The Essence of the Sky Dancer's Flame

མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད།

The Essence of the Sky Dancer's Flame

མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད།

BO
༄༅༅། ། རྒྱ་གར་སྐད་དུ། ཌཱ་ཀི་ནཱི་ཨགྣི་ཛི་ཧྭ་ཛྭ་ལཱ་ཏནྟྲ། བོད་སྐད་དུ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད། སྲིད་གསུམ་འཇིགས་བྱེད་ དྲག་པོ་རྡོ་རྗེའི་སྐུ། ། བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན། ། བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན། ། ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་རབ་རིའི་རྩེ་མོ་གཤིན་རྗེ་འབར་བའི་ཕོ་བྲང་། གནོད་སྦྱིན་ཨུཏྤ་ལའི་གདོང་གནས་པའི་དུར་ཁྲོད། སྲིན་པོ་མ་ཏངྐ་རུ་ཏྲ་ཀའི་འཆག་ས། བདུད་གཙུག་ཕུད་ནག་པོའི་ཁང་པ། རྩུབ་འགྱུར་གྱི་ཚལ་ཆེན་པོ། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པའི་གནས། འབྱུང་པོ་དགེ་བ་ཁ་ཊྭཱྃ་གའི་ཤིང་ནག་པོ་ཏི་ ཤ་ཀ་སྐྱེས། སྲིན་མོ་ཀངྐཱ་ལ་ཟངས་ཀྱི་གཤོག་པ་མེ་ལྟར་འབར་བའི་ཞིང་ཁམས་མི་རོ་གསར་རྙིང་མང་པོ་ཡོད་པ། ནམ་མཁའ་ལས་ཏྲི་ཤཱུལ་དང་འཁོར་ལོ་དང་ལྕེ་འབབ་པ། ས་གཞི་ལས་རལ་གྲི་དང་། སྤུ་གྲི་དང་མདུང་རྩེ་ལྔ་པ་སྐྱེས་པ། རི་བོ་ཐམས་ཅད་ཀེང་ རུས་སུ་སྣང་བ། ཆུ་ཀླུང་ཐམས་ཅད་རྣག་ཁྲག་ཏུ་འབབ་པ། ས་ཕྱོགས་ཐམས་ཅད་ནི་མི་རོ་ཨུཏྤ་ལ་སྔོན་པོའི་དྲི་མནམ་པ། ཉེ་འཁོར་ན་རྔམ་པ་དང་།
BO
ངུ་བའི་ང་རོ་རབ་ཏུ་འཇིགས་པ་དྲག་སྟེ། ཤིན་ཏུ་འཇིགས་པ་རབ་ཏུ་སྐྱི་གཡའ་བའི་གནས་དེ་ན། བཅོམ་ ལྡན་འདས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོ། རིགས་སྔགས་དང་གསང་སྔགས་ཀྱི་བདག་པོ། ཐབས་དང་ཤེས་རབ་ཀྱི་དབང་ཕྱུག ། སྐུ་དང་ཡེ་ཤེས་ཀྱི་རང་བཞིན། དྲག་པོ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་སྙིང་རྗེ་ཆེན་པོ་གཏུམ་ཞིང་ཁྲོ་བ། ལུས་བསྐལ་ པའི་མེ་ཆེན་པོ་ལྟར་འབར་བ། སྲིད་པ་གསུམ་དང་བདུད་བཞི་དང་། ཉོན་མོངས་པ་བརྒྱད་ཁྲི་དང་། སྒྲིབ་པ་རྣམ་པ་གཉིས་ལས་རབ་ཏུ་རྒྱལ་བ། སངས་རྒྱས་སྟོང་རྩ་བརྒྱད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ལས་གྲུབ་པ། ལྷ་མ་སྲིན་སྡེ་བརྒྱད་ ཀྱིས་མཆོད་ཅིང་ཕྱག་བྱས་པ། ཉི་མ་སྟོང་གི་གཟི་དང་ལྡན་པ། དབུ་སྐྲ་ཁམ་པ་གྱེན་ལ་བརྫེས་པ། སྤྱན་སྡང་མིག་མེ་ལྟར་འབར་བ། ཤངས་ཀྱི་རླུང་སྒྲོམ་ནས་བསྐལ་པའི་རླུང་འབྱུང་བ། ཞལ་གྱི་མཆེ་བ་རྡོ་རྗེ་ཟླ་ཚེས་སུ་གཙིགས་པ། རིན་ པོ་ཆེ་མརྒཏྟས་དབུ་བརྒྱན་པ། རིགས་ལྔའི་རྒྱལ་བ་མི་བསྐྱོད་པ་བཞུགས་པ། ཐོད་པ་སྐམ་རློན་གྱི་དབུ་རྒྱན་དང་མགུར་ཆུ་ཅན། མཆོག་དང་གླང་གི་ཀོ་བས་བརྒྱན་པ། ལག་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ ཐོད་དུ་བཅིངས་པ།
BO
ཀླུ་ཏཀྵ་ཀས་རྐེད་ཆིངས་བྱས་པ། ཀླུ་ཀུན་ནས་གདུགས་དང་། སོག་མ་མེད་ཀྱིས་གདན་ཁྲི་བྱས་ཏེ། ཁྲོ་བོ་ཆེན་པོའི་ཆ་བྱད་དུ་བྱས་ནས་བཞུགས་སོ། ། དེའི་འཁོར་ནི་ཚངས་པ་དང་། འཇུག་སྲེད་དང་། བརྒྱ་བྱིན་དང་། མ་ཧཱ་ཀཱ་ལི་དང་། དྲང་སྲོང་མེ་བཞི་འཇུག་དང་། ཐང་ལ་གནས་དང་། གཤིན་རྗེ་རྟེལ་པ་ནག་པོ་དང་། སྲིན་པོ་རཱ་མ་ཎ་དང་། ཆུའི་ལྷ་དང་། རླུང་གི་ལྷ་དང་། གནོད་སྦྱིན་ཆེན་པོ་ཀུ་བེ་ར་དང་། འབྱུང་པོ་དབང་ལྡན་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། ས་བདག་ ལག་ཆེན་དང་། མ་མོ་ནག་མོ་རལ་གཅིག་མ་དང་། ལྟོ་འཕྱེ་རབ་བརྟན་དང་། གྲུལ་བུམ་དང་། དྲི་ཟ་དང་། མིའམ་ཅི་དང་། རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། འབྱུང་པོ་ཕོ་མོ་དང་། གཅན་གཟན་གྱི་ཚོགས་ནི་སེང་གེ་དང་། སྟག་དང་། ཁྭ་དང་། སྤྱང་གི་དང་། དོམ་དང་། ཆུ་སྲིན་དང་། གུང་དང་། གཟིག་དང་། ཅེ་སྤྱང་དང་། སྲེ་མོ་དང་། ཁྱི་ལི་འདུ་དང་། འཕར་བ་དང་། སྲམ་དང་། བྱའི་ཚོགས་ཀྱང་བྱ་རྒོད་དང་། ཆུ་ཀླག་དང་། དུར་བྱ་ཀངྐ་དང་། བཞད་དང་། ཁྱུང་ དང་། བྱ་རོག་དང་། སོ་བྱ་དང་། འུག་པ་དང་། ཁྲ་དང་། སྐྱེ་ག་དང་། སྲིན་བྱ་དང་། ཤང་ཤང་ཏེའུ་དང་།
BO
ནེ་ཙོ་ཡང་ཡོད་དོ། ། གཞན་ཡང་གླང་པོ་དང་། ཤ་སྦྲང་དང་། སྦྲུལ་གདུག་པ་ཅན་དང་། རུས་སྦལ་དང་། རྔ་མོ་དང་། བསེ་དང་། ཕག་རྒོད་ དང་། བ་མེན་དང་། ཁྱི་སྙ་དང་། ཤ་བ་དང་། གླ་བ་ལ་སོགས་པས་བསྐོར་ཏེ་བཞུགས་སོ། ། དེའི་ཚེ་འཁོར་འདུས་པ་དེ་རྣམས་ཀྱི་ནང་ནས་གླང་པོ་ཆེ་རབ་ཏུ་བརྟན་པ་གཙུག་ན་གསེར་གྱི་དྲ་བས་བརྒྱན་པ། མགོ་བོ་སུམ་ཅུ་རྩ་གསུམ་ཡོད་པའི་སྟེང་ན། ཉེ་དབང་སུམ་ཅུ་རྩ་གཉིས་ཀྱི་དབུས་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ། སྤྱི་བོའི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ། ལུས་ལ་གསེར་དང་། བཻ་ཌཱུརྱས་བརྒྱན་པ། དེས་འཁོར་ལོས་སྒྱུར་བའི་ཆ་བྱད་དུ་བྱས་ནས། གླང་པོ་ཆེའི་སྟན་ ལས་ལངས་ཏེ། དཔལ་ཕྱག་ན་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས་ནས། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་བྱས་སོ། ། དེ་ནས་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། ། རྡོ་རྗེ་འཛིན་པ་གསང་དབང་པོ། ། ཡིད་བཞིན་ནོར་བུ་རབ་འདྲ་ཞིང་། ། དངོས་གྲུབ་ ཚོགས་ལ་མངའ་བརྙེས་ཁྱོད། ། སྙིང་རྗེ་བདག་པོ་ཡིན་པས་ན། ། མ་འོངས་སེམས་ཅན་སྐལ་ལྡན་གྱི། ། རྡོ་རྗེ་མཁའ་འགྲོ་གོ་འཕང་མཆོག ། ནག་མོ་མེ་ལྕེ་འབར་བའི་རྒྱུད། །
BO
བདག་ནི་ཁྱོད་ལ་དྲི་བར་འཚལ། ། དེང་འདིར་སྟོན་པས་སྐབས་འབྱེད་ཞུ། ། ཞེས་གསོལ་པ་ དང་། དཔལ་ཧཱུྃ་མཛད་ཆེན་པོ་དེས་མེ་འབར་བའི་གདན་ལས་བཞེངས་ཏེ། རྡོ་རྗེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྒྱ་བྱིན་ལ་སེང་གེའི་ལྟ་སྟངས་ཀྱིས་གཟིགས་ནས། གླང་པོ་ཆེའི་འགྱིང་བག་ཏུ་གོམ་པ་གསུམ་བོར་ཏེ། ཧཱུྃ་ཧཱུྃ་ཧཱུྃ་གི་སྔགས་བཟླས་ ཏེ། ཡེ་ཤེས་ཀྱི་ཕྱག་གིས་རྡོ་རྗེ་ལན་གསུམ་ནམ་མཁའ་ལ་དྲིལ་ཏེ། འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། ། དེ་ནས་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྙིང་རྗེའི་ཡིད་ཀྱིས་བརྒྱ་བྱིན་ཉོན། ། སྐལ་ལྡན་དུས་མཐའི་སེམས་ཅན་རྣམས། ། མི་ནུབ་ ཆོས་ཀྱི་རྒྱལ་མཚན་དང་། ། རྡོ་རྗེ་མཁའ་འགྲོ་མེ་ལྕེའི་རྒྱུད། ། བདག་གཞན་དོན་ལ་འཇིགས་མེད་པ། ། ངས་བཤད་ཁྱོད་ཀྱི་ཡིད་ཀྱིས་ཟུང་། ཞེས་བཀའ་སྩལ་པ་དང་། བརྒྱ་བྱིན་ལ་སོགས་པའི་འཁོར་ཤིན་ཏུ་དགའ་བ་དང་། སྤྲོ་བ་སྐྱེས་ནས། ལ་ལས་ནི་མེ་ཏོག་མནྡཱ་ར་བ་དང་། པུཎྜ་རི་ཀ་དང་། པདྨ་དང་། ཨུཏྤ་ལ་དང་། ཙམ་པ་ཀ་དང་། བུ་རམ་དང་། བདུག་སྤོས་དང་། མར་མེ་དང་། བྱུག་པ་དང་། ཁ་ཟས་དང་། གདུགས་དང་། བ་དན་དང་།
BO
བསིལ་ཡབ་དང་། བླ་རེ་དང་། རྒྱལ་མཚན་དང་། འཕན་ལ་སོགས་པ་ཕྱིའི་མཆོད་པས་མཆོད་དོ། ། འཁོར་ལ་ལས་ནི་བདུད་རྩི་རྣམ་པ་ལྔ་དང་། ལྕགས་ཀྱུ་ལ་སོགས་པ་ནང་གི་མཆོད་པས་མཆོད་དོ། ། འཁོར་ལ་ལས་ལྷ་མོ་དང་གནོད་སྦྱིན་མོའི་ཆ་བྱད་དུ་བྱས་ནས་གསང་བའི་མཆོད་པས་ཕུལ་ལོ། ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་ གསོལ་ཏོ། ། ཁྲོ་ཆེན་དུས་མཐའི་མེ་ལྟར་འབར། ། དྲག་པོ་ཧཱུྃ་མཛད་རྡོ་རྗེ་འཛིན། ། ད་ལྟར་འདོད་པའི་ཁམས་འདི་ན། ། ལྷ་མོ་ནག་མོ་ཞེས་བྱ་བ། ། གཏུམ་ཞིང་ཁྲོ་ལ་ལུས་ཀྱང་འཇིགས། ། སྲིད་གསུམ་སྐྲག་པའི་ནུས་མཐུ་ཅན། ། དངོས་གྲུབ་དམ་པའི་གཞིར་གྱུར་འདི། ། དང་པོ་གླེང་ གཞི་རྒྱུ་ཡི་རྒྱུད། ། སློབ་དཔོན་སློབ་མ་གང་གི་རྒྱུད། ། དོན་དམ་ཀུན་རྫོབ་ལྟ་བའི་རྒྱུད། ། དཀྱིལ་འཁོར་དམ་པ་གསུམ་གྱི་རྒྱུད། ། ཐང་ཀ་ལྷ་རྟེན་སྐུ་གཟུགས་རྒྱུད། ། དཔོན་དང་གཡོག་ནི་དམ་རྫས་རྒྱུད། ། བསྐྱེད་དང་རྫོགས་ནི་ཏིང་འཛིན་རྒྱུད། ། རྗེ་དང་ཁོལ་གྱི་སྔགས་ ཀྱི་རྒྱུད། ། བཅའ་བ་ཕྱག་རྒྱ་བཅུ་གཉིས་རྒྱུད། ། མཆོད་པ་གཏོར་མ་སྦྱིན་སྲེག་རྒྱུད། ། འདའ་བར་དཀའ་བ་དམ་ཚིག་རྒྱུད། །
BO
གྲུབ་པའི་དྲོད་ཚད་མཚན་མའི་རྒྱུད། ། སྤོགས་དང་གནད་ལ་དབབ་པའི་རྒྱུད། ། མི་འབྲལ་འགྲོགས་པ་གཟུངས་ཀྱི་རྒྱུད། ། པྲ་དང་མཚན་མ་ དབབ་པའི་རྒྱུད། ། དབང་བསྐུར་གནང་བ་སྦྱིན་པའི་རྒྱུད། ། སོ་སོ་ལས་ཀྱི་བྱེ་བྲག་རྒྱུད། ། མར་མེ་དང་ནི་བདུད་རྩི་རྒྱུད། ། ཐིག་ལེ་ཡེ་ཤེས་མན་ངག་རྒྱུད། ། ལྷ་སྲིན་སྡེ་བརྒྱད་བསྟོད་པའི་རྒྱུད། ། འཁོར་ལ་ཡོངས་སུ་གཏད་པའི་རྒྱུད། ། ཐ་མ་ལུང་དུ་བསྟན་པའི་རྒྱུད། ། དགོས་འབྲེལ་ཉི་ཤུ་རྩ་གཉིས་གང་། ། སྟོན་པས་བཀའ་སྩོལ་བདག་ཉན་འཚལ། ། དེ་སྐད་ཅེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། བརྒྱ་བྱིན་ལ་སོགས་པ་ཁྱེད་རྣམས་ཀྱིས། རྡོ་རྗེ་མཁའ་འགྲོ་མའི་དངོས་གྲུབ་འབྱུང་བའི་རྒྱུད་ ཆེན་པོ་ཞུ་བ་ཞུས་པ་ལེགས་སོ་ལེགས་སོ། ། ཁྱེད་ཀྱང་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག ། ངས་རྣམ་པར་ཕྱེ་བ་བསྟན་པར་བྱའོ། ། སྔོན་འདོད་པའི་ཁམས་འདི་ཉིད་ན། རི་རབ་ཀྱི་རྩེ་བྱང་ཤར་གྱི་མཚམས། ཤིང་ཡོངས་འདུས་བརྟོལ་ཞེས་བྱ་བ། རྩེ་མོ་ན་བྱ་ཁྱུང་ག་རུ་ཎ་གནས་པ། ལོ་མ་ལ་འདོད་པའི་ཡོན་ཏན་ལྔ་རང་འབྱུང་བ། འབྲས་བུ་ལ་རིན་པོ་ཆེ་སྣ་བདུན་ལོ་ཏོག་ལྟར་སྨིན་པ། ཡལ་གའི་རྩེ་གཡུའི་ཟེ་བའི་བར་བར་ན།
BO
ལྷ་དང་ལྷ་མོ་དང་། གཟའ་དང་སྐར་མ་དང་། ཉི་མ་དང་ཟླ་ བའི་ཚོགས་ཀྱིས་བརྒྱན་པ། རྩ་བའི་ངོས་ལ་ཁྲུས་ཀྱི་རྫིང་བུ་བདུན་ལ། རེ་རེ་ལ་ཤིང་རྟ་རེ་རེ། ཤིང་རྟ་རེ་རེ་ལ་བུ་མོ་བདུན་བདུན། བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་རྨ་བྱ་བདུན་བདུན་ཡོད་དོ། ། ཤིང་རྟ་དེའི་ས་ཕྱོགས་ ན། སྨན་གྱི་རྣམ་པ་སྣ་ཚོགས་དང་། ལོ་ཏོག་གི་རིགས་ཁྲི་ཕྲག་བཞི་རང་སྐྱེ་བ་ཙནྡན་དང་། ག་བུར་དང་། གོ་ཤིཪྵ་དང་། སྦྲུལ་གྱི་སྙིང་པོ་རྫིང་བུ་ལྔ་བརྒྱས་བསྐོར་ཏེ། དེ་ལྟ་བུའི་ཤིང་དེ་ཐུན་མོང་གི་བསོད་ནམས་ཀྱིས་སྐྱེས་སོ། ། དེའི་དུས་ལ་འདོད་པའི་ ཤིང་དེ་ནི་ལྷ་རྣམས་ཀྱིས་དབང་བྱེད་པའི་ཚེ། རི་རབ་ཀྱི་རྩ་བ་ན་འོད་མི་སྣང་བ་ཞེས་བྱ་བའི་གནས་ན། ལྷ་མ་ཡིན་གྱི་རྒྱལ་པོ་སུམ་བརྩེགས་དང་། ཐགས་ཟངས་རིས་དང་། ཧེ་རནྣ་ཀེ་ཤུན་དང་། རྣམ་པར་སྣང་བྱེད་དང་། རབ་སིམ་དང་། སྒྲ་གཅན་འཛིན་ ལ་སོགས་པ་བྱེ་བ་དུང་ཕྱུར་ཙམ། ཤིན་ཏུ་མི་སྡུག་པའི་ཆ་བྱད་དུ་བྱས་ནས། རབ་ཏུ་རྔམ་པའི་ང་རོ་དང་། འཇིགས་ཤིང་སྐྲག་པའི་མཚོན་ཆ་ཐོགས་ནས། རི་རབ་ཀྱི་ཁ་ཆོས་{བཟངས་,བཟང་}ཞེས་བྱ་བར་ལྷགས་སོ། ། དེ་ནས་རི་རབ་ཀྱི་ཁ་ལ་ལྷ་བ་སུ་དེ་བ་ དང་།
BO
ལྷ་མ་ཧཱ་དེ་བ་དང་། བརྒྱ་བྱིན་ཉིད་ལ་སོགས་པ། ལྷ་བྱེ་བ་དུང་ཕྱུར་ལ་ལྷ་མ་ཡིན་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། རི་རབ་རྩེ་གནས་སུམ་ཅུ་རྩ་གསུམ་ལྷ། ། ཤིང་འདིའི་ལྷ་དང་ལྷ་མིན་ཐུན་མོང་ལས། ། ད་ལྟ་འདོད་པའི་ཁྱེད་ཅག་ལྷ་ དབང་ན། ། ད་ནི་ངེད་ཅག་ལྷ་མིན་བདུད་ལ་བླང་། ། ཞེས་སྨྲས་པ་དང་། ལྷ་རྣམས་ཀྱིས་སླར་སྨྲས་པ། དཔག་བསམ་ཤིང་ལ་འདོད་ཡོན་བསམ་ཡས་ཀྱང་། ། བསོད་ནམས་དབང་གིས་ལྷ་ལ་ཡོངས་སུ་གྲུབ། ། གཞན་ལ་ཡོད་ན་སྐམས་ཤིང་མེད་པར་ འགྱུར། ། དེ་བས་ཁྱེད་ལ་ལྗོན་ཤིང་ངེད་མི་སྟེར། ། ཞེས་སྨྲས་པ་དང་། སླར་ལྷ་ལ་སྨྲས་པ། ཐུན་མོང་ལས་གྲུབ་བདེ་ལྡན་ལྗོན་པའི་ཤིང་། ། ལྷ་ཡིས་དབང་བྱས་ངེད་ལ་མི་སྟེར་ན། ། འཇིག་རྟེན་སྲེག་པའི་མཚོན་གྱི་ཆར་ཕབ་ལ། ། ལྷ་དང་ལྷ་མིན་གཡུལ་ ཆེན་འགྱེད་ཅེས་ཟེར། ། ཅེས་སྨྲས་ཏེ། སླར་ཡང་སོང་ནས་ལྷ་མ་ཡིན་གྱིས་དམག་དྲངས་སོ། ། གླང་པོ་ཆེ་ས་སྲུང་གི་མགོ་སུམ་ཅུ་རྩ་གཉིས་ལ་གནོད་སྦྱིན་སུམ་ཅུ་རྩ་གཉིས་ཞོན་ཏེ། དབུས་ཀྱི་མགོ་ལ་དབང་པོ་ཐགས་ཟངས་རིས་ཞོན་ཏེ། གླང་པོ་ཆེའི་སྣ་ ལ་ཀ་མ་ལ་ནག་པོ་བཏགས་ཏེ། ལྷ་མ་ཡིན་གྱི་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ།
BO
རྫུ་འཕྲུལ་གྱིས་ནམ་མཁའ་ལ་མཚོན་གྱི་ཆར་ཆེན་པོ་མེ་ལྕེ་འབར་བ་འདྲ་བའི་ཆར་འབེབས་ཏེ་དམག་དྲངས་སོ། ། དེ་ནས་ཆོས་{བཟངས་,བཟང་}ཞེས་བྱ་བའི་གདན་སར་ལྷ་རྣམས་ འཚོགས་ཏེ། འཐབ་པར་བརྩམས་པ་དང་། དང་པོ་ལྷ་རྣམས་ཀྱིས་ཁྲོ་མ་ཤེས་ནས་རྩུབ་འགྱུར་གྱི་ཁང་པ་ན། ཁྲོ་བོ་ལངྐ་ནག་པོ་ཁྲོས་པའི་ཁ་ཆུ་ཁྲོ་ཆུའི་རྫིང་བུ་བདུན་པའི་འཁྱིལ་པ་ལས་འཐུངས་སོ། ། དེར་ལྷ་རྣམས་ཞེ་སྡང་སྐྱེས་ཏེ་ཤིན་ཏུ་ཁྲོ་བར་གྱུར་ནས། བཟོའི་ལྷ་བི་ཤོ་ཀར་མས་ནུབ་གཅིག་ལ་གསེར་ཁྲབ་བྱེ་བ་ཕྲག་དགུ་འབུམ་རང་བརྡུངས་སོ། ། ལྷ་མ་ཧཱ་ཀྲོ་དྷ་ས་ནུབ་གཅིག་ལ་མཚོན་རལ་གྲི་དང་། འཁོར་ལོ་དང་། ཐོད་པ་དང་། ལྕགས་ཀྱུ་དང་། དགྲ་སྟ་དང་། མདུང་རྩེ་གསུམ་པ་བྱེ་བ་ཕྲག་དགུ་ཁྲི་དགུ་ འབུམ་རང་བརྡུངས་སོ། ། དུས་དེ་ཙམ་ན་ལྷ་རྣམས་གོ་མཚོན་ཐོགས་ཏེ། གླང་པོ་ཆེ་རབ་ཏུ་བརྟན་པའི་མགོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་ཞོན། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན། ལྷ་དམག་བྱེ་བ་དུང་ཕྱུར་གྱིས་མཐའ་ བརྟེན་ཏེ། གླང་པོ་ཆེའི་སྣ་ལ་རལ་གྲི་བཏགས་ནས་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་བཀྱེའོ། ། དུས་དེ་ཙམ་ན་ལྷས་མཚོན་བརྒྱབ་པ་རྣམས་ནི།
BO
ཁྲག་གར་ཕོག་པ་ལ་བདུད་ཀྱི་དམག་མི་ཁྲི་ཁྲི་ཙམ་དུ་འཕེལ་ལོ། ། ལྷ་མ་ཡིན་གྱིས་མཚོན་བརྒྱབ་པ་ལ་ནི་ཁྲག་ ལ་དམག་མ་འཕེལ་བར་ཤིའོ། ། དེར་ལྷ་ཐམས་ཅད་གཏིང་འཕམ་སྟེ། ལྷ་མ་ཡིན་རབ་ཏུ་རྒྱལ་བའི་དུས་སུ། ཕྱག་ན་རྡོ་རྗེ་ཉིད་ཀྱིས་ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར། དཔལ་བེའུ་དབུས་ནས་ཧཱུྃ་མཐིང་ནག་འབར་བ་གཅིག་སྤྲུལ་ཏེ། ལྷ་བིཋྞུ་རཱ་ཛའི་ དཔྲལ་བའི་དབྱིངས་སུ་ལྕགས་ཀྱི་མཛེར་པ་ཅིག་ཏུ་གྱུར་ཏོ། ། མཛེར་པ་བརྟོལ་བའི་ནང་ནས་བུད་མེད་སྔོན་མོ་དབུ་སྐྲ་བཻ་ཌཱུརྱའི་ཆུན་འཕྱངས་ཅན། མིག་ཨུཏྤ་ལའི་འདབ་མ་འདྲ་བ། མཚན་དང་དཔེ་བྱད་དུ་ལྡན་པ་ཅིག་བྱུང་ངོ་། ། དེ་ལ་ལྷ་རྣམས་ཀྱིས་ མིང་བཏགས་པ། ལྷ་མོ་ཨུ་མ་དེ་བ་བྱ་བར་བཏགས། ལྷའི་བུ་མོ་དེ་ཀུན་གྱི་ཆུང་མར་འདོད་པ་ལ། ནམ་མཁའ་ལ་ཕྱག་ན་རྡོ་རྗེས་ངའི་སྤྲུལ་པའི་ཚིགས་བཅད་འདི་བསྒྲགས་སོ། ། ལྷ་ཡི་རྒྱལ་སྲིད་མཐོ་ཞིང་བརྟན་པ་དང་། ། རིས་དྲུག་སེམས་ཅན་ དགེ་ལ་དགོད་པ་དང་། ། ལྷ་མིན་བདུད་ཀྱི་གཡུལ་ཆེན་བཟློག་པའི་ཕྱིར། ། དབང་ཕྱུག་ལྷ་ལ་ཨུ་མ་ཆུང་མར་བྱིན། ། ཞེས་བསྒྲགས་སོ། ། དུས་དེའི་ཚེ་ན་འཛམ་བུའི་གླིང་གི་ནུབ་བྱང་མཚམས། ཡཀྵ་ཀ་མ་ལ་འབར་བའི་དུར་ཁྲོད་ན།
BO
ལྷ་མ་ཧྭཱ་དེ་བ་དགེ་ སློང་གི་ཆ་ལུགས་སུ་འགོག་པའི་བརྟུལ་ཞུགས་དྲག་པོ་ལ་ཞུགས་པའི་དྲུང་དུ་ཨུ་མ་དེ་བ་ཁྲིད་ནས་ཞག་བདུན་ཕྲག་བདུན་དྲོད་ལ་བཙས་པས། འདོད་པའི་འཁྲིག་པ་སྤྱད་དོ། ། འཁྲིག་པ་སྤྱད་པའི་དབང་གིས་བར་སྣང་ལ་གཟའ་དང་སྐར་མ་བྱུང་ངོ་། ། དེར་ལྷ་མོ་ ཨུ་མ་དེ་བ་ལ་བུ་ཚ་མིང་སྲིང་གཉིས་སྐྱེས་སོ། ། མིང་པོ་ནི་གཤིན་རྗེ་མ་ཧཱ་ཀཱ་ལ་ཞེས་གྲགས་སོ། ། སྲིང་མོ་ནི་ལྷ་མོ་དམར་མོ་ཙ་མུཎྜི་ཞེས་བྱ་བར་གྲགས་སོ། ། གཤིན་རྗེ་མིང་སྲིང་དེ་གཉིས་ཆོས་{བཟངས་,བཟང་}ལྷའི་འདུན་སར་ཁྲིད་ནས་ཕྱིན་ཏོ། ། དེ་ནས་ཕྱག་ན་ རྡོ་རྗེ་ཉིད་ཀྱིས། ། གཤིན་རྗེའི་མིང་སྲིང་ལ། མ་ཧཱ་ཡཀྵ་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར་ཏེ། སྔར་བཞིན་དུ་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་ཆེན་པོ་བཀྱེའོ། ། དེ་ནས་གཤིན་རྗེ་མ་ཧཱ་ཀཱ་ལས། ལག་ན་གསལ་ཤིང་རི་རབ་ཙམ་གཅིག་གིས། ལྷ་མ་ཡིན་གྱི་གཡུལ་ངོར་དྲིལ་བས་གཡུལ་བཟློག་གོ། ། ཙ་མུཎྜིའི་རལ་གྲི་མེ་ལྕེ་ཕྲེང་བ་ཞེས་བྱ་བས། ལྷ་མ་ཡིན་ཧེ་ར་ཎ་ཀེ་ཤུའི་མགོ་བཅད་དོ། ། དེ་ནས་ལྷ་དམག་མང་པོས་ཀྱང་ལྷ་མ་ཡིན་ལ་མཚོན་ཆའི་ཆར་ཕབ་ནས། ཁྲག་རྣམས་ དམག་མིར་སྤྲུལ་པ་འདྲ་སྟེ།
BO
ལྷ་མོ་ཙ་མུཎྜིས་ཧེ་ར་ཎ་ཀེ་ཤུའི་ཐོད་པས། ཁྲག་བཅུས་ཤིང་རོལ་པས་འཕེལ་མ་ནུས་པར་བྱེད་ཀྱིན་མཚོན་གྱི་ཆར་ཕབ་ནས། ཙ་མུཎྜིའི་ལྟེ་བ་ལ་ལྷ་བྱེ་བ་དུང་ཕྱུར་རྣམས་ཀྱི་རྫོང་བྱས་པས་འཐབས་སོ། ། ལྷ་དམག་དཀར་པོ་རྒྱལ་ བར་བྱས་ཤིང་དཔག་བསམ་ཤིང་གི་མངའ་བདག་ཏུ་གྱུར་ཏེ། རྣམ་པར་རྒྱལ་བའི་ཁང་{བཟངས་ཀྱང་,བཟང་ཡང་}རང་བྱུང་དུ་ཡོད་དོ། ། ལྷ་མ་ཡིན་འཕམ་པར་གྱུར་ཏོ། ། བརྒྱ་བྱིན་ཉོན་ཅིག ། དེ་ནས་ལྷའི་བུ་མོ་ཙ་མུཎྜི་དེས། རི་ཁྲོད་ཆེན་པོ་མདངས་དགའ་ ཞེས་བྱ་བར། ཤིང་རི་ཁྲོད་ཞེས་བྱ་བའི་ལོ་མ་གྱོན་ནས། ལོ་བདུན་དུ་འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་པརྞྞ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བར་གྱུར་ཏོ། ། དེ་ནས་ལྷ་མོ་དེས་ཀླུ་དུང་གི་མཛེར་བ་ཅན་ཞེས་བྱ་བའི་བྱང་ ཆུབ་སེམས་དཔའ་དེ་བྱ་ཁྱུང་ཀ་རུ་ཎ་ཞེས་བྱ་བས་འཚེ་བ་ལ། ལྷ་མོ་པརྞྞ་ཤ་བ་རི་དེས་བྱ་ཁྱུང་བཏུལ་བས་ཀླུ་བསྐྱངས་ཏེ། ལྷ་མོ་དཀར་མོ་དུང་སྐྱོང་མ་ཞེས་བྱ་བར་གྱུར་ཏོ། ། ལྷ་མོ་དུང་སྐྱོང་མ་དེ་ནི་རི་རབ་རྩེ་མོ་རྣམ་པར་རྒྱལ་བའི་ཁང་{བཟངས་,བཟང་}རྩ། བྱང་ཤར་གྱི་མཚམས་བྱང་ཆུབ་ཀྱི་ཤིང་དྲུང་ན།
BO
རིན་པོ་ཆེའི་ཁང་པ་བདུན་བརྩེགས་ཀྱི་གཞལ་ཡས་ཀྱི་ཁང་ན། རིན་པོ་ཆེའི་ཁྲི་སྟེངས་ན། གསེར་དངུལ་བཻ་ཌཱུརྱའི་དབུ་རྒྱན་དང་མགུར་ཆུས་བརྒྱན་ཏེ། ལུས་འགྱིང་བག་ཏུ་བཞུགས་སོ། ། ལྷའི་བུ་ དང་བུ་མོ་མང་པོས་ཀྱང་ལོངས་སྤྱོད་དང་། གླུ་དང་དབྱངས་དང་། རོལ་མོ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱེད་དོ། ། བརྒྱ་བྱིན་ཉོན་ཅིག ། དེ་ནས་ཡུལ་ལངྐ་པུ་རི་རུ་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ། ལྷ་རྣམས་ཀྱིས་སྐྱོན་ཕབ་སྟེ། སྲིན་ པོ་ད་ཤ་བ་དང་། དེའི་སྲིང་མོ་རྣ་ལ་རྩེ་གཉིས་ལུས་སོ། ། དེ་ནས་སྲིན་པོ་ད་ཤ་གྲཱི་བས། ལྷ་དང་མི་འདུལ་འདོད་པའི་དོན་ཆེད་དུ། སྲིང་མོ་ལྷ་མ་ཧཱ་དེ་བ་ལ་བཙུན་མོར་ཕུལ་ལོ། ། དེ་ནས་ལྷ་དབང་ཕྱུག་མ་ཧཱ་དེ་བ་དང་། སྲིང་མོ་རྣ་ལ་རྩེ་གཉིས་ཚོགས་ པ་ལས། ཕས་ནི་ཁྱེ་འུར་སྨོན་ལམ་བཏབ། མས་ནི་བུ་མོར་སྨོན་ལམ་བཏབ། མའི་སྨོན་ལམ་མཐུ་བཙན་པས། ཡ་མཚན་ཅན་གྱི་བུ་མོ་གཅིག་བྱུང་། ཕ་ཁྲོས་ཕས་ཐལ་ཁུང་དུ་བོར་རོ། ། མས་སླར་བླངས་ནས་ལུས་ཀྱི་དྲོད་ལ་ བཙས་ནས། ཨཱ་ཨུ་བྷྲཱུྃ་ཞེས་ཚེ་དྲངས་གསོས་ཏེ། ཕས་མིང་བཏགས་པ་སྦས་པའི་ཐལ་མདོག་མར་མིང་བཏགས། མས་མིང་མི་ཕམ་ཁྲོ་གཉེར་རོ་ལངས་མར་མིང་བཏགས།
BO
གནོད་སྦྱིན་ལག་ན་རྡོ་རྗེས་དམོད་བཙུགས་ནས་མིང་བཏགས་པ། དུས་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྲགས་པར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ནུས་མཐུ་དང་ལྡན་པར་གྱུར་ཅིག་ཅེས་མིང་དུ་བཏགས་པའི་ཚེ། བར་སྣང་གི་ལྷ་མ་སྲིན་སྡེ་བརྒྱད་པོ་ཡོངས་ཀྱིས་ཀྱང་དེ་ལྟར་ གྱུར་ཅིག་ཅེས་བཟླས་སོ། ། དེ་ནས་སྐྱེ་བ་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྲགས་སོ། ། ལྷ་མོ་དུང་སྐྱོང་མས་མིང་བཏགས་པ་ནི། སྲིན་མོ་དམར་འདབ་ཕུར་པའི་ལྷ་གསེར་ཅན་ཞེས་བྱ་བར་མིང་བཏགས་སོ། ། དུས་དེར་སྲིན་པོ་ ད་ཤ་གྲཱི་བ་དེས། ང་ནི་ལྕེབ་བོ་ལྕེབ་བོའི་སྒྲས་འཇིག་རྟེན་དུ་གྲགས་སོ། ། སྲིང་མོ་དང་རྣ་ལ་རྩེ་གཉིས་ཀྱིས་མིང་པོ་མ་ལྕེབ་པར་ཅི་འདོད་པ་ང་ལ་སྨྲོས་ཤིག་ཅེས་གསོལ་ཏོ། ། ད་ཤ་གྲཱི་བས་གསོལ་པ། ང་ནི་ལྷ་མོ་དུང་སྐྱོང་འདོད་དོ་ཞེས་གསོལ་ཏོ། ། སྲིང་མོས་སྨྲས་པ། ངའི་བུ་མོ་ཕུར་པའི་ལྷ་འདི་ནི་ལྷ་མོ་དུང་སྐྱོང་གི་ཁོལ་མོ་བྱེད་དུ་གསོལ་ཏེ། དེ་ནས་གདོད་བསླུའོ་ཞེས་སྨྲས་སོ། ། དེ་ནས་རྣ་ལ་རྩེ་ཡིས་བུ་མོ་ཁྲིད་ནས་དཀར་མོ་དུངསྐྱོང་གི་གཡོག་དུ་ཕུལ་ལོ། ། དེ་ནས་རེ་མ་ཏིས་དཀར་མོ་དུང་ སྐྱོང་ལ་འདི་སྐད་ཅེས་གསོལ་ཏོ།
BO
། ཀྱེ་ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ། ། བདག་ཉིད་ཆེན་མོ་ག་གར་མ། ། དབུ་བཟང་རིན་ཆེན་ཐོར་ཚུགས་ལ། ། བཻ་ཌཱུར་སྔོན་མོ་འོད་ལམ་ལམ། ། ཞལ་བཟང་པདྨའི་དཀྱིལ་འཁོར་དུ། ། ཉི་ཟླ་ཕྱུགས་གཅིག་རྒྱན་བཀོད་དེ། ། ཚེམས་བཟང་དུང་ལ་ལྗགས་བཟང་མེ། ། ཁྱོད་འདྲ་འཇིག་རྟེན་ཁམས་ན་མེད། ། བདག་ནི་ཁྱོད་ཀྱི་གཏན་འབངས་བགྱི། ། ཁྱོད་ཀྱིས་བདག་ལ་ཐུགས་བརྩེར་དགོངས། ། བདག་ཀྱང་གློ་བ་ཉེ་བར་བགྱི། ། ཅེས་གསོལ་ཏོ། ། དེ་ནས་ལྷ་མོའི་ གཡོག་མོ་བྱས་ནས་གློ་བ་ཉེ་བར་བྱས་ཏེ་ལྷ་མོའི་ཡིད་ལ་ཅི་འདོད་པ་དགོས་པ་བྱས་སོ། ། དེ་ནས་ལྷ་མོ་ཡང་ཁོལ་མོ་དེ་ལ་དགྱེས་ནས་གཅེས་པར་བྱེད་དེ། དེའི་ཚེ་དེའི་དུས་ན་ཡུལ་ལང་ཀ་པུ་རི་རུ། སྤྲེའུ་འབལ་ལེ་དང་མགྲིན་ {བཟངས་,བཟང་}འཐབས་པ་ལ་ལྷ་ཐམས་ཅད་ལྟད་མོ་ལ་འགྲོ་བས། ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་འདི་སྐད་ཅེས་སྨྲས་སོ། ། དེ་རིང་ཁྱོད་ཀྱི་གན་དུ་སུ་འོངས་པས་ཁྱོད་བསླུ་སྟེ་འོང་བས། དེ་ལ་མ་ལྟ་ཅིག་ཅེས་བསྟན་ཙམ་ན། ཁོལ་ མོས་སྐབས་དེར་ད་ཤ་གྲཱི་བ་ལ་སྦྲན་ནོ། ། དེར་སྲིན་པོ་ད་ཤ་གྲཱི་བས། སྲིན་གྱི་བོང་བུ་དམར་གྭ་ལ་ཞོན་ནས།
BO
ལྷ་མོའི་ཕོ་བྲང་སྒོར་ཕྱིན་ཏེ་སྲིན་པོ་ཁོ་བདག་ནི་མིའི་ཆ་བྱད་ལ་ཤིན་ཏུ་གཟུགས་བཟང་ལ་མཛེས་པ་ཅིག་ཏུ་སྤྲུལ། བོང་བུ་ནི་{རི་དགས་,རི་དྭགས་}གྭ་དོར་ སྨུག་པོ་ཅིག་ཏུ་སྤྲུལ་ཏེ། ལྷ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ནས། རོལ་མོའི་སིལ་སྙན་དང་གླུ་དབྱངས་སྣ་ཚོགས་བྱས་པས་བསླུས་སོ། ། ལྷ་མོ་རོལ་མོ་ལ་དགའ་བས་འཛུམ་ཅིག་ཤོར་རོ། ། དེ་ནས་སྲིན་པོས་གླགས་རྙེད་དེ། ལྕགས་ཀྱི་ལྷམ་སྒྲོག་སྔོན་ པོ་བཀྲོལ་ནས་བཟུང་སྟེ་གླུ་འདི་སྐད་བླངས་སོ། ། ཀྱེ་ཡོངས་འདུ་ཤིང་གི་གནས་མཆོག་ན། ། རིན་ཆེན་མཛེས་པའི་ཕོ་བྲང་ནས། ། བདེ་ལྡན་འཕྲུལ་གྱི་ལྡིང་ཁང་ན། ། འགྱིང་བག་ཚུལ་དུ་གར་མཛད་པ། ། དབང་ཕྱུག་སྲས་མོ་མ་ལགས་སམ། ། དགའ་བྱེད་ དུང་སྐྱོང་མ་ལགས་སམ། ། ལྷ་མོ་མང་པོའི་ཚོགས་དང་རོལ། ། དབུ་ཡི་སྙན་ཆ་གདུབ་འཁོར་ནི། ། རིན་ཆེན་མཛེས་པས་ཀུན་ནས་སྤྲས། ། སྤྱན་ནི་ཨུཏྤལ་འདབ་མ་འདྲ། ། ཤངས་ནི་བིལ་བའི་འབྲས་བུ་འདྲ། ། ཞལ་ནས་ཨུཏྤལ་ངད་ཀྱང་བྲོ། ། སྐུ་ནི་འཁྲིལ་ ལྡེམ་གཞོན་ཚུལ་འདྲ། ། གསུང་ནི་ཚངས་པའི་དབྱངས་སྙན་མཆོག ། ནུ་འབུར་སྟོད་སྨད་ཕྱེད་པས་འགྱིང་། ། ཁྱོད་འདྲའི་སྐུ་ནི་གཞན་ན་དཀོན། །
BO
ལྷ་ཡི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང་། ། ཞབས་ཀྱི་ཆས་སུ་ལྕགས་སྒྲོག་འདི་འབུལ་ཞེས། ། ཅི་མཛད་ཅི་སྡུག་ཅི་ཡང་གསུང་བ་སྙན། ། ཁམས་གསུམ་དག་ན་ཁྱོད་འདྲ་ཤིན་ཏུ་དཀོན། ། སེམས་ཅན་ཀུན་གྱིས་ལྟ་བས་མི་ངོམས་ཁྱོད། ། བདག་གིས་དབུལ་འདི་བཞེས་པར་གནང་བར་མཛོད། ། ཅེས་ཕུལ་བ་ལ། ལྷ་མོས་ལྕགས་སྒྲོག་བླངས་སོ། ། དེ་ནས་རང་གི་རྐང་པ་གཡས་པ་ལ་དཀྲིས་ཏེ་རྒྱན་བྱས་སོ། ། དེ་ནས་ཁོལ་མོ་དེས། ཇོ་མོ་དུང་སྐྱོང་མ་ལ་ཞུས་པ། ཀྱེ་ཇོ་མོ་བདེ་མཆོག་དུང་སྐྱོང་མ། བདག་ཞུ་བ་གཅིག་མཆིས་ན་གནང་ངམ་བྱས་པ་ལ། ཇོ་མོ་ན་རེ་ཁྱོད་གློ་བ་ཉེ་བས་ཅི་ཞུས་པ་ གནང་ངོ་ཟེར་རོ། ། དེ་ནས་ལྷ་ནི་ངག་བདེན་པའི་སྡོམ་པ་ཡོད་པས། ཇི་སྐད་སྨྲས་པ་ལྟར་བྱེད་པ་ཡིན་ནོ། ། དེ་ནས་ཁོལ་མོས་གསོལ་པ། ཀྱེ་བདག་གི་ཡུན་གྱི་རྗེར་གྱུར་དུང་སྐྱོང་མ། ། ཁྱོད་འདྲ་འཇིག་རྟེན་གཞན་ན་མེད། ། འགྲོགས་པས་ཟླ་ མེད་སྐར་མ་གཅིག་ཤར་འདྲ། ། དེང་འདིར་མཆིས་པས་ལྕགས་སྒྲོག་འབུལ་མཁན་དེ། ། གཏན་གྱི་གྲོགས་ཟླར་མཛད་པར་ཞུ་བ་འབུལ། ། བདག་ཀྱང་རྟག་ཏུ་ཁྱོད་ཀྱི་བྲན་མོ་བྱེད། ། ཞེས་ཞུས་པ་ལ། ལྷ་མོ་དེས་སྔར་ཁས་བླངས་པ་དེས་མི་ བྱ་བའི་དབང་མེད་ནས།
BO
ལྷ་མོ་ན་རེ་ཁྱོར་བྱའི་མི་དེ་གང་ན་འདུག ། སུ་ཡིན་བྱས་པ་ལ། ཁོལ་མོས་སྨྲས་པ། དེ་ནི་བདག་གི་ཞང་པོ་སྲིན་པོ་ད་ཤ་གྲཱི་པ་ཡིན། ཡུལ་ལངྐ་པུ་ར་ན་འདུག་ཅེས་སྨྲས་པ་དང་། དེ་ནས་དུང་སྐྱོང་མ་དབང་མེད་དུ་སྲིན་ པོའི་ཆུང་མར་སོང་ངོ་། ། དེ་ནས་ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་དམོད་པ་བོར་བ་ངའི་བུ་མོ་རབ་ཏུ་གཅེས་པར་བྱས་ཏེ། ལྷའི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང་། ང་ལ་གསངས་ལ་སྲིན་པོའི་ཆུང་མར་སོང་། ། ཕྱིན་ཅད་བུ་མོ་ཁྱོད་ ཀྱང་སྲིན་དང་འགྲོགས། མི་ཤ་ཟ་ཡི་མི་ལྤགས་གྱོན་པར་གྱུར། སྲོག་གཅོད་བྱེད་ཅིང་མི་ཡི་ཐོད་ཁྲག་ཐོགས། ། བོང་བུ་ཞོན་ལ་ལྷ་ཡི་ཁ་དོག་ཉམས། ། སྲིན་གྱི་ཁ་དོག་ནག་ལ་འཇིགས་པར་ཤོག ། དེ་ཡི་ཁོལ་མོ་རེ་མ་ཏི་ཁྱོད་ཀྱང་། ། ང་ཡི་བུ་མོ་ བསླུས་ཏེ་སྲིན་ལ་བྱིན། ། ཁྱོད་ཀྱང་མི་སྡུག་འཇིགས་པའི་གདོང་དུ་གྱུར། ། ཚེ་རབས་ཀུན་དུ་ཁྱོ་དང་མ་ཕྲད་ཅིག ། ཅེས་དམོད་པ་བཅུ་གཉིས་པ་བོར་རོ། ། དེ་ནས་བུ་མོ་ལ་མའི་དམོད་པས་བསྡིགས་ནས་ལྷའི་ཁ་དོག་དཀར་པོ་ཉམས་ཏེ་མཐིང་ནག་ཏུ་གྱུར། མི་ཤ་ཟ་མི་ཁྲག་འཐུང་། མི་ལྤགས་གྱོན་བོང་བུ་ཞོན། གཅེར་བུར་བུད་ནས་འདུག་གོ། །
BO
བུ་ནི་སྲིན་པོ་ཕྲུ་གུ་སེང་གེ་ཟླ་དང་། མེ་ཏོག་ཅོད་པན་དང་། གངས་ཅན་དང་། མཆེ་བ་བདུན་ལ་སོགས་པ་ལྔ་བརྒྱ་སྐྱེས་ཙམ་ན། ཁྱོ་སྲིན་པོ་ད་ཤ་གྲཱི་བ་ ཤིའོ། ། དེ་ནས་བུ་མོ་དུང་སྐྱོང་མ་ཡང་ཡུགས་སའི་ཆ་ལུགས་བྱས་ཏེ། སྐྲ་མདུན་སྐྲ་ལན་བུ་གཅིག་ལ་བླས་སོ། ། བྲན་མོ་ཕུར་པའི་ལྷ་ཡང་དམོད་པས་བསྡིགས་པས། སྲིན་གྱི་ཕག་རྫི་བྱེད་ཙམ་ན། ཕག་རྫི་དུན་བུ་སྲིན་བྱ་བས་མོ་ལ་དབང་མེད་ དུ་ཆགས་པ་སྤྱད་དོ། ། དེ་ནས་ཕུར་པ་ལྷ་ཡང་ནལ་བུ་སྦྲུམ་མོ། ། དེ་ནས་དཔོན་གཡོག་གཉིས་ཀྱིས་སྲིན་པོའི་བོང་བུ་བརྐུས་པ་ཞོན་ནས། ད་ཤ་གྲཱི་བའི་རལ་གྲི་སྡིག་པ་ཅན་བརྐུས་པ་གཡས་ན་ཐོགས། སྲིན་པོའི་ནོར་བུ་རིན་པོ་ཆེ་བརྐུས་ནས་ནེའུ་ལེའི་ རྐྱལ་བུར་སྦས་ནས། ལག་པ་གཡོན་དུ་ཐོགས་ནས་བྲོས་སོ། ། ཕྱི་ནས་སྲིན་པོའི་དམག་གིས་བསད་ཀྱིས་དོགས་ནས། བོང་བུ་བསྐྱོད་ནས་ཁ་ཕྱིར་བསྟན་ཏེ། ཕྱི་ན་སྲིན་པོ་བྱ་ར་བྱེད་ཅིང་ཕྱིན་ནོ། ། ཐ་མར་དུར་ཁྲོད་གཅིག་ཏུ་ཕྱིན་ན་སྐྱེས་པ་ གཡུལ་དུ་བསད་པའི་རོ་གཅིག་དང་ཕྲད་དོ། ། དེ་ནས་ཁོང་གཉིས་ཤ་དེ་བསྲེགས་ནས་ཟ་འདོད་པ་ལ་གཙུབ་ཤིང་མེད་ནས།
BO
རྒྱ་མཚོའི་འགྲམ་ན་རྡོ་སོལ་གྱི་རི་ལ་ཆར་བབ་ནས་མེ་འབར་བ་མཐོང་ནས་རྡོ་སོལ་མེ་བླངས་ནས་ཤ་བསྲེགས་ནས་ ཟོས་སོ། ། ཕྱི་ན་ཁྱི་དཀར་པོ་གཅིག་འབྲང་བ་ཡང་བསད་ནས་ཟོས་སོ། ། པགས་པ་ལ་རྒྱལ་མཚན་བྱས་སོ། ། དེ་ནས་ཁོལ་མོ་རེ་མ་ཏི་ལ་ནལ་ཕྲུག་སྐྱེས་སོ། ། ཁོང་གཉིས་ཀྱིས་ན་ལ་ཕྲུག་གི་ཤ་ཡང་ཟོས་སོ། ། དེ་ནས་ཇོ་མོས་བོང་བུ་ལ་ ཞོན་ཁོལ་མོས་ཁ་ཁྲིད་བྱས་ནས་རྒྱ་མཚོའི་ཁར་ཕྱིན་ནས། གཤིན་རྗེ་རླུང་གི་འཁོར་ལོ་ཅན་ཞག་བདུན་བསྒོམས་པས། རླུང་ནག་ཚུབ་མ་ནག་པོ་གཅིག་དྲུང་དེར་གྲུབ་བོ། ། དེ་ནས་ལྷ་མོ་དཔོན་གཡོག་གཉིས་ཀྱིས། སྣང་སྲིད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་ བོས་ནས་སྨོན་ལམ་བཏབ་པ། ང་ཡང་ཚེ་འདི་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་གྲུབ་པ་ཐོབ་ནས་རྒྱལ་བའི་ཞལ་མཐོང་སྟེ། འདོད་པའི་ཁམས་ཀྱི་དབང་ཕྱུག་མར་ཤོག་ཤིག ། ངའི་བྲན་མོ་ཕུར་པའི་ལྷ་འདི་ཡང་དུས་ཐམས་ཅད་དུ་ངའི་འབངས་ཀ་མ་ ལར་ཤོག་ཤིག ། ནོར་དུ་མི་མགོ་ལ་ལོངས་སྤྱོད་པར་ཤོག་ཤིག ། ཞོན་པ་བོང་བུ་ལ་བྱེད་ལ། ལག་ཆ་རལ་གྲི་ལ་བྱེད་པར་ཤོག་ཤིག་ཅེས་སྨྲས་སོ། ། རྒྱ་མཚོ་བསྐོར་ཞིང་རླུང་ཚུབ་མ་ལ་བཱ་ཡ་བེ་བཱ་ཡ་བེ་ཞེས་བོས་ཙམ་ན།
BO
ཚུབ་མ་བྱུང་བས་དཔོན་གཡོག་ གཉིས་ཀ་རྒྱ་མཚོའི་ནང་དུ་བསྐྱུར་ཏེ་བཏང་ངོ་། ། དེ་ནས་ལྷ་མོ་དུང་སྐྱོང་མ་དེས་མི་ཤ་ཟོས་པའི་མཐུ་དང་། རང་གི་སྨོན་ལམ་གྱི་དབང་གིས། རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་རོའི་ཚལ་ཞེས་བྱ་བར། གཤིན་རྗེའི་ལྷ་མཐུ་ཅན་གྱི་བུ་མོར་སྐྱེས་ཏེ། གནོད་སྦྱིན་མ་ ཆེན་མོ་ལ་ཁ་དོག་མཐིང་ནག་ལ་རབ་ཏུ་འཇིགས་པ། མིག་རྩ་དམར་བ་མཆེ་བ་ཟང་ཡག་ལ་རལ་པ་ཏིང་ཟ་པང་དུ་འདུག་པ་ཅིག་ཏུ་གྱུར་ཏེ། གཤིན་རྗེ་མ་རུ་རྩེ་དང་སྦྱོར་བ་བྱས་པ་ལ་བུ་བདུད་ཁྲམ་ནག་པོ་བྱ་བ་བྱུང་། བོང་བུ་ཡང་དམར་གྭ་ལ་གཡུའི་ རྣ་བ་ཅན་རླུང་གི་གཤོག་པ་ཅན། མིག་མཇུག་མར་ཡོད་པ་ཅིག་ཏུ་བྱུང་ནས་ནོར་སྐལ་བྱེད་དོ། ། དེ་ནས་ཁོལ་མོ་རེ་མ་ཏི་རོ་ལངས་མ་འདི་ནི་སྐྱེ་བ་གང་བླངས་ཞེ་ན། རྒྱ་མཚོའི་ནང་དུ་བུད་མེད་ལུས་པོ་ཕྱེད་སྐམས་ལ་ཆུ་སྲིན་གྱི་མགོ་ཅན་གཅིག་ཏུ་སྐྱེས་ ཏེ། མིང་ཡང་ཀླུ་མོ་གཞོགས་སྐམས་ཆུ་སྲིན་མགོ་ཀླུ་མོ་རེ་མ་ཏི་ཞེས་བྱ་བར་བཏགས་ནས། ཞག་དགུ་བཅུ་ན་ཚེ་འཕོས་ནས། སྐྱེ་བ་བླངས་པ་ནི་ཡུལ་དྲི་ཟའི་གྲོང་ཁྱེར་གསེར་སྡིངས་སྐྱེད་མོས་ཚལ་ཞེས་བྱ་བ་ན།
BO
དུག་ཤིང་ནག་པོ་འགྱུར་མེད་ཀྱི་རྩ་བ་ན་ བདུད་རི་ཏི་འགོང་ཉག་དང་། དྲན་པ་དབང་བྱེད་གཉིས་བྱི་བྱས་པ་ལ་ཞག་དྲུག་ཅུ་རྩ་གཅིག་ན་བུ་མོ་གཅིག་སྐྱེས་ཏེ། ཕས་ནི་སྲིད་པ་གསུམ་གྱི་བློ་འཕྲོག་མར་བཏགས། མས་མིང་བཏགས་པ་ནི་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་བཏགས། བདུད་ཕོ་མོ་ གཉིས་ཀྱིས་རང་གི་བུ་མོ་ལ་སྐྲ་ཉག་རེ་ལ་གསེར་དང་། བཻ་ཌཱུརྱའི་ཆུན་འཕྱང་དང་། རིན་པོ་ཆེའི་དབུ་རྒྱན་དང་། ཉི་ཟླའི་ཐོད་གདེངས་དང་། ཐོད་པའི་མགུར་ཆུ་དང་། སྦྲུལ་གྱི་གདུ་བུས་བརྒྱན་ཏེ། བྱི་བྱས་པའི་ནལ་ཕྲུག་ཡིན་པས། བདུད་ཀྱིས་རིན་པོ་ཆེ་སྣ་ ལྔའི་ཁང་པའི་དབུས་སུ་ཐོད་པའི་གཞལ་ཡས་ཁང་བྱས། ཐོད་པའི་ནང་དུ་ཡང་ཐོད་འཕྲུལ་གྱི་ལྡིང་ཁང་གྲུབ། དེའི་ནང་དུ་ཁང་པ་བདུན་བརྩེགས་ཀྱི་བདུན་ཚོགས་ཀྱི་ནང་དུ། མི་རོ་འབུམ་གྱི་ཁྲི་སྟེངས་སུ་བུ་མོ་དེ་སུས་མ་མཐོང་སུས་ཀྱང་མ་ཚོར་བར་སྦས་ཏེ། སྒོ་སྨྲ་བོ་ལག་{རིངས་,རིང་}དང་། ནམ་གྲུ་ཁྲབ་ཐོགས་ཀྱིས་བཅད་དོ། ། བདུད་ཀྱི་དམག་གི་རྒྱལ་མོ་དང་། གླིང་བཞིའི་རྒྱལ་མོ་དང་། ས་བདག་གི་རྒྱལ་མོ་དང་། དེ་རྣམས་ཀྱིས་ཁང་པ་དེ་རབ་ཏུ་སྲུང་ཞིང་འཁོད་དོ། ། བརྒྱ་བྱིན་ཉོན་ཅིག །
BO
དེའི་ཚེ་ན་ལྷ་མོ་དུང་སྐྱོང་ མ་ནི། སྔོན་གྱི་ཁོལ་མོ་རེ་མ་ཏི་རོ་ལངས་མ་བདུད་ཀྱི་བུ་མོར་སྐྱེས་པ་བཀུག་ནས་ཁོལ་འདོད་པ་ལས། ཕྱག་ན་རྡོ་རྗེ་ངའི་གསང་སྔགས་བྱེ་བ་ཕྲག་{བཅྭ་,བཅོ་}བརྒྱད་བཟླས་པས། གསང་སྔགས་དེའི་བྱིན་གྱི་བརླབས་ལས། མཁའ་འགྲོའི་ཏིང་ངེ་འཛིན་ གྲུབ་པ་མོ། ལག་ན་པདྨ་ཧེ་རུ་ཀ་ཐོགས་པ་གཅིག་རང་བྱུང་བས། མ་བདུད་ཀྱི་ཡུལ་དང་ཕོ་བྲང་ཀུན་བྱིན་གྱིས་བརླབས་པའི་ཚེ་ན། བདུད་ཀྱི་རྒྱལ་པོ་དང་། བློན་པོ་དང་། འཁོར་རྣམས་དྲན་པ་མེད་པར་མྱོས་པར་གྱུར་ཏོ། ། བདུད་ཀྱི་བུ་མོ་རེ་མ་ ཏི་དེས་སྔོན་གྱི་ཇོ་མོ་ལྷ་མོ་དུང་སྐྱོང་མ་དྲན་པས། ཡིད་ཕྱོགས་ཏེ་དུང་སྐྱོང་མའི་སྤྱན་སྔར་འགྲོ་འདོད་པའི་བསམ་པ་དྲག་པོ་བྱུང་ནས། བདུད་རི་ཏི་འགོང་ཉག་གི་མཚོན་བདུད་ཀྱི་ཁྲམ་བམ་ནག་པོ་དེ། བུ་མོ་རེ་མ་ཏིས་བརྐུས་ནས། ལག་ པ་གཡས་སུ་ཐོགས། མའི་ཚོན་གྱི་གྲུ་གུ་སྔོན་དམར་དེ་བརྐུས་ནས་ལག་པ་གཡོན་ན་ཐོགས་ནས། ནམ་ཕར་ཕྱེད་ཚུར་ཕྱེད་ན་ཇོ་མོ་དུང་སྐྱོང་མའི་གན་དུ་བྲོས་ཏེ་ཕྱིན་ནས། ལུས་གཅེར་བུར་འདུག་པ་ལ།
BO
ཁྱིམ་བདག་རབ་སྦྱིན་གསལ་གྱི་ བ་རྫི་མོ་དམངས་རིགས་མོ་བྱ་ཧ་མུ་ཞེས་བྱ་བ་དེ་རེ་ལྡེ་ནག་པོ་གྱོན་ནས་འདུག་པ་དང་ཕྲད། མོས་དམངས་རིགས་མོ་བསད་ནས་ཤ་ཟོས། པགས་པ་རྐེད་ལ་དཀྲིས། དེའི་གོས་རེ་ལྡེ་བཤུས་ནས་བདུད་མོ་ཉིད་གྱོན་ནས་ཕྱིན་ཙམ་ན། ལམ་ཁར་ སྲིན་མོ་པུརྣ་ཤི་བའི་གསུར་ཁྲག ། ནད་ཀྱི་རྫིང་བུ་ཅིག་ཡོད་པའི་ཁར་ཕྱིན་པ་ལས། བདུད་མོ་རེ་མ་ཏིས་སྐོམ་ནས་ཐོག་ཅིག་འཐུངས་ཙམ་ན། ཁ་རླངས་ལས་ནད་དུ་སོང་བས། མོའི་ཁ་རླངས་གར་ཕོག་པས་རིམས་ནད་བྱུང་ངོ་། ། དེར་མོ་རང་ ཡང་ངོ་ཚ་སྐྱེས་ནས། སྔར་གྱི་དམངས་རིགས་མོ་བསད་པའི་རླུད་བུ་རྐེད་ལས་བཀྲོལ་ཏེ། ནང་ནད་ཀྱི་རྫིང་བུས་བཀང་ནས། ཁ་སྦྲུལ་གྱིས་བཅིངས་ཏེ། མཆན་ཁུང་དུ་སྦས་ནས། སེམས་ཅན་ལ་གདུག་པར་བྱ་བར་བསམས་ཏེ། ཕྱིན་ཙམ་ ན། བཙན་སྐྱ་རྡོ་རྗེ་ཟླ་བ་དང་ཕྲད་པ་ན་རེ་བདུད་མོ་ཆེན་མོ་ཆགས་པ་སྤྱད་དགོས། རྔན་པ་ཡང་སྦྱིན་ཟེར་ནས། མོ་བཟུང་ནས་ཆགས་པ་སྤྱད་པའི་ཁུ་བ་ཐིགས་པ་གཅིག་འཛམ་བུའི་གླིང་དུ་བོ་བ་ནི་ཇོང་ཇི་དཀར་པོར་སོང་། དེར་བཙན་སྐྱ་རྡོ་རྗེ་ ཟླ་བའི་ལག་ན་ཤོད་རྡེའུ་དཀར་ནག་གང་ལ་བོར་བ་ཕུང་བར་བྱེད་པ་བདུན་ཡོད་པ་ལ།
BO
མོ་ལ་བྱི་རྔན་དུ་བྱིན་པ་དེ་བླངས་ཏེ། ལག་པ་གཡོན་དུ་བཟུང་ནས། གྲོང་ཁྱེར་སྦྲང་ལྡན་ཞེས་བྱ་བར་ཕྱིན་ཙམ་ན། རྒྱལ་པོ་སེང་གེ་རྩལ་ལ་བསོད་སྙོམས་ བྱས་ཏེ། སྦྲང་རྩི་ལྷུང་བཟེད་གང་ཕུལ་ནས། སྦྲང་རྩི་ལག་ཏུ་ལེན་ཁར་ཕྱག་ཚང་བས་ཧུབ་བྱས་ནས་མོ་ལ་སྦྱིན། མོས་བླངས་ཙམ་ན། བར་སྣང་གི་ལྷ་རྣམས་ཀྱིས་བདུད་མོ། རྒྱལ་པོའི་ཁོལ་མོའི་ལྷག་མ་དང་ཁ་འཕྲོ་འཐུང་ངམ། ཆེ་བ་ཉམས་ སོ་ཞེས་ཟེར་ཙམ་ན། བདུད་མོ་རེ་མ་ཏི་ཁྲོས་པས་ཡིད་འཁྲུགས་ཏེ། རྒྱལ་རིགས་ལ་དེར་རིམས་ནད་བཏང་ངོ་། ། དེར་རྒྱལ་པོའི་དཀོར་ཟངས་ཀྱི་དྲ་བ་དགུ་ཕུལ་ནས་རིམས་བཅད་དོ། ། དེ་ནས་ནག་མོ་རེ་མ་ཏི་དེས། རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་ རོའི་ཚལ་དུ་སྔོན་གྱི་ཇོ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ཏོ། ། དེ་ནས་དཔོན་གཡོག་གཉིས་འགྲོགས་ནས། སྲིད་པ་གསུམ་གྱི་སེམས་ཅན་ཟད་ཅིང་སྟོངས་པར་བྱེད་པའི་དུས་དེ་ཙམ་ན། ཇོ་མོ་དུང་སྐྱོང་མའི་ཞོན་པ་སྲིན་གྱི་བོང་བུ་དམར་གྭ་དང་། སྲིན་མོ་རྣ་ལ་དུན་རྩེའི་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ཆགས་པ་སྤྱད་པ་ལས། དྲེའུ་མོ་སྔོན་མོ་རླུང་གི་གཤོག་པ་ཅན་གཅིག་བྱུང་བ་དེ། རྒྱུ་མའི་མཐུར་ལ་ཟངས་ཀྱི་སྒ་བསྟད་ནས།
BO
ལྷ་མོ་དུང་སྐྱོང་མས་ཁོལ་མོ་རེ་མ་ཏི་ལ་ཞོན་པར་བྱིན། དེར་ཇོ་མོ་ནི་བོང་བུ་དམར་གྭ་ལ་ཞོན། ཁོལ་མོས་དྲེའུ་སྔོན་མོ་ལ་ཞོན། རྗེ་མོས་མི་པགས་གོན་ཐོད་པ་དང་རལ་གྲི་ལག་ན་ཐོགས། ཁོལ་མོས་རེ་ལྡེ་ནག་པོ་གྱོན། ལག་ན་ཁྲམ་བམ་དང་། ཤོད་རྡེའུ་ཐོགས། དེ་ནས་ཤིན་ཏུ་མཐུ་ རྩལ་ཆེ་སྟེ་སྐྱེ་བ་རྣམ་བཞིའི་སེམས་ཅན་ཡོ་ཟད་ཅིང་སྟོངས་པ་ཙམ་དུ་ཟོས་སོ། ། འཇིག་རྟེན་གྱི་མཁའ་འགྲོ་མ། དཀར་མོའི་ཚོགས་དང་། སྔོན་མོ་དང་དམར་མོ་དང་། སེར་མོའི་ཚོགས་དང་། ལྷ་མོ་དང་། བདུད་ མོ་དང་། སྲིན་མོ་དང་། བསམ་གྱིས་མི་ཁྱབ་པ་མང་པོ་ཡང་ལྷ་མོ་རྗེ་ཁོལ་གྱི་འབངས་བགྱི་ཟེར་ཞིང་བྲན་དུ་འོངས་སོ། ། བརྒྱ་བྱིན་ཉོན་ཅིག་དུས་དེ་ཙམ་ན་ལྷ་མོ་དཔོན་གཡོག་གཉིས། བུད་མེད་ཀྱི་རང་བཞིན་དུ་གྱུར་པ་ཉིད་ཀྱིས། རྟག་པར་འདོད་ པའི་འཁྲིག་པ་སྤྱད་པའི་ཆེད་དུ་ཁྱོ་དགུ་དང་སྦྱོར་བ་བྱེད་དེ། ཇོ་མོ་ལ་ཁྱོ་ལྔ་ཁོལ་མོ་ལ་ཁྱོ་བཞི་ཡོད་དེ། རྗེ་མོའི་ཁྱོ་ལྔ་ནི། གཟའ་རཱ་ཧུ་ལ། སྲིན་པོ་སྒྲ་ལྡན། གཤིན་རྗེ་མཱ་རུ་རྩེ། བདུད་ཆར་ཀ་ནག་པོ། ཀླུ་ཀུན་ལ་དང་ལྔ། ཁོལ་མོའི་ཁྱོ་བཞི་ནི། འབྱུང་པོ་དགེ་བ་དང་། བགེགས་བཱི་ན་ཡ་ཀ་དང་།
BO
གནོད་སྦྱིན་ཡཀྴ་ཀ་པ་ལ་དང་། རླུང་བཱ་ཡ་བེ་དང་བཞིའོ། ། དེ་ལྟར་དཔོན་གཡོག་གཉིས་ཀྱི་ཁྱོ་དགུ་ནི། ཉིན་པར་ནི་མཆན་ཁུང་གཡོན་དུ་བསྐུངས་ཤིང་སྦེད་ ལ། མཚན་མོ་དུར་ཁྲོད་དུ་བསྐུང་ཞིང་སྦྱོར་བ་བྱེད་དོ། ། བརྒྱ་བྱིན་ཉོན་ཅིག་དེ་ནས་ལྷའི་བུ་མོ་ལ་སྔོན་གྱི་ལས་འཕྲོས་འབྲེལ་ཞིང་དགེ་བ་སྤྱད་པའི་ཤུགས་ཀྱིས། བྱང་ཆུབ་ཀྱི་ཤིང་དྲུང་ན། བཅོམ་ལྡན་འདས་བཞུགས་པའི་སྤྱན་སྔར་ ཕྱིན་ནས། ལྷ་མོ་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་རང་གི་སྙིང་པོ་འདི་ཕུལ་ལོ། ། ཏདྱ་ཐཱ། ཨོྃ་རུ་རུ་བེ་ཏི་སྟ་བ་དོ་སི། རུ་རུ་རོ་རུ་བེ་སྟི་སྟ་བ་དོ་སི། ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོ་ཛཿ། ཞེས་ ཕུལ་ལོ། ། ཁོལ་མོས་རང་གི་སྙིང་པོ་ཕུལ་བ། ཏདྱ་ཐཱ། ཨོྃ་རུ་རུ་བེ་རོ་རུ་ཧཱུྃ་ཏི་སྔ་ཏོ་སི། རགྨོ་ཙིཏྟ་ཁ་རགྨ་དུན་བྷྱོ། མ་མ་ཏྲགྼ་ཀྴ་ཁ་མུནྟྲ་བ་ཏྲ་རཀྴ་ཙིཏྟ་ཁ་རགྨ་དུཾ་ཧཱུྃ་བྷྱོ། རུ་ལུ་ས་མ་ཡ་ཕྲ་མ་མ་ཧཱ་སྟི་ཕྲ་བྷྱོ་ཞེས་ཕུལ་ལོ། ། དེ་ནས་བྱང་ཆུབ་མཆོག་ ཏུ་སེམས་བསྐྱེད་ནས་ལྷ་མོ་དཔོན་གཡོག་གཉིས་ཀྱིས་ཨ་སུ་རའི་བྲག་ཕུག་ཏུ་ཕྱིན་པ་ལས་བྲམ་ཟེ་མཆོག་སྲེད་སྒྲུབ་པ་བྱེད་པ་དང་ཕྲད་དོ། །
BO
ལྷ་མོས་ཁྱོད་འདི་ན་ཅི་བྱེད་བྱས་པ་ལ། བྲམ་ཟེ་མཆོག་སྲེད་ཀྱིས་སྨྲས་པ། སྔོན་ཁམས་འདི་ཉིད་ ན་དགེ་སློང་བརྟན་པའི་སྡེ་དང་། དགེ་སློང་མ་དར་རི་སྡེ་གཉིས་ཁྲིམས་ཉམས་ཏེ་རྒྱལ་པོའི་ཆད་པས་བསད་དོ། ། དེ་སྐྱེ་བ་འཕོས་པ་ནི། བདུད་ལཾ་ང་འགེའུ་རི་དང་། རོ་ཤ་ཁ་འདར་གཉིས་སུ་གྱུར་ཏེ། ཡུལ་མི་ཅི་ཡོད་ཟད་པར་ཟོས་ནས། དེ་ནས་ང་ལ་ཟ་རེས་བབ་པས། ང་ནི་བདུད་འདུལ་བའི་ཕྱིར། ཡུམ་ཨེ་ཀ་ཛ་ཊི་རལ་གཅིག་མ། བསྒྲུབ་བོ་ཞེས་ཟེར་རོ། ། དུང་སྐྱོང་མ་ན་རེ་འོ་ན་ངེད་དཔོན་གཡོག་ཀྱང་བསྒྲུབ་པར་བྱ་ན། ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་པ་ན། བྲམ་ཟེ་ན་རེ་ཁྱེད་ གཉིས་དངོས་གྲུབ་ཅི་འདོད་པ་ཡིན། ལྷ་མོ་ན་རེ་ངེད་གཉིས་འདོད་པའི་ཁམས་ཀྱི་དབང་མོ་ཆེར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་གྲུབ་པ་འདོད་བྱས་པ་ལ། འོ་ན་གྲུབ་པར་བྱའོ་ཞེས་ཟེར་ནས། བྲམ་ཟེ་དང་ལྷ་མོ་དཔོན་གཡོག་ བསྒྲུབ་པ་བྱས་པས་ཡུམ་ཨེ་ཀ་ཛ་ཊི་ཞལ་མཐོང་ནས་གྲུབ་པ་ཐོབ་བོ། ། ཡུམ་ཨེ་ཀ་ཛ་ཊིས། ལྷ་མོ་དུང་སྐྱོང་མའི་མིང་ནི། དཔལ་ལྷ་མོ་ནག་མོ་མ་ཧཱ་ཀཱ་ལི་ཞེས་བཏགས་སོ། ། ཁོལ་མོའི་མིང་ནི་ཡཀྴ་རེ་མ་ཏི་ཞེས་བྱ་བར་བཏགས་སོ། །
BO
འདོད་ཁམས་འདུལ་བའི་དབང་མོ་ཆེར་དབང་བསྐུར་རོ། ། མ་ཧཱ་ཀཱ་ལིས་ཀྱང་ཆོས་བསྐྱང་ཞིང་བསྟན་པ་བསྲུང་བར་ཁས་བླངས་སོ། ། རང་གི་སྙིང་པོ་འདི་ཕུལ་ལོ། ། ཨོྃ་རུ་རུ་བེ་ཏི་སྟ་བ་དོ་སི། རུ་རུ་རོ་རུ་བེ་ཏིསྟ་བ་དོ་སི། ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛཿ རེ་མ་ཏིས་ཀྱང་། ཨོྃ་རུ་རུ་རོ་རུ་བེ་ཏིསྟ་བ་དོ་སི། རག་མོ་ཙིཏྟ་ཁ་རག་མ་ཧཱུྃ་བྷྱོ། མ་མ་ཏྲག་རགྴ་ཁ་མུན་ཏྲ་བ་ཏྲ་ཏྲག་རགྴ། ཙིཏྟ་ཁ་རག་མེ་རེ་མ་ཏི་ས་མ་ཡ་ཕྲ་མ་ཡ་ཕྲ་མ་མ་ཧཱ་ཏེ་ཕྲ་དུན་བྷྱོ། ། ཛཿཛཿརུ་ལུ་བྷྱོ་ཞེས་ཕུལ་ལོ། ། བདུད་ལཾ་ ང་འགེའུ་རི་དང་རོ་ཤ་ཁ་འདར་བསྒྲལ་ལོ། ། དེ་ནས་སའི་ལྷ་མོ་བརྟན་མས་ཀྱང་ནམ་གྲུ་མཆེད་བརྒྱད་ཀྱང་འབངས་སུ་ཕུལ་ལོ། ། སྲིན་ཡུལ་དུ་དམག་དྲངས་པས། སྲིན་པོ་ཡགྴ་ཀོ་རེ་བསྒྲལ་ལོ། ། བརྒྱ་བྱིན་ཉོན་ཅིག ། དེ་ནས་འཕགས་ པ་སྤྱན་རས་གཟིགས་ཀྱིས། དཔལ་རྟ་མགྲིན་དུ་སྤྲུལ་པའི་བསྒྲུབ་པ་བྱས་ཏེ། རྟ་མགྲིན་གྱི་ཞལ་མཐོང་ཞིང་གསང་བའི་གཟུངས་མ་བྱས་ཏེ། རྗེ་མོའི་མིང་དཔལ་ལྷ་མོ་ནག་མོར་བཏགས་སོ། ། ཁོལ་མོའི་མིང་ནི་རྡོ་རྗེ་གློག་མ་སྲིན་དུ་ མིང་བཏགས་སོ། ། དེས་ཕྱག་རྒྱ་ཆེན་པོའི་དབང་བསྐུར་རོ། ། ལས་ཀྱི་ལྷར་བྱིན་གྱིས་བརླབས་སོ། །
BO
དེའི་ཚེ་ན་དཔལ་ལྷ་མོ་ནག་མོས། དཔལ་རྟ་མགྲིན་ལ་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། ། བསྟན་པ་བསྲུང་བར་ ཁས་བླངས་སོ། ། དེ་ནས་སྔོན་གྱི་ཨུ་མ་དེ་བ་དང་རྣ་ལ་རྩེ་གཉིས་ཀྱང་། སྔོན་གྱི་བུ་མོ་གཉིས་ལ་སྲིན་ལག་རྩེ་ལ་ནུ་ཞོ་བླུགས་པས་བྲོས་ནས། དྲེད་མོའི་རལ་པས་གཡབ་མོས་འབོད་དེ། བུ་མོ་གཉིས་མའི་དྲུང་དུ་ཕྱིན་ཙམ་ན། དབང་བསྐུར་ཞིང་དམ་བསྒྲགས། ། བསྟན་པ་བསྲུང་བར་དབང་བྱིན་ཏོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་རང་གི་རྩ་དང་ཁྲག་དང་ཁུ་བའི་མཆོད་པ་བྱས་ནས། ལྷ་དང་མིའི་རྒྱལ་སྲིད་ཕུལ་ནས། རྨ་བྱ་རིན་པོ་ཆེའི་ གཤོག་པ་ཅན་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ། ཇོ་མོ་ལ་ནོར་སྐལ་དུ་བྱིན་ནོ། ། བྱ་དེ་མོ་ནག་མོ་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ་ཅིག་ཁོལ་མོ་ལ་ནོར་སྐལ་དུ་བྱིན་ནས། ལྷ་མོ་རྗེ་ཁོལ་གཉིས་འཁོར་ལོས་སྒྱུར་བའི་རྒྱལ་པོས་བྱིན་ པའི་རྨ་བྱ་དང་། དེ་མོ་ནག་མོ་གཉིས་གཏན་གྱི་ནོར་སྐལ་བྱེད་ཅིང་ཆགས། དེ་ནས་དཔལ་ལྷ་མོ་ནི་གསང་བའི་གནས་དུར་ཁྲོད་རོ་ཁང་ནག་པོའི་དབུས་མཱ་རུ་རྩེའི་སྒོ་འགྲམ་དུ། དཔལ་ཕྱག་ན་རྡོ་རྗེའི་ཧེ་རུ་ཀའི་དངོས་གྲུབ་སྒྲུབ་ པའི་ཚེ།
BO
དཔལ་ཕྱག་ན་རྡོ་རྗེའི་དངོས་གྲུབ་གྲུབ་སྟེ། དཔལ་ཕྱག་ན་རྡོ་རྗེས་ལྷ་མོ་དཔོན་གཡོག་ལ་སྤྱི་བོ་གཙུག་ཏུ་དཔལ་རྟ་མགྲིན་གསང་བའི་དབང་བསྐུར། ལུས་ངག་ཡིད་གསུམ་ལ་ཁྲག་འཐུང་ཧེ་རུ་ཀའི་དབང་བསྐུར། ཐུགས་ཀྱི་དཔལ་བེའུ་རིགས་ལྔ་སངས་རྒྱས་ཀྱི་དབང་བསྐུར། སྐུ་སྟོད་ཀྱི་རྒྱན་དུ་ཕྲ་མེན་མ་བཅུ་དྲུག་གི་དབང་བསྐུར། ལྗགས་ཀྱི་དཀར་དམར་ལ་ལྕགས་ཀྱུ་གསང་བའི་དབང་བསྐུར་རོ། ། གནད་མདོ་ཆེན་དྲུག་ཏུ་ཚོམ་བུ་གསང་བའི་ དབང་བསྐུར་རོ། ། གསང་བ་པདྨ་ལ་ཐིག་ལེ་ཡེ་ཤེས་ཤར་བའི་དབང་བསྐུར། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་འཁོར་དུ་དབང་བསྐུར། པདྨ་གར་གྱི་དབང་ཕྱུག་ནི་སྤྲུལ་པ་དང་ཡང་སྤྲུལ་དུ་དབང་བསྐུར། དེའི་ཚེ་འཇིག་རྟེན་གྱི་ཁམས་ འདི་རྣམ་པ་དྲུག་ཏུ་གཡོས་སོ། ། དེ་ནས་དཔལ་ཕྱག་ན་རྡོ་རྗེས་ཇོ་མོའི་མིང་ནི་དཔལ་མ་ཧཱ་ཀཱ་ལི་ཞེས་བཏགས་སོ། ། ཁོལ་མོའི་མིང་ནི་གནོད་སྦྱིན་ཤན་པ་ནག་མོ་རེ་མ་ཏི་ཞེས་བཏགས་སོ། ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ གཉེར་གཏད་དོ། ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ཉིད་ལ། དཔལ་ལྷ་མོས་རང་གི་སྙིང་པོ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་དུས་རྟག་ཏུ་བསྲུང་བར་ཁས་བླངས་སོ། །
BO
དེ་ནས་དཔལ་ལྷ་མོ་དེ་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ པར་གྱུར་ཏོ། ། འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པའི་ཚེ། ལྷ་ཚངས་པས་ཉི་མའི་རྒྱན་ཕུལ། ། ཁྱབ་འཇུག་གིས་ཟླ་བའི་རྒྱན་ཕུལ། རྣམ་ཐོས་སྲས་ཀྱིས་སེང་གེའི་རྣ་ཆ་ཕུལ། ནམ་མཁའི་ལྷ་བྲན་རྣམས་ཀྱིས་གསེར་གྱི་དྲིལ་ བུའི་རྒྱན་ཕུལ། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་ཕྲེང་དང་ཁྲག་དང་ཞག་གི་ཐིག་ལེ་ཕུལ་ལོ། ། ཀླུ་དགའ་བོས་སྦྲུལ་གྱི་གདེངས་ཀ་ཕུལ། ལྷ་མོ་དེ་སྲིད་པ་གསུམ་ན་འགྲན་པའི་ཟླ་མེད་པར་གྱུར་ཏོ། ། དེ་ནས་བརྒྱ་བྱིན་གྱིས་གསོལ་ པ། ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། ། འདོད་པའི་ཁམས་ཀྱི་དབང་ཕྱུག་མ་འདི། དང་པོར་ལྷའི་བུ་མོར་གྱུར་བ་དང་། བར་དུ་སྲིན་པོའི་ཆུང་མར་གྱུར་པ་དང་། ད་ལྟར་འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པ་འདི། སྔོན་གྱི་རྐྱེན་ཅི་ལས་གྲུབ་པ་ལགས་ཞེས་གསོལ་པ་དང་། གསང་བའི་བདག་པོས་བཀའ་སྩལ་པ། བརྒྱ་བྱིན་ཉོན་ཅིག ། ད་ལྟར་ལྷ་མོ་ནག་མོ་འདི་སྔོན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་ལྷ་མོ་འོད་ཟེར་ཅན་དུ་གྱུར་ཏེ་དགེ་བ་བཅུ་ཤ་སྟག་ སྤྱད་དོ། །
BO
དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་ལྷ་མོ་དཔའ་བརྟན་མ་ཞེས་བྱ་བར་གྱུར་ཏེ་ཞེ་སྡང་རང་ཁ་མར་སྤྱད་དོ། ། དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ལྷ་མོ་མཉྫུ་ཞེས་བྱ་བར་གྱུར་ཏེ། དུས་དེ་ཙམ་ན་ ཤཱཀྱ་ཐུབ་པ་ནི་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྲགས་སོ། ། དགེ་སློང་དེ་ལ་ལྷ་མོ་མཉྫུས་མཆོད་གནས་བྱས་ཤིང་སྨོན་ལམ་གཅིག་ཏུ་བཏབ་བོ། ། བརྒྱ་བྱིན་ཉོན་ཅིག ། དེ་ད་ལྟ་ན་ནི་ལྷ་མོ་འདི་ལ་སངས་རྒྱས་གསུམ་ གྱི་རིང་གི་རྣམ་པར་སྨིན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་དུས་གཅིག་ཏུ་སྨིན་ནོ། ། ལྷ་མོ་འདི་དང་པོར་མ་ཧཱ་དེ་བའི་བུ་མོར་སྐྱེས་པ་ནི། དང་པོར་དགེ་བ་སྤྱད་པའི་མཐུའོ། ། བར་དུ་སྲིན་པོའི་ཆུང་མར་གྱུར་ནས་རང་ལྕེབ་པ་ནི་ཞེ་སྡང་སྤྱད་པའོ། ། ཐ་མར་ད་ལྟར་ འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས་ཤཱཀྱ་ཐུབ་པའི་བསྟན་པ་སྲུང་བ་ནི་སྔོན་ཤཱཀྱ་ཐུབ་པ་ལ་སྡིག་བཤགས་བྱས་ཀྱི་སྨོན་ལམ་བཏབ་བོ། ། ཁོལ་མོ་རེ་མ་ཏི་སྔགས་ཀྱི་བསོད་ནམས་ལས་གྲུབ་ པའོ། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།
BO
གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་མགོན་པོ་གསང་བའི་ བདག ། མ་འོངས་ཕྱི་མའི་སེམས་ཅན་རྣམས། ། མཁའ་འགྲོ་རྣལ་འབྱོར་རབ་བསྒྲུབ་པའི། ། སློབ་དཔོན་སློབ་མའི་མཚན་མའི་རྒྱུད། ། གང་ཡིན་བདག་གིས་ཉན་པར་འཚལ། ། ཞེས་ཞུས་པའི་ཚེ། གསང་བའི་བདག་པོས་བཀའ་སྩལ་པ། ། དཔལ་ལྡན་ལྷ་མོ་རྡོ་རྗེ་མཁའ་འགྲོ་མ། ། ཐུན་མོང་མ་ཡིན་ཀུན་གྱིས་བྱ་བ་མིན། ། དེ་ཡང་སློབ་དཔོན་མཚན་ཉིད་བཤད། ། སློབ་དཔོན་ཆོས་ལ་རབ་འདུད་པ། ། ཚད་མེད་བཞིར་ལྡན་སྙིང་རྗེ་ཅན། ། ཕྱི་ནང་གསང་བའི་དབང་ཐོབ་ནས། ། དམ་ཚིག་སྲོག་བཞིན་འཛིན་བྱེད་ཅིང་། ། བདེན་པ་གཉིས་རྟོགས་ལྟ་བ་ཅན། ། སྔགས་དང་ཕྱག་རྒྱ་མི་སྤོང་ཞིང་། ། རྟག་ཏུ་ཕྱག་རྒྱ་ཆེ་ལ་གནས། ། སེམས་ཅན་དོན་བྱེད་མན་ངག་ལྡན། ། དེ་ནི་སློབ་དཔོན་མཚན་ཉིད་དེ། ། སློབ་ མ་དུལ་ལ་དད་པ་ཅན། ། བླ་མའི་ཞབས་ལ་རབ་འདུད་ཅིང་། ། དད་དང་གཏོང་ཕོད་སྙིང་རྗེ་ཅན། ། འདུལ་དང་སྡོམ་པ་དམ་ཚིག་འཛིན། ། ལྷ་དང་སློབ་དཔོན་རྟག་ཏུ་བཅང་། ། གསང་སྔགས་འཛིན་པའི་སྣོད་ལྡན་ལ། ། སློབ་མར་བྱ་བ་ ང་ཡིས་བཤད། །
BO
དཔལ་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་སློབ་དཔོན་དང་སློབ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་ གསོལ་ཏོ། ། རྡོ་རྗེ་སེམས་དཔའ་དཔའ་བོ་ཆེ། ། དུས་མཐའི་རྣལ་འབྱོར་བསྐྱང་སླད་དུ། ། རྡོ་རྗེ་གསང་བའི་མཁའ་འགྲོ་མའི། ། ལྟ་བ་དམ་པ་བདག་ཉན་འཚལ། ། ཞེས་ཞུས་པའི་ཚེ། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། བདག་ དང་རྡོ་རྗེ་མཁའ་འགྲོ་མའི། ། གདོད་ནས་མ་སྐྱེས་གཟུང་འཛིན་ཡུལ་དང་བྲལ། ། ང་དང་བདག་འཛིན་མཚན་མའི་རྟོག་པ་བཅོམ། ། དོན་དམ་ཀུན་རྫོབ་སྐྱེ་བ་མེད་པའི་གཞི། ། གཉིས་མེད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་ཅིང་། ། སྟོང་ཉིད་ ཆོས་སྐུ་ནམ་མཁའ་ཡེ་ཤེས་ལྔ། ། སྤྲུལ་པའི་ཕྱག་རྒྱ་ལྷ་དང་ལྷ་མོའི་མཚན་མར་སྣང་། ། མཁའ་ལ་འཇའ་འདྲ་རང་བཞིན་ག་ལ་ཡོད། ། སྙིང་རྗེའི་དབང་གིས་འགྲོ་དོན་བྱེད་པ་ན། ། མདོར་ན་སངས་རྒྱས་སྤྲུལ་པ་ཡིན་པ་སྟེ། ། ཁོལ་མོ་བྱང་ ཆུབ་སེམས་དཔའི་སྤྲུལ་པའོ། ། མཚན་མའི་སྲིན་མོ་བདུད་མོར་བལྟ་མི་བྱ། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ། ། ། །
BO
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ ཏོ། ། གསང་བའི་བདག་པོ་ཡེ་ནས་ཐུགས་རྗེ་ཅན། ། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་བསྒྲུབ་པའི་ཕྱིར། ། དཀྱིལ་འཁོར་རྣམ་པ་གསུམ་གྱི་རྒྱུད་བཤད་འཚལ། ། ཞེས་ཞུས་པའི་ཚེ། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། བརྒྱ་ བྱིན་ལ་སོགས་འཁོར་རྣམས་རབ་ཏུ་ཉོན། ། དཀྱིལ་འཁོར་རྣམ་གསུམ་མཚན་མའི་ཕྱག་རྒྱ་ནི། ། རང་བཞིན་དཀྱིལ་འཁོར་བྱང་ཤར་རི་རབ་རྩེ། ། ཏིང་འཛིན་དཀྱིལ་འཁོར་རྣལ་འབྱོར་སེམས་ཀྱི་ཡུལ། ། གཟུགས་བརྙན་དཀྱིལ་འཁོར་ གནས་བཞིའི་ས་ལ་བྱ། ། ཚོན་རྩི་མི་རུས་ལྡོང་རོས་རམས་དང་སྐྱེགས། ། མཐིང་ནག་གྲུ་བཞིའི་དབུས་ནི་ཨེ་གྲུ་གསུམ། ། དབུས་སུ་གཙོ་བོ་ཕྱག་ན་རྡོ་རྗེ་སྟེ། ། དེ་ཡི་གཡས་སུ་ལྷ་མོ་ནག་མོ་སྟེ། ། གཡོན་དུ་མ་མོའི་ ཏིང་འཛིན་གྲུབ་པ་མོ། ། གཙོ་བོའི་མདུན་དུ་ཁོལ་མོ་རེ་མ་ཏི། ། དེ་ཡི་ཕྱི་རིམ་སྲིད་པའི་མ་མོ་དང་། ། སྟག་སྤྱང་བྱ་རྒོད་སེང་གེ་ཁྱུང་གིས་བསྐོར། ། ཕྱི་རིམ་ཐོད་ཕྲེང་མེ་རི་ཀེང་རུས་བྲི། ། ཙ་ཀ་ལི་འམ་ཡིག་འབྲུ་ཕྱག་མཚན་ བྲི། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་པའོ། ། ། །
BO
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་འཇིགས་བྱེད་ཆེ་མཆོག་འགྲོ་ ཀུན་འདུལ་བའི་གཙོ། ། རྡོ་རྗེ་མཁའ་འགྲོ་ནག་མོ་དམ་པ་ཡི། ། དངོས་གྲུབ་བསྒྲུབ་པའི་རྫས་རྣམས་གང་ལགས་པའི། ། གསང་བའི་བདག་པོ་བདག་ལ་བཤད་དུ་གསོལ། ། ཞེས་ཞུས་པ་དང་། ཕྱག་ན་རྡོ་རྗེས་བཀའ་ སྩལ་པ། ། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་འདོད་པའི་མིས། ། རྫས་རྣམས་མེད་ན་དངོས་གྲུབ་མི་ཐོབ་སྟེ། ། རྨོངས་པས་ས་བོན་གཙུབ་ཤིང་གཙུབ་སྟན་འདྲ། ། ཀུན་ཀ་ཚང་ན་དངོས་གྲུབ་མཚན་མ་སྟེར། ། མཁའ་འགྲོ་མ་ལ་རྫས་ ནི་རྣམ་པ་བདུན། ། བོད་པའི་རྫས་དང་མ་མོ་བསྟེན་རྫས་དང་། ། མཆོད་པའི་རྫས་དང་དམ་ཚིག་བསྲེ་བའི་རྫས། ། བསྐུལ་བའི་རྫས་དང་མཚན་མ་དབབ་པའི་རྫས། ། ཐ་མར་གནད་ལ་འབེབས་ཤིང་བཟློག་པའི་རྫས། ། བདུན་པོ་འདི་ཚང་གྲུབ་པའི་མཚན་མ་ འབྱུང་། ། གཙོ་བོ་ཕྱག་ན་རྡོ་རྗེའི་དམ་རྫས་ནི། ། གོ་རོ་ཙ་ན་གཙོ་བོ་བོད་པའི་རྫས། ། གཙོ་བོའི་རྟེན་ནི་སེང་ལྡེང་མི་རུས་ཕུར། ། གསལ་བ་ལྔ་དང་བདུད་རྩིས་གཙོ་བོ་མཆོད། ། དམ་ཚིག་བཅུ་ཡིས་རྡོ་རྗེ་ས་ནི་མཆོད། ། གུ་གུལ་ནག་པོ་ཡུངས་ནག་ ཏིལ་གྱིས་བསྐུ། །
BO
སྤོས་དང་ལྕེ་བོག་མི་ཚིལ་མཚན་མ་འབེབས། ། གཙོ་བོ་གནད་ལ་འབེབས་པ་ཨ་མྲྀ་ཏ། ། དཔལ་ལྡན་ལྷ་མོ་ནག་མོའི་བོད་རྫས་ནི། ། གཡབ་དར་དང་ནི་ཧ་སྟ་མི་ཚིལ་དང་། ། ཅོང་ཞུན་སྤོས་ལྔས་བསྲེགས་ལ་བོད། ། ལྷ་ མོའི་རྟེན་ནི་བུ་མོ་གཙང་མ་དང་། ། རྒྱ་མཚོར་ཤི་བའི་བུད་མེད་ཐོད་པ་གཉིས། ། མཁར་དུ་བརྩིགས་ལ་དཀྱིལ་འཁོར་དབུས་སུ་ཁ་སྤྲད་ལ། ། མི་གསོད་མཚོན་གྱི་རལ་གྲི་སོར་བརྒྱད་པ། ། ཡུ་བ་མ་བྲིས་དཀྱིལ་འཁོར་དབུས་སུ་གཟུགས། ། རྨ་བྱ་སེང་གེ་གཡང་གཞི་གོ་ཟུང་ནག་པའོ། ། རྗེ་མོ་ལྷ་མོ་ནག་མོའི་དམ་རྫས་ནི། ། དགེ་སློང་ཤ་དང་མི་རོ་སེང་གེའི་སྙིང་། ། གྲི་རྒོད་ཤ་དང་དབང་པོ་རྣམ་པ་ལྔ། ། རུ་ཏྲ་ནག་པོའི་སྙིང་དང་བདུད་རྩི་ལྔ། ། སྨན་མའི་ཁྲག་དང་ཤ་ཁྲག་ སྣ་ཚོགས་དང་། ། ཕྱེ་མ་ལྔ་ཡིས་གཏོང་བས་གུར་ཀུམ་བརྫི། ། པདྨའི་རཀྟས་བྱུགས་ལ་རྒྱུན་གཏོར་བྱ། ། ལྷ་མོ་ནག་མོ་འདི་དང་དམ་ཚིག་བསྲེ་བའི་རྫས། ། རུ་ཧི་རྡོ་རྗེ་པདྨ་མི་དེ་སྔགས། ། བསྐུལ་རྫས་མི་ཡི་ཚིལ་དང་གུ་གུལ་བསྲེག ། མཚན་ མ་འབེབས་པ་བུ་མོ་གཙང་མའོ། ། གནད་ལ་འབེབས་ཤིང་བཟློག་པ་ཡུགས་སའི་རྐང་། ། ཁོལ་མོ་རེ་མ་ཏི་ཡི་བོད་རྫས་ནི། །
BO
དྲེད་མོའི་རལ་པས་གཡབ་ཅིང་སྲིན་ལག་བསྟན། ། གུ་གུལ་དང་ནི་མི་ཚིལ་གསུར་གྱིས་བོད། ། རེ་མ་ཏི་ཡི་རྟེན་དུ་ལུག་ནག་གམ། ། དེ་མོ་ནག་མོ་དྲི་མོའི་ཐོད་པའོ། ། ཁོལ་མོ་རེ་མ་ཏི་ཡི་མཆོད་རྫས་ནི། ། བུམ་པ་གང་བའི་ཁྲག་དང་ཨ་མྲྀ་ཏ། ། ནལ་བུའི་ཤ་དང་མི་ཤ་ཆང་ཕུད་དོ། ། དམ་ཚིག་བསྲེ་ཞིང་རྟག་ཏུ་མཆོད་པའི་རྫས། ། རུ་ཧི་རྡོ་རྗེ་པདྨ་དག་གིས་ཤིས། ། བསྐུལ་རྫས་གུ་གུལ་ ནག་དང་ཅོང་ཟིའོ། ། མཚན་མ་འབེབས་པ་བུ་མོ་གཙང་མའོ། ། གནད་ལ་འབེབས་ཤིང་བཟློག་རྫས་དྲེའུ་ཡི་རྐང་། ། འདི་རྣམས་གཙང་ཞིང་མ་ཉམས་ཚོགས་འགྱུར་ན། ། རྡོ་རྗེ་མཁའ་འགྲོ་མ་ཡི་ཚོགས་རྣམས་ནི། ། བུང་བས་ ཨུ་དུམ་བཱ་ར་མཐོང་བ་ལྟར། ། དགའ་བ་སྐྱེས་ནས་མི་ལ་དངོས་གྲུབ་སྟེར། ། དེ་བས་ནན་ཏན་བསྐྱེད་ལ་བརྩོན་པར་བྱ། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་དཔོན་གཡོག་གི་དམ་རྫས་བསྟན་པའི་ལེའུ་སྟེ་ལྔ་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་གསང་བདག་ཕྱག་ན་རྡོ་རྗེ་འདུལ་བའི་གཙོ། ། བསྒྲུབ་པའི་རྟེན་གྱི་རྡོ་རྗེ་མཁའ་འགྲོ་སྐུ། ། ཐང་ཀ་འདྲི་བའི་ནན་ཏན་འདྲི་བར་འཚལ། །
BO
ཞེས་ཞུས་ པའི་ཚེ། གསང་བའི་བདག་པོས་བཀའ་སྩལ་པ། མཁའ་འགྲོའི་རྟེན་གྱི་སྐུ་གཟུགས་ནི། ། མིས་མ་འཕྲིགས་པར་དུར་ཁྲོད་འགྲོ། ། དང་པོ་ཕྱག་ན་རྡོ་རྗེ་དང་། ལྷ་མོའི་བསྙེན་པ་འབུམ་འབུམ་བཟླས། ། དེ་ལ་སྦྱིན་སྲེག་གཏོར་མ་འབུལ། ། རི་མོ་ མཁན་ལ་དབང་བསྐུར་རོ། ། དམ་ཚིག་རབ་ཏུ་སྦྱིན་པར་བྱ། ། དེ་ནས་བུད་མེད་ཞབས་མ་དང་། ། རོ་དཀྲིས་དག་གི་རས་དག་ནི། ། རོ་བསྲེགས་མགལ་བའི་ཤིང་གིས་ཀྱང་། ། བྲི་བའི་ཚོན་རྩི་རྣམ་པ་ལྔ། ། དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས། ། རྒྱལ་བ་ རིགས་ལྔར་བྱིན་བརླབས་ལ། ། དབུས་སུ་ཕྱག་ན་རྡོ་རྗེ་བྲི། ། མདུན་དུ་ལྷ་མོ་ནག་མོ་ནི། ། བོང་ཞོན་རལ་གྲི་ཐོགས་པར་བྲི། ། གཡོན་དུ་ཁོལ་མོ་རེ་མ་ཏི། ། དྲེའུ་ཞོན་ཁྲམ་བམ་ཐོགས་པའོ། ། གཡས་སུ་བྲམ་ཟེ་མཆོག་སྲེད་ནི། ། མགྲིན་པ་སྨ་ར་དཀར་ ལ་རིང་། ། ཀྲྀཥྞའི་སྟན་ལ་ལོང་ཕྲེང་འཛིན། ། རྨ་བྱ་ནེའུ་ལེ་ཐོགས་པའོ། ། དེ་ཡི་གཡོན་དུ་བདག་ཉིད་ནི། ། ཀྲིཥྞའི་སྟན་ལ་ལོང་ཕྲེང་འཛིན། ། རྨ་བྱའི་སྤུ་དང་ནེའུ་ལེ་ཐོགས། ། དེ་ནས་རང་གི་སྲིན་ཁྲག་གིས། ། སྐུ་གཟུགས་རྣམས་ཀྱི་སྤྱན་ ཕྱེ་ལ། ། མདུན་དུ་གཏོར་མའི་སྦྱིན་སྲེག་དབུལ། །
BO
ཞབས་ལ་བཏུད་དེ་ཕྱག་བྱས་ལ། ། དངོས་གྲུབ་གང་འདོད་གསོལ་བ་གདབ། ། དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། ། ལྷ་ཡི་སྐུ་ཡི་ཐུགས་ཀར་ནི། ། སྲིན་ལག་ཁྲག་གིས་ ཟླ་ཁམ་བྲི། ། དེ་ཡི་དབུས་སུ་སྙིང་པོ་བྲི། ། དེའི་དབུས་རྒྱུས་ཆེན་སུམ་སྒྲིལ་གདགས། ། རྩེ་མོ་བདག་བཟུང་བཟླས་པ་བྱ། ། ཡང་ན་ལུགས་མ་དག་ལ་བྱ། ། དེ་ལྟར་བྱས་ན་དངོས་གྲུབ་རྒྱུ། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ ལས་སྐུ་གཟུགས་བསྟན་པའི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་གསང་མཛད་དྲག་པོ་ཧཱུྃ་མཛད་ཆེ། ། དཔལ་ལྡན་ རྡོ་རྗེ་མཁའ་འགྲོ་མའི། ། ཏིང་འཛིན་བསྒོམ་ཐབས་བདག་ལ་ཤོད། ། ཅེས་གསོལ་པ་དང་། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ལྷའི་དབང་པོ་བརྒྱ་བྱིན་ཉོན་ཅིག ། སྐྱེ་བ་མེད་པའི་ངང་ལས་སྤྲུལ་པའི་ཆོ་འཕྲུལ་ནི། ། ཧཱུྃ་ལས་ རྡོ་རྗེ་རྩེ་ནི་ལྔ་པ་སྟེ། ། དེ་ནས་བདག་ཉིད་ཕྱག་ན་རྡོ་རྗེ་ཡིན། ། མདོག་ལྗང་སྔོ་ལ་ཁྲོ་བོའི་ཆ་བྱད་དེ། ། ལུས་འགྱིང་བག་ཅན། ། དབུ་སྐྲ་རལ་པ་གྱེན་ལ་བརྫེས་པ་ལ། རིགས་ལྔའི་དབུ་རྒྱན་ཅན།
BO
ཕྱག་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ འབར་བ། ལུས་ལ་གླང་ཆེན་གྱི་ཀོ་བ་དང་། མཆོག་གི་གཡང་གཞི་དང་། སྟག་གི་ཤམ་ཐབས་དང་། ཐོད་པའི་ཕྲེང་བ་དང་། སྦྲུལ་གྱི་ཆུན་པོས་ལུས་བརྒྱན་པ། སྤྱན་མིག་དམར་བ། མཆེ་བ་གཙིགས་པ། བསྐལ་པའི་མེ་དཔུང་ལྟར་འབར་བའོ། ། དེའི་མདུན་དུ་དཔལ་ལྷ་མོ་ནག་མོ་བསྐྱེད་དེ། མ་ཧཱ་ཀཱ་ལི་བཱ་ཡ་བེ་སྥ་ར་ཎ་ཡང་། དེ་ནི་རླུང་ནག་ཚུབ་མའི་དཀྱིལ་འཁོར་བསྐྱེད་པའོ། ། མ་ཧཱ་ཀཱ་ལི་ཛྭ་ལ་རྃ། དེ་ནི་མེའི་ དཀྱིལ་འཁོར་བསྐྱེད་པའོ། ། དེའི་དབུས་སུ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་ཧཱུྃ། དེ་ནི་ཐོད་པའི་གཞལ་ཡས་ཁང་ངོ་། ། གརྦྷ་པ་ཧཱུྃ། དེ་ནི་བོང་བུ་དམར་གྭ་ལ་མིག་མཇུག་མ་ན་ཡོད་པ། རླུང་གི་གཤོག་པ་ཅན་ནོ། ། ཏི་ར་བྃ། བོང་བུའི་ ཐོག་ཏུ་ཞིང་བསྣོལ་བའོ། ། མ་སཱུ་རྱ་མཎྜ་ལ་ཨ། ཉི་ཟླའི་གདན་ནོ། ། བྷྱོ་ནག་མོའི་འཕྲོ་འདུ་ལས། ལྷ་མོའི་ཏིང་ངེ་འཛིན། ཨོྃ་དེ་བཱི་ཤྲཱི་མ་ཧཱ་ཀཱ་ལཱི་ཧཱུྃ་ཞེས་པ་ལ། རང་གི་བྱང་ཆུབ་ཀྱི་སེམས་ལ། ། ལྷ་མོ་ནག་མོ་ནི་ཁ་དོག་ནག་ མོ་ལ། རལ་བ་གཏིང་ཟ་པང་དུ་འདུག་པ། མིག་རྩ་དམར་བ་ཁ་གདངས་པ། མཆེ་བ་གཙིགས་པ། ལུས་ལ་སྦྲུལ་དང་། ཐོད་པས་བརྒྱན་པ། ལག་ན་རལ་གྲི་དང་།
BO
ནེའུ་ལེ་ཐོགས་པའོ། ། ཐལ་བ་དང་ཁྲག་དང་ཞག་ གིས་མཚོན་པའོ། ། རྣ་རྒྱན་དྲིལ་བུ་དང་སེང་གེ་ལ་བྱས་པ། ཉི་མ་དང་ཟླ་བས་ལུས་བརྒྱན་པའོ། ། སྐུ་སྨད་གླང་གི་ཀོ་བས་བརྒྱན་པའོ། ། རྐང་པ་ལ་ལྕགས་སྒྲོག་གིས་བརྒྱན་པའོ། ། ལྷ་མོ་དེའི་སྤྱན་སྔར་རེ་མ་ཏི་ཁོལ་མོ་བསྐྱེད་དེ། ། ཡྃ་བཱ་ ཡ་བེ་རླུང་གི་ཚུབ་མའོ། ། བྷྲཱུྃ་བི་ཧ་ར་ཎ་ཧཱུྃ། རིན་པོ་ཆེའི་གཞལ་ཡས་ཁང་ངོ་། ། དེའི་ནང་དུ་ཀ་པཱ་ལ་བྷྲཱུྃ་ལས་ཐོད་པའི་གཞལ་ཡས་ཁང་ངོ་། ། དེའི་ནང་རྟི་རྷི་སྟི་བྲུྃ་ལས་འཕྲུལ་གྱི་ལྡིང་ཁང་ངོ་། ། དེའི་ནང་དུ་ཁང་པ་བདུན་བསྐྱེད་དོ། ། དེའི་ནང་དུ་ དྲེའུ་རླུང་གི་གཤོག་པ་ཅན་བསྐྱེད་དོ། ། དེའི་སྟེང་དུ་བསེའི་གདན་ནོ། ། དེའི་སྟེང་དུ་མ་ནག་མོའི་འཕྲོ་འདུ་ལས། ། རཀྴ་རེ་མ་ཏི་ཧཱུྃ་ཞེས་པ་ལས། བདུད་ཀྱི་བུ་མོ་རེ་མ་ཏི་དེ་ནག་མོ་རལ་པ་ཁམ་པ་ལ། མེ་སྟག་དང་རིན་པོ་ཆེས་བརྒྱན་པའོ། ། མིག་དམར་ བ་མཆེ་བ་གཙིགས་པ། ། རེ་ལྡེ་ནག་པོ་དང་མི་ལྤགས་གྱོན་པ། ལག་པ་ན་ཁྲམ་བམ་དང་། ཤོད་རྡེའུ་ཐོགས་པའི་སྦྲུལ་གྱི་གདེངས་ཀ་དང་། ཉི་ཟླའི་ཐོད་གདེངས་དང་། ནད་ཀྱི་ཁ་རླངས་ཅན། སྟག་གི་ཤམ་བུ་དང་། ཟངས་ཀྱི་དྲ་བ་ དང་།
BO
མཚོན་གྱི་གྲུ་གུ་དང་ལྡན་པ་རྣམས་བསྐྱེད་དོ། ། བྷྱོ་བྷྱོ་བྷྱོ་བྷྱོ་ཞེས་བརྗོད་པ་ལས། འཁོར་ནག་མོ་འབུམ་བསྐྱེད་དོ། ། དཔལ་མེ་ལྕེ་འབར་བའི་རྒྱུད་ལས་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་ལྟའི་དབང་ པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། མཉམ་ཉིད་རྡོ་རྗེའི་སྐུ་བསྙེམས་གསང་བའི་ལྷ། ། མཚན་མ་འཇོམས་པའི་དཔའ་བརྟན་དྲག་ཤུལ་ཅན། ། རྡོ་རྗེ་མཁའ་འགྲོ་མེ་ལྕེ་ཕྲེང་བ་ཡི། ། སྲོག་སྙིང་བསྒྲུབ་པའི་སྔགས་རྣམས་བཤད་ པར་ཞུ། ། ཞེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། སྔགས་ཞེས་བྱ་བ་མཁའ་འགྲོའི་སྲོག་རྩ་ཡིན། ། གྲངས་ཀྱང་མང་ལ་ཟུར་ཡང་མ་ཆག་སྟེ། ། གུག་སྐྱེད་ཚེག་དྲག་དག་ཀྱང་མ་ནོར་ན། ། ལྷ་མོ་ནག་མོ་སྔོན་དུ་འགུགས་པ་ཡིན། ། ཞེས་བཀའ་སྩལ་ པ་དང་། དཔལ་ཕྱག་ན་རྡོ་རྗེ་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་ཏེ། དཔལ་ཕྱག་ན་རྡོ་རྗེས་རང་གི་སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་ངོ་། ། ཨོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། གཙོ་བོ་ཕྱག་ན་རྡོ་རྗེའི་བསྙེན་པ་འདི་སྔོན་དུ་འབུམ་ཚོ་བདུན་དུ་བཟླས་པ་བྱས་ལ། གཏོར་ མ་དང་ནི་སྦྱིན་སྲེག་གིས་མཆོད་དེ། །
BO
དེས་ནི་ཕྱག་ན་རྡོ་རྗེའི་གྲུབ་པ་ཐོབ། ། ལྷ་མོ་བཀུག་ཅིང་དབང་དུ་བྱེད་པར་ནུས། ། དེ་ནས་གདོད་ཅིག་ལྷ་མོའི་སྔགས་ལ་འཇུག ། སྔགས་ནི་དཔོན་མོའི་སྙིང་དང་གཡོག་མོའི་སྲོག ། མངོན་དུ་འགུགས་ པ་སྲོག་གི་སྙིང་པོའི་སྔགས། ། གཙོ་བོའི་སྤྱན་འདྲེན་གཡོག་མོ་འགུགས་པའི་སྔགས། ། མི་གཡོ་བརྟན་པ་རྡོ་རྗེ་གདན་གྱི་སྔགས། ། མཉེས་པར་བྱ་ཕྱིར་གཏོར་མ་དབུལ་བའི་སྔགས། ། གིང་དུ་དབང་བསྐུར་དམ་ལ་གདགས་པའི་སྔགས། ། མངག་ཞུགས་ཕན་གནོད་ལས་ལ་བསྐུལ་བའི་སྔགས། ། མི་བྱ་དབང་མེད་གནད་ལ་འབེབས་པའི་སྔགས། ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་བའི་སྔགས། ། ཞབས་ལ་འདུད་པའི་སློབ་མ་དབང་བསྐུར་སྔགས། ། ལྷ་དང་བགེགས་ཀྱི་ཉམས་ལེན་བརྟག་ པའི་སྔགས། ། བརྡ་དང་མཆོད་པ་རྡོ་རྗེ་གསང་བའི་སྔགས། ། བར་ཆོད་མཚན་མ་ངན་པ་བཟློག་པའི་སྔགས། ། བཅུ་གཉིས་རྡོ་རྗེའི་གསང་སྔགས་བསྟན་པར་བྱ། ། དཔལ་ལྷ་མོ་ནག་མོའི་སྲོག་སྙིང་ལ། ། ཨོྃ་རུ་རུ་བེ་ཏི་སྟ་བ་དོ་སི། རུ་རུ་རོ་རུ་བེ་ཏིཥྚ་བ་དོ་སི། པ་ཙ་ལ་ཨ་ཤུག་མེ་ ཧཱུྃ་བྷྱོ་ཛཿ། ཁོལ་མོ་རེ་མ་ཏིའི་སྲོག་སྙིང་ལ། ཨོྃ་རུ་རུ་རོ་རུ། ཧུ་ཏིཥྚ་བ་ཏོ་སི། རག་མོ་ཙིཏྟ་ཁ་རག་མོ་ཧཱུྃ་བྷྱོ།
BO
མ་མ་ཏྲག་རཀྵ། ཁ་མུནྟྲ་བ་ཏྲ་བ་ཏྲག་རཀྵ་ཙིཏྟ་ཁ་རག་མ། རེ་མ་ཏི་སམ་ཡ། པྲ་མ་མ་ཧཱ་སྟེ་པྲ་དུན་བྷྱོ་རུ་ལུ་རུ་ལུ་བྷྱོ་ཛཱ་ཛཱ། དེ་ནི་སྲོག་ལས་འདྲེན་པའི་སྔགས་ཡིན་ཏེ། ས་ཡ་བཟླས་ན་མ་མོ་མངོན་དུ་ཡོང་། ། བྱེ་བ་བཟླས་ན་ཕྱག་རྒྱ་སྟོན་པར་བྱེད། ། འབུམ་ཕྲག་གིས་ཀྱང་དངོས་གྲུབ་མཚན་མ་སྟེར། ། ཁོལ་མོའི་སྙིང་པོ་བཟླས་མ་ཐོག་ནས་འོང་། ། ས་མ་ཡ་དུ་ལིང་རཀྴ་སི། ཧེ་རཀྵ། བྷྱོ་རཀྵ། དུྃ་རཀྵ་མཱ་རཱཀྵ་སི། མཱ་མཱ་མཱ་མཱ། རུ་ལུ་རུ་ལུ། རུ་ལུ་རུ་ལུ། བྷྱོ་བྷྱོ་བྷྱོ་བྷྱོ། རུ་རུ་རུ་རུ། དེ་ནི་འཁོར་མ་མོ་འབུམ་གྱི་སྤྱིའི་སྙིང་པོའོ། ། ཨོྃ་མ་ཧཱ་ཀཱ་ལི་མཎྜ་ལ་མ་ཏྲེ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཏིཥྛ་ཏིཥྛ། ཨ་བ་ལོ་ཀ། ཨ་བ་ལོ་ཀ་ཡེ། ཧཱུྃ་ཛཿ། དེ་ནི་སྤྱན་དྲང་བའི་སྔགས་སོ། ། ཨོྃ་མ་ཧཱ་ཀཱ་ ལི་མ་མ་ས་མ་ཡ། ཤི་ཏི་ཏིཥྛ་སྟྭྃ། མ་ཧཱ་ཀཱ་ལི་ཨཱ་བེ་ཤ་ཡ། རེ་མ་ཏི་ས་མ་ཡ་བེ་ས། དེ་ནི་གདན་གདིང་བའི་སྔགས་སོ། ། ཨ་མཎྚ་བི་མ་ཧཱ་ཀཱ་ལི་རེ་མ་ཏི་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཱུ་ཛ་ཧོཿ། ཨ་མྲྀ་ཏ་ཁ་ཁ་ལེ་ལེ། དེ་ནི་གཏོར་མ་འབུལ་བའི་སྔགས་སོ། ། མ་མ་ས་མ་ ཡ་མ་ཧཱ་ཀཱ་ལི་ས་མ་ཡ།
BO
མ་ཧཱ་ཀཱ་ལི་ཀཱ་ཡ་ས་མ་ཡ། མ་ཧཱ་ཀཱ་ལི་བཱ་ག་ས་མ་ཡ། མ་ཧཱ་ཀཱ་ལི་ཙིཏྟ་ས་མ་ཡ། མ་ཧཱ་མུ་ཏྲ་ཀ་པཱ་ལ་ཧཱུྃ། དེ་ནི་དམ་ཚིག་བསྟན་པའི་སྔགས་སོ། ། ཨོྃ་བཛྲ་ཛོ་གི་ནི་ཏི་བི་མ་ཧཱ་ཀཱ་ལི་ས་མ་ཡ། བཛྲ་ཀྲོ་དྷ་ཀརྨ་རཀྵ་ཧཱུྃ། དེ་ནི་ལས་ལ་བསྐུལ་བའི་ སྔགས་སོ། ། ཨོྃ་རུ་རུ་རུ་ཙ་ཧཱུྃ། ཨ་ཤུག་མེ་བ་ཏྲི་རུ་ཏྲ་ཁ་ཤ་ལ་ནག་མོ་ཧཱུྃ། རཀྵ་ཙིཏྟ་མ་ཧཱ་ས་མཱ་དྷི། མ་རུ་ཁ་ཙིཏྟ་ནན། རག་མོ་ཏི་ཀི་མ་ཛཿ། མ་མ་ཏི་ཏི་ཧཱུྃ་བྷྱོ། དེ་ནི་དཔོན་གཡོག་གནད་ནས་བསྐུལ་བའི་སྔགས་སོ། ། ཨོྃ་བཛྲ་ཌཱ་ཀི་ནི་དེ་བ་མ་ཧཱ་ཀཱ་ལ་རེ་མ་ཏི། ཀཱ་ལ་ཝཱ་ཀ་ཙིདྡྷི་ས་མ་ཡ་ ཕ་ལ་ཨཱ་བེ་ཤ་ཡ་ཨ། དེ་ནི་དངོས་གྲུབ་བླང་བའི་སྔགས་སོ། ། ཨོྃ་མ་ཧཱ་ཀཱ་ལི་ཡེ་ཧཱུྃ་ཕཊ། རུ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་མ་ཧཱ་ཀཱ་ལི་ཨ་བྷི་ཥིཉྩ། ཀ་བཱ་ལ་ཏྲི་ནི། མ་ཧཱ་ཛྙཱ་ན། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། དེ་ནི་དབང་བསྐུར་བའི་སྔགས་སོ། ། ཧྲིང་ཧྲིང་ཙ་མིཎྜི་གུརྩེ་ཧཱུྃ། དེ་ནི་ཉམས་ལེན་བརྟག་ པའི་སྔགས་སོ། ། ཧཱུྃ་ཕཊ། མ་ཧཱ་དེ་བི་ཀཱ་ལི་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧུ་ལུ་ནན། ད་ཧ་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ། དེ་ནི་མཚན་མ་ངན་པ་བཟློག་པའི་སྔགས་སོ། །
BO
ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་། ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི། བྲུྃ་གེམ་བྲུྃ་གེམ་ བྲུྃ་གེམ་བྲུྃ་གེམ་བྲུྃ་གེམ་བྲུྃ་གེམ་བྲུྃ་གེམ། ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ། ཕཊ་ཏ་ཀ་ཕཊ་ཏ་ཀ་ཕཊ་ཀ་ཕཊ་ཀ་ཕཊ་ཀ་ཕཊ་ཀ་ཕཊ་ཀ། དེ་ནི་རྡོ་རྗེ་མ་ཧཱ་མཁའ་འགྲོ་མའི་རྔ་སྒྲའོ། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་སྔགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ནས་ ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་མགོན་པོ་རྒྱལ་ཚབ་ལས་ཀྱི་ལྷ། ། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་མའི། ། གསང་བའི་ཕྱག་རྒྱ་བདག་ལ་བསྟན་པར་འཚལ། ། ཞེས་ཞུས་པ་དང་། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། རྣལ་འབྱོར་ གསང་བའི་ཕྱག་རྒྱ་དམ་པ་ནི། ། སྤང་བར་མི་བྱ་རྟག་ཏུ་བཅང་བར་བྱའོ། ། དང་པོ་གཙོ་བོ་རྡོ་རྗེ་རྒྱལ་ལ་གནས། ། རླུང་གིས་མེ་སྦར་བོང་ཞོན་དབང་ཕྱུག་མ། ། ལྕགས་ཀྱུས་བཟུང་ནས་གཤོག་པས་ཟིལ་གྱིས་གནོན། ། བོང་བུས་གདན་འདིངས་ཐོད་པས་དབང་བསྐུར་ཏེ། །
BO
ཐོད་རློན་ དམ་བརྟན་གཉིས་མེད་དངོས་གྲུབ་བླང་། ། རྟག་ཏུ་མཚན་མ་ངན་པ་ཕྱག་རྒྱས་བཟློག ། དང་པོ་གཙོ་བོ་རྡོ་རྗེ་རྩེ་ལྔ་ནི། ། ལག་གཉིས་སོར་མོ་རྒྱབ་ཏུ་བསྣོལ་བཅངས་ལ། ། མཐེ་བོང་གུང་མོ་མཐེའུ་ཆུང་གཤིབས་ལ་བསྒྲེང་། ། རྡོ་རྗེ་རྩེ་ལྔ་ཕྱག་ན་རྡོ་རྗེའི་རྒྱའོ། ། དང་པོ་རླུང་ནག་ཚུབ་ མའི་ཕྱག་རྒྱ་ནི། ། ལག་ན་ཐལ་སྦྱར་གུང་སྤྲོད་བསྒྲེང་བ་དང་། ། མཐེ་ཆུང་སྲིན་ལག་ཚིགས་བསྣོལ་བགྲད་པ་དང་། ། དེ་{བརྐྱང་མ,རྐྱང་མ}ཐེ་བོང་གུང་གཏད་མཛུབ་མོ་གཉིས་བསྒྲེང་རྫོང་། ། རྩེ་མོ་བཀུག་པ་རླུང་གི་ཕྱག་རྒྱའོ། ། མེ་རི་སྨུག་ནག་འབར་བའི་ཕྱག་རྒྱ་ནི། ། མཛུབ་མོ་གཉིས་ནི་སོར་མོ་དགུག་བྱས་ཏེ། ། མཐེ་བོང་བཀུག་སྟེ་དེ་ལ་གཏད་བྱས་ལ། ། གུང་མོ་མཐེའུ་ཆུང་བསྒྲེང་སྟེ་ཕྱར་བའོ། ། ལྷ་མོ་ནག་མོའི་རལ་གྲིའི་ཕྱག་རྒྱ་ནི། ། ལག་གཡས་མཐེའུ་ཆུང་བཀུག་སྟེ་མཐེ་བོས་མནན། ། གུང་མཛུབ་སྲིན་ལག་གཤིབས་ཏེ་བསྒྲེང་བའོ། ། ཁོལ་མོ་རེ་མ་ཏི་ཡི་ཕྱག་རྒྱ་ནི། ། ལག་པ་གཡས་བཀུག་མཐེ་བོས་མནན་བྱས་ཏེ། ། ལྷག་མ་གསུམ་བརྐྱང་བས་ནི་ཁྲམ་བམ་ཕྱག་རྒྱ་ཡིན། ། མ་མོ་དགུག་པ་ལྕགས་ཀྱུའི་ཕྱག་རྒྱ་ནི། །
BO
ལག་གཉིས་རྒྱབ་སྤྲད་མཐེའུ་ཆུང་བསྒྲེང་ནས་ནི། ། མཛུབ་མོ་གཉིས་བཀུག་གུང་སྲིན་མཐེ་བོས་ བསྡུ། ། བརྐྱང་སྟེ་ཕྲལ་ནས་སྙིང་གར་ལྕགས་ཀྱུ་གཉིས། ། ཟིལ་གྱིས་མནན་པ་ཁྱུང་གཤོག་ཕྱག་རྒྱ་ནི། ། མཐེ་བོང་གཉིས་གཤིབས་སོར་མོ་གཤོག་ལྟར་བརྐྱང་། ། གདན་མཆོག་བོང་བུ་དག་གི་ཕྱག་རྒྱ་ནི། ། མཐེའུ་ཆུང་བསྣོལ་བས་སྲིན་ལག་མནན་བྱས་ཏེ། ། སྲིན་ལག་ཐོར་ ཏོ་མཐེ་བོས་མནན་པའོ། ། དེ་བཞིན་གུང་མོ་གཉིས་ཀྱང་ནང་དུ་བསྟན། ། བྱིན་བརླབས་དབང་བསྐུར་ཐོད་ཕྲེང་ཕྱག་རྒྱ་ནི། ། ལག་པ་གཡས་གཡོན་ཁུ་ཚུར་བཅངས་པ་ལ། ། མཐེབ་མཛུབ་བཞི་པོ་ལྕགས་སྒྲོག་ལྟ་བུར་སྦྲེལ། ། ལག་གཉིས་ཐོད་རློན་དམ་ཚིག་ཕྱག་རྒྱ་ནི། ། མཐེ་ བོང་མཛུབ་མོ་བཀུག་ནས་བཟླུམ་བྱས་ཏེ། བཀུག་ནས་སྲིན་ལག་གཉིས་བཅུག་མིག་འབྲས་འདྲ། ། གུང་མོ་མཐེའུ་ཆུང་གཉིས་ནི་ཐོད་རློན་ཁ། ། དངོས་གྲུབ་བླང་བའི་བདུད་རྩི་བུམ་པ་ནི། ། ལག་གཉིས་སོར་བཅུ་རྩེ་བསྡུས་བཀུག་ལ་ཟླུམ། ། མཚན་ངན་བཟློག་པ་ཏྲི་ཤཱུལ་ཕྱག་ རྒྱ་ནི། ། ལག་གཡས་མཐེབ་མཛུབ་སྲིན་ལག་མཐིལ་དུ་དགུག ། མཐེ་བོ་གུང་མོ་མཐེའུ་ཆུང་ཕྱར་ལ་བསྒྲེང་། །
BO
མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་དགུ་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་ སྐད་ཅེས་གསོལ་ཏོ། ། ཀྱེ་སྟོབས་པོ་ཆེ་ལ་གནོད་སྦྱིན་གྲགས་པ་ཅན། ། རིག་སྔགས་གསང་སྔགས་ཚོགས་ཀྱི་མངའ་བདག་གིས། ། རྡོ་རྗེ་མཁའ་འགྲོ་མཉེས་པར་བྱ་བའི་ཕྱིར། ། མཆོད་པའི་རིམ་པ་བདག་ལ་བཤད་དུ་གསོལ། ། ཞེས་ཞུས་པ་ལ། གསང་བའི་བདག་པོས་བཀའ་ སྩལ་པ། ། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་མྱུར་བྱའི་ཕྱིར། ། མཉེས་པར་བྱས་ཏེ་མཆོད་པ་རྟག་ཏུ་འབུལ། ། དང་པོར་མཆོད་པའི་རྫས་ཀྱི་གཏོར་མ་འབུལ། ། གཉིས་པ་ལ་ནི་སྦྱིན་སྲེག་དབུལ་བའོ། ། དེ་བཞིན་གསུམ་པ་གསང་བའི་མཆོད་པ་དབུལ། ། དང་པོར་གཏོར་མ་ ཤ་ལྔ་བདུད་རྩི་ལྔ། ། མཆོད་པའི་རྫས་དང་ཛ་གད་རཀྟ་རྣམས། ། པདྨ་མཛེས་པའི་སྣོད་དུ་བཀང་བྱས་ནས། ། རླུང་གིས་མེ་སྦར་ཨ་ཡིས་ཐོད་པ་བསྐོལ། ། ཧཱུྃ་གི་རྡོ་རྗེས་རབ་ཏུ་དཀྲུགས་ནས་ཀྱང་། ། ཨ་དཀར་འབར་བས་ཁ་ཟས་དུག་བཅོམ་ལ། ། དཔའ་བོ་འབྲུ་ལྔས་བདུད་རྩིར་ བྱིན་གྱིས་བརླབས། ། དང་པོས་གཙོ་བོ་ཕྱག་ན་རྡོ་རྗེ་མཆོད། ། གཉིས་པས་ལྷ་མོས་འཐུངས་པར་བསམ། །
BO
ཐ་མ་རེ་མ་ཏི་ཡིས་རྔུབས་པར་བསྒོམ། ། ཨོྃ་བཛྲ་པཱ་ཎི་ཧཱུྃ། ཌཱ་ཀི་ནཱི་མ་ཧཱ་ཀཱ་ལི། ཡཀྴ་རེ་མ་ཏི། མ་མ་ཤ་ཏྲུྃ་ཨ་མུ་ཀ། མ་ཙ་མེ་ཏ་བ་སམ་ས། རུ་ཏི་ཛི་བྃ། པྲཱི་ཡ་བེགྴི་ནི། ཨི་དྃ་བ་ལིཾ་གྲྀཧྞ་གྲྀཧྞ། ཁ་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི། གསང་སྔགས་དེས་ནི་རྟག་ཏུ་གཏོར་མ་དབུལ་བའོ། ། དེ་ནས་སྦྱིན་སྲེག་དབུལ་བ་བསྟབ་པར་བྱ། ། སྐུ་གཟུགས་མདུན་དུ་མེ་ཐབ་བསྐོར་བྱས་ཏེ། ། འོ་མ་ཚེར་མ་ཡོད་པའི་ཤིང་བརྩིགས་ལ། ། བྲམ་ཟེ་ཁྱིམ་ནས་མེ་བླངས་མེ་སྦར་ ལ། ། བསྲེག་རྫས་མི་ཤ་མར་ནག་སྦྲང་རྩི་ཆང་། ། ཁྲག་ལ་སྦྱར་ལ་ཁྲི་ཕྲག་གཅིག་ཏུ་དབུལ། ། བསྒོམ་ཐབས་མེ་ཉིད་མེ་ལྷར་སྐྱེས་ཞོན་པ་ལ། ། ཕྱག་བཞི་གཡས་ན་དབྱུག་པ་དང་ནི་མཆོད་སྦྱིན་ནོ། ། གཡོན་ན་གྷུནྡྷེ་དང་ནི་བགྲང་ཕྲེང་རབ་ཏུ་འཛིན། ། དེ་ཡི་སྙིང་གར་ཕྱག་ ན་རྡོ་རྗེ་དང་། ། ལྷ་མོ་ཉིད་དང་ཁོལ་མོ་རེ་མ་ཏི། ། གསལ་བར་བསྐྱེད་ལ་སྦྱིན་སྲེག་དབུལ་བར་བྱའོ། ། གཉིས་པ་གཙོ་བོ་ཕྱག་ན་རྡོ་རྗེ་མཆོད། ། གསུམ་པས་ལྷ་མོ་ནག་མོ་དེ་ལ་དབུལ། ། དེ་བཞིན་ཐ་མས་རེ་མ་ཏི་ལ་མཆོད། ། སོ་སོའི་སྙིང་པོ་བཟླས་ཤིང་དབུལ་ བར་བྱའོ། ། ཨོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ།
BO
མ་ཧཱ་དེ་བི་ཀཱ་ལི་ཧཱུྃ། ཡཀྵ་རེ་མ་ཏི་ཧཱུྃ། ཨགྣ་ཡེ་ཧ་བྱ་ཀ་བྱ། མ་ཧཱ་ཏི་བ་ཏི་བ་ཏི་བྱ། སརྦ་དུཥྚཱ་ན་བཀྴ་ནི་ཁ་རྃ་ཁཱ་ཧི་སྭཱ་ཧཱ། དེ་ནས་ཐལ་བ་དུར་ཁྲོད་དུ་བསྐྱལ། ། དེ་ནས་གསང་བའི་མཆོད་པས་རབ་བཤད་བྱ། ། དངོས་ལ་ མཁའ་འགྲོ་གསལ་ལམ་ཏིང་འཛིན་ལ། ། གསང་བ་ཡེ་ཤེས་ཧཱུྃ་དང་ཨྃ་གཉིས་ལ། ། རྡོ་རྗེ་པདྨས་རབ་ཏུ་དཀྲུགས་ནས་ཀྱང་། ། ཟླ་བས་མཁའ་འགྲོ་རབ་ཏུ་མཉེས་འགྱུར་ཏེ། ། ཐུགས་ཀྱི་ཐིག་ལེས་བདག་གི་གཟི་བྱིན་བསྐྱེད། ། ཐུགས་ཀྱི་དངོས་གྲུབ་དམ་པའི་མན་ངག་གོ། ། མ་ཧཱ་ ཀཱ་ལི་ས་མ་ཡ་བོ་དྷི་ཙིཏྟ། མ་ཧཱ་པུ་ཛ་གུ་ཧྱ་སྟྭྃ་སྤྲོ་བའོ། ། མ་ཧཱ་ཀཱ་ལི་ས་མ་ཡ། མ་ཧཱ་རཀྟ་གུ་ཧྱ་སྟྭྃ། ཨཱ་པེ་ཤ་ཨ། བསྡུ་བའོ། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་མཆོད་པའི་ལེའུ་སྟེ་བཅུ་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། ། དཔལ་ཕྱག་ན་རྡོ་རྗེ་ལ་ འདི་སྐད་ཅེས་གསོལ་ཏོ། ། ཡེ་ཤེས་ལྔར་ལྡན་དཔའ་བརྟན་ཐུགས་རྗེ་ཅན། ། དཔལ་ལྡན་མི་བསྐྱོད་རྡོ་རྗེ་སེམས་དཔའ་ཁྱོད། ། རྡོ་རྗེ་མཁའ་འགྲོ་མ་ཡི་དངོས་གྲུབ་ནི། ། སྲོག་དང་འདྲ་བའི་དམ་ཚིག་བདག་ཉན་འཚལ། ། ཞེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་ སྩལ་བ།
BO
མཁའ་འགྲོ་མ་ཡི་དམ་ཚིག་ནི། ། གསང་བའི་ཕྱག་རྒྱ་འདའ་དཀའ་བ། ། མི་ཤིགས་རྒྱལ་པོས་དབང་བསྐུར་ཏེ། ། རྡོ་རྗེ་མཚན་མ་འཇོམས་པའི་རྒྱུ། ། དམ་ཚིག་དེ་ཉིད་རབ་བཤད་བྱ། ། འདས་ན་རྡོ་རྗེ་དམྱལ་བའོ། ། མ་འདས་དངོས་གྲུབ་དམ་པའི་རྒྱུ། ། གཙོ་ བོ་ཕྱག་ན་རྡོ་རྗེ་དང་། ། ལྷ་མོ་ནག་མོ་དཔོན་གཡོག་ལ། ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། ། གཙོ་བོའི་སྐུ་ཡི་དམ་ཚིག་ནི། ། སྐུ་ཡི་ཕྱག་རྒྱ་མི་སྤོང་ཞིང་། ། ལྷ་དང་སློབ་དཔོན་མཉེས་པར་བྱ། ། རྡོ་རྗེ་སྤུན་ལ་གདུང་བ་བསྐྱེད། ། གཙོ་བོའི་གསུང་གི་དམ་ཚིག་ནི། ། བཟླས་བརྗོད་ སྙིང་པོ་རྒྱུན་མི་གཅོད། ། མི་ཡེངས་རྫུན་སྤངས་གསང་སྔགས་འཛིན། ། གཙོ་བོའི་ཐུགས་ཀྱི་དམ་ཚིག་ནི། ། གསང་བ་གཞན་ལ་མི་སྤེལ་ཞིང་། ། སྟན་གན་འབྲས་བུ་ལྔ་ལ་སྤྱོད། ། དེ་ནས་གཙོ་མོའི་དམ་ཚིག་བཤད། ། ལྷ་མོའི་སྐུ་ཡི་དམ་ཚིག་ནི། ། བོང་བུ་ལ་ནི་བྱམས་ པར་བྱ། ། ཁལ་གྱིས་མི་མནན་དབྱུག་མི་བརྡེག ། རྨ་བྱའི་མདོངས་ནི་རྟག་ཏུ་བཅང་། ། མེ་ཡི་དཀྱིལ་འཁོར་མཐོང་བ་ན། ། མེ་ཏོག་སྐྱེས་ལྟར་དགའ་བར་བྱ། ། རྟག་ཏུ་ཡི་དམ་མི་འདའ་བའི། ། ཞག་རེ་ཕྱག་རྒྱ་གཉིས་གཉིས་བསྟན། ། ལྷ་མོ་གསུང་གི་དམ་ཚིག་ནི། །
BO
རྒྱུན་དུ་ བཟླས་པ་བྱེད་པ་དང་། ། ནེའུ་ལེ་མཐོང་ན་བསྟོད་པ་བྱ། ། ཕྱག་རྒྱ་བསྟན་ཞིང་དགའ་བར་བྱ། ། ཞིང་པགས་རྫས་ཀྱི་སྣོད་དུ་བྱ། ། ཚུབ་མ་དག་དང་ཕྲད་གྱུར་ན། ། རྐེད་པར་མི་གཅོད་རྒྱབ་མི་བསྟན། ། ཚེས་གྲངས་ཤིས་དང་ནམ་གུང་ལ། ། ཕྱག་རྒྱ་བྱ་ཞིང་བསྟོད་པ་བྱ། ། ལྷ་མོའི་ ཐུགས་ཀྱི་དམ་ཚིག་ནི། ། འཇིག་རྟེན་གང་དང་གང་དག་ན། ། བུད་མེད་ཡུགས་ས་ཡོད་པ་ལ། ། བྱམས་པར་བྱ་ཞིང་ཆགས་པ་སྤྱད། ། རྟག་ཏུ་བུ་མོ་གཙང་མ་བསྟེན། ། ལྷ་མོ་ཟླ་མཚན་རྒྱུ་དུས་སུ། ། གསང་བའི་མཆོད་བས་དམ་བསྲེའོ། ། ལྷ་མོའི་ཁོལ་མོ་རེ་མ་ཏིའི། ། དེ་ཡི་སྐུ་ ཡི་དམ་ཚིག་ནི། ། བྱིས་པ་དག་གི་ནལ་ཕྲུག་ལ། ། གོས་དང་ཁ་ཟས་མགྲོན་དུ་སྦྱིན། ། རྟག་པར་དེ་ལ་བྱམས་པར་བྱ། ། ཤིང་ལོ་སོར་བཞི་རྐེད་པར་གཅད། ། ཕྱེད་ལ་མ་མོའི་སྐུ་བྲིས་ཏེ། ། ཕྱེད་ལ་དངོས་གྲུབ་གསོལ་བར་བྲི། ། དེ་ནི་རྟག་ཏུ་བཅང་བའོ། ། ཁོལ་མོ་གསུང་གི་དམ་ཚིག་ ནི། ། མ་ཕེབས་བར་དུ་སྲོག་སྙིང་དང་། ། ནུབ་རེ་གཏོར་མ་འདར་མི་རུང་། ། ཁ་འཕྲོ་དག་ཀྱང་བསྲེ་བ་མིན། ། ཕྲེང་བ་ལ་ཡང་རེག་པ་བསྲུང་། ། བདག་གིས་དགྲ་ལ་བྱད་བྱས་ཏེ། ། ཕྱིས་ནི་བཅོས་པར་མ་བཤད་དོ། །
BO
ཁས་བླངས་ཡོལ་དུ་ག་ལ་རུང་། ། ཕུད་ཀྱང་ཉམས་པར་བྱ་བ་ མིན། ། རྡོ་སོལ་ཆུར་ནི་བསྐྱུར་མི་བྱ། ། ཁོལ་མོ་ཐུགས་ཀྱི་དམ་ཚིག་ནི། ། ནལ་བུ་ཡོད་པའི་སྦྲུམ་མ་ལ། ། མེ་ཏོག་གཏོར་ཞིང་བྱམས་པར་བྱ། ། ཁ་ཟས་སྦྱིན་ཞིང་དང་ན་མི་བགྲང་། ། སྣ་ཁྲག་ཟླ་མཚན་བླང་བར་བྱ། ། དམ་ཚིག་ཡོད་རུང་མེད་རུང་སྟེ། ། བདག་མ་ཡིན་པའི་རྣལ་ འབྱོར་ལ། ། རང་གི་ལྷ་དང་སྙིང་པོ་དང་། ། རྫས་དང་ཕྱག་རྒྱ་མི་བསྟན་ནོ། ། མཚན་མ་རྡོ་སོལ་ཞུ་བས་བསྐུ། ། བྱ་ནག་ལུག་ནག་རྟག་ཏུ་བཅང་། ། ཐེ་ཚོམ་ཟར་ནི་མི་རུང་ངོ་། ། དཔོན་གཡོག་སྤྱི་ཡི་དམ་ཚིག་ནི། ། རུ་ཧི་རྡོ་རྗེ་པདྨའི་མི། ། རྟག་ཏུ་བཅངས་ལ་བསྟན་ཅིང་མཆོད། ། དེ་དང་བྲལ་དུ་མི་རུང་ངོ་། ། རྣལ་འབྱོར་དངོས་གྲུབ་ཐོབ་བྱའི་ཕྱིར། ། སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྟན། ། བརྒྱ་བྱིན་དག་གིས་རབ་ཞུས་པ། ། དམ་ཚིག་ཉམས་པའི་སྐྱོན་ནི་གང་། ། དམ་ཚིག་བསྲུངས་པའི་ཡོན་ཏན་གང་། ། འབྱུང་པོའི་གཙོ་བོས་བཤད་ དུ་གསོལ། ། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ། རབ་ཏུ་བཤད་ཀྱིས་བརྒྱ་བྱིན་ཉོན། ། གཙོ་བོ་ཕྱག་ན་རྡོ་རྗེ་ཡི། ། སྐུ་ཡི་དམ་ཚིག་ཉམས་པ་ན། ། མཐོ་རིས་གོ་འཕང་རྒྱུད་ལམ་འཆད། །
BO
གསུང་གི་དམ་ཚིག་ཉམས་པ་ན། ། བསྒྲུབས་ཀྱང་དངོས་གྲུབ་མི་འཐོབ་ཅིང་། ། སྔགས་ལ་ནུས་ མཐུ་མེད་པར་རོ། ། ཐུགས་ཀྱི་དམ་ཚིག་ཉམས་པ་ན། ། མཁའ་འགྲོའི་ཆད་པས་རབ་བཅད་ནས། ། ངེས་པར་རྡོ་རྗེ་དམྱལ་བར་སྐྱེ། ། དངོས་གྲུབ་མེད་པར་བར་ཆོད་འབྱུང་། ། དཔལ་ལྡན་ལྷ་མོ་ནག་མོ་ཡི། ། སྐུ་ཡི་དམ་ཚིག་ཉམས་པ་ན། ། རྒྱལ་པོའི་ཆད་དང་སྦྲུལ་གདུག་དང་། ། མེ་དང་ཆུ་ཡི་བར་དུ་ཆོད། ། གསུང་གི་དམ་ཚིག་ཉམས་པ་ན། ། བསྒྲུབ་ལ་གཡེལ་ཞིང་ནུས་མཐུ་མེད། ། བསྒྲུབ་པ་རྩོམ་རེས་བར་ཆོད་འོང་། ། ཐུགས་ཀྱི་དམ་ཚིག་ཉམས་པ་ན། ། ཉམས་ལེན་འོང་ཞིང་རིམས་ནད་འོང་། ། ཁོལ་མོ་བདུད་མོ་རེ་མ་ཏིའི། ། སྐུ་ཡི་དམ་ཚིག་ ཉམས་གྱུར་ན། ། འཁོར་ལ་རིམས་ནད་སྨྱོ་འབོག་འོང་། ། དགྲ་རྣམས་ཚེ་དང་བསོད་ནམས་འཕེལ། ། གསུང་གི་དམ་ཚིག་ཉམས་པ་ན། ། བུ་དང་ཆུང་མ་འཆི་བ་དང་། ། སྙིང་མི་དགའ་ཞིང་ཁ་ཡང་ཡོ། ། ནོར་དང་ལོངས་སྤྱོད་ཟད་པར་འགྱུར། ། ཐུགས་ཀྱི་དམ་ཚིག་ཉམས་པ་ ན། ། རང་གི་ཚེ་ལ་བར་ཆོད་འོང་། ། མཛེ་དང་རྒྱུ་གཟེར་ན་ཞིང་འབོག ། སྤྱི་ཡི་དམ་ཚིག་ཉམས་པ་ན། ། རྟག་པར་བསྒྲུབས་ཀྱང་འགྲུབ་དུས་མེད། ། རྟག་པར་དགྲ་དང་མི་འབྲལ་ལོ། །
BO
ཡང་ནི་ལྷ་དབང་བརྒྱ་བྱིན་ཉོན། ། དམ་ཚིག་བསྲུང་བའི་ཡོན་ཏན་ལ། ། གཙོ་བོ་ཕྱག་ན་རྡོ་རྗེ་ཡི། ། སྐུ་ཡི་དམ་ཚིག་མ་ཉམས་ན། ། བླ་མེད་བྱང་ཆུབ་གོ་འཕང་འཐོབ། ། གསུང་གི་དམ་ཚིག་མ་ཉམས་ན། ། ཕྱག་ན་རྡོ་རྗེའི་ཞལ་མཐོང་ནས། ། རྡོ་རྗེའི་ངག་ལ་དབང་ཐོབ་འགྱུར། ། ཐུགས་ཀྱི་དམ་ཚིག་མ་ཉམས་ན། ། ཕྲིན་ལས་རྣམ་བཞི་མངོན་དུ་འགྲུབ། ། མཁའ་འགྲོ་མ་ རྣམས་མངོན་དུ་འཁོལ། ། མཐུ་དང་རྫུ་འཕྲུལ་བསམས་པས་འགྲུབ། ། དཔལ་ལྡན་ལྷ་མོ་ནག་མོ་ཡི། ། སྐུ་ཡི་དམ་ཚིག་མ་ཉམས་ན། ། ལྷ་སྲིན་ཕོ་མོས་ཕྱག་བྱེད་དེ། ། འདོད་པའི་ཁམས་ཀྱི་རྒྱལ་སྲིད་ཐོབ། ། གསུང་གི་དམ་ཚིག་མ་ཉམས་ན། ། སྔགས་བཟླས་ མཁའ་འགྲོ་མངོན་དུ་འོང་། ། བར་ཆད་མེད་པར་དངོས་གྲུབ་སྟེར། ། ཐུགས་ཀྱི་དམ་ཚིག་མ་ཉམས་ན། ། བདུད་དང་དགྲ་ཡིས་མི་ཚུགས་ཤིང་། ། རྟག་ཏུ་རིམས་ནད་མི་འབྱུང་ཞིང་། ། དགྲ་རྣམས་ཐེ་ཚོམ་མེད་པར་འཆི། ། ལྷ་མི་ཡོངས་ཀྱིས་བཀུར་བར་འགྱུར། ། ཚེ་ རིང་ནོར་དང་ལྡན་པར་འགྱུར། ། དེ་ནས་ནག་མོ་རེ་མ་ཏིའི། ། སྐུ་ཡི་དམ་ཚིག་མ་ཉམས་ན། ། འཁོར་ནི་བཀྲ་ཤིས་དར་ཞིང་རྒྱས། ། དགྲ་དང་བགེགས་རྣམས་ཕུང་བར་བྱེད། ། གསུང་གི་དམ་ཚིག་མ་ཉམས་ན། །
BO
བུ་དང་ཆུང་མ་དར་བ་དང་། ། ནོར་དང་ལོངས་སྤྱོད་རྒྱས་པར་ འགྱུར། ། མིག་རྣོན་རྐང་མགྱོགས་རོ་ལངས་འགྲུབ། ། ཐུགས་ཀྱི་དམ་ཚིག་མ་ཉམས་ན། ། ཚེ་རིང་གྲགས་པ་ཐོབ་པ་དང་། ། ལུས་ལ་ཆད་ཀྱིས་མི་ཐེབས་ཤིང་། ། སེམས་ལ་སྡུག་བསྔལ་མེད་པར་འགྱུར། ། མཐུ་རྩལ་ཆེན་པོ་ཐོབ་པར་འགྱུར། ། སྤྱི་ཡི་དམ་ ཚིག་མ་ཉམས་ན། ། གཙོ་བོ་ཕྱག་ན་རྡོ་རྗེ་དང་། ། ལྷ་མོ་ནག་མོ་དཔོན་གཡོག་ཀུན། ། རྟག་ཏུ་བདག་དང་མི་འབྲལ་ལོ། ། ཇི་ལྟར་འདོད་པའི་དོན་དེ་འགྲུབ། ། གང་ལྟར་མངག་པའི་ལས་དེ་བྱེད། ། མཁའ་འགྲོ་མེ་ལྕེ་འབར་བའི་རྒྱུད་ལས། དམ་ཚིག་གི་ ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཧཱུྃ་མཛད་ཧཱུྃ་གི་རྒྱལ་པོ་རྡོ་རྗེ་ཆེ། ། རྡོ་རྗེ་མཁའ་འགྲོའི་དྲོད་ཚད་མཚན་མ་ཤོད། ། ཅེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་ རྗེས་བཀའ་སྩལ་པ། ། སྐྱེས་བུ་བློ་ལྡན་མན་ངག་རྩལ་ཅན་གྱིས། ། གསང་སྔགས་ཏིང་འཛིན་ཕྱག་རྒྱར་རབ་ལྡན་ན། ། རྡོ་རྗེ་མཁའ་འགྲོའི་གྲུབ་རྟགས་འདི་ལྟར་འབྱུང་། ། གྲུབ་རྟགས་ཕྱི་ནང་གསང་བ་གསུམ་དུ་བཤད། ། ནང་གི་གྲུབ་རྟགས་མིག་ དང་རྣ་བ་དང་། །
BO
སྣ་དང་ལྕེ་དང་ལུས་དང་སྙིང་ལ་འབྱུང་། ། གལ་ཏེ་མིག་གིས་སྲིད་པ་གསུམ་མཐོང་ན། ། གཙོ་བོ་ཕྱག་ན་རྡོ་རྗེའི་མཚན་མ་ཡིན། ། མིག་གིས་ལྷ་མོ་མཐོང་ན་ལྷ་མོ་ཡིན། ། མིག་ནི་འདར་ཞིང་འགུལ་ན་རེ་མ་ཏི། ། རྣ་བས་སྲིད་པ་གསུམ་པོ་ཐོས་ན་ རྡོ་རྗེ་འཛིན། ། མཁའ་འགྲོས་གཏམ་ཟེར་ཐོས་ན་ལྷ་མོས་བསྟན། ། བུད་མེད་འབྲུག་སྒྲ་སྒྲོགས་ན་རེ་མ་ཏི། ། སྣ་ལ་ག་བུར་དྲི་ནི་རྡོ་རྗེ་འཛིན། ། ཀུ་མུ་ད་ཡི་དྲི་ནི་ལྷ་མོ་ཉིད། ། སྤོས་སམ་གུར་གུམ་བྲོ་ན་རེ་མ་ཏི། ། ལྕེ་ལ་དམ་ཆོས་འཆད་ན་རྡོ་རྗེ་འཛིན། ། ལྕེ་ལ་གསང་སྔགས་ ཟློས་ན་ལྷ་མོ་ཡིན། ། ལེགས་ཉེས་མཚན་མ་སྨྲ་ན་རེ་མ་ཏི། ། ལུས་ནི་འཕྲོ་ན་ཕྱག་ན་རྡོ་རྗེ་ཡིན། ། ལུས་ལས་འོད་འབྱུང་བ་ནི་ལྷ་མོའི་རྟགས། ། ལུས་པོ་འདར་རམ་སྐྱི་ཤ་བུང་བ་དང་། ། ཤ་རྩ་འགུལ་ན་རེ་མ་ཏི་ཡི་རྟགས། ། གླལ་ལམ་སྐྱུགས་ཤིང་མཆི་མ་འོང་བ་ན། ། ལྷ་མོ་དཔོན་ གཡོག་ཡོ་ག་ཕེབས་པ་ཡིན། ། གལ་ཏེ་སྙིང་གིས་སྐྱེ་བ་དྲན་པ་ན། ། ཕྱག་ན་རྡོ་རྗེའི་དངོས་གྲུབ་མཚན་མའོ། ། སྙིང་ནི་དགའ་ལ་འཚིག་ན་རྗེ་མོ་ཡིན། ། སྙིང་འདི་ཁྲི་ལ་འཚིག་ན་ཁོལ་མོ་ཡིན། ། ད་ནི་གསང་བ་གྲུབ་རྟགས་བསྟན་པར་བྱ། །
BO
སྔགས་དང་ཏིང་འཛིན་ནུས་པ་སྐྱེད་ ཙམ་ན། ། རྡོ་རྗེ་དབུས་ཀྱི་རྩ་ཡི་ནམ་མཁའ་ལ། ། བྱང་ཆུབ་སེམས་ཀྱི་དགའ་བདེ་སྐྱེ་བ་ན། ། མཁའ་འགྲོ་རང་ལ་ཤར་བར་བཤད། ། ད་ནི་ཕྱི་ཡི་གྲུབ་རྟགས་བསྟན་པར་བྱ། ། ཕྱི་ཡི་རྟགས་ནི་རབ་འབྲིང་ཐ་མ་གསུམ། ། རབ་ནི་ལྷ་མོ་ཉིད་ཀྱི་སྐུ་མཐོང་སྟེ། ། ནམ་མཁའི་དབུས་ སུ་ཕྱག་ན་རྡོ་རྗེ་མཐོང་། ། བུད་མེད་དཀར་མོ་བཞད་ཅིང་བྱུང་བ་ན། ། གསང་བའི་ཡེ་ཤེས་དངོས་གྲུབ་སྟེར་བའོ། ། ནག་མོ་རལ་པ་ཅན་དུ་བྱུང་བ་ན། ། འདོད་ཁམས་འདུས་པའི་མཐུ་རྩལ་དངོས་གྲུབ་བདག་ལ་སྟེར། ། དམར་མོ་བསེ་ཡི་རལ་པ་ཅན་དུ་བྱུང་བ་ན། ། འཇིག་རྟེན་དབང་ དུ་སྡུད་པའི་དངོས་གྲུབ་སྟེར། ། སེར་མོ་ཐོད་པའི་ཕྲེང་བ་ཅན་དུ་བྱུང་བ་ན། ། ཚེ་དང་ལོངས་སྤྱོད་རྒྱས་པའི་གྲུབ་པ་སྟེར། ། མཁའ་འགྲོ་གྲུབ་རྟགས་འབྲིང་པོ་ནི། ། རྡོ་རྗེ་ནམ་མཁའ་ལས་དབབ་གཙོ་བོ་ཡིན། ། རྗེ་མོ་ལྷ་མོ་དུང་སྐྱོང་གྲུབ་རྟགས་ལ། ། རྫས་ལུད་དང་ནི་མུན་པ་ ཤིན་ཏུ་ནག ། མེ་ཏོག་ཆར་འབབ་འབྲུག་དང་རླུང་དམར་དང་། ། བུད་མེད་གཟུགས་དང་གཞའ་ཚོན་སྟོན་པའོ། ། ཁོལ་མོ་རེ་མ་ཏི་ཡི་གྲུབ་རྟགས་ནི། ། འབྲུག་དང་རླུང་དམར་སྒོ་རྡུང་ཁང་ཐོག་འཚེག །
BO
ཐིབས་ཐིབས་མནན་དང་ཐྭལ་ཐྭལ་སྨྲ་བའོ། ། གྲུབ་རྟགས་ཐ་མ་རྨི་ལམ་ དག་ཏུ་སྟོན། ། བྱང་ཆུབ་སེམས་དཔའ་རྨིས་ན་གཙོ་བོ་ཡིན། ། མ་དང་སྲིང་མོ་རྨིས་ན་ཇོ་མོ་ཡིན། ། ཆུང་མ་ཁོལ་མོ་རྨིས་ན་གཡོག་མོ་ཡིན། ། བོང་བུ་ཤ་བ་རྨིས་ན་རྗེ་མོ་ཡིན། ། དྲེའུ་དང་བྱ་ནག་རྨིས་ན་ཁོལ་མོ་ཡིན། ། མ་མོ་གྲུབ་ནས་དབང་དུ་འདུས་པ་ན། ། བུད་མེད་དག་ གིས་བདག་ལ་ཕྱག་འཚལ་ན། ། འཛུམ་ཞིང་འཁྲིག་གོ་བྱེད་པ་སྤྱོད་པ་ཡིན། ། མ་མོ་གྲུབ་ནས་དབང་དུ་མ་འདུས་ན། ། མི་སྡུག་གཟུགས་སུ་སྟོན་ཞིང་རྗེ་མོར་རྫུ། ། གཅན་གཟན་ཟར་འོང་མ་མོ་ཕྱག་སྒུགས་སོ། ། དམ་ཚིག་ཉམས་ནས་མ་མོ་འཁྲུགས་གྱུར་ན། ། མ་མོ་ནང་འཐབས་ མཚོན་གྱི་ཆར་པ་འབབ། ། བྱ་ནག་ནང་འཐབས་ཁྲག་གི་ན་བུན་འཁྲིགས། ། ལྟས་དེ་མཐོང་ན་བཀའ་ཆད་འོང་བའི་རྟགས། ། གལ་ཏེ་ལྟེ་ཕུར་ནག་མོ་ལ་སོགས་པའི། ། དམ་སྲི་རྣམས་ཀྱིས་བསྒྲུབ་པར་བར་གཅོད་ན། ། གྲང་ལ་འཁྲིགས་ཤིང་ཁྱིམ་དུ་འགྲོ་སྙིང་འདོད། ། ཁ་ བླ་སྨྲ་སྙིང་འདོད་ལ་ཁྲོ་ཞིང་འཚིག ། བུད་མེད་རྐུབ་དང་མོ་མཚན་སྟོན་པ་རྨི། ། གལ་ཏེ་གཏོར་མ་དུས་ལས་ཡོལ་བ་ན། ། མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན། །
BO
དུ་བ་འཁྲིགས་ནས་བུད་མེད་གླལ་བ་མཐོང་། ། བུད་མེད་ངུ་བ་མཐོང་ན་ཉམས་པ་གནོད། ། མིག་ནི་བཙུམས་ པ་ཏིང་འཛིན་གཡེལ་བའི་རྟགས། ། ཐལ་མོ་རྡེབ་ན་དམ་ཚིག་མ་ཚང་ཟེར། ། ལྕེ་རྩེ་སྟོན་ན་སྙིང་བོ་ཆད་པ་ཡིན། ། སོ་སྒྲ་འཁྲིགས་ན་གཞན་དང་འཐབ་མོ་འོང་། ། རྒོད་པ་ཐོས་ན་དགྲ་བགེགས་བསྒྲལ་བའི་རྟགས། ། ཁྲོ་ན་བར་ཆད་འོང་བ་སྦྲོན་པ་ཡིན། ། སྦྱོར་བར་བྱེད་ན་དངོས་གྲུབ་ སྟེར་བ་ཡིན། ། རྒྱང་གླུ་ལེན་པ་མཐོང་ན་གྲུབ་ཐག་རིང་། ། མཆི་རིས་ངོ་ལ་ཡོད་ན་རིམས་ནད་འོང་། ། གར་ཐབས་བྱེད་ཅིང་བྱུང་ན་ཅི་བསམས་འགྲུབ། ། གླིང་བུ་འབུད་པ་མཐོང་ན་གཏོར་མ་འདོད་པ་ཡིན། ། ཕྲེང་བ་བགྲང་བ་མཐོང་ན་སྦྱིན་སྲེག་འདོད་པ་ཡིན། ། ཁ་ལ་འོ་བྱེད་ སྦྱོར་བ་འདོད་པ་ཡིན། ། བོང་བུ་ཞོན་པ་རྨིས་ན་རྗེ་མོ་ཡིན། ། དྲེའུ་ཞོན་པ་རྨིས་ན་ཁོལ་མོ་ཡིན། ། སྙི་སྦམས་ཐོགས་པ་མཐོང་ན་རང་ལ་ཆགས། ། གཡབ་དར་ཐོགས་པ་མཐོང་ན་རང་ལ་ཆགས་པའོ། ། མེ་ལོང་ཐོགས་པ་མཐོང་ན་ཆུང་མའི་ལུས་ལ་ཆགས། ། སྟང་སྟབས་བྱེད་པ་སློབ་མའི་ལུས་ལ་ཆགས། ། བྱ་དང་གཅན་གཟན་གཏོར་མ་ཟ་བ་བཟང་། ། ཁ་རོག་འདུག་ན་སྙིང་པོ་ཕྱག་རྒྱ་ནོར། ། འཛུམ་པ་མཐོང་ན་བདག་ཉིད་ཚེ་རིང་རྟགས། །
BO
གོས་ལ་མེ་རག་ཡོད་ན་སློབ་མ་ཉམས། ། ཤ་བ་ཞོན་ན་ནོར་རྣམས་འཕེལ་བའི་རྟགས། ། མ་མོ་ གྲུབ་པའི་རྟགས་རྣམས་གང་བྱུང་ཡང་། ། དེ་ནས་གྲུབ་རྟགས་བཟང་པོ་མཐོང་བ་ན། ། བདུད་རྩི་བུམ་པའི་ཕྱག་རྒྱ་བཅས་ལ་ནི། ། དངོས་གྲུབ་བླང་བའི་སྔགས་ནི་བཟླས་བྱས་ལ། ། སྙིང་ལ་ཅི་འདོད་པ་ཡི་དངོས་གྲུབ་བླང་། ། མ་དང་སྲིང་མོ་ཁོལ་མོ་དམ་ལ་གདགས། ། མཚན་མ་ ངན་པ་དག་ནི་མཐོང་བ་ན། ། མཚན་མ་ངན་པ་བཟློག་པའི་ཏྲི་ཤཱུལ་ཕྱག་རྒྱ་བཅའ། ། མཚན་མ་ངན་པ་བཟློག་པ་སྔགས་ཀྱིས་བཟློག ། གལ་ཏེ་བདག་ནི་གཞན་དུ་དོན་གཉེར་ན། ། བུད་མེད་ལག་ན་རྫས་ནི་གང་བ་ཐོགས། ། བྱ་དང་གཅན་གཟན་མངོན་དུ་འགྲོ་ན་བཟང་། ། དེ་ཚེ་ གཏོར་མ་ཕུལ་ལ་དོན་ལ་འགྲོ། ། སྤྱད་སྟོང་ཐོགས་པ་མཐོང་ན་དོན་མི་གཉེར། ། གྲུབ་པའི་དྲོད་ཚད་རྣལ་འབྱོར་སྤྱི་ལ་གཅེས། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་དྲོད་ཚད་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ། ལྷའི་ དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། ། ཐབས་དང་ཤེས་རབ་མངའ་མཛད་རྡོ་རྗེ་འཛིན། ། རྡོ་རྗེ་མཁའ་འགྲོ་བསྒྲུབས་ཀྱང་མ་གྲུབ་ན། ། སྤོབས་ཤིང་གནད་ལ་དབབ་པར་ཞུ། །
BO
ཞེས་གསོལ་པ་དང་། དཔལ་ལྡན་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ། སྐྱེས་བུ་ཏིང་ འཛིན་བློ་ལྡན་རྩལ་ཅན་གྱིས། ། རྡོ་རྗེ་མཁའ་འགྲོ་མ་ཡི་གསང་སྔགས་གཙོར་བླངས་ཏེ། ། གང་འདོད་དངོས་གྲུབ་མི་ཐོབ་མི་སྲིད་དོ། ། འོན་ཀྱང་བསྒྲུབ་ཐག་རིང་བ་ན། ། དེ་ལ་ཉེས་དམིགས་རྣམ་པ་བཞི། ། སྔོན་གྱི་ལས་འཕྲོས་མ་འབྲེལ་དང་། ། བསྙེན་པ་ཞག་གྲངས་ཉུང་བ་ དང་། ། བགེགས་ཀྱིས་བར་དུ་གཅོད་པ་དང་། ། རྣལ་འབྱོར་དམ་ཚིག་ཉམས་པ་བཞི། ། བསྒྲུབ་ཐག་རིང་བའི་རྒྱུ་བཞི་ཡིན། ། དེ་བཞིན་མཚན་མ་ངོས་བཟུང་སྟེ། ། སྔོན་གྱི་ལས་འཕྲོས་མ་འབྲེལ་ན། ། བསྒྲུབས་ཀྱང་དངོས་གྲུབ་མཚན་མ་མེད། ། བཟླས་བརྗོད་བསྙེན་པ་གྲངས་ཉུང་ ན། ། གྲུབ་རྟགས་འོང་ཞིང་ལས་མི་ཉན། ། བགེགས་ཀྱིས་བར་དུ་གཅོད་པ་ན། ། སྙིང་མི་དགའ་ལ་འགྲོ་ཞིང་འཇིགས། ། རྣལ་འབྱོར་དམ་ཚིག་ཉམས་པ་ན། ། བར་ཆོད་རྐྱེན་དབང་དྲག་པོ་འབྱུང་། ། འོན་ཀྱང་མི་གཞག་བསྐྱར་ཞིང་བསྒྲུབ། ། སྔོན་གྱི་ལས་འཕྲོས་མ་འབྲེལ་ན། ། དང་པོ་བསྙེན་པ་ཡུན་{རིངས་,རིང་}ལ། ། དེ་ནས་གནད་ལ་དབབ་པ་ནི། ། བསྒྲུབ་པའི་དཀྱིལ་འཁོར་བྱང་ཤར་དུ། ། དུར་ཁྲོད་ས་ལ་གྲུ་གསུམ་དཀྱིལ། ། འཕང་དུ་ཁྲུ་གང་ཡོད་པ་བརྩིགས། །
BO
མི་ཡི་ཁྲག་གིས་ཆག་ཆག་གདབ། ། དེ་ནས་ཞིང་སོགས་གཡས་པ་ལ། ། ལྷ་མོ་ཉིད་ཀྱི་སྐུ་བྲིས་ ལ། ། རྒྱུས་པའི་གཟུངས་ཐག་སྙིང་གར་གདགས། ། གྲུ་གསུམ་སྟེང་དུ་གན་རྐྱལ་མནན། ། གཟུངས་ཐག་རྩེ་མོ་སོས་བཟུང་ལ། ། ཧཱུྃ་མཛད་ཆེན་པོར་གསལ་བསྒོམས་ལ། ། མ་མོ་གསོད་པའི་སྙིང་པོ་བཟླས། ། རག་མོ་ཙིཏྟ་རཀྟ་སྟི་ར་ཏི་ཏི་མཱ་ར་ཡ་ཧཱུྃ། ཛཿ། དེ་སྐད་གསང་ སྔགས་བཟླས་ནས་ནི། ། མ་མོའི་སྙིང་ཁྲག་རྔུབ་པར་བསྒོམ། ། མ་མོ་བོང་བུར་བཅས་པ་རྣམས། ། མ་ཏྲང་བཞིན་དུ་འགྱེལ་བར་བསམ། ། དེ་ནས་སྙིང་གར་རྡོག་པས་མནན། ། ཙིཏྟ་ཛྭ་ལ་རྃ་ཞེས་པས། ། བདག་གི་ཞལ་ནས་མེ་བྱུང་བས། ། མ་མོ་ཐུལ་གྱིས་བསྲེགས་པར་ བསམ། ། མ་མོའི་ས་བོན་མྃ་ནག་མོ། ། བདག་གི་ཞབས་འོག་རྒྱུད་པ་ལས། ། མ་མ་རུ་ལུ་ཞེས་བརྗོད་པ་ལས། ། བདག་ཉིད་དཔལ་གྱི་ཞབས་འོག་ནས། ། ལྷ་མོ་ནུས་པའི་ཐོད་ཕྲེང་ཅན། ། ཐལ་མོ་སྦྱར་ནས་འདུག་པར་བསྒོམ། ། རྟ་མགྲིན་ཕྱག་རྒྱས་དབང་དུ་བསྡུ། ། ཁྱུང་ གཤོག་ཕྱག་རྒྱས་ཟིལ་གྱིས་མནན། ། གནད་ལ་གདབ་པའི་དམ་རྫས་བསྲེག ། དེ་ལྟར་ལན་ཅིག་བསད་པ་དེས། ། གཟུགས་ནི་རྡོག་པའི་འོག་ནས་དབྱུང་། ། བྱང་ཤར་མཚམས་སུ་བཞུགས་སུ་གསོལ། །
BO
སྨྲེ་བཤགས་བྱ་ཞིང་གདུང་གླུ་བླང་། ། བདུད་རྩི་རྣམ་པ་ ལྔ་ཡིས་གསོ། ། མཚང་ནས་བྲུ་ཞིང་གནད་ནས་བསྐུལ། ། དེ་ནས་བསྒྲུབ་པ་བསྐྱར་ལ་བརྩམ། ། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། ། བསྙེན་པ་ཞག་གྲངས་ཉུང་བ་ན། ། མི་རུས་སམ་ནི་རུ་རག་ཤ། ། ལུང་ཐང་དག་གི་ཕྲེང་བ་ལ། ། མ་ཡེངས་གྲངས་ཀྱི་བསྙེན་ པ་ནི། ། འབུམ་ཚོ་བདུན་དུ་བཟླས་ཀྱང་རུང་། ། ཡང་ན་མཚན་མའི་བཟླས་པ་ཤིས། ། བགེགས་ཀྱིས་བར་དུ་གཅོད་པ་ན། ། གྲུ་གསུམ་ཨེ་དོང་ནག་པོ་བརྐོ། ། མི་ཁྱི་ཕག་གི་ཆག་ཆག་གདབ། ། ཁམ་ས་རྫ་ཡི་ལིངྒ་ལ། ། སྙིང་གར་དམ་སྲིའི་མིང་བྲིས་ལ། ། རབས་ཆད་ནག་ པོའི་ཐོད་པར་གཞུག ། ཐོད་པ་དོང་གི་ནང་དུ་གཞུག ། འབར་བའི་དཀྱིལ་འཁོར་གསལ་བར་བསྒོམ། ། དམ་སྲི་བཀུག་ཅིང་བསྟིམ་བྱས་ལ། ། མི་རུས་སོར་བརྒྱད་ཕུར་པ་ཡིས། ། མི་གཡོ་མགོན་པོར་གསལ་བསྒོམས་གདབ། ། མཚན་མ་ངན་པ་བཟློག་སྔགས་བཟླས། ། དེ་སྟེང་ རྡོ་བ་ནག་པོ་ལ། ། རི་རབ་རྡོ་རྗེ་རྒྱ་གྲམ་བྲི། ། འབྲུབ་ཁུང་དེ་ཡི་ཁ་བཅད་ལ། ། དེ་སྟེང་སྐུ་གདུང་ནག་པོ་བརྩིག ། དེ་ནི་དམ་སྲི་མནན་པར་བཤད། ། རྣལ་འབྱོར་དམ་ཚིག་ཉམས་པ་ལ། ། མཁའ་འགྲོ་མ་ཡི་ཆད་པ་འབྱུང་། ། ཉམས་ཚད་ཆེ་ན་བཀའ་ཆད་ཆེ། །
BO
བསྒྲུབ་པ་གྲུབ་རྟགས་ མེད་པ་དང་། ། རང་ཉིད་སྲོག་ལ་བབ་པའོ། ། ཉམས་པ་འབྲིང་གི་བཀའ་ཆད་ནི། ། འཁོར་ལ་རྐྱེན་དང་རིམས་ནད་འབྱུང་། ། ཉམས་པ་ཐ་མའི་བཀའ་ཆད་ནི། ། དགྲ་དང་ནོར་ལ་གོད་ཀ་འབྱུང་། ། དེ་ནས་ཉམས་པ་བསྐང་བ་བསྟན། ། ཉམས་པ་ཆེན་པོ་བསྐང་བ་ནི། ། གཏོར་མ་ ཁྲི་དང་སྦྱིན་སྲེག་ཁྲི། ། དེ་བཞིན་ར་ཙ་གསུམ་གྱིས་བསྐང་། ། དེས་ཀྱང་སྐོངས་པར་མི་འགྱུར་ན། ། དང་པོ་མཁའ་ལྡིང་གསུམ་གྱིས་བསྐང་། ། དེ་ནས་ཤེལ་ནག་གསུམ་གྱིས་བསྐང་། ། བཀའ་ཆད་འབྲིང་པོ་བྱུང་བ་ན། ། གཏོར་མ་སྟོང་དང་སྦྱིན་སྲེག་སྟོང་། ། མཁའ་ལྡིང་གཉིས་ དང་སྤྱི་ནག་གཉིས། ། དེ་བཞིན་ར་ཙ་གཉིས་ཀྱིས་བསྐང་། ། མདངས་ཀྱི་མར་མེ་{བཅྭ་,བཅོ་}བརྒྱད་དབུལ། ། བཀའ་ཆད་ཐ་མ་བྱུང་བ་ན། ། གཏོར་མ་བརྒྱ་དང་སྦྱིན་སྲེག་བརྒྱ། ། མཁའ་ལྡིང་གཅིག་དང་ཤེལ་ནག་གཅིག ། ར་ཙ་གཅིག་གིས་སྐོངས་པར་བཤད། ། མཁའ་འགྲོ་མ་ མེ་ལྕེ་འབར་བའི་རྒྱུད་ལས་སྤོགས་ཤིང་ཐུགས་དམ་སྐོང་བའི་ལེའུ་སྟེ་བཅུ་གསུམ་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། དྲག་པོ་དཔལ་འབར་གནོད་སྦྱིན་ཁྲོས་པའི་གཙོ། །
BO
རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་བསྒྲུབ་ འདོད་པས། ། རྟག་ཏུ་བསྟེན་པ་རྡོ་རྗེ་འཛིན་པས་ཤོད། ། ཅེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་མཁའ་འགྲོ་རྟག་ཏུ་བསྟེན་པ་ནི། ། དང་པོ་གྲུབ་ཅིང་མཚན་མ་ཐོབ་པ་གཅེས། ། དེ་ནས་ཕྱི་ནང་གསང་བ་གསུམ་དུ་བསྟན། ། དཔོན་མོའི་ཕྱི་ཡི་རྟེན་ནི་རྨ་ བྱའོ། ། རྨ་བྱའི་སྙིང་གར་བྷྱོ་ལས་ལྷ་མོ་བསྐྱེད། ། ཁོལ་མོའི་ཕྱི་ཡི་རྟེན་ནི་བྱ་ནག་མོ། ། སྙིང་གར་བྷྱོ་ལས་རེ་མ་ཏི་བསྐྱེད་ལ། ། རྨ་བྱ་དེ་མོ་ནག་གམ་ཤེལ་ནག་ལ། ། སྣ་ལ་མ་མོ་དཔོན་གཡོག་ལེགས་པར་དབབ། ། དེ་ནས་ཕྱི་ནང་གསང་བའི་དབང་བསྐུར་ལ། ། དུས་སུ་གཏོར་ མས་མཆོད་ཅིང་རྟེན་དུ་བཟུང་། ། ནང་གི་རྟེན་ནི་སྐུ་དང་གསང་མཚན་ནོ། ། རང་གི་གཟུགས་དང་གསང་མཚན་ཁ་སྤྲད་ལ། ། བར་དུ་རུ་ཏི་རྡོ་རྗེ་པདྨ་མི། ། གསང་བ་ག་བུར་སྩལ་ཏེ་ལུས་ལ་བསྲེལ། ། གསང་བའི་རྟེན་ནི་ལྷན་ཅིག་གྲུབ་པའི་ལྷ། ། གསང་བ་ཡེ་ཤེས་ཐིག་ལེ་མ་མོར་ བལྟའོ། ། དེ་ནས་རྟག་ཏུ་སྔགས་དང་ཕྱག་རྒྱ་དང་། ། ཏིང་འཛིན་རྫས་དང་དམ་ཚིག་མི་སྤོང་ངོ་། ། རྟག་ཏུ་ཟས་ཀྱི་ཕུད་ཀྱིས་བསྟེན་པར་བཤད། །
BO
མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་མ་མོ་རྟག་ཏུ་བསྟེན་པའི་ལེའུ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་དཔལ་ཕྱག་ན་ རྡོ་རྗེ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་དཔལ་འབར་ཆེན་མོ་ཉི་མ་སྟོང་གི་གཟི། ། རྡོ་རྗེ་ལྷ་མོ་མཁའ་འགྲོ་མ་དཔལ་གྱི་ལྷ་མོའི། ། བྲ་རྟགས་དབབ་དང་སློབ་མ་དབང་བསྐུར་བའི། ། མ་མོ་དབབ་པའི་གསང་སྔགས་བདག་ལ་ཤོད། ། ཅེས་གསོལ་ པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ལྷ་མོ་འབེབས་ཤིང་སློབ་མ་དབང་བསྐུར་བའི། ། སློབ་དཔོན་ཉིད་ཀྱིས་མ་མོ་གྲུབ་པ་གཅེས། ། དེ་ནས་མ་མོ་གྲུབ་པའི་སློབ་དཔོན་དེས། ། དུར་ཁྲོད་ཆེན་པོར་ཞག་བདུན་བསྙེན་པ་བྱ། ། སྔགས་དང་མན་ངག་རྫས་སུ་ལྡན་པར་བྱ། ། དང་པོ་རང་ལ་མ་མོ་ཕེབས་པར་དབབ། ། དེ་ནས་སློབ་མ་དཀྱིལ་འཁོར་འཇུག་པ་དང་། ། མེ་ཏོག་དོར་དང་ལྷ་ངོ་བསྟན་བྱ་དང་། ། དཔལ་ཕྱག་ན་རྡོ་རྗེའི་དབང་བཞི་བསྐུར། ། དང་པོ་རྡོ་རྗེ་རྩེ་ལྔ་འབར་བའི་དབང་། ། གཉིས་པ་ཤེས་རབ་དྲིལ་བུ་དག་གི་དབང་། ། དེ་ བཞིན་གསུམ་པ་ལ་ནི་དབུ་རྒྱན་ཏེ། ། བཞི་པ་རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་། ། དེ་ནས་ལྷ་མོ་ནག་མོའི་དབང་བཞི་བསྐུར། །
BO
དང་པོ་ལ་ནི་ཐོད་པའི་དབང་། ། གཉིས་པས་ཤེས་རབ་རལ་གྲིའི་དབང་བསྐུར་ཏེ། ། གསུམ་པ་ལ་ནི་ནེའུ་ལེའི་རྐྱལ་བུའོ། ། དེ་བཞིན་བཞི་པ་དཔའ་བོ་ ཧ་སྟ་སྦྱིན། ། དེ་ནས་རེ་མ་ཏི་ཡི་དབང་བཞི་བསྐུར། ། དང་པོ་དུར་ཁྲོད་གཡང་གཞིའི་དབང་། ། གཉིས་པ་རྡོ་རྗེ་ཌ་མ་རུ་ཡི་དབང་། ། གསུམ་པ་ཁ་ཊྭཱཾ་བདུད་ཀྱི་ཁྲམ་བམ་དབང་། ། དེ་བཞིན་བཞི་པ་ཆུ་གྲི་འདོད་པའི་དབང་། ། དབང་ནི་བསྐུར་བའི་སྔགས་ཀྱང་བཟླས་པར་བྱ། ། བཅུ་གཉིས་ རིམ་པ་སྔོན་དུ་རྗེས་པ་དང་། ། སྐུ་དང་གསུང་གི་དམ་ཚིག་དཔོག་པར་བྱའོ། ། དེ་ནས་གསང་བའི་དབང་ལ་འཇུག་པར་བྱ་སྟེ། དབང་པོ་བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཀྱི། ། བུ་མོ་བརྒྱད་དང་བཅུ་དྲུག་ཉི་ཤུ་མ། ། མིག་གི་དཀྱུས་{རིངས་,རིང་}སྔོ་བསངས་ནུ་མ་རྒྱས། ། སྐྲ་བཟང་སོ་ དཀར་ཨུཏྤལ་བྲོ། ། དེ་ལ་ཁྲུས་བྱས་མེ་ཏོག་གསེར་གྱིས་བརྒྱན། ། དབང་པོ་ལྔ་ལ་བདུད་རྩི་དག་གིས་གདབ། ། དཔྲལ་བར་ཕྱག་ན་རྡོ་རྗེའི་གསང་སྔགས་བྲི། ། དེ་ཡི་སྙིང་གར་ལྷ་མོའི་སྙིང་པོ་ལ། ། ལྟེ་བར་རེ་མ་ཏི་ཡི་སྙིང་པོ་བྲི། ། སྨན་ལྔ་བདུད་རྩི་ལྔ་ཡི་ཟས་བྱིན་ལ། ། གསང་ བའི་པདྨར་རུ་ཧི་རྡོ་རྗེ་སྩལ། །
BO
དེ་ནས་བསྒྲུབ་པའི་དཀྱིལ་འཁོར་ནུབ་ཕྱོགས་སུ། ། དབང་བསྐུར་སྟེགས་བུ་ཟླུམ་པོ་དམར་པོ་བརྩིག ། དེ་ཡི་སྟེང་དུ་བུ་མོ་དེ་བཞག་ལ། ། ཕྱོགས་མཚམས་ཀུན་དུ་ཚིལ་དང་ཅོང་ཟི་བསྲེག ། སྟེང་འོག་ཀུན་དུ་ཞིང་གི་བླ་རེ་གདན། ། མདུན་དང་རྒྱབ་ ཏུ་གཏོར་མ་སྦྱིན། ། དེ་ནས་མ་མོའི་སྙིང་པོ་འབུམ་དུ་གདོན། ། དེ་ནས་རྡོ་རྗེ་སློབ་དཔོན་གུ་རུ་ཡིས། ། ཌ་མ་རུ་རྡུང་མ་མོ་དྲག་ཏུ་བོད། ། སྲོག་སྙིང་དྲང་ཞིང་གཡབ་དར་གཡབ། ། དེ་ནས་བུ་མོ་དེ་ལ་སེམས་གཏད་ལ། ། སྔགས་འདི་བཟླས་ཤིང་གདོང་དུ་རྟག་ཏུ་བལྟ། ། བུ་མོ་མ་ཡེངས་ ས་ལེ་བསྒོམ་དུ་གཞུག ། ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ས་མ་ཡ་པྲ་ཐཱ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ས་མ་ཡ་པྲ་ཐཱ། ཁ་མུནྟྲ་པྲ་མ་ཡ་མ་ཏིསྚི་པྲ་ཡོ་ག་སིདྡྷི་ས་མ་ཡ་པྲ་ཐཱ། ཨཱ་བེ་ཤ་ཨ། དྲག་ཏུ་མ་མོ་བསྐུལ་ཞིང་དབབ་པར་བྱའོ། ། ཕེབས་པར་དཀའ་ན་གནད་ལ་འབེབས་རྫས་ བསྲེག ། ལན་གསུམ་མ་མོ་འབུམ་གྱིས་ངེས་པར་ཕེབས། ། བཟང་ངན་ལེགས་ཉེས་མཚན་མ་ཐྭལ་ཐྭལ་སྨྲའོ། ། ཡང་ན་མི་སྨྲ་བར་ཡང་ཕེབས་པར་བྱེད། ། དེ་ནས་བུ་མོ་དེ་ཡི་ལུས་པོ་ལ། ། སྤོས་དང་མེ་ཏོག་མར་མེ་དྲི་ཆབ་ཀྱིས། ། དང་པོ་ལ་ནི་ཕྱི་ཡི་མཆོད་པ་བྱ། །
BO
ཤ་ལྔ་ བདུད་རྩི་ལྔ་དང་བཟའ་བཏུང་གིས། ། དེ་ནས་གཉིས་པ་ནང་གི་མཆོད་པ་དབུལ། ། གསང་བའི་མཆོད་པ་ཁུ་བའི་ཐིག་ལེ་དེས། ། དང་པོས་གཙོ་བོ་རྡོ་རྗེ་འཛིན་པ་མཆོད། ། གཉིས་པས་ལྷ་མོ་དཔོན་གཡོག་མཆོད་པར་བྱ། ། གསུམ་པས་ཁུ་བ་བདག་བཏུང་དངོས་གྲུབ་བླང་། ། གཟུངས་མ་མཁའ་འགྲོ་ཡིན་པར་ངེས་བསྐྱེད་ལ། ། གཟུངས་མའི་ལྕེ་ལ་གཞག་ལ་དམ་ཚིག་བསྲེ། ། དེ་ནས་ཐིག་ལེ་སློབ་མའི་ལྕེ་ལ་གཞག ། དེ་ནས་མ་མོ་ཐུགས་ཀྱི་དབང་སྦྱིན་ནོ། ། དེ་ནས་བུ་མོ་དེ་ཡི་མདུན་དུ་ནི། ། དབང་གི་རྟགས་སུ་ཟླ་གམ་དམར་པོ་བརྩིག ། དེ་ནས་ སློབ་མ་སྟེགས་བུའི་ཁ་ལ་གཞག ། མཁའ་འགྲོ་ཀུན་ལ་སྦྱིན་སྲེག་གཏོར་མ་དབུལ། ། དེ་ནས་བུ་མོ་ཤེས་རབ་མ་དེ་ཡིས། ། མ་མོ་འདོད་ཀྱི་སློབ་མ་དེ་ལ་དབབ། ། མ་མོ་བསྐུལ་བའི་རྫས་རྣམས་བསྲེག་པར་བྱ། ། ཕྱི་དང་ནང་གི་དྲོད་ཚད་མཚན་མ་དབབ། ། མཚན་མ་ ཕེབས་ནས་ཐུགས་ཀྱི་དམ་ཚིག་དབབ། ། དམ་ཚིག་བསྲེ་བའི་གསང་བའི་དབང་བསྐུར་རོ། ། དེས་ནི་མཁའ་འགྲོ་མངོན་དུ་འགྲུབ་པར་བཤད། ། མ་མོ་མཁའ་འགྲོ་ཐུགས་ཀྱི་གསང་རྒྱུད་འདི། ། དབང་དང་དམ་ཚིག་མེད་པའི་སློབ་མ་ལ། ། ཚིག་གཅིག་བསྟན་ ཡང་ཚེ་ཡི་འདུ་བྱེད་བསྐུལ། །
BO
མྱུར་དུ་ཤི་ནས་རྡོ་རྗེ་དམྱལ་བར་སྐྱེ། ། དེ་བས་དབང་བསྐུར་གནང་བ་ཐོབ་ལ་སྦྱིན་པར་བཤད། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་དབང་བསྐུར་བའི་ལེའུ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་ཕྱག་ན་རྡོ་རྗེ་ཆེ། ། ངོ་མཚར་བྱིན་བརླབས་རྣམས་ཀྱི་མཆོག ། ལྷ་མོ་གྲུབ་པའི་རྣལ་འབྱོར་པའི། ། ལས་ཀྱི་རིམ་པ་བཤད་དུ་གསོལ། ། ཅེས་གསོལ་པ་དང་། དཔལ་རྡོ་རྗེ་འཛིན་པས་བཀའ་ སྩལ་པ། ཉོན་ཅིག་ལྷ་ཡི་དབང་པོ་བརྒྱ་བྱིན་ཉོན། ། ལྷ་མོའི་གྲུབ་པ་ཐོབ་པའི་རྣལ་འབྱོར་པས། ། སོ་སོའི་ལས་ལ་ཆེད་དུ་མ་བརྩམས་ཀྱང་། ། ཡིད་ལ་ཅི་འདོད་བསམས་པ་ཙམ་གྱིས་འགྲུབ། ། འོན་ཀྱང་ཆེད་དུ་སྒྲུབ་པ་རྩོམ་པ་ན། ། ལས་ཀྱི་བྱེ་བྲག་དམ་པ་ངས་བཤད་ དོ། ། མ་མོ་གྲུབ་པ་རྣམས་ཀྱིས་བྱ་བ་ཡིན། ། དང་པོའི་ལས་ཅན་རྣམས་ཀྱིས་མི་བརྩམ་མོ། ། བརྒྱ་བྱིན་ཉོན་ཅིག ། ཞི་བའི་ལས་ཀྱི་ཁྱད་པར་ནི། ། བུ་རམ་སྦྲང་རྩི་གིའུ་ཝང་དང་། ། གུ་གུལ་སྤོས་དང་འོ་མ་དང་། ། མར་ཁུ་ཏིལ་དང་འབྲས་ཆན་དང་། ། ཨ་ག་རུ་དང་ དུ་རུ་སྐ། ། གང་ལ་བྱ་བའི་མིང་དང་བཅས། །
BO
རིལ་བུ་ཁྲི་ཚོ་གཅིག་བྱས་ལ། ། ཞི་བའི་ཐབ་ཁུང་ཟླུམ་པོ་དང་། ། འོ་མ་ཡོད་པའི་ཤིང་བརྩིགས་ལ། ། མཁའ་འགྲོ་མ་རྣམས་དཀར་པོ་ལ། ། བདུད་རྩིའི་བུམ་པ་ཐོགས་ནས་ཀྱང་། ། གང་ལ་བྱ་བའི་སྤྱི་བོ་ནས། ། དབང་བསྐུར་ ལུས་པོ་ཞི་བར་བསྒོམ། ། མེ་སྦར་རིལ་བུ་རིམ་གྱིས་བསྲེག ། གོང་མའི་སྲོག་སྙིང་བཟླས་ཤིང་དབུལ། ། སྲོག་གི་སྙིང་པོའི་གཞུག་རྒྱན་དུ། ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ་བཟླས། ། འབུམ་ཚོ་བཞི་རུ་བཟླས་བྱས་ལ། ། བདུད་དང་བགེགས་རྣམས་ཞི་བ་དང་། ། དགྲ་དང་ནད་ཡམས་ ཞི་བར་བྱེད། ། རྒྱས་པའི་ལས་སུ་བྱ་བ་ནི། ། གུར་གུམ་སྟ་རྒའི་རྒུན་འབྲུམ་དང་། ། ཨུཏྤལ་མར་ཁུ་གིའུ་ཝང་དང་། ། བདུད་རྩི་ལྔ་དང་དཔག་བསམ་ཤིང་། ། གང་ལ་བྱ་བའི་མིང་དང་བཅས། ། ཁྲི་ཚོ་གཉིས་ཀྱི་རིལ་བུ་བྱ། ། རྒྱས་པའི་ཐབ་ཁུང་གྲུ་བཞི་པ། ། འབྲས་བུ་ ཡོད་པའི་ཤིང་བརྩིགས་ལ། ། གཙོ་བོ་ཕྱག་ན་རྡོ་རྗེ་དང་། ། མཁའ་འགྲོ་མ་ཀུན་སེར་པོ་ལ། ། རིན་ཆེན་མཛོད་དང་བུམ་པ་ཐོགས། ། གང་ལ་བྱ་བའི་སྙིང་ག་རུ། ། དབང་བསྐུར་ཕུང་པོ་རྒྱས་པར་ཤོག ། མེ་སྦར་རིལ་བུ་རིམ་གྱིས་དབུལ། ། ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ།
BO
ཁ་ མུནྟྲ་བ་ཏྲ་བ་ཏྲག་རག་མོ་པུཀྚིངྐུ་རུ་སྭཱ་ཧཱ། ། འབུམ་ཚོ་བརྒྱད་དུ་བཟླས་པ་བྱ། ། ཚེ་དང་རིགས་རྒྱུད་འཕེལ་བར་བྱེད། ། ནོར་དང་ལོངས་སྤྱོད་འཕེལ་བར་འགྱུར། ། དབང་གི་ལས་སུ་བྱ་བ་ནི། ། སྦྲང་རྒོད་ར་ཁྲག་ཆང་དང་ཆབ་ཚན་དང་། ། ཁུག་ཆོས་ལུག་མིག་པ་དང་ ནི། ། ཡུང་དང་གླ་རྩི་ཅོང་ཞུན་དང་། ། ཉ་ཤ་མར་ཁུ་རྒྱ་སྐྱེགས་ནི། ། རིལ་བུ་ཁྲི་ཚོ་གསུམ་བྱས་ལ། ། དབང་གི་ཐབ་ཁུང་ཟླ་གམ་ལ། ། ཚེར་མ་ཅན་གྱི་ཤིང་བརྩིགས་ལ། ། གཙོ་དང་འཁོར་གྱི་མ་མོ་ཀུན། ། མདོག་དམར་ལྕགས་ཀྱུ་ཐོགས་པ་ཡིས། ། གང་ལ་བྱ་བ་ བཀུག་པར་བསྒོམ། ། མི་སྦར་རིལ་བུ་རིམ་གྱིས་བསྲེག ། ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། པ་ཙ་ལ་ཨ་ཤུག་མེ། པྲ་མ་མ་ཧཱ་སྟི་པྲ་ཆེ་གེ་མོ་ཨཱ་ཀཪྵ་མ་ནཱ་ཡ་ཧྲཱིཿཛཿ། འབུམ་ཚོ་བཅུ་དྲུག་བཟླས་པ་ན། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ། སྟག་དང་གླང་པོ་ནོར་བུ་དང་། ། འགྲོ་བ་བཟང་ དང་བློན་པོ་དང་། ། དམག་མི་དང་ནི་ལྷ་མི་དང་། ། ཀླུ་དང་གནོད་སྦྱིན་བུ་མོ་དང་། ། ཀུན་ཀྱང་བདག་གི་དབང་དུ་འགྱུར། ། བསྐྲད་པའི་ལས་སུ་བསྟན་པ་ནི། ། དྲག་པོའི་མེ་ཐབ་གྲུ་གསུམ་དུ། ། དུག་ཤིང་ཚེར་མའི་མེ་བུས་ལ། །
BO
རྟ་དང་མགྲིན་རིང་ཤ་དང་ཚིལ། ། ཁྭ་ཡི་སྒྲོ་ དང་ཐར་ནུའི་ཆང་། ། གང་ལ་བྱ་བའི་མིང་དང་བཅས། ། འབུམ་ཚོ་རུ་ནི་བཟླས་པ་བྱ། ། རླུང་གི་དཀྱིལ་འཁོར་སྟེང་དུ་ནི། ། རླུང་གི་རྔ་མོ་སྔོན་མོ་བསྐྱོན། ། དེ་སྟེང་གང་ལ་བྱ་བ་བསྐྱོན། ། རེ་མ་ཏི་ཡིས་སྣ་ནས་ཁྲིད། ། ལྷ་མོ་ནག་མོས་ཕྱི་ནས་དེད། ། ཕྱག་ན་རྡོ་རྗེས་རྒྱབ་ནས་ ཕུལ། ། དཔག་ཚད་བརྒྱད་ཁྲིར་བསྐྲད་པར་བསམ། ། སྙིང་པོ་བཟླས་ཤིང་ཡ་སྟགས་བསྲེག ། སྙིང་པོ་ཐ་མ་སྐྲོད་ཅེས་བསྐུལ། ། ཡུལ་ནས་དབྱུང་ཞིང་འཁྱམས་པར་ནུས། ། ཕཊ་ཙ་པ་ལ་ཨ་ཤུག་མེ། ། སྥཱ་ར་ཎ་མ་ཡྃ་ཕཊ་ཕཊ་སྐྲོད་ཅིག ། དབྱེ་བའི་ལས་སུ་ བསྟན་པ་ནི། ། རྟ་གཡག་བྱ་རོག་འུག་པའི་ཤ ། བཙན་དུག་སྐྱེ་ཚེ་སྤྱང་ཀིའི་ཚིལ། ། མཛའ་བོ་གཉིས་ཀྱི་མིང་བཅས་ལ། ། ཚེར་མའི་ཤིང་ལ་མེ་བུས་ལ། ། འབུམ་ཚོ་གཅིག་ཏུ་བསྟབས་པ་བྱ། ། སྲོག་གི་སྙིང་པོའི་ཐ་མར་ནི། ། མ་མ་ཏྲག་རག་ཤ་རུ་ཏྲ་མཱ་ར་ ཡ་ཧཱུྃ་ཕཊ། གཙྪ་ཕཊ་ཞེས་ནི་བཟླས་པ་བྱ། ། ཐེ་ཚོམ་མེད་པར་དབྱེ་བར་ནུས། ། བུད་མེད་འགུགས་པའི་སྦྱོར་བ་ནི། ། ལན་ཚྭ་རྒྱ་སྐྱེགས་རྡོ་སོལ་དང་། ། ཅོང་ཟི་བུ་རམ་ཉ་ཤ་དང་། ། སྦྲང་རྩི་མངལ་ཁྲག་ཁུ་བ་དང་། །
BO
གང་ལ་བྱ་བའི་མིང་ངམ་སྐྲ། ། རིལ་ བུ་བརྒྱ་རྩ་བརྒྱད་བྱས་ལ། ། སེང་ལྡེང་མེ་ལ་བསྲེག་པར་བྱ། ། དུ་བ་བྱུང་ན་འདོད་ཆགས་ལངས། ། མེ་ལྕེ་འབར་ནས་ཁུགས་པར་བྱེད། ། སྔགས་ནི་མཁའ་འགྲོའི་སྙིང་པོས་བྱ། ། ཐ་མ་བུད་མེད་འདི་ཁུག་བྱ། ། དེས་ནི་ཐེ་ཚོམ་མེད་པར་ནུས། ། ལྐུགས་པར་བྱ་བ་ བསྟན་པ་ནི། ། ཁམ་པའི་རྫས་ལ་དགྲ་གཟུགས་བྱ། ། ལུག་གི་རྐན་ལ་མིང་བྲིས་ལ། ། དེ་ཡི་སྙིང་གར་གཞུག་པར་བྱ། ། ཁ་ཡི་ནང་དུ་ཉ་མགོ་གཞུག ། ཁ་ནི་ཚེར་མས་རབ་ཏུ་གཏུར། ། གཟུགས་ནི་ཁྱི་མགོའི་ཁར་གཞག་ལ། ། ཁྱི་མགོ་སྤྱང་ཀིའི་རྒྱུས་པས་ དཀྲིས། ། གསང་སྔགས་བརྒྱ་རྩ་བརྒྱད་དུ་བཟླས། ། ཨོྃ་བཛྲ་ཙཎྜ་རོ་ཥ་ཎ་ཧཱུྃ། རེ་མ་ཏི་ཆེ་གེ་མོ་བགྴ་ཧཱུྃ། སོས་པར་བྱ་ན་སླར་ལ་བཤིག ། གལ་ཏེ་མ་བཤིག་མནན་ན་ནི། ། མ་ཤིའི་བར་དུ་ཁ་འཐམས་སོ། ། སྨྱོ་བའི་ལས་སུ་བྱ་བ་ནི། ། བཙན་དུག་ལྡོང་རོས་སྦྲུལ་ནག་ གོ། ། སྡིག་པའི་རྭ་དང་བྱེའུ་ཆུང་རོ། ། གང་ལ་བྱ་བའི་མིང་དང་བཅས། ། དེ་ཉིད་ཀྱི་ནི་གནས་སུ་བསྲེག ། ཆེ་གེ་མོ་ཤ་ཏྲཱུ་ན་ནཱ། ཤ་པྲ་མ་ཡ་ཧཱུྃ་ཕཊ། ཐེ་ཚོམ་མེད་པར་འབོག་ཅིང་སྨྱོ། ། རེངས་པར་བྱ་བ་བསྟན་པ་ནི། ། གྲི་རྒོད་རོ་བསྲེགས་རུས་པ་དང་། །
BO
ཨ་བྲ་ནག་པོའི་ འབྲས་བུ་དང་། ། དམངས་རིགས་ཁྱིམ་གྱི་དུད་པ་དང་། ། བྱི་ལའི་ཤ་དང་བཙན་དུག་དང་། ། ཕབས་དང་སུག་པ་གུ་གུལ་ནག་པོ་དང་། ། ཕྱེ་མ་དག་ཏུ་རབ་སྦྱར་ལ། ། སྔགས་ནི་འབུམ་དུ་བཟླས་པ་བྱ། ། ཨོྃ་མཱ་ཎི་བཛྲ་མ་ཧཱ་ཀ་ལི་ཙ་པ་ལ་ཧཱུྃ། སྤོ་ཏ་གྲུམ་སྔོ་སྲེང་ཧཱུྃ་ཧཱུྃ་ཧཱུྃ། དེ་རྣམས་ཀྱིས་ནི་ཕྱེ་མ་དེ། ། གང་ལ་གཏོར་བས་རེངས་པར་ནུས། ། རང་ལུས་སྦ་བའི་སྦྱོར་བ་ནི། ། ཁྭ་ཏ་ནག་པོའི་ཚང་ཤིང་ལ། ། ཨུཏྤལ་ནག་པོའི་ཁུ་བས་བྱུག ། བྲམ་ཟེའི་གོ་རོ་ཙ་ནས་བསྐུ། ། བསྒྲུབ་པའི་དཀྱིལ་འཁོར་དབུས་སུ་གཟུགས། ། ཕྱག་ན་རྡོ་རྗེའི་ སྙིང་པོ་བཟླས། ། དེ་ནས་ན་བུན་བུ་མོ་བདུན། ། སྲིན་བལ་ནང་དུ་དྲིལ་ལ་གཞག ། ལྷ་མོ་དཔོན་གཡོག་སྙིང་པོ་བཟླས། ། སྲིན་བལ་ཐུལ་པོ་ཤིང་ལ་གདགས། ། མིས་མ་མཐོང་བར་ལུས་ལ་བཅང་། ། བདག་ནི་སུས་ཀྱང་མི་མཐོང་ངོ་། ། ཉོན་ཅིག་ལྷ་དབང་བརྒྱ་ བྱིན་ཉོན། ། བསྟན་པ་གཉན་པོ་བཤིག་པ་དང་། ། རྡོ་རྗེ་སློབ་དཔོན་བརྙས་པ་དང་། ། གསད་པའི་སྦྱོར་བ་རབ་ཏུ་བཤད། ། རྗེ་མོས་གསད་པའི་ལས་བཞི་དང་། ། ཁོལ་མོ་ནག་མོའི་ཐུན་དྲུག་ནི། ། ངས་གསུངས་པ་ལ་ཐེ་ཚོམ་མེད། ། གསད་པའི་ལས་བཞི་བསྟན་ པ་ནི། །
BO
དང་པོར་ཁྲག་ནད་དབབ་པ་དང་། ། གཉིས་པ་རིམས་ནད་དབབ་པ་དང་། ། གསུམ་པ་ཚ་བ་འབྲུམ་ནག་འབར། ། བཞི་པ་སྙིང་གཟེར་འབར་བའོ། ། ནད་བཞི་གང་འདོད་འབར་བས་བསད། ། ཁྲག་ནད་དག་གིས་དགྲ་གསད་ན། ། རོ་ཚས་རས་ལ་ལིངྒ་ བྲི། ། ཚ་བ་གསུམ་གྱི་ཁུ་བས་བསྐུ། ། བཟླས་པ་བྱ་ཞིང་གཏོར་མ་གཏང་། ། ཕེབས་པར་དབབ་ཅིང་བསྐུལ་བར་བྱ། ། ཨོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། ཨོྃ་རུ་རུ་ཏིཥྚ་པ་ཏོ་སི། རུ་རུ་བེ་རོ་རུ་བེ་ཏིཥྚ་པ་ཏོ་སི། ཙ་པ་ལ་ཨ་ཤུག་མེ། ཆེ་གེ་མོ་རཀྟ་རོ་གེ་ན་ག་མཱ་ར་ཡ་ཧཱུྃ་ ཕཊ། ཁྲི་ཚོ་གཅིག་ཏུ་བཟླས་བྱས་ལ། ། ལིངྒ་གཏོར་མར་དབུལ་བར་བྱ། ། ཁྲག་ནད་ཀྱིས་ནི་འཆི་བར་འགྱུར། ། ད་ནི་རིམས་ནད་དབབ་པ་བཤད། ། བཙན་དུག་མདའ་དུག་རྒྱུ་གཟེར་ཁྲག ། ཆང་དང་ལོ་དུག་ཁྲག་དང་བཞི། ། ཐོད་པ་དུམ་བུ་བརྒྱད་པར་སྩལ། ། ཞིང་རས་དག་གིས་ཁ་བཅད་ལ། ། སྔགས་འདི་སུམ་འབུམ་བཟླས་པ་བྱ། ། ཨོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། རུ་རུ་བེ་ཏིཥྚ་བ་ཏོ་སི། རུ་རུ་རོ་རུ་ཧོ་རུཥྚ་བ་ཏོ་སི། ཙ་བ་ལ་ཨ་ཤུག་མེ་ཧཱུྃ་བྱ་ཧ་དི་མ་རོ་གེ་ན་ག་ཨཱ་བེ་ཤ་ཡ། མཱ་ར་ཡ་ཕཊ། རང་ཉིད་ཁྲོས་པའི་ཆ་ ལུགས་བྱ། ། དགྲ་ཡི་ཕྱོགས་སུ་མཚན་མོ་གཏོར། །
BO
རིམས་ནད་དག་གིས་ཕུང་བར་ནུས། ། ཚ་བའི་ནད་ཀྱིས་གསད་པ་ནི། ། རབས་ཆད་ནག་པོའི་ཤ་ཁྲག་དང་། ། བྱ་རོག་འུག་པའི་ཤ་ཚིལ་དང་། ། སེང་སྟག་བྱ་རྒོད་སྐྱུང་ཀའི་སྙིང་། ། རྟ་ནག་ར་རོག་ ཕག་གི་སྙིང་། ། སྤྱང་མོའི་སྙིང་དང་རྨེ་གྲིའི་ཤ ། ཅོང་ཞུན་དང་ནི་གིའུ་ཝང་སྦྱར། ། དུག་དང་ཁྲག་ཀྱང་བསྲེས་བྱས་ལ། ། རིལ་བུ་ཁྲི་ཚོ་བཞི་བྱས་ལ། ། མ་ཏྲང་ནག་པོའི་ཞལ་བཅས་ལ། ། མ་ཏྲང་དེ་ཡི་ཁ་ནང་དུ། ། དུག་ཤིང་ནག་པོའི་ཧོམ་སྦར་ཏེ། ། རྡོ་རྗེ་མཁའ་འགྲོ་དཔོན་གཡོག་ཀྱང་། ། ནག་མོ་རལ་པ་རྔམ་བག་ཅན། ། ལག་ན་རལ་གྲི་ཐོགས་པ་ཡི། ། དགྲ་ཤ་བཅད་ཅིང་ཟ་བར་བསྒོམ། ། རིལ་བུ་རེ་དང་དགྲ་མིང་རེ། ། བསྡེབས་ཤིང་བསྲེགས་པའི་ལས་བྱའོ། ། མ་མོ་བསྐུལ་བའི་རྫས་རེ་བསྲེག ། ནག་མོ་ཆེན་མོའི་ དམོད་པ་ནི། ། ཨོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། རུ་རུ་བེ་ཏིཥྚ་བ་ཏོ་སི་རུ་རུ་རོ་རུ་བེ་ཏིཥྚ་པ་ཏོ་སི། ཙ་པ་ལ་ཨ་ཤུག་མེ། མ་མ་སརྦ་ཤ་ཏྲུྃ་ཨ་མུ་ཀ་ཤཱི་གྷྲྃ་མཱ་ར་ཎ། ཛྭ་ལ་རྃ་ཙིཏྟ་ཛྭ་ལ་ཛི་པྃ་རུ་དྷི་རྃ་མཱ་ར་ཡ་ནཱ་ཤ་ཡ་ཧཱུྃ་ཕཊ། དེ་ནས་ཐལ་བ་ཧོཾ་ཁུང་མནན། ། ཚ་བའི་ནད་ལ་ཐེ་ཚོམ་མེད། ། སྙིང་གཟེར་འབར་བས་དགྲ་བསད་ན། །
BO
ལྕགས་སམ་དུག་ཤིང་ཕུར་བུ་ལ། ། ལུས་ལ་བཅངས་ལ་བསྙེན་པ་དབུལ། ། སྤྱི་བོར་ཕྱག་ན་རྡོ་རྗེ་བསྒོམ། ། རྐེད་པར་ལྷ་མོ་ནག་མོ་བསྒོམ། ། རྩེ་མོར་རེ་མ་ཏི་ཡང་བསྒོམ། ། ལོགས་ལ་འཁོར་གྱི་མ་མོ་བསྒོམ། ། ཀཱི་ལ་ཡ་ལ་ བསྒོམ་པ་རྣམས། ། སྐུ་སྟོད་རྒྱན་དང་ལག་ཆར་ལྡན། ། རྐེད་པར་ཞེ་སྡང་སྦྲུལ་གྱིས་དཀྲིས། ། སྐུ་སྨད་གདུག་པའི་ཕུར་བུ་འབར། ། ལུས་ལ་བཅངས་ལ་བསྙེན་པ་དབུལ། ། ཨོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། རུ་རུ་བེ་ཏིཥྚ་བ་ཏོ་སི། རུ་རུ་རོ་རུ་བེ་ཏིཥྚ་བ་ཏོ་སི། ཙ་པ་ལ་ཨ་ ཤུག་མེ། རེ་མ་ཏི་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ་མཱ་ར་ཎ་ཧཱུྃ་ཕཊ། རྟག་ཏུ་བསྙེན་པ་དབུལ་བྱས་ལ། ། གཏོར་མ་སྦྱིན་སྲེག་དག་གིས་མཆོད། ། དེ་ནས་དགྲ་ཡི་གཟུགས་བྱས་ལ། ། རྐང་ལག་དག་ལ་བཏབ་པ་ན། ། སྙིང་ལ་བཏབ་ན་འཆི་བར་བྱེད། ། སྙིང་གཟེར་འབར་བའི་ཆོ་གའོ། ། ཁོལ་མོ་ནག་མོའི་ཐུན་དྲུག་ནི། ། འགུ་ལི་ནག་མོའི་ཐོད་པའི་ཐུན། ། ནིར་ཏི་ནག་མོ་མདའ་ཡི་ཐུན། ། རཀྟ་ནག་མོ་ཁྲག་གི་ཐུན། ། ཙ་རྃ་ནག་མོ་སྒོ་ངའི་ཐུན། ། བྱི་ཤ་ནག་མོ་དུག་གི་ཐུན། ། ཙིཏྟ་ནག་མོ་སྙིང་གི་ཐུན། ། ནག་མོའི་ཐུན་དྲུག་རབ་བཤད་བྱ། ། འགུ་ལི་ནག་མོའི་ ཐོད་མདའ་ནི། །
BO
མི་རོ་དཀྲིས་པའི་དཀྲིས་མ་ལ། ། དུག་དང་ཁྲག་གི་སྣག་ཚ་ཡིས། ། དབུས་ནས་བསྐོར་ལ་ཡི་གེ་བྲི། ། ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། ཞེས་བྱ་བ་དབུས་སུ་བྲི། ། དེ་ཡི་ཕྱི་རིམ་དུ་རུ་རུ་པེ་ཏིཥྚ་བ་དོ་སི། རུ་རུ་རོ་རུ་བེ་ཏིཥྚ་བ་དོ་སི། ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཞེས་བྲི། དེའི་ཕྱི་རིམ་དུ་རུ་རུ་བེ་རོ་རོ་རུ་ཧཱུྃ་ཏིཥྚ་བ་དོ་སི། རག་མོ་ཙིཏྟ་ཁ་རག་མ་ཧཱུྃ་བྷྱོ། མ་མ་ཏྲག་རཀྴ་ཁ་མུན་ཏྲ་བ་ཏྲ་བ་ཏྲག་རགྴ་ཙི་ཏྲ་ཁ་རག་མ། རེ་མ་ཏི་ས་མ་ཡ་མ་ཧཱ་པྲ་མ་སྟི་པྲ་དུན་བྷྱོ་ཛཿ ཛཿ། རུ་ལུ་བྷྱོ་བྷྱོ་ཞེས་བྲི། དེའི་ཕྱི་རིམ་དུ་མ་ནག་མོས་བསྐོར། ། དེའི་ཕྱི་རིམ་དུ་བྷྱོས་བསྐོར། ། དེ་ ནས་སྔགས་ཀྱི་འཁོར་ལོ་དེ། ། ནལ་ཐོད་དུམ་བུ་བརྒྱད་པར་སྩལ། ། ཐོད་པ་དེ་ཡི་ནང་དུ་ནི། ། བྃ་དང་ཁྱི་རྒྱ་ར་རོག་སྙིང་། ། ཡུགས་ས་མོ་ཡི་མངལ་ཁྲག་དང་། ། ནད་གང་འདོད་པའི་ཤ་རུས་ཁྲག ། དུག་སྣ་ཚོགས་དང་ཁྲག་སྣ་ཚོགས། ། ཆང་དང་སྦྱར་ལ་ཐོད་པར་བླུག ། ཐོད་པ་ གཡང་གཞིའི་སྟེང་དུ་གཞག ། དེ་རག་ཛ་ཏི་ཏ་བྃ་དང་། ། མཁའ་འགྲོ་མ་ལ་ཕུལ་ནས་ནི། ། སྐེ་ཚེ་ཡུངས་ནག་ཐལ་ཆེན་ལ། ། སྔགས་འདི་བཟླས་ལ་ཐོད་པར་བླུག །
BO
ཨོྃ་རུ་རུ་བེ་རོ་རུ་ཧཱུྃ་ཏིཥྚ་བ་ཏོ་སི། ཧཱུྃ་ཧཱུྃ། ཙ་པ་ལ་ཨ་ཤུག་མེ་ཀརྨ་དེ་བྱི་མུ་དི་རཱ་ག་བྃ་ཧཱུྃ་ཧཱུྃ་ཙ་པ་ལ་ཨ་ ཤུག་མེ། མུ་ཡཾ་རཀྵ་ཐུམ་དུ་ན་ནན། ཁ་རག་ཙ་མུན་ཏི་ཧཱུྃ་ཧཱུྃ་ཙ་པ་ལ་ཨ་ཤུག་མེ། ཨ་ཀ་མ་མཱ་ར་ཎ་ཧཱུྃ་ཕཊ། སྔགས་དེ་ཁྲི་ཚོ་ཐོན་པའི་ཚེ། ། གོ་རོ་ཙ་ནས་ཁ་བཅད་ལ། ། དུར་ཁྲོད་དག་ཏུ་གནས་དག་སྟེ། ། ནམ་ཕྱེད་ཐོད་མདའ་དགྲ་ལ་འཕང་། ། མ་མོ་བསྐུལ་བའི་དམ་རྫས་ བསྲེག ། དེ་ནི་ཕུང་ཞིང་རླག་པར་བྱེད། ། ནིར་ཏི་ནག་མོའི་མདའ་ཐུན་ནི། ། མདའ་སྒྲོ་བྱ་སྐྱུང་ཀ་ཡིས་སྒྲོན། ། དུག་ཤིང་ནག་པོའི་མདེའུ་བཙུགས་ལ། ། བམ་གྱི་སྙིང་ཁྲག་ཡུགས་སའི་ཁྲག ། བཙན་དུག་ཡུངས་ཀར་སྐྱེ་ཚེ་དང་། ། མི་རིགས་དགུ་ཡི་སོ་སེན་དང་། ། བྱ་དང་གཅན་ དགུའི་སྡེར་མོ་དང་། ། ཚེར་མ་དགུ་དང་མཚོན་དབལ་དགུ། ། གྲི་རྒོད་ཁྲག་དང་གཡུལ་སྤྲད་ས། ། དེ་རྣམས་བསྲེས་པའི་ཕྱེ་མ་ལ། ། མ་མོ་ལས་ལ་བསྐུལ་བ་དང་། ། གནད་ལ་དབབ་པའི་སྔགས་ཀྱིས་གདབ། ། དེ་ཡི་གཏིང་ལ་ཐུན་གྱི་མཐུ། ། དམེ་གྲི་ནག་མོའི་ཟོར་སྔགས་ བཟླས། ། རག་མོ་ཙིཏྟ་མོ་ཙ་ཙ་མོ་བྷྱོ། ཧི་ལི་ཧི་ལི་མ་མ་བྷྱོ། བཛྲ་ཨ་ལི་ག་སྲི་ག་སི་ཧཱུྃ་བྷྱོ། བཛྲ་མ་མ་ཏི་བྷྱོ།
BO
དེ་སྐད་སྔགས་ནི་བཟླས་ནས་ནི། ། རྫས་དང་ཕུར་ཐུན་མདའ་སྦུབས་བླུག ། མདའ་ཉིད་དུག་དང་ཁྲག་གིས་བྱུག ། དུར་ཁྲོད་མགལ་པའི་ཕ་ཞུ་ བདུངས་ལ། ། མདེའུ་ཡི་རྩེ་མོ་བསྲེག་བྱས་ལ། ། མདའ་དེ་ནམ་ཕྱེད་དགྲ་ལ་འཕང་། ། གང་ལ་བྱ་བ་གྲི་རུ་འཆི། ། རགྟ་ནག་མོའི་ཁྲག་ཐུན་ནི། ། མི་རྟ་ར་ཁྱི་ཕག་ཁྲག་དང་། ། རིམས་ནད་ཁྲག་དང་གུ་གུལ་དང་། ། ཚེར་མ་དགུ་དང་མཆེ་སྡེར་དགུ། ། ཀླུ་ཡི་ཆུ་དང་བཙན་དུག་ དང་། ། རྔར་གྲི་འབུམ་ཏྲི་ནང་དུ་སྩལ། ། ཡུངས་ཀར་དག་ལ་ཐུན་སྔགས་འདི། ། བདུན་ཁྲི་བཟླས་ལ་ཁྲག་གི་ནང་དུ་བླུག ། རུ་རུ་ཙ་དུག་ཨ་ཤུག་མེ་པ་ཏི་རུ་ཏྲ་ཁ་ཤལ་མོ། ཆེ་གེ་མོ་ཨ་མུ་ཀ་རཀྟ་ཙ་ར་ནན། མཱ་ར་ཡ་མཱ་ར་ཡ་རུ་ཏི་རྃ། ཨཱ་ཀཪྵ་ཡ་ཨ་ཧཱུྃ་ཕཊ། དེ་སྐད་ ཁྲག་ལ་སྔགས་བཟླས་ལ། ། མ་མོ་ལས་ལ་བསྐུལ་སྔགས་གདབ། ། དེ་ནས་ཁྲག་གི་ཟོར་མདའ་དེ། ། རོ་དཀྲིས་དག་གི་འུར་རྡོར་སྩལ། ། ནམ་ཕྱེད་དགྲ་ལ་འཕང་བར་བྱའོ། ། དེས་ནི་གང་ལ་བྱ་བ་འཆི། ། ཙ་ར་ནག་མོའི་སྒོང་ཐུན་ནི། ། བྱ་མོ་ནག་མོའི་སྒོ་ང་ཡི། ། སྤྱི་བོ་ བརྟོལ་བའི་སྒོང་སྟོང་དུ། ། རིམས་ཀྱི་ཁྲག་དང་བཙན་དུག་སྩལ། ། ཡུངས་ཀར་ཐལ་ཆེན་མཚོན་དཔལ་ལ། །
BO
སྲོག་གི་སྙིང་པོ་འབུམ་དུ་བཟླས། ། ཐ་མར་སྒོང་ཐུན་གདབ་སྔགས་བཟླས། ། ཁ་མུན་ཏྲ་བ་ཏྲ་བ་ཏྲག་ཤ་རག་མོ་ཏེ་ཀེ་མ་ཛཱ་ཛཱ། ཁ་རག་ཏེ་ཀེམ་བྷྱོ་བྷྱོཿ། དེ་ ནས་སྒོ་ང་ཁ་བཅད་ལ། ། ཧ་སྟ་ལག་པར་བཅུག་ལ་འཕང་། ། མཁར་ལ་བརྒྱབ་ཀྱང་འཇིག་པར་ནུས། ། དགྲ་ལ་འཕང་ན་ཐེ་ཚོམ་མེད། ། བྱི་ཤ་ནག་མོའི་དུག་ཐུན་ནི། ། མ་ཧེའི་རྭ་འམ་བ་མེན་རུ། ། མདའ་དུག་བཙན་དུག་ལོ་དུག་དང་། ། རིམས་ནད་ཁྲག་དང་ ཆང་བླུགས་ལ། ། རྭ་རུ་ནང་ཉིད་ཁར་བཅུག་ལ། ། དང་ལ་མཁའ་འགྲོའི་སྙིང་པོ་དང་། ། ལས་ལ་བསྐུལ་སྔགས་མིང་དང་བཅས། ། དེ་ནས་དུག་གི་དབལ་སྔགས་བཟླས། ། ཧཱུྃ་རེ་མ་ཏི་མ་མ་རུ་ལུ་རག་ཥ་བྷྱོ། ། རེ་མ་ཏི་བྱི་ཤི་མ་ཡ་སྟ་ཡཀྴ་ཀྲོ་དྷ་ཆེ་གེ་མོ་མཱ་ར་ཡ་ཕཊ། རྭ་རྩེ་ཕྲ་མོ་བཅད་པར་ནི། ། དུག་གི་ཁུ་བ་མི་མགོས་གཏིང་། ། མི་མགོ་དུག་གིས་ཁེངས་ཙམ་ན། ། མ་མོ་བསྐུལ་བའི་རྫས་བསྲེགས་ལ། ། ཁྲམ་བམ་ཕྱག་རྒྱ་བཅས་ལ་ནི། ། ནམ་ཕྱེད་ཁྲོས་ཏེ་དགྲ་ལ་འཕང་། ། ཐེ་ཚོམ་མེད་པར་དགྲ་བརླག་གོ། ། ཙིཏྟ་ནག་མོའི་སྙིང་ཐུན་ ནི། ། སྤྱང་ཀི་སྟག་དང་སྲེ་མོང་སྙིང་། ། ཁྱི་དང་འུག་པ་ཝ་ཡི་སྙིང་། ། ཕོ་རོག་ཁྲག་དང་སྦྲུལ་གྱི་སྙིང་། ། ཐོད་པའི་ནང་དུ་སྩལ་ལ་ནི།
BO
། དང་པོ་མ་མོ་དཔོན་གཡོག་གི། ། གནད་ལ་བསྐུལ་བའི་སྔགས་བཟླས་ཤིང་། ། མ་མོ་བསྐུལ་བའི་དམ་རྫས་བསྲེག ། དེ་ནས་སྙིང་གི་ཐུན་ སྔགས་ནི། ། ཏྲག་རཀྴ་ཙི་ཏ་དུང་རོ་ཏ་མ་ཏ་སྨ་ར་ར་ཏ་བྷྱོ། ། དེ་སྐད་བཟླས་པའི་སྙིང་ཐུན་དེས། ། གྲོང་ལ་བརྒྱབ་ཀྱང་ཕུང་བར་བྱེད། ། ནག་མོ་འབར་བའི་ཐུན་དྲུག་འདིས། ། མཁར་ལ་བརྒྱབ་ཀྱང་འཇིག་པ་ལ། ། གཡུལ་ངོ་ཆེན་པོར་བརྒྱབ་ཀྱང་བཟློག ། གཞན་གྱི་བྱད་ དང་སྔགས་ཀྱང་བཟློག ། དགྲ་དང་བགེགས་ལ་ཐེ་ཚོམ་མེད། ། ཡང་ནི་བཤད་ཀྱིས་བརྒྱ་བྱིན་ཉོན། ། བསྟན་པ་གཉན་པོའི་སྐུ་དགྲ་ལ། ། ལྟས་ངན་བྱ་ནག་དབབ་པ་སྟེ། ། དང་པོ་བྱ་ནག་བཟུང་བྱས་ལ། ། བཅུ་གཉིས་དབང་གི་རིམ་པ་བསྐུར། ། དེ་ནས་བྱ་ལ་མ་མོ་དབབ། ། བྱ་དེ་མིག་རྩ་རྒོད་པ་དང་། ། སྐད་འབྱིན་གཤོག་པ་གདེང་བ་ན། ། མ་མོ་ཕེབས་པའི་རྟགས་ཡིན་པས། ། ཕྱི་དང་ནང་གི་མཆོད་པ་བྱ། ། ཕྱག་རྒྱ་དགུ་ནི་རབ་བསྟན་ལ། ། དབང་བསྐུར་དམ་ཚིག་སྦྱིན་པར་བྱ། ། དེ་ནས་མ་མོ་བསྐུལ་སྔགས་བཟླས། ། ལས་ལ་ བསྐུལ་བའི་དམ་རྫས་བསྲེག ། སྔགས་འདིས་བྱ་དེ་སྤར་ལ་གཏང་། ། ཨོྃ་ཀྵ་རག་ཤ་ཙི་ཏ་ཁ་རག་མ་ཙིཏྟ་ཏུང་ཏུང་ཛ་ཤ་ཡུ་ཏ་ཏི་བྷྱོ།
BO
རེ་མ་ཏི་རཱཀྵ་སི་རུ་ལུ་རུ་ལུ་པྲ་མ་མ་ཧཱ་སྟི་པྲ་དུང་བྷྱོ། ཀར་མ་སམ་ཡ་བྷྱོ་བྷྱོ་བྷྱོ་ཞེས་གཏང་ངོ་། ། དེས་ནི་བྱ་ནག་གང་དུ་སྨོས་པར་ འགྲོའོ། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་ལས་ཀྱི་རྒྱུད་ལས་ལས་སོ་སོ་མ་མོའི་བྱེ་བྲག་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་རིག་སྔགས་གསང་སྔགས་ བདག་པོ་གསང་དབང་པོ། ། ཕྱག་ན་རྡོ་རྗེ་ཐིག་ལེ་བསྟན་པ་བསྲུང་བ་ཡི་དོན་དུ། ། བདུད་རྩི་འཆང་བཞིན་མར་མེ་གསོད་པ་ཡི། ། སྐྱེས་བུ་ཆེན་པོ་མངའ་བདག་བཤད་དུ་གསོལ། ། ཞེས་ཞུས་པ་ལ། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ལྔ་བརྒྱ་ཐ་མ་ མེ་ལྟར་འབར་བའི་ཚེ། ། ཉམས་པ་གསོད་པའི་སྦྱོར་བ་བཤད་ཀྱིས་ཉོན། ། དང་པོ་མཁའ་འགྲོ་མེ་ལྕེ་བསྒྲུབ་པའི་རྣལ་འབྱོར་པས། ། སྐབས་སུ་གསད་པའི་ལས་ལ་འཇུག་པ་ནི། ། དང་ལ་མཚན་མ་ཕེབས་པའི་བསྙེན་པ་བྱ། ། གཏོར་མ་སྦྱིན་སྲེག་སྟི་རས་བུ་ཙ་བྱ། ། ཁམ་ས་རྐང་རྗེས་དྲི་ཆུ་སྐྲ་ཤད་ལ། ། གང་ལ་བྱ་བའི་སྙིང་གར་མིང་། ། དུག་དང་བདུད་རྩིའི་གཏོར་མའི་ནང་དུ་སྩལ། ། དེ་ནས་མ་མོ་ཞག་བདུན་དབབ་ཅིང་བསྟབ། །
BO
བསྐུལ་བ་གནད་ལ་དབབ་པའི་དམ་རྫས་བསྲེག ། གནད་ལ་དབབ་ཅིང་ལས་ལ་བསྐུལ་སྔགས་ བཟླས། ། ཏིང་འཛིན་ཁྲག་འཐུང་བདུད་མོའི་བར་དུ་ནི། ། སྙིང་གི་འོད་ཟེར་དག་གིས་དྲངས་བྱས་ཏེ། ། བདུད་རྩི་དྲངས་པའི་སྦྱོར་བ་སྟོན་པ་ནི། ། གསལ་བ་དངོས་གྲུབ་སྤྱི་སྟེ་ལོག་པ་ཡིས། ། གསང་སྦུགས་བདུད་རྩི་བདུད་མོའི་ཞལ་དུ་དྲང་། ། ཐུགས་ཀྱི་དཀར་དམར་པདྨའི་སྦུ་ གུར་སྤྲོ། ། བདག་གི་སྦུབས་ན་ཐུགས་ཀྱི་དཔལ་བེའུ་རྒྱས། ། དེ་ནས་མར་མེ་གསད་པའི་ཏིང་འཛིན་ནི། ། བཞིས་བསྡུས་དབུས་ནས་ནྲྀ་ལས་འོད་འབར་བ། ། བདག་ཉིད་བདུད་མོའི་རང་བཞིན་གསལ་བ་ལ། ། སྤྲོ་བའི་རླུང་གིས་མར་མེ་གཏིང་ནས་སྦར། ། བུད་པའི་རླུང་ གིས་མར་མེ་ཁད་ཀྱིས་གསད། ། འདྲེན་པའི་རླུང་གིས་ཐིག་ལེའི་རྩེ་མོར་དྲང་། ། དང་བོས་བཀྲག་ཤོར་གཉིས་པས་སུམ་ཆ་ཉམས། ། གསུམ་པས་ཕྱེད་ལ་བཞི་པས་སུམ་གཉིས་མེད། ། ལྔ་པས་མུན་ཁང་ལྟར་གྱུར་བདག་ལ་གསལ། ། མར་མེ་བདུད་རྩི་ལོ་གྲངས་དུ་ ལོན་ཐུབ། ། དེ་ནས་དགྲ་གཟུགས་འགུ་ལིང་ནག་པོར་གཞུག ། ཧོམ་ཁུང་ནང་དུ་རྩང་ནང་ཕུར་བུས་བསྐོར། ། ནག་མོ་རོ་ཟན་ཁ་ལ་མེ་འབར་མ། ། མ་བདུད་རྒྱལ་པོ་ལྷག་པའི་སྙིང་རྗེ་ཅན། །
BO
ཁྲག་འཐུང་རེ་མ་ཏི་ཡི་དམོད་པ་ནི། ། ཏྲ་ག་རག་ཤ་རེ་མ་ཏིའི་ཧཱུྃ་ཨ་མུ་ཀ་སྲི་ ཀྲ་མ་མ་ར་ན་ཡ་མ་རག་མོ་ཨཱརྱ་ཙ་ཙ་ཐི་གི་མ་ཁ་ལ་བྷྱོ་བྷྱོ། ། རག་མོ་ཙི་ཏ་ཁ་རག་མ་བྷྱོ། རག་མོ་ཏི་ཀི་མ་ཛཿཛཿ། ཁ་ལེ་དུན་བྷྱོ། ཁ་རག་ཏི་ཀི་མ་ཛ་ཁ་ལེ་དུན་བྷྱོ། མ་རག་ཐུན་མ་བྷྱོ། ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། གསང་སྔགས་དེ་ནི་ཁྲི་ཚོ་གཉིས་སུ་གདབ། ། ཡུངས་ཀར་ཐལ་ ཆེན་དག་ལ་སྔགས་ལ་གདབ། ། འགུ་ལིང་དུར་ཁྲོད་རྙིང་པའི་གཏིང་དུ་མནན། ། གང་ལ་བྱ་བ་དེ་ནི་ཞག་བདུན་ལེན། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་མར་མེ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དཔལ་ཕྱག་ན་ རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བདེ་བ་ཆེན་པོ་རྡོ་རྗེ་འཆང་། ། འཁོར་བའི་རྒྱུན་ལམ་བཅད་པ་དང་། ། ཡེ་ཤེས་ནུས་པ་བསྐྱེད་པའི་ཕྱིར། ། ཐིག་ལེ་ཡེ་ཤེས་མན་ངག་འདི། ། སྙིང་རྗེ་ཅན་གྱིས་བཤད་དུ་གསོལ། ། ཞེས་ཞུས་པའི་ཚེ། དཔལ་ཕྱག་ན་རྡོ་རྗེ་དེས་ གསང་བའི་ཐུགས་ཀ་ནས། ཡེ་ཤེས་འབྱུང་བ་ཞེས་བྱ་བའི་འོད་ཟེར་བཀྱེ་ནས་འཛུམ་པའི་མདངས་ཀྱིས་འདི་སྐད་ཅས་བཀའ་སྩལ་ཏོ། ། ཡེ་ཤེས་རྡོ་རྗེ་ཐིག་ལེ་ནི། །
BO
ཐུན་མོང་མ་ཡིན་ཤེས་པར་དཀའ། ། དོན་དམ་ཀུན་རྫོབ་གཉིས་སུ་བཤད། ། དོན་དམ་སེམས་ཀྱི་སྤྱོད་ ཡུལ་ལོ། ། ཀུན་རྫོབ་ལས་ཀྱི་ཕྱག་རྒྱ་དངོས། ། རྒྱལ་རིགས་བུ་མོ་དེ་ལ་བསྟེན། ། རང་རིག་རྩལ་གྱིས་རླུང་གཡོས་ཏེ། ། རླུང་གི་ཐིག་ལེ་ཡེ་ཤེས་མེ། ། རྡོ་རྗེ་གསང་བས་ས་བོན་བསྐུལ། ། རྟོག་མེད་གསང་བའི་ཐིག་ལེ་ལ། ། མི་བསྐྱོད་མཉམ་པར་སེམས་གཏད་ན། ། མར་ མེའི་རྩེ་མོ་ལྟ་བུར་བརྟན། ། གནས་པའི་རྩ་ཡི་ནམ་མཁའ་ལ། ། སྲོག་འདྲེན་ཐིག་ལེ་བསྒོམ་པའི་ཚེ། ། བརྟན་དང་གཡོ་བའི་དངོས་པོ་ཀུན། ། བདེན་གཉིས་བྱང་ཆུབ་དོན་གསལ་ནས། ། དང་བའི་ཆུ་ལ་གཟུགས་བརྙན་བཞིན། ། རྒྱལ་བའི་གོ་འཕང་རང་ལ་འཆེར། ། མཁའ་འགྲོ་མ་ཡི་རང་བཞིན་འགྲུབ། ། ལྷན་ཅིག་སྐྱེས་པའི་ལྷ་མོའི་དོན། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ཡེ་ཤེས་ཀྱི་ཐིག་ལེ་བཤད་པའི་ལེའུ་སྟེ་{བཅྭ་,བཅོ་}བརྒྱད་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ ཅེས་གསོལ་ཏོ། ། བགེགས་ཀྱི་གཙོ་བོ་དབང་ཕྱུག་རྗེ། ། འགྲོ་བ་ཐུགས་རྗེས་བསྐྱང་བའི་ཕྱིར། ། བཅུ་དྲུག་རྡོ་རྗེ་འཕྲུལ་གྱི་རྒྱུད། ། དཔའ་བོ་ཆེན་པོས་བཤད་དུ་གསོལ། །
BO
ཞེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། མ་འོངས་ཕྱི་མའི་ སེམས་ཅན་རྣམས། ། དད་དང་སྤྲོ་བ་བསྐྱེད་པའི་ཕྱིར། ། རྫུ་འཕྲུལ་བཅུ་དྲུག་བཤད་ཀྱིས་ཉོན། ། དང་པོ་ལྷ་ཡི་རྣལ་འབྱོར་ལ། ། དྲོད་དང་མཚན་མ་ཐོབ་པར་བྱ། ། དེ་ནས་འཕྲུལ་ལ་འཇུག་པ་ནི། ། ཨ་ནུ་ས་ཏིའི་རིལ་བུ་སྦྱར། ། རྨ་བྱ་ཁྲུང་ཁྲུང་ནེ་ཙོ་ཤ། ། ཉ་དང་སྤྲེའུ་དང་བྱི་ལའི་ཤ། ། རྔ་མོ་ཁྭ་ཏ་ངང་པའི་ཤ། ། ནེའུ་ལེ་གོ་བྱ་མཐིང་རིལ་ཤ ། དེ་རྣམས་སྐམས་པའི་ཕྱེ་མ་དང་། ། བིལ་བའི་ཤིང་དང་ཨ་རུ་ར། ། ཤིང་ཚ་སུག་སྨེལ་རུས་སྦལ་རུས། ། ཀ་ཀ་རུ་དང་མེ་ཁྱེར་སྲིན། ། མི་རུས་དང་ནི་ཕག་རྒོད་ཁྲག ། མི་རྒོད་སྐྲ་དང་ཆུ་ཀླག་སྒྲོ། ། དེ་རྣམས་བསྲེས་ལ་རིལ་བུ་ བྱ། ། སྦྲང་རྒོད་དག་གིས་མགོ་བསྡུས་ལ། ། དུར་ཁྲོད་ཐོད་པའི་ག་འུར་སྩལ། ། ཕྱག་ན་རྡོ་རྗེའི་སྙིང་པོ་དང་། ། མ་མོའི་སྲོག་སྙིང་བདུན་འབུམ་བཟླས། ། བར་བར་བྲམ་ཟེའི་མེ་ལ་བསྲོ། ། དེ་ནས་སྣ་ཡི་རིལ་བུ་ལ། ། འོད་དང་མེ་སྟག་འཕྲོས་ཙམ་ན། ། ཟངས་སམ་ལྕགས་ཀྱི་ ག་འུར་སྩལ། ། དེ་ནས་རྡོ་རྗེ་མཁའ་འགྲོ་ལ། ། དུག་དང་ཁྲག་གི་སྦྱིན་སྲེག་དབུལ། ། ཨ་བུ་སི་ཏིའི་རིལ་བུ་དེ། །
BO
རང་གི་ལྕེ་ལ་མྱངས་པ་ན། ། རྟག་ཏུ་བཙན་དུག་འཐུང་བར་ནུས། ། ཡང་ན་མ་མོ་མཁའ་འགྲོ་ལ། ། སོ་བྱ་རོག་མོའི་སྦྱིན་སྲེག་དབུལ། ། ཨ་བུ་སི་ཏིའི་རིལ་བུ་དེ། ། རྐང་ པའི་མཐིལ་དུ་བསྐུས་པ་དེས། ། ཆུ་ཡི་སྟེང་དུ་འགྲོ་བར་བྱེད། ། མ་མོ་མཁའ་འགྲོ་དཔོན་གཡོག་ལ། ། ཆང་དང་བྱ་རྒོད་སྦྱིན་སྲེག་དབུལ། ། རིལ་བུ་ཡན་ལག་བཞི་ལ་བསྐུ། ། བདག་ནི་ནམ་མཁའ་དག་ལ་འཕུར། ། རྡོ་རྗེ་མཁའ་འགྲོ་མ་དག་ལ། ། མི་ཤའི་མར་ཁུ་སྦྱིན་སྲེག་ དབུལ། ། རིལ་བུ་ལྕེ་ལ་མྱངས་པ་ན། ། སྐྱེ་བ་སྔ་ཕྱི་དྲན་པར་ནུས། ། མ་མོ་དག་དང་མཁའ་འགྲོ་ལ། ། མར་དང་ར་ཁྲག་སྦྱིན་སྲེག་དབུལ། ། ཨ་བུ་སི་ཏིའི་རིལ་བུ་དེ། ། བུད་མེད་གང་གི་དཔྲལ་བར་བསྐུས། ། དེ་ནི་བདག་གི་དབང་དུ་འགྱུར། ། རྡོ་རྗེ་ནག་མོ་ཆེན་མོ་ལ། ། ཆང་དང་ སྦྲང་རྒོད་སྦྱིན་སྲེག་དབུལ། ། དེ་ནས་རིལ་བུ་མིག་ལ་བསྐུ། ། སྲིད་པ་གསུམ་ཀ་དུས་གཅིག་མཐོང་། ། རྡོ་རྗེ་མཁའ་འགྲོ་ཆེན་མོ་ལ། ། མ་ར་དང་ཁྭ་ཏའི་སྦྱིན་སྲེག་དབུལ། ། རིལ་བུ་རྐང་པའི་མཐིལ་ལ་བསྐུ། ། ཉིན་གཅིག་དཔག་ཚད་བརྒྱད་ཁྲིར་ཕྱིན། ། རྡོ་རྗེ་ལྷ་མོ་ནག་མོ་ལ། ། ཁྲག་ དང་མར་ཁུའི་སྦྱིན་སྲེག་དབུལ། །
BO
རིལ་བུ་མཆན་ཁུང་གཉིས་བསྐུས་ན། ། རང་ལུས་སུས་ཀྱང་མི་མཐོང་ངོ་། ། དཔལ་ལྡན་ལྷ་མོ་དཔོན་གཡོག་ལ། ། འབྲས་དང་བུ་རམ་སྦྱིན་སྲེག་དབུལ། ། རིལ་བུ་ཁོང་པར་འཐུངས་པ་ན། ། ཚེ་ལོ་སྟོང་ནི་ཐུབ་པར་ངེས། ། དཔལ་ལྡན་རྡོ་རྗེ་ལྷ་མོ་ ལ། ། འབྲུ་དང་མར་ཁུའི་སྦྱིན་སྲེག་དབུལ། ། རིལ་བུ་ལུས་ལ་བསྲེལ་བ་ན། ། ནོར་གྱི་གཏེར་ལ་སྤྱོད་པར་འགྱུར། ། དེ་ནས་མཁའ་འགྲོ་མ་ལ་ནི། ། ཏིལ་དང་མི་ཤའི་སྦྱིན་སྲེག་དབུལ། ། ཨ་བུ་སི་ཏིའི་རིལ་བུ་དེ། ། མི་རོ་སར་པའི་ཁར་བཅུག་ནས། ། མ་མོའི་སྙིང་པོ་འབུམ་བཟླས་ ན། ། མི་རོ་ལངས་ནས་དངོས་གྲུབ་སྟེར། ། གསེར་དང་དངུལ་དུ་འགྱུར་ཡང་རུང་། ། ཡང་ན་དེ་ལ་རལ་གྲི་སྦྱིན། ། ཅི་འདོད་ཕོ་ཉའི་མངག་གཞུག་བྱེད། ། ཕྲིན་ལས་རྣམ་བཞི་གང་བཅོལ་འགྲུབ། ། རྡོ་རྗེ་དཔལ་ལྡན་ལྷ་མོ་ལ། ། གོ་རོ་ཙ་ནའི་སྦྱིན་སྲེག་དབུལ། ། རིལ་བུ་ནད་པའི་ལུས་ ལ་བསྐུ། ། ནད་པ་རྣམས་ནི་འཚོ་བར་བྱེད། ། ཡང་ནི་རྡོ་རྗེ་ལྷ་མོ་ལ། ། ཆང་དང་གི་ཝང་སྦྱིན་སྲེག་དབུལ། ། རིལ་བུ་བགྱིས་པ་ལྟེ་བར་བསྐུ། ། སྲི་བུ་དག་ནི་འཚོ་བའོ། ། རྡོ་རྗེ་དཔལ་ལྡན་ནག་མོ་ལ། ། ཏིལ་མར་སྐེ་ཚེའི་སྦྱིན་སྲེག་དབུལ། །
BO
རིལ་བུ་མེ་རུ་བསྲེགས་པ་ན། ། དགྲ་ལ་ ཐོག་དང་སེར་བ་འབེབས། ། རྡོ་རྗེ་ལྷ་མོ་ནག་མོ་ལ། ། མར་དང་མུ་ཏིག་སྦྱིན་སྲེག་དབུལ། ། རིལ་བུ་དཔྲལ་བའི་དབྱིངས་སུ་བསྐུ། ། རྒྱལ་པོའི་ཆད་པ་མི་འབྱུང་ཞིང་། ། མེ་དང་ཆུས་ཀྱང་མི་ཚུགས་སོ། ། རྡོ་རྗེ་མཁའ་འགྲོ་མ་ཀུན་ལ། ། མེ་ཏོག་བུ་རམ་སྦྱིན་སྲེག་དབུལ། ། རིལ་བུ་ལྟེ་བར་བསྐུས་པ་ན། ། སྦྲུལ་དང་བཙན་གྱིས་མི་ཚུགས་སོ། ། བྱད་སྟེམས་ཀྱང་ནི་བཟློགས་པར་འགྱུར། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་རྫུ་འཕྲུལ་བཅུ་དྲུག་གི་ལེའུ་སྟེ་བཅུ་དགུ་པའོ། ། ། ། དེའི་ཚེ་འཁོར་འདུས་པའི་ནང་ནས། ལྷའི་དབང་ པོ་བརྒྱ་བྱིན་སྟན་ལས་ལངས་ཏེ། དཔལ་ལྡན་ཕྱག་ན་རྡོ་རྗེ་ལ་བསྟོད་པ། བཅོམ་ལྡན་མགོན་པོ་རྡོ་རྗེ་འཛིན། ། སྐུ་གསུང་ཡེ་ཤེས་ལྔར་ལྡན་ལྷ། ། ཐབས་དང་ཤེས་རབ་བདག་ཉིད་ཅན། ། རིག་སྔགས་གསང་སྔགས་དངོས་པོ་འཛིན། ། སྲིད་པ་གསུམ་ གྱིས་བསྐུར་བའི་གནས། ། ལྷ་སྲིན་བརྒྱད་ཀྱིས་མཆོད་ཅིང་བསྟོད། ། ཉོན་མོངས་བདུད་ལས་རྣམ་པར་རྒྱལ། ། ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད། ། དཔལ་ལྷ་མོ་ལ་དགེ་བཅུའི་སྒོ་ནས་བསྟོད་པ། བརྒྱ་བྱིན་གྱིས་བསྟོད་པ།
BO
དེ་ནས་དཔལ་ལྷ་མོ་ལ་ལྷ་མ་སྲིན་སྡེ་ བརྒྱད་ཀྱིས་སོ་སོ་ནས་དཔལ་ལྷ་མོ་བསྟོད་པ། དེ་ནས་གཡོག་མོ་རེ་མ་ཏི་ལ། བདུད་རི་ཏི་འགོང་ཉག་གིས། འདུལ་ཐབས་ཀྱི་དབང་གི་སྒོ་ནས་བསྟོད་པ། ལྷ་ལ་དབང་སྒྱུར་ལྷ་མོ་དཔལ་འབར་མ། ། དབང་ཕྱུག་སྲས་མོ་ལྷ་མོ་གཟི་ལྡན་མ། ། སུམ་ཅུ་རྩ་གསུམ་ གནས་ཀྱི་གཙོ་མོ་སྟེ། ། ལྷ་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། ། བདུད་ལ་དབང་སྒྱུར་བདུད་མོ་དཔལ་འབར་མ། ། རི་ཏི་འགོང་ཉག་བུ་མོ་རེ་མ་ཏི། ། ནག་མོ་རྩེ་དགུ་གནས་ཀྱི་གཙོ་མོ་སྟེ། ། བདུད་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། ། ཀླུ་ལ་དབང་སྒྱུར་ཀླུ་མོ་ དཔལ་འབར་མ། ། གཙུག་ན་རིན་ཆེན་བུ་མོ་ཡིད་འོང་མ། ། རོལ་མཚོ་བདུན་གྱི་གནས་ཀྱི་གཙོ་མོ་སྟེ། ། ཀླུ་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། ། གནོད་སྦྱིན་དབང་སྒྱུར་གནོད་སྦྱིན་དཔལ་འབར་མ། ། གང་བ་བཟང་པོའི་བུ་མོ་ཤང་ཀ་ན། ། ནགས་ཚལ་དྲ་བ་ ཅན་གྱི་གཙོ་མོ་སྟེ། ། གནོད་སྦྱིན་རེ་མ་ཏི་ལ་ཕྱག་འཚལ་བསྟོད། ། བསྟོད་པའི་ལེའུ་སྟེ་ཉི་ཤུ་པའོ། ། ། ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་དེས། པདྨའི་གདན་ལས་སྐུ་བཞེངས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྲས་མཆོག་འཁོར་གྱི་དམ་པ་བརྒྱ་བྱིན་ཉོན། །
BO
ལྷ་དང་ལྷ་མིན་མི་དང་ནམ་མཁའ་ལྡིང་། ། བགེགས་དང་གཤིན་རྗེ་མ་མོ་དང་། ། ཤ་ཟ་ལྟོ་འཕྱེ་དྲི་ཟ་དང་། ། སྲིན་པོ་གྲུལ་བུམ་བདུད་དམ་མི། ། སྔགས་འཆང་རྣལ་འབྱོར་གནོད་སྦྱིན་དང་། ། ང་ཡི་འཁོར་རྣམས་རབ་ཏུ་ཉན་པར་གྱིས། ། ངས་ནི་རྡོ་རྗེ་ཏིང་འཛིན་ལྷུན་ གྱིས་གྲུབ། ། ངས་ནི་མཚན་མ་འཇོམས་པའི་ཕྱག་རྒྱ་རྙེད། ། ངས་ནི་ཐུན་མོང་སྟོན་པའི་བདུད་ལས་རྒྱལ། ། ངས་ནི་སྙིང་རྗེས་འགྲོ་ཀུན་དགེ་ལ་བཀོད། ། ངས་ནི་ཐབས་དང་ཤེས་རབ་ཀུན་ལ་བྱེད། ། ངས་ནི་རྡོ་རྗེ་མཁའ་འགྲོའི་གསང་རྒྱུད་འདི། ། ཐུན་མོང་མ་ཡིན་མེ་ལྕེ་ འབར་མ་འདི། ། ངོ་མཚར་ཐབས་མཆོག་དངོས་གྲུབ་དམ་པའི་གཞི། ། ངས་ནི་བཤད་ཟིན་ཁྱོད་ལ་རབ་ཏུ་གཏད། ། སྐལ་ལྡན་དད་དང་བརྩོན་འགྲུས་ཡོད་ལ་གཏད། ། སྙིང་རྗེ་གཞོལ་ཞིང་བརྟུལ་ཞུགས་ཆེ་ལ་གཏད། ། བདེན་གཉིས་དོན་རྟོགས་ཡི་རངས་བརྟན་ ལ་གཏད། ། བརྣག་པའི་གཟུངས་ཐུབ་སྣོད་ལྡན་ཡོངས་ལ་གཏད། ། ཟུང་ཤིག་ཆོངས་ཤིག་སྣོད་ལྡན་རྣམས་ལ་ཤོད། ། འདི་ཡི་དོན་རྣམས་རྩེ་གཅིག་ཡིད་ཀྱིས་ཉོན། ། འདིས་ནི་མི་ནུབ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་ཐོབ། ། འདིས་ནི་ཆོས་ཀྱི་དབང་ཕྱུག་གོ་འཕང་ཐོབ། །
BO
འདིས་ནི་ཡིད་བཞིན་རིན་ཆེན་འབར་བ་ཐོབ། ། འདིས་ནི་ཅི་འདོད་ཐོགས་མེད་དངོས་གྲུབ་ཐོབ། ། བློ་དམན་ཤེས་ཆུང་ཉན་ཐོས་རྣམས་ལ་གསང་། ། ལོག་པའི་མཐར་འཁྱམས་མུ་སྟེགས་ཅན་ལ་གསང་། ། དམུ་རྒོད་མི་མཁས་སྐུར་པ་མཁན་ལ་གསང་། ། དད་མེད་ སྙིང་རྗེ་སྤངས་པ་རྣམས་ལ་གསང་། ། མ་རིག་རྨོངས་པའི་ལེ་ལོ་ཅན་ལ་གསང་། ། ཞེས་བཀའ་སྩལ་ནས། བརྒྱ་བྱིན་གྱིས་སྤྱི་བོས་བླངས་སོ། ། འཁོར་ལ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། ། དཔལ་ཕྱག་ན་རྡོ་རྗེ་ལ་ འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་མཁའ་འགྲོ་མ་ལུང་བསྟན་དུ་གསོལ་ཞེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། མཁའ་འགྲོ་མ་ལྷ་མོ་ནག་མོ་འདིས། བསྐལ་པ་མང་པོའི་སྔོན་ རོལ་ནས། ། དུས་གསུམ་རྒྱལ་བའི་ཞལ་མཐོང་སྟེ། ། དམན་པའི་ཞིང་འདིར་སྤྲུལ་སྐུ་ཡིས། ། ལྷ་མོའི་ཚུལ་དུ་སྐུ་བསྟན་ནས། ། འགྲོ་བའི་དོན་ལ་རབ་ཏུ་བརྩོན། ། ཉོན་མོངས་སྒྲིབ་པ་རབ་ཏུ་སྤངས། ། ད་ལྟར་ཤེས་བྱའི་སྒྲིབ་པ་སྦྱོང་། ། དེ་ཡི་ཁོལ་མོ་རེ་མ་ཏི། ། སྨོན་ལམ་དབང་གིས་འགྲོ་དོན་བྱེད། །
BO
བསྒོམ་པའི་ལམ་ལ་རབ་གནས་ནས། ། ད་ལྟར་ཉོན་མོངས་སྒྲིབ་པ་སྦྱོང་། ། འདི་ནས་དུས་འདི་ཕྱི་མའི་ཚེ། ། མཁའ་འགྲོ་ལྷ་མོ་ནག་མོ་འདི། ། བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས། ། པདྨོ་རྣམ་པར་ རོལ་པ་དེར། ། ཡང་དག་རྫོགས་པའི་སངས་རྒྱས་སུ། ། པདྨའི་དཔལ་ཞེས་བྱ་བར་ནི། ། ངས་ནི་ལྷ་མོ་ལུང་བསྟན་ཏོ། ། དེ་ཡི་གཡོག་མོ་རེ་མ་ཏི། ། པདྨ་ཅན་གྱི་ཞིང་ཁམས་དེ། ། བདེ་བའི་བྱང་ཆུབ་སེམས་དཔའ་ནི། ། བློ་གྲོས་བཤེས་གཉེན་བྱ་བར་ནི། ། དེ་འདིར་ ངས་ནི་ལུང་བསྟན་ནོ། ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ཡོངས་སུ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་སོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source