BO༄༅། ། རྒྱ་གར་སྐད་དུ། མ་ཧཱ་ས་མཱ་ཛ་སཱུ་ཏྲི་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་ཤཱཀྱ་རྣམས་ཀྱི་སེར་སྐྱའི་གནས་ཀྱི་ནགས་ཚལ་ན། དགེ་སློང་ལྔ་བརྒྱ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་མྱ་ངན་ལས་འདས་པ་དང་ལྡན་པའི་ཆོས་ཀྱི་གཏམ་སྟོན་པར་མཛད་དེ། དེའི་ཚེ་ན་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ནས་དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པའི་ལྷ་དག་ལྷགས་ནས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱེད་དོ། ། དེ་ནས་ཚངས་རིས་ཀྱི་ལྷ་ ཚངས་བའི་འཇིག་རྟེན་གནས་པ་བཞི་ཞིག་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཤཱཀྱ་རྣམས་ཀྱི་སར་སྐྱའི་གནས་ཀྱི་ནགས་ཚལ་ན།
BOདགེ་སློང་ལྔ་བརྒྱ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་ པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་ འདུན་ལ་མྱ་ངན་ལས་འདས་པ་དང་ལྡན་པའི་ཆོས་ཀྱི་གཏམ་སྟོན་པར་མཛད་དེ། དེའི་ཚེ་ན་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ནས་དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པའི་ལྷ་དག་ལྷགས་ནས། བཅོམ་ལྡན་འདས་དང་དགེ་སློང་ གི་དགེ་འདུན་ལ་བསྙེན་བཀུར་བྱེད་ཀྱིས་བདག་ཅག་ཀྱང་སོང་ལ་བཅོམ་ལྡན་འདས་ལ་རེ་རེ་ནས་ཚིགས་སུ་བཅད་པས་མངོན་པར་བསྟོད་པར་བྱ་གོར་མ་ཆག་སྙམ་མོ། ། དེ་ནས་ཚངས་རིས་ཀྱི་ལྷ་བཞི་པོ་དག་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་ པས་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་ཚངས་བའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་ཚངས་རིས་ཀྱི་ལྷ་གཅིག་གིས་ཚིགས་སུ་བཅད་ དེ་གསོལ་བ། འདུས་པ་ཆེ་ལ་གཞོལ་བ་ཡི། །
BOལྷ་ཚོགས་ཀུན་ནས་ལྷགས་གྱུར་བས། ། གཞན་གྱིས་མི་ཐུབ་དགེ་འདུན་ལ། ། བལྟ་བའི་སླད་དུ་བདག་ཅག་མཆིས། ། ཚངས་རིས་ཀྱི་ལྷ་གཉིས་བས་ཚིགས་སུ་བཅད་དེ་གསོལ་བ། དྲང་བོར་གྱུར་ པའི་སེམས་ཀྱིས་ནི། ། འདི་ན་དགེ་སློང་རབ་བརྩོན་པ། ། ཁ་ལོ་བ་ལྟར་མིག་བླངས་ཤིང་། ། དབང་པོ་རྣམས་ནི་ལེགས་སྡོམ་བགྱིད། ། ཚངས་རིས་ཀྱི་ལྷ་གསུམ་པས་ཚིགས་སུ་བཅད་དེ་གསོལ་པ། དབང་ཕུར་འོད་པ་འོབས་འདྲ་བའི། ། ཕུར་བུ་ རབ་བཅོམ་བཀྲིར་མི་ཚུགས། ། དེ་དག་སྲེད་བྲལ་དག་སྤྱོད་ཅིང་། ། འདྲེན་པས་གླང་པོ་གཞོན་ལྟར་བཏུལ། ། ཚངས་རིས་ཀྱི་ལྷ་བཞི་པས་ཚིགས་སུ་བཅད་དེ་གསོལ་བ། གང་དག་སངས་རྒྱས་སྐྱབས་མཆི་བ། ། དེ་དག་ངན་འགྲོར་མི་མཆི་ཞིང་། ། མི་ ལུས་སྤངས་བར་གྱུར་ནས་ཀྱང་། ། ལྷ་ཡི་ལུས་ནི་ཐོབ་པར་འགྱུར། ། ཚངས་རིས་ཀྱི་ལྷ་བཞི་པོ་དག་གིས་དེ་སྐད་ཅེས་གསོལ་ནས་དེ་ཉིད་ན་བག་བཅུམ་སྟེ་འཁོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ནས་ དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀྱེ་མ་ལྷ་རྣམས་ཀྱི་འདུས་པ་འདི་ནི་ཆེ་བ་ཡིན་ནོ། ། དགེ་སློང་དག་ཀྱེ་མ་ལྷ་རྣམས་ཀྱི་འདུས་པ་འདི་ནི་ཤིན་ཏུ་ཆེ་བ་ཡིན་ཏེ།
BOདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ གང་དག་འདས་པའི་དུས་ན་བྱུང་བར་གྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་འདི་ལྟ་སྟེ། དཔེར་ན་ད་ལྟར་ངའི་ལྷ་རྣམས་ཀྱི་འདུས་པ་ཆེན་པོ་འདི་ཁོ་ན་ལྟ་བུ་དག་འདུས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་འདི་ལྟ་སྟེ། དཔེར་ན་ད་ལྟར་ངའི་ལྷ་རྣམས་ཀྱི་འདུས་པ་ཆེན་པོ་འདི་ཁོ་ན་ལྟ་བུ་དག་འདུ་བར་འགྱུར་རོ། ། དགེ་ སློང་དག་ལྷ་རྣམས་ཀྱི་མིང་དག་བརྗོད་པར་བྱས། ལྷ་རྣམས་ཀྱི་མིང་དག་ཟུང་ཤིག ། གང་དག་ས་ལ་གནས་པ་དང་། ། གང་དག་རི་ཁྲོད་གནས་པ་རྣམས། ། སེང་གེ་བཞིན་དུ་ཐ་དད་ལ། ། སེམས་བསྡུས་མཉམ་པར་བཞག་བྱས་ཤིང་། ། ཀུན་ནས་ འདུས་པར་གྱུར་པ་ནི། ། སྤུ་དག་ཟིང་ཞེས་བྱེད་པ་ཡིན། ། གང་དག་ས་ལ་གནས་པ་དང་། ། གང་དག་རི་ཁྲོད་གནས་པ་རྣམས། ། སེང་གེ་བཞིན་དུ་ཐ་དད་ལ། ། སེམས་བསྡུས་མཉམ་པར་བཞག་བྱས་ཤིང་། ། ཀུན་ནས་འདུས་གྱུར་སྤུ་ཟིང་ཞེས། ། བྱེད་པ་བདག་གིས་བརྗོད་པར་བྱ། ། ཡིད་བྱང་དག་ཅིང་རབ་དང་ལ། །
BOརྙོག་མེད་འཆི་བདག་སྤངས་བ་རྣམས། ། ཚངས་བའི་འཇིག་རྟེན་མཐར་ཐུག་པའི། ། ལྷ་དང་མི་ཡི་བར་ན་འཁོད། ། སློབ་པ་ལྔ་བརྒྱ་ཕྲག་གཉིས་དང་། ། གཞན་ཡང་བརྒྱ་དང་བཅུ་དག་ དང་། ། སྟོང་ཕྲག་དུ་མ་རྣམས་དག་གི། ། ལྷ་རྣམས་འདུས་པར་གྱུར་བ་དག ། མཐའ་ནས་མཐའ་མ་མི་མཐོང་ཞིང་། ། ཕྱོགས་རྣམས་ཐམས་ཅད་ཁྱབ་གྱུར་བ། ། སངས་རྒྱས་ཀྱིས་ནི་དེ་མཁྱེན་ནས། ། དེ་བཞིན་གཤེགས་པས་རྣམ་གཟིགས་ཏེ། ། དེ་ནས་ སྟོན་པས་བསྟན་དགའ་བའི། ། ཉན་ཐོས་རྣམས་ལ་དགེ་སློང་དག ། ལྷ་ཚོགས་མངོན་པར་ལྷགས་གྱུར་གྱིས། ། ངེས་པར་རྟོགས་ཞེས་བཀའ་སྩལ་པ། ། ཚིགས་སུ་བཅད་པས་མཐར་ཆགས་ཀྱིས། ། དེ་དག་རྣམས་ཀྱི་མིང་བརྗོད་ཀྱིས། ། རྩེ་གཅིག་གྱུར་པའི་ ཡིད་ཀྱིས་ནི། ། ང་ཡིས་བཤད་པ་མཉན་པར་གྱིས། ། སེར་སྐྱའི་གནས་ཀྱི་ནགས་ཚལ་གྱིས། ། གནོད་སྦྱིན་སྟོང་ཕྲག་བདུན་པོ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། །
BOགསེར་ཅན་སྟོང་ཕྲག་དྲུག་པོ་ཀུན། ། ཁ་དོག་སྣ་ཚོགས་ལྡན་པ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ཤར་ཕྱོགས་རྣམ་རྒྱལ་ཚལ་གྱི་ནི། ། རི་མཉམ་སྟོང་ཕྲག་གསུམ་པོ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་ པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། དེ་ལྟར་སྟོང་ཕྲག་བཅུ་དྲུག་ཀུན། ། ཁ་དོག་སྣ་ཚོགས་ལྡན་པ་དག ། སེར་སྐྱའི་ གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། །
BOའདུས་པའི་ ཚལ་དུ་མངོན་པར་ཞུགས། ། གནོད་སྦྱིན་ཆུ་སྲིན་རྒྱལ་པོའི་ཁབ། ། ཡངས་པ་ལ་ནི་རྟག་གནས་ཤིང་། ། བརྒྱ་སྟོང་ཕྲག་ནི་མང་པོ་ཡི། ། གནོད་སྦྱིན་བསྙེན་བཀུར་བྱེད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་ཡང་འདུས་པའི་ནང་དུ་འོངས། ། རྫུ་འཕྲུལ་ལྡན་ ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ཀུན་གྱི་བཤེས་གཉེན་ལྔ་བརྒྱ་དང་། ། རྫུ་འཕྲུལ་ཆེན་པོ་ཀུན་གྱི་ལྷ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་གཉིས་ཀྱང་ནི་ འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ཤར་ཕྱོགས་མངོན་པར་སྐྱོང་བྱེད་པ། ། རྒྱལ་ཆེན་གྲགས་དང་ལྡན་པ་ནི། ། དྲི་ཟའི་ བདག་པོ་རྒྱལ་པོ་སྟེ། ། མིང་ནི་ཡུལ་འཁོར་སྲུང་ཞེས་བྱ། ། དེ་ནི་ཉེ་དུ་ལྷན་ཅིག་ཏུ། ། གླུ་དང་གར་གྱིས་རྟག་ཏུ་རྩེ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་ཡང་འདུས་པའི་ནང་དུ་འོངས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །
BOདགེ་སློང་ རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། དེ་ལ་བུ་ནི་མང་ཡོད་དེ། ། བརྒྱད་ཅུ་དང་ནི་བཅུ་དང་གཅིག ། དེ་དག་མིང་མཐུན་གྲགས་པ་ནི། ། དབང་པོ་ཞེས་བགྱི་སྟོབས་པོ་ཆེ། ། ལྷ་དང་ལྷ་མིན་གཡུལ་ འགྱེད་པར། ། ཀུན་དུ་གཞན་གྱིས་མི་ཐུབ་པ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ལྷོ་ཕྱོགས་མངོན་པར་སྐྱོང་བྱེད་པ། ། རྒྱལ་ཆེན་གྲགས་དང་ལྡན་པ་ནི། ། གྲུལ་བུམ་བདག་པོ་རྒྱལ་པོ་སྟེ། ། མིང་ནི་འཕགས་སྐྱེས་པོ་ཞེས་བགྱི། ། དེ་ནི་ཉེ་དུ་ལྷན་ཅིག་ཏུ། ། གླུ་དང་ གར་གྱིས་རྟག་ཏུ་རྩེ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་ཡང་འདུས་པའི་ནང་དུ་འོངས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་ དུ་མངོན་པར་ཞུགས། ། དེ་ལ་བུ་ནི་མང་ཡོད་དེ། ། བརྒྱད་ཅུ་དང་ནི་བཅུ་དང་གཅིག ། དེ་དག་མིང་མཐུན་གྲགས་པ་ནི། ། དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །
BOལྷ་དང་ལྷ་མིན་གཡུལ་འགྱེད་པར། ། ཀུན་དུ་གཞན་གྱིས་མི་ཐུབ་པ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ནུབ་ཕྱོགས་མངོན་པར་སྐྱོང་བྱེད་པ། ། རྒྱལ་ཆེན་གྲགས་དང་ལྡན་པ་ནི། ། ཀླུ་ཡི་བདག་པོ་རྒྱལ་པོ་སྟེ། ། མིང་ནི་མིག་མི་བཟང་ཞེས་བགྱི། ། དེ་ནི་ཉེ་དུ་ལྷན་ཅིག་ཏུ། ། གླུ་དང་གར་གྱིས་རྟག་ཏུ་རྩེ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་ཡང་འདུས་པའི་ནང་དུ་འོངས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། དེ་ལ་བུ་ནི་མང་ཡོད་དེ། ། བརྒྱད་ཅུ་ དང་ནི་བཅུ་དང་གཅིག ། དེ་དག་མིང་མཐུན་གྲགས་པ་ནི། ། དབང་པོ་ཞེས་བགྱི་སྟོབས་པོ་ཆེ། ། ལྷ་དང་ལྷ་མིན་གཡུལ་འགྱེད་པར། ། ཀུན་དུ་གཞན་གྱིས་མི་ཐུབ་པ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་ པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །
BOདགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། བྱང་ཕྱོགས་མངོན་པར་སྐྱོང་བྱེད་པ། ། རྒྱལ་ཆེན་ གྲགས་དང་ལྡན་པ་ནི། ། གནོད་སྦྱིན་བདག་པོ་རྒྱལ་པོ་སྟེ། ། མིང་ནི་ལུས་ངན་པོ་ཞེས་བྱ། ། དེ་ནི་ཉེ་དུ་ལྷན་ཅིག་ཏུ། ། གླུ་དང་གར་གྱིས་རྟག་ཏུ་རྩེ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་ཡང་འདུས་པའི་ནང་དུ་འོངས། ། རྫུ་འཕྲུལ་ ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། དེ་ལ་བུ་ནི་མང་ཡོད་དེ། ། བརྒྱད་ཅུ་དང་ནི་བཅུ་དང་གཅིག ། དེ་དག་མིང་མཐུན་གྲགས་ པ་ནི། ། དབང་པོ་ཞེས་བགྱི་སྟོབས་པོ་ཆེ། ། ལྷ་དང་ལྷ་མིན་གཡུལ་འགྱེད་པར། ། ཀུན་དུ་གཞན་གྱིས་མི་ཐུབ་པ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། ། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། ། ནུབ་ཕྱོགས་ན་ནི་མིག་མི་བཟང་། །
BOབྱང་ཕྱོགས་ ན་ནི་ལུས་ངན་པོ། ། རྒྱལ་པོ་ཆེན་པོ་དེ་བཞི་དག ། འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། ། རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེ། ། ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། དེ་དག་གི་ནི་ཁོལ་པོ་རྣམས། ། མཆོད་རྟེན་ མང་ལ་གནས་བཅས་པ། ། སླུ་བྱེད་གཡོན་ཅན་སྒྱུ་མ་ཅན། ། སྒྱུ་མ་ཤེས་དང་རྣམ་ཤེས་དང་། ། ངན་སྤོང་ཁྲོ་གཉེར་ལྷན་ཅིག་ཏུ། ། དེ་ཚེ་རྫུ་འཕྲུལ་སྟོན་ཅིང་ལྷགས། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། གནོད་སྦྱིན་དང་། གནོད་སྦྱིན་ཆེན་པོ་དང་། གནོད་ སྦྱིན་གྱི་སྡེ་དཔོན་དང་། དམག་དཔོན་འདི་དག་ཀྱང་དེར་ཀུན་ནས་ལྷགས་ཏེ་འདི་ལྟ་སྟེ། དབང་པོ་ཟླ་བ་ཆུ་ལྷ་དང་། ། བ་ར་དྭ་ཛ་སྐྱེ་དགུའི་བདག ། དབང་ལྡན་ཙནྡན་འདོད་གཙོ་དང་།
BO། མགྲིན་ངན་དང་ནི་མགུལ་ངེས་དང་། ། སྤོབས་ལྡན་ ནོར་བུ་ནོར་སྤྱོད་དང་། ། སྒྲ་རབ་དང་ནི་ཉེ་རྔ་དང་། ། རི་མཉམ་གསེར་ཅན་གང་པོ་དང་། ། སེང་ལྡེང་བ་དང་གཡོན་ཅན་དང་། ། གནོད་སྦྱིན་བ་སྐྱོང་འབྲོག་གནས་དང་། ། རྒྱལ་བ་ཁྱུ་མཆོག་མིའི་རྒྱལ་པོ། ། དྲི་ཟ་སྣ་ཚོགས་སྡེ་དང་ནི། ། ལྕགས་མདུང་རིང་དང་མ་ལྡན་དང་། ། ཚིག་ལྔ་སེར་པོ་ཡིད་དགའ་དང་། ། གནོད་སྦྱིན་རིང་པོ་འཁོར་དང་བཅས། ། འབྲས་བུ་གསུམ་དང་མགུལ་གསུམ་པ། ། འགྲོ་གནས་ཇི་སྙེད་ཡོད་པ་ཡིན། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་ དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ལྷན་ཅིག་འབྱུང་བའི་ཀླུ་དང་ནི། ། འཇོག་ པོ་དང་ནི་ཡངས་པའང་འོངས། ། ལ་བ་དང་ནི་མགྱོགས་མཆོག་དག ། སྲུང་བྱེད་འགྲོ་དང་ལྷན་ཅིག་ལྷགས། ། ཀླུ་བདག་བྲན་བཟང་བུ་དང་ནི། ། ཡུལ་འཁོར་སྲུང་དང་གླང་པོ་ཆེ། ། འཇིགས་བྱེད་ཆེ་དང་ས་སྲུང་བུ། ། རྫུ་འཕྲུལ་ལྡན་ པའི་ཀླུ་ཡང་འོངས། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། །
BOརྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་ དུ་མངོན་པར་ཞུགས། ། གང་ཞིག་ཀླུ་རྒྱལ་ཟིལ་མནན་ལེན། ། སྟོབས་ལྡན་མིག་རྣོན་འདབ་ཆགས་བྱ། ། དེ་མིན་འདབ་བཟང་ཁྲ་བོ་ཡང་། ། མཁའ་ལས་ཚལ་དུ་མངོན་པར་འོངས། ། དེ་ཚེ་ཀླུ་རྒྱལ་མི་འཇིགས་བྱིན། ། སྟོན་པས་ འདབ་བཟང་བདེ་མཛད་ཅིང་། ། གསུང་འཇམ་བརྗོད་པ་དེ་ཉིད་ལ། ། སངས་རྒྱས་སྐྱབས་སུ་ཉེ་བར་སོང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་ཡང་འདུས་པའི་ནང་དུ་འོངས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ལག་ན་རྡོ་རྗེས་ཕམ་བྱས་ཤིང་། ། རྒྱ་མཚོར་རྟེན་པའི་ལྷ་མིན་རྣམས། ། ཐམས་ཅད་ནོར་ལྷས་སྐྲག་གྱུར་ཅིང་། ། མཚོ་ལ་སྐྱབས་སུ་འདུ་ཤེས་པ། ། ཐགས་{བཟངས་,བཟང་}རིས་དང་རབ་བཀྲ་དང་། ། རབ་སིམ་བྱེད་དང་བཏང་བཟུང་དང་། ། སྟོབས་ལྡན་བུ་ནི་བརྒྱད་པོ་ཀུན། ། རྣམ་སྣང་བྱེད་པའི་བུ་རྣམས་དང་། ། སྟོབས་ལྡན་སྡེ་དང་སྒྲ་གཅན་བཟང་། ། དཔའ་ ཆེན་ཁྱོད་ཀྱི་དུས་ལགས་ཞེས། །
BOདགེ་སློང་འདུས་པའི་ནགས་ཚལ་དུ། ། གོ་ཆ་བགོས་ཏེ་ལྷགས་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ཆུ་ལྷ་མོ་དང་བུ་མོ་དང་། ། ཟླ་བ་མོ་ཡང་ཕྱི་བཞིན་འོངས། ། མཛའ་བཤེས་མ་དང་ཆུ་ལྷ་ཅན། ། ལྷ་མོ་གྲགས་ལྡན་ཉིད་ཀྱང་འོངས། ། ས་དང་ཆུ་དང་རླུང་གི་དང་། ། མི་ཡི་ལྷ་མོའང་འོངས་གྱུར་ཏེ། ། བཅུ་ཚན་ཚོགས་བཅུ་དེ་དག་ཀུན། ། ཁ་དོག་སྣ་ཚོགས་ལྡན་པ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་ བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་ པའི་ཚལ་དུ་མངོན་པར་ཞུགས། ། ཁྱབ་འཇུག་ལྷ་དང་གཤོལ་ཅན་ལྷ། ། མཚེ་མ་གཉིས་ཀྱང་ལྷགས་པར་གྱུར། ། ཟླ་ལ་གནས་པའི་ལྷ་རྣམས་ཀྱིས། ། ཟླ་བ་ཉིད་ནི་མདུན་དུ་བདར། ། ཉི་ལ་གནས་པའི་ལྷ་རྣམས་ཀྱིས། ། ཉི་མ་ ཉིད་ཀྱང་མདུན་བདར་ཅིང་། །
BOཆར་པ་འབེབས་པར་བྱེད་པ་དག ། རྒྱུ་སྐར་རྣམས་ཀྱིས་མདུན་བདར་ལགས། ། ཐམས་ཅད་བཟང་པོ་རྡོ་རྗེ་ཅན། ། བརྒྱ་བྱིན་ཁྱེར་འཇིག་འོངས་གྱུར་ཏེ། ། བཅུ་ཚན་ཚོགས་བཅུ་དེ་དག་ཀུན། ། ཁ་དོག་ སྣ་ཚོགས་ལྡན་པ་དང་། ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ལྷ་མོ་ཚོགས་ཅན་མ་དང་ནི། ། མེ་ལྕེའི་རྩེ་འདྲ་འཆི་ལྟས་ཅན། ། ཞི་བ་མོ་དང་དཀའ་ཟློག་མ། ། མེ་ཏོག་གོས་ཅན་ འོངས་གྱུར་ཅིང་། ། རྒྱུ་བ་མོ་དང་མཚན་མཆིངས་བཟང་། ། འཆི་མེད་རྣམ་པ་དུ་མ་དང་། ། གང་ཞིག་ཕྱོགས་སུ་ཆར་འབེབས་པ། ། འདོད་ལྷའི་དབྱངས་ཅན་མ་ཡང་འོངས། ། བཅུ་ཚན་ཚོགས་བཅུ་དེ་དག་ཀུན། ། ཁ་དོག་སྣ་ཚོགས་ ལྡན་པ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ ལྡན་རྣམས། །
BOདགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། སྔོ་བསངས་སྔོ་བསངས་ཆེན་མོ་དང་། ། མི་འདྲ་མི་འདྲ་དམ་པ་དང་། ། རྩེད་མོས་མྱོས་དང་དེ་བཞིན་དུ། ། ཡིད་འཁྲུག་མ་ཡང་ འོངས་གྱུར་ཅིང་། ། ཕག་མོ་ཕག་མོ་ཆེན་མོ་དང་། ། སློང་མ་དེས་མ་ལྷན་ཅིག་ལྷགས། ། བཅུ་ཚན་ཚོགས་བཅུ་དེ་དག་ཀུན། ། ཁ་དོག་སྣ་ཚོགས་ལྡན་པ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་ དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་ མངོན་པར་ཞུགས། ། དཀར་མོ་རྒྱགས་བྱེད་སྙིང་རྗེ་དང་། ། གོས་སྔོན་མོ་ཡང་འོངས་གྱུར་ཅིང་། ། སྐྲ་དཀར་མོ་ལ་སོགས་པ་དང་། ། གོས་སེར་མོ་ཡང་འོངས་པར་གྱུར། ། འཕྲོག་མ་རྟག་ཏུ་མྱོས་པ་དང་། ། སྤེལ་མ་རྣམ་པ་དུ་མ་དང་། ། དག་པ་དང་ནི་འོད་ཅན་མ། ། ལྷ་མོ་གྲགས་ལྡན་རྣམས་ཀྱང་ལྷགས། ། བཅུ་ཚན་ཚོགས་བཅུ་དེ་དག་ཀུན། ། ཁ་དོག་སྣ་ཚོགས་ལྡན་པ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། །
BOགང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ ཞུགས། ། བདེ་བྱེད་དགའ་ལྡན་འཐབ་བྲལ་དང་། ། ནག་པོ་བཏབ་པ་དུ་མ་དང་། ། ལུམྤི་ནི་དང་ལུམྤི་མཆོག ། སྐར་མ་ཞེས་བྱ་ལེགས་སྨོན་དང་། ། འཕྲུལ་དགའ་རྣམས་དང་དེ་བཞིན་དུ། ། དབང་སྒྱུར་རྣམས་ཀྱང་ ལྷགས་པར་གྱུར། ། བཅུ་ཚན་ཚོགས་བཅུ་དེ་དག་ཀུན། ། ཁ་དོག་སྣ་ཚོགས་ལྡན་པ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་ འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ལྷ་ཚོགས་དྲུག་ཅུ་དེ་དག་ཀུན། ། ཁ་དོག་ སྣ་ཚོགས་ལྡན་པ་དག ། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། ། སྣང་བར་བྱས་ཏེ་འཁོད་པ་དང་། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ ཞིང་གྲགས་ལྡན་རྣམས། །
BOདགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། ཚངས་པའི་འཇིག་རྟེན་སྟོང་དག་གི། ། ཚངས་པ་ཆེན་པོ་ཞེས་བྱ་བ། ། ཀུན་འགྱེད་གཞོན་ནུ་སྐར་རྒྱལ་དེ། ། སོ་སོར་ དབང་སྒྱུར་དབང་ཕྱུག་བཅུ། ། རྫུ་འཕྲུལ་ལྡན་པ་དེ་དག་དང་། ། ལྷན་ཅིག་འགྲོགས་ཏེ་དེར་ལྷགས་པ། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་དག་ཀྱང་ནི་འདུས་པར་ལྷགས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། དབང་སྒྱུར་བྱེད་པའི་འཕྲོག་མ་མོ། ། ཁ་དོག་གཟུགས་མཆོག་ལྡན་པ་ཡང་། ། བུ་རྣམས་ཀྱིས་ནི་ཡོངས་བསྐོར་ཅིང་། ། དེ་དག་རྣམས་ཀྱི་ཕྱི་བཞིན་འོངས། ། གང་དག་དེ་ཡི་འཁོར་རྣམས་དང་། ། དེ་ཡང་འདུས་པའི་ནང་དུ་འོངས། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། ། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་། ། འདུས་པའི་ཚལ་དུ་མངོན་པར་ཞུགས། ། དབང་པོར་བཅས་དང་དབང་ལྡན་བཅས། ། སྐྱེ་དགུའི་བདག་དང་བཅས་པ་ཡི། ། ལྷ་རྣམས་དེ་དག་དེར་ལྷགས་ཤིང་། ། དགེ་སློང་རྣམས་ཀྱང་དེར་ལྷགས་སོ། ། ནག་པོས་སྨྲས་པའི་ ཚིག་ལ་ལྟོས།
BO། འདོད་ཆགས་ཀྱིས་ནི་འདི་ཟུང་ལ། ། བཅིང་བ་གྱིས་དང་ཁྱེད་ལ་ལེགས། ། འདི་དག་ཀུན་ནས་ཡོངས་བསྡུས་ལ། ། འདི་དག་གསོན་པོར་མ་བཏང་ཞེས། ། དེ་ན་ནག་པོ་སྡེ་བོ་ཆེ། ། སྡེ་རྣམས་ལ་ནི་སྐུལ་བྱེད་ ཅིང་། ། ཁྲོས་ཤིང་རང་དབང་མེད་གྱུར་ནས། ། རང་ཡང་མངོན་པར་ཞུགས་གྱུར་ཏེ། ། ལག་པས་ས་ལ་བརྡབས་ནས་ནི། ། ཤིན་ཏུ་འཇིགས་པའི་སྒྲ་ཕྱུང་སྟེ། ། ཇི་ནས་ལྷ་ཡིས་སྤྲིན་ཕྲེང་དང་། ། གློག་དང་བཅས་པའི་ཆར་ ཡང་ཕབ། ། སངས་རྒྱས་ཀྱིས་ནི་དེ་མཁྱེན་ནས། ། དེ་བཞིན་གཤེགས་པས་རྣམ་གཟིགས་ཏེ། ། དེ་ནས་སྟོན་པས་བསྟན་དགའ་བའི། ། ཉན་ཐོས་རྣམས་ལ་དགེ་སློང་དག ། བདུད་སྡེ་མངོན་པར་ལྷགས་གྱུར་གྱིས། ། མངོན་ པར་རྟོགས་ཞེས་བཀའ་སྩལ་པ། ། བརྩོན་པར་བྱེད་པ་དེ་དག་གིས། ། སངས་རྒྱས་གསུངས་པ་ཐོས་ནས་ནི། ། དེ་དག་སྤུ་ཡང་མི་གཡོ་བས། ། དེ་དག་ཆགས་བྲལ་ཡིན་པར་རྟོགས། ། རྒྱལ་སྲས་ཉན་ཐོས་ དེ་དག་ནི། ། སློབ་མ་རྣམས་དང་ལྷན་ཅིག་དགའ། ། དེ་དག་གཡུལ་ལས་རྣམ་རྒྱལ་ཞིང་། ། འཇིགས་བྲལ་གྲགས་དང་ལྡན་པ་ཡིན། ། བར་གྱི་སྡོམ་ནི། བདུན་སྟོང་གསེར་ཅན་རི་མཉམ་དང་། ། དེ་བཞིན་གནོད་སྦྱིན་ཆུ་སྲིན་ དང་། ། ཀུན་གྱི་བཤེས་དང་རྒྱལ་པོ་རྣམས། །
BOདེ་བཞིན་ཁོལ་པོ་གནོད་སྦྱིན་དང་། ། ཀླུ་དང་འདབ་{བཟངས་,བཟང་}ལྷ་མིན་དང་། ། ཆུ་ལྷ་མོ་དང་ཁྱབ་འཇུག་དང་། ། ཚོགས་ཅན་མ་དང་སྔོ་བསངས་དང་། ། དཀར་མོ་བདེ་བྱེད་དབང་ ཕྱུག་དང་། ། ཀུན་བགེད་གཞོན་དང་འཕྲོག་མ་དང་། ། དབང་བཅས་བདུད་དང་དགེ་སློང་ངོ་། ། དེ་ནས་གནས་གཙང་མའི་ལྷ་ཤིན་ཏུ་དབང་ཆེ་བར་གྲགས་པ་རྣམས་མདོ་སྡེ་བསྟན་པས་ཡི་རངས་པར་གྱུར་ནས། དེའི་ཚེ་ཚིག་འདི་ དག་གིས་འདུས་པ་ཆེན་པོའི་མདོ་བཤད་དོ། ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཚིག་འདི་དག་གིས་མདོ་སྡེ་འདི་ཡང་དག་པར་བསྙད་པར་བགྱི་ཞིང་། ཡང་དག་པར་བརྗོད་པར་བགྱི་ལགས་སོ། ། དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ ལགས་སོ། ། ཏདྱ་ཐཱ། ཏེ་ཛེ་ཏེ་ཛ་བ་ཏི། ཙིད་ཏྲེ་ཙིད་ཏྲ་བ་ཏི། ལ་ཏེ་ལ་ཏ་བ་ཏི། ཁ་མེ་ཁ་མ་བ་ཏི། ཀྵེ་མེ་ཀྵེ་མ་བ་ཏི། བྷ་དྲེ་བྷ་དྲ་བ་ཏི། ཡ་ཤེ་ཡ་ཤ་བ་ཏི། དཱུ་ཏེ་དཱུ་ཏ་བ་ཏི། ཙ་པ་ལེ་ཙ་པ་ལ་བ་ཏི། ཁ་ཙེ་ཁ་ཙ་བ་ཏི་ ཏི། བཅོམ་ལྡན་འདས་འདི་དག་ནི་གནས་གཙང་མ་པ་རྣམས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་ལགས་ཏེ། བཅོམ་ལྡན་འདས་གང་ཞིག་མདོ་སྡེ་འདི་དང་། གསང་སྔགས་ཀྱི་ཚིག་འདི་དག་རྨོངས་པ་མ་མཆིས་པར་འཛིན་པར་བགྱིད་ན།
BOདེ་ནི་ ཇི་སྲིད་འཚོའི་བར་དུ་འབྱུང་པོ་ཐམས་ཅད་ལས་བསྲུང་བ་བགྱིས་པར་འགྱུར་ལགས་སོ། ། འབྱུང་པོ་ཐམས་ཅད་ཀྱང་དགའ་བར་འགྱུར་ལགས་སོ། ། དེ་ལ་བྲོ་ནད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་ལགས་སོ། ། གང་དུ་ཀློག་པ་ དེར་དགེ་བར་འགྱུར་ཞིང་། དེ་དག་ལ་དགུང་ལོ་བདུན་དུ་བསྲུང་བ་བགྱིས་པར་ཡང་འགྱུར་ལགས་སོ། ། ཇི་ཙམ་འཚལ་བར་འགྱུར་བ་དེ་ཙམ་གྱི་དགུང་ཆར་འབབ་པར་འགྱུར། འཆད་པར་ཡང་འགྱུར། དགུང་སེར་འབབ་པར་ ཡང་འགྱུར། འཆད་པར་ཡང་འགྱུར་ལགས་སོ། ། བྲོ་ནད་ཐམས་ཅད་ལ་བྱབ་པར་བགྱིས་སམ། ཆབ་ལ་བཟླས་བརྗོད་བགྱིས་ཏེ་སྩལ་ན། དེས་དེའི་བྲོ་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ལགས་སོ། ། དེ་ནས་བཅོམ་ལྡན་ འདས་ལ་ཚངས་བས་གསོལ་པ། བཅོམ་ལྡན་འདས་གནས་གཙང་མ་པ་དག་མ་གཏོགས་པ་གཟུགས་ན་སྤྱོད་པའི་ལྷའི་རིས་གོང་མ་རྣམས་ཀྱི་རིག་སྔགས་ཀྱང་འདི་དག་ལགས་ལ། གསང་སྔགས་ཀྱི་ཆོ་ག་ཞིབ་མོ་ཡང་འདི་དག་ལགས་ སོ། ། འདི་ནི་འདིར་མདོ་སྡེ་ཡོངས་སུ་འཛིན་པར་བགྱིད་ལགས་སོ། ། ཏདྱ་ཐཱ། བྷ་ལེ་བྷ་ལ་མ་ལེ། དུ་ར་དུ་ལེ། ཧི་མེ། ཕུབ་པི་སེ། ཀཱ་ཙཱ་ཀྵི་ཀུ་ཙེ་སཱི། མ་མི་ནཱི་ཥེ་རེ་ཐོ་ར་ཎི་པ་མ་ཕི་བ་མ་པོ་ཊི་སྟེ་ཀེ། ཏ་ར་ཀེ། གུ་རུ་ ག་རོ།
BOགུག་གུ་མི་ཊི་ཏཱ་རེ། རཀྵ་སཱུ་ཏྲ་མ་ནུ་པཱ་ལ་ཡ་ཐཱ། འདི་ནི་བདག་ཅག་གི་རིག་སྔགས་ཀྱི་ཆོ་ག་ཞིབ་མོ་ལགས་ཏེ། གང་ལ་ལ་ཞིག་མདོ་སྡེ་འདི་དང་། གསང་སྔགས་ཀྱི་ཚིག་འདི་དག་དུམ་བུར་མ་གྱུར་བར་འཛིན་ཏམ། ཀློག་པར་བགྱིད་ན། དེ་ལ་མི་དང་མི་མ་ལགས་པ་དག་མཆི་བར་མི་འགྱུར་ཞིང་། གདུག་པ་ཡང་མི་མཆི། སྦྲུལ་ཡང་མི་མཆི། དུག་ཀྱང་མི་མཆི་ལ། དེའི་ལུས་ལ་གནོད་པ་དག་གིས་མི་ཚུགས་པར་འགྱུར་ལགས་སོ། ། འབྱུང་ པོ་ཐམས་ཅད་ཀྱང་དགའ་བར་འགྱུར་ལགས་སོ། ། ཇི་སྲིད་འཚོའི་བར་དུ་འབྱུང་པོ་ཐམས་ཅད་ལས་བསྲུང་བ་བགྱིས་པར་ཡང་འགྱུར་ལགས་སོ། ། གང་ཀློག་པར་བགྱིད་པ་དང་། གང་ཉན་པར་བགྱིད་པ་དེ་ལ་དགུང་ལོ་ བདུན་དུ་བསྲུང་བ་བགྱིས་པར་འགྱུར་ལགས་སོ། ། ཆབ་ལ་བཟླས་བརྗོད་བགྱིས་ཏེ་གཏོར་ཏམ་འཚལ་དུ་སྩལ་ན། དེའི་བྲོ་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ལ་འདོད་པའི་བདག་པོ་ཐམས་ཅད་ ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ནི་བདག་ཅག་གི་ཡུལ་ཡང་ལགས་ཏེ། མདོ་སྡེ་འདི་ཡོངས་སུ་གཟུང་བའི་རིག་སྔགས་ནི་འདི་ལགས་སོ། ། ཏདྱ་ཐཱ། ལིནྟེ། ལི་པེ། ལོ་པེ། པ་པེ། པྃ་ཀེ་ཀ་མ། ཀཱ་ཙེ་ཀཱ་ཙེ་ཀྵི། ཀཱ་ཙ་པིཾ་ག་ལེ།
BOདུ་མེ་དུ་མེ་དུ་མེ། ཏ་ཊེ་ཏད་ཏྲ་ཊེ། ཏྲ་ཏྲཱ་ཀྵི། ཀོ་ལཱ། ཀོ་ལི། ཀི་ཀ་ཀོ་ལི་ཀེ། སཱདྷཱུ། སཱུ་ཏྲ་མ་ནུ་པཱ་ལ་ཡ་ཐཱ། ཨུད་གྲྀཧྞ་ཡ་ཙེ་ཏི། བཅོམ་ལྡན་འདས་གང་ཞིག་གསང་སྔགས་ཀྱི་ཚིག་འདི་དག་དང་། མདོ་ སྡེ་ལེགས་པར་གསུངས་པ་འདི་དུམ་བུར་མ་གྱུར་པ་དང་། མ་ཉམས་པར་བཟུང་སྟེ། སྲུང་བར་བགྱིད་ན་དེ་ནི་ཐམས་ཅད་ལས་བསྲུང་བ་བགྱིས་པར་འགྱུར་ལགས་སོ། ། འབྱུང་པོ་ཐམས་ཅད་ཀྱང་དགའ་བར་འགྱུར་ལགས་སོ། ། ཇི་ཙམ་ འཚལ་བ་དེ་ཙམ་གྱི་དགུང་ཆར་འབབ་པར་ཡང་འགྱུར། འཆད་པར་ཡང་འགྱུར། དགུང་སེར་འབབས་པར་ཡང་འགྱུར། འཆད་པར་ཡང་འགྱུར་ལགས་སོ། ། འབྱུང་པོ་དང་གདོན་རྣམས་ལས་ཡོངས་སུ་ཐར་བར་ཡང་འགྱུར་ལགས་ སོ། ། དུག་འབྱིན་པར་ཡང་འགྱུར་ལགས་སོ། ། ཆབ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་གཏོར་རམ་འཚལ་དུ་སྩལ་ན། དེས་བྲོ་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་ གྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གི་རིག་སྔགས་འདི་ཡང་དེ་བཞིན་དུ་མདོ་སྡེ་འདི་ཡོངས་སུ་འཛིན་པར་བགྱིད་ཅིང་། འདོད་པ་ན་སྤྱོད་པའི་ལྷ་གོང་མ་རྣམས་ཀྱིས་ནི་རྗེས་སུ་ཡི་རང་བར་བགྱིས་ལ།
BOའོག་མ་རྣམས་ཀྱིས་ཀྱང་ ལེགས་པར་རྗེས་སུ་ཡི་རང་བར་བགྱིས་པ་ལགས་སོ། ། ཏདྱ་ཐཱ། བཱི་རེ་བཱི་ར་བ་ཏི། ཏོ་ཊེ་ཏོ་ཊ་བ་ཏི། བྷ་དྲེ་བྷ་དྲ་བ་ཏི། གོ་ནེ་གོ་ན་བ་ཏི། མེ་གྷེ་མེ་གྷ་བ་ཏི། ཛྭ་ལ་ནེ་ཛྭ་ལ་ན་བ་ཏི། པཱུ་ཏེ་བྷུ་ཏ་བ་ཏི། ཁོ་ར་ཏེ་ཁོ་ར་ཏ་བ་ཏི། ཨི་ ད་ན་སཱུ་ཏྲ་མ་ནུ་གྲྀཧྞ་ཐ། ཨ་ནུ་པཱ་ལ་ཡ་ཐ་ཙེ་ཏི། བཅོམ་ལྡན་འདས་གང་ཞིག་མདོ་སྡེ་འདི་དང་། གསང་སྔགས་ཀྱི་ཚིག་འདི་དག་དུམ་བུར་མ་གྱུར་པར་འཛིན་པར་བགྱིད་ན། དེ་ཇི་སྲིད་འཚོའི་བར་དུ་འབྱུང་པོ་ཐམས་ཅད་ལས་སྲུང་ བར་བགྱིད་པར་འགྱུར་ལགས་སོ། ། དེ་ལ་མི་དང་མི་མ་ལགས་པ་འགའ་ཡང་འཚེ་བར་མི་འགྱུར་ལགས་སོ། ། གང་དུ་ཀློག་པ་དེར་ཇི་སྲིད་འཚོའི་བར་དུ་སྲུང་བ་བགྱིད་པར་འགྱུར་ལགས་སོ། ། སེམས་ཅན་ཐམས་ཅད་ཀྱང་དགའ་ བར་འགྱུར་ལགས་སོ། ། དེ་ལ་ཟིལ་གྱིས་གནོན་པ་འགའ་ཡང་འབྱུང་བར་མི་འགྱུར་ལགས་སོ། ། དེའི་ལུས་ལ་བྲོ་ནད་རྣམས་ཀྱིས་མི་ཚུགས་པར་འགྱུར་ལགས་སོ། ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་ཡང་འགྱུར་ ལགས་སོ། ། གང་དུ་ཀློག་པར་འགྱུར་བ་དེར་དགུང་ལོ་བདུན་དུ་བསྲུང་བ་བགྱིས་པར་འགྱུར་རོ། ། འབྱུང་པོ་དང་གདོན་རྣམས་ལས་ཐར་བར་ཡང་འགྱུར་ལགས་སོ། །
BOདུག་འཇོམས་པར་ཡང་འགྱུར་ལགས་སོ། ། བྲོ་ནད་ཐམས་ ཅད་སེལ་བར་ཡང་འགྱུར་ལགས་སོ། ། སྐུད་པ་འམ་ཆབ་ལ་བཟླས་བརྗོད་བགྱིས་ཏེ་བཅིངས་སམ་གཏོར་ན། བྲོ་ནད་ཐམས་ཅད་དང་བྲལ་བར་ཡང་འགྱུར་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིའི་རིག་སྔགས་འདི་ཡང་མདོ་སྡེ་འདི་ཡོངས་སུ་འཛིན་ཅིང་གྲུབ་པར་བགྱིད་པ་ལགས་སོ། ། རྣམ་ཐོས་ཀྱི་བུས་གསོལ་བ། ཏདྱ་ཐཱ། ཀུ་རེ་ཀུ་ར་ཎཱི། མོ་རེ་མོ་ར་ ཎཱི། ཀཱ་ཙེ་ཀཱ་ཙ་ནཱི། ཀྲི་མི་ཀྲི་མི་ཎཱི། ཡུལ་འཁོར་སྲུང་གིས་གསོལ་པ། པུ་རེ་པོ་རེ་པུ་ར་ཏཱི། ཧོ་རེ་ཧོ་ར་ཎཱི། པྲ་ཧོ་རེ་ཧོ་ར་ཎཱི། འཕགས་སྐྱེས་པོས་གསོལ་པ། ཀི་ཤེ་ཀེ་ཤ་བ་ཏི། ཀེ་ཤ་ནི་མ་ཀེ། ཤ་ཋེ་ཏི་ཋེ་བ་ཏི། མི་རི་ཏི། མིག་མི་བཟང་གིས་གསོལ་བ། ཙཀྲེ། ཙཀྲི་ཎི། ཙཀྲ་པཱ་གི་ནི། བྷི་ཏི་རི་རྨི་ནི། ཤི་མི་ཤི་མི་ཤཱ་མ་ནེ་ཏི། བཅོམ་ལྡན་འདས་གང་ཞིག་རྒྱལ་པོ་ཆེན་པོ་བཞིས་བརྗོད་པའི་རིག་སྔགས་ཀྱི་ཆོ་ག་ཞིབ་མོ་འདི་བཞི་དང་མདོ་ སྡེ་འདི་དུམ་བུར་མ་གྱུར་པ་དང་། མ་བཀོལ་བར་ལེགས་པར་བཟུང་སྟེ་སྲུང་བར་བགྱིད་ན།
BOདེ་ཇི་སྲིད་འཚོའི་བར་དུ་བསྲུང་བ་བགྱིས་པར་འགྱུར་ལགས་སོ། ། དེ་ལ་འབྱུང་པོ་ཐམས་ཅད་དང་། བྲོ་ནད་ཐམས་ཅད་ཀྱང་སླར་མི་ལྡོག་པར་ འགྱུར་ལགས་སོ། ། གདུག་པས་ཟིན་པ་དང་། དུག་ཐམས་ཅད་ལས་ཀྱང་ཐར་བར་འགྱུར་ལགས་སོ། ། སྐུད་པའམ་ཆབ་ལ་བཟླས་བརྗོད་བགྱིས་ཏེ་བཅིངས་སམ། གཏོར་ཅིང་འཚལ་དུ་སྩལ་ན་ཆོ་ག་དེས་དེ་ལ་འགྲུབ་པར་འགྱུར་ ལགས་སོ། ། དེ་ནས་བཅོམ་ལྡན་འདས་ལ། ལྷ་མ་ཡིན་དང་། རླུང་ལྷས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གི་རིག་སྔགས་འདི་ཡང་མདོ་སྡེ་འདི་ཡོངས་སུ་འཛིན་པར་བགྱིད་པ་ལགས་སོ། ། ཏདྱ་ཐཱ། ག་ལེ་ ག་ག་ག་ལེ། ག་ལེ་ག་ནི། ཁི་ནི་ཁི་ནི། གྷུ་ཥུ། གྷུ་ཥུ་གྷུ་གྷུ་ཥུ། ཁ་ནེ་ཁ་ཁེ་ནེ། ཁ་ན་ཁ་ནི། ལུ་པེ་ལུ་པི། ལུ་པ་ལུ་པེ་ཏི། བཅོམ་ལྡན་འདས་གསང་སྔགས་འདི་དག་དང་མདོ་སྡེ་འདི་དུམ་བུར་མ་གྱུར་ཅིང་མ་བཀོལ་བར་ བཟུང་ན་ཇི་སྲིད་འཚོའི་བར་དུ་སྲུང་བར་འགྱུར་ལགས་སོ། ། དེའི་བྲོ་ནད་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་ལགས་སོ། ། ལུས་ལ་དུག་གིས་མི་ཚུགས་པར་ཡང་འགྱུར་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ལ་གནས་གཙང་མའི་རིས་ཀྱི་ ལྷ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །
BOབཙུན་པ་བཅོམ་ལྡན་འདས་མདོ་སྡེ་འདིའི་དགོངས་པ་ཡོངས་སུ་གཟུང་བའི་སླད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ལྷགས་པ་རྣམས་ཀྱིས་རིག་སྔགས་དག་སྨྲས་ལགས་ན། བཅོམ་ལྡན་ འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པས་ཀྱང་ཡང་དག་པར་རྗེས་སུ་ཡི་རང་བར་མཛད་ཅིང་། ཀུན་དུ་བཟུང་བ་དང་། བསྲུང་བ་དང་བསྒྲུབ་པ་དག་ལེགས་པར་བཤད་དུ་གསོལ། དེ་ལྟར་ན་རིགས་ཀྱི་བུ་དེ་དག་གི་སྦྱིན་པར་བགྱི་བའི་ཆོས་ཀྱི་མདོ་སྡེ་ འདི་འབྲས་བུ་དང་བཅས་པར་འགྱུར་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཀྱིས་གསང་སྔགས་ཀུན་དུ་བཟུང་བ་འདི་ནི་གྲུབ་པ་ཡིན་ཏེ། ང་ཉན་ཐོས་ཀྱི་ཚོགས་དང་བཅས་པས་ཀྱང་མདོ་སྡེ་འདིའི་གྲུབ་པ་དང་ བསྲུང་བ་དང་བསྒྲུབ་པ་དག་བཤད་པར་བྱ་སྟེ། དེ་ཉོན་ཅིག་དང་བཤད་པར་བྱའོ། ། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་ལགས་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པས་མདོ་ཆེན་ པོ་འདི་གྲུབ་པར་བགྱི་བའི་སླད་དུ་བསྲུང་བ་དང་བསྒྲུབ་པ་དག་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་གྲུབ་པར་བྱ་བའི་ཕྱིར་བསྲུང་བ་དང་བསྒྲུབ་པ་དག་བཀའ་སྩལ་པ།
BOདེ་ལ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་གྲུབ་པ་ནི་ འདི་ཡིན་ནོ། ། ཏཱ་ལ་ཏཱ་ལ། ཏཱ་ན་ཏཱ་ལ། ཏ་ཏོ་ཏ་ལེ་མ་ཏ། ལན་ཅིག་ཕྱིར་འོང་བའི་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ། ། ས་ལེ་ས་ས་ལི་ཏི། ཕྱིར་མི་འོང་བ་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ། ། ལ་ཏེ་ལ་ཏེ་ལོ་ལ་ཏི། དགྲ་བཅོམ་པ་ རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ། ། དྷུ་པུ་དྷུ་པུ། དྷུ་རུ་དྷུ་རུ། ཀ་ཙ་བི་ཀ་ཙི་ཀ་ཙ་པི་ཀ་ཙ་ཏི། དེ་ནས་བཅོམ་ལྡན་འདས་ཀྱི་གྲུབ་པ་ནི་འདི་ཡིན་ནོ། ། དྷ་མེ་དྷུ་མེ། དྷ་སེ་དྷ་སེ། དྷ་སོ་དྷ་སེ། དྷ་རེ་དྷ་དྷ་རེ། དྷ་རོ་ དྷིདྡྷི་ཏི། དེ་ལ་སྲུང་བ་ནི་འདི་ཡིན་ནོ། ། ཏི་ན་ཏི་རི། ཙི་རཀྵ། བི་ག་ལ་ཀྵི་རཀྵ། མཚམས་གཅད་པ་ནི་འདི་ཡིན་ནོ། ། བདྡྷ། བདྡྷོ་ཏི་བདྡྷ། སི་རི་མི་ཏི་བདྡྷ། གྷུ་ཥེ་བདྡྷ། གྷུ་གྷུ་ཤེ་བདྡྷ། གྷུ་ཥ་ག་ཥེ་ཡ་མ་བདྡྷ་བྷི། སྒྲུབ་པ་ནི་འདི་ཡིན་ནོ། ། པི་ཁེ་སཱ་དྷ་ཡ། ཏུ་ཏུ་ལེ་སཱ་དྷ་ཡེ་ཏི། ཞག་གསུམ་སྨྱུང་བ་བྱས་པས་ཚེས་{བཅྭ་,བཅོ་}ལྔའི་ཉིན་པར་གསང་སྔགས་ཀྱི་ཚིག་འདི་དག་དང་། མདོ་སྡེ་འདིས་བཅོམ་ལྡན་འདས་ལ་མཆོད་པར་བྱས་ཏེ། ཁ་ཤར་ཕྱོགས་སུ་བལྟས་ལ་སྲུང་བ་ལན་བརྒྱ་བརྗོད་པར་བྱ་ ཞིང་།
BOབཟླས་བརྗོད་ལན་བརྒྱ་བྱས་ལ། མདུད་པ་རེ་རེ་ལ་བརྒྱ་རྩ་བརྒྱད་བྱས་ན་བསྲུང་བ་བྱས་པ་ཡིན་ཞིང་། ལན་གསུམ་སྤུ་ཟིང་ཞེས་བྱེད་པར་ཡང་འགྱུར་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། ། ཟླ་བ་ཡར་གྱི་ངོའི་ཚེས་བཅུ་ གཉིས་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ། སྐུད་པ་དེ་ལག་ཏུ་བླངས་ཏེ་བཟླས་ཤིང་མཚམས་གཅད་པར་བྱ་སྟེ། ལན་བརྒྱ་རྩ་བརྒྱད་བརྗོད་ཅིང་མདུད་པ་བརྒྱ་རྩ་བརྒྱད་བྱས་ཏེ། མཚམས་གཅོད་པར་བྱེད་ན་ལན་བདུན་སྤུ་ཟིང་ཞེས་བྱེད་པར་ཡང་ འགྱུར་རོ། ། ལྷོ་ཕྱོགས་ནས་ཅེ་སྤྱང་མོས་ལན་གསུམ་སྒྲ་ཕྱུང་སྟེ་འདུག་པར་གྱུར་ན། དེ་ནས་མཚམས་གཅད་པར་ཤེས་པར་བྱའོ། ། དེས་དེ་བཞིན་དུ་སྨྱུང་བ་བྱས་ཏེ། ཚེས་{བཅྭ་,བཅོ་}ལྔའི་ཉིན་པར་ཁྲུས་བྱས་ལ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ ཏེ་སྐུད་པ་བླངས་ལ། ཉན་ཐོས་ཀྱི་ཚིག་རྣམས་དང་། བཅོམ་ལྡན་འདས་ཀྱི་ཆོ་ག་ཞིབ་མོས་ལན་བདུན་བཟླས་ཏེ། བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བརྗོད་ཅིང་། མདུད་པ་བརྒྱ་རྩ་བརྒྱད་བྱས་ལ། སྐུད་པ་ལག་ཏུ་བླངས་ཏེ་རིག་སྔགས་ཐམས་ཅད་ ལན་ཅིག་བཟླས་བརྗོད་བྱས་ཤིང་། སྒྲུབ་པ་བྱས་ན་ཆར་བ་ཆེན་པོ་དང་། རླུང་ཆེན་པོ་ཡང་འབྱུང་སྟེ།
BOམཚམས་ཀྱི་ཕྱི་རོལ་དུ་ལྡང་ཞིང་འབབ་པར་འགྱུར་ལ། སྐད་ཅིག་གིས་འཆད་པར་ཡང་འགྱུར་ཏེ། ལན་བདུན་གྱི་བར་དུ་ཡང་བརྗོད་པར་ བྱའོ། ། དེ་ནས་ལྷའི་བུ་སྤྲིན་ཆེན་ཞེས་བྱ་བ་དང་། སྤྲིན་{བཟངས་,བཟང་}ཞེས་བྱ་བ་གཉིས་འོངས་ཏེ། དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཞིང་གྲུབ་པ་སྦྱིན་པ་དང་། རྗེས་སུ་ཡི་རང་བར་ཡང་འགྱུར་རོ། ། དེ་ལ་གྲུབ་པ་ནི་འདི་དག་ཡིན་ཏེ། སྤྲིན་ ནི། ཀུ་ཙུ་ཀུ་ཙ་ཞེས་བྱའོ། ། སྤྲིན་{བཟངས་ཀྱི་,བཟང་གི་}ནི་འདི་ཡིན་ཏེ། ཀ་ར་ཀ་ར་ཀཱ་ར་ར་ཞེས་བྱའོ། ། ཚིག་འདི་དག་དང་། སྐུད་པ་ལག་ཏུ་བླངས་པས་མདོ་སྡེ་དང་། གསང་སྔགས་རྣམས་བསམས་ན་གང་བྱ་བར་འདོད་པ་དེ་དག་ཐམས་ཅད་བྱེད་པར་ འགྱུར་རོ། ། བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་། རིག་སྔགས་འདི་དག་ཐམས་ཅད་ཀྱིས་ཆུའམ། སྐུད་པ་ལ་བཟླས་ན་གང་བྱེད་པར་མི་འགྱུར་བ་དེ་མེད་དེ། ལས་ཐམས་ཅད་འགྲུབ་པར་འགྱུར་རོ། ། ཇི་སྲིད་འཚོའི་བར་དུ་བདག་དང་གཞན་ དག་བསྲུང་བའི་ཕྱིར་མདོ་སྡེ་འདི་གཟུང་བར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །
BOའབྱུང་པོ་གང་དག་འདིར་ནི་ ལྷགས་གྱུར་ཅིང་། ། ས་དང་བར་སྣང་དག་ལ་འཁོད་པ་རྣམས། ། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། ། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག ། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཞེས་བྱ་བ་རྫོགས་{སྷོ,སོ}། ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། །