The Supreme King of the Red Essence of the Glorious Teachings

དཔལ་གཤིན་རྗེའི་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།

The Supreme King of the Red Essence of the Glorious Teachings

དཔལ་གཤིན་རྗེའི་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།

BO
༄༅༅། ། རྒྱ་གར་སྐད་དུ། ། ཤྲཱི་རཀྟ་ཡ་མཱ་རི་ཏནྟྲ་རཱ་ཛ་ནཱ་མ། ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། ། དེར་བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བ། ཨེ་མའོ་བྱང་ཆུབ་སེམས་དཔའ་ ཆེན་པོ་སྙིང་རྗེ་ཆེན་པོ་ཕྱག་ན་རྡོ་རྗེ་ལེགས་སོ་ལེགས་སོ། ། ཞེ་སྡང་རྡོ་རྗེའི་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོའི་སྙིང་པོ་གཤིན་རྗེའི་གཤེད་དམར་པོའི་རང་བཞིན་ཉོན་ཅིག ། ཕྱག་ན་རྡོ་རྗེས་གསོལ་པ། ། འདིར་གསུངས་པའི་གཤིན་རྗེ་འཇོམས་པར་བྱེད་པ་ཇི་ཙམ་ཞིག་མཆིས། ། གཏི་ མུག་རྡོ་རྗེ་གཤིན་རྗེའི་གཤེད་དང་། ཕྲ་མ་རྡོ་རྗེ་གཤིན་རྗེའི་གཤེད་དང་། འདོད་ཆགས་རྡོ་རྗེ་གཤིན་རྗེའི་གཤེད་དང་། ཕྲག་དོག་རྡོ་རྗེ་གཤིན་རྗེའི་གཤེད་ཅེས་བྱའོ། ། རྡོ་རྗེ་ཙརྩི་ཀཱ་དང་། རྡོ་རྗེ་ཕག་མོ་དང་།
BO
རྡོ་རྗེ་དབྱངས་ཅན་མ་དང་། རྡོ་རྗེ་གཽ་རཱི་མ་རྣམས་ཀྱང་ངོ་། ། མཚམས་ རྣམས་ལ་བུམ་པ་རྣམས་སོ། ། དེ་ལྟ་བུ་ལ་སོགས་པའི་གཤིན་རྗེ་འཇོམས་པའི་ཚོགས་རྣམས་ཀྱིས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བདུད་ཐམས་ཅད་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ ལས་ཕྱུང་བར་མཛད་པ་ནི། སྔགས་ཀྱིས་འགུགས་དང་དབང་བྱེད་ཆེ། ། དེ་བཞིན་མཐུ་ཡི་ཆོ་ག་མང་། ། རལ་གྲི་བསྒྲུབ་དང་རྒྱལ་པོ་དང་། ། ཕ་རོལ་དམག་ཚོགས་རྣམ་འཇོམས་དང་། ། མི་སྣང་མིག་སྨན་བཅུད་ལེན་དང་། ། དེ་བཞིན་གྲིབ་གནོན་རིག་པ་དང་། ། རོ་ལངས་གནོད་སྦྱིན་ སྒྲུབ་པ་དང་། ། སྦྲུལ་གདུག་ལ་སོགས་བསྲུང་བ་དང་། ། སྦྱིན་སྲེག་དཀྱིལ་འཁོར་ལས་རྣམས་དང་། ། བྱང་ཆུབ་སེམས་ཀྱི་རྣམ་དཔྱོད་དང་། ། ཐབས་རྣམས་ཀུན་གྱི་སྤྱོད་པ་དང་། ། ཕ་རོལ་གྲོང་དུ་འཇུག་རྣམས་ལ། ། འོད་ཟེར་རྣམ་ལྔ་འཁྲིགས་པ་ཡི། ། རྡོ་རྗེ་བསྲུང་བའི་དོན་དུ་བསྒོམ། ། རྡོ་རྗེ་ས་གཞིའི་ཆ་རྣམས་ལ། ། ར་བ་གུར་རྣམས་དེ་བཞིན་ནོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པར་མཛད་པ།
BO
བདུད་ཐམས་ཅད་རྣམ་པར་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གཏི་མུག་གཤིན་རྗེའི་གཤེད་ལ་སོགས་པ་ ཐམས་ཅད་ཀྱི་ས་བོན་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ལས་ངེས་པར་ཕྱུང་ངོ་། ། ཡ་ནི་དབུས་སུ་སྟེ། ། ཀྵེ་མ་མེད་ཡཙྪ་ནི་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར། དང་པོར་ཡ་ལས་གཤིན་རྗེའི་གཤེད། ། ཀྵེ་ཡིག་ལས་ནི་རྨོངས་པར་བརྗོད། ། མ་ཡིག་ལས་ནི་ཕྲ་མར་བཤད། ། མེ་ཡིག་ལས་ ནི་འདོད་ཆགས་ཉིད། ། ད་ཡིག་ལས་ནི་ཕྲག་དོག་སྟེ། ། གཤིན་རྗེའི་གཤེད་རྣམས་ལྔ་རུ་གྲགས། ། ཛ་ཡིག་ཙརྩི་ཀཱར་བཤད་དོ། ། ས་ཡིག་ལ་ནི་ཕག་མོའོ། ། དོ་ཡིག་དབྱངས་ཅན་མར་བཤད་དོ། ། རུ་ཡིག་གཽ་རཱི་མར་འདོད་དོ། ། ཎ་ཡོ་ནི་ར་མཚམས་བཞི་ལ། ། མི་ཡི་ཐོད་པ་ རྣམ་པ་བཞི། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་གཤིན་རྗེའི་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེ་སྡང་ཆེན་པོའི་རིགས་བསྒོམ་པའི་རྣལ་འབྱོར་གསུངས་པ། སྦྱིན་དང་ཚུལ་ཁྲིམས་བཟོད་པར་ལྡན། ། རོ་གཅིག་ མཁས་པས་སེམས་ཅན་དོན། ། བྱམས་སོགས་ཡོན་ཏན་ཀུན་ཏུ་རྫོགས། ། ཐོས་པའི་རྒྱུན་གྱིས་རྣམ་པར་བརྒྱན། །
BO
དང་པོར་ཁ་སོགས་ཡོངས་སུ་གསང་། ། སྔ་བར་སྙིང་རྗེའི་བདག་ཉིད་ཅན། ། རབ་ཏུ་རྩོམ་པ་དབེན་པའི་ཕྱོགས། ། དུར་ཁྲོད་སོགས་སུ་བདེ་བའི་གདན། ། དབེན་ ཞུགས་ཉིད་ཀྱི་ཐུགས་ཀར་ནི། ། པད་ཉི་བལྟ་ཞིང་འོད་རབ་འབར། ། དེ་ཡི་འོད་ཀྱིས་བཀུག་བྱས་ནས། ། སེམས་ཅན་དོན་རྣམས་ཕུན་སུམ་ཚོགས། ། བསྒོམ་བྱ་བླ་མ་སངས་རྒྱས་རྣམས། ། ཇི་སྙེད་མ་ལུས་ནམ་མཁའི་མཐིལ། ། དམིགས་ཏེ་ཕྱག་འཚལ་དེ་རྣམས་ཀྱི། ། སྐུ་ཡི་ བཀོད་པ་རྣམ་པར་བསྒྲུབ། ། ཙརྩི་ཀཱ་སོགས་རྣམས་ཀྱིས་མཆོད། ། དེ་ལ་སྡིག་པ་རབ་ཏུ་བཤགས། ། ལུས་དང་ངག་དང་ཡིད་རྣམས་ཀྱིས། ། ཡང་དག་སྡིག་གྱུར་བྱས་དེ་བཞིན། ། བདག་གིས་དེ་བཤགས་གང་ཞིག་ཡང་། ། དུས་གསུམ་མགོན་མཛོད་རྗེས་ཡི་རང་། ། རྫོགས་ པའི་སངས་རྒྱས་མཚུངས་རྣམས་ཀྱིས། ། བསོད་ནམས་ཚོགས་ལ་རྗེས་ཡི་རང་། ། རྫོགས་པའི་སངས་རྒྱས་དམ་ཆོས་དང་། ། ཚོགས་མཆོག་རྣམས་ལ་བདག་སྐྱབས་མཆི། ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། ། བདག་གི་ལུས་འདི་དབུལ་བར་བགྱི། ། གནས་དང་ ཆོས་ཀུན་སྟོན་པ་དང་། ། ཤིན་ཏུ་མཐར་ཡང་མཛེས་པ་དང་། ། ཡང་དག་རྫོགས་པའི་སངས་རྒྱས་ཀྱི། ། དེ་ཉིད་སྦྱིན་སོགས་གཟུགས་ཅན་གྱི། །
BO
སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། ། བསྟེན་ཅིང་འདི་ལ་རབ་ཏུ་དད། ། སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། ། བྱང་ཆུབ་ སེམས་དག་བདག་གིས་བསྐྱེད། ། གང་ཞིག་བསོད་ནམས་ཉེར་བསགས་རྣམས། ། རྫོགས་པའི་བྱང་ཆུབ་བདག་གིས་བསྔོ། ། འགྲོ་འདི་ཀུན་ལ་ཕན་མཛད་ཕྱིར། ། དཔལ་ལྡན་གཤིན་རྗེ་མཐར་བྱེད་གྱུར། ། ལྷག་པར་སྨོན་ལམ་འདི་བྱས་པས། ། དེ་རྣམས་ལ་ནི་གཤེགས་ སུ་གསོལ། ། བརྩེ་བས་བྱང་ཆུབ་བཞིན་དུ་བལྟ། ། ཁམས་གསུམ་རྣམས་ནི་སྟོང་པར་བསམ། ། རང་བཞིན་གྱིས་ནི་སྦྱོར་བྲལ་བས། ། རྒྱུ་དང་དེ་བཞིན་མཚན་ཉིད་ལ། ། རྣམ་པར་རྟོག་པ་བྲལ་བ་དང་། ། ལྷ་དང་སྨོན་ལམ་རྣམས་པར་སྤངས། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ ཨཱཏྨ་ཀོ྅ཧྃ། ཡྃ་རྃ་བྃ་ལྃ་བཞི་ལ་དཀྱིལ་འཁོར་བསྡུས་ནས་བྷྲུྃ་ཡིག་ལས་སྐྱེས་པའི་གཞལ་ཡས་ཁང་བསྒོམ་པར་བྱའོ། ། ཟུར་བཞི་པ་དང་སྒོ་བཞི་པ། ། རྟ་བབས་བཞི་ཡིས་བརྒྱན་པ་ལ། ། དྲ་བ་དྲ་ཕྱེད་ཀྱིས་སྤྲས་པ། ། ལྷ་དང་ལྷ་མོས་ཤིན་ཏུ་མཛེས། ། བ་དན་དྲིལ་བུ་བཅས་ པ་རྣམས། ། སྣ་ཚོགས་རྩེ་མོ་རླུང་གིས་བསྐྱོད། ། བྃ་ཡིག་ལས་ནི་དེ་དབུས་གནས། ། སྣ་ཚོགས་པདྨ་རྣམ་པར་བསམ། ། དེ་ཡི་ཟེ་འབྲུའི་དབུས་གནས་ལ། །
BO
སྣ་ཚོགས་རྡོ་རྗེ་དབྱུག་པར་བཅས། ། ཡོངས་སུ་གྱུར་ལས་མཐའ་དག་རྟགས། ། ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། ། རིམ་ མཚུངས་པདྨ་ཉི་མ་ལ། ། མ་ཧེ་དམར་པོའི་སྟེང་དུ་ནི། ། སྤྲུལ་པས་བདུད་རྣམས་མ་ལུས་པ། ། གཡོན་བརྐྱང་ཞབས་ཀྱིས་མནན་པར་བྱ། ། ཉི་མ་བྱེ་བའི་འོད་འབར་ལྷ། ། རོ་ལངས་མ་ཡིས་མགུལ་ནས་འཁྱུད། ། དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། ། ཀླུ་བརྒྱད་ཀྱིས་ནི་རྣམ་པར་ བརྒྱན། ། སྤྱན་གསུམ་དམར་ཞིང་འཇིགས་སུ་རུང་། ། མགོ་བོ་དམར་པོ་བརྒྱ་ཡི་ཕྲེང་། ། གཡས་ན་རྡོ་རྗེའི་དབྱུག་པ་དང་། ། གཡོན་ན་ཐོད་པ་བསྣམས་པའོ། ། ཁྲོ་བོའི་མཚུངས་པར་ལྡན་པ་དང་། ། ལྗགས་ནི་བསྐྱོད་ཅིང་མཆེ་བ་གཙིགས། ། ཁྲོ་གཉེར་སྐུ་མཁྲེགས་རྐེད་པ་ལ། ། སྟག་ གི་པགས་པས་རྣམ་པར་བརྒྱན། ། ཐུང་ཞིང་ལྟོ་འཕྱང་རྔམ་ཞིང་འབར། ། ཤིན་ཏུ་རྣམ་དག་དྲི་མ་བྲལ། ། རོ་ལངས་མ་ཡི་གཡས་གྲི་གུག ། གཡོན་ན་མི་ཡི་ཐོད་པའོ། ། སྤྱན་གསུམ་སྐྲ་ནི་གྲོལ་བ་དང་། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། མགོ་བོའི་ཕྲེང་བ་མཚུངས་པར་ལྡན། ། རོ་བཅུད་འཛིན་པ་གཙོ་བོ་ཡི། ། ཤར་གྱི་འདབ་མ་ལ་གཏི་མུག་རྡོ་རྗེ་དཀར་པོ། རྡོ་རྗེ་ཙརྩི་ཀཱ་དང་སྙོམས་པར་འཇུག་པའོ། །
BO
ལྷོའི་འདབ་མ་ལ་ཕྲ་མ་གཤིན་རྗེའི་གཤེད་ཁ་དོག་སེར་པོ། ། རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའོ། ། ནུབ་ཀྱི་འདབ་མ་ལ་འདོད་ཆགས་གཤིན་རྗེའི་གཤེད་ ཁ་དོག་དམར་པོ། རྡོ་རྗེ་དབྱངས་ཅན་མ་དང་སྙོམས་པར་ཞུགས་པའོ། ། བྱང་གི་འདབ་མ་ལ་ཕྲག་དོག་གཤིན་རྗེའི་གཤེད་ཁ་དོག་ལྗང་གུ་རྡོ་རྗེ་གཽ་རཱི་དང་སྙོམས་པར་ཞུགས་པའོ། ། ཙ་རྩི་ཀཱ་ནག་མོའོ། ། ཕག་མོ་སེར་མོའོ། ། དབྱངས་ཅན་མ་དཀར་མོའོ། ། གཽ་རཱི་སྔོན་མོའོ། ། གཡོན་ ཕན་ཐོད་པ་དང་གཡས་པ་ན་གྲི་གུག་གོ། ། ཕྱག་དང་ཞལ་དང་སྐུ་མདོག་ཡང་དག་པར་གནས་པ་ནི་དཔའ་བོ་ཇི་ལྟ་བ་བཞིན་ནོ། ། མེའི་མཚམས་ན་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བའོ། ། བདེན་བྲལ་དུ་གསེར་གྱི་བུམ་པ་གླ་པ་ཡིས་གང་བའོ། ། རླུང་དུ་བྱི་རུའི་བུམ་པ་སི་ཧླས་གང་ བའོ། ། དབང་ལྡན་དུ་དངུལ་གྱི་བུམ་པ་གུ་པུར་གྱིས་གང་བའོ། ། ཐོད་པ་ཡིས་ཁ་གཡོགས་པ་རྣམ་པར་བསྒོམ་པར་བྱའོ། ། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་དཔའ་བོ་གཙོ་བོའི་སྔགས་གསུངས་པ་ནི། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། ། ཨོཾ་ཧཽཾ་ཀྵཽཾ་ཀྵ་ཡཽཾ་ ཀཱ་རཱ་ཡ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།
BO
ཉེ་བའི་སྙིང་པོའི་སྔགས་སོ། ། ཨོཾ་མ་ཧཱ་ཡཀྵ་སེནཱ་དྷི་པ་ཏ་ཡེ་མ་ཧཱ་དུར་དཱན་ཏ་ད་མ་ཀཱ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། བི་དྲཱ་པ་ཡ་བི་དྲཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཕྲེང་སྔགས་སོ། ཨོཾ་དྭེ་ཥ་ར་ཏི་ནུ་ད་ནུ་ད་ཏྲུ་ཊ་ཏྲུ་ཊ་ཧཱུྃ་ཛཿསྭཱ་ཧཱ། རྗེ་བཙུན་མའི་སྔགས་སོ། ། ཨོཾ་མྃ་ ཧཱན་ཏ་ཀྲྀཏ་ཧཱུྃ་ཧཱུྃ་ཕཊ། ། ཨོཾ་བི་ཤུ་ནཱན་ཏ་ཀྲྀཏ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱ་གཱ་ན་ཏ་ཀྲྀ་ཏ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱིར་ཥྱན་ཏ་ཀྲྀཏ་ཧཱུྃ་ཧཱུྃ་ཕཊ། དཔའ་བོ་བཞིའི་སྔགས་སོ། ། ཨོཾ་མོ་ཧཱ་ར་ཏི་ཧཱུྃ་ཛཿ། ཨོཾ་པི་ཤུ་ན་ར་ཏི་ཧཱུྃ་ཛཿ། ཨོཾ་རཱ་ག་ར་ཏི་ཧཱུྃ་ཛཿ། ཨོཾ་ཨཱི་ར་ཥྱ་ར་ཏི་ཧཱུྃ་ཛཿ། དཔའ་བོའི་དབང་ཕྱུག་ མ་བཞིའི་སྔགས་སོ། ། ཨོཾ་མར་མེ་མར་མཱ་བི་གྷཱ་ཏེ་ཨོཾ་བཛྲ་ཙརྩི་ཀེ་ཧ་ར་ཧ་ར་བུཀྐམ་རཱ་ཡ་ཆེ་གེ་མོ་ལ་ཛཿ། ཨོཾ་གྷོ་ཎེ་སུ་གྷོ་ཎེ་བཛྲ་མཱ་མ་ཀཱི། བྷར་བྷར། སམྦྷ་ར་སམྦྷ་ར་ཧཱུྃ་ཛཿ། ཨོཾ་མར་མེ་མར་མཱ་ཀྵོ་བྷ་ཎཱི་བཛྲ་ས་ར་སྭ་ཏི་དར་དར། ཐར་ཐར། ཕར་ཕར། ཀྃ་པ་ཀ་པ། དྷུ་ན་དྷུ་ན་ཧཱུྃ། ཆེ་གེ་མོ་ ལ་ཛཿ། ཨོཾ་གམྦྷི་རེ་བཛྲ་ཀཱ་ར་ཏི་ཀེ་གྷ་གྷ། རཀྟ་ཤོ་ཎ་ཏི་པྲི་ཡེ་གཽ་རཱི་ཆེ་གེ་མོ་ལ་ཛཿ། གདེངས་ཀའི་དབང་པོ་དགའ་བོ་ནི། །
BO
སྔོན་པོས་སྐྲ་བཅིངས་འཇིགས་པར་བྱེད། ། ཀླུ་འཇོག་དམར་པོས་རྣ་བ་ལ། ། བརྒྱན་ཅིང་རྩེ་མོ་འཁྱིལ་བ་སྟེ། ། རིག་ལྡན་ཁྲ་པོས་དཔུང་པ་བརྒྱན། ། ལག་གདུབ་ གདེངས་ཀ་དུང་སྐྱོང་སེར། ། ཤིན་ཏུ་དཀར་བ་པད་དོ་ཤལ། ། མཐའ་ཡས་སྔོན་པོ་མཆོད་ཕྱིར་ཐོགས། ། ཤིན་ཏུ་མཛེས་པར་བྱས་པའོ། ། བདུད་རྩིའི་ཁ་དོག་གདེངས་ཀ་ནི། ། ནོར་རྒྱས་ཀྱིས་ནི་ཅོད་པན་བྱས། ། པདྨའི་སྡོང་བུའི་ཁ་དོག་དཀར། ། རྐང་གདུབ་པདྨ་ཆེན་པོ་ ཡིས། ། ཐམས་ཅད་ཕུ་ཏཱའི་ཡི་གེ་སྒྲོགས། ། ཕྱག་གཉིས་པ་དང་མཆེ་བ་གཙིགས། ། འཁོར་བ་དང་ནི་མྱ་ངན་འདས། ། གཤིན་རྗེ་འཇོམས་པ་ཞེས་བྱ་ལ། ། རྣམ་རྟོག་ཐམས་ཅད་འཇོམས་པ་ཡི། ། སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ། ། མཁའ་ཁྱབ་རྫོགས་པའི་ སངས་རྒྱས་ཀུན། ། རང་གི་སྙིང་གའི་ས་བོན་གྱི། ། ལྕགས་ཀྱུས་ཀུན་བཀུག་ཁར་ཞུགས་ནས། ། བདེ་བ་སྙིང་གར་ཞུགས་ཤིང་ཞུ། ། དེ་ལས་སྤྲོ་བྱས་ས་བོན་རྣམས། ། དེ་ཞུ་རྡོ་རྗེའི་ལམ་ནས་ནི། ། རང་འོད་པདྨའི་ནང་མཐར་གནས། ། དེ་བལྟས་ས་བོན་རང་གཟུགས་ལ། ། དེ་ཡི་ ས་བོན་ལས་སྐྱེས་པའི། ། འཁོར་ལོ་ས་བོན་ཀུན་བྱིན་བརླབ། ། མེ་སྟག་འཕྲོ་བའི་ཚོགས་གསལ་བ། ། ཆོ་ག་བཞིན་དུ་མཁས་པས་བསྒོམ། །
BO
བལྟ་ཞིང་སྙིང་གར་བཞུ་བྱས་ལ། ། རྡོ་རྗེའི་ལམ་ནས་དབྱུང་བར་བྱ། ། རང་རིག་པདྨའི་ཟེ་འབྲུ་ལ། ། ལྷ་ཡི་ཚོགས་རྣམས་བལྟ་ བྱས་ལ། ། སྣ་ཚོགས་མེ་ཏོག་ལ་སོགས་དབུལ། ། ལག་ན་ལོ་མ་འཛིན་རྣམས་ཀྱིས། ། ལེགས་པར་མཆོད་པར་བྱ་བ་སྟེ། ། མཆོད་པའི་གླུ་ནི་ཡིད་འོང་དང་། ། སྣ་ཚོགས་གར་གྱི་རང་བཞིན་དང་། ། དེ་བཞིན་བདེ་བ་ཆེན་པོས་མཆོད། ། ཨེ་མ་གཤིན་རྗེའི་གཤེད་དམར་པོ། ། བླ་མ་སྲིན་པོའི་རང་བཞིན་ཏེ། ། བདག་ནི་ཁྱོད་མཐོང་འཇིགས་པས་ན། ། བླ་མ་སྲིན་པོའི་རང་བཞིན་སྤངས། ། མཐོ་རིས་ས་སྟེངས་ས་འོག་རྣམས། ། ཁྱོད་ཀྱི་གར་གྱིས་གཡོ་བར་བྱེད། ། ཁྲག་གི་མིག་སྨན་ཁྲོ་བོའི་སེམས། ། གར་མཛད་ཁྱོད་ནི་རོ་ལངས་གཟུགས། ། དམར་ ཞིང་ཐུང་བའི་ཚད་ལྡན་པ། ། རྣམ་པ་མང་པོའི་སྤྲུལ་གཟུགས་བྱེད། ། རྡོ་རྗེ་དབྱངས་ཅན་མ་ཡིས་ཞུས། ། ཁྱོད་ཀྱི་གར་མཛད་བདེ་བ་ཆེ། ། ཁྱོད་ཀྱི་ཧྲཱིཿཥྚྲཱིཿའི་སྔགས་ཀྱི་གར། ། ས་གསུམ་པོ་ཡི་འཁྲུལ་པ་སེལ། ། བརྩེ་བས་ཁྲོ་བའི་རྗེ་བཙུན་ཁྱོད། ། འགྲོ་ལ་ལྟ་ཞིང་གར་ མཛད་དོ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། སྒྲ་ཡི་ཚོགས་པ་ཐམས་ཅད་ལ། ། སྒྲ་བརྙན་དང་ནི་མཚུངས་པར་བལྟ། །
BO
འཁོར་ལོ་ཡི་ནི་འདྲེན་པ་ལ། ། དེ་ཡི་དེ་ལ་དེ་བཞིན་བསྟོད། ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། ། གཤིན་རྗེའི་གཤེད་པོ་ཤིན་ཏུ་འཇིགས། ། སྟོན་པ་སངས་རྒྱས་ཀུན་རང་བཞིན། ། རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། ། ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། ། གཤིན་རྗེའི་གཤེད་པོ་ཤིན་ཏུ་འཇིགས། ། རྡོ་རྗེའི་ཐུགས་དང་རབ་མཚུངས་པའི། ། རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། ། འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། ། འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། ། གསུང་མཆོག་ཀུན་གྱི་རབ་མཆོག་སྟེ། ། གསུང་གི་རྡོ་རྗེ་ཕྱག་འཚལ་བསྟོད། ། ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། ། གཤིན་རྗེའི་གཤེད་པོ་ལས་ཀུན་པ། ། རྡོ་རྗེའི་སྐུ་དང་རབ་མཚུངས་པ། ། ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། ། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། ། སངས་རྒྱས་ཀུན་གྱི་རབ་མཆོག་གཙོ། ། དཀྱིལ་འཁོར་དབང་ཕྱུག་ཕྱག་འཚལ་བསྟོད། ། ཨཱཿཡིག་ལས་སྐྱེས་རྣམ་དག་པ། ། མགོ་བོ་གསུམ་གྱི་སྟེང་དུ་གནས། ། པདྨའི་སྣོད་ནི་གང་བ་ཡི། ། དེ་ འོག་མེ་ཡི་དཀྱིལ་འཁོར་ཏེ། ། རཾ་ཡིག་ལས་བྱུང་གྲུ་གསུམ་མོ། ། དེ་འོག་རླུང་གི་དཀྱིལ་འཁོར་ཏེ། །
BO
ནག་ཅིང་གཡོ་བ་གཞུ་ཡི་དབྱིབས། ། ཡྃ་ལས་བྱུང་བ་བ་དན་མཚན། ། དེ་ལ་རྣམ་པར་སྣང་མཛད་སོགས ། ད་ཡིག་ལ་སོགས་ལས་བྱུང་བ། ། གླང་པོ་ ལ་སོགས་ལྔ་རྣམས་སོ། ། ཧཱུྃ་སྐྱེས་རྡོ་རྗེའི་དགབ་བྱ་འདིས། ། བཀབ་པ་མཁས་པས་བསྒོམ་པར་བྱ། ། རླུང་གིས་བསྐྱོད་ཅིང་མེ་ཡིས་ཞུ། ། དེ་ལ་རྣམ་པ་བསྒོམ་པར་བྱ། ། རྡོ་རྗེས་མཚུངས་པར་རོ་གཅིག་གྱུར། ། ཤིན་ཏུ་དྲི་མེད་དག་པར་བལྟ། ། ཧཱུྃ་ཡིག་འོད་ཀྱིས་སངས་རྒྱས་རྣམས། ། ཡེ་ཤེས་གཟུགས་ཀྱིས་དགུག་པར་བྱ། ། རབ་ཞུགས་སྔགས་ཀྱི་གཟུགས་ཀྱིས་ནི། ། མཆོག་གི་བདུད་རྩི་ལྔ་རྣམས་བལྟ། ། དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབ། ། དཀྱིལ་འཁོར་བདག་པོ་རྣམས་ལ་མཆོད། ། ལྕེ་ལ་རྣམ་དག་རྡོ་རྗེ་ཉིད། ། ཧཱུྃ་ཡིག་ལས་བྱུང་དེ་ལ་བལྟ། ། དེ་ཡི་འོད་ཟེར་ སྦྲུབས་རྣམས་ལས། ། མཚུངས་པར་དགུག་ཅིང་དེ་ཡིས་ནི། ། ཁམས་གསུམ་བཞུགས་པའི་རྫོགས་སངས་ཀུན། ། དེ་བཞིན་དཀྱིལ་འཁོར་མཆོག་འདི་ལ། ། སྙིང་གའི་ཡེ་ཤེས་དགུག་གཞུག་བྱ། ། རྣམ་པར་རྟོག་པ་ཐམས་ཅད་སྤངས། ། ཐོག་མཐའ་དབུས་མའི་དབྱེ་བ་ཡིས། ། དཔག་ མེད་གཟུགས་བྱེ་དེ་ལ་ཡང་། ། འཁྲུལ་པའི་གཟུགས་ལ་དེ་ཉིད་མེད། ། གང་ལས་འཁྲུལ་པ་གཉིས་ལ་གནས། །
BO
འཁྲུལ་མེད་ཐམས་ཅད་སེམས་ལ་སྦྱིན། ། འཕྲོ་དང་བསྡུ་བ་རྣམ་པར་གཟུང་། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་དམར་པོའི་ རྒྱུད་ལས་མངོན་རྟོགས་ཀྱི་རིམ་པར་ཕྱེ་བ་སྟེ་དང་པོའོ། ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པ་དང་། ། ཇི་ལྟར་སེམས་ཅན་རབ་འཇུག་ལ། ། ལས་ཀྱི་དབྱེ་ བའི་རབ་དབྱེ་ལས། ། ཡེ་ཤེས་ཀྱི་ནི་རྒྱ་མཚོ་རྣམས། ། རྡོ་རྗེ་ཆེན་པོ་བཤད་ཀྱིས་ཉོན། ། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། ། ལས་ཀུན་ཐམས་ཅད་རབ་བསྒྲུབ་པ། ། ཉེས་ཀུན་གསོ་བའི་བདག་ཉིད་ཀྱིས། ། ཚིག་འདི་ཉིད་ནི་བཀའ་སྩལ་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་རབ་ཏུ་གསལ་བར་མཛད་པ་ལ། བཅོམ་ལྡན་འདས་མཆོད་ཅིང་ཕྱག་འཚལ་ཏེ། གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱས་ནས། ཡང་དང་ཡང་དུ་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་བཀའ་ཉན་པར་མཛད་དོ། དེ་ ནས་རྡོ་རྗེ་འཛིན་རྒྱལ་པོས། ། དབང་དུ་བྱ་བའི་འཁྲུལ་འཁོར་གསུངས། ། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད། །
BO
མ་བྱུང་འབྱུང་བར་མི་འགྱུར་རོ། ། བུད་མེད་དབང་དུ་བྱ་བ་དང་། ། བསྲུང་བའི་དོན་དང་དེ་བཞིན་དུ། ། ཞི་བ་ལ་ནི་གི་ཝང་གཟུང་། ། དེ་བཞིན་གྲོ་གའམ་ སྨྱུག་ཤུན་ལ། ། འཁོར་ལོ་གཉིས་ནི་མངོན་པར་བྲི། ། མིང་ནི་ནཱ་མཿབརྟེན་པར་བྱ། ། ནག་པོའི་རྩ་སོགས་དང་བྲལ་བའི། ། ཁམ་ཕོར་གཉིས་ནི་ཡང་དག་སྦྱར། ། དབུས་སུ་ཞུན་མར་སྦྲང་རྩི་བླུགས། ། སྲད་བུ་དཀར་པོས་དཀྲི་བར་བྱ། ། མེ་ཏོག་དཀར་པོས་ཐུན་མཚམས་ གསུམ། ། མཆོད་བྱ་ཁ་ནི་ཤར་རུ་ཕྱོགས། ། གཤིན་རྗེ་མཐར་བྱེད་ཆུ་ཤེལ་བཞིན། ། བདག་ཉིད་བསྒོམས་ནས་བསྒྲུབ་བྱ་ནི། ། མདུན་དུ་ཟླ་བའི་དཀྱིལ་འཁོར་སྟེང་། ། བལྟས་ལ་མངོན་པར་དབང་བསྐུར་རོ། ། བུམ་པ་དཀར་པོ་ཟླ་བ་བཞིན། ། བདུད་རྩི་ལྔ་ཡིས་ཡོངས་སུ་ གང་། ། སངས་རྒྱས་རྣམས་ཀྱིས་ཁྲུས་མཛད་པ། ། ཡང་དག་བལྟ་ཞིང་བཟླས་པ་བརྩམས། ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏྭ་ནན་ཧཱུྃ་ཧཱུྃ་ཕཊ་ཕཊ། ན་མཿལྷ་སྦྱིན་ལ་ཤཱནྟིཾ་ཀུ་རུ་ན་མཿ། ཞི་བའི་དམ་ཚིག་འདི་ལྟ་སྟེ། ། སྐྱེས་བུ་རྣམས་ཀྱི་ཞི་བ་ལ། ། གུར་གུམ་གྱིས་བྲི་རྒྱས་པ་ཡང་། ། འཁོར་ ལོ་གཉིས་བྲི་ཁ་ཆེ་ཡིས། ། སྭཱ་ཧཱའི་དབུས་སུ་མིང་བཅུག་སྟེ། ། བསྒྲུབ་བྱའི་མིང་བླང་དེ་རྣམས་ལ། །
BO
བུ་ཡིས་མངོན་པར་གཏོར་བར་བྱ། ། ཁམ་ཕོར་ཁ་སྦྱོར་ནང་བཅུག་ནས། ། སྲད་བུ་སེར་པོས་དཀྲི་བར་བྱ། ། ཁ་ནི་བྱང་བལྟས་ཐུན་མཚམས་གསུམ། ། མེ་ཏོག་སེར་པོས་མཆོད་ པར་བྱ། ། ཁ་དོག་སེར་པོ་གཤིན་རྗེ་གཤེད། ། བདག་ཉིད་ངེས་པར་བལྟ་བར་བྱ། ། བསྒྲུབ་བྱ་ཟླ་བ་སེར་ལ་གནས། ། བུམ་པ་སེར་པོ་ཆུ་ཡིས་བཀྲུ། ། མངོན་བར་དབང་བསྐུར་བསྒོམ་པར་བྱ། ། རྒྱས་པར་བྱ་ཕྱིར་ཡང་དག་བཟླ། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལྷ་ སྦྱིན་གྱི་པུཥྚིྃ་ཀུ་རུ་སྭཱ་ཧཱ། ཕོ་ཋ་ཊ་ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ལྷ་སྦྱིན་གྱི་པུཥྚིྃ་ཀུ་རུ་བཽ་ཥཊ། ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་རྒྱས་པའི་དམ་ཚིག་ཏུ་གསུངས་སོ། ། གྲོ་གའམ་ནི་རས་དག་ལ། ། རྒྱ་སྐྱེགས་དག་གི་ཁུ་བ་འམ། ། ཡང་ན་ཙནྡན་དམར་ པོ་ལ། ། མིང་མེད་དག་གི་ཁྲག་བསྲེས་ནས། ། འཁོར་ལོ་གཉིས་ནི་ཡང་དག་བྲི། ། ཧོཿཡིག་གིས་བརྟེན་བྱས་པ་ཡི། ། འཁྲུལ་འཁོར་ནག་སོགས་དང་བྲལ་བ། ། ཁམ་ཕོར་གཉིས་ནི་ཡང་དག་སྦྱར། ། མར་དང་སྦྲང་རྩི་བཅུག་བྱས་ལ། ། སྲད་བུ་དམར་པོས་དཀྲི་བར་བྱ། ། ཁ་ནི་ནུབ་ཏུ་མངོན་ཕྱོགས་གནས། ། མེ་ཏོག་དམར་པོས་མཆོད་པར་བྱ། །
BO
ཁ་དོག་དམར་པོ་འབར་བ་ཆེ། ། བདག་ཉིད་གཤིན་རྗེ་འཇོམས་བྱེད་ལ། ། བསྒྲུབ་བྱ་ཟླ་བ་དམར་པོའི་སྟེང་། ། དེ་བཞིན་དུ་ནི་བསམ་པར་བྱ། ། རང་གི་ལུས་ལས་འཐོན་གྱུར་ཏེ། ། འོད་ཟེར་ དམར་པོའི་ལྕགས་ཀྱུ་ཡིས། ། བསྒྲུབ་བྱ་འགུགས་པར་བསྒོམ་པར་བྱ། ། སྔགས་ནི་ཁྲི་ཙམ་སྤྲོ་ཞིང་བཟླས། ། དེས་ནི་བསྒྲུབ་བྱ་མྱོས་གྱུར་ཏེ། ། རྐང་པ་དག་ནི་དེ་བཞིན་འགྱེལ། ། གོས་བྲལ་སྐྲ་ནི་གྲོལ་བ་རུ། ། བསམ་ཞིང་བཟླས་པ་བརྩམ་པར་བྱ། ། གལ་ཏེ་དབང་དུ་མ་ གྱུར་ན། ། བརྟུལ་ཞུགས་ཅན་གྱིས་འཁོར་ལོ་བསྲོ། ། མར་སོགས་བྲལ་བར་བྱས་ནས་ནི། ། དུ་མེད་སེང་ལྡེང་མེ་ལའོ། ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཧོཿ། ལྷ་སྦྱིན་གྱི་མཆོད་སྦྱིན་དབང་དུ་གྱིས་ཤིག་སྭཱ་ཧཱ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། བཽ་ཥ་ཊ་ལྷ་སྦྱིན་གྱི་མཆོད་ སྦྱིན་དབང་དུ་གྱིས་ཤིག ། བཽ་ཥ་ཊ་ཞེས་བ་ནི་འདིར་བཅོམ་ལྡན་འདས་ཀྱིས་དབང་གི་དམ་ཚིག་ཏུ་གསུངས་སོ། ། ཡང་ན་དུར་ཁྲོད་གོས་དག་གམ། ། རང་བྱུང་གིས་བྱུགས་རས་དག་ལ། ། རྒྱུ་སྐྱེགས་ཁྲག་དང་བསྲེས་པ་ཡིས། ། འཁོར་ལོ་གཉིས་ནི་ཡང་དག་བྲི། ། ཛཿཡིག་དང་ ནི་ཧྲཱིཿཡིག་གིས། །
BO
བསྒྲུབ་བྱའི་མིང་ནི་བརྟེན་བྱས་ལ། ། བུད་མེད་པདྨའི་སྣོད་དག་ནི། ། ཁ་སྦྱར་ནང་བཅུག་མཆོད་པར་བྱ། ། སྲད་བུ་དམར་པོས་དཀྲི་བྱས་ལ། ། མེ་ཏོག་དམར་པོས་མཆོད་པར་བྱ། ། ཉི་མ་འཆར་ཀ་དང་མཚུངས་དམར། ། བདག་ཉིད་གཤིན་རྗེ་འཇོམས་བྱེད་དོ། ། ཁ་དོག་དམར་པོའི་ལྕགས་ཀྱུ་ཡིས། ། བསྒྲུབ་བྱ་འགུགས་པར་བསྒོམ་པར་བྱ། ། སྙིང་གར་ལྕགས་ཀྱུས་དགུག་བྱ་ཞིང་། ། མགྲིན་པ་ཞགས་པས་བཅིང་བར་བྱ། ། སེང་གེ་དམར་པོ་ལ་ཞོན་ནས། ། རླུང་གི་དཀྱིལ་འཁོར་སྦྱར་བ་ཡིས། ། འོང་བ་དག་ནི་བསམ་བྱ་ཞིང་། ། བདུད་རྩི་ ལྔ་ཡི་ཆུ་ཡིས་བཀྲུ། ། གལ་ཏེ་བསྒྲུབ་བྱ་མ་འོངས་ན། ། བརྟུལ་ཞུགས་ཅན་གྱིས་འཁྲུལ་འཁོར་བསྲོ། ། སེང་ལྡེང་ཤིང་གི་མེ་ལའོ། ། དེ་ནས་བཟླས་པ་ཡང་དག་བརྩམ། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཆེ་གེ་མོ་ཁུག་ཅིག་ཧྲཱིཿ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿལྷ་ སྤྱིན་ཁུག་ཛཿཞེས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་འགུགས་པའི་དམ་ཚིག་ཏུ་གསུངས་སོ། ། བློ་ལྡན་གང་གིས་དུར་ཁྲོད་གོས། ། ཡུང་བ་དག་གི་ཁུ་བ་ཡིས། ། འཁོར་ལོ་གཉིས་ནི་ཡང་དག་བྲི། ། ལ་ཡིག་དག་གིས་བརྟེན་བྱས་ལ། །
BO
བསྒྲུབ་བྱའི་མིང་ནི་ཡང་དག་གཟུང་། ། ཁམ་ཕོར་ཁ་ སྦྱོར་དབུས་སུའོ། ། ཁམ་ཕོར་སེར་པོ་སྟེང་དུ་གཞག ། དེ་ལ་མཁས་པས་རེ་ཁཱ་བྲི། ། བདུན་དང་བཞི་པའི་རེ་ཁཱ་བྲི། ། བདུན་དང་བཞི་པའི་རེ་ཁཱ་སོགས། ། ཡང་དག་བྲིས་ཏེ་ཏིང་འཛིན་བྱ། ། རི་རབ་རྩེ་མོ་བརྒྱད་པར་གྲགས། ། དེ་ཡི་སྟེང་དུ་ཡང་དག་བྲི། ། ཧཱུྃ་ཡིག་དང་ནི་བྃ་ཡིག་སྟེ། ། དེ་ཡི་དབུས་སུ་རི་རབ་བོ། ། དེ་ཡི་སྟེང་དུ་ལཾ་ཡིག་ གིས། ། དབང་ཆེན་དཀྱིལ་འཁོར་དགོད་པར་བྱ། ། སྣ་ཚོགས་རྡོ་རྗེས་མནན་བྱ་ཞིང་། ། སྲད་བུ་སེར་པོས་བཅིང་བར་བྱ། ། གཤིན་རྗེ་འཇོམས་བྱེད་ཁ་དོག་སེར། ། བདག་ཉིད་རྣམ་པར་བསམ་པར་བྱ། ། བདག་ཉིད་ཁ་ནི་ལྷོ་རུ་ཕྱོགས། ། དབང་ཆེན་དཀྱིལ་འཁོར་གྱིས་མནན་པའི། ། བསྒྲུབ་བྱ་སེར་པོ་རྣམ་པར་བསམ། ། མྱུར་དུ་རི་བོ་དགོད་ཅིང་གནོན། ། སྣ་ཚོགས་རྡོ་རྗེས་མནན་བྱས་ལ། ། དབང་ཆེན་དཀྱིལ་འཁོར་འོག་དག་ཏུ། ། མནྡ་ར་སོགས་རི་འཇིགས་དང་། ། གངས་རི་མི་གཡོར་གྱུར་པ་ཡིས། ། བསྒྲུབ་བྱ་མནན་པར་བསྒོམ་པར་བྱ། ། དེ་ལ་འདི་ བཞིན་བཟླས་པར་བྱ། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ལཾ་ལྷ་སྦྱིན་རང་གནས་སུ་རེངས་ལཾ་སྭཱ་ཧཱ།
BO
ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་རེངས་པ་ཆེན་པོའི་དམ་ཚིག་གོ། ། ངག་ནི་རེངས་པར་འདོད་པ་ཡིས། ། འཁོར་ལོ་གཉིས་བོ་དེ་བཞིན་བྲི། ། ནང་དུ་བསྒྲུབ་བྱའི་མིང་བྱས་ནའང་། ། དེ་ལ་ སྔགས་ནི་སྤྲོ་ཞིང་བཟླས། ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ལྃ་ལྷ་སྦྱིན་གྱི་འདོད་པའི་དོན་གྱི་ཕྱིར་འགོག་ཅིང་ངན་པར་སྨྲོས་ཤིག ། མཆོད་སྦྱིན་གྱི་ངག་སྟྃ་བྷ་ནྃ་ཀུ་རུ་ལྃ་ཞེས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་ངག་རེངས་པའི་དམ་ཚིག་ཏུ་གསུངས་སོ། ། ཤིན་ཏུ་མཐར་ ཐུག་ལེགས་པར་སྦ། ། ཇི་ལྟར་འདི་ཡི་བྱ་བ་བཤད། ། ཉི་མ་གཅིག་གིས་འགྲུབ་པར་འགྱུར། ། བཤིན་རྗེ་གཤེད་དམར་སྦྱོར་བས་སོ། ། དུར་ཁྲོད་རས་ལ་སྔོན་བཞིན་དུ། ། འཁོར་ལོ་གཉིས་བྲི་བརྟུལ་ཞུགས་ཅན། ། སྐེ་ཚེ་བ་དང་ཚྭ་དང་ནི། ། དུག་དང་ནིམ་པ་ཀ་འམ་ནི། ། ཚ་བ་ གསུམ་དང་ཚྭ་རྐྱང་ངོ་། ། དེ་བཞིན་དུར་ཁྲོད་སོལ་བ་དང་། ། དྷ་དུ་ར་ཡི་ལོ་མའི་ཆུ། ། ཙཎྜའི་ས་བོན་དེ་བཞིན་དུ། ། མཛུབ་མོ་ཡི་ནི་ཁྲག་བླངས་ཏེ། ། ཙི་ཏྲ་ཀ་ཡི་ཁུ་བས་སམ། ། ཚ་སྒོ་ཙན་གྱི་ས་བླངས་ཏེ། ། གདོལ་པའི་རྫ་ཡི་དྲག་པ་དང་། ། བྱ་རོག་སྒྲོ་ཡི་སྨྱུ་གུ་ཡིས། ། བཅུ་ བཞི་ལ་བྲི་བརྟུལ་ཞུགས་ཅན། །
BO
གུང་ཐུན་ཁྲོ་བའི་སེམས་ཀྱིས་ནི། ། གདུག་པ་ཅན་རྣམས་གསང་པའི་ཕྱིར། ། སྣ་ཚོགས་སེམས་ཅན་རྣམ་འཇོམས་པ། ། ཧཱུྃ་གི་ཡི་གེས་མཐའ་རྟེན་ལ། ། རྣལ་འབྱོར་ཁ་ནི་ལྷོ་རུ་ཕྱོགས། ། བདག་ཉིད་གཤིན་རྗེ་འཇོམས་བྱེད་དེ། ། ཁྲོ་བོའི་གཟུགས་ ཅན་གཏུམ་པོ་ཆེ། ། མགོ་བོའི་དུམ་བུས་རྣམ་པར་བརྒྱན། ། མ་ཧེ་ལ་བཞུགས་ལྗགས་བསྐྱོད་ཅིང་། ། གསུས་ཆེན་འཇིགས་པར་བྱེད་པ་པོ། ། མཆེ་གཙིགས་སྐྲ་ནི་གྱེན་དུ་བརྫེས། ། སྨིན་མ་དམར་སེར་དེ་བཞིན་དུ། ། གཡས་ན་རྡོ་རྗེའི་དབྱུག་ཆེན་ལ། ། དེ་བཞིན་གཡོན་ན་ཐོད་ པའོ། ། མི་སྡུག་མཆེ་བ་རབ་ཏུ་གཙིགས། ། བསྐལ་པའི་མེ་ནི་འབར་བ་བཞིན། ། དེ་བཞིན་བདག་ཉིད་རྣམ་པར་བསྒོམ། ། མྱུར་དུ་བསྒྲུབ་བྱ་དེ་མདུན་གཟུང་། ། དྲི་མ་དང་ནི་རྨ་དག་དང་། ། གདུག་པའི་ནད་ཀྱིས་བཟུང་ཞིང་འཇོམས། ། གོས་དང་བྲལ་ཞིང་འདར་བར་བྱེད། ། ངལ་ ཞིང་ལུས་ནི་རྨ་དང་ལྡན། ། ཕོལ་གྱི་ཕྲེང་བས་ལུས་ལ་བཟུང་། ། མཚོན་གྱིས་རྨ་ནི་དོད་པར་བྱེད། ། གྲང་བ་དང་ནི་རླུང་གིས་གཙེས། ། མེ་ཡི་དབུས་སུ་ཡང་དག་བརྟེན། ། མ་ཧེ་སྟག་དང་ཁྱི་རྣམས་དང་། ། མཆུ་{རིངས་,རིང་}རྣམས་ཀྱིས་ཟ་བར་བྱེད། །
BO
སངས་རྒྱས་སྡེ་རྣམས་འཇོམས་བྱེད་ པའི། ། མ་རུངས་ཆེན་པོ་རྣམས་ཀྱི་ནི། ། ལྟོ་བའི་ནང་ནས་རྒྱུ་མ་དང་། ། ལུས་ལ་ཚེར་མས་གང་བ་དང་། ། རྐང་པ་གདོས་དང་སྒྲོག་གིས་བསྡམས། ། དེ་བཞིན་དུམ་བུ་དུམ་བུར་བྱས། ། པགས་པ་ངེས་པར་བཤུ་བར་བསམ། ། སྐེ་ཚེ་ཚྭ་ཡིས་བྱུག་པར་བྱ། ། གྲང་བ་ཡིས་ནི་ལུས་ འདོན་བསྒོམ། ། དེ་ཡི་ལུས་ཀྱི་བསྲུང་སོགས་རྣམས། ། བཅད་ཅིང་བདག་ཉིད་མདུན་དུ་གཟུང་། ། དེ་ཡི་གོ་ཆ་གཅད་པར་བྱ། ། ལུས་ནི་དེ་བཞིན་སྟོང་པར་བསྒོམ། ། བདག་གི་ལས་ལས་སྐྱེས་པ་ཡི། ། ཁྲོ་བོ་གཤིན་རྗེ་གཤེད་གཟུགས་ཀྱིས། ། འཇོམས་པ་དག་ཏུ་བསྒོམ་བྱ་ཞིང་། ། རྐང་དང་ཚིལ་རྣམས་འཐུང་བ་སྟེ། ། དེ་ཡི་མདུན་དུ་གཤིན་རྗེ་བསྒོམ། ། ལག་ན་དབྱུག་པ་སྟོབས་ཆེན་ལྡན། ། མ་རུངས་དེ་ཡིས་གདུག་པ་དེ། ། རྣམ་པར་འཇོམས་པ་བསྒོམ་པར་བྱ། ། དེ་ཡི་རྒྱུ་མ་རྩ་རྣམས་ནི། ། བྱ་རྒོད་ཀྱིས་བཟུང་མཁའ་ལ་འགྲོ། ། ཀླུ་ཡིས་ས་འོག་འགུགས་ པར་བྱེད། ། ལྷ་མ་ཡིན་ལ་སོགས་པས་བཙིར། ། དེ་ལྟར་བསྒྲུབ་བྱ་བསམ་པར་བྱ། ། སྙིང་རྗེའི་སེམས་ཀྱིས་རབ་བཅིངས་ནས། ། འཁོར་བ་ལས་ནི་ཕ་རོལ་བྱས། ། སངས་རྒྱས་རྣམས་ཀྱི་ཞིང་དུ་འགྲོ། །
BO
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐུགས་ དགྱེས་ནས་གསུངས་པ། འདི་ལྟ་སྟེ། ། ཀྱེ་མ་གསད་བྱ་ལེགས་པར་བྱས། ། གསད་པར་བྱ་བ་མ་བསད་དེ། ། ཇི་སྲིད་སྡིག་རྣམས་གྲོལ་བར་བྱས། ། ཤི་བ་དེ་ཡང་མ་ཤི་སྟེ། ། སྡིག་པ་སྟོང་ཕྲག་བྱས་པ་ཡི། ། མནར་མེད་ལ་སོགས་མི་སྐྱེའོ། ། ཨེ་མ་བདག་ཉིད་ཆེན་པོ་སྟེ། ། བསད་པས་སངས་རྒྱས་བྱང་ཆུབ་ཐོབ། ། སླར་ཡང་བརྩེ་བས་སེམས་ཅན་རྣམས། ། གསང་པར་བྱ་བས་གསད་པར་བྱ། ། ཨེ་མ་སྙིང་རྗེའི་སྟོབས་ཀྱིས་ཏེ། ། སྙིང་རྗེ་དམན་པས་འགྲུབ་མི་འགྱུར། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཧཱུྃ་ལྷ་སྦྱིན་སོད་ཧཱུྃ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ ཧཱུྃ་ཕཊ་ཕཊ་ཧཱུྃ་ཕཊ་ལྷ་སྦྱིན་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པ་ནི། བཅོམ་ལྡན་འདས་ཀྱིས་རྟོག་པ་ཆེན་པོ་གསང་པའི་རྡོ་རྗེའི་འཁྲུལ་འཁོར་དང་སྔགས་དང་རྒྱུད་ཀྱིས་གསད་པ་ལ་སོགས་པའི་དམ་ཚིག་ཏུ་གསུངས་སོ། ། དེ་ནས་འཁོར་ལོ་གཉིས་བྲིས་ཏེ། ། ཕཊ་ཀྱི་ཡི་གེའི་ནང་དུ་ནི། ། བསྒྲུབ་བྱའི་ མིང་དང་བཅས་པ་གཟུང་། ། ཐོད་པ་ཡང་དག་སྦྱར་བྱས་ཏེ། ། སྲད་བུ་ནག་པོས་དཀྲི་བར་བྱ། ། ཞེ་སྡང་སེམས་ཀྱིས་ཉིན་གུང་ལ། །
BO
དུར་ཁྲོད་དུ་ནི་གཞུག་པར་བྱ། ། གཤིན་རྗེ་མཐར་བྱེད་མཚུངས་བལྟས་ནས། ། བསྒྲུབ་བྱ་རང་གི་མདུན་དུ་བྱ། ། རྟ་དང་མ་ཧེའི་ སྟེང་ན་གནས། ། གཉིས་པོ་དེ་ཡི་ལག་ན་མཚོན། ། ཁྲོ་བོའི་ཚོགས་ཀྱིས་ཀུན་ནས་བསྐོར། ། གཉིས་པོའི་ཕྱོགས་ལ་བསམ་པར་བྱ། ། གཉིས་པོ་ངག་ནི་འཐབ་བྱེད་ཅིང་། ། ཁྲོ་བས་སེམས་ནི་བཅིངས་པ་སྟེ། ། འཐབ་མོ་བྱེད་པར་བསྒོམ་བྱས་ལ། ། སྒོམ་ཞིང་བཟླས་པ་ བརྩམ་པར་བྱ། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ལྷ་སྦྱིན་དང་མཆོད་སྦྱིན་དག་རྣམ་པར་ཞེ་སྡང་བར་གྱིས་ཤིག་ཕཊ་ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་ཞེ་སྡང་ཆེན་པོའི་དམ་ཚིག་ཏུ་གསུངས་སོ། ། ཆོ་ག་དེ་ཡིས་སྔོན་མ་བཞིན། ། འཁོར་ལོ་གཉིས་པོ་ཀུན་ཏུ་བྲི། ། ཧཱུྃ་ཕཊ་ཡི་གེ་དག་ གིས་བརྟེན། ། ཐོད་པ་གཉིས་ནི་ཡང་དག་སྦྱར། ། སྲད་བུ་ནག་པོས་ཡང་དག་དཀྲི། ། ཕག་ཤིན་ནགས་སུ་བཞགས་བྱས་ལ། ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས། ། བསྒྲུབ་བྱ་སྔོན་དུ་གཟུང་བར་བསྒོམ། ། ཡྃ་ལས་བྱུང་བ་གཞུ་ཡི་དབྱིབས། ། རླུང་གི་དཀྱིལ་འཁོར་ནག་ པ་ལ། ། རྔ་མོ་ཆེན་མོ་ཁ་དོག་སྔོ། ། དེ་ཡི་སྟེང་དུ་བསྒོམ་པར་བྱ། ། དེ་ལ་མ་རུངས་ཆེན་པོ་སྟེ། །
BO
རྡེག་ཅིང་ལྷོ་ཕྱོགས་འདོད་པ་དང་། ། ཁྲོ་བོ་རྣམས་ཀྱིས་འཇོམས་པ་དང་། ། སངས་རྒྱས་ཡིན་ཡང་བཟློག་པར་དཀའ། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ལྷ་སྦྱིན་སྐྲོད་པར་གྱིས་ ཤིག་ཧཱུྃ་ཕཊ་ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་བསྐྲད་པ་ཆེན་པོའི་དམ་ཚིག་ཏུ་གསུངས་སོ། ། རྣལ་འབྱོར་ཁྲོ་ཞིང་ལྷོར་ཕྱོགས་ལ། ། ཁྲག་བཅས་དུར་ཁྲོད་ཐལ་བ་དང་། ། དུག་དང་ཚྭ་དར་སྐེ་ཚེ་དང་། ། ཚ་བའི་མར་ཁུ་སྨྱོ་ལོ་མས། ། དེ་བཞིན་དུར་ཁྲོད་གོས་ལ་ནི། ། འཁོར་ལོ་ གཉིས་པ་དེ་བཞིན་བྲི། ། གསད་བྱ་གཤིན་རྗེའི་ལུས་ལ་གནས། ། སྡང་སེམས་མ་ཧེ་རྟ་དག་ལ། ། བསྐྲད་པ་རྔ་མོའི་ལུས་ལ་གནས། ། ཞི་བ་ཟླ་བའི་དཀྱིལ་འཁོར་དཀར། ། རྒྱས་པ་ཟླ་བ་སེར་པོ་ལ། ། བུད་མེད་སྙིང་གར་དབང་དུ་བྱ། ། ངག་བཅིང་ང་ཡི་ལུས་ལ་གནས། ། རེངས་ པ་རི་རབ་དབུས་སུ་སྟེ། ། དགུག་པ་སེང་གེ་སྟག་ལ་གནས། ། དེ་བཞིན་གཞན་ཡང་མཚོན་པར་བྱ། ། གི་ཝཾ་དང་ནི་རྒྱ་སྐྱེགས་དང་། ། དེ་བཞིན་ཁ་ཆེའི་བྱེ་བྲག་གིས། ། དབང་བྱ་གྲོ་ག་ཤིང་ཤུན་བྲི། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། ཁམ་ཕོར་ཁ་སྦྱར་ནང་དུ་གཞུག ། དགེ་བའི་སེམས་ ཀྱིས་ཡང་དག་གཟུང་། །
BO
བྱ་རོག་སྒྲོ་ཡིས་བྲི་བར་བྱ། ། པདྨ་ཁ་སྦྱོར་དུར་ཁྲོད་ལ། ། ཉི་མའི་གུང་ལ་སྦ་བར་བྱ། ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བདག ། ཨོཾ་ཧྲཱིཿཥྚྲཱིཿསོགས་སྔགས་བཟླས་ལ། ། ལྷོ་ཕྱོགས་གནས་ཏེ་ཚར་གཅད་དོ། ། ཞི་བའི་ཁ་དོག་ཡ་ཡིག་དབྱི། ། ནི་གཉིས་ཀྱང་ ནི་དེ་བཞིན་ནོ། ། ཕྱི་ནས་དབུས་སུ་ཡ་ཡིག་ལས། ། ལྷག་མའི་ཡི་གེ་ཅི་བདེ་བར། ། སྔོན་དུ་བསྙེན་པ་ཁྲི་བཟླས་ལ། ། ལས་འདི་རབ་ཏུ་བསྒྲུབ་པར་བྱ། ། ཡེ་ཤེས་རྡོ་རྗེས་བྱ་བ་སྟེ། ། གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡིས། ། དྲག་པོ་ཆེན་པོའི་དཀྱིལ་འཁོར་འདི། ། གང་དུ་བྲིས་ཤིང་ གནས་པ་དང་། ། ཡི་གེ་བྲིས་པར་གྱུར་པ་ཡིས། ། ཁྱིམ་དེ་རྟག་ཏུ་འཐབ་མོར་འགྱུར། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་འཁྲུལ་འཁོར་གྱི་སྐབས་རིམ་པར་ཕྱེ་བ་གཉིས་པའོ། ། ། ། རི་དང་སྐྱེ་ བོས་དབེན་པའི་ཕྱོགས། ། གསང་ཞིང་ཡིད་བརྟགས་ས་གཞི་ལ། ། རི་མོ་གསལ་བྲིས་རྣལ་འབྱོར་བདག ། སྔགས་ཀྱིས་འགུགས་པ་བརྩམ་པར་བྱ། ། དཀར་ཞིང་ཞལ་གཅིག་ཕྱག་གཉིས་པ། ། གྲི་གུག་ཐོད་པ་འཛིན་པ་ཡི། ། ཙརྩི་ཀཱ་ནི་བསྒོམ་པར་བྱ། །
BO
རྣལ་འབྱོར་ ཁྲག་འགུགས་རབ་སྦྱོར་བ། ། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆེན་པོ་དཀྲུག་པ་རྡོ་རྗེ་ཁྲག་འགུགས་པ་ཞེས་བྱ་བ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། རྡོ་རྗེ་ཙརྩི་ཀཱའི་སྔགས་གསུངས་པ། ། འདི་ལྟ་སྟེ། ཨོཾ་བཛྲ་ཙརྩི་ཀཱེ་སི་དྷཱ་ན་ཏྲ་ནཱ་ལ་ཧཱ་རི་ཎི་རཏྣ་ཏྲ་ཡཱ་པ་ཀ་རི་ ཎོ་རུ་དྷི་ར་མཱ་ཀརྵ་ཡ་ཛཿ། ཞལ་ནི་རབ་ཏུ་བསྐྱོད་མཛད་ནས། ། སྔགས་འདི་རྗེས་སུ་དྲན་བྱས་ལ། ། ཁམས་གསུམ་པ་ཡི་ཁྲག་ཆེན་པོ། ། འགུགས་འགྱུར་འདི་ལ་ཐེ་ཚོམ་མེད། ། དེ་ནས་གཤིན་རྗེ་གཤེད་ཆེན་པོ་རྡོ་རྗེ་མྱོས་པ་འགུགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་སོ། ། རྡོ་རྗེ་ཕག་མོས་ཆང་དགུག་པའི་དམ་ཚིག་གསུངས་པ་འདི་ལྟ་སྟེ། ། ཨོཾ་གྷོ་ནེ་སུ་གྷོ་ནེ་བཛྲ་མཱ་མ་ཀཱི་བྷ་ར་བྷ་ར། སྃ་བྷ་ར་སྃ་བྷ་ར། ཏྲཻ་དྷཱ་ཏུ་ཀ་མ་དྱཱ་ཀརྵ་ཡ་ཛཿ། རྫ་མཁན་ལག་པ་ཕྱིས་པའི་སས། བུམ་པ་ཁ་ནི་མཛེས་བྱས་ཏེ། ། རྐུན་ པོའི་སྐྲ་ཡི་སྟེང་དུ་གཞག ། སྔགས་ནི་རྗེས་སུ་དྲན་པར་བྱ། ། སྔགས་འདིའི་བདག་ཉིད་ཆེ་བ་ནི། ། མཆོད་རྟེན་པ་ཏ་ན་རུ་བསྟན། ། མཁས་པས་འབད་པས་དམིགས་བྱས་ན། ། ཆང་ནི་འགུགས་པར་རབ་ཏུ་གྲགས། །
BO
དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྡོ་རྗེ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དབྱངས་ཅན་མས་སྔགས་འདི་གསུངས་སོ། ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བར་དྷ་ནི། ཛྭ་ལ་ཛྭ་ལ་མེ་དྷཱ་བ་ར་དྷ་ནི། དྷི་རི་དྷི་རི། བུད་ངྷི་བ་ར་ངྷ་ནི་སྭཱ་ཧཱ། ཚེས་གཅིག་ནས་ནི་བཟུང་ནས་ནི། ། ཇི་ སྲིད་{བཅྭ་,བཅོ་}ལྔའི་མཐར་ཐུག་ཀུན། ། ལེགས་པར་སྦྱར་བ་བརྩམ་པར་བྱ། ། ཇི་སྲིད་ཟླ་པའི་རྗེས་འབྲངས་ནས། ། གསུང་གི་དབང་ཕྱུག་མ་ནི་འགྲུབ། ། འདི་ཡིས་ཚིགས་བཅད་བརྒྱ་ཕྱེད་དོ། ། ཁམས་གསུམ་པ་ནི་མ་ལུས་ཤིང་། ། མ་ལུས་ལུས་པ་མེད་པ་འགྲུབ། ། དེ་ནས་བཅོམ་ ལྡན་འདས་གཤིན་རྗེ་མཐར་བྱེད་ཆེན་པོ་དཀྲུག་པ་རྡོ་རྗེ་ཁུ་བ་འགུགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཁུ་བ་འགུགས་པ་གཽ་རཱིའི་སྔགས་གསུངས་པ་འདི་ལྟ་སྟེ། ཨོཾ་ཀརྞྷྲི་ནི་ཀརྵ་ཎི་གཽ་རཱི་ཛཿདུཥྚ་པྲ་དུཥྚཱ། ཡཱཿཤུ་ཀྲ་མཱ་ཀརྵ་ཡ་ཛཿཛཿཛཿཧཱུྃ་སྭཱ་ཧཱ། ། ནམ་མཁའི་གདོང་དང་རྡོ་རྗེའི་ལམ། ། རླུང་དང་དྲིལ་སྦྱོར་ལྕགས་ཀྱུ་ཡིས། ། ཁུ་བའི་ཚོགས་རྣམས་འགུགས་པར་བྱེད། ། བསྒོམ་དང་བཟླས་པ་རབ་སྦྱོར་བས། །
BO
སྐྱེ་བོས་དབེན་དང་ནགས་ཚལ་དུ། ། ལས་འདི་རབ་ཏུ་བསྒྲུབ་པར་བྱ། ། མཚན་མོ་བདུན་གྱི་སྦྱོར་བ་ཡིས། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་ཆེན་པོ་དུས་ཀྱི་དབྱེ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། འདིར་མཆོག་གི་དབང་བསྐུར་བའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་སྤྲོ་བར་མཛད་ནས། ཨུ་དུམ་བཱ་ར་མན་དཱ་ར། ། ཡོངས་སུ་སྐྱེས་དང་སྣ་མ་དང་། ། ཀརྞ་ཀ་ཡི་ཕྲེང་བ་རྣམས། ། བུ་ཁྱོད་ཟུང་ལ་བྱིན་གྱིས་རློབས། ། ཁམས་གསུམ་རལ་གྲི་ཆེན་པོ་ལ། ། སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། ། བཟུང་ན་བདུད་ལས་རྒྱལ་བར་འགྱུར། ། ལས་ཀྱི་རལ་གྲི་དམ་པ་འདི། ། ཐབས་དང་ཤེས་རབ་རང་བཞིན་གྱི། ། རྡོ་རྗེ་དྲིལ་བུ་བསྒྲུབ་པའི་ཕྱིར། ། བུ་ཁྱོད་གསང་བའི་རྡོ་རྗེ་ཟུང་། ། སློབ་མ་ཡང་དག་གཟུང་བར་གྱིས། ། འདི་ནི་བཏུང་བ་རིན་ཆེན་ཏེ། ། རྡོ་རྗེའི་ལུས་སུ་རབ་སྒྲུབ་པ། ། མི་ཡི་བཏུང་བྱ་ཡེ་ཤེས་ཆུ། ། བུ་ཁྱོད་ཀྱིས་ནི་ཐམས་ཅད་ དུ། ། ། སློབ་མའི་ཁར་ཡང་བླུད་པར་བྱ། ། གཤིན་རྗེ་གཤེད་ཀྱིས་རབ་ཏུ་གསུངས། ། སེམས་ནི་རབ་ཏུ་དགའ་བ་ཡིས། །
BO
རྡོ་རྗེ་སློབ་མ་བདག་ཉིད་ཆེ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་སྔགས་ཀྱིས་འགུགས་པ་ རབ་ཏུ་སྦྱོར་བ་སྟེ་རིམ་པར་ཕྱེ་བ་གསུམ་པའོ། ། ། ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། ། རལ་གྲི་སྒྲུབ་པ་གསུང་བར་མཛད། ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། ། ལྷ་མོ་ཁྱོད་ནི་དཔག་དུ་གྱུར། ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི། ། སློབ་དཔོན་རྣམས་གསུངས་ རྒྱུད་བསྒྲུབ་ཕྱིར། ། ཁབ་ལེན་ལྕགས་ཀྱི་རལ་གྲི་ཉིད། ། དེ་རྣམས་ཡང་ན་བཅུད་ཅན་གྱི། ། རལ་གྲི་ཁྲུ་གང་ཚད་བཅས་ཚད། ། བརྟུལ་ཞུགས་ཅན་གྱིས་རྣམ་པར་བསམ། ། བཅུ་བཞི་འམ་ནི་བརྒྱད་དག་ལ། ། དུར་ཁྲོད་དབུས་སུ་སྦ་བར་བྱ། ། བདུད་རྩི་ལྔ་དང་མཚུངས་ པར་ལྡན། ། ཐུན་མཚམས་གསུམ་དུ་བཟླས་པ་ཁྲི། ། ཟླ་བ་སོ་སོའི་བཅུ་བཞི་ལ། ། གཏོར་མས་སྔོན་དུ་མཆོད་པར་བྱ། ། ཟླ་བ་རེ་ལ་བཟླས་པ་འབུམ། ། འབུམ་ཕྲག་ལྔ་ཡིས་འགྲུབ་པར་འགྱུར། ། གྲུབ་ན་རལ་གྲི་རབ་ཏུ་འབར། ། འོད་ཟེར་ལྔ་ཡི་གློག་ཆེན་འཁྱུག ། གྲུབ་ པ་དེ་ནི་གཟུང་གྱུར་པས། ། མི་རྣམས་ཁམས་གསུམ་ལས་རྒྱལ་འགྱུར། ། རྣལ་འབྱོར་གང་གིས་རལ་གྲི་གྲུབ། །
BO
གཤིན་རྗེ་གཤེད་པོ་འཇིགས་བྱེད་སྦྱོར། ། བདེ་བར་འགྲུབ་ཅིང་ས་ཆེན་གྱིས། ། དེ་ཡིས་འཐབ་པ་བཟོད་མི་ནུས། ། རྐང་གཉིས་པ་དང་རྐང་བཞི་ཀུན། ། མཐོང་ བས་གནས་སྐབས་བཅུ་རུ་འགྱུར། ། ལྷ་དང་ལྷ་མིན་གྱིས་མི་བཟོད། ། མི་ཡི་འཇིག་རྟེན་སྨོས་ཅི་དགོས། ། རྒྱ་མཚོའི་ས་ནི་བླངས་བྱས་ལ། ། ཀླུ་ཡི་གཟུགས་ནི་སྦྱར་བར་བྱ། ཨོཾ་ཕུཿཡི་གེ་ཧཱུྃ་ལ་དགོད། ། ཧྲཱི་ཥྚྲིཿལ་སོགས་སྔགས་རྣམས་བཟླ། ། ཆར་ མི་འབབ་པའི་དུས་རྣམས་ལ། ། ཁྲི་ནི་བཟླས་བས་འབབ་པ་འགྱུར། ། སྦྲུལ་ནག་ཤ་དང་ནིམ་པ་ཡི། ། ལོ་མ་དག་ནི་བསྲེས་པ་ཡི། ། དེ་ཡི་རིལ་བུ་ལེགས་པར་བྱ། ། བརྟུལ་ཞུགས་ཅན་གྱིས་རྒྱ་མཚོར་འཕང་། ། ཁྲི་ཕྲག་བཟླས་པར་གྱུར་པ་ཡི། ། དཔའ་ཀློང་ རེངས་བྱེད་མཆོག་ཡིན་ནོ། ། ཙཎྜའི་ས་བོན་བརྒྱ་བཟུང་ཞིང་། ། མོན་སྲན་གྲེའུ་འབྲས་བསྲེས་ཏེ། ། འབུམ་ཕྲག་བརྒྱད་བཟླས་སྦྱིན་སྲེག་གིས། ། དེ་ཡིས་ལྷ་རྣམས་མཐོང་བར་འགྱུར། ། དུད་ཁྲོད་རོ་བསྲེགས་མགལ་བའི་ཤིང་། ། བརྟུལ་ཞུགས་ཅན་གྱིས་གཟུགས་བརྙན་ བྲི། ། སྨྱོ་བྱེད་ཁུ་བས་བྱུགས་བྱས་ཏེ། ། ཁྲི་ཕྲག་བཟླས་ན་མཛེ་ཡིས་འཁྱེར། ། ཡུངས་ཀར་ས་བོན་བསྡུས་པ་ལ། ། འབུམ་ཕྲག་བཞི་ནི་བཟླས་བྱས་ཏེ།
BO
། སྦྲུལ་གྱིས་གཟུང་ནས་འགྱེལ་བ་ལ། ། གཏོར་ན་འཚོ་བར་ཐེ་ཚོམ་མེད། ། རི་བོ་ཆུས་བཀས་ས་བླངས་ནས། ། སྔགས་ནི་འབུམ་དུ་བཟླས་པ་ཡིས། ། མགོ་ལ་བྱུག་པ་ཙམ་གྱིས་ནི། ། མགོ་ཡི་ཟུག་རྣམས་འཇོམས་པར་འགྱུར། ། བདུན་ཉིད་མངོན་པར་བསྔགས་བྱས་ཏེ། ། ལག་པས་མགོ་བོ་མཉེ་བྱས་ན། ། མགོ་ཡི་ཟུག་རྔུ་མི་འབྱུང་ཞིང་། ། ཉམས་པར་འདི་ལ་ཐེ་ཚོམ་ མེད། བྲམ་ཟེ་ཡི་ནི་ཤ་དག་དང་། ། དུར་ཁྲོད་ས་དང་ཐལ་བ་ལ། ། གཤིན་རྗེ་གཤེད་ཀྱི་སྐུ་གཟུགས་བྱ། ། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། ། གཡས་ན་རྡོ་རྗེ་ཆེན་པོ་སྟེ། ། གཡོན་ན་མགོ་བོ་དེ་བཞིན་དུ། ། ཁ་དོག་དཀར་པོ་འཇིགས་ཆེན་པོ། ། དེ་ཡིས་ གདུག་པ་འཇོམས་པར་བྱེད། ། བདུད་རྩི་རྣམ་པ་ལྔ་ཡིས་ནི། ། ཉི་མ་སོ་སོར་གཏོར་མ་སྦྱིན། ། བདག་གི་དགྲ་བོ་སོད་ཅིག་ཅེས། ། རྣལ་འབྱོར་པ་ཡིས་རྟག་གསོལ་གདབ། ། འདི་སྨྲས་མཚན་མོ་ཉལ་བ་ལས། ། དགྲ་བོ་ཐོ་རངས་འཆི་བར་འགྱུར། ། ཡང་ན་ནད་ ཀྱིས་འདེབས་འགྱུར་ཏེ། ། ཆུ་འགགས་ལ་སོགས་ཀྱིས་ཁྱབ་འགྱུར། ། དགྲ་ལས་རྣམ་པར་སྣང་མཛད་བླང་། ། མི་ཡི་རྐང་སྦུབས་ཡོངས་བཀང་སྟེ། ། སྔགས་ནི་འབུམ་དུ་བཟླས་ནས་ནི། ། ཤིང་གི་དྲུང་དུ་མངོན་པར་འགྱེལ། །
BO
{ཡི་དགས་,ཡི་དྭགས་}ནགས་སུ་རྟག་ཏུ་འཁྱམ། ། རྣལ་འབྱོར་དབང་ཕྱུག་ཚིམ་པས་བདེ། ། སྣ་ཚོགས་དོན་རྣམས་རབ་ཏུ་འགྲུབ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་འཇིགས་པར་བྱེད་པ་ཞེས་བྱ་བ་སྟེ་རིམ་པར་ཕྱེ་བ་བཞི་པའོ། ། ། ། དེ་ནས་རྒྱལ་པོ་རབ་བསྒྲུབ་པ། ། བདག་གིས་ཡང་དག་བཤད་པར་བྱ། ། མ་ཉམས་དེ་བཞིན་རྨ་མེད་པ། ། ལྗོན་ཤིང་དག་ལ་སྦྱངས་པ་བླངས། ། ཕབ་ནས་ལེགས་པར་ཁྲུས་བྱས་ཏེ། ། ཕྲེང་བའི་བཟླས་པས་བསྒྲུབ་པར་བྱ། ། ཟླ་བ་ཟླ་བའི་བཅུ་བཞི་ལ། ། བདུད་རྩི་ལྔ་དང་ ལྡན་པ་ཡི། ། ཤ་ལྔ་ཡིས་ནི་བྱུགས་བྱས་ལ། ། མཆོག་གི་བཟླས་པས་བཟླས་པར་བྱ། ། འདི་ནི་བྱེ་བ་བཟླས་པ་ཡིས། ། རྒྱལ་པོ་ངེས་པར་འགྲུབ་འགྱུར་ཏེ། ། ཨེ་མ་སྔགས་ཀྱི་ནུས་པ་ཡིས། ། རོ་ནི་སྒྲོགས་པར་བྱེད་འགྱུར་ན། ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ ལྡན། ། ཅུང་ཟད་འཇིགས་པར་མི་བྱའོ། ། རྣལ་འབྱོར་གང་དང་གང་འདོད་པ། ། དེ་རྣམས་ཐམས་ཅད་སྟེར་བར་འགྱུར། ། མ་ཧེ་དང་ནི་ཆུ་སྲིན་ནམ། ། སྟག་གམ་དེ་བཞིན་གཞན་ཡང་ནི། ། དྲེད་དང་སྤྲེའུའི་ཁྱད་པར་ཅན། ། དུག་དང་སྐེ་ཚེ་ཆྭ་དང་ནི། །
BO
ཤོ་བྷཱཉྫ་ནཾ་ཚ་ པ་གསུམ། ། དེ་རྣམས་ལས་ནི་གཟུགས་བརྙན་ནི། ། གཤིན་རྗེ་གཤེད་ཀྱི་གཟུགས་འཇིགས་བྱེད། ། ཧྲཱིཿཥྚྲཱིཿལ་སོགས་སྔགས་བཟླས་ལ། ། རྣལ་འབྱོར་པ་ཡིས་གསོལ་བ་གདབ། ། རྒྱལ་པོ་ཆེ་གེ་མོ་སོད་ལ། ། བདག་ལ་དེ་ཡི་བྱ་བ་གྱིས། ། བསྙེན་པ་བྱེ་པ་ བཟླས་པས་འགྲུབ། ། ངེས་པར་བདེན་པར་ཐེ་ཚོམ་མེད། ། དེ་ནས་གཞན་ཡང་རྒྱལ་ཟླ་ཡི། ། དཀར་ཕྱོགས་ཉི་མ་སྣུབས་ལྡན་ཚེ། ། རྡུལ་གྱི་གོས་ནི་ཡང་དག་བླང་། ། རི་མོ་མཆོག་ཉིད་བྲི་བར་བྱ། ། སྣག་ཚ་ཆེན་པོ་མཚུངས་སྦྱོར་བས། ། དཀྱིལ་འཁོར་གྱི་ནི་བདག་པོ་ ཉིད། ། ཁ་དོག་དཀར་པོ་འཇིགས་ཆེན་པོ། ། མཆོག་ནི་ཞལ་གཅིག་ཕྱག་གཉིས་པ། ། གཡས་ན་རྡོ་རྗེ་འབར་བ་དང་། ། གཡོན་ན་ཁྲག་བཅས་མགོ་བོ་འཛིན། ། གཡོན་བརྐྱང་ཞབས་དང་འཇིགས་པ་སྟེ། ། རིན་ཆེན་ཅོད་པན་རྣམ་བརྒྱན་ཅིང་། ། རིན་ཆེན་རྒྱན་རྣམས་ཡོངས་རྫོགས་ལ། ། འོད་ཟེར་ཕྲེང་བས་འཁྲིགས་པ་སྟེ། ། རྒྱལ་པོ་གསོད་པར་བྱེད་པ་ནི། ། འོག་གི་ཆ་ལ་ངེས་པར་སྦྱར། ། མིང་བཅས་ཁ་དོག་ཡང་དག་ལྡན། ། ཇི་ལྟ་བ་ཡི་རྣམ་པར་གནས། ། ལྷ་ལ་ཡོངས་སུ་རྫོགས་པར་བྱ། ། ཇི་ལྟ་བ་ ཡི་དངོས་པོའི་ཚད། ། དཀྱིལ་འཁོར་གྲུ་གསུམ་ངེས་པར་ནི། །
BO
དེ་ཡི་མདུན་དུ་སྦྱིན་སྲེག་བྱ། ། སྦྱིན་སྲེག་འབུམ་གྱིས་རྒྱལ་པོ་ནི། ། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། ། དེ་ནས་གཞན་ཡང་ཟླ་གཟས་གསུང་། ། ཡང་ན་ཉི་མ་མ་མཐོང་ཚེ། ། དུར་ཁྲོད་ཐལ་བ་བླངས་ནས་ནི། ། བརྟུལ་ཞུགས་ཅན་གྱིས་གཟུགས་བརྙན་བྱ། ། རྭ་ཅན་སྐེ་ཚེ་ཤ་ལྔ་དང་། ། ནིམ་པ་དྷ་དུ་རའི་ལོ་མ། ། ཆོ་ག་འདི་ཡིས་གཅིག་བྱས་ནས། ། མཁས་པ་ཡིས་ནི་གཟུགས་བརྙན་བྱ། ། ཁ་དོག་སྔོན་པོ་འཇིགས་ཆེན་པོ། ། ཞལ་གཅིག་པ་ལ་ཕྱག་ནི་གཉིས། ། མ་ཧེ་ལ་གནས་ ཞལ་ནི་གདངས། ། རྡོ་རྗེ་དང་ནི་ཐོད་པ་འཛིན། ། སྐུ་གཟུགས་རྫོགས་པར་བྱས་ནས་ནི། ། རྣམ་པ་མང་པོས་མཆོད་པར་བྱ། ། ཧྲཱིཿཥྚྲཱིཿལ་སོགས་སྔགས་ནི་བཟླས། ། བཟླས་པ་འབུམ་གྱིས་རིག་པར་བྱ། ། རྒྱལ་པོ་ཆེ་གེ་མོ་ཡི་ནི། ། སྡེ་དང་ཡོངས་སུ་འཛིན་བཅས་ཆོམས། ། རྣལ་འབྱོར་བདག་ཉིད་བཟླས་པ་འབུམ། ། འབུམ་དུ་བཟླས་པའི་ཁྱད་པར་ལས། ། ཆོ་ག་འདི་ཡིས་སྦྱིན་སྲེག་དང་། ། མཆོད་པའི་ལས་རྣམས་ལྡན་པར་བསམ། ། སེམས་ཅན་དོན་བྱེད་བློ་ལྡན་གྱིས། ། རྒྱལ་པོ་ཐོབ་འགྱུར་ཐེ་ཚོམ་མེད། ། དེ་ནས་གཞན་ཡང་རྡུལ་གྱི་གོས། ། ནམ་མཁའི་རང་བཞིན་ཆུ་ཡིས་ནི། ། གཟའ་ནི་བཀྲ་ཤིས་ལ་བཀྲུས་ཏེ། །
BO
རི་མོ་མངོན་པར་བྲི་པར་བྱ། ། ཞལ་གཅིག་པ་དང་ཕྱག་ནི་གཉིས། ། ཁ་དོག་ནག་པོ་འཇིགས་ལྡན་པ། ། སྐྲ་ནི་འོད་ཟེར་ཡང་དག་ལྡན། ། མགོ་བོའི་ཕྲེང་བ་རབ་ཏུ་འཕྱང་། ། གྲི་གུག་ཐོད་པ་ལག་ན་ ལྡན། ། མ་ཧེའི་སྟེང་དུ་བྲི་བྱས་ནས། ། འདི་ཡི་བསྒོམ་པ་བརྩམ་བར་བྱ། ། དགྲ་ནི་མདུན་དུ་བསམ་བྱ་སྟེ། ། གྲི་གུག་གིས་ནི་གཅོད་བྱེད་ཅིང་། ། རྐང་དང་ནག་རྣམས་འཐུང་བར་བྱ། ། རྒྱུ་མ་རྣམས་ནི་ཟ་བ་དང་། ། ཁྲག་ནི་མང་པོ་འཐུང་བར་བྱེད། ། འབུམ་དུ་གྱུར་པ་ཙམ་གྱིས་ ནི། ། ཞ་འམ་རྨ་ཡིས་སྙིང་ལ་གཟེར། ། དེ་ནས་གཞན་ཡང་མིའི་རུས་པ་སོར་བཞི་པ་བླངས་ལ། ཧྲཱིཿཥྚྲཱིཿལ་སོགས་པའི་སྔགས་ཀྱི་ནང་དུ་བྱས་ཏེ་དགྲའི་སྒོ་ལ་སྦས་ན་འཁོར་དང་བཅས་བསྐྲོད་པར་བྱེད་དེ། ། གལ་ཏེ་བརྒྱ་བྱིན་དང་མཚུངས་པ་ཡིན་ཡང་འགྱུར་རོ། ། སྐྱེ་བོས་ དབེན་པའི་ས་ཕྱོགས་སུ་གཅིག་བུར་གྱུར་པས་རྗེ་བཙུན་གྱི་ཐད་ཀ་གསལ་བར་བྱས་ཏེ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ཏེ། མིའི་རུས་པ་བཅད་པའི་ཁྲག་ཆེན་པོ་བྱ་རོག་གི་ཁྲག་དང་བསྲེས་ནས།
BO
སོར་བཅུ་ གཉིས་པའི་ཚད་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པོའི་དབུས་སུ་ས་བོན་བཅུ་གཉིས་པོ་དེ་ལ་དགྲའི་མིང་མང་དུ་ཚེག་དྲག་དང་བཅས་པ་ཡང་དག་པར་སྦྱར་ཏེ། ཋ་ཡིག་གསུམ་གྱིས་ཕྱི་སྐོར་ཏེ་བྱ་རོག་གི་སྐེ་ལ་བཏགས་ནས་གལ་ཏེ་རྒྱུན་རབ་ཏུ་འབབ་པ་ལ་བསྐུར་ན་དེ་གཟུང་དུ་མེད་དོ། ། དེ་ བཞིན་དུ་ས་བོན་བཅུ་གཉིས་བྲིས་ཏེ། ཕཊ་ཕཊ་ཧཱུྃ་ཧཱུྃ་ན་ན་ཏཱ་ཀྲྀ་ཝི་ཥྚཱིཿཧྲཱིཿཨོཾ། ཇི་ལྟ་བའི་དངོས་པོ་མཆོད་པ་བྱས་ཏེ། སྟོབས་ཆེན་པོའི་སྤོས་བྱིན་ཏེ་རྒྱུན་རབ་ཏུ་འབབ་པ་ལ་བསྐུར་ན་དེ་གཟུང་དུ་མེད་དོ། ། མི་འདོད་ན་བྱ་རོག་གི་གཤོག་པ་ལ་ལན་བདུན་དུ་མངོན་པར་བསྔགས་ཏེ། ། མིང་ནང་དུ་བྱས་ཏེ་དགྲའི་སྒོ་ལ་སྦས་ན་འཁོར་དང་བཅས་པ་ངེས་པར་སྐྲོད་པར་འགྱུར་རོ། ། དེ་བཞིན་དུ་འཁོར་ལོ་རྩིབས་བཅུ་གཉིས་པའི་དབུས་སུ་ཚ་བ་གསུམ་དང་དུག་དང་སྐེ་ཚེ་རྣམས་རུས་པ་ཆེན་པོའི་སྨྱུ་གུས་མེའི་ས་བོན་གྱི་དབུས་ཀྱི་དབུས་སུ་ཚེག་དྲག་དང་བཅས་ཤིང་བྷ་ཡིག་ གཉིས་ཡང་དག་པར་སྦྱར་ཏེ། ། ཋ་ཡིག་གསུམ་གྱིས་ཕྱི་བསྐོར་ཏེ་ལྕི་བའི་མེ་ལ་བསྲེགས་ན་བུ་དང་ཆུང་མ་དང་འཁོར་དང་བཅས་པ་དེའི་སྐད་ཅིག་ལ་འཆི་བར་འགྱུར་རོ། །
BO
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་རྒྱལ་པོ་ སྒྲུབ་པ་སྟེ་རིམ་པར་ཕྱེ་བ་ལྔ་པའོ། ། ། ། དེ་ནས་ཕ་རོལ་དམག་ཚོགས་རྣམས། ། ཉམས་བྱ་བདག་གིས་བཤད་པར་བྱ། ། བྲམ་ཟེ་མོ་ཡི་རྡུལ་གོས་ལ། ། རྒྱལ་ཟླ་ཉིད་ལ་ཡང་དག་བརྩམ། ། མ་ཧེའི་གདོང་ཅན་རི་མོ་བྲི། ། ལག་པ་བརྒྱ་ནི་རབ་གསལ་ལ། ། མཚོན་ ཆ་ཤིན་ཏུ་རྣོ་བ་རྣམས། ། ཐམས་ཅད་དུ་ནི་བྲི་བར་བྱ། ། རི་མོ་དཀར་པོ་རྫོགས་པ་ལ། ། པདྨ་དཀར་པོས་མཆོད་པར་བྱ། ། སྔགས་ནི་འབུམ་དུ་བཟླས་བྱས་ཏེ། ། པདྨ་ཡང་ནི་དེ་བཞིན་ནོ། ། རི་མོ་མདུན་དུ་གཞག་བྱ་སྟེ། ། བ་དན་སྟེང་དུ་བཟུང་བྱས་ན། ། སྐྱེ་བོ་གང་གིས་མཐོང་རྣམས་ ཀྱི། ། རྐང་གཉིས་རྐང་བཞི་ལ་སོགས་རྣམས། ། ཐམས་ཅད་དེ་ལ་ལྟ་མི་ནུས། ། སེང་གེ་གླང་ཆེན་མཐོང་བ་བཞིན། ། དེ་ནས་གཞན་ཡང་ཚངས་ས་བོན། ། ཁྲི་བཟླས་ཞག་ཆེན་སྟ་རེས་བཅད། ། རྔ་མོའི་ཆུ་དང་སྦྱར་བྱས་ཏེ། ། བརྟུལ་ཞུགས་ཅན་གྱིས་རི་མོ་བྱ། ། རང་གི་ དམག་གདོང་ཐིག་ལེ་བྱ། ། ཕ་རོལ་དམག་རྣམས་རྣམ་པར་འཇིག ། མྱ་ངན་མེད་ཀྱི་ལྗོན་ཤིང་འོག ། འགྲོ་ཞིང་བརྒྱད་དམ་བཅུ་བཞི་ལ། ། ཟླ་བ་གཅིག་གི་ཐུན་མཚམས་གསུམ། །
BO
སྔོན་བསྙེན་འབུམ་ཕྲག་གཅིག་བྱས་ནས། ། ཨོཾ་སིདྷཱ་ན་ཏ་ནཱ་ལ་ཧཱ་རི་ཎི་པ་ར་སཻ་ནྱ་བི་ནཱུ་སི་ནི་ཧྲཱིཿ སྭཱ་ཧཱ། ། དེ་རྣམས་ཀྱིས་ནི་འགྲུབ་འགྱུར་ཏེ། ། མཐོང་བར་གྱུར་པ་ཙམ་གྱིས་ནི། ། ཕ་རོལ་དམག་རྣམས་རྣམ་པར་འཇིག ། གཤིན་རྗེ་ཡི་ནི་སྣང་བ་ཡིས། ། དེ་རྣམས་ཀྱང་ནི་འབྲོས་པར་འགྱུར། ། དེ་ནས་གཞན་ཡང་ཤིང་གཅིག་དྲུང་དུ་སོང་ནས་ནི། ། རོ་ནི་སྦྱངས་པ་མཆོག་ལ་ནི། ། གཡས་ན་རལ་གྲི་བཟུང་བྱས་ནས། ། གཡོན་བརྐྱང་བ་ཡི་ཞབས་ཀྱིས་སོ། ། ཧྲཱིཿཥྚྲཱིཿལ་སོགས་སྔགས་རྣམས་ནི། ། མཐའ་དག་མཚན་མོ་བཟླས་པར་བྱ། ། དེ་ལ་རལ་གྲི་འཕྲོ་བ་སྟེ། ། དེ་ཡིས་ཕ་རོལ་དམག་རྣམས་འཇོམས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་ཕ་རོལ་གྱི་དམག་ཉམས་པར་བྱ་བ་སྟེ་རིམ་པར་ཕྱེ་བ་དྲུག་པའོ། ། ། ། དེ་ནས་རྒྱལ་པོ་རྡོ་རྗེ་འཆང་། ། མི་སྣང་སྒྲུབ་པར་རབ་བཤད་དེ། ། དང་པོ་རྣལ་འབྱོར་བ་མི་སྣང་བ་བསྒྲུབ་པའི་ཕྱིར་རྒྱལ་གྱི་ཉི་མའི་ཉི་མ་ལ་བརྩམ་པར་བྱའོ། ། ཡང་དག་པའི་ བསམ་པས་སྔོན་དུ་འབུམ་བཟླས་པས་དེ་གྲོལ་བར་འགྱུར་རོ། ། ཉི་མ་བཟུང་བའི་དུས་ལ་པ་ཎི་ཊ་ག་རའི་རྩ་བ་དང་། དངུལ་ཆུ་དང་།
BO
ཁྃ་གཱ་རི་དང་། དཎ་ཌའི་རྩ་བ་དང་ཐམས་ཅད་གཅིག་ཏུ་རིལ་བུ་བྱས་ཏེ་ཁར་བཅུག་པས་མི་མཐོང་བར་འགྱུར་རོ། ། དེ་ནས་གཞན་ཡང་ཁོ་ཊཱི་ཛཱ་ལ་ ཀི་ཛ་ཡན་ཏི་དང་། རྒན་པོ་འཇོམས་པའི་རྩ་བ་དང་། ཐམས་ཅད་སྦལ་པའི་ཤ་དང་ཆ་མཉམ་དུ་བྱས་ཏེ་ཉི་མ་གསུམ་བསྐམས་ནས་རིལ་བུ་ཁར་བཅུག་ན་མི་སྣང་པར་འགྱུར་རོ། ། དེ་ནས་གཞན་ཡང་ཉི་མ་གཟས་བཟུང་བའི་དུས་སུ་ཨུ་ཀ་ནུ་ཁྃ་དང་། དངུལ་ཆུ་དང་གསེར་དང་དྷ་དུ་ར་ ཞེས་པ་རྣམས་རྟ་རྒོད་མའི་ཆུ་དང་ཡང་དག་པར་སྦྱར་ནས་རིལ་བུ་བྱས་ཏེ་ཁར་བཅུག་ན་མཆོག་ཏུ་མི་སྣང་ངོ་། ། དེ་ནས་གཞན་ཡང་བྱི་བའི་མིག་དང་བྱ་རྒོད་ཀྱི་མིག་དང་འོག་སྐྱོང་གི་མིག་དང་ཆ་མཉམ་དུ་རིལ་བུ་གཅིག་ཏུ་བྱས་ཏེ་ཁར་བཅུག་ན་དེའི་སྐད་ཅིག་ལ་མི་སྣང་བར་འགྱུར་རོ། ། དེ་ནས་ གཞན་ཡང་གཟའ་ཉི་མ་ལ་བྱི་བའི་མིག་རབ་ཏུ་བླངས་ཏེ། རམས་དང་ཙི་ཏྲ་ཀའི་རྩ་བ་དང་། བྱ་རྒོད་ཀྱི་ཁྲག་དང་སྦྱར་ཏེ་རིལ་བུ་ཁར་བཅུག་ན་མི་སྣང་བའི་མཆོག་གོ། ། དེ་ནས་གཞན་ཡང་པཱ་ཤཱིའི་ཤ་དང་། བ་ཧུ་རའི་འབྲས་བུ་མཉམ་དུ་དར་གོས་ཀྱིས་དྲིལ་ནས་བྲམ་ཟེའི་ཐོད་པ་ལ་མིག་ སྨན་བྱའོ། ། དེའི་མིག་སྨན་གྱིས་མིག་གཉིས་ལ་བྱུགས་ན་མི་སྣང་བར་འགྱུར་རོ། །
BO
དེ་ནས་གཞན་ཡང་ཙཎ་ཊ་ལཱིའི་མེ་ཏོག་དང་། ཤ་ཏཱ་བར་ཏི་དང་བྷ་དྲ་པ་ཀྵིའི་མིག་དང་དེ་རྣམས་རིལ་བུར་བྱས་ནས་ཁར་བཅུག་ན་མི་སྣང་བར་འགྱུར་རོ། ། དེ་ནས་གཞན་ཡང་བྷ་དྲ་པཀྵ་ཎྃ་བཟུང་སྟེ་ཉི་མ་ བདུན་གྱི་མཐར་ཐུག་པ་དངུལ་ཆུ་མ་ཤ་གཅིག་ཟས་སུ་བྱས་ནས་དེའི་བྲུན་གང་ཡིན་པ་དང་། དེ་ཡིས་བདག་ཉིད་ཀྱི་ཁུ་བ་དང་ལྷན་ཅིག་ཏུ་བྱས་ནས་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། ། འདི་ནི་མི་སྣང་བའི་རབ་ཏུ་བྱ་བའོ། ། མིག་སྨན་བཤད་པར་བྱ་བ་ལ། རེ་ཞིག་དང་པོ་མིག་སྨན་གྱི་ཕྱིར་ བཅོམ་ལྡན་འདས་ཀྱི་སྔགས་འབུམ་ཕྲག་ལྔ་ཡོངས་སུ་བཟླས་ཏེ་མིག་སྨན་སྒྲུབ་པ་བརྩམ་པར་བྱའོ། ། སྲམ་དང་བྱ་རྒོད་དང་ཀུར་རཱ་རྣམས་ཀྱི་མིག་བླངས་ནས་ཚད་མཉམ་པར་བྱས་ཏེ་ས་འོག་གི་སྤྲང་གི་ཁུ་བ་ལ་དར་གོས་ཀྱི་སྡོང་བུས་མིག་སྨན་བྱའོ། ། འདིའི་མིག་སྨན་གྱིས་སའི་མཐོངས་མཐོང་བར་ འགྱུར་རོ། ། སྐར་མ་ལག་ལ་བྲྀ་ཧ་ཏཱི་དཀར་པོའི་རྩ་བ་དང་། ནག་པོ་ཛ་ཡན་ཏིའི་རྩ་བ་དང་། ཅེ་སྤྱང་གི་མིག་རྣམས་མཉམ་དུ་དོང་གི་སྦྲང་རྩི་དང་ལྷན་ཅིག་ཏུ་བྱས་ཏེ་ཐིག་ལེ་བྱས་ན་སའི་མཐོངས་ལས་མཐོང་བར་འགྱུར་རོ། ། སའི་འཁྲི་ཤིང་དང་བི་ཥཾ་ཀ་རཱིའི་རྩ་བ་དང་། ཙ་སེན་དང་།
BO
རྡུལ་དང་ལྷན་ཅིག་ཏུ་དར་གོས་ལ་གཞོན་ནུ་མས་བཀལ་པའི་སྲད་བུས་དཀྲིས་ནས་སྡོང་བུ་བྱས་ཏེ་མིའི་ཐོད་པ་ལ་དྲེག་པ་བྲུས་པའི་མིག་སྨན་གྱིས་གཏེར་རྣམས་ངེས་པར་མཐོང་ངོ་། ། དེ་ནས་གཞན་ཡང་རྒྱལ་གྱི་ཟླ་བ་སྐར་མ་སྣུབས་ལ་རྡུལ་གྱི་གོས་བཟུང་སྟེ། བརྒྱད་དམ་ ཡང་ན་བཅུ་བཞི་ལ་རྡོ་རྗེ་ཙརྩི་ཀཱའི་རི་མོ་མངོན་བར་བྲིས་ནས་མཆོད་པ་ཆེན་པོ་བྱས་ཏེ། མཚན་མོ་གཅིག་ཁྲི་བཟླས་ན་རྨི་ལམ་དུ་གཏེར་ངེས་པར་མཐོང་ངོ་། ། གཞན་ཡང་ནིམ་པའི་ཤིང་ལྗོན་པའི་འོག་ཏུ་ཕྱིན་ཏེ་བརྒྱད་དང་ཡང་ན་བཅུ་བཞི་ལ་རི་མོའི་མདུན་དུ་ཙརྩི་ཀཱ་བསྒོམ་པར་བྱ་ཞིང་། ཅེ་སྤྱང་གི་ མགོ་བོའི་སྟེང་དུ་ཁྲི་བཟླས་སོ། ། ཙརྩི་ཀཱ་འོངས་ནས་བདག་གིས་ཅི་བྱ་ཞེས་འདྲི་བར་འགྱུར་རོ། ། སྒྲུབ་པ་པོས་སྨྲ་བར་བྱ་སྟེ། བདག་ལ་མིག་སྨན་གྱི་དངོས་གྲུབ་གནང་བར་མཛོད་ཅིག ། དངུལ་ཆུ་དང་བཅུད་ཀྱིས་ལེན་ཡང་སྩོལ་ཅིག་ཅེས་སོ། ། གི་ཝང་དང་ཤ་ལའི་མིག་དང་དངུལ་ཆུ་ དང་ཤཱི་ཏ་ལཱིའི་ཁུ་བ་དང་དོང་གི་སྦྲང་རྩི་རྣམས་མཉམ་དུ་རིལ་བུ་བྱས་ཏེ་འདིའི་མིག་སྨན་གྱིས་སའི་མཐོངས་ལས་མཐོང་བར་འགྱུར་རོ། །
BO
ཅེ་སྤྱང་གི་མིག་དང་བྱ་རྒོད་ཀྱི་མིག་དང་ཀུ་ར་རཱའི་མིག་རྣམས་དེ་བཞིན་དུ་གཡོན་ལ་གཡོན་དང་། གཡས་ལ་གཡས་བླངས་ཏེ་ཞག་ཆེན་པོའི་དྲེག་ པ་བྱའོ། ། འདིའི་མིག་སྨན་གྱིས་སའི་མཐོངས་ལས་མཐོངས་ལས་མཐོང་བར་འགྱུར་རོ། ། དེ་ནས་གཞན་ཡང་གི་ཝང་དང་མིའི་མཁྲིས་པ་དང་ག་བུར་དང་དངུལ་དང་དེ་བཞིན་དུ་ཟས་སྦྱིན་པར་བྱའོ། ། འདིའི་མིག་སྨན་གྱིས་སའི་མཐོངས་ལས་མཐོང་བར་འགྱུར་རོ། ། དེ་ནས་གཞན་ཡང་སྣ་ཚོགས་ པའི་དངོས་གྲུབ་ཀྱི་དོན་དང་ནོར་དང་འབྲུ་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་དང་། རིག་བྱེད་བརྒྱད་རྨོངས་པ་དང་། མཁའ་ལ་སྤྱོད་པ་སྟེར་བར་བྱེད་དོ། ། སྔོན་དུ་བསྙེན་པའི་དོན་ལ་སྔགས་འབུམ་ཕྲག་གཅིག་བཟླས་ནས་དངུལ་ཆུ་བསྒྲུབ་པ་བརྩམ་པར་བྱའོ། ། དང་པོ་ དངུལ་ཆུ་བླངས་ནས་ཙིཏྲ་ཀ་དམར་པོའི་ཁུ་བས་མཉེ་བར་བྱའོ། ། དེའི་རྗེས་ལ་ཟངས་ཀྱི་ཕྱེ་མ་དང་། གསེར་གྱི་ཕྱེ་མ་བཞི་ཆ་སྦྱིན་ཏེ་ཤཱ་ཁོ་ཌའི་ཁུ་བས་བསྡུ་བར་བྱའོ། ། གླང་པོ་ཆེའི་ཤ་དང་ལྷང་ཚེར་མཉམ་དུ་བྱས་ཏེ་ལུགས་ཀོང་གི་དབུས་སུ་ར་ཛྃ་ལ་བྱིན་ནས་སྦྱར་ཞིང་བཅིངས་པས་རྡོག་ པོར་འགྱུར་རོ། ། འདིའི་ཕྱེ་མར་ཏི་ཡིས་སྲང་ལ་བསྣུན་པར་གྱུར་ན་གསེར་དུ་འགྱུར་རོ། །
BO
འདིར་དངུལ་ཆུ་ཞག་ཆེན་ལ་མཉེས་ནས་ལྷང་ཚེར་དང་མུ་ཟི་ཞག་ཆེན་པོ་ལ་ཉི་མ་གསུམ་དུ་བཙོ་ཞིང་། ཡང་ཇི་སྲིད་རྡོག་པོར་མ་གྱུར་གྱི་བར་དུའོ། ། སྦྲང་དང་ལྷན་ཅིག་ཟེགས་མ་རེ་ཟོས་ན་མི་དེ་ལོ་ སྟོང་དུ་འཚོའོ། ། དངུལ་ལ་བསྣུན་ན་གསེར་དུ་འགྱུར་རོ། ། དེ་ནས་གཞན་ཡང་དཱ་ཧླཱ་པའི་ཁུ་བ་ནས་དངུལ་ཆུ་མཉེ་བར་བྱ་སྟེ་རྡོག་བོར་མ་སོང་གི་བར་དུའོ། ། ཤཱིཏ་ལི་དང་ཛམྦྷི་རའི་ཁུ་བ་ལ་ཤཱ་ཁོ་ཌའི་འབྲས་བུ་བ་གུ་ལ་སོ་སོར་མཉམ་དུ་བྱིན་ནས་ལུགས་ཀོང་གི་ནང་དུ་བཅུག་སྟེ་དེས་དེ་བཞིན་དུ་ཡོངས་ སུ་བྱུགས་ཏེ་ལུགས་ཀོང་བསྐམ་པར་བྱའོ། ། ཕྱི་ནས་ལྕི་བའི་མེ་ལ་བསྲེགས་པས་རྡོག་པོར་འགྱུར་རོ། ། ར་ཏི་གཉིས་ཀྱི་ཚད་ཀྱིས་ཉི་མ་ཉི་ཤུ་རྩ་གཅིག་ཏུའོ། ། ཇི་སྲིད་དུ་ལོ་མ་དང་སྐྱུར་རྣམས་སྤོང་ངོ་། ། ཐམས་ཅད་དུ་བུད་མེད་བསྟེན་པ་སྤངས་པས་མི་དེ་ལོ་སྟོང་ཕྲག་བཅུ་གཉིས་འཚོ་ཞིང་ མཁའ་སྤྱོད་འཐོབ་བོ། ། སྤྱང་ཚེར་ལ་བསྣུན་ན་གསེར་དུ་འགྱུར་རོ། ། དེ་ནས་གཞན་ཡང་རཉྫ་ནཱི་ལའི་ཁུ་བ་ལ་སུ་པར་ཎ་མཱ་ཀྵི་ཀྃ་དང་སྦྱར་བའི་སྙིང་པོ་དང་། དཱི་སྣ་ནེ་ན་དང་མཉེ་བར་བྱའོ། །
BO
ལྷང་ཚེར་དང་ན་ར་ཤེ་ཎའི་ཁུ་བ་བསྲེས་ཏེ་ལུགས་ཀོང་གི་ནང་དུ་བཅུག་ནས་ས་ཧ་རཱིའི་མར་ཁུས་ སྦྱར་ན་ཟླ་བ་དྲུག་གིས་རྡོག་པོར་འགྱུར་རོ། ། ལྕགས་བརྒྱད་ལ་བྱུགས་ན་ངེས་པར་གསེར་དུ་འགྱུར་རོ། ། ཟོས་ན་མཁའ་སྤྱོད་ཐོབ་པར་འགྱུར་རོ། ། མིག་ལ་བྱུགས་པ་ཙམ་གྱིས་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། ། དེ་ནས་གཞན་ཡང་དངུལ་ཆུ་ཀུ་མཱ་རཱའི་ཁུ་བས་མཉེས་ནས་སོ་ མ་ལ་ཏ་དང་པ་ལཱ་ཤའི་རྩ་བ་དང་ནཱ་ག་གེ་སར་དང་བ་ཀུ་ལཾ་དང་བཙག་དང་ཀ་ཐི་ནཱི་དང་དེ་བཞིན་དུ་ནྱ་གྲོ་དྷའི་ལོ་མ་དང་། དེ་བཞིན་དུ་ཡང་མཉམ་དུ་ལུགས་ཀོང་གིས་ཁ་བཀབ་ཅིང་སྦྱར་བར་བྱའོ། ། ཐུན་ཚོད་གཉིས་ཀྱིས་རྡོག་པོར་འགྱུར་རོ། ། གཟེགས་མ་ཟོས་པ་ཙམ་གྱིས་ས་གསུམ་ ལ་ངེས་པར་འགྲོ་བར་འགྱུར་རོ། ། ར་ཏི་ཙམ་གྱིས་ཟངས་སྲང་གསེར་དུ་ངེས་པར་འགྱུར་རོ། ། དེ་ནས་གཞན་ཡང་དངུལ་ཆུ་ཤི་རི་ཁན་དའི་འོ་མས་དར་ཙམ་མཉེས་ལ་མུ་ཟི་དང་མཉམ་དུ་ཟངས་ཀྱི་སྣོད་དུ་ཛཾ་བི་རའི་ཁུ་བས་མཉེས་ཏེ་ཉི་མ་ལ་བསྐམ་པར་བྱས་ན་རྡོག་པོར་འགྱུར་ རོ། ། ལུགས་ཀོང་གི་ནང་དུ་བཅུག་ཅིང་སྦྱར་ཏེ་ཐུན་ཚོད་གཉིས་ཀྱིས་སོ། །
BO
ཤིན་ཏུ་གྲངས་པ་དང་བཏོན་ནས་ར་ཏིའི་ཚད་ཀྱིས་མནན་ཏེ་ཟངས་ལ་བསྣུན་ན་གསེར་དུ་འགྱུར་རོ། ། ལུས་ལ་བྱུགས་པས་སྐྲ་དཀར་གཉེར་མ་དང་བྲལ་བར་འགྱུར་རོ། ། དེ་ནས་གཞན་ཡང་དངུལ་ཆུ་དང་ བཱ་ལཱའི་རྩ་བ་མཉེ་བར་བྱའོ། ། སླར་ཡང་ཙཎྜཱ་ལིའི་མེ་ཏོག་དངུལ་ཆུ་དང་མཉེ་བར་བྱའོ། ། རྩབས་དང་རྣམ་པར་སྣང་མཛད་ཀྱི་ཁུ་བས་སླར་ཡང་མཉེ་བར་བྱའོ། ། དེའི་རྗེས་སུ་བཞི་ཆའི་ཚད་ཀྱིས་གསེར་གྱི་ཕྱེ་མ་ལ་བྱིན་པས་རྡོག་པོར་འགྱུར་རོ། ། འདབ་མ་བདུན་པའི་ ལུགས་ཀོང་གི་ནང་དུ་གླང་པོ་ཆེའི་རྐང་པའི་ཚད་ཀྱི་ཐུམ་པོ་ལ་བྱིན་པ་ལས་རྡོག་པོར་འགྱུར་རོ། ། དེ་བཏོན་ནས་ར་ཏིའི་ཚད་ཀྱིས་ཟངས་ལ་བསྣུན་ན་གསེར་དུ་འགྱུར་རོ། ། ལུས་ལ་ཡང་ར་ཏིའི་ཚད་ཀྱིས་ཉེས་བ་གསུམ་འཇོམས་པར་འགྱུར་རོ། ། རྣལ་འབྱོར་ཆེན་པོ་ རྣམས་ཀྱི་འདུ་བའི་ནང་འཚོ་བར་འགྱུར་རོ། ། ཟོས་པ་ཙམ་གྱིས་རྒྱང་གྲགས་བརྒྱར་འགྲོ་ནུས་སོ། ། དེ་ནས་གཞན་ཡང་དངུལ་ཆུ་ཙམ་གནས་པ་ལ་རྡོ་རྗེ་དང་ངེས་པར་ཏི་ཥ་དང་ཏྲི་ཧཱིའི་རྩ་བ་དང་། ཀ་རཉྫཉྩ་དང་མ་ནུའི་རྩ་བ་དང་མཉེ་བར་བྱའོ། ། བ་ཎི་ཊ་པ་ཤཱུར་ཎ་སྦྱར་ཏེ་ལུགས་ཀོང་ནང་དུ་སྦྱར་ བར་བྱའོ། ། མཚན་མོ་རིལ་པོ་བསྲེགས་པས་དེ་འགྲུབ་སྟེ།
BO
ར་ཏིའི་ཚད་བླངས་ནས་ཟངས་ལ་བསྣུན་པས་དེ་འགྲུབ་བོ། ། ར་ཏི་ཙམ་གྱིས་བཟའ་བས་སྐྲ་དཀར་དང་གཉེར་མ་དང་བྲལ་བར་འགྱུར་རོ། ། ཟླ་བ་དྲུག་ཏུ་རབ་ཏུ་སྦྱོར་བས་ལོ་སྟོང་འཚོ་བར་འགྱུར་རོ། ། དེ་ནས་གཞན་ཡང་སྦྱོར་ བ་དེ་བཞིན་དུ་དངུལ་ཆུ་སྲང་གཅིག་བཟུང་ནས་ཤྲིང་གཱིའི་བུ་བ་དང་མཉེ་བར་བྱའོ། ། ཨ་བྷྲ་ཊཾ་དང་གསེར་གྱི་གཟེགས་མ་སྦྱར་ལ། ། ཤྲིང་གཱི་དམར་པོ་དང་མཉམ་སྟེ་ཙི་ཊི་པཱའི་ཁུ་བ་བླངས་ཏེ། ཉི་མ་བཅུ་གཉིས་དེའི་རྗེས་སུ་ལུགས་ཀོང་གི་ནང་དུ་བཅུག་ནས་སྦྱར་བར་བྱའོ། ། གླང་པོ་ ཆེའི་རྐང་པའི་ཚད་ལས་ཕྱུང་སྟེ་མཉམ་དུ་བླངས་ནས་ར་ཏིའི་ཚད་གཞུག་པར་བྱའོ། ། ཟངས་མ་ལ་བསྣུན་ན་མ་ལུས་པ་ངེས་པར་གསེར་དུ་འགྱུར་རོ། ། ཟོས་པས་ཡུན་རིང་དུ་འཚོ་ཞིང་མཁའ་སྤྱོད་དུ་འགྲོ་བར་ཐེ་ཚོམ་མེད་དོ། ། གནོད་སྦྱིན་དང་མིའམ་ཅིའི་བདག་པོ་རྣམས་ཞམ་རིང་བྱེད་བར་ འགྱུར་ཞིང་གཤིན་རྗེའི་འཇིག་རྟེན་དུ་མི་འགྲོའོ། ། དེ་ནས་གཞན་ཡང་ལྷང་ཚེར་ནག་པོ་སྲང་གཅིག་དང་སྦལ་པའི་ལོ་མའི་ཁུ་བས་སྦྱར་བའི་དངོས་པོ་ཟླ་བ་ཕྱེད་མཚལ་དང་རོ་མཉམ་པར་བྱས་ཏེ་ཟླ་བ་གཅིག་གི་ཚད་ཀྱིས་ཆུ་གྲང་མོ་དང་བཅས་ཏེ་བཟའ་བར་བྱའོ། །
BO
ཟླ་བའི་སྦྱོར་བས་རྣལ་འབྱོར་ གྱི་བདག་ཉིད་ནད་དང་འཆི་བ་མེད་པར་འགྱུར་རོ། ། དེ་ནས་གཞན་ཡང་ལྕགས་སྲང་ཙམ་བཟུང་སྟེ་རེ་ཏྱའི་ཕྱེ་མའི་རབ་ཏུ་བྱེད་པ་དང་། ཀ་ཤཱིའི་ཁུ་བ་དང་མཉམ་དུ་སྦྱར་ཏེ་ཉི་མའི་འོད་ཟེར་ལས་བསྐམ་པར་བྱའོ། ། དངུལ་ཆུ་དང་ལྷང་ཚེར་དང་མུ་ཟི་རྣམས་དེའི་བཞི་ཆའི་ཚད་སྦྱོར་བ་ལས་ཀ་ ཀོ་ལ་དང་ལི་ཤིའི་ཕྱེ་མ་རྣམས་སྔོན་མའི་ཚད་ལས་ཕྱེད་དང་གཉིས་སོ། ། ཐམས་ཅད་གཅིག་ཏུ་བྱས་ཏེ། ། ལྕགས་དང་མཉེ་བར་བྱ་སྟེ་རྡོ་བརྟན་པོ་ལའོ། ། ལུགས་ཀོང་གི་ནང་དུ་བཅུག་སྟེ་ཁ་བཅད་ནས་སྦྱར་ཏེ་ལྕི་བའི་མེ་ལ་བསྲེག་པར་བྱའོ། ། དེ་ནས་ཕྱུང་སྟེ་ལྕགས་ཆེན་པོ་དང་མཱ་ཤའི་ཚད་ ཀྱིས་ཟོས་ན་སྐྲ་དཀར་གཉེར་མ་རྣམ་པར་འཇོམས་ཤིང་ནང་དང་འཆི་བས་མི་ཚུགས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་མི་སྣང་བ་དང་མིག་སྨན་དང་བཅུད་ལེན་སྒྲུབ་པ་སྟེ་རིམ་པར་ཕྱེ་བ་བདུན་པའོ། ། ། ། དེ་ནས་རྡོ་ རྗེ་འཛིན་པའི་རྒྱལ་པོས་གྲིབ་གནོན་གྱི་རབ་ཏུ་བྱེད་པ་གསུངས་པ་འདི་ལྟ་སྟེ། དགྲ་བོ་རྐང་བཞི་པ་རྣམས་ཀྱི་ཆད་པའི་རབ་ཏུ་སྦྱོར་བ་འདི་གསུངས་ཏེ།
BO
དང་པོར་རེ་ཞིག་གཤིན་རྗེ་གཤེད་འཇིགས་སོ། ། སེམས་ཅན་ཀུན་གྱི་རྨོངས་བྱེད་བསྒོམ་པར་བྱ། ། རང་གི་ཁྱིམ་དུ་མཚན་མོའི་ དུས། ། སྟག་གི་པགས་པའི་སྟན་ལ་གནས། ། ཞལ་གཅིག་དམར་པོ་ཤིན་ཏུ་རྔམ། ། ཞགས་པ་དང་ནི་ལྕགས་ཀྱུ་འཛིན། ། རོ་ཡི་སྟེང་དུ་འཇིགས་ཆེན་གནས། ། སྤྱན་གསུམ་ཤིན་ཏུ་འཇིགས་པར་བྱེད། ། ལྷ་རྣམས་ཐམས་ཅད་རྨོངས་བྱེད་པ། ། མེ་སྟག་ཚོགས་པས་འཁྲིགས་པ་ སྟེ། ། དེ་བཞིན་བསྒོམ་ཞིང་བཟླས་པ་འབུམ། ། ཕྱི་ནས་ཆོ་གས་སྤྱད་པར་བྱ། ། ཀ་ར་བཱི་ར་དཀར་པོའི་རྩ། ། དེ་བཞིན་དནྟི་དམར་པོའི་རྩེ། ། སྦལ་པའི་ཁྲག་གིས་སྦྱར་བྱས་ཏེ། ། བརྟུལ་ཞུགས་ཅན་གྱིས་ཐིག་ལེ་གཟུང་། ། གང་གི་གྲིབ་མ་རྐང་པས་མནན། ། དེ་ནི་ བརྒྱལ་བར་བྱེད་འགྱུར་ཏེ། ། རྐང་གཉིས་པ་དང་རྐང་བཞི་དག ། ཐམས་ཅད་རྨོངས་པ་ཐེ་ཚོམ་མེད། ། གཟའ་ནི་ཉི་མའི་དཀར་ཕྱོགས་ལ། ། ལྟོ་བ་ལས་བྱུང་སྲིན་བུ་ལ། ། དེ་རྙེད་ནས་ནི་འབད་པ་ཡིས། ། ཤྲིང་གཱི་ཎ་ཡིས་ཐིག་ལེ་བྱ། ། དཔྲལ་བར་ཐིག་ལེ་བྱིན་པ་ཡིས། ། གང་ གི་གྲིབ་མ་འཕྲོ་བར་བྱེད། ། གལ་ཏེ་མྱོས་ཐོབ་གྲོལ་བྱེད་ན། ། འོ་མས་གཏོར་བས་བདེ་བར་བྱེད། ། དནྟཱི་རོ་ཧ་ལུང་ཐང་ནག ། དེ་རྣམས་རྩ་བ་གཅིག་ཏུ་བྱས།
BO
། བྱ་རོག་ཁྲག་གིས་སྦྱར་བྱས་ཏེ། ། བརྟུལ་ཞུགས་ཅན་གྱིས་ཐིག་ལེ་བྱ། ། ཐིག་ལེ་འདི་ཡི་མཐུ་ཡིས་ནི། ། ལྷ་རྣམས་ ཀྱང་ནི་རབ་ཏུ་གཡོ། ། ཕྱག་ནི་བཙལ་བར་མི་བྱ་སྟེ། ། བྱས་ན་དེ་ནི་བརྒྱལ་བར་འགྱུར། ། དེ་བཞིན་གཞན་ཡང་རབ་སྦྱོར་ཏེ། ། ར་ས་ཤྲིང་གཱི་ཀུ་ཐཱ་རི། ། ཕ་ཎི་ནཱ་ག་པ་ཎི་དང་། ། དེ་རྣམས་ཐམས་ཅད་ཟླ་བ་ཡིས། ། བརྟུལ་ཞུགས་ཅན་གྱིས་རིལ་བུ་བྱ། ། ནམ་མཁའི་རང་བཞིན་ ཆུ་ཡིས་ནི། ། ཐིག་ལེ་སྤྱི་བོར་གཟུང་བར་བྱ། ། ཕྱག་འཚལ་གདོང་དུ་བལྟས་པ་ཡིས། ། མི་དེ་ཁྲག་ཏུ་སྐྱུག་པར་འགྱུར། ། ཀཱ་མ་ཙཱ་དང་མ་དྷུ་དཀར། ། ཁུ་བྱུག་དཀར་པོའི་མིག་རྣམས་ནི། ། ནམ་མཁའི་ཆུ་དང་ཡང་དག་ལྡན། ། སྤྱི་བོ་རུ་ནི་ཐིག་ལེ་བྱ། ། ཐིག་ལེ་དེ་ཡི་མཐུ་ཡིས་ནི། ། དགྲ་རྣམས་དབང་དུ་འདུ་བར་འགྱུར། ། གང་ལ་ཕྱག་ནི་བཙལ་གྱུར་ན། ། དེ་ནི་ངེས་པར་རྨོངས་འགྱུར་ཏེ། ། དེ་ནས་གཞན་ཡང་རབ་སྦྱོར་ཏེ། ། ལྟོས་འགྲོ་ནག་པོའི་ལྕེ་དང་ནི། ། དེ་བཞིན་ན་ཀུ་ལ་ཡི་ལྕེ། ། བྱི་བའི་མཁྲིས་པ་ཡང་དག་བསྲེས། ། རིལ་བུ་ཁྲི་ཕྲག་ལྔ་བྱས་ནས། ། འདི་ ཡི་ཐིག་ལེའི་མཐུ་ཡིས་ནི། ། ཁྲོ་བོའི་སྔགས་འཇུག་དེ་ལ་འགྲོ། ། རྒྱལ་པོ་རྟག་ཏུ་རྨོངས་འགྱུར་ཏེ། །
BO
གདུག་པ་ཅན་དང་ལྷན་ཅིག་གོ། ། དེ་ནས་གཞན་ཡང་རབ་སྦྱོར་ཏེ། ། བདུད་རྩི་རྩ་བ་ཨརྐ་དཀར། ། བ་ཀུ་རི་ཡི་འབྲས་དེ་བཞིན། ། དེ་རྣམས་ཆ་ནི་མཉམ་པོ་རུ། ། མཁས་ པ་ཡིས་ནི་རིལ་བུ་བྱ། ། འདི་ཡི་ཐིག་ལེ་རྟག་བཟུང་ན། ། འཇིག་རྟེན་གསུམ་ནི་རྨོངས་པར་འགྱུར། ། ཁ་ཡི་བདུད་རྩི་བླངས་ནས་ནི། ། གཡོན་པ་ཡི་ནི་མིང་མེད་ཀྱིས། ། སྔགས་འདིས་རིལ་བུ་ཐམས་ཅད་ལ་བྱིན་གྱིས་བརླབ་པར་བྱའོ། ། ཨོཾ་མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏ་ཡེ་མ་ཧཱ་ དུར་དམྟཾ་ད་མ་ཀཱ་ཡ། ། ནཱ་ཤ་ཡ་ནཱ་ཤ་ཡ། བི་ནཱ་ཤ་ཡ་བི་ནཱ་ཤ་ཡ། བི་ཏྲཱ་པ་ཡ་བི་ཏྲཱ་པ་ཡ། ཧཱུྃ་ཧཱུྃ་སརྦ་དུཥྚྲཱྃ་ཌཱྃ་ཕཊ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་གྲིབ་གནོན་བསྒྲུབ་པ་སྟེ། རིམ་པར་ཕྱེ་བ་བརྒྱད་ པའོ། ། ། ། འདིར་བཅོམ་ལྡན་འདས་ཀྱིས་རོ་ལངས་ལ་སོགས་པའི་སྒྲུབ་ཐབས་གསུངས་པ་ནི། ཨོཾ་ཧཱུྃ་ཛཱཿཨ་པ་རཱ་ཛི་ཏཿཨོཾ་ཧཱུྃ་ཛཿཨ་ཛི་ཏཿཨོཾ་ཧཱུྃ་ཛཿཔཱུ་ར་ཎ། ཨོཾ་ཧཱུྃ་ཛཿཨ་བཱུ་ར་ཎ། ཨོཾ་ཤྲཱཾ་ཛཿཤྨ་ཤཱ་ནཱ་དྷི་པ་ཏིཿ། ཨོཾ་རྱུཾ་ཛ་ཀུ་ལེ་ཤྭ་རཿ། ཨོཾ་ཧཱུྃ་ཛཿབྷཱུ་ཏེ་ཤྭ་རཿ། ཨོཾ་ཨཾ་ཛཿ།
BO
ཀིཾ་ ཀ་རོ་ཏ་ཏ་མཿཞེས་པ་འདི་རྣམས་འབྱུང་པོའི་བདག་པོ་ཆེན་པོ་རྣམས་སོ། ། གཞན་གྱིས་མི་ཐུབ་པ་སྒྲུབ་པར་གྱུར་ན་དཔལ་ལྡན་རྡོ་རྗེ་དབྱུག་པ་འཛིན་པའི་མདུན་དུ་སྔོན་དུ་བསྙེན་པ་འབུམ་བཟླས་པ་བྱས་ནས་དེ་རྫོགས་པ་དང་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཟས་དཀར་པོ་དང་ ཞོ་དང་བུ་རམ་དང་འོ་མའི་ཐུག་པས་ཇི་ལྟར་གསུང་བའི་མཆོད་པར་བྱའོ། ། གུ་གུལ་གྱི་སྤོས་ཕུལ་ནས་མཚན་མོ་ཧྲིལ་པོ་བཟླས་པ་བྱའོ། ། ཤིན་ཏུ་སྔ་བ་ན་ངེས་པར་འོང་བར་འགྱུར་རོ། ། གལ་ཏེ་མ་འོངས་ན་དེའི་སྐད་ཅིག་ལ་འཆི་བར་བྱེད་དོ། ། འོངས་ནས་གནང་བ་ ཞུ་བར་བྱེད་དེ། ། བདག་གིས་ཅི་བྱ་ཞེས་སོ་སྒྲུབ་པ་པོས་སྨྲ་བར་བྱ་སྟེ། ། བདག་གིས་གང་བསྒོ་བ་གྱིས་ཤིག་ཅེས་སོ། ། དེ་ནས་བཟུང་སྟེ་གང་བསྒོ་བའི་ལས་རྣམས་བྱེད་དོ། ། རིག་པ་འཛིན་པ་དང་རྒྱལ་པོ་ཡང་སྟེར་རོ། ། དགྲ་རྣམས་ལ་ཆད་པས་གཅོད་པར་བྱེད་དོ། ། ཟླ་བའི་ལྷ་མོ་ ཡང་བླངས་ནས་སྟེར་རོ། ། རྒྱབ་ལ་ཞོན་པས་ལྷའི་འཇིག་རྟེན་དུ་འགྲོ་ཞིང་བརྒྱ་བྱིན་ཡང་སྟེར་རོ། ། བསྐལ་བ་བདུན་དུ་འཚོ་བར་འགྱུར་རོ། ། དེ་ནས་ཨ་ཛི་ཏ་སྒྲུབ་པར་གྱུར་ན་མཆོད་རྟེན་གྱི་མདུན་དུ་མཚན་མོ་སྟོང་ཕྲག་བརྒྱད་བཟླས་པ་བྱས་ཏེ།
BO
ཉི་མ་བདུན་པའམ་བརྒྱད་པ་ལ་མཆོད་ པ་རྒྱ་ཆེན་པོ་བྱས་ཏེ་གཏོར་མ་ཕུལ་ནས་གུ་གུལ་གྱི་སྤོས་ཕུལ་ཏེ་བཟླས་པ་བྱའོ། ། བཟླས་པའི་མཐའ་ལ་ངེས་པར་འོང་བར་འགྱུར་ཏེ། ། ཀྱཻ་སྒྲུབ་པ་པོ་བདག་གིས་ཅི་བགྱི་ཞེས་སོ། ། སྒྲུབ་པ་པོས་སྨྲ་བར་བྱ་སྟེ། ། བདག་གི་བྱ་བ་གང་ཡིན་པ་བྱ་དགོས་སོ་ཞེས་སོ། ། དེ་ནས་ བཟུང་ནས་བསྒོ་བའི་ལས་རྣམས་བྱེད་པར་འགྱུར་རོ། ། སླར་ཡང་རྒྱལ་པོ་སྟེར་ཞིང་ལོ་སྟོང་དུ་འཚོ་བར་འགྱུར་རོ། ། དེ་ནས་གང་སྒྲུབ་པར་གྱུར་ན་རྡོ་རྗེ་འཛིན་པའི་ཁང་བར་ཞུགས་ཏེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། ། ཉི་མ་བདུན་པའམ་ཉི་མ་བརྒྱད་པ་ལ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོ་ བྱས་ཏེ། ། ཁ་ཟས་དཀར་པོ་དང་ཞོ་དང་ཇི་སྐད་བཤད་པའི་མཆོད་པ་ཕུལ་ནས་ཇི་སྲིད་ནམ་ཕྱེད་ཀྱི་བར་དེ་སྲིད་བཟླས་པར་བྱའོ། ། ཇི་སྲིད་ནམ་ཕྱེད་དུ་གྱུར་པ་ན་རང་ཉིད་འོང་བར་འགྱུར་རོ། ། མེ་ཏོག་དང་མཆོད་ཡོན་ཕུལ་ཏེ་ཚིམ་བར་བྱས་པས་རྒྱལ་པོ་སྟེར་བར་འགྱུར་རོ། ། འདོད་པ་ ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། ། ལོ་སྟོང་དུ་འཚོ་བར་འགྱུར་རོ། ། ཇི་སྲིད་འཚོའི་བར་དུ་གང་བཅོམ་བའི་ལས་རྣམས་བྱེད་དོ། ། ཆེ་གེ་མོ་སོད་ཅིག་ཅེས་པ་དང་།
BO
ཆེ་གེ་མོ་འཚོ་བར་གྱིས་ཤིག་ཅེས་པ་ཡང་བྱེད་དོ། ། དེ་ནས་མ་གང་བསྒྲུབ་པར་གྱུར་ན་བདུད་དང་ བཅས་པའི་མཆོད་རྟེན་གྱི་དྲུང་དུ་སྔོན་དུ་ཁྲི་བཟླས་ཏེ་བསྙེན་པ་བྱས་པར་གྱུར་པས་དེ་ནས་ཟླ་བ་ཡོངས་སུ་རྫོགས་པ་ལ་ཇི་སྐད་བཤད་པའི་དངོས་པོས་མཆོད་པ་བྱས་ནས་ཇི་སྲིད་ནམ་ཕྱེད་དུ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། ། དེ་ནམ་ཕྱེད་ན་མྱུར་དུ་འོང་བར་འགྱུར་ཏེ་འོངས་ནས་མདུན་ དུ་བསྡད་དེ་ཀྱཻ་བུ་ཅི་བྱ་ཞེས་སྨྲ་བར་འགྱུར་རོ། ། སྒྲུབ་པ་པོས་སྨྲ་བར་བྱ་སྟེ་བདག་གི་བྱ་བ་གང་ཡིན་པ་བྱ་དགོས་སོ་ཞེས་སོ། ། དེ་ནས་བཟུང་སྟེ་ཅི་བཅོལ་བའི་ལས་རྣམས་བྱེད་དོ། ། གནོད་སྦྱིན་གྱི་བུ་མོ་མཆོག་རྣམས་བླངས་ནས་སྟེར་བ་དང་། ། འདོད་པའི་ཁ་ཟས་མཆོག་ རྣམས་སྟེར་བ་དང་། ། ཉི་མ་སོ་སོ་ལ་གུས་པས་གོས་ཟུང་དང་དོང་ཙེ་ལྔ་རབ་ཏུ་སྟེར་བར་འགྱུར་རོ། ། ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། ། དེ་ནས་དུར་ཁྲོད་ཀྱི་བདག་པོ་སྒྲུབ་པར་གྱུར་ན་མཚན་མོ་དུར་ཁྲོད་དུ་ཕྱིན་ནས་བཟླས་པ་སྟོང་ཕྲག་གཅིག་བྱའོ། །
BO
ཉི་མ་བདུན་པ་དང་བརྒྱད་པ་ལ་ རབ་ཏུ་མང་པོའི་ཉ་དང་ཏིལ་དང་ཛི་བུ་ལི་ཀ་དང་དཀར་བའི་ཟས་དང་ཞོ་དང་བུ་རམ་དང་དྷཱུ་པ་དང་འབྲས་བུ་དང་ཉེ་བར་སྤྱོད་པ་རྣམས་དང་ཇི་སྐད་གསུངས་པའི་གཏོར་མ་བྱིན་ཏེ་གུ་གུལ་གྱི་སྤོས་ཕུལ་ཏེ་ཇི་སྲིད་ནམ་ཕྱེད་ཀྱི་བར་དེ་སྲིད་བཟླས་པ་བྱའོ། ། དེའི་ནམ་ཕྱེད་ན་ཧཱ་ཧཱ་སྒྲོགས་པ་ཐོས་པར་འགྱུར་ ཏེ། དེ་ལ་འཇིགས་པར་མི་བྱའོ། ། དེ་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་འོང་བར་འགྱུར་རོ། ། འོངས་པ་དང་གཏོར་མ་བྱིན་པས་ཚིམ་པར་འགྱུར་རོ། ། འབྱུང་པོ་ཐམས་ཅད་གང་བསྒོ་བ་བྱེད་དོ། ། ཉི་མ་རེ་རེ་ཞིང་དོང་ཙེ་བརྒྱད་བླང་བར་འགྱུར་རོ། ། དགྲ་ ཐམས་ཅད་འཇོམས་ཤིང་ལོ་སྟོང་དུ་འཚོ་བར་འགྱུར་རོ། ། དེ་ནས་རིགས་ཀྱི་དབང་ཕྱུག་སྒྲུབ་པར་གྱུར་ན་ལྷའི་གནས་སུ་ཕྱིན་ནས་དྲི་དམར་པོ་དང་། མེ་ཏོག་དམར་པོ་དང་གུ་གུལ་ཕུལ་ནས་སྔོན་དུ་བསྙེན་པ་ཁྲི་བཟླས་པར་བྱའོ། ། ནག་པོའི་ཕྱོགས་ཀྱི་བཅུ་བཞིའི་མཚན་མོ་ལ་ཉ་ཤ་དང་། ཏིལ་དང་། ཛཾ་བུ་ལི་ཀ་དང་། ཁ་ཟས་དམར་པོ་དང་། ཇི་ལྟ་བའི་མཆོད་པས་གཏོར་མ་དབུལ་བར་བྱ་ཞིང་སི་ཧླའི་སྤོས་ཕུལ་ནས་ཇི་སྲིད་ནམ་ཕྱེད་ཀྱི་བར་བཟླས་པ་བྱའོ། །
BO
དེ་ནས་འབར་བ་ཆེན་པོ་མཐའ་མེད་པ་ཤིན་ཏུ་འཇིགས་པའི་གཟུགས་འོང་བར་འགྱུར་རོ། ། དེ་ལ་འཇིགས་ པར་མི་བྱ་སྟེ། བུ་བདག་གིས་ཅི་བྱ་ཞེས་སྨྲ་བར་འགྱུར་རོ། ། སྒྲུབ་པ་པོས་སྨྲ་བར་བྱ་སྟེ། བདག་གིས་གང་བསྒོ་བ་གྱིས་ཤིག་ཅེས་སོ། ། དེ་ཇི་སྲིད་འཚོའི་བར་དུ་གང་བཅོལ་བའི་ལས་བྱེད་པར་འགྱུར་རོ། ། ཉི་མ་རེ་རེ་ལ་དོང་ཙེ་ལྔ་ཐུན་མཚམས་གསུམ་དུ་སྟེར་བར་ བྱེད་དོ། ། འདོད་པའི་ཁ་ཟས་མཆོག་སྟེར་ཞིང་ལོ་ལྔ་བརྒྱ་འཚོ་བར་འགྱུར་རོ། ། དེ་ནས་འབྱུང་པོའི་དབང་ཕྱུག་སྒྲུབ་པར་གྱུར་ན་ལིངྒ་གཅིག་པའི་དྲུང་དུ་ཕྱིན་ཏེ། ། ཉིན་མཚན་གསུམ་དུ་དམར་བའི་ཟས་དང་ཉ་ཤ་དང་ཏིལ་དང་། ཛཾ་བུ་ལི་ཀའི་གཏོར་མ་བྱིས་པས་ཉི་མ་ གསུམ་པ་ལ་བདག་ཉིད་མྱུར་དུ་འོངས་ནས་མདུན་དུ་འཁོད་དེ་བདག་གིས་ཅི་བྱ་ཞེས་སྨྲ་བར་འགྱུར་རོ། ། སྒྲུབ་པ་པོས་སྨྲ་བར་བྱ་སྟེ། བདག་གིས་གང་བསྒོ་བ་གྱིས་ཤིག་ཅེས་སྨྲས་པས་རྟག་ཏུ་རྗེས་སུ་འབྲང་ཞིང་ལྷའི་བུ་མོ་བླངས་ནས་སྟེར་བར་བྱེད་ཅིང་། རང་གིས་ཟས་ བླངས་ཏེ་སྟེང་གཡོགས་ནས་རྣམ་པ་སོ་སོར་སྟེར་བར་བྱེད་དོ། ། ལོ་ཉིས་སྟོང་དུ་འཚོ་བར་འགྱུར་རོ། །
BO
དེ་ནས་མངག་གཞུག་པ་མཆོག་སྒྲུབ་པར་གྱུར་ན་རྡོ་རྗེ་འཛིན་པའི་ཁང་པར་ཞུགས་ནས་ནག་པོའི་བཅུ་བཞི་ལ་བཟླས་པ་ཁྲི་ཕྲག་གཅིག་བྱའོ། ། སྔོན་དུ་བསྙེན་ པ་བྱས་ནས་ཉི་མ་བདུན་པ་ལ་དེ་ནས་སྒྲུབ་པ་བརྩམ་བར་བྱའོ། ། དཀྱིལ་འཁོར་ལ་ཙནྡན་གྱིས་བྱུགས་ཏེ་གུ་གུལ་གྱི་སྤོས་ཕུལ་ནས་དཀར་བའི་ཟས་དང་། ཞོ་དང་། མར་དང་། འོ་མ་དང་། ཀུ་ཤ་ཆུན་པོའི་སྟེང་དུ་མར་གྱི་མར་མེ་རབ་ཏུ་སྤར་ཏེ། མཚན་མོ་ཇི་སྲིད་པ་དེ་སྲིད་དུ་བཟླས་ པར་བྱའོ། ། ནམ་ཕྱེད་ན་མངག་གཞུག་པ་མཆོག་ཉིད་འོང་བར་འགྱུར་རོ། ། འོངས་པ་ན་ཙནྡན་གྱི་མཆོད་ཡོན་ཕུལ་བས་ཚིམ་པར་བྱའོ། ། བདག་གིས་ཅི་བྱ་ཞེས་འདྲི་བར་འགྱུར་རོ། ། སྒྲུབ་པ་པོས་སྨྲ་བར་བྱ་སྟེ། བདག་གིས་གང་བསྒོ་བ་གྱིས་ཤིག་ཅེས་སོ། ། དེ་ནས་བཟུང་ སྟེ་གང་བཅོལ་བའི་ལས་རྣམས་བྱེད་པར་འགྱུར་རོ། ། འདོད་པའི་འབྲས་བུ་ཐམས་ཅད་སྟེར་ཞིང་འདོད་པའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་དོ། ། དེ་ནས་འདོད་པའི་དབང་ཕྱུག་མ་སྒྲུབ་པར་གྱུར་ན་གྲོ་གའི་ལོ་མ་ལ་གི་ཝང་གིས་གཟུགས་བརྙན་བྲིས་ཏེ། རང་གཅིག་ པུ་ཉལ་སའི་སྟེང་དུ་བསྡད་ལ་སྟོང་ཕྲག་གཅིག་བཟླས་པ་བྱའོ། །
BO
དེ་ནས་ཟླ་བའི་མཐར་མཆོད་པ་རྒྱ་ཆེན་པོ་བྱས་ལ་མར་གྱི་མར་མེ་རབ་ཏུ་སྦར་ཏེ་མི་སྨྲ་བར་གྱུར་པས་བཟླས་པར་བྱའོ། ། དེའི་ནམ་ཕྱེད་ན་ངེས་པར་འོང་བར་འགྱུར་རོ། ། འོངས་པ་ན་འདོད་པ་བྱས་བས་ཆུང་མར་འགྱུར་ རོ། ། མཛེས་པའི་རྒྱན་དང་བཟའ་བ་དང་བཅས་ཤིང་ཉལ་ཏེ་ཉིན་མོ་ཡོངས་སུ་སྤངས་ཤིང་འགྲོའོ། ། བུད་མེད་གཞན་དང་འགྲོགས་པ་སྤང་བར་བྱ་སྟེ། གཞན་དུ་ན་རྣམ་པར་འཇིག་པར་བྱེད་དོ། ། དེ་ནས་ཀ་ན་མ་ནཱི་སྒྲུབ་པར་གྱུར་ན་ནྱ་གྲོ་དྷའི་ཤིང་དྲུང་དུ་ཕྱིན་ཏེ་ཆོ་གས་ཉ་ཤའི་ གཏོར་མ་སྦྱིན་ནོ། ། བདག་ཉིད་འཐུངས་པའི་ལྷག་མས་མཆོད་ཡོན་བྱིན་ལ་བཟླས་པ་སྟོང་ཕྲག་གཅིག་བྱའོ། ། དེ་བཞིན་དུ་ཉི་མ་བདུན་པའི་མཚན་མོ་བདག་ཉིད་འོང་བར་འགྱུར་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འཁོར་བརྒྱ་ཕྲག་གསུམ་དང་ལྷན་ཅིག་ཏུ་ནམ་ཕྱེད་ན་ངེས་པར་འོང་ བར་འགྱུར་རོ། ། འོངས་པ་ན་འདོད་པ་བྱས་པས་ཆུང་མར་འགྱུར་རོ། ། སྐྱེ་བ་བཅུ་གཉིས་ཀྱི་གོས་དང་རྒྱན་དང་བཟའ་བ་རྣམས་སྟེར་བར་བྱེད་དོ། ། ཉི་མ་སོ་སོ་ལ་དོང་ཙེ་བརྒྱད་རབ་ཏུ་སྟེར་བར་བྱེད་དོ། ། དེ་ནས་དགའ་མ་སྒྲུབ་པར་གྱུར་ན་ཐང་ཀ་ལ་རི་མོ་བྲི་བར་བྱ་སྟེ།
BO
གསེར་གྱི་མདོག་ ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལག་ན་ཨུཏྤལ་དང་ལྡན་པའོ། ། ཛ་ཏིའི་མེ་ཏོག་གིས་མཆོད་པར་བྱའོ། ། གུ་གུལ་གྱི་སྤོས་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། ། ཟླ་བའི་མཐའ་ལ་ཇི་ལྟ་བའི་དངོས་པོས་མཆོད་པ་བྱ་སྟེ། མར་གྱི་མར་མེ་རབ་ཏུ་སྦར་ལ་ཇི་སྲིད་ ནམ་ཕྱེད་ཀྱི་བར་དུ་དེ་སྲིད་བཟླས་པ་ན་རང་ཉིད་འོང་བར་འགྱུར་རོ། ། འོངས་པ་ན་མི་སྨྲ་བར་བསྒོམ་ཞིང་འདོད་པ་བྱས་པས་ཆུང་མར་འགྱུར་རོ། ། སྒྲུབ་པ་པོའི་འཁོར་རྣམས་ནི་སྐྱོང་བར་འགྱུར་རོ། ། འདོད་པའི་བཟའ་བ་མཆོག་རྣམས་དང་དངུལ་ཆུ་དང་བཅུད་ལེན་རྣམས་ སྟེར་ཞིང་དོང་ཙེ་ཉི་ཤུ་རྩ་ལྔ་རབ་ཏུ་སྟེར་བར་བྱེད་དོ། ། དེ་ནས་པདྨ་ནི་སྒྲུབ་པར་གྱུར་ན་རང་གི་ཁང་པར་སྤྱི་བོའི་གནས་སུ་དཀྱིལ་འཁོར་ལ་ཙནྡན་བྱུགས་ཏེ་གུ་གུལ་གྱི་སྤོས་ཕུལ་ལ་ཟླ་བ་གཅིག་ལ་སྟོང་ཕྲག་གཅིག་བཟླས་སོ། ། དེ་ན་ཟླ་བ་ཡོངས་སུ་གང་བ་ན་ཇི་ལྟ་བའི་དངོས་ པོས་མཆོད་པར་བགྱིས་ཏེ། ཇི་སྲིད་ནམ་ཕྱེད་པ་དེ་སྲིད་དུ་བཟླས་པས་ངེས་པར་འོང་བར་འགྱུར་རོ། ། འོངས་པ་ན་འདོད་པ་བྱས་བས་ཆུང་མར་འགྱུར་རོ། །
BO
འདོད་པའི་མཆོག་རབ་ཏུ་སྟེར་ཞིང་དངུལ་ཆུ་དང་བཅུད་ལེན་དང་དངོས་གྲུབ་ཀྱི་རྫས་ཀྱང་སྟེར་བར་འགྱུར་རོ། ། དེ་ནས་རལ་ པ་གཅིག་མའི་སྒྲུབ་ཐབས་བདག་གིས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། ། གནོད་སྦྱིན་མོ་རྣམས་སྒྲུབ་པའི་དུས་སུ་རལ་བ་གཅིག་མ་རྣམ་པར་བསྒོམ་བར་བྱའོ། ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་ཁ་དོག་སྔོན་མོ། འཇིགས་པ་ཆེན་མོ་བྷ་གའི་དཀྱིལ་འཁོར་ ལ་བསྒོམ་པར་བྱའོ། ། ཤར་གྱི་འདབ་མ་ལ་ཛམྦྷ་ལ་བསྒོམ་པར་བྱའོ། ། ནོར་བུ་འཛིན་པ་ནི་ལྷོ་རུའོ། ། ཆུ་དབང་ནི་ནུབ་ཏུའོ། ། ཙིའི་འཁྱིལ་བ་ནི་བྱང་དུའོ། ། མེ་ལ་སོགས་པའི་མཚམས་བཞི་ལ་གནོད་སྦྱིན་མོ་བཞི་བསྒོམ་བར་བྱ་སྟེ། ཀུཎྜ་ལཱཾ་དང་། ཧ་ཌྷི་ནཱི་དང་། རོ་ཧྲཾ་དང་། མཛེས་ མ་རྣམས་ཆོ་གས་དགོད་པར་བྱའོ། ། དེ་ནས་སྒོ་སྐྱོང་བསྒོམ་བྱ་ཞིང་། ། དབྱུག་པ་ལ་སོགས་མཐའ་དག་ལ། ། སྔོན་དུ་འཁོར་ལོ་ཇི་ལྟ་བཞིན། ། དེ་བཞིན་ཁ་དོག་རབ་ཏུ་སྦྱོར། ། ཀུན་ལ་བདག་པོའི་མཚན་མ་འཛིན། ། ཕྱི་ནས་ཀྱང་ནི་སྔགས་བཟླས་ཏེ། ། ཨོཾ་ཨེ་ཀ་ཛ་ཊི་བ་ སུ་སཱ་དྷ་ནི་སྭཱ་ཧཱ། དེ་ནས་པུཀྐ་སཱི་ཡི་ནི། ། སྒྲུབ་ཐབས་བདག་གིས་བཤད་པར་བྱ། ། གང་གིས་བསྒོམས་ཙམ་སྐད་ཅིག་ལས། །
BO
འཇིག་རྟེན་གསུམ་ལ་པུཀྐ་སཱི། ། ཁ་དོག་དམར་སེར་ཞལ་བཞི་པ། ། ཕྱག་བཞི་བོང་བུ་ལ་ཞོན་སྒོམ། ། ལས་ཀྱི་པུཀྐ་སཱི་ཡི་ནི། ། བྱ་རོག་དང་ནི་ཐོ་བ་ དང་། ། མདའ་གཞུ་བརྟུལ་ཞུགས་ཅན་གྱིས་བསྒོམ། ། སྔགས་བཟླས་པར་བྱའོ། ། ཨོཾ་པུཀྐ་སཱི་ཨོཾ། དེ་ནས་འཇམ་པའི་རྡོ་རྗེ་ཡི། ། སྒྲུབ་ཐབས་བདག་གིས་རབ་བཤད་བྱ། ། འཇམ་པའི་རྡོ་རྗེའི་གྲུབ་པ་ལས་སྐད་ཅིག་གཅིག་ལས་མི་མཐོང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་རོ་ལངས་གནོད་སྦྱིན་མོ་བསྒྲུབ་པ་སྟེ་རིམ་པར་ཕྱེ་བ་དགུ་པའོ། ། ། ། དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོས་རོ་ལངས་དང་། གཅན་གཟན་གདུག་པ་ཅན་ལ་སོགས་པ་བསྲུང་བའི་སྔགས་བཤད་པར་བྱའོ། ། འབུམ་ཕྲག་བཞི་ནི་བཟླས་ པ་ཡིས། ། དོན་གྲུབ་ས་བོན་གཏོར་བྱས་ན། ། རོ་ནི་དོན་བྱེད་ལངས་འགྱུར་ཏེ། ། འཚོ་བར་ཡང་ནི་ཐེ་ཚོམ་མེད། ། ཞི་ལ་གཤིན་རྗེ་གཤེད་དཀར་པོ། ། རྣལ་འབྱོར་བསྒོམ་བྱར་རྟག་ཏུ་རིག ། ལག་ན་དོན་འགྲུབ་ས་བོན་ལ། ། འབུམ་ཕྲག་བཞི་ནི་བཟླས་པ་ཡིས། ། རོ་ནི་མདུན་དུ་ཕྱོགས་བྱས་ནས། ། ཡུངས་ཀར་གྱིས་ནི་བསྣུན་གྱུར་ན། ། དེ་ཉིད་ལྡང་བར་ཐེ་ཚོམ་མེད། །
BO
གལ་ཏེ་ནག་པོས་བཟུང་གྱུར་ན། ། ཧཱུྃ་མཛད་དཀར་པོ་དང་མཚུངས་པ། ། བསྒྲུབ་བྱ་ཡི་ནི་སྙིང་གར་བསྒོམ། ། ཧྲཱིཿཥྚྲཱིཿལ་སོགས་སྔགས་རྣམས་བཟླས། ། འོད་ཟེར་གྱིས་ནི་དུག་རྣམས་དགུག ། ལག་པ་གཡས་ དང་དེ་བཞིན་གཡོན། ། པདྨ་འདབ་མ་བརྒྱད་པ་འཛིན། ། དེ་དབུས་ཧཱུྃ་མཛད་དཀར་པོ་སྟེ། ། འོད་ཟེར་གྱི་ནི་བདུད་རྩི་འབབ། ། དེ་ཡི་མགོ་བོའི་སྟེང་དུ་ཡང་། ། བསིལ་ཟེར་བྱེད་པའི་དཀྱིལ་འཁོར་དབུས། ། མཁས་པས་ཧཿཡིག་བསམ་པར་བྱ། ། ཧྲཱིཿཥྚྲཱིཿལ་སོགས་སྔགས་ དེ་ཡི། ། རྒྱུད་ཀྱི་དུག་རྣམས་དྲང་བྱ་སྟེ། ། ཨོཾ་ཧྲཱིཿཥྚྲཱིཿཧཿཧྲཱྃཿཛཿཕུཿཞེས་པའི་སྔགས་ཀྱི་ཡི་གེས་མགོ་བོ་ནས་བརྩམས་ནས་རྐང་བའི་མཐར་ཐུག་པ་སྔགས་ཀྱིས་བྱ་བ་པར་བྱའོ། ། བདུད་རྩིའི་ཆར་རྒྱུན་འབབ་པར་བསྒོམ། ། དེ་ཡིས་འཚོ་བར་ཐེ་ཚོམ་མེད། ། ས་བོན་ཡི་གེ་ལས་གྲུབ་པའི། ། གཟུངས་ཀྱིས་འཆིང་བ་མཆོག་ཏུ་འགྱུར། ། རྨ་ཡི་གནས་ལ་འདི་བསྒོམ་སྟེ། ། ཁ་དོག་སེར་པོ་ལས་བྱུང་བའི། ། ཨོཾ་ཡིག་ལ་སོགས་མཐར་ཚེག་དྲག ། ཧ་ཋའི་རྣམ་པ་སྦྱར་བྱས་ལ། ། སྦྱོར་བ་ཡིས་ཀྱང་བརྡ་བར་བྱ། ། མགོ་གཟེར་རབ་ཞི་བློ་མཆོག་ལྡན། ། དེ་བཞིན་གཞན་ ཡང་སྒོམ་དང་ནི། ། བི་ཀ་ཊ་དང་རྐང་ཤུ་སོགས།
BO
། རབ་ཏུ་སྦྱོར་བ་མང་པོ་རྣམས། ། ལག་པས་ངེས་གཟུང་འཚོ་བར་བྱེད། ། དེ་ནས་རྒྱལ་པོ་རྡོ་རྗེ་འཆང་། ། བསྲུང་བའི་འཁོར་ལོ་རབ་སྦྱོར་བ། ། བགེགས་དང་ལོག་འདྲེན་གདུག་པ་རྣམས། ། བརྟུལ་ཞུགས་ཅན་གྱིས་གཞོམ་ བྱའི་ཕྱིར། ། བདག་ཉིད་དཔལ་ལྡན་དབྱུག་འཛིན་གྱི། ། སྤྲུལ་བའི་འཁོར་ལོ་རབ་ཏུ་སྦྱོར། ། དབྱུག་པའི་འོད་ཀྱིས་རང་ལུས་ཁྱབ། ། སྐུ་གསུམ་ལས་ནི་སྐྱེས་པའོ། ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། ། སྤྱོད་པའི་ཚུལ་དང་ཁྱད་པར་དང་། ། ས་དང་ཕ་རོལ་ཕྱིན་པ་ ལ། ། ལྷ་མོ་ཁྱོད་ནི་དབང་དུ་གྱུར། ། གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ། ། སློབ་དཔོན་བདག་གིས་དཀྱིལ་འཁོར་བྲི། ། གོས་ཀྱིས་གདོང་ནས་བཅིངས་བྱས་ལ། ། དཀྱིལ་འཁོར་ཁང་པའི་སྒོ་དྲུང་དུ། ། ཀྱེ་མ་འབོད་པ་སུ་ཞིག་ལགས། ། སྐལ་བཟང་བདག་ཅེས་བརྗོད་པར་ བྱ། ། ཡོལ་བ་ཡི་ནི་ནང་བྱས་ནས། ། བླ་མ་མགོན་ལ་མཁས་པས་ཞུ། ། གུས་པ་ཆེན་པོས་དབང་གི་ཕྱིར། ། རྗེས་སུ་མགོན་བྱེད་ལན་གསུམ་བརྗོད། ། ཇི་ལྟར་སངས་རྒྱས་བདེ་ཆེན་གྱིས། ། རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། ། བདག་ཀྱང་མགོན་པོས་དབང་བསྐུར་ནས། ། མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །
BO
གླུ་དང་རོལ་མོས་དེ་བཞིན་མཆོད། ། མཆོད་ཡོན་ཞབས་བསིལ་དེ་བཞིན་དུ། ། སློབ་མས་གུས་དང་བཅས་ཏེ་དབུལ། ། བསྟོད་པ་ཡང་ནི་དེ་ལ་བྱ། ། དེ་ནས་རྒྱལ་པོ་རྡོ་རྗེ་འཆང་། ། སྟོང་ཉིད་གསུངས་པ་འདི་ལྟ་སྟེ། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ཞི་བ་ལ་སོགས་པའི། ། སྦྱིན་སྲེག་རབ་དབྱེ་བདག་གིས་བཤད། ། གང་གིས་ལས་ཀུན་རབ་སྒྲུབ་པ། ། སྦྱིན་སྲེག་གིས་ནི་འགྲུབ་པར་འགྱུར། ། ཞི་ལ་ ཞི་བའི་སེམས་ཀྱིས་ཏེ། ། རྒྱས་ལ་རྒྱས་པའི་སེམས་ཀྱིས་སོ། ། དབང་ལ་རྗེས་སུ་ཆགས་སེམས་ཏེ། ། གསང་བ་ལ་ནི་ཁྲོ་སེམས་ཀྱིས། ། ཞི་ལ་མཎྜལ་རྣམ་པ་སྟེ། ། རྒྱས་ལ་རྫིང་གི་རྣམ་པའོ། ། དབང་ལ་ཟླ་བ་ཕྱེད་པ་སྟེ། ། ནམ་མཁའི་ཁམས་ནི་གསད་པ་ལ། ། ཞི་ལ་ ཁྲུ་གང་ཚད་ཡིན་ཏེ། ། རྒྱས་ལ་དེ་བཞིན་ཁྲུ་དོའོ། ། རྒྱས་པ་ཇི་ལྟ་དེ་བཞིན་དབང་། ། གསད་ལ་སོར་མོ་ཉི་ཤུའོ། ། ཞི་ལ་ཁྲུ་ཕྱེད་གཏིང་དུའོ། ། ཁྲུ་ཡི་ཚད་ཀྱིས་རྒྱས་པ་ལ། ། གསད་པ་ལ་ནི་ལྔ་གཉིས་སོ། ། རྒྱས་པ་ཇི་ལྟར་དེ་བཞིན་དགུག ། ཞི་བའི་སྦྱིན་སྲེག་ཚེས་ གཅིག་ལ། །
BO
རྒྱས་པ་ཟླ་བ་གང་བ་ལ། ། བཅུ་བཞི་ལ་ནི་མངོན་སྤྱོད་དོ། ། བརྒྱད་ལ་དབང་གི་ལས་ཡིན་ནོ། ། ཉ་སྐྱོགས་དང་ནི་ཤེལ་དག་དང་། ། ཞི་ལ་མུ་ཏིག་འབྲས་བུ་མཆོག ། དུང་གི་བུ་ནི་འཚོ་བ་ལ། ། ནད་མེད་པ་ལ་མུ་མེན་ནོ། ། ཙནྡན་དམར་པོ་དག་དང་ནི། ། བྱི་རུ་ དམར་པོའི་ཁྱད་པར་དང་། ། རགྣ་དང་ནི་ལུང་ཐང་ནག ། མི་ཡི་རུས་དང་དེ་བཞིན་དུ། ། ནཱ་ག་ཕ་ཎཱི་ཞེས་བྱ་རྣམས། ། ཞི་བ་ལ་ནི་བརྒྱ་ཕྲག་གཅིག ། རྒྱས་པ་བརྒྱད་ཀྱིས་ལྷག་དེ་བཞིན། ། དབང་དགུག་ཉི་ཤུ་རྩ་ལྔའོ། ། མངོན་སྤྱོད་དྲུག་ཅུ་རྩ་བཞིའོ། ། རྡོག་པོ་རྣམས་ནི་ སྔགས་ཀྱིས་བསྐུ། ། བརྒྱ་ཕྱེད་སྔགས་ཀྱིས་བསྒྲུབ་པར་བྱ། ། ཕྲེང་བ་ཀུན་ལ་མཐར་མདུང་བྱ། ། དེ་བཞིན་དུ་ནི་རི་རབ་གཉིས། ། མཛུབ་མོའི་སྟེང་ནས་ཞི་བ་ལ། ། གུང་མོ་ལ་ནི་རྒྱས་པའོ། ། དབང་དགུག་དག་ལ་མིང་མེད་ལས། ། ཆད་པས་བཅད་ལ་མཐེ་ཆུང་ལས། ། ཞི་ལ་ཁ་ དོག་དཀར་པོ་དང་། ། ཁ་དོག་སེར་པོ་རྒྱས་པ་ལ། ། དམར་པོ་དབང་ལ་རྟག་ཏུ་བསྒོམ། ། ནག་པོ་ཤིན་ཏུ་གསད་ལ་འདོད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་སྦྱིན་སྲེག་གི་ཆོ་ག་སྟེ་རིམ་པར་བྱེ་བ་བཅུ་པའོ། ། ། །
BO
རྣལ་འབྱོར་བཞི་དང་ལྡན་པའི་རྣལ་འབྱོར་པས་སྣ་ཚོགས་པའི་བཅའ་བ་ལ་སོགས་པ་དང་། ། བཟའ་བ་དང་། མྱང་བ་དང་། བཏུང་བ་དང་། བལྡག་པ་ལ་སོགས་པ་དང་ཡང་དག་པར་ལྡན་པའི་དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་ལ་སོགས་པ་རྣམས་ཀྱིས་རབ་ཏུ་གང་བ་ལ་རོལ་མོའི་སྒྲ་ཆེན་པོ་ལྔ་བསྒོམ་པར་བྱའོ། ། མདུན་དུ་གཏོར་མ་བཞི་ཁྱོགས་དང་ཁུར་དང་དཔུང་ཐེགས་དང་མཐའ་ན་ཟན་ཙམ་ཆུ་དང་བཅས་པ་ཁྱོར་བ་གསུམ་དང་ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་ དང་ལྡན་པ་བཤམས་ནས་དེ་སྟོང་པར་དམིགས་ཏེ་བརྩམ་པར་བྱའོ། ། ནམ་མཁའི་ཁམས་སུ་པདྨ་འདབ་མ་བརྒྱད་པ་བསྒོམ་པར་བྱ་སྟེ། ། གེ་སར་དང་བཅས་པའི་ཟེའུ་འབྲུ་ལ་ཡྃ་ཡིག་ལས་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་གཞུའི་རྣམ་པ་ལ་རྩེ་མོ་གཉིས་ལ་གཡོ་བའི་བ་དན་ དཀར་པོ་བརྒྱད་ཀྱིས་སྤྲས་པའོ། ། དེའི་སྟེང་དུ་རྃ་ཡིག་ལས་མེའི་དཀྱིལ་འཁོར་ཟུར་གསུམ་དམར་པོ་ཟུར་གསུམ་ན་ར་ཡིག་གིས་སྤྲས་པའོ། །
BO
དེའི་སྟེང་དུ་རུ་ཡིག་གསུམ་ཡོངས་སུ་གྱུར་པ་ལས་མགོ་བོ་དམར་པོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱཿཡིག་ལས་སྐྱེས་པའི་པདྨའི་སྣོད་ཕྱི་ དཀར་ལ་ནང་དམར་བ་དེ་ལ་ཆུ་སྐྱེས་འདབ་མ་བརྒྱད་པའི་རྣམ་པར་བསམ་པར་བྱའོ། ། དེའི་ཤར་ལ་སོགས་པའི་འདབ་མ་ལ་ཨོཾ་ཨཱྃ་ཛྲཱིྃ་ཁྃ་ཧཱུྃ་གི་ཡི་གེ་རྣམས་ལས་རྣམ་པར་སྣང་མཛད་ལ་སོགས་པའི་རང་གཟུགས་རྣམས་སོ། ། དེ་བཞིན་དུ་མེ་ལ་སོགས་པའི་མཚམས་རྣམས་ལ་ ལཱྃ་མཱྃ་པཱྃ་ཏཱྃ་བཱྃ་གི་ཡི་གེ་རྣམས་ལས་སྤྱན་མ་ལ་སོགས་པའི་རང་གཟུགས་རྣམས་བསྒོམ་པར་བྱའོ། ། ཡི་གེ་བཅུ་པོ་འདི་རྣམས་ཡོངས་སུ་གྱུར་པ་ནི་གོ་ཀུ་ད་ཧ་ན་རྣམས་དང་། ། བི་ར་ཤུ་མཱ་མཱུ་ཞེས་པ་སྟེ། འདི་རྣམས་ཀྱི་ས་བོན་གྱི་ཡི་གེས་མཚན་པའི་དམ་ཚིག་གི་རྫས་བཅུ་པོ་དེ་པདྨའི་ སྣོད་དུ་བལྟས་ཏེ། དེའི་སྟེང་དུ་ཨོཾ་ཡིག་ཁ་དོག་དཀར་པོས་བཀབ་པའི་གཟུག་སུ་བསྒོམ་མོ། ། ཨོཾ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ལས་བྱུང་བའི་རྡོ་རྗེ་དབྱུག་པ། དེ་ས་བོན་གྱིས་མཚན་པ་བལྟས་ཏེ།
BO
དེ་ཡང་པདྨའི་སྣོད་ལས་འོག་ ན་སྒྱེད་པུ་ལ་ཨོཾ་ཨཱཿཧཱུྃ་ལན་གསུམ་བཟླས་ཤིང་བརྗོད་པར་བསྒོམས་ཏེ་སྔོན་མ་རྒྱུན་མ་ཆད་པར་རླུང་གི་དཀྱིལ་འཁོར་རྒྱ་ཆེན་པོ་དང་། རབ་ཏུ་འབར་བ་མེའི་དཀྱིལ་འཁོར་བསྒོམས་ཏེ། རྒྱ་ཆེན་པོ་འབར་ཞིང་བར་མ་ལུས་པའི་རང་གཟུགས་གོ་ཀུ་ལ་སོགས་པའི་ དམ་ཚིག་གི་རྫས་བཅུ་ཞུ་བ་ལས་རྡོ་རྗེ་དབྱུག་པས་དཀྲུགས་པར་བལྟའོ། ། དེ་ཡང་རྡོ་རྗེ་དབྱུག་པས་བདུད་རྩི་ཞུ་སྟེ་ཉི་མ་གསར་པའི་ཁ་དོག་གམ། དངུལ་ཆུའི་རྣམ་པར་བསམ་པར་བྱའོ། ། དེ་ལ་ཡང་ཨོཾ་ཨཱཿཧཱུྃ་གསུམ་གྱི་ཡི་གེ་བལྟས་ཏེ། དེ་ལས་ཡི་གེ་གསུམ་གྱི་འོད་ ཟེར་གྱི་ཚོགས་ཆེན་པོ་རྣམ་པར་འཕྲོས་ཏེ་འཇིག་རྟེན་གསུམ་ན་གནས་པའི་བདུད་རྩི་རབ་ཏུ་མང་པོ་འོད་ཟེར་གྱིས་བཀུག་སྟེ། དེ་ལ་རབ་ཏུ་གཞུག་པར་བྱའོ། ། དེ་རབ་ཏུ་ཞུགས་པས་ཟླ་བའི་འོད་ཟེར་ཚོགས་པ་ཤིན་ཏུ་ལྷག་པ་ཡོངས་སུ་གྱུར་པ་ལས་ཁ་བ་ལྟ་བུ་སྦྲང་རྩིའི་ཚོགས་པའི་ གཟུགས་ཀྱིས་མནན་པར་བྱའོ། ། ཕྱི་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ་སྟེ།
BO
ཁ་དོག་དང་དྲི་དང་རོ་བཅུད་དང་ལྡན་པ་སྟོན་ཀའི་ཟླ་བ་དྲི་མ་མེད་པའི་འོད་ལྟ་བུ་ཡེ་ཤེས་ཀྱི་བདུད་རྩིའི་སྦྱོར་བས་གཏོར་མར་གྲུབ་པར་འདུན་པ་བྱའོ། ། གཤིན་རྗེ་གཤེད་ཀྱི་གཟུགས་འཛིན་ པའི་སྔགས་ཀྱིས་ཁྲོ་བོ་རྣམས་ལ་ཕྱག་ན་ཞགས་པ་དང་ལྕགས་ཀྱུ་འཛིན་ཅིང་འཕྲོ་བས་ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་འབིགས་ཤིང་མགྲིན་པ་ལ་ཞགས་པས་བཅིངས་ཏེ་འགུགས་བར་བསྒོམ་པར་བྱའོ། ། དེ་ནས་ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་དུཥྚཱནྡྲ་ས་པ་རི་ཝཱ་ ར་མཱ་ཀརྵ་ཡ་ཛཿསྔགས་འདིས་དབང་པོ་མིག་སྟོང་སེར་སྐྱ་གླང་པོ་ཆེ་དཀར་པོ་ལ་ཞོན་པ། ལག་པ་གཡས་པ་དང་གཡོན་པ་རྡོ་རྗེ་དང་སྡིགས་མཛུབ་ཅན་བཀུག་སྟེ་ཤར་དུ་རྣམ་པར་དགོད་པར་བྱའོ། ། དེ་བཞིན་དུ་དེའི་སྔགས་ཀྱིས་ཉེ་བའི་དབང་པོ་བྱ་ཁྱུང་ལ་གནས་པ། རིན་པོ་ཆེའི་ཅོད་ པན་ཅན། གཡས་ན་དབྱུག་པ་དང་འཁོར་ལོ། གཡོན་ན་དུང་དང་ནོར་བུ་འཛིན་པ། དེའི་གཡོན་མི་རིང་བ་ན་གནས་པའོ། ། ཡང་དེ་བཞིན་དུ་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ། དབྱུག་པ་འཛིན་པ་ལྷོར་གནས་པའོ། ། ཡང་དེ་བཞིན་དུ་ཆུ་བདག་ཁ་དོག་དཀར་པོ་སྦྲུལ་ལ་ གནས་པ། ལག་ན་ཀླུའི་ཞགས་པ་འཛིན་པ།
BO
ནུབ་ཏུ་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་ལུས་ངན་པོ་སེར་པོ་གཏེར་ལ་གནས་པ། ལག་ན་བཱི་ཛ་པཱུ་ར་ཀ་དང་ན་ཀུ་ལི་བསྣམས་པ། བྱང་དུ་རྣམ་པར་གནས་པའོ། ། དེ་བཞིན་དུ་སྣ་ལྡན་དཀར་པོ་བྱི་བ་ལ་གནས་པ། གཡས་ ན་བགྲང་ཕྲེང་དང་དགྲ་སྟ་འཛིན་པ། ། གཡོན་ན་ལ་ཕུག་དང་ལ་དུའོ། ། དེ་བཞིན་དུ་དབང་ལྡན་དཀར་པོ་ཁྱུ་མཆོག་དཀར་པོ་ལ་གནས་པ། ། རལ་པ་འཛིན་པ་རྩེ་གསུམ་དང་ཐོད་པ་ལག་ན་བསྣམས་པ། ལག་པ་གཉིས་གཽ་རཱི་ལ་འཁྱུད་པ། དབང་ལྡན་དུ་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་མེ་ལྷ་དམར་པོ་ར་ལ་གནས་པ། ལག་ན་བགྲང་ཕྲེང་དང་སྤྱི་བླུགས་བསྣམས་པ། མེའི་ཕྱོགས་སུ་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་སྲིན་པོ་ནི་རོལ་ཞོན་པ། ལག་ན་གྲི་གུག་དང་ཐོད་པ། ཁ་དོག་སྔོན་པོ་ཁྲོ་ཞིང་གཏུམ་པ་བདེན་བྲལ་གྱི་ཕྱོགས་ སུ་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་རླུང་ལྷ་དུ་བའི་ཁ་དོག་{རི་དགས་,རི་དྭགས་}སེར་པོ་ལ་གནས་པ། རླུང་གི་བ་དན་བསྣམས་པ། རླུང་གི་ཕྱོགས་ན་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་ཉི་མ་ནི་དམར་པོ། ལག་པ་གཉིས་ན་པདྨ་འཛིན་པ། རྟ་བདུན་གྱི་སྟེང་ན་སྟེང་ གི་ཕྱོགས་སུ་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་ཟླ་བ་ནི་དཀར་པོ། །
BO
ལག་པ་གཉིས་ན་ཀུ་མུ་ད་བསྣམས་པ། ཤིང་རྟ་ལ་ཞོན་པ། སྟེང་གི་ཕྱོགས་ན་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་ཚངས་པ་ནི་སེར་སྐྱ་གདོང་བཞི་པ། སྤྱི་བླུགས་དང་མི་འཇིགས་པ། དབྱུག་པ་དང་བགྲང་ཕྲེང་བསྣམས་པ། ངང་པ་ལ་ཞོན་པ། སྟེང་གི་ཕྱོགས་ན་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་སའི་ལྷ་མོ་ཕྱག་གཡོན་ན་བུམ་པ་བསྣམས་པ། གཡས་ན་དམ་འཆའ་དང་ཁས་ལེན་གྱི་ཕྱག་རྒྱ་སྟེ། འོག་གི་ཕྱོགས་སུ་རྣམ་པར་གནས་པའོ། ། ཡང་དེ་བཞིན་དུ་ཐགས་ཟངས་རིས་སྔོན་པོ་ཤིང་རྟ་ལ་གནས་པ། གཡས་དང་གཡོན་ན་རལ་གྲི་དང་སྡིགས་མཛུབ་འཛིན་པ། དེ་ཡང་དེ་བཞིན་དུ་རྣམ་པར་གནས་པའོ། ། དེ་རྣམས་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་གཟུགས་ལ་ལག་ན་ཕུར་བུ་འཛིན་པས་ཁྲོ་བོའི་མགྲིན་པ་དང་སྙིང་ གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ། དེ་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་སྤྱི་བོ་དང་རྐང་པའི་མཐར་ཐུག་འདིས་ཕུར་བུས་གདབ་པར་བྱ་སྟེ།
BO
ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཧཱུྃ་སརྦཱེནྟ་དི་ན་ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་པ་ནི་ཕུར་བུ་བར་མ་ཆད་པར་གྲུབ་པའི་ཁུ་ བའི་ཚོགས་པ་ལ་སོགས་པས་དེ་ཐམས་ཅད་ཀྱང་གཤིན་རྗེ་མཐར་བྱེད་ཀྱི་རྣམ་པར་གྲུབ་པའི་མཐར་བྱང་ཆུབ་སེམས་ཀྱི་ཁུ་བའི་གཟུགས་རླུང་གི་ས་བོན་གྱི་རྟགས་ཀྱི་{གོ་རིམས་ཀྱིས་,གོ་རིམ་གྱིས་}གྲུབ་པའི་མཐའ་ལ། དེ་ལ་ཧྲཱིཿཡིག་གི་ས་བོན་ལས་གྲུབ་པ་ནི་དབང་པོའོ། ། ཥྚྲཱིཿཡིག་གི་ས་བོན་ལས་གྲུབ་ པ་ནི་གཤིན་རྗེའོ། ། བི་ཡིག་གི་ས་བོན་ལས་གྲུབ་པ་ནི་ཆུ་བདག་གོ། ། གྲྀ་ཡིག་གི་ས་བོན་ལས་གྲུབ་པ་ནི་ལུས་ངན་ནོ། ། ཏཱ་ཡིག་གི་ས་བོན་ལས་ཟུབ་པ་ནི་དབང་ལྡན་ནོ། ། ཨ་ཡིག་གི་ས་བོན་ལས་གྲུབ་པ་ནི་མེའོ། ། ན་ཡིག་གི་ས་བོན་ལས་གྲུབ་པ་ནི་བདེན་བྲལ་ལོ། ། ན་ཡིག་གི་ ས་བོན་ལས་གྲུབ་པ་ནི་རླུང་ངོ་། ། ཧཱུྃ་ཡིག་གིས་བོན་ལས་གྲུབ་པ་ནི་ཟླ་བའོ། ། ཧཱུྃ་ཡིག་གི་ས་བོན་ལས་གྲུབ་པ་ནི་ཉི་མའོ། ། ཕཊ་ཡིག་གི་ས་བོན་ལས་གྲུབ་པ་ནི་ཚངས་པའོ། ། ཕཊ་ཡིག་གི་ས་བོན་ལས་གྲུབ་པ་ནི་ནོར་རྒྱུན་མའོ། ། ས་ཡིག་གི་ས་བོན་ལས་གྲུབ་པ་ནི་ཐགས་ ཟངས་རིས་སོ། །
BO
ཧཱ་ཡིག་གི་ས་བོན་ལས་གྲུབ་པ་ནི་འབྱུང་པོ་ཐམས་ཅད་དོ་ཞེས་ཏེ། དེ་བཞིན་དུ་གྲུབ་པར་བསམ་པར་བྱའོ། ། དེ་རྣམས་ཀྱི་མིག་ལ་སོགས་པ་རྣམས་ལ་ཇི་ལྟར་གནས་པ། ཡང་མིག་ལ་སོགས་པ་རྫོགས་པའི་སྐུ་ལ་སོགས་པ་རྣམས་ལ་ཡང་སྐུ་རྡོ་རྗེ་ལ་སོགས་ པ་ཇི་ལྟར་མངོན་པར་དབང་བསྐུར་བ་བཞིན་དུ་གཤིན་རྗེ་མཐར་བྱེད་ཀྱིས་དབུ་བརྒྱན་པ་ཉིད་དོ། ། ཡང་མཆོད་ཡོན་ལ་སོགས་པའི་བསང་གཏོར་དང་། ཞལ་བསིལ་ལ་སོགས་པ་དབུལ་བར་བྱའོ། ། ཕྱི་ནས་གཏོར་མ་ཉེ་བར་དབུལ་བ་ནི་བདུད་རྩི་སྒྲུབ་པའི་{གོ་རིམས་,གོ་རིམ་}སྔོན་དུ་རྫོགས་ པ་ལ་དེ་ཉིད་གསུམ་གྱིས་མངོན་པར་བསྔགས་ཏེ་ཡང་དེ་རྣམས་ཀྱི་ལྗགས་རབ་ཏུ་སྦྱོར་བར་བསྒོམ་པར་བྱའོ། ། སྔགས་འདིས་བདུད་རྩི་དབུལ་བར་སྟེ། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤ་རཱི་རཱ་ཡ། རཀྟ་བྷུ་ཛཱ་ཡ། རཀྟ་མུཎྜ་མཱ་ལཱ་བྷ་ར་ཎཱ་ཡ། རཀྟ་ ར་ཐ་ས་མཱ་རཱུ་ཌྷཱ་ཡ། རཀྟ་པདྨཱ་ས་ནཱ་ཡ། རཀྟ་བྷ་ར་ཎ་བྷཱུ་ཥ་ཎཱ་ཡ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། མ་མ་བི་གྙཱཾ་ཧ་ར་ཧ་ར། ཙ་ཏུ་ར་མཱ་རཱ་ནཱི་བཱ་ར་ཡ། ནི་བཱ་ར་ཡ། ཏྲཱ་ཤ་ཡ་ཏྲཱ་ཤ་ཡ། བྷྲཱ་མ་ཡ་བྷྲུ་མ་ཡ། ཙྪིནྡ་ཙྪིནྡ། བྷིནྡྷ་བྷིནྡྷ། ནཱ་ཤ་ཡ་ནཱ་ཤ་ཡ།
BO
ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེད་ཙྪེད། བྷེ་ ད་བྷེ་ད། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཕྱི་ནས་སོ་སོའི་ཆ་ཡིས་སྤྱད་པར་བྱ། ། ཨོཾ་ཨིནྡྷཱ་ཡ་ན་མཿཧྲཱིཿ། ཡ་མཱ་ཡ་ན་མཿཥྚྲཱིཿ། བ་རུ་ཎཱ་ཡ་ན་མཿཝི། ཀུ་བེ་རཱ་ཡ་ན་མཿཀྲྀ། ཨི་ཤྭ་རཱ་ཡ་ན་མཿཏ། ཡགྣ་ཡེ་ན་མཿཨཱ། ནཻ་རྀ་ཏྱཱ་ཡ་ན་མཿན། བཱ་ཡ་བེ་ན་མཿན། ཙནྡྲ་ཡ་ན་མཿཧཱུྃ། ཨརྐྐ་ཡ་ན་མཿཧཱུྃ། བྲཧྨ་ཎེ་ན་མཿཕཊ། བ་སུ་དྷ་རཱ་ཡཻ་ན་མཿཕཊ། བེ་མ་ཙི་ཏྲི་ཎེ་ན་མཿསྭཱ། སརྦྦ་བྷཱུ་ཏི་བྷྱོ་ན་མཿཧཱ། ཧ་ཧ་ཧ་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ། ཕེྃ་ཕེྃ་ཕེྃ། ཕྱི་ནས་མེ་ཏོག་དང་སྤོས་དང་མར་མེ་དང་ཞལ་ཟས་ལ་སོགས་པ་ཡང་དབུལ་བར་བྱའོ། ། དེ་རྣམས་ཀྱང་སྒྲུབ་པ་པོའི་མངོན་པར་རབ་ཏུ་དད་པས་རོ་བཅུད་ ཐམས་ཅད་མྱོང་ཞིང་ལོངས་སྤྱོད་པར་འགྱུར་རོ། ། རྡོ་རྗེ་གསོར་ཞིང་དྲིལ་བུ་དལ་གྱིས་འཁྲོལ་བས་གནས་དེ་ལ་བསྟོད་པར་བྱའོ། ། གཏི་མུག་དགའ་མ་ལ་སོགས་པ་རྣམས་ལ་ཕྱི་ནས་མངོན་པར་འདོད་པ་ཞུས་ཏེ་མཆོད་པའི་མཐར་བཞད་པ་སྔགས་རྣམ་པ་བརྒྱད་བརྗོད་པར་བྱ་སྟེ། དེ་ལ་སྔགས་འདིས་གཤེགས་སུ་གསོལ་ལོ། ། ཧ་ཧཱ་ཧེ་ཧྲཻ་ཧོ་ཧཽ་ཧཱུྃ་ཧཱུྃ། བི་ས་རཛྫ་ཡེ་ཏ། ཨོཾ་ཨཱཿམུ་ཞེས་པས་ཀྱང་ངོ་། ། ཕྱི་ནས་སྒྲུབ་པ་པོའི་མངོན་པར་འདོད་པས།
BO
སེམས་ཅན་ཀུན་གྱི་དོན་མཛད་ཕྱིར། ། ཇི་ལྟར་རྗེས་འཇུག་དངོས་གྲུབ་སྩོལ། ། སངས་རྒྱས་ཡུལ་དུ་གཤེགས་ནས་ ཀྱང་། ། སླར་ཡང་འདིར་ནི་བྱོན་པར་ཞུ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་གཏོར་མའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་བསྟོད་པ་མཛད་དེ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། ། གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། ། སྟོན་པ་སངས་རྒྱས་ཀུན་རང་བཞིན། ། རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། ། ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། ། གཤིན་རྗེ་གཤེད་པོ་ ཤིན་ཏུ་འཇིགས། ། རྡོ་རྗེའི་ཐུགས་དང་རབ་མཚུངས་པ། ། རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། ། འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། ། འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། ། དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག ། རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། ། ཕྲག་དོག་རྡོ་རྗེའི་རང་ བཞིན་ཁྱོད། ། གཤིན་རྗེ་གཤེད་པོ་ལས་ཀུན་པ། ། རྡོ་རྗེའི་སྐུ་དང་རབ་མཚུངས་པ། ། ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །
BO
སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། ། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། ། སངས་རྒྱས་ཀུན་གྱི་རབ་མཆོག་གཙོ། ། དཀྱིལ་འཁོར་ དབང་ཕྱུག་ཕྱག་འཚལ་བསྟོད། ། རྡོ་རྗེའི་མིག་དང་རྡོ་རྗེའི་རྣ་བ་དང་རྡོ་རྗེའི་སྣ་དང་རྡོ་རྗེའི་ལྕེ་དང་རྡོ་རྗེའི་ལུས་དང་རྡོ་རྗེའི་ཡིད་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་དམ་ཚིག་གོ། ། དེ་ནས་གཤིན་རྗེ་གཤེད་འཇིགས་ཀྱི། ། དཀྱིལ་འཁོར་ བདག་གིས་རབ་བཤད་བྱ། ། གཤིན་རྗེ་གཤེད་པོ་དང་མཚུངས་པ། ། དོན་རྣམས་ཐམས་ཅད་སྒྲུབ་བྱེད་པ། ། སྲད་བུ་གསར་པ་ལེགས་བསྒྲིམས་ཤིང་། ། མཛེས་ཤིང་ཚད་དང་ཡང་དག་ལྡན། ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ། ། ཤེས་རབ་ཅན་གྱིས་ཐིག་གདབ་བོ། ། མཚན་ ཉིད་ཐམས་ཅད་ཡོངས་རྫོགས་པ། ། དོན་མེད་ཐམས་ཅད་རྣམ་པར་འཇིག ། ཞི་བ་ལ་སོགས་རབ་སྒྲུབ་པའི། ། མཎྜལ་དཀྱིལ་འཁོར་རྣམ་པ་ལ། ། ལས་ཀྱི་རྡོ་རྗེ་བྲི་བྱ་སྟེ། ། དེ་ལ་རྩེ་ལྔ་མཐའ་དག་ལ། ། དེ་ཡི་དབུས་སུ་རྡོ་རྗེ་བྲི། ། རྡོ་རྗེ་འབར་བས་ཀུན་ཏུ་འཁྲིགས། ། ཤར་གྱི་ རྩིབས་ལ་འཁོར་ལོ་བྲི། ། འཁོར་ལོའི་འོད་ཟེར་ཀུན་ཏུ་འཁྲིགས། ། ལྷོ་རུ་རིན་ཆེན་བྲི་བྱ་སྟེ། །
BO
འོད་ཟེར་ཕྲེང་བས་ཀུན་ཏུ་ཁྱབ། ། ནུབ་ཏུ་པདྨ་བྲི་བྱ་སྟེ། ། པདྨ་རཱ་གའི་འོད་ཟེར་མཛེས། ། བྱང་དུ་རལ་གྲི་བྲི་བྱ་སྟེ། ། སྤྲིན་གྱི་ཁ་དོག་འོད་ཟེར་མཚུངས། ། ཤར་གྱི་མཚམས་སུ་འཁོར་ ལོ་བྲི། ། ལྷོ་རུ་རྡོ་རྗེ་བྲི་བར་བྱ། ། ནུབ་ཏུ་པདྨ་བྲི་བྱ་སྟེ། ། པདྨ་གདོང་བཅས་རྒྱས་པའི་ཞལ། ། བྱང་དུ་རལ་གྲི་བྲི་བྱ་སྟེ། ། འོད་ཟེར་ལྔ་དང་མཚུངས་པར་ལྡན། ། ཤར་གྱི་སྒོ་རུ་ཐོ་བ་སྟེ། ། རྡོ་རྗེ་དབྱུག་པ་ལྷོ་རུའོ། ། ནུབ་ཀྱི་སྒོ་རུ་ཆུ་སྐྱེས་ཏེ། ། རྡོ་རྗེ་རལ་གྲི་བྱང་དུའོ། ། དཀྱིལ་འཁོར་ རྫོགས་པར་ཤེས་བྱས་ལ། ། ཁྱད་པར་ཅན་གྱིས་མཆོད་བྱ་བ། ། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། ། ཐེ་ཚོམ་མེད་པས་སངས་རྒྱས་མཆོད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་དཀྱིལ་འཁོར་ཆེན་པོའི་རིམ་པར་ཕྱེ་བ་ སྟེ་བཅུ་གཉིས་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་གདབ་བོ། ། ཕྱག་རྒྱ་གསུངས་པས་རབ་སྦྱོར་བ། །
BO
གང་ གིས་རྡོ་རྗེ་རྣམས་ལ་བསྟོད། ། ཕྱག་རྒྱ་རྡོ་རྗེ་ཕྱག་རྒྱ་ཡིས། ། དངོས་གྲུབ་མང་པོ་སྒྲུབ་པར་མཛོད། ། དེ་ནས་རྒྱལ་པོ་རྡོ་རྗེ་འཆང་། ། ཚིག་འདི་དག་ནི་གསུང་བར་མཛད། ། དཀྱིལ་འཁོར་པ་རྣམས་ཐམས་ཅད་ཀྱི། ། སྤྱི་བོར་གཤིན་རྗེ་གཤེད་པོ་བསྒོམ། ། རྟག་ཏུ་དཀྱིལ་འཁོར་ཟླུམ་བྱས་ལ། ། རྟག་ ཏུ་སྦྱིན་སྲེག་མཆོད་པ་དང་། ། རྟག་ཏུ་དམ་ཚིག་བསྒྲུབ་བྱ་ཞིང་། ། དེ་ཡི་སྡོམ་པ་གཟུང་བར་བྱ། ། དང་པོ་ཅོད་པན་དབང་བསྐུར་ཏེ། ། གཉིས་པ་རལ་གྲི་སྦྱིན་པར་བྱ། ། གསུམ་པ་རྡོ་རྗེ་དྲིལ་བུ་སྟེ། ། བཞི་པ་ཟླ་བའི་བཟའ་བའོ། ། དབང་བསྐུར་ཆེན་པོ་བཞི་པ་ནི། ། དམར་པོའི་ཞལ་ནས་འབྱུང་བ་ སྟེ། ། དབང་བསྐུར་འདི་ཡི་མཐུ་ཡིས་ནི། ། བྱང་ཆུབ་རྒྱལ་བའི་རོ་བཅུད་འཐོབ། ། དེ་ནས་བདག་གིས་སྔགས་བཤད་པས། ། འབྱུང་པོ་ཀུན་ལ་གཏོར་མ་བྱ། ། སྔགས་ཆེན་པོ་ནི་བརྗོད་པ་ཡིས། ། འབྱུང་པོ་ཐམས་ཅད་རབ་ཏུ་འབར། ། སྔགས་ཀྱི་ས་བོན་ཧྲཱིཿཥྚྲཱིཿསོགས། ། མཐར་ནི་ སྭཱ་ཧཱ་ངེས་པར་སྦྱར། ། བི་ཊ་མ་ཊ་ཆུ་བསྲེས་ཀྱིས། ། མཎྜལ་ཟུར་གསུམ་བྱས་ནས་ནི། ། ལྷ་རྣམས་མཉེས་བྱ་རྣལ་འབྱོར་པས། ། ཧཱ་ཧཱ་ཞེས་སྒྲོགས་སླར་དྲན་བྱ། །
BO
འཁོར་ལོ་རིམ་གསུམ་བྱ་བ་ནི། ། བརྒྱད་དང་བཅུ་གཉིས་བཅུ་དྲུག་དང་། ། མཁས་པས་ཆོ་ག་བཞིན་དུ་བྲི། ། སྔགས་ནི་ཀུན་ཏུ་དགོད་པར་བྱ། ། བརྟུལ་ཞུགས་ཅན་གྱིས་བཅུ་གཉིས་པར། ། གྲུབ་པའི་སྔགས་རྣམས་དགོད་པར་བྱ། ། ཁམས་གསུམ་གཡོ་དང་མི་གཡོ་བ། ། མ་ལུས་ལུས་པ་མེད་པར་འགྲུབ། ། ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ། ཡ་དབུས་ཀྵེ་ནི་ཤར་དུ་སྟེ། ། མ་ཡིག་འཇམ་པའི་རྡོ་རྗེ་ལྷོར། ། མེ་ཡིག་ནུབ་ཏུ་བྲི་བར་བྱ། ། བྱང་དུ་ད་ནི་དཀར་པོ་སྟེ། ། བསྒྲུབ་བྱའི་མིང་ནི་བཟུང་བྱས་ནས། ། སྟོང་པའི་མཚམས་ལ་དགོད་པར་བྱ། ། ཧཱུྃ་གཉིས་དག་གིས་བརྟེན་པར་བྱ། ། དགོས་པ་ཐམས་ཅད་སྒྲུབ་པར་བྱེད། ། ཡཙྪ་ནི་ར་ཛཱ་ས་དོ་རུ། ། ཎ་ཡོ་ནི་ར་ཞེས་པས་ཀྱང་ནི་ཕྱི་རོལ་དུ། ། གཡོན་ནས་བརྩམས་ཤིང་ཡང་དག་བྲི། ། དོན་ཀུན་རབ་ཏུ་བསྒྲུབ་པའི་ཕྱིར། ། རེའུ་མིག་གསུམ་པའི་མདུན་ནས་ནི། ། རེའུ་མིག་ཆ་རེ་སྤངས་པར་ནི། ། ཤར་ནས་བརྩམས་ཏེ་བྲི་བར་བྱ། ། ཧྲཱིཿཥྚྲཱིཿཞེས་པའི་སྔགས་རྣམས་ཀྱིས། ། རེའུ་མིག་བརྒྱད་ཀྱི་བར་བར་དུ། ། རེའུ་མིག་རྣམས་ལ་ཡང་དག་བྲི། ། ཆེ་གེ་མོ་ཀུ་རུ་མཱ་ར་ཡ།
BO
ཨུཙྪ་ཊ་ཡ། བ་ཤཾ་ཀུ་རུ། བི་དྭེ་ཥ་ཡ་ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། ཞེས་པ་ལ་སོགས་པ་ནི་ལས་ཀྱི་རྗེས་སུ་འབྲངས་ཏེ། ཨོཾ་ནི་དང་པོར་ན་མཿམཐར། ། མཐར་ ནི་བ་ཤཾ་བཽ་ཥ་ཊ། ཧཱུྃ་ཕཊ་ཡི་གེ་དང་ལྡན་པས། ། ཞི་རྒྱས་དབང་དུ་བྱེད་པའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་དབང་བསྐུར་བ་དང་འཁྲུལ་འཁོར་གྱི་སྣང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ། ། ། ། བཅོམ་ལྡན་འདས་ཀྱིས་བརྩེ་བར་མཛད། ། གཤིན་རྗེ་གཤེད་ཆེན་ཡང་དག་གཟུགས། ། ཞེ་སྡང་གིས་མནན་འགྲོ་ལ་གཟིགས། ། ཞེ་སྡང་ཐམས་ཅད་ཟད་པར་མཛད། ། བཅོམ་ལྡན་འདས་ཀྱིས་བརྩེ་བར་མཛད། ། གཏི་མུག་གཤིན་རྗེ་གཤེད་མཆོག་གཟུགས། ། གཏི་མུག་གིས་ མནན་འགྲོ་ལ་གཟིགས། ། གཏི་མུག་ཐམས་ཅད་ཟད་པར་མཛད། ། བཅོམ་ལྡན་འདས་ཀྱིས་བརྩེ་བར་མཛད། ། ཕྲ་མ་གཤིན་རྗེ་གཤེད་མཆོག་གཟུགས། ། ཕྲ་མས་མནན་པའི་འགྲོ་ལ་གཟིགས། ། ཕྲ་མ་ཐམས་ཅད་ཟད་པར་མཛད། ། བཅོམ་ལྡན་འདས་ཀྱིས་བརྩེ་བར་མཛད། ། འདོད་ ཆགས་གཤིན་རྗེ་གཤེད་མཆོག་གཟུགས། ། འདོད་ཆགས་ཀྱིས་མནན་འགྲོ་ལ་གཟིགས། ། འདོད་ཆགས་ཐམས་ཅད་ཟད་པར་མཛད། །
BO
བཅོམ་ལྡན་འདས་ཀྱིས་བརྩེ་བར་མཛད། ། ཕྲག་དོག་གཤིན་རྗེ་གཤེད་མཆོག་གཟུགས། ། ཕྲག་དོག་གིས་མནན་འགྲོ་ལ་གཟིགས། ། ཕྲག་ དོག་ཐམས་ཅད་ཟད་པར་མཛད། ། བྱམས་པ་ཙརྩི་ཀཱར་གསུངས་ཏེ། ། ཕག་མོ་དེ་བཞིན་སྙིང་རྗེའོ། ། དབྱངས་ཅན་དགའ་བར་ཤེས་བྱ་སྟེ། ། བཏང་སྙོམས་གཽ་རཱིའི་གཟུགས་སུའོ། ། བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། ། སླར་ཡང་དཀྱིལ་འཁོར་ཡོངས་རྫོགས་པ། ། རྣལ་འབྱོར་སྙིང་གའི་ས་བོན་སྤྲོ། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། དེ་ནས་སྤྱོད་པའི་མཚན་ཉིད་མཆོག ། བདག་གིས་ཡང་དག་བཤད་པར་བྱ། ། གཤིན་རྗེ་གཤེད་པོའི་འཇིགས་གཟུགས་ཀྱི། ། སྐུ་དང་གསུང་དང་ཐུགས་རྣམས་དག ། དགོན་པ་ཆེན་པོའི་ཕྱོགས་ རྣམས་ལ། ། མ་ཧེ་མཆོག་ལ་ཞོན་བྱས་ཏེ། ། སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། ། ལྕགས་ཀྱི་རྡོ་རྗེ་བསྒོམ་པར་བྱ། ། སྐྲ་ནི་དམར་སེར་གྱེན་དུ་འཁྱིལ། ། ཁྱད་དུ་འཕགས་པའི་གཟུགས་ཅན་བྱ། ། མགོ་ལ་ཐོད་པས་ཡང་དག་བསྐོར། ། སྨ་ར་དམར་སེར་བརྫེས་པ་སྟེ། ། ཧྲཱིཿ ཥྚྲཱིཿལ་སོགས་སྔགས་རྣམས་བརྗོད། ། རྡོ་རྗེ་དབྱུག་པ་ཡང་དག་གསོར། ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས། ། སེང་གེའི་སྒྲ་ནི་བསྒྲག་པར་བྱ། །
BO
ཅུང་ཟད་མཐུ་ནི་ཐོབ་པ་ཡིས། ། གྲོང་ཁྱེར་ཞུགས་ཏེ་རོལ་པར་བྱ། ། རབ་མཛེས་གར་ནི་བྱ་བ་དང་། ། དྲུག་འགྱུར་ལ་སོགས་གླུ་ བླང་ངོ་། ། སྲང་དུ་རྒྱལ་མཚན་དེ་བལྟ་ཞིང་། ། དེ་ལ་འོ་མ་རབ་ཏུ་བསྒྲུབ། ། འོ་མ་ལ་འདྲིས་རྩེ་གཅིག་སེམས། ། ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། ། ཕག་མོའི་གཟུགས་སུ་བསྒོམ་བྱས་ལ། ། འདོད་པའི་མཐའ་ལ་བཙུན་མོ་ཀུན། ། སེང་གེ་བཞིན་དུ་འཇིགས་མེད་པས། ། འདོད་ དོན་ཀུན་འགྲུབ་རྣལ་འབྱོར་པའི། ། དེ་ནས་ཕྱག་རྒྱ་རབ་བསྒྲུབ་པ། ། བདག་གིས་ཡང་དག་རབ་བཤད་བྱ། ། ཡི་གེ་གཅིག་གི་སྔགས་ཆེན་ཏེ། ། དེ་ཡི་བཟླས་པ་ངེས་པར་བཤད། ། ཥྚཱིཿཡིག་ས་བོན་ལས་བྱུང་བའི། ། མ་ཧེའི་གདོང་པ་རྣམ་པར་བསྒོམ། ། རྡོ་རྗེའི་དཀྱིལ་ འཁོར་ལ་གནས་པ། ། མ་ཧེའི་སྟེང་དུ་བསྒོམ་པར་བྱ། ། གང་ཞིག་ས་ལ་གནས་པ་ཡི། ། སྣ་ཚོགས་མཚོན་ཆའི་རང་གཟུགས་རྣམས། ། བློ་དང་ལྡན་པས་ལག་ན་བསྒོམ། ། མ་ཧེའི་གདོང་ཅན་སྒྲུབ་པའོ། ། དེ་ནས་རྡོ་རྗེ་དབྱུག་པ་ཡི། ། སྒྲུབ་ཐབས་བདག་གིས་རབ་བཤད་ བྱ། ། ཡི་གེ་ཧྲཱིཿནི་གསང་སྔགས་ཆེ། ། མ་ཧེ་ཆེན་པོ་ལ་ཞོན་པ། ། འབུམ་ཕྲག་གཉིས་ནི་རྫོགས་པའི་ཕྱག ། ཐལ་བའི་རྡུལ་གྱིས་ལུས་ལ་བྱུགས། །
BO
རི་རབ་བཞིན་དུ་མཐོ་བ་ལ། ། རོ་ལྡན་འོག་དུ་ཡང་དག་གནོན། ། དེ་ནས་ཕྱག་ནི་བྱེ་བ་ཡི། ། སྒྲུབ་ཐབས་ བདག་གིས་རབ་བཤད་བྱ། ། ཝི་ཀྲྀ་ཏཱ་ན་གསང་སྔགས་ཆེ། ། ཧཱུྃ་ཡིག་ལས་བྱུང་གཙོ་བོ་སྟེ། ཨོཾ་ཝི་ཀྲྀ་ཏཱ་ན་ན་ཧྃ་ཧཱ་ཧི་ཧོཿཧཱུྃ་ཧཱུྃ་ཧེ་ཧེཿཧོཿཧཿསྭཱ་ཧཱ། དགོས་པ་ཐམས་ཅད་རབ་སྒྲུབ་པའི། ། དམ་ཚིག་སྒྲུབ་པ་འདིར་བཤད་དོ། ། སྔགས་ཀྱིས་དུབ་ལ་ཁ་ཟས་བཟའ། ། ཁ་ན་མ་ཐོ་ མེད་རྙེད་བླང་། ། ཤ་ཆེན་དེ་བཞིན་རྟ་དང་ནི། ། དེ་བཞིན་གླང་ཆེན་ཁྱད་པར་ཅན། ། བ་ལང་གཟུགས་དང་ཁྱི་དང་ནི། ། བོང་བུ་རྔ་མོ་ཅེ་སྦྱང་ངོ་། ། རམས་དང་བསྲེས་ཤིང་བཙོ་བྱས་ནས། ། ཞག་ཆེན་ལུས་ལ་མངོན་པར་བྱུག ། འདི་ཡིས་ལུས་ལ་བྱུགས་ཙམ་གྱིས། ། འགྲོ་བ་མཐའ་ དག་དབང་དུ་བྱེད། ། རྣམ་སྣང་སིན་དུ་བཱ་རཉྩ། ། དེ་བཞིན་བིལ་བའི་ལོ་མ་དང་། ། སོ་ཕག་ཕྱེ་མ་ལྷན་ཅིག་ཏུ། ། གསེར་ཤིང་ལོ་མའི་ཁུ་བ་རྣམས། ། འདི་ཡི་ལུས་ལ་དྲིལ་ཕྱིས་བྱ། ། རྡོ་རྗེ་ཆེན་པོའི་བདུད་རྩི་བཞིན། ། རང་འབྱུང་མེ་ཏོག་བཏུང་བ་བཞིན། ། འདི་ནི་རྣལ་འབྱོར་རབ་ མཆོག་གོ། །
BO
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་སྤྱོད་པའི་དམ་ཚིག་སྒྲུབ་པའི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་དམ་ཚིག་ཙརྩི་ཀཱའི་རྣམ་པའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་པ་དང་། ། རྡོ་རྗེ་ཕག་མོའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། གཽ་རཱི་མའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལས་མཆོད་པའི་གླུ་འདིས་གསོལ་བ་གདབ་བོ། ། ཨེ་མ་གཤིན་རྗེ་གཤེད་དམར་པོ། ། བླ་མ་སྲིན་པོའི་རང་བཞིན་ཏེ། ། བདག་ནི་ཁྱོད་མཐོང་པས་འཇིགས་པས། ། བླ་མ་ཁྲོ་བོའི་རང་བཞིན་སྤངས། ། མཐོ་རིས་ས་སྟེང་ས་འོག་རྣམས། ། ཁྱོད་ཀྱི་གར་གྱིས་གཡོ་བར་བྱེད། ། ཁྲག་གི་མིག་སྨན་ཁྲོ་བའི་སེམས། ། གར་མཛད་ཁྱོད་ ནི་རོ་ལངས་གཟུགས། ། དམར་ཞིང་ཐུང་བའི་ཚད་ལྡན་པ། ། རྣམ་པ་མང་པོའི་སྤྲུལ་གཟུགས་བྱེད། ། རྡོ་རྗེ་དབྱངས་ཅན་མ་ཡིས་ཞུས། ། ཁྱོད་ཀྱི་གར་མཛད་བདེ་བ་ཆེ། ། ཁྱོད་ཀྱི་ཧྲཱིཿཥྚྲཱིཿའི་སྔགས་ཀྱི་གར། ། ས་གསུམ་པོ་ཡི་འཁྲུལ་པ་སོལ། ། བརྩེ་བས་ཁྲོ་བའི་རྗེ་བཙུན་ ཁྱོད། ། འགྲོ་ལ་བལྟ་ཞིང་གར་མཛད་དོ། །
BO
དེ་ནས་བཟླས་པའི་མཚན་ཉིད་མཆོག ། བདག་གིས་ཡང་དག་རབ་བཤད་བྱ། ། གང་གིས་བཟླས་པ་རབ་སྦྱོར་བས། ། མང་པོ་ཡིས་ནི་དངོས་གྲུབ་འཐོབ། ། མྱུར་བ་མ་ཡིན་བུལ་བ་མིན། ། རིང་པོ་མ་ཡིན་ཐུང་བ་མིན། ། ཅུང་ཟད་ སྔགས་ནི་ཐོས་པར་རོ། ། གཤིན་རྗེ་གཤེད་ཀྱི་སློབ་དཔོན་མཆོག ། མི་དང་མ་ཧེ་གཉིས་འཐུང་དང་། ། བ་ལང་གཟུགས་དང་རྟ་དང་ནི། ། བོང་བུ་རྔ་མོའི་རུས་བཟུང་ནས། ། བཟླས་པའི་ཕྲེང་བས་རབ་བསྒྲུབ་བྱ། ། ཟླ་བ་ཟླ་བའི་བཅུ་བཞི་ལ། ། བདུད་རྩི་ལྔ་དང་ལྡན་པ་ཡི། ། ཤ་ ལྔ་ཡིས་ནི་བྱུག་པར་བྱ། ། བཟླས་པ་ཡིས་ནི་དངོས་གྲུབ་མཆོག ། སོ་སོའི་རྐང་པའི་རིལ་བུ་ལ། ། གཤིན་རྗེ་གཤེད་སྒོམ་རྣལ་འབྱོར་པས། ། མཁས་པས་ཡང་ན་མི་མགོ་ནི། ། ཁྲག་འཛག་རློན་པ་བསྒོམ་པར་བྱ། ། ཁྲི་ཡི་སྔགས་ཀྱིས་འབྱུང་པོ་རྣམས། ། མཁའ་འགྲོ་མ་རྣམས་ སྟོང་གིས་ཏེ། ། གཤིན་རྗེ་གཤེད་པོ་རབ་སྦྱོར་བས། ། {ཡི་དགས་,ཡི་དྭགས་}རྣམས་ནི་གཞོམ་ཞིང་བསད། ། རྣལ་འབྱོར་བདག་ཉིད་འབུམ་བཟླས་ན། ། ལས་ཀུན་དེ་ཡིས་བྱེད་པར་འགྱུར། ། བྱེ་བ་བཟླས་ན་དངོས་གྲུབ་སྟེ། ། བྱེ་བ་ལྔ་ཡིས་སྨོས་ཅི་དགོས། ། ཉི་མ་སོ་སོའམ་ཡང་ན་ཟླ། ། ཡང་ན་ལོ་ནི་སོ་སོ་ལ། །
BO
མཁས་པས་དབྱུག་གུ་དྲུག་ཅུ་བཞིའི། ། གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། ། འགའ་ཞིག་རྟག་ཏུ་བཟའ་བ་དང་། ། འགའ་ཞིག་དེ་བཞིན་བཏུང་བ་དང་། ། གཞན་ཡང་བཟའ་བ་ཐམས་ཅད་ཀྱི། ། དང་པོ་གཤིན་རྗེ་གཤེད་ལ་དབུལ། ། དེ་ནས་བླ་མར་ ཡོན་གྱི་མཆོག ། དབུལ་བར་བྱ་བ་དག་བཤད་བྱ། ། བདག་ཉིད་ཞི་བའི་ཕྱིར་དང་ནི། ། དེ་བཞིན་ལས་ཀུན་སྒྲུབ་པའི་ཕྱིར། ། བདག་གི་ལུས་དབུལ་ངེས་པར་འདུད། ། རྟ་དང་བ་ལང་གླང་པོ་དང་། ། གསེར་དང་ནོར་དང་མ་མ་དང་། ། རང་གི་ཆུང་མ་དེ་བཞིན་བུ། ། མ་དང་སྲིང་ མོ་ཚ་མོ་དང་། ། གོས་ནི་རྣམ་པ་སྣ་ཚོགས་དང་། ། གདུགས་དང་མཛེས་པའི་རྔ་ཡབ་དང་། ། ཁྱིམ་དང་ཁྲི་དང་དྲི་{བཟངས་,བཟང་}དང་། ། གླུ་དང་དེ་བཞིན་རོལ་མོ་དང་། ། རལ་གྲི་རྒྱན་རྣམས་དེ་བཞིན་དུ། ། བརྟུལ་ཞུགས་ཅན་གྱིས་བླ་མར་དབུལ། ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་ཐབས་ཐམས་ཅད་སྒྲུབ་པའི་རིམ་པར་ཕྱེ་བ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་བདུད་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཅོད་ཅིང་གཞོམ་པའི་དོན་གྱི་ཕྱིར་སྐུ་མདོག་ དམར་པོའོ། །
BO
སྤྱན་གསུམ་ནི་འདས་པ་དང་། མ་འོངས་པ་དང་ད་ལྟར་གྱི་དུས་གསུམ་མོ། ། ཕྱག་གཉིས་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་རྣམས་འཇོམས་པའོ། ། ཤེས་རབ་མ་ལ་འཁྱུད་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པར་སྦྱོར་བའོ། ། ཀླུ་བརྒྱད་ནི་རྣམ་པར་ ཤེས་པར་བརྒྱད་དུ་གསུངས་སོ། ། མགོ་བོའི་བརྒྱ་ཕྱེད་ཕྲེང་བ་ནི་ཡི་གེ་ལྔ་བཅུ་སྦྱོར་བའོ། ། གཡོན་ན་ཐོད་པ་ནི་ཡེ་ཤེས་ལྔའི་བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གང་ཞིང་སྟོང་པ་ཉིད་ཀྱི་རང་བཞིན་ནོ། ། གཡས་ན་དབྱུག་པ་ནི་ཕུང་པོ་དང་ཉོན་མོངས་པ་དང་ལྷའི་བུ་དང་འཆི་བའི་བདུད་རྣམས་ འཇོམས་ཤིང་སྙིང་རྗེའི་རང་བཞིན་ནོ། ། ཞབས་གཡོན་བརྐྱང་བ་ནི་ཁམས་གསུམ་དུ་བཤད་དོ། ། ལྷ་མོའི་ཕྱག་གཡོན་ན་ཐོད་པ་བདུད་བཞིའི་ཁྲག་དཔག་ཏུ་མེད་པ་དངུལ་ཆུ་དང་བཅུད་ལེན་དང་རོ་བཅུད་དོ། ། གཡས་ན་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་གཅོད་པའི་ གྲི་གུག་གོ། ། ཁྲོ་བོའི་གཟུགས་ཕྱལ་རྒྱས་པ་ནི་གདུག་པ་ཅན་རྣམས་འདུལ་བའོ། ། སྐྲ་དམར་སེར་གྱེན་དུ་བརྫེས་པ་ནི་སྤྲུལ་པ་དཔག་ཏུ་མེད་པའི་ཕྱིར་རོ། ། གྲུ་བཞི་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པར་བཤད་དོ། །
BO
སྒོ་བཞི་ནི་བདུད་བཞི་སྐྲག་པར་བྱེད་ པའོ། ། ཟུར་བཞི་ནི་ཚངས་པའི་གནས་བཞི་རབ་ཏུ་རྫོགས་པའི་ཕྱིར་རོ། ། ཀ་བ་བརྒྱད་ནི་སྒྱུ་མའི་དཔེ་བརྒྱད་ཀྱི་ཕྱིར་ཏེ། སྤྲུལ་པའི་གྲོང་ཁྱེར་དང་སྒྲ་བརྙན་དང་སྒྱུ་མ་དང་སྤྲིན་དང་{རི་དགས་,རི་དྭགས་}སྲེད་དང་མེ་ལོང་དང་གཟུགས་བརྙན་དང་ཆུ་ཟླའོ། ། ནམ་མཁའ་ནི་དངོས་པོ་དང་དངོས་པོ་མེད་པའི་ ཉོན་མོངས་པ་འཇོམས་པའི་ཕྱིར་རོ། ། ཡང་དག་པར་སྤོང་བ་ནི་དྲ་བ་དྲ་ཕྱེད་དོ། ། རྟ་བབས་བཞི་ནི་སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་བཞིའི་རྣམ་པར་དག་པའོ། ། དེ་ནས་རྡོ་རྗེ་མཁའ་འགྲོ་མའི། ། སྒྲུབ་ཐབས་བདག་གིས་རབ་བཤད་བྱ། ། ནམ་མཁའི་ ཁམས་ཀྱི་དབུས་སོང་ནས། ། ཉི་མའི་དཀྱིལ་འཁོར་མཆོག་བསམས་ཏེ། ། རྩེ་ལྔ་པ་ནི་རྣམ་པར་བསྒོམ། ། དེ་ཡི་སྟེང་དུ་པདྨ་དགོད། ། འདི་མདོག་ནག་ལ་འཇིགས་ཆེན་མོ། ། ཕྱག་དྲུག་མཛེས་པའི་གཟུགས་ལྡན་མ། ། ཕྱག་ན་རྡོ་རྗེ་རྣམ་པར་བསྒོམ། ། ལྷག་མའི་ཕྱག་ཏུ་ གཞན་དགོད་དོ། ། ཤར་དུ་སངས་རྒྱས་མཁའ་འགྲོ་མ། ། ཕྱག་དྲུག་གཏི་མུག་དང་མཚུངས་པ། ། ཕྱག་ན་འཁོར་ལོ་འཇིགས་ཆེན་མོ། ། རྣལ་འབྱོར་དཀྱིལ་འཁོར་ལ་བསྒོམ་བྱ། །
BO
ལྷོ་རུ་རིན་ཆེན་མཁའ་འགྲོ་མ། ། ཕྲ་མ་དང་མཚུངས་ཕྱག་དྲུག་མ། ། ཕྱག་ན་རིན་ཆེན་ འཇིགས་ཆེན་མོ། ། ཉི་མའི་དཀྱིལ་འཁོར་ལ་བསྒོམ་བྱ། ། ནུབ་ཏུ་ཆོས་ཀྱི་མཁའ་འགྲོ་མ། ། ཕྱག་དྲུག་པདྨ་འཛིན་པ་མོ། ། བྱང་ན་ལས་ཀྱི་མཁའ་འགྲོ་མ། ། སྙིང་པོའི་དཀྱིལ་འཁོར་རལ་གྲི་མ། ། མེ་ལ་སོགས་པའི་མཚམས་བཞི་ལ། ། བརྟུལ་ཞུགས་ཅན་གྱིས་ལྷ་མོ་ བསྒོམ། ། དྲི་མ་དེ་བཞིན་གར་མ་དང་། ། གླུ་མ་སྒེག་མོ་ཁྱད་པར་ཅན། ། དེ་ནས་སྒོ་སྐྱོང་བསྒོམ་པར་བྱ། ། ཆོ་ག་བཞིན་དུ་ལས་རྣམས་བལྟ། ། ཐོ་བ་དབྱུག་པ་པད་རལ་གྲི། ། ཨོཾ་བུདྡྷ་ཌཱ་ཀི་ནཱི། ཨོཾ་བཛྲ་ཌཱ་ཀི་ནཱི། ཨོཾ་དྷརྨྨ་ཌཱ་ཀི་ནཱི། ཨོྃ་རཏྣ་ཌཱ་ཀི་ནཱི། ལཱྃ་མཱྃ་ནཱྃ་གཱྃ་མཚམས་སུའོ། ། ཨོཾ་ མུངྒ་ར་ཛཿ། ཨོཾ་དཎྜ་ཧཱུྃ། ཨོཾ་པདྨ་བྃ། ཨོཾ་ཁཌྒ་ཧོཿ། ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐབས་གསུངས་པའོ། ། རིང་པོ་ནས་ཐོས་པ་བསྒྲུབ་པའི་ཕྱིར་རྡོ་རྗེ་མཁའ་འགྲོ་མ་བསྒོམ་པར་བྱའོ། ། དེའི་སྔགས་ཀྱི་ཚིག་རྣམས་ནི་འདི་ཡིན་ཏེ། ། ཨོཾ་ཨཱ་ཀཱ་ཤ་ཙ་ར་ བཛྲ་ཌཱ་ཀི་ནཱི་སྭཱ་ཧཱ། དེ་ནས། གཞན་ཡང་རྡོ་རྗེ་ས་འོག་གི། ། སྒྲུབ་ཐབས་བདག་གིས་རབ་བཤད་བྱ། །
BO
ས་འོག་བུ་ག་བསྒྲུབ་བའི་ཕྱིར། ། གནོད་མཛེས་རྡོ་རྗེ་བསྒོམ་པར་བྱ། ། ཕྱག་དྲུག་ཁ་དོག་སྔོན་པོ་ལ། ། ཕྱག་ན་གཏུན་ཤིང་འཛིན་པར་བྱེད། ། སྙིང་པོའི་དཀྱིལ་འཁོར་དབུས་སུ་ནི། ། འདི་ནི་རབ་ཏུ་སྤྱོད་པར་བྱེད། ། ཤར་ལ་སྤྱན་མ་དགོད་བྱ་སྟེ། ། ལྷོ་རུ་དེ་བཞིན་མཱ་མ་ཀཱི། ། ནུབ་ཏུ་ལྷ་མོ་གོས་དཀར་མོ། ། བྱང་དུ་སྒྲོལ་མ་དགོད་པར་བྱ། ། མེ་ཏོག་སྤོས་དང་མར་མེ་དང་། ། དྲི་རྣམས་མེ་སོགས་རྣམས་ལ་དགོད། ། སྒོ་ལ་ཐོ་བ་ལ་སོགས་ཏེ། ། སྦྲུལ་ གྱི་རྒྱན་གྱིས་སྐེ་རགས་བྱས། ། དེ་བཞིན་འཁོར་ལོ་བསྒོམ་བྱ་ཞིང་། ། ཆོ་ག་བལྟ་བས་ལས་རྣམས་སོ། ། རྡོ་རྗེ་ས་འོག་སྦྱོར་ལྡན་པས། ། རྨི་ལམ་དུ་ནི་བུ་ག་ཤེས། ། དེ་ནས་རྒྱལ་པོ་བདུན་གྱི་ནི། ། དཀྱིལ་འཁོར་བདག་གིས་རབ་བཤད་བྱ། ། མཁའ་སྤྱོད་རབ་ཏུ་བསྒྲུབ་བྱའི་ཕྱིར། ། རྟ་ མཆོག་རབ་ཏུ་བསྒྲུབ་པར་བྱ། ། ཞལ་གཅིག་པ་དང་ཕྱག་གཉིས་པ། ། སྐུ་མདོག་སྔོན་པོ་འཇིགས་པར་བྱེད། ། ཉི་མའི་སྟེང་དུ་གནས་པ་སྟེ། ། ཤིན་ཏུ་འཇིགས་བྱེད་རྟ་ཡི་གདོང་། ། གཡས་ན་རལ་གྲི་ཁུ་ཚུར་ཏེ། ། ཕྱག་དྲུག་གཡོན་ན་ཐོད་པའོ། ། ཨོཾ་ཕུ་ཕུ་ཧཱི་ཧཱི། ། ཤེས་རབ་ ཅན་གྱིས་སྔགས་འདི་བཟླ། །
BO
རྟ་མཆོག་རབ་ཏུ་བསྒྲུབ་པའི་ཕྱིར། ། ཤར་ལ་བྷི་ད་བཱི་བསྒོམ་བྱ། ། ལྷོ་ཕྱོགས་སུ་ནི་མྱུར་འགྲོ་མ། ། ནུབ་ཏུ་བདུན་པའི་རྒྱལ་མོ་སྟེ། ། རྟ་མཆོག་མ་ནི་བྱང་དུ་དགོད། ། བདག་པོའི་ཞལ་དང་ཕྱག་བཞིན་དུ། ། ཐམས་ཅད་དེ་བཞིན་མཚུངས་པར་བསྒོམ། ། སྔགས་འདིས་ཐམས་ཅད་མཚུངས་པ་དང་། ། སྤྲོ་བ་རུ་ནི་རབ་ཏུ་གྲགས། ། གླིང་བུ་པི་ཝང་རྔ་ཟླུམ་དང་། ། རྔ་བྲན་རྣམས་ཀྱང་ཟུར་ལ་དགོད། ། བ་ལང་སྣ་དང་གླང་ཆེན་སྣ། ། དེ་བཞིན་བཞིན་བཟང་བཞིན་ངན་མ། ། གཏུན་ཤིང་དང་ནི་སྟ་རེ་དང་། ། ལྕགས་ཀྱུ་དང་ནི་ཞགས་པའོ། ། གར་ལ་སོགས་པའི་རྣལ་འབྱོར་གྱིས། ། སྒོ་བཞི་ལ་ནི་རྟག་ཏུ་བསྒོམ། ། ནས་ལྗང་སྙེ་མ་དང་བཅས་བསམ། ། རང་གི་རྟགས་རྣམས་དེ་བཞིན་གཡས། ། ཇི་ལྟར་རྟ་མཆོག་གི་ནི་སྔགས། ། རྡོ་རྗེ་ས་འོག་གི་ཡང་ངོ་། ། རྟ་མཆོག་བསྒོམ་པའི་སྦྱོར་བ་ལས། ། ཁམས་གསུམ་ མཁའ་ལ་རྒྱུ་བར་བྱེད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་དངོས་གྲུབ་ངེས་པའི་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ། ། ། ། དེ་ལ་འདིར་ཐིག་གདབ་པའི་དམ་ཚིག་མཆོག་ནི། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་མཱ་ དྱ་ནུཏྦ་ནྣ་ཏྭཱཏ།
BO
དཔལ་ལྡན་གཤིན་རྗེ་མཐར་བྱེད་གཟུགས། ། སློབ་མ་རྣམ་པར་སྣང་མཛད་བྱ། ། ཡེ་ཤེས་ཐིག་མཆོག་རྩེ་དག་གཟུང་། ། མཉམ་གཞག་ནས་ནི་ལེགས་པར་གདབ། ། དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་རབ་ཏུ་འཇུག་པའི་དམ་ཚིག་གོ། ། ཨོཾ་ཨཱཿཧཱུྃ། དཀྱིལ་འཁོར་ ཉིས་འགྱུར་རིང་བ་ལ། ། སྒོ་ཡི་ཉི་ཤུ་ཆ་ཡིས་སྦོམ། ། བ་ཡི་རྣམ་ལྔས་ལེགས་པར་བྱུག ། སྐུད་པ་གཉིས་སུ་མེད་པར་བརྟག ། དེ་ལ་འདི་ནི་རྡོ་རྗེ་ཆེན་པོར་རབ་ཏུ་འཇུག་པའི་དམ་ཚིག་སྟེ། ཀྱེ་མ་སངས་རྒྱས་སློབ་དཔོན་ཆེ། ། ཀྱེ་མ་ཆོས་དང་ཚོགས་ཀྱི་གཙོ། ། དམ་ཚིག་དེ་ཉིད་བདག་ལ་ སྩོལ། ། བྱང་ཆུབ་སེམས་ཀྱང་བདག་ལ་བྱིན། ། དེ་ལ་འདི་ནི་ས་ཆེན་པོ་ཡོངས་སུ་གཟུང་བའི་དམ་ཚིག་གོ། ། རྡོ་རྗེ་ས་ཡི་ལྷ་མོ་སྤྱན་དྲངས་ལ། ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། ། སྤྱོད་པའི་ཚུལ་དང་ཁྱད་པར་དང་། ། ས་དང་ཕ་རོལ་ཕྱིན་པ་ལ། ། ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ། སྒོ་ནི་དཀྱིལ་ འཁོར་བརྒྱད་ཆ་རུ། ། བདག་ཉིད་ཆེན་པོས་ཤེས་བྱ་སྟེ། ། ཁམས་ཆེན་པོ་ནི་མ་གཏོགས་པའི། ། ཚད་ལྡན་ཤིན་ཏུ་མཛེས་པའོ། ། སྒོ་དང་སྒོ་ཁྱུད་དེས་ཤེས་བྱ། ། དེ་ཡི་ཕྱེད་ཀྱིས་སྣམ་བུ་སྟེ། ། གླུ་མ་རྔ་མ་གར་མ་སོགས། །
BO
རྡོ་རྗེའི་ལྷ་མོ་ཡང་དག་ལྡན། ། དེ་ཡི་ཕྱེད་ཀྱིས་རྡུལ་ཚོན་ས། ། སྒོ་ཡི་ ཕྱེད་ཀྱིས་འགྲམ་དང་ལོགས། ། འདིར་ཡང་དྲ་བ་དྲ་ཕྱེད་དང་། ། ཉི་མ་ཟླ་བ་མེ་ཏོག་ཕྲེང་། ། ལྷ་ཡི་སྣམ་བུ་དང་པོའི་ཚད། ། དེ་བཞིན་ཕྱི་ཡི་དཀྱིལ་འཁོར་རོ། ། དེ་ལ་སྙིང་པོ་ཆེན་པོ་འདི། ། བདག་གིས་འཁོར་ལོ་ནམ་མཁར་དགོད། ། རང་གི་ཕྱག་རྒྱའང་དེ་རུ་བརྟེན། ། དམ་ཚིག་ཡེ་ཤེས་གཞུག་ བྱས་ནས། ། དཀྱིལ་འཁོར་རབ་ཏུ་བསྒྲུབ་པར་བྱ། ། ཤར་དུ་དཀར་པོ་ཆེན་པོ་སྟེ། ། ལྷོ་རུ་སེར་པོ་དང་ལྡན་པ། ། དམར་པོ་ནུབ་ཀྱི་ཆ་ལ་སྟེ། ། བྱང་དུ་མ་ར་ཀ་ཏ་ལྡན། ཨིནྡྲ་ནཱི་ལའི་འོད་མཚུངས་པ། ། དབུས་ཀྱི་ས་གཞིར་ཡང་དག་བྲི། ། ལས་ཀྱི་ཆོ་ག་མཐོང་བ་ཡིས། ། དེ་ཡི་ཕྱག་རྒྱ་ དགོད་པར་བྱ། ། དབུས་སུ་རྡོ་རྗེ་ཡང་དག་བྲི། ། ཤར་ལ་འཁོར་ལོ་ལེགས་པར་བྲི། ། དེ་ལྟ་བུ་ལ་སོགས་པར་བལྟ། ། ཕྱག་རྒྱ་རྟག་ཏུ་ནམ་མཁའ་མཚུངས། ། དེ་ལ་བླུགས་གཟར་དགང་གཟར་ཚད། ། འདི་ཡི་ཚད་ཀྱིས་ཡུ་བ་བྱ། ། ཁྲུ་གང་ཚད་དང་ལྡན་པ་ལ། ། དེ་ཡི་རྩེ་མོར་དཀྱིལ་ འཁོར་བྱ། ། སོར་མོ་བཞི་ཡི་ཚད་ལྡན་ལ། ། གཏིང་དུ་སོར་གཉིས་ཟབ་པ་ལ། ། དེ་ལ་སོར་ཕྱེད་བཅུད་ཁུང་དུ། །
BO
བླུགས་གཟར་པད་མའི་རྣམ་པ་བཞིན། ། མཐེ་བོའི་ལྟོ་གང་ཚད་ལ་ནི། ། གཏིང་དུ་སོར་མོའི་ཚད་ལྡན་ནོ། ། རྒྱུད་འདི་ལ་ནི་རབ་ཏུ་བསྔགས། ། དཀྱིལ་འཁོར་དུ་ནི་ མ་ཞུགས་ཤིང་། ། མཚམས་མེད་ལྔ་ནི་བྱས་པ་དང་། ། གང་གིས་སྲོག་ཆགས་གསོད་པ་དང་། ། ཉ་དང་ཤ་སོགས་ཟ་བ་དང་། ། ཆང་དང་འདོད་མ་ལ་ཆགས་དང་། ། ཆད་ལྟའི་བརྟུལ་ཞུགས་འཛིན་པ་དང་། ། མངོན་པར་དབང་ནི་མ་བསྐུར་དང་། ། བྱ་བ་མ་ཡིན་བྱེད་སྤྲོ་དང་། ། གྲོང་ཁྱེར་དབྱེན་བྱེད་ བས་ཀྱང་ནི། ། དམར་པོའི་གསུང་ནི་ཇི་ལྟར་བར། ། གཤིན་རྗེ་གཤེད་རྒྱུད་མཆོག་ལ་གཞོལ། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། དེ་ནས་བྱམས་པ་ལ་སོགས་པའི་རྡོ་རྗེའི་བྱང་ཆུབ་སེམས་དཔའ་ཀུན་གྱིས་རྡོ་རྗེ་ཆེན་པོའི་སྔོན་མེད་པའི་གསུང་ཐོས་པས་ཅང་མི་སྨྲ་བར་གྱུར་ཏོ། ། དེ་ལ་འདི་ནི་རྡོ་རྗེ་དབབ་ པའི་དམ་ཚིག་སྟེ། ། དེ་ཡང་འབྱུང་བའི་ས་བོན་ཆེ། ། འཁོར་ལོ་བཞི་པོ་རབ་བསྒྲུབ་བྱ། ། གནས་བཞིར་རབ་ཏུ་སྦྱོང་བ་ཡིས། ། ནམ་མཁའ་ཡང་ནི་གཡོ་བར་བྱེད། ། རྐང་ཡ་དག་གི་འོག་ཏུ་ཡྃ། ། ལྟེ་བར་རྃ་སྟེ་སྙིང་གར་ལྃ། ། མགོ་བོ་ལ་ནི་བྃ་ཡིག་གོ། ། གཞུ་ཡི་རྣམ་པ་ནག་པོ་ཆེ། །
BO
གཏུམ་པོའི་ རླུང་ནི་འཇིགས་བྱེད་པ། ། སྲེག་བྱེད་ཟུར་གསུམ་མེ་བཞིན་འབར། ། ཉི་མ་དམར་པོའི་འོད་དང་མཚུངས། ། རྡོ་རྗེའི་ས་གཞིའི་རིམ་པ་ནི། ། སེར་པོ་ཆེན་པོ་གྲུ་བཞི་པ། ། རི་རབ་རི་ཡིས་མནན་པ་ཡི། ། ནོར་འཛིན་དེ་ནི་བསྒོམ་པར་བྱ། ། དཀར་པོ་ཟླུམ་པོ་བུམ་པ་བཞིན། ། སྤྲིན་བཞིན་དུ་ནི་ ཆར་པ་འཛིན། ། སྟོང་གིས་རབ་ཏུ་གང་བ་ཡི། ། གངས་ཀྱི་རི་བོ་ལྟ་བུར་བསིལ། ། གནས་བཞི་རབ་ཏུ་སྦྱོར་བ་ཡིས། ། སློབ་མ་རྡོ་རྗེ་ཅན་ལ་བསྒོམ། ། རྡོ་རྗེ་སྣང་བ་མཐའ་ཡས་སྦྱོར། ། མྱུར་བ་ཉིད་དུ་འབེབས་པར་བྱེད། ། དེ་ལ་འདི་ནི་དྲི་བའི་དམ་ཚིག་གོ། ། རྡོ་རྗེ་ཆོས་ནི་མགོན་ཆེན་པོ། ། སྣང་བ་མཐའ་ཡས་བདེ་བ་ཆེ། ། གསུངས་ཤིག་འདོད་ཆགས་ཆོས་ཆེན་པོ། ། དགེ་དང་མི་དགེ་ལེགས་པར་འདྲི། ། ཁྲུ་གང་ནས་ནི་བཟུང་ནས་ནི། ། ཇི་སྲིད་ཁྲུ་ནི་སྟོང་གི་བར། ། སློབ་མ་ཆེན་པོ་འཕར་བར་འགྱུར། ། འདི་ནི་དབབ་པའི་དམ་ཚིག་གོ། ། རི་མོ་བྲི་བའི་མཚན་ཉིད་རྣམས། ། བདག་ གིས་ཡང་དག་བཤད་པར་བྱ། ། ས་ནི་སྣུམ་པ་བླངས་བྱས་ལ། ། བརྟུལ་ཞུགས་ཅན་གྱིས་མནན་པར་བྱ། ། སྲན་གྲེ་དེ་བཞིན་འོ་མ་ཤ། ། བུ་རམ་བསེ་ཡབ་ལ་སོགས་པ། །
BO
ཏིལ་དང་ནིམ་པའི་ལོ་མ་དང་། ། དེ་བཞིན་ནཱ་ཊཱིའི་ས་བོན་ནོ། ། དང་པོ་དཀར་པོ་བྲི་བར་བྱ། ། དེ་ལ་ཁ་དོག་གཞན་ གྱིས་བྲི། ། ཐོད་ལོ་ཀོར་དང་བཙག་དག་ལ། ། ཆུ་ཡིས་སྦྱར་བས་རྒྱ་སྐྱེགས་བཞིན། ། ཡུང་བ་དང་ནི་རམས་དག་ལས། ། དེ་བཞིན་ཁ་དོག་ལྗང་གུར་འགྱུར། ། སྔོན་པོ་རྟག་ཏུ་རམས་ཀྱིས་སོ། ། དེ་བཞིན་མེ་དྲག་ནག་པོ་སྟེ། ། སྐྱ་བོ་དེ་བཞིན་བ་བླ་ཡིས། ། དེ་བཞིན་དམར་པོ་ མཚལ་གྱིས་སོ། ། ཀ་པེད་ཁུ་བ་དེ་ལ་སྦྱིན། ། ཆུང་དུས་མ་ཡིན་ལྷག་དེ་བཞིན། ། ལྷག་པས་ནག་པོ་དམན་པ་ཡིས། ། སྐྱ་བོ་རུ་ནི་འགྲོ་བར་བྱེད། ། ཁྲོ་དང་ཞི་བ་རྣམ་གཉིས་ཀྱི། ། གཟུགས་ཀྱི་མཚན་ཉིད་བཤད་པར་བྱ། ། ཞི་བ་སྒེག་པོར་གསུངས་པ་སྟེ། ། ཁྲོ་བོ་སྦོམ་ལ་ཐུང་བར་ ཐོས། ། སོར་མོ་བཞི་ཡི་ཚད་ཀྱིས་ནི། ། དཔྲལ་བ་དེ་བཞིན་ཁ་ལའོ། ། མགྲིན་པ་དེ་བཞིན་འགྲམ་པ་དང་། ། གསང་གནས་ལ་ནི་སོར་བཞིའི་ཚད། ། སོར་མོ་ཉི་ཤུ་བཞི་ཡིས་ལག ། སོར་མོ་ཉི་ཤུ་བར་ལྷུའོ། ། ལག་པ་རྐང་པ་དེ་བཞིན་གདོང་། ། མིག་ལ་མཐེ་བོའི་ཚད་ཡིན་ཏེ། ། རྣ་བ་ལ་ནི་སོར་གཉིས་གསུངས། ། སྒོ་ངའི་སྦུབས་ལ་དེ་བཞིན་བཞི། ། མཆུ་གཉིས་དག་ལ་སོར་གཉིས་སོ། ། ལྟེ་བའི་ཟབས་སུ་སོར་མོ་སྟེ།
BO
། མགྲིན་པ་མ་གཏོགས་ལུས་ལ་ནི། ། གདོང་གི་སུམ་འགྱུར་དག་ཏུ་འདོད། ། རལ་པ་རྣམས་ནི་གདོང་གི་ཚད། ། རིན་ཆེན་དབུ་རྒྱན་སོར་མོ་དྲུག ། དེ་ནས་འཕགས་མ་སོར་ མོ་ཡི། ། སྒྲུབ་ཐབས་བདག་གིས་རབ་བཤད་བྱ། ། གང་གིས་བསྒོམ་པ་ཙམ་གྱིས་ནི། ། ཆུ་ཡི་སྟེང་དུ་འཆགས་པར་བྱེད། ། སེར་མོ་ཞལ་གསུམ་ཕྱག་དྲུག་པ། ། ཕུ་ཡིག་ས་བོན་ལས་བྱུང་བ། ། ཕྱག་ན་སྦྲུལ་དང་གཟུགས་ཆེན་མོ། ། རྨ་བྱ་ལ་ནི་ཞོན་པར་དགྱེས། ། ཤར་ལ་རྨ་བྱ་མ་ དགོད་དོ། ། ལྷོ་རུ་དེ་བཞིན་ཁྲོ་གཉེར་ཅན། ། ནུབ་ཏུ་རི་ཁྲོད་ལོ་མ་ཅན། ། བྱང་དུ་རྡོ་རྗེ་ལྕགས་སྒྲོག་མ། ། རྨ་བྱའི་སྒྲོ་དང་སྤྱི་བླུགས་དང་། ། ཡལ་ག་དེ་བཞིན་ལྕགས་སྒྲོག་སྟེ། ། དེ་རྣམས་རྣམ་པར་བསྒོམ་པར་བྱ། ། སེར་པོ་དམར་པོ་ལྗང་གུ་དང་། ། ཁ་དོག་སྔོན་པོའི་དབྱེ་བ་ཉིད། ། ཤེས་རབ་ཅན་གྱིས་དེ་བཞིན་བསྒོམ། ། དེ་བཞིན་དུ་ནི་སྔགས་འདི་བཟླས། ། ཨོཾ་ཕུ་ཛཿར། ཐོ་བ་ལ་སོགས་སྒོ་ལ་དགོད། ། མེ་ཏོག་ལ་སོགས་མཚམས་སུའོ། ། ཨཱརྱ་ཛཾ་གུ་ལིའི་སྦྱོར་ལྡན་པས། ། ཆུ་ཡི་སྟེང་དུ་རྟག་ཏུ་འགྲོ། ། དེ་ནས་ཀུ་རུ་ཀུལླེ་ཡི། ། སྒྲུབ་ཐབས་བདག་ གིས་རབ་བཤད་བྱ། ། གང་གིས་བསྒོམས་པ་ཙམ་གྱིས་ནི། །
BO
ཀླུ་ཡི་བུ་མོ་འགུག་པར་བྱེད། ། ཁ་དོག་དམར་པོ་ཞལ་བཞི་པ། ། ཕྱག་བརྒྱད་དང་ནི་ཡང་དག་ལྡན། ། ཧྲཱིཿཡིག་ས་བོན་ལས་བྱུང་བ། ། ཀླུ་རྣམས་འགུགས་པར་བྱེད་པའོ། ། མཐའ་ཡས་ལ་སོགས་ཀླུ་རིགས་བརྒྱད། ། ཕྱག་བརྒྱད་དུ་ནི་དགོད་པར་བྱ། ། སྦྲུལ་གྱི་རྒྱན་གྱིས་སྐུ་ལ་བརྒྱན། ། བརྟུལ་ཞུགས་ཅན་གྱིས་མཛེས་མ་བསྒོམ། ། སྔགས་ནི་ཀུ་རུ་ཀུལླེ་ཧྲཱིཿཕུཿསྭཱ་ཧཱ། ། དེ་ནས་རྒྱས་མིན་མདོར་བསྡུས་པས། ། གསང་བ་བ་ནི་བཤད་པར་བྱ། ། གང་གིས་ཤེས་པ་ཙམ་གྱིས་ནི། ། ལྷ་ཡི་བུ་མོ་འགུགས་པར་བྱེད། ། ཞལ་གཅིག་མ་དང་ཕྱག་གཉིས་མ། ། ཕྱག་ན་མདའ་དང་གཞུ་བསྣམས་པ། ། ལུས་ནི་སེར་པོ་ཆེན་པོ་ཡི། ། ལུས་མེད་རྣམ་པར་བསྒོམ་པར་བྱ། ། ཤར་དུ་དགའ་མ་བསྒོམ་པར་བྱ། ། མྱོས་བྱེད་མཛེས་མ་ལྷོ་རུ་བསྒོམ། ། ནུབ་ཏུ་འདོད་པའི་ལྷ་མོ་སྟེ། ། བྱང་དུ་མྱོས་པར་སྤྲོ་མའོ། ། འདོད་པའི་ལྷ་ མོ་ཐམས་ཅད་ཀྱི། ། ལག་ན་མདའ་དང་གཞུ་བསྒོམ་མོ། ། སེར་དང་དམར་དང་དེ་བཞིན་ལྗང་། ། དཀར་དམར་ཉིད་རྣམས་བསྒོམ་པར་བྱ། ། མཚམས་སུ་རྟག་ཏུ་རྒོད་མ་དང་། ། མ་འགགས་མ་དང་དབང་བྱེད་མ། ། ཆུ་སྲིན་རྒྱལ་མཚན་ཞེས་པ་རྣམས། ། སྒོ་ཡི་ཆ་ལ་རབ་ཏུ་བཤད། །
BO
འདོད་ འགྱིང་དང་ནི་སྙེམས་ཅན་དང་། ། དྲན་པ་དེ་བཞིན་མཚམས་ཀྱི་བདག ། ལྷ་རྣམས་དེ་དག་ཐམས་ཅད་ཀྱི། ། སྤྱི་བོར་གཤིན་རྗེ་གཤེད་པོ་བསྒོམ། ། བུད་མེད་རྣམས་ཀྱིས་ནམ་མཁའི་གདོང་། ། མཐའ་ལ་རྡོ་རྗེ་ལུས་མེད་སྒོམ། ། ཤཱིཏ་ཡིག་སྔགས་ལས་ཡང་དག་བྱུང་། ། ཀུན་ཏུ་རྣམ་པར་འཕྲོ་བ་ སྟེ། ། བསླུས་ཤིང་གཡེང་བ་བསྒོམ་པར་བྱ། ། མྱོས་པས་བདེ་བ་འདོད་ཡིད་ཀྱིས། ། གོས་ནི་དམར་པོས་ཡོངས་དཀྲིས་ཏེ། ། རྐང་པ་དག་གི་དྲུང་དུ་ལྷུང་། ། དེ་ལ་སྔགས་ནི་ཤིན་ཏུ་བཟླ། ། ཨོཾ་ཡིག་དབྱངས་ཀྱི་དབྱེ་བ་དང་། ། སྭཱ་ཧཱའི་ཡི་གེ་མཐའ་མར་སྦྱིན། ། ཤཱི་ཏ་ཡི་གེའི་སྔགས་ རྣམས་བརྗོད། ། ཆེ་གེ་མོ་ནི་བདག་དབང་གིས། ། དམར་པོའི་གསུང་ནི་ཇི་བཞིན་དུ། ། ཐམས་ཅད་དུ་ནི་བསྒོམས་བྱས་ན། ། རྣལ་འབྱོར་པ་ཡི་འདོད་པ་འཐོབ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་ལུས་མེད་པ་ལ་སོགས་པའི་ རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ། ། ། ། དེ་ནས་ཧེ་རུ་ཀ་ཆེན་གྱི། ། སྒྲུབ་ཐབས་བདག་གིས་རབ་བཤད་བྱ། ། རྣལ་འབྱོར་འཁོར་བས་བཅིངས་པ་ལས། ། གང་ཞིག་ཤེས་པས་མྱུར་གྲོལ་བ། ། ཞལ་གཅིག་པ་ལ་ཕྱག་གཉིས་ཏེ། །
BO
སྐུ་མདོག་སྔོན་པོ་གཏུམ་པོ་ཆེ། ། ཕྱག་ན་རྡོ་རྗེ་བསྒོམ་ པར་བྱ། ། གཞན་ལ་ཐོད་པ་དགོད་པར་བྱ། ། སྤྱན་གསུམ་སྐྲ་ནི་གྱེན་དུ་བརྫེས། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། ཁ་ཊྭཱྃ་ག་ནི་གཡོན་གྱི་ཆར། ། རྐང་གདུབ་ཆེན་པོས་རྣམ་པར་བརྒྱན། ། ཧཱུྃ་ཡིག་ས་བོན་ལས་བྱུང་བ། ། {ཡི་དགས་,ཡི་དྭགས་}སྟེང་བཞུགས་རྟག་ཏུ་འཛུམ། ། སངས་རྒྱས་ལྔ་ནི་རབ་ སྦྱོར་བས། ། ཐོད་པ་ལྔ་ཡིས་དབུ་ལ་བརྒྱན། ། མི་བསྐྱོད་པ་ཡི་ཅོད་པན་བསམ། ། ཧེ་རུ་ཀར་གྲགས་རྣམ་པར་བསྒོམ། ། ཤར་དུ་ཆོས་ཀྱི་འཁོར་ལོ་བྲི། ། སངས་རྒྱས་བྱང་ཆུབ་ལྷོ་རུའོ། ། འདོད་ལྔའི་ཁྲོ་ཤིང་ནུབ་ཏུ་སྟེ། ། བྱང་དུ་ཧེ་རུ་ཀ་དང་མཚུངས། ། སྣ་ཚོགས་གཟུགས་ཅན་ སྒེག་པ་ལ། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། གཟུགས་མཛེས་{ཡི་དགས་,ཡི་དྭགས་}སྟེང་དུ་སྟེ། ། གཏི་མུག་ཐམས་ཅད་ཉེར་འཇོམས་མ། ། ཆོས་ཀྱི་འཁོར་ལོ་དེ་བཞིན་གཞན། ། ཡིད་བཞིན་ནོར་དང་དཔག་བསམ་ཤིང་། ། བུམ་པ་བཟང་པོ་དེ་བསྒོམ་བྱ། ། ལྷ་མོ་རྣམས་ནི་ཕྱག་གཡས་ ན། ། རྡོ་རྗེ་ཡང་ནི་བསྒོམ་པར་བྱ། ། དཀྱིལ་འཁོར་དཀྱིལ་འཁོར་ཐམས་ཅད་ལ། ། ཐོད་པའི་སྣོད་ནི་གཡོན་དུའོ། ། སྤྱན་དང་མཱ་མ་ཀཱི་སྒྲོལ་མ། །
BO
གོས་དཀར་ཤིན་ཏུ་ཡིད་འོང་རྣམས། ། མེ་ལ་སོགས་པའི་མཚམས་བཞི་ལ། ། ཕྱི་ཡི་འཁོར་ལོར་གཤིན་རྗེ་གཤེད། ། ཤེས་རབ་མཐར་བྱེད་རྟ་མགྲིན་ དང་། ། བདུད་རྩི་འཁྱིལ་བཅས་བསྒོམ་པར་བྱ། ། འཁོར་ལོ་ཡི་ནི་སྒོ་སྲུངས་ཏེ། ། ལས་རྣམས་ཆོ་ག་མཐོང་བ་ཡིས། ། རྣམ་པ་ལྔ་ནི་བསྒོམས་བྱས་ནས། ། སངས་རྒྱས་བྱང་ཆུབ་རྣམ་པར་བསྒོམ། ། འཁོར་ལོ་བསྒོམ་བྱ་རྣལ་འབྱོར་བས། ། གླུ་བཞི་རབ་ཏུ་སྦྱོར་བ་ཡིས། ། འཁོར་ལོ་ཅན་ནི་བསྐུལ་བར་ བྱ། ། ཙརྩི་ཀཱ་སོགས་སྙན་པའི་གླུ། ། དྲུག་འགྱུར་ལ་སོགས་གླུ་རྣམས་ཀྱིས། ། བརྩེ་བས་ཁྲོ་བའི་རྗེ་བཙུན་བཞེངས། ། ས་གསུམ་པོ་ཡི་གཏི་མུག་སོལ། ། བསམ་དུ་མེད་པའི་རྗེ་བཙུན་བཞེངས། ། བདུད་བཞི་རྣམས་ལས་རྒྱལ་བར་མཛད། ། འཇིག་རྟེན་མགོན་པོས་སྟོད་པར་ བཞུགས། ། འཇིག་རྟེན་བསོད་ནམས་རྗེ་བཙུན་བཞེངས། ། བྱང་ཆུབ་དངོས་ལ་འཇིག་རྟེན་མགོན། ། ཁྱོད་ནི་སྟོང་ཉིད་སེམས་པར་མཛད། ། ཇི་ལྟར་སྐར་མ་འཕྲོ་བ་ལྟར། ། བྱང་ཆུབ་སེམས་ནི་དེ་ལ་ཞུགས། ། བརྩེ་བས་ཆགས་པའི་སེམས་ཞུ་སྟེ། ། རྡོ་རྗེ་འཛིན་པ་རང་ཉིད་དོ། ། དང་ པོར་རྣལ་འབྱོར་བསྒོམ་པར་བྱ། ། རྗེས་སུ་རྣལ་འབྱོར་གཉིས་པའོ། །
BO
ཤིན་ཏུ་རྣལ་འབྱོར་གསུམ་པའོ། ། རྣལ་འབྱོར་ཆེན་པོ་བཞི་པའོ། ། རྡོ་རྗེ་སེམས་དཔའ་རྫོགས་པ་ལ། ། རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། ། ལྷ་ཡི་སྐུ་ནི་རྫོགས་པ་ལ། ། རྗེས་སུ་རྣལ་འབྱོར་ཞེས་གྲགས་སོ། ། འཁོར་ལོ་ཐམས་ཅད་རྫོགས་པ་ལ། ། ཤིན་ཏུ་རྣལ་འབྱོར་ཡིན་པར་འདོད། ། ལྷ་ཡི་མིག་སོགས་བྱིན་བརླབ་དང་། ། སྐུ་དང་གསུང་དང་ཐུགས་རྣམས་དང་། ། ཡེ་ཤེས་འཁོར་ལོ་རབ་གཞུག་དང་། ། དེ་བཞིན་བདུད་རྩི་མྱང་བ་དང་། ། མཆོད་དང་བསྟོད་པ་ཆེན་པོ་ནི། ། རྣལ་འབྱོར་ ཆེན་པོ་ཞེས་འདོད་དོ། ། སློབ་དཔོན་ལ་ནི་བརྙས་མི་བྱ། ། བདེ་གཤེགས་བཀའ་ལས་མི་འདའ་སྟེ། ། དེ་བཞིན་སྤུན་ལ་ཁྲོ་བ་དང་། ། ཉེས་པ་བསྒྲག་པར་མི་བྱའོ། ། སེམས་ཅན་ཀུན་ལ་བྱམས་པའི་སེམས། ། ནམ་ཡང་གཏང་བར་མི་བྱའོ། ། བྱང་ཆུབ་སེམས་ཀྱང་གཏང་མི་བྱ། ། བདག་ གཞན་ཆོས་ལ་སུན་མི་དབྱུང་། ། ཡོངས་སུ་མ་སྨིན་སེམས་ཅན་ལ། ། གསང་བ་བསྒྲག་པར་མི་བྱའོ། ། བདག་གི་ཕུང་པོ་སྨད་མི་བྱ། ། བཅོམ་ལྡན་ཆོས་ནི་སུན་མི་དབྱུང་། ། གདུག་པའི་བྱམས་པ་རྟག་ཏུ་སྤང་། ། ཆོས་ལ་ཚད་གཞལ་མི་བྱའོ། ། སེམས་ཅན་དད་པ་ཅན་མི་བསླུ། ། རྟག་ ཏུ་དམ་ཚིག་བསྟེན་པར་བྱ། །
BO
བུད་མེད་ཤེས་རབ་རང་བཞིན་ལ། ། སྨོད་པའི་ཉེས་པ་དེ་བཞིན་ནོ། ། རྣལ་འབྱོར་སློང་མོས་རྒྱུ་མི་བྱ། ། རྣལ་འབྱོར་སྤང་བར་མི་བྱ་སྟེ། ། རྟག་པར་ཀུན་དུ་གསང་སྔགས་བཟླ། ། རྟག་ཏུ་དམ་ཚིག་ལ་སོགས་བསྟེན། ། གལ་ཏེ་བག་མེད་གྱུར་པ་ཡིས། ། བླ་མའི་ དམ་ཚིག་ལས་ཉམས་ན། ། དེས་ནི་དཀྱིལ་འཁོར་ཟླུམ་པོ་བྲི། ། བདེ་གཤེགས་རྣམས་ལ་ཉེས་པ་བཤགས། ། དད་པས་བླ་མའི་དམ་ཚིག་བསྲུང་། ། སྙིང་རྗེ་ཅན་གྱིས་མི་རྟོག་པར། ། ཉེས་པ་མ་ལུས་སྤང་སེམས་ཀྱིས། ། བསམ་གཏན་ལ་གཞོལ་བཟླས་མཆོག་གཞོལ། ། བརྟན་ཞིང་དུལ་ ལ་བརྩེ་བའི་སེམས། ། དད་དང་ལྷག་པའི་བསམ་པ་དང་། ། མཆོག་ཏུ་བཟོད་པ་འཛིན་པ་ཡི། ། སྐྱེས་བུ་རྟག་ཏུ་བླ་མར་བྱ། ། སློབ་མ་བླ་མ་ལ་གུས་དང་། ། གཤིན་རྗེ་གཤེད་ལ་རབ་གུས་པ། ། བརྟུལ་ཞུགས་ཅན་གྱིས་ཡོངས་སྨིན་བྱ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་བདེ་བ་ཆེན་པོ་མཆོག་ཏུ་དགའ་བའི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའི་གསུང་ཉེ་བར་ཐོས་ནས་ཅང་མི་སྨྲ་བར་གྱུར་ཏོ། ། འདི་ལྟ་བུའི་ཆེད་དུ་བརྗོད་དོ། ། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད། ། བརྟུལ་ཞུགས་མཐར་ཐུག་ཐོད་པ་ཆེ། ། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །
BO
མ་བྱུང་ འབྱུང་བར་མི་འགྱུར་རོ། ། ཨེ་མ་ཞི་བ་ཆེན་པོའི་ཆོས། ། ཨེ་མ་ཁྲོ་བོ་འཇིགས་མཛད་པ། ། ཨེ་མ་མྱ་ངན་འདས་པའི་མཆོག ། ཨེ་མ་འཁོར་བ་ཞི་བ་ཉིད། ། ཨེ་མ་འདི་ནི་རབ་ཏུ་མཚར། ། ཉེས་པ་གང་དེ་ཡོན་ཏན་འགྱུར། ། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། ། དངོས་པོ་མེད་ཅིང་སྒོམ་ པའང་མེད། ། ཁམས་ཀྱང་མེད་ཅིང་རྣམ་ཤེས་མེད། ། ནམ་མཁའི་དཀྱིལ་དང་མཚུངས་པ་ཉིད། ། ནམ་མཁའ་བཞིན་དུ་བདག་མེད་པ། ། ཆོསའདི་བདེ་བ་ཆེན་པོའོ། ། ས་ཡང་མེད་ཅིང་ཆུ་ཡང་མེད། ། མེ་མེད་རླུང་མེད་ནམ་མཁའ་མེད། ། རྡོ་རྗེ་སེམས་དཔའ་རབ་སྦྱོར་བས། ། བསྐྱེད་པ་ འདི་ནི་རབ་ཏུ་གནས། ། དངོས་པོ་ཐམས་ཅད་དངོས་མེད་བཤད། ། དེས་ན་རང་བཞིན་མེད་ཅེས་བསྒྲགས། ། རྣལ་འབྱོར་སྦྱོར་བ་དང་ལྡན་པས། ། ཆད་པ་མ་ཡིན་རྟག་པ་མིན། ། ཡན་ལག་མེད་ཅིང་ཁ་དོག་མེད། ། དངོས་པོ་ཐམས་ཅད་བདེན་པར་མེད། ། ཐོག་མ་བར་དང་ མཐའ་མ་སྤངས། ། མཆོག་ཏུ་དགའ་བའི་མཚན་ཉིད་དོ། ། དེ་ནས་ཙརྩི་ཀཱ་ལ་སོགས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། བསོད་ནམས་སྡིག་པ་དག་དང་མ་འབྲེལ་བས། ། མཆོག་ཏུ་དགའ་བ་དྲི་མེད་རྣམ་དག་པ། ། དེ་བཞིན་ཉིད་ཀྱི་གཏེར་ཆེན་གཅིག་པུ་ནི། །
BO
ཀུན་ ནས་སྙིང་རྗེའི་སེམས་ཀྱིས་རབ་ཏུ་གནས། ། མཆོག་ཏུ་དགའ་བ་འདི་ཡི་ངོ་བོ་ནི། ། ཆོས་རྣམས་ངོ་བོ་བདེ་བ་ཆེན་པོའི་དངོས། ། གཟུགས་མེད་བསོད་ནམས་མེད་ཅིང་སྡིག་པ་མེད། ། སྐྱེ་དང་འགག་པ་དག་ནི་ཡོད་མ་ཡིན། ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི། ། སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་བྱང་ཆུབ་སེམས་ཀྱི་རིམ་པར་ཕྱེ་བ་སྟེ་{བཅྭ་,བཅོ་}བརྒྱད་པའོ། ། ། ། དེ་ནས་གཏམ་རྒྱུད་རབ་ཏུ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་བཅོམ་ ལྡན་འདས་ཐུབ་པ་ཆེན་པོ་ལ་བྱང་ཆུབ་ལ་བར་དུ་གཅད་པའི་ཕྱིར་ཤིན་ཏུ་འཇིགས་སུ་རུང་བའི་འཇིགས་པ་ཆེན་པོ་སྟོན་ཅིང་བདུད་ཀྱི་དཔུང་གི་ཚོགས་ཆེན་པོ་དཔག་ཏུ་མེད་པ་ལྷགས་ཏེ། དེའི་དུས་ན་བདུད་ཆེན་པོ་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ཏེ། ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ངེས་པར་ཕྱུང་སྟེ། ངེས་པར་ཕྱུང་ནས་ཀྱང་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་བཀའ་བཞིན་བྱེད་པ་ལ།
BO
ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུའི་གཤིན་རྗེ་གཤེད་ཀྱི་ཁྲོ་ བོའི་གཟུགས་སུ་བསྒྱུར་ཏེ། བདུད་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ལྷ་དང་། སྲིན་པོ་རྣམས་སྐྲག་ཅིང་འཇིགས་པ་དང་སོད་ཅིག་ཅེས་གསུངས་སོ། ། དེའི་དུས་ན་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ཏེ། སྐད་ཅིག་ལ་ བཟུང་ཞིང་དོན་བཟུང་སྟེ། བསྡུས་ནས་ཤིན་ཏུ་དགའ་བས་ལེགས་པར་སེམས་བསྐྱེད་དོ། ། གསང་བའི་བདག་པོ་ཆེན་པོ་ལ། ། འདི་སྐད་ཅེས་ནི་བཀའ་སྩལ་ཏོ། ། ཕ་རོལ་གྲོང་དུ་རབ་འཇུག་པའི། ། ཐབས་རྣམས་རབ་ཏུ་གསལ་བྱ་སྟེ། ། འགྲོ་དང་འོང་བར་འདོད་པ་ ཡིས། ། ཏིང་ངེ་འཛིན་དང་གསང་སྔགས་བཟླ། ། བྱེ་བ་བཟླས་པས་འགྲུབ་འགྱུར་ཏེ། ། བྱེ་བ་ལྔ་ཡིས་སྨོས་ཅི་དགོས། ། དང་པོ་དེ་ནས་བརྩམ་པར་བྱ། ། བདག་ཉིད་ནམ་མཁའ་ལྟ་བུ་སྟེ། ། དང་པོར་གོམས་པར་བྱ་བའི་དུས། ། སེམས་ལ་སེམས་ཉིད་གཞུག་པར་བྱ། ། དཔེར་ན་སེམས་འདི་རྨི་ལམ་ན། ། འགྲོ་དང་སླར་ཡང་བཟློག་པར་བྱ། ། སྐད་ཅིག་ལ་ནི་དེ་བཞིན་གནས། ། རྒྱུན་མི་འཆད་པར་སྦྱོར་གོམས་པས། ། དཔེར་ན་མཚོན་ཆ་གནས་བྱས་ནས། ། གཞུ་ཡིས་མདའ་ནི་འཕེན་པ་སྟེ། ། དེ་བཞིན་འདིར་ཡང་ཡིད་ཀྱི་གཞུས། །
BO
རྒྱུན་ མི་འཆད་པར་འགྲོ་བར་བྱེད། ། ཟླ་བ་ཉི་མ་སྦྱོར་བ་ཡིས། ། རླུང་གིས་སེམས་ནི་གཞུག་པར་བྱ། ། ལུས་ནི་རྣམ་པར་སྤངས་ནས་ནི། ། དེ་ལ་ཡིད་ནི་འགྲོ་དང་འཇུག ། ཅུང་ཟད་དྲོད་ནི་རྙེད་པ་ཡིས། ། ཐོབ་པའི་ཕྱོགས་སུ་སྒོམ་པ་པོ། ། ལུས་ཀྱི་ནང་དུ་འཇུག་པ་ནི། ། དཔེར་ན་གྲོང་གཞན་ལས་འགྲོ་ཞིང་། ། ཟླ་བ་ཉི་མའི་འགྲོས་འཇོམས་ཤིང་། ། སྒྲ་གཅན་འཇུག་པ་སྦྱོར་བ་ཡིས། ། བགྲོད་པའི་གནས་ནི་ཐོབ་པ་ན། ། རླུང་གི་བཞོན་པའི་སྦྱོར་བ་ཡིས། ། འཚི་ལྟས་མཚན་ཉིད་ཤེས་བྱས་ལ། ། ཆོ་ག་མཚན་ཉིད་ལྡན་པས་བགྲོད། ། ཇི་ལྟར་ འདོད་པ་གཡོ་མི་གཡོ། ། རང་འདོད་ཀུན་ཏུ་སྐྱེ་བར་འགྱུར། ། ཐུར་སེལ་འོག་ལམ་གསང་བའི་མཐའ། ། གཏོང་ཞིང་ལྟེ་བར་རྩོམ་པར་བྱེད། ། སྙིང་ག་མགྲིན་པར་སོང་ནས་ནི། ། སྲོག་ནི་སྣ་བུག་དག་ནས་འགྲོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་ཕ་རོལ་གྱི་གྲོང་དུ་འཇུག་པ་སྟེ། རིམ་པར་ཕྱེ་བ་བཅུ་དགུ་པའོ། ། ། ། དཔལ་ལྡན་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་{སྷོ,སོ}། ། ། ། བླ་མ་ཆོས་ཀྱི་རྒྱལ་པོའི་ གསུང་གི་འོད་ཟེར་དང་། །
BO
བྷོ་ཊ་པཎྜི་ཏའི་གསུང་དང་། མིའི་དབང་པོ་ཀུན་དགའ་བཟང་པོའི་གསུང་དང་། དཔོན་ཀུན་གཞོན་གྱིས་གསེར་གནང་བ་ལ་བརྟེན་ནས། ཤཱཀྱའི་དགེ་སློང་ཙནྡྲ་ཤྲཱིའི་ཞལ་སྔ་ནས་ཞུས་ཤིང་། པཎྜི་ཏ་ཆེན་པོ་ཙནྡྲ་ཀཱིརྟི་ དང་། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས། བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་བསྒྱུར་རོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source