ་གསུངས། ། ཡུངས་ཀར་བསྒྲུབ་པའི་མཚན་ཉིད་ཀྱང་། ། བག་ཆགས་འཁྲུལ་པས་གནོད་འགྱུར་བ། ། མི་མཐུན་པ་དང་གཉེན་པོ་སྟེ། ། དེ་དག་འདུལ་བའི་དོན་དུ་བསྟན། ། དེ་ནི་ལས་ཀྱི་འབྲས་བུ་ཡང་། ། སྔོན་ནས་ལས་ངན་མཐུ་རྟགས་ཏེ། །
BO
མི་མཐུན་པ་དེ་འགུགས་པར་བྱེད། ། དེ་ནས་ཡུངས་ཀར་རྒྱལ་པོས་བྱའོ། ། ཕུར་བུ་ཞེས་སུ་བསྟན་པ་ཡང་། ། བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། ། གཉིས་མེད་མཁའ་ལ་གནས་བསམས་ཏེ། ། ཕུར་བུ་ཞེས་ནི་དེ་ལ་བྱའོ། ། ཕྱོགས་བཅུའི་ཐུགས་ལས་སྐྱེས་པ་སྟེ། ། དེ་ཕྱིར་ཕུར་བུ་ཞེས་སུ་བསྟན། ། དང་བོར་དམ་བཅས་འདི་ལྟར་རོ། ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། ། མཚམས་མེད་ ལྔ་ནི་ཀུན་སྤྱོད་ཅིང་། ། གོས་ངན་རེ་བ་གོན་པ་དང་། ། ཟས་ངན་ལྕི་བ་ཟ་བའི་ཚེ། ། དེ་ཚེ་ང་ཡི་བསྟན་པ་འབྱུང་། ། དུས་ངན་ཐ་མ་བྱུང་བའི་ཚེ། ། ལྷ་མོའི་ནང་ན་འོད་ཟེར་ཅན། ། འཕགས་པའི་ནང་ན་འཇམ་དཔལ་གཉིས། ། འདི་གཉིས་མ་གཏོགས་དངོས་གྲུབ་ གཞན། ། རིགས་འཛིན་ཀུན་ལ་མ་ཡིན་ནོ། ། ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི། ། ངེས་པར་དབང་དུ་མ་གྱུར་པའི། ། དང་པོ་འདས་དང་ད་ལྟར་གྱི། ། ཕྱིས་འབྱུང་བ་ནི་གང་ཡང་མེད། ། དགྲ་བགེགས་འབུམ་མམ་སྟོང་ཡང་རུང་། ། དེ་མ་ཐག་ཏུ་བརླག་པར་བྱེད། ། ཁྲག་གི་ཆར་ཡང་འབེབས་པར་བྱེད། ། ཅེས་གསུངས་པས། འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ཚར་བཅད་དེ། དྲག་པོའི་ཕྲིན་ལས་གྲུབ་པར་གྱུར་ཏོ། ། དེ་ནས་འཁོར་རྣམས་ཀྱིས།
BO
འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་པོ་ལ་འདི་སྐད་ཅེས་ བསྟོད་དོ། ། འཕགས་པ་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད། ། ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། ། ཚད་མེད་བཞི་ཡི་ངང་ཉིད་རྣམ་དག་པས། ། བདག་ཉིད་ཁྲོ་བོ་འབར་བའི་སྐུ་སྟོན་ཅིང་། ། ཚངས་པ་བརྒྱ་བྱིན་ལྷ་ཆེན་དྲག་པོ་རྣམས། ། གཉིས་མེད་བྱང་ཆུབ་སེམས་ཀྱིས་སྒྲོལ་བར་མཛད། ། མ་ཧེའི་སྟེང་ན་ཞབས་ནི་བརྐྱང་བསྐུམ་གནས། ། ལས་ཀྱི་དབྱུག་པ་དག་གིས་རྡུལ་དུ་རློག ། ཀླུ་ཡི་རྒྱལ་པོས་སྐུ་ལ་བརྒྱན་པ་ནི། ། སྙན་ཆ་མགུར་དང་དབུ་དང་ཕྱག་ཞབས་རྣམས། ། ཡན་ལག་ལྔ་ལ་ངེས་པར་ དཀྲིས་ཏེ་གནས། ། དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འབར། ། སྤྱན་གསུམ་གཉིས་མེད་རྣམ་ཐར་དོན་ལ་གཟིགས། ། མགོ་བཅད་ཕྲེང་བས་དབུ་ཡི་རྒྱན་དུ་བྱས། ། ལྗགས་དང་མཆེ་བ་གློག་ལྟར་འདྲིལ་ཞིང་འབར། ། འཇིགས་བྱེད་དྲག་པོའི་ཞལ་སྤྱན་ རབ་ཏུ་བགྲད། ། མི་ལྤགས་རློན་པ་དག་གིས་སྟོད་གཡོགས་ཤིང་། ། སྟག་ལྤགས་རློན་པས་སྐུ་ཡི་རྒྱན་དུ་བྱས། ། དེ་འདྲའི་སྐུ་མདོག་འབར་བའི་ཆ་ལུགས་འཆང་། ། ངོ་མཚར་རྨད་བྱུང་ཆེ་ལ་ཕྱག་འཚལ་ལོ། ། ཞེས་བསྟོད་ནས་གཉིས་སུ་མེད་པར་གྱུར་ ཏོ། །
BO
འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་ལེའུ་བཅུ་བཞི་པའོ། ། ། ། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། རྒྱུད་ཕྱི་མ་རིམ་པར་བཀོད་པ་རྫོགས་{སྷོ,སོ}། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source