BO༄༅། ། རྒྱ་གར་སྐད་དུ། ཨཱརྱ་ལ་ལི་ཏ་བི་སྟཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། བམ་པོ་དང་པོ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་ སློང་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་མིང་ཆེན་དང་། ཚེ་དང་ལྡན་པ་བཟང་ པོ་དང་། ཚེ་དང་ལྡན་པ་གྲགས་སྦྱིན་དང་། ཚེ་དང་ལྡན་པ་དྲི་མ་མེད་དང་། ཚེ་དང་ལྡན་པ་ལག་{བཟངས་,བཟང་}དང་། ཚེ་དང་ལྡན་པ་གང་པོ་དང་། ཚེ་དང་ལྡན་པ་བ་ལང་བདག་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་ དང་། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང་། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ ཀཱ་ཏྱཱའི་བུ་ཆེན་པོ་དང་།
BOཚེ་དང་ལྡན་པ་ཀ་པི་ན་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་སྐུལ་བྱེད་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་དགའ་བྱེད་དང་། ཚེ་དང་ལྡན་པ་ འུག་པ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་སེང་ལྡེང་ནགས་པ་དང་། ཚེ་དང་ལྡན་པ་དོན་ཡོད་རྒྱལ་པོ་དང་། ཚེ་དང་ལྡན་པ་ཕ་རོལ་ཏུ་འགྲོ་བ་ཆེན་པོ་དང་། ཚེ་དང་ལྡན་པ་བ་ཀུ་ལ་དང་། ཚེ་དང་ལྡན་པ་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་ གཅན་ཟིན་དང་། ཚེ་དང་ལྡན་པ་ལེགས་འོངས་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དེ་དག་ལ་སོགས་པ་དགེ་སློང་ཁྲི་ཉིས་སྟོང་དང་ཐབས་ཅིག་ཏུ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བྱང་ཆུབ་ སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལས་ངེས་པར་སྐྱེས་པ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་རྩེ་བ། བྱང་ཆུབ་སེམས་དཔའི་གཟུངས་ཐམས་ཅད་ཐོབ་པ། བྱང་ཆུབ་སེམས་དཔའི་སྤོབས་པ་ཐམས་ཅད་ཐོབ་པ། བྱང་ཆུབ་སེམས་ དཔའི་སྨོན་ལམ་ཐམས་ཅད་ཤིན་ཏུ་ཡོངས་སུ་རྫོགས་པ།
BOབྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་ཐོབ་པ། བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ཐོབ་པ། བྱང་ ཆུབ་སེམས་དཔའི་བཟོད་པ་ཐམས་ཅད་ལ་ཞུགས་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་རབ་ཏུ་རྫོགས་པ་ཤ་སྟག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཏོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་གྲུབ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པ་རབ་ཏུ་ཞི་བའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་དག་པར་རིག་ པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྟག་པར་སྦྱོར་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེར་སེམས་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་ཅིག་གོ། ། དེའི་ཚེ་བཅོམ་ལྡན་འདས་ མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན། འཁོར་བཞི་དང་། རྒྱལ་པོ་དང་། རྒྱལ་པོའི་སྲས་དང་།
BOརྒྱལ་པོའི་བློན་པོ་ཆེན་པོ་དང་། ཆགས་འོག་གི་རྒྱལ་ཕྲན་དང་། རྒྱལ་པོའི་ཞབས་འབྲིང་བ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། འཁོར་གྱི་མི་ དང་། གྲོང་ཁྱེར་པ་དང་། ཡུལ་གྱི་མི་དང་། མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། དཔྱོད་པ་པ་དང་། ཀུན་ཏུ་རྒྱུ་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པ་བྱས་སོ། ། བཅོམ་ལྡན་འདས་ནི་བཟའ་བ་དང་། བཅའ་བ་དང་མྱང་བ་དག་བསོད་ཅིང་མང་ བ་དང་། ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རུང་བ་བརྙེས་ཤིང་། བཅོམ་ལྡན་འདས་ནི་བརྙེས་པ་དམ་པ་དང་། གྲགས་པ་དམ་པ་བརྙེས་ཀྱང་པད་མ་ལ་ཆུས་མི་གོས་པ་ལྟར་ཐམས་ཅད་དུ་མ་ཆགས་མ་གོས་པར་བཞུགས་སོ། ། བཅོམ་ ལྡན་འདས་ཀྱི་གྲགས་པ་དང་། སྒྲ་དང་སྙན་པ་ནི་འདི་སྐད་དུ། བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་ མི་རྣམས་ཀྱི་སྟོན་པ།
BOསངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བར་འཇིག་རྟེན་དུ་མངོན་པར་གྲགས་པར་གྱུར་ཏོ། ། དེ་ནི་སྤྱན་ལྔ་དང་ལྡན་པ་སྟེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལྷ་ དང་མིར་བཅས་པ་དག ། རང་གིས་མངོན་པར་མཁྱེན་པས་མངོན་དུ་མཛད་ནས་ཉེ་བར་བསྒྲུབས་ཏེ་རབ་ཏུ་སྟོན་ཏོ། ། དེ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བའི་ཆོས་སྟོན་ཏེ། ཚངས་པའི་སྤྱོད་པ་ཡང་དག་པར་སྟོན་ཏོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ནམ་གྱི་གུང་ཐུན་ལ། སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་ བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་གཙུག་ཏོར་གྱི་གསེབ་ནས། སྔོན་གྱི་སངས་རྒྱས་རྗེས་སུ་དྲན་པར་བྱ་བ་ལ་ཆགས་པ་མེད་པའི་ཡེ་ཤེས་སྣང་བ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ།
BOདེས་གནས་གཙང་མའི་ལྷའི་ གནས་ཐམས་ཅད་སྣང་བར་བྱས་ནས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་བུ་ཚད་མེད་པ་དག་ཡང་དག་པར་བསྐུལ་ཏོ། ། དེ་བཞིན་གཤེགས་པའི་འོད་ཟེར་གྱི་ཚོགས་དེ་ལས་བསྐུལ་བའི་ཚིགས་སུ་བཅད་པ་འདི་དག་ཀྱང་བྱུང་ངོ་། ། ཡེ་ཤེས་འོད་ལྡན་མུན་བཅོམ་འོད་མཛད་པ། ། འོད་ བཟང་གཟི་བརྗིད་དམ་པ་དྲི་མེད་པ། ། སྐུ་ལུས་རབ་ཞི་ཐུགས་དགེ་ཞི་བ་པོ། ། ཤཱཀྱའི་སེང་གེ་ཐུབ་དང་ཕྲད་པར་གྱིས། ། ཡེ་ཤེས་རྒྱ་མཚོ་མཐུ་ཆེན་དག་པ་སྟེ། ། ཆོས་ཀྱི་མངའ་བདག་ཀུན་མཁྱེན་ཐུབ་པའི་དབང་། ། མི་དང་ལྷས་མཆོད་ལྷ་ཡི་ལྷར་གྱུར་པ། ། ཆོས་ལ་རང་བྱུང་མངའ་དབང་ མཛད་ལ་རྟོན། ། གང་ཞིག་གདུལ་དཀའི་སེམས་ལ་མངའ་མཛད་དེ། ། གང་ཞིག་བདུད་ཀྱི་རྙི་ལས་གྲོལ་བའི་ཐུགས། ། དེ་འདིར་མཐོང་ཐོས་དོན་མེད་མ་ཡིན་གྱིས། ། རྣམ་གྲོལ་མཐར་ཕྱིན་ཞི་བའི་དྲུང་དུ་དེང་། ། མཚུངས་མེད་ཆོས་ལ་སྣང་བར་གྱུར་པ་སྟེ། ། མུན་སེལ་ཚུལ་བཟང་སྟོན་པར་ རབ་མཛད་པ། ། སངས་རྒྱས་སྤྱོད་ཞི་མཁྱེན་པ་དཔག་མེད་པ། ། དེ་ཡི་དྲུང་དུ་དད་པ་མཆོག་གིས་དེང་། ། དེ་ནི་སྨན་པའི་རྒྱལ་པོ་བདུད་རྩི་གཏོང་། ། དེ་ནི་སྨྲ་བ་དཔའ་བོ་ཚོགས་ངན་འཇོམས། །
BOདེ་ནི་ཆོས་ཀྱི་རྩ་ལག་དོན་དམ་མཁས། ། དེ་ནི་འདྲེན་པ་བླ་མེད་ལམ་སྟོན་པའོ། ། གནས་གཙང་མའི་ རིས་ཀྱི་ལྷའི་བུ་དེ་དག་སྔོན་གྱི་སངས་རྒྱས་རྗེས་སུ་དྲན་པར་བྱ་བ་ལ་ཆགས་པ་མེད་པའི་ཡེ་ཤེས་སྣང་བའི་འོད་ཟེར་དེས་ཕོག་ཅིང་ཚིགས་སུ་བཅད་པ་རྣམ་པ་དེ་ལྟ་བུ་དེ་དག་གིས་ཀྱང་བསྐུལ་མ་ཐག་ཏུ་རབ་ཏུ་ཞི་བའི་ཏིང་ངེ་འཛིན་དེ་ལས་ལངས་ནས་སངས་རྒྱས་ཀྱི་མཐུས་བསྐལ་པ་གྲངས་མེད་ཚད་མེད་ བགྲང་བ་ལས་ཤིན་ཏུ་འདས་པ་དག་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྗེས་སུ་དྲན་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དག་དང་། འཁོར་གྱི་དཀྱིལ་འཁོར་གང་ཡིན་པ་དག་དང་། ཆོས་བསྟན་པ་གང་ཡིན་པ་ དེ་དག་ཐམས་ཅད་ཀྱང་རྗེས་སུ་དྲན་པར་གྱུར་ཏོ། ། དེ་ནས་དེའི་ནུབ་མོ་མི་ཉལ་ཙམ་ན་གནས་གཙང་མའི་རིས་ཀྱི་ལྷའི་བུ་དབང་ཕྱུག་ཅེས་བྱ་བ་དང་། དབང་ཕྱུག་ཆེན་པོ་དང་། དགའ་བོ་དང་། ཤིན་ཏུ་དགའ་བོ་དང་། ཙན་དན་དང་། མཆོད་བྱས་དང་། རབ་ཞི་དང་། དུལ་བ་རབ་ཞི་དབང་ཕྱུག་ལ་ སོགས་པ་དེ་དག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་གཞན་ཤིན་ཏུ་མང་པོ་ཁ་དོག་འཕགས་ཤིང་ཤིན་ཏུ་འཕགས་པ་དང་ལྡན་པ་དག་གིས།
BOལྷའི་སྣང་བས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བར་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱ་ཆེར་རོལ་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་ རྒྱས་པ་ཆེན་པོ་བསྡུས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་དག་པར་བསྟན་པ། དགའ་ལྡན་གྱི་ཕོ་བྲང་དམ་པ་ནས་འབབ་པ་དང་། ཆེད་དུ་དགོངས་ཏེ་ལྷུམས་སུ་འཇུག་པའི་རྣམ་པར་རོལ་པ་དང་། མངལ་གྱི་གནས་ཀྱི་ཁྱད་པར་ཀུན་ཏུ་བསྟན་པ། རིགས་བཟང་པོར་སྐྱེ་ བའི་སའི་མཐུ་ཀུན་དུ་བསྟན་པ། བྱིས་པའི་སྤྱོད་པ་ཐམས་ཅད་ལས་ཡོན་ཏན་གྱི་ཁྱད་པར་གྱིས་ཤིན་ཏུ་འདའ་བ་བསྟན་པ། འཇིག་རྟེན་པའི་བཟོའི་གནས་དང་། ལས་ཀྱི་གནས་དང་། ཡི་གེ་དང་། གྲངས་དང་། ལག་རྩིས་དང་། རྩིས་དང་། རལ་གྲིའི་ཐབས་དང་། འཕོང་དང་། སྟོབས་དང་། གྱད་ཀྱི་འཛིན་སྟངས་རྣམས་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཀུན་དུ་བསྟན་པ། བཙུན་མོའི་འཁོར་དང་།
BOཡུལ་གྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཀུན་ཏུ་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་འཐུན་པས་ ཡོངས་སུ་གྲུབ་པའི་འབྲས་བུ་བརྙེས་པ་ཡོངས་སུ་བརྗོད་པ། བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པ་བསྟན་པ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་བསྡུས་པ། སངས་རྒྱས་ཀྱི་ཆོས་ཚད་མ་མཆིས་པ་ ངེས་པར་བསྟན་པ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔོན་ཆད་གསུངས་པ་མཆིས་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་པད་མའི་བླ་མ་དང་། ཆོས་ཀྱི་ཏོག་དང་། མར་མེ་མཛད་དང་། ཡོན་ཏན་གྱི་ཏོག་དང་། ཡོན་ཏན་འབྱུང་གནས་དང་། འོད་ཟེར་ཆེན་པོ་དང་། དྲང་སྲོང་ལྷ་ དང་། དཔལ་གྱི་གཟི་བརྗིད་དང་། བདེན་པའི་ཏོག་དང་། རྡོ་རྗེ་མཁྲེགས་དང་། ཐམས་ཅད་ཟིལ་གྱིས་གནོན་དང་། གསེར་མདོག་དང་། ཤིན་ཏུ་མཐོར་གཤེགས་དང་། བྱི་རུའི་རྒྱ་མཚོ་དང་། མེ་ཏོག་གི་ཏོག་དང་། གཟུགས་བཟང་དང་། སྤྱན་བཟང་དང་། དྲང་སྲོང་སྦེད་དང་། དམག་ ཚོགས་ལས་རྒྱལ་དང་། མཐོ་བ་དང་། མེ་ཏོག་རྒྱས་པ་དང་། མཛོད་སྤུ་གཟི་བརྗིད་དང་། ཤིན་ཏུ་རྒྱས་དང་། འོད་ཟེར་བཟང་པོ་དང་། བཀྲ་ཤིས་ལྡན་དང་།
BOབལྟ་ན་བཟང་དང་། སེང་གེའི་གཟི་བརྗིད་ཆེན་པོ་དང་། བློ་གྲོས་བརྟན་པས་བྱིན་དང་། སོས་ཀའི་སྤོས་དྲི་དང་། བདེན་པའི་ ཆོས་གྲགས་རྒྱ་ཆེན་དང་། འོད་ལྡན་དང་། སྐར་རྒྱལ་དང་། འཇིག་རྟེན་མཛེས་དང་། འོད་རྒྱ་ཆེན་དང་། རིན་ཆེན་གྲགས་དང་། དྲག་ཤུལ་གཟི་བརྗིད་དང་། རིན་ཆེན་གཟི་བརྗིད་དང་། ཚངས་པའི་གཟི་བརྗིད་དང་། སྒྲ་སྙན་དང་། མེ་ཏོག་བཟང་པོ་དང་། རི་རབ་མེ་ཏོག་དང་། རབ་ཏུ་ ཡིད་འོང་དབྱངས་དང་། དགེ་བ་ཚུལ་{བཟངས་,བཟང་}དང་། རབ་ཏུ་འཛུམ་པའི་སྤྱན་དང་། ཡོན་ཏན་ཕུང་པོ་དང་། འབྲུག་སྒྲ་དང་། ཁ་དོག་མཛེས་དང་། ཚེའི་གཟི་བརྗིད་དང་། དོམ་བག་གླང་པོའི་འགྲོས་དང་། འཇིག་རྟེན་མངོན་པར་སྨོན་དང་། དགྲ་ལས་རྒྱལ་དང་། ཡང་དག་ མཆོད་དང་། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཀྱང་སྔོན་ཆད་གསུངས་པ་ལགས་ན། དེ་བཅོམ་ལྡན་འདས་ ཀྱིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེའི་དོན་དང་།
BOལྷ་དང་མི་རྣམས་ཀྱི་དོན་དུ་འགྱུར་བ་དང་། སྨན་པ་དང་བདེ་བར་འགྱུར་བ་དང་། ཐེག་པ་ཆེན་པོ་འདིའང་བརྗོད་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ ཚར་གཅད་པ་དང་། བདུད་ཐམས་ཅད་ཟིལ་གྱིས་མནན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟན་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཐམས་ཅད་ཀྱི་བརྩོན་འགྲུས་བརྩམ་པ་བསྐྱེད་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དཀོན་མཆོག་ གསུམ་གྱི་གདུང་མི་གཅད་པ་དང་། སངས་རྒྱས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་ཡང་ཀུན་ཏུ་བསྟན་པའི་སླད་དུ་ད་བསྟན་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་དང་ལྷ་དང་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་ཅང་མི་གསུང་བས་ གནང་ངོ་། ། དེ་ནས་ལྷའི་བུ་དེ་དག་ཀྱང་། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ ལན་གསུམ་བསྐོར་བ་བྱས་ནས་ཙན་དན་གྱི་ཕྱེ་མ་དང་། ཨ་ག་རུའི་ཕྱེ་མ་དང་། མེ་ཏོག་མན་དཱ་ར་བདག་གིས་ཀྱང་མངོན་པར་གཏོར་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །
BOདེ་ནས་བཅོམ་ལྡན་འདས་ནུབ་མོ་དེའི་ནམ་ནངས་པ་དང་། སྨྱིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དེར་ གཤེགས་ཏེ་བྱོན་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཉན་ཐོས་ཀྱི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ། གདན་བཤམས་པ་ལ་བཞུགས་སོ། ། བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་འདིར་ངའི་དྲུང་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་དབང་ཕྱུག་ཅེས་བྱ་བ་དང་། དབང་ཕྱུག་ཆེན་པོ་དང་དགའ་བོ་དང་། ཤིན་ཏུ་དགའ་བོ་དང་། ཙན་དན་དང་། མཆོད་བྱས་དང་། རབ་ཞི་དང་། དུལ་བ་རབ་ཞི་དབང་ཕྱུག་ལ་སོགས་པ་དེ་ དག་དང་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཞན་ཤིན་ཏུ་མང་པོ་ཞེས་བྱ་བ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཅེས་བྱ་བའི་བར་དུ་སྔ་མ་བཞིན་དུ་གསུངས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་ སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་ལེགས་པར་བསྟན་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་།
BOསྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བར་མཛད་པ་དང་། སྐྱེ་བོ་ཕལ་ པོ་ཆེ་དང་། ལྷ་དང་མི་རྣམས་དང་། ད་ལྟར་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བར་འགྱུར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ཉན་ཐོས་ཆེན་པོ་དེ་ དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་ཅང་མི་གསུང་བས་གནང་ངོ་། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དགེ་སློང་དག་ཀྱེ་ང་ནི་མདང་སུམ་འདིར། ། གནས་པ་བཟང་པོས་བདེ་བར་གནས་གྱུར་ཅིང་། ། ཉོན་མོངས་མེད་པར་རབ་ཏུ་གནས་གྱུར་ལ། ། རྩེ་གཅིག་སེམས་སུ་མཉམ་པར་བཞག་དྲུང་དུ། ། རྫུ་འཕྲུལ་ཆེ་ཞིང་ཁ་དོག་བཟང་ལྡན་ལ། ། དྲི་མེད་དཔལ་འབར་ལྷ་ཡི་བུ་ལྷགས་ནས། ། དཔལ་གྱིས་རྒྱལ་བྱེད་ཚལ་འདི་སྣང་བྱས་ཏེ། ། དགའ་བས་ང་ཡི་གན་དུ་མངོན་པར་ལྷགས། ། དབང་ཕྱུག་དབང་ཕྱུག་ཆེན་པོ་ཙན་དན་དང་། ། དགའ་བོ་རབ་ཏུ་སེམས་ཞི་མཆོད་བྱས་དང་། ། ཤིན་ཏུ་དགའ་བོ་ཞི་བ་ལྷ་ཡི་བུ། ། བྱེ་བ་ལྷ་མང་དེ་དང་དེ་དག་རྣམས། ། ང་ཡི་ཞབས་ལ་ཕྱག་འཚལ་བསྐོར་བྱས་ཏེ། །
BOང་ཡི་མདུན་དུ་འདིར་ནི་འཁོད་པར་གྱུར། ། སོར་མོ་བཅུ་ཡིས་ཐལ་སྦྱར་གུས་བཅས་པར། ། དེ་དག་འདིར་ནི་ང་ལ་ གསོལ་བ་བཏབ། ། འཇིག་རྟེན་ཀུན་ལ་སྨན་པའི་དོན་སླད་དུ། ། རྒྱལ་བ་ཀུན་གྱིས་སྔོན་ཆད་གང་གསུངས་པ། ། ཤིན་ཏུ་རྒྱས་མདོ་གླེང་གཞི་ཆེན་པོ་འདི། ། ཐུབ་པ་འདོད་ཆགས་བསལ་བས་དེ་རིང་ཡང་། ། བྱང་ཆུབ་སེམས་དཔའི་ཚོགས་ཀུན་བཟུང་བཞེད་པས། ། ཕས་ཀྱི་རྒོལ་དང་བདུད་ རྣམས་འདུལ་མཛད་ལ། ། ཐེག་པ་ཆེན་པོ་མཆོག་འདི་རབ་གསུང་ཞིང་། ། ཐུབ་པ་དེ་སླད་ལེགས་པར་བཤད་དུ་གསོལ། ། ལྷ་ཡི་ཚོགས་ཀྱིས་གསོལ་བ་དེ་སྣང་ཕྱིར། ། མི་གསུང་གྱུར་པས་གནང་བ་མཛད་པས་ན། ། ཐམས་ཅད་ཚིམ་ཞིང་རབ་དགའ་མགུ་གྱུར་ནས། ། དགའ་ བ་ཐོབ་པས་མེ་ཏོག་སིལ་མ་གཏོར། ། དེ་ཕྱིར་དགེ་སློང་ཤིན་ཏུ་རྒྱས་པའི་མདོ། ། འཇིག་རྟེན་ཀུན་ལ་ཕན་པའི་དོན་གྱི་ཕྱིར། ། དེ་བཞིན་གཤེགས་པ་ཀུན་གྱིས་སྔོན་བཤད་པ། ། གླེང་གཞི་ཆེན་པོ་ཁྱེད་ཀུན་འདིར་ཉོན་ཅིག ། གླེང་གཞིའི་ལེའུ་སྟེ་དང་པོའོ། ། ། ། དགེ་ སློང་དག་དེ་ལ་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་རྒྱ་ཆེར་རོལ་པ་ཞེས་བྱ་བ་དེ་གང་ཞེ་ན།
BOདགེ་སློང་དག་འདི་ལ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་མཆོག་ན་གནས་པ། མཆོད་པར་བྱ་བས་མཆོད་པ། དབང་བསྐུར་བ་ཐོབ་པ། ལྷ་བརྒྱ་སྟོང་གིས་བསྟོད་ཅིང་བཀུར་ཏེ་བརྗོད་ ཅིང་བསྔགས་པ། བསམ་པ་ཐོབ་པ། སྨོན་ལམ་གྱིས་ཡང་དག་པར་འཕགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་ཐོབ་པའི་བློ་དང་ལྡན་པ། ཡེ་ཤེས་ཀྱི་མིག་ཤིན་ཏུ་རྒྱས་ཤིང་ཡོངས་སུ་དག་པ་དང་ལྡན་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཁྲེལ་ཡོད་པ་ དང་། དགའ་བ་འབར་བའི་བློ་རླབས་པོ་ཆེ་དང་ལྡན་པ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ལ་མཁས་པ་ཆེན་པོའི་དམ་པའི་ཕ་རོལ་ཏུ་སོན་པ། ཚངས་པའི་ལམ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ལ་མཁས་པ། མངོན་པར་ཤེས་པ་དང་། རིག་པ་ཆེན་པོས་སྒྲིབ་པ་མེད་ཅིང་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་མངོན་དུ་གྱུར་པ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་ པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་།
BOབྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་རྫོགས་པའི་མཐར་ཕྱིན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་མཚན་དང་དཔེ་བྱད་བཟང་པོས་ལུས་ལེགས་པར་ བརྒྱན་པ། ཡུན་རིང་པོར་རྗེས་སུ་འབྲང་བ་དང་ལྡན་པ། ཇི་སྐད་དུ་སྨྲས་པ་དེ་ལྟར་བྱེད་པས་ལོག་པ་མེད་པའི་ཚིག་གི་ལམ་ཡང་དག་པར་སྨྲ་བ། དྲང་ཞིང་མ་ཡོ་ལ། གྱ་གྱུ་མེད་པའི་ཡིད་ཐོགས་པ་མེད་པ་དང་ལྡན་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་དང་། འཇིགས་པ་ དང་། ཞུམ་པ་ཐམས་ཅད་མེད་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ངོར་བལྟ་ཞིང་བལྟ་བའི་བཞིན་དང་ལྡན་པ། བརྒྱ་བྱིན་ དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། སྲིན་པོ་རྣམས་ཀྱིས་མངོན་པར་དགའ་བར་བྱ་བའི་གྲགས་པ་དང་ལྡན་པ། ཚིག་ཐམས་ཅད་རབ་ཏུ་ཕྱེ་སྟེ་ བསྟན་པ་ལ་ཐོགས་པ་མེད་པའི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ཤེས་པ་ལ་མཁས་པ།
BOསངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་གཟུང་བ་ལ་དྲན་པའི་སྣོད་འཁྲུལ་པ་མེད་པ་དང་། གཟུངས་མཐའ་ཡས་མུ་མེད་པ་རབ་ཏུ་ཐོབ་པ། དྲན་པ་ཉེ་བར་གཞག་པ་དང་། ཡང་ དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པའི་ཆོས་རིན་པོ་ཆེ་དང་། བསོད་ནམས་ཀྱིས་ཡང་དག་པར་བསྒྲུབས་པའི་ཆོས་ཀྱི་གྲུ་ཆེན་པོའི་ དེད་དཔོན་ཆེན་པོ། ཆུ་བོ་བཞིའི་ཕ་རོལ་ཏུ་འགྲོ་བའི་བསམ་པ་ཅན། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པ། གཡུལ་ངོའི་ཐོག་མ་ལ་རབ་ཏུ་འདུག་པ། ཉོན་མོངས་པའི་དགྲའི་ཚོགས་འཇོམས་པ། ཡེ་ཤེས་མཆོག་གི་རྡོ་རྗེའི་མཚོན་སྲ་བ་དང་ ལྡན་པ། བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལས་སྙིང་རྗེ་ཆེན་པོའི་ཆུ་བ་ལྷག་པའི་བསམ་པས་སྐྱེས་པ་ཟབ་ཅིང་བརྟན་པ་དང་། བརྩོན་འགྲུས་ཀྱི་ཆོས་ཀྱི་ཆུས་མངོན་པར་བརླན་པ། ཐབས་མཁས་པའི་སྙིང་པོ་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་གྱི་ཟེ་བ་ཅན། ཏིང་ངེ་འཛིན་ གྱི་ཟེ་འབྲུ་དང་ལྡན་པ། ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོའི་མཚོ་ལས་སྐྱེས་པ།
BOང་རྒྱལ་དང་དྲེགས་པའི་གདུང་བ་མེད་པའི་ཟླ་བས་དྲི་མ་མེད་པའི་འདབ་མ་རྒྱས་པ། ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པའི་བསུང་གི་ངད་ཕྱོགས་བཅུར་ཐོགས་པ་མེད་པར་ལྡང་བ། འཇིག་རྟེན་ན་ ཤེས་པའི་ཐུ་བོར་གྱུར་པ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། སྐྱེས་བུ་ཆེན་པོའི་པད་མ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དྲི་ཞིམ་པོ་འབྱུང་བ། ཤེས་རབ་དང་ཡེ་ཤེས་ཀྱི་ཉི་མའི་འོད་ཟེར་གྱིས་མིག་ཤིན་ཏུ་རྣམ་པར་དག་པའི་པད་མ་འདབ་མ་བརྒྱ་པ་རྒྱས་པ། རྫུ་ འཕྲུལ་གྱི་རྐང་པ་བཞི་མཆོག་ཏུ་མགྱོགས་པའི་ཤུགས་དང་ལྡན་པ། འཕགས་པའི་བདེན་པ་བཞིའི་སྡེར་མོ་དང་མཆེ་བ་ཤིན་ཏུ་རྣོ་བ། ཚངས་པའི་གནས་པ་བཞིའི་སོ་དྲང་བསྙེར་བ། བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་བསྡུས་པའི་མགོ་དང་ལྡན་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ ལག་བཅུ་གཉིས་ཁོང་དུ་ཆུད་པས་རིམ་གྱིས་འཕགས་པའི་ལུས་དང་ལྡན་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་ཡོངས་སུ་རྫོགས་པས་རལ་པ་ཅན་དུ་བྱས་ཤིང་། རིག་པ་དང་། ཡེ་ཤེས་ཀྱི་ཟེ་བ་ཅན། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཁ་ གདངས་པ། ཞི་གནས་དང་ལྷག་མཐོང་ཤིན་ཏུ་རྣམ་པར་དག་པའི་མིག་དང་ལྡན་པ།
BOབསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་རི་སུལ་གྱི་ཕུག་ན་གནས་པ། སྤྱོད་ལམ་བཞི་དང་། འདུལ་བའི་ནགས་ཚལ་དང་། ནགས་འདབ་ནས་ སྐྱེས་པའི་ལུས་དང་ལྡན་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། ཉེ་བའི་སྟོབས་དང་ལྡན་པ། སྐྱེ་བ་དང་འཇིག་པའི་འཇིགས་པ་དང་སྤུ་གཡོ་བ་མེད་པ། རྩལ་ལ་ཞུམ་པ་མེད་པ། མུ་སྟེགས་ཅན་གྱི་བོང་བུ་དང་{རི་དགས་,རི་དྭགས་}མང་པོའི་ཚོགས་རབ་ཏུ་འཇོམས་པ། བདག་ མེད་པར་སྒྲ་བརྗོད་པའི་སེང་གེའི་ང་རོ་ཆེན་པོ་སྒྲོག་པ། སྐྱེས་བུ་སེང་གེ། རྣམ་པར་གྲོལ་བ་དང་། བསམ་གཏན་གྱི་དཀྱིལ་འཁོར་ལས་ཤེས་རབ་ཀྱི་འོད་དང་། འོད་ཟེར་གྱིས་མུ་སྟེགས་བྱེད་སྲིན་བུ་མེ་ཁྱེར་གྱི་ཚོགས་འོད་མེད་པར་བྱེད་པ། མ་རིག་པའི་མུན་ པ་མུན་ནག་གི་ལིང་ཏོག་དང་རབ་རིབ་མེད་པར་བྱེད་པ། སྟོབས་དང་བརྩོན་འགྲུས་འབར་བ། ལྷ་དང་མིའི་ནང་དུ་བསོད་ནམས་ཀྱི་གཟི་བརྗིད་ཀྱི་གཟི་དང་ལྡན་པ་སྐྱེས་བུ་ཆེན་པོའི་ཉི་མ། ནག་པོའི་ཕྱོགས་མེད་པ། དཀར་པོའི་ཕྱོགས་ཡོངས་སུ་རྫོགས་པ། བལྟ་ན་སྡུག་ཅིང་ཡིད་དུ་འོང་བས་ མིག་གི་དབང་པོ་ལ་ཐོགས་པ་མེད་པ། ལྷ་བརྒྱ་སྟོང་གི་སྐར་མའི་ཚོགས་ཀྱིས་ཤིན་ཏུ་བརྒྱན་པ།
BOབསམ་གཏན་དང་། རྣམ་པར་ཐར་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཅན། བྱང་ཆུབ་ཀྱི་ཡན་ལག་གི་བདེ་བས་ཟླ་བའི་འོད་ཟེར་དུ་གྱུར་པ། མི་དང་ལྷ་མཁས་པའི་མེ་ཏོག་ཀུ་མུ་ད་ཁ་ འབྱེད་པ་སྐྱེས་བུ་ཆེན་པོ་ཟླ་བ། འཁོར་གྱི་གླིང་བཞིར་སོང་བ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་སྦྱོར་བ། བློ་དཔྱད་ཐོགས་པ་མེད་པ། དགེ་བ་བཅུའི་ལས་ཀྱི་ལམ་གྱི་དཀའ་ཐུབ་དང་བརྟུལ་ཞུགས་ཤིན་ཏུ་ཕུན་སུམ་ཚོགས་ ཤིང་རབ་ཏུ་རྫོགས་པས་ཁྱད་པར་དུ་བོགས་དབྱུང་བར་བྱ་བའི་བསམ་པ་ཅན། ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་མཆོག་དམ་པ་ཐོགས་པ་མེད་པར་བསྐོར་བ། འཁོར་ལོས་སྒྱུར་བའི་རིགས་ཀྱི་རྒྱུད་དུ་བྱུང་བ། ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ། ། རྟེན་ཅིང་འབྲེལ་པར་འབྱུང་བ་ ཟབ་ཅིང་གཏིང་དཔག་དཀའ་བ། ཆོས་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་གང་བ། ཐོས་པས་མི་ངོམས་པས་ཡངས་ཤིང་རྒྱ་ཆེ་ལ་མཐའ་ཡས་པའི་ཡེ་ཤེས་དང་ཚུལ་ཁྲིམས་ཀྱི་ཚོད་ལས་མི་འདའ་བ། བློ་རྒྱ་མཚོ་དང་ས་ལྟར་རྒྱ་ཆེ་བའི་མཆོག་ཏུ་གྱུར་པ། ས་དང་ཆུ་དང་མེ་དང་རླུང་དང་ མཉམ་པའི་སེམས་སུ་གྱུར་པ།
BOརི་རབ་ལྟར་བརྟན་ཞིང་མི་གཡོ་ལ་བསྐྱོད་པར་མི་ནུས་པའི་ཡིད་དང་ལྡན་པ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པ། ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་ཅིང་ཡངས་ལ་འདྲ་བ་མེད་པར་རྒྱ་ཆེ་བའི་བློ་དང་ལྡན་པ། ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་ དག་པ། སྦྱིན་པ་ལེགས་པར་བྱིན་པ། སྔོན་སྦྱོར་བ་ལེགས་པར་བྱས་པ། ལྷག་པའི་བྱ་བ་ལེགས་པར་བྱས་པ། བདེན་པའི་རྒྱན་གྱིས་ལེགས་པར་བརྒྱན་པ། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཙལ་བ། གོས་པར་བྱ་བ་བསྒོས་པ། དགེ་བའི་རྩ་བ་ངེས་པར་བྱས་པ། བསྐལ་པ་གྲངས་མེད་པ་བདུན་དུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་པ། སྦྱིན་པ་རྣམ་པ་བདུན་བྱིན་པ། བསོད་ནམས་བྱ་བའི་དངོས་པོ་ལྔ་ཤིན་ཏུ་བསྟེན་པ། ལེགས་པར་སྤྱད་པ་ལུས་ཀྱི་རྣམ་གསུམ། ངག་གི་རྣམ་བཞི། ཡིད་ཀྱི་རྣམ་གསུམ་སྤྱད་པར་གྱུར་པ། དགེ་བ་བཅུའི་ལས་ཀྱི་ལམ་བསྟེན་པ་དང་ལྡན་པ། ཡང་དག་པའི་སྦྱོར་བ་ཡན་ལག་བཞི་བཅུ་དང་ལྡན་པ་བསྟེན་པར་གྱུར་པ། ཡང་དག་པའི་སྨོན་ལམ་ཡན་ལག་བཞི་བཅུ་དང་ལྡན་པའི་སྨོན་ལམ་བཏབ་པ། ལྷག་པའི་བསམ་པ་ཡན་ལག་བཞི་བཅུ་དང་ལྡན་པ་ལ་ཞུགས་པ། ཡང་དག་ པའི་རྣམ་པར་ཐར་པ་ཡན་ལག་བཞི་བཅུ་དང་ལྡན་པ། ཡོངས་སུ་རྫོགས་པར་བྱས་པ།
BOཡང་དག་པའི་མོས་པ་ཡན་ལག་བཞི་བཅུ་དང་ལྡན་པ་དྲང་པོར་བྱས་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཞི་བཅུའི་རྗེས་སུ་རབ་ཏུ་བྱུང་བ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལྔ་བཅུ་རྩ་ལྔ་ ལ་སྦྱིན་པ་ཕུལ་བར་གྱུར་པ། རང་སངས་རྒྱས་བྱེ་བ་བརྒྱ་ཕྲག་ཕྱེད་དང་བཞི་ལ་ལྷག་པར་བྱ་བ་བྱས་པ། སེམས་ཅན་ཚད་མེད་གྲངས་མེད་པ་དག་མཐོ་རིས་དང་ཐར་པའི་ལམ་དུ་བཙུད་པར་གྱུར་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ བར་འདོད་པ། ཚེ་གཅིག་གིས་ཐོགས་པ། འདི་ནས་ཤི་འཕོས་ནས་དགའ་ལྡན་གྱི་གནས་དམ་པ་ན་གནས་པ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བ། ལྷའི་ཚོགས་རྣམས་ཀྱིས་འདི་ནི་འདི་ནས་ཤི་འཕོས་ནས་མིའི་འཇིག་རྟེན་དུ་སྐྱེས་ཏེ། རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དེར་ཤིན་ཏུ་མཆོད་པ། གཞལ་མེད་ཁང་གནས་སུམ་ཁྲི་ཉིས་སྟོང་ལ་རབ་ཏུ་གནས་པ། སྟེགས་བུ་དང་། བ་གམ་དང་། རྟ་བབས་དང་། སྐར་ཁུང་དང་། བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། ཁྱམས་ ཀྱིས་ལེགས་པར་བརྒྱན་པ། གདུགས་དང་། རྒྱལ་མཚན་དང་། བ་དན་སྒྲེང་བ།
BOརིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བའི་བླ་རེ་བྲེས་པ། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་ཆལ་པར་བཀྲམ་པ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གླུ་དབྱངས་ལེན་པ། མེ་ཏོག་ ཨ་ཏི་མུཀ་ཏ་ཀ་དང་། ཙམ་པ་ཀ་དང་། སྐྱ་སྣར་དང་། ས་བརྟོལ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། མྱ་ངན་འཚང་དང་། ནྱ་གྲོ་དྷ་དང་། ཏིན་དུ་ཀ་དང་། ཨཱ་ས་ན་དང་། དོང་ཀའི་མེ་ཏོག་དང་། ཤིང་ཀེ་ས་ར་དང་། ཏ་མ་ལ་དང་། སཱ་ལ་དང་། རིན་པོ་ཆེའི་ཤིང་ལྗོན་པ་ ཆེན་པོས་བརྒྱན་པ། གསེར་གྱི་དྲ་བས་གཡོགས་པ། གཞི་མཉམ་ཞིང་བཀོད་པས་མཛེས་པར་བྱས་པ། མེ་ཏོག་སྣང་འོད་དང་། མཱ་ལི་ཀ་དང་། སྣ་མའི་མེ་ཏོག་དང་། བཱར་ཤི་ཀ་དང་། ཏ་ར་ནི་དང་། བ་ལི་དང་། ཀོ་ཏ་ར་ནི་དང་། མཆོག་ཏུ་དྲི་ཞིམ་དང་། དྷ་ནུས་ཀ་རི་དང་། ལྷའི་སྣ་ མའི་མེ་ཏོག་དང་། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་རབ་ཏུ་ཞིམ་པའི་བླ་རེ་ཆེན་པོ་ཕྱོགས་ཕྱོགས་སུ་བྲེས་པ། བྱ་འདབ་སྤེན་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ངང་པ་དང་། རྨ་བྱ་དང་། ངུར་པ་དང་། ཀུ་ན་ལ་དང་། ཀ་ལ་པིང་ཀ་ དང་།
BOཤང་ཤང་ཏེའུ་ལ་སོགས་པ་བྱ་སྣ་ཚོགས་སྒྲ་སྙན་པ་འབྱིན་པ། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་མིག་མངོན་དུ་ཕྱོགས་ཏེ་བལྟ་ཞིང་ལྟད་མོར་བྱ་བ། ཆོས་རྒྱ་ཆེ་བ་ཆེན་པོ་ཡང་དག་པར་བརྗོད་པས་འདོད་པ་ལ་དགའ་བའི་ཤུགས་ཀྱིས་ཉོན་མོངས་པ་ཐམས་ཅད་གཅོད་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་དང་། ཁྲོ་བ་དང་། ཐ་བ་དང་། ཁོང་ཁྲོ་བ་མེད་པར་གྱུར་པ། དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་དང་། དྲན་པ་རྒྱ་ཆེ་ཞིང་གསལ་བ་སྐྱེ་བའི་གཞལ་མེད་ཁང་ཆེན་པོ་དེ་ན་བདེ་བར་གནས་ཤིང་ཆོས་ཀྱི་ཡང་དག་པའི་གཏམ་བྱུང་བ་དང་། སིལ་སྙན་དང་། གླུ་དབྱངས་བརྒྱད་ཁྲི་བཞི་སྟོང་པོའི་སྒྲ་དེ་དག་ལས་བྱང་ཆུབ་སེམས་དཔའི་སྔོན་གྱི་ལས་དགེ་བའི་ཚོགས་ཀྱིས་ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། ། བསོད་ནམས་རྒྱ་ཆེན་ཚོགས་མངའ་དྲན་རྟོགས་དང་། ། བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། ། མཚུངས་ མེད་སྟོབས་མངའ་སྐུ་རྩལ་རྒྱ་ཆེ་བ། ། མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། ། རྒྱ་ཆེན་དྲི་མ་མེད་པའི་ཐུགས་མངའ་བ། ། དྲི་མ་གསུམ་སྤངས་རྒྱགས་དང་སྐྱོན་ཞི་བ། ། དགེ་བ་དྲི་མེད་རྣམ་པར་དག་པའི་ཐུགས། །
BOསྔོན་ཆད་ཇི་ལྟར་སྦྱིན་སྤྱད་དགོངས་པར་མཛོད། ། ཞི་གནས་ ཚུལ་ཁྲིམས་བརྟུལ་ཞུགས་བཟོད་པ་དང་། ། དུལ་དང་བརྩོན་འགྲུས་བསམ་གཏན་ཤེས་རབ་སྟོབས། ། བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམས་སྤྱད་པ། ། སྤྱོད་རིགས་ཆེར་བྱུང་དགོངས་མཛོད་དགོངས་པར་མཛོད། ། སེམས་ཅན་རྣམས་ལ་ཐུགས་བརྩེ་མཛད་གྱུར་ཅིང་། ། སངས་རྒྱས་བྱེ་བ་ཁྲག་ ཁྲིག་ཁྱོད་ཀྱིས་མཆོད། ། དགོངས་མཛོད་དགོངས་པར་མཛོད་ཅིག་གྲགས་མཐའ་ཡས། ། དེ་དུས་ལགས་ཀྱིས་བཏང་སྙོམས་མ་མཛད་ཅིག ། རྒ་ཤི་ཉོན་མོངས་འཇིག་མཛད་རྡུལ་བྲལ་བ། ། ལྷ་དང་ཀླུ་དང་གནོད་སྦྱིན་དྲི་ཟ་དང་། ། ལྷ་མིན་དབང་པོ་དག་ཀྱང་སྡོད་ལགས་ཀྱིས། ། འཆི་འཕོའི་ཚུལ་མཁྱེན་འཕོ་བ་བསྟན་པར་མཛོད། ། བསྐལ་པ་སྟོང་དུ་དཀའ་བ་སྤྱད་གྱུར་ཀྱང་། ། རྒྱ་མཚོ་ཆུ་ཡིས་ཇི་བཞིན་མི་ངོམས་ཀྱིས། ། ངོམས་པ་ཁྱོད་ཀྱི་ཐུགས་དམ་དགེ་བ་སྟེ། ། ཡུན་རིང་སྐོམ་ཉེན་སྐྱེ་བོ་ཚིམ་པར་མཛོད། ། སྨད་པ་མེད་པའི་གྲགས་པ་མངའ་བ་ཁྱོད། ། ཆོས་ལ་དགྱེས་པར་ཁྱོད་དགྱེས་འདོད་མི་དགྱེས། ། འོན་ཀྱང་དྲི་མ་མེད་པའི་སྤྱན་མངའ་བ། ། ལྷར་བཅས་འཇིག་རྟེན་དག་ལ་ཐུགས་བརྩེ་མཛོད། ། ལྷ་རྣམས་བྱེ་བ་ཁྱོད་ལས་ཆོས་ཐོས་པས། །
BOངོམས་པར་འགྱུར་བམ་ལགས་འོན་གྱིས་ཀྱང་། ། དལ་དང་མི་ལྡན་གྱུར་པའི་ ངན་སོང་དུ། ། གནས་པར་གྱུར་པ་དག་ལ་གཟིགས་སུ་གསོལ། ། དྲི་མ་མེད་པའི་སྤྱན་མངའ་ཕྱོགས་བཅུ་ཡི། ། འཇིག་རྟེན་དག་གི་སངས་རྒྱས་གཟིགས་གྱུར་ཅིང་། ། དེ་དག་རྣམས་ལ་ཆོས་གསན་ཆོས་མཆོག་དེ། ། འཇིག་རྟེན་དག་ལ་རྣམ་པར་དབྱེ་བ་མཛོད། ། དཔལ་ལྡན་ཁྱོད་ ཀྱི་བསོད་ནམས་དཔལ་གྱིས་ནི། ། དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། ། འོན་ཀྱང་ཐུགས་རྗེ་ཐུགས་དང་ལྡན་པས་ན། ། འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། ། བརྟུལ་ཞུགས་གྲུབ་པ་བྱང་ཆུབ་རེག་ཅེས་ཏེ། ། འདོད་པའི་ཁམས་ལས་རབ་ཏུ་འདས་པ་ཡི། ། གཟུགས་ཀྱི་ ཁམས་ན་ལྷ་རྣམས་གང་འཁོད་པ། ། དུ་མ་ཐམས་ཅད་མངོན་པར་རབ་ཏུ་དགའ། ། མགོན་པོ་ཁྱོད་ཀྱིས་བདུད་ཀྱི་ལས་རྣམས་བཅོམ། ། ཁྱོད་གཞན་མུ་སྟེགས་ཅན་རྣམས་ཕམ་མཛད་དེ། ། ཁྱོད་ནི་བྱང་ཆུབ་ཕྱག་མཐིལ་བཞག་དང་འདྲ། ། དེ་དུས་ལགས་ཀྱིས་ བཏང་སྙོམས་མ་མཛད་ཅིག ། ཉོན་མོངས་རབ་ཏུ་འབར་བའི་འཇིག་རྟེན་ལ། ། དཔའ་བོ་ཁྱོད་ཀྱིས་སྤྲིན་ལྟར་ཁྱབ་མཛད་དེ། ། བདུད་རྩིའི་ཆར་པ་མངོན་པར་རབ་ཏུ་ཕོབ། ། ལྷ་མི་རྣམས་ཀྱི་ཉོན་མོངས་ཞི་བར་མཛོད། །
BOཁྱོད་ནི་སྨན་པ་ཁམས་ལ་མཁས་པ་སྟེ། ། ཡུན་རིང་ནད་པ་སྨན་ པས་བོར་བ་ཡི། ། སེམས་ཅན་རྣམ་ཐར་གསུམ་གྱི་སྦྱར་སྨན་གྱིས། ། མྱ་ངན་འདས་པའི་བདེ་ལ་མྱུར་དུ་ཁོད། ། སེང་གེའི་ང་རོ་ཐོས་པར་མ་གྱུར་པས། ། ཝ་རྣམས་འཇིགས་པ་མེད་པར་སྒྲ་སྒྲོག་གིས། ། སངས་རྒྱས་སེང་གེའི་སྒྲ་ནི་རབ་སྒྲོགས་ཏེ། ། མུ་སྟེགས་ཅན་གཞན་ཝ་ རྣམས་སྐྲག་པར་མཛོད། ། ས་ཡི་དཀྱིལ་ན་སྟོབས་དང་བརྩོན་འགྲུས་ཀྱི། ། སྟོབས་ལྡན་ཕྱག་ན་ཤེས་རབ་སྒྲོན་མ་བསྣམས། ། ཕྱག་མཐིལ་དམ་པས་ས་ལ་བརྡབ་མཛོད་དེ། ། འདི་རྣམས་ཁྱོད་ཀྱིས་རབ་ཏུ་ཕམ་པར་མཛོད། ། གང་དག་ཁྱོད་ལ་ལྷུང་བཟེད་འབུལ་བ་ཡི། ། འཇིག་ རྟེན་སྐྱོང་བ་བཞི་པོ་སྡོད་ཅིང་མཆིས། ། ཁྱོད་བལྟམ་གང་དག་ལེན་པར་འགྱུར་བ་ཡི། ། བརྒྱ་བྱིན་ཚངས་པ་ཁྲག་ཁྲིག་སྡོད་ཅིང་མཆིས། ། བློ་གྲོས་བཟང་པོ་རིགས་ཆེན་རིགས་ལྡན་པ། ། གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་ཡི། ། སྤྱོད་པ་སྟོན་གྱུར་དམ་པའི་རིགས་སྐྱེས་པས། ། རིགས་ཀྱི་ནང་ན་བཙུན་པའི་རིགས་ལ་གཟིགས། ། སྣོད་གྱུར་གང་དུ་ནོར་བུ་རིན་པོ་ཆེ། ། བཞག་ན་དཔལ་དང་ལྡན་པར་འགྱུར་བ་བཞིན། ། ནོར་བུ་རིན་ཆེན་ལྟ་བུར་དྲི་མེད་ཐུགས། །
BOའཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། ། གླུ་དབྱངས་སྒྲ་ལས་རྣམ་པ་འདི་ལྟ་ཡི། ། ཚིགས་སུ་བཅད་པ་མང་པོ་ བྱུང་གྱུར་ནས། ། འདི་ནི་དུས་ལགས་བཏང་སྙོམས་མ་མཛད་ཅེས། ། སྙིང་རྗེའི་ཡིད་དང་ལྡན་ལ་སྐུལ་བར་བྱེད། ། ཡང་དག་པར་སྤྲོ་བར་བྱ་བའི་ལེའུ་སྟེ་གཉིས་པའོ། ། ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དུས་དེ་ལྟ་བུས་ཡང་དག་པར་བསྐུལ་ བ་དང་། གཞལ་མེད་ཁང་ཆེན་པོ་དེ་ནས་བྱུང་སྟེ། ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་{བཟངས་,བཟང་}ཆེན་པོ་གང་དུ་བྱང་ཆུབ་སེམས་དཔའ་འདུག་ཅིང་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་པ་དེར་བྱང་ཆུབ་སེམས་དཔའ་ཞུགས་སོ། ། ཞུགས་ནས་ཀྱང་སེང་གེའི་ཁྲི་ཆོས་བཟང་པོ་ཞེས་བྱ་བ་ལ་འདུག་གོ། ། དེ་ ནས་ལྷའི་བུ་གང་དག་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་ཐེག་པ་མཚུངས་པ་ལ་ཞུགས་པ་དེ་དག་ཀྱང་ཁང་{བཟངས་,བཟང་}དེ་ཉིད་དུ་ཞུགས་སོ། ། གང་ཡང་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་འདུས་པ། བྱང་ཆུབ་སེམས་དཔའ་དང་སྤྱོད་པ་འདྲ་བ་དག་དང་། ལྷའི་བུ་དེ་དག་ཀྱང་ལྷའི་ བུ་མོའི་ཚོགས་རྣམས་བསལ་ཅིང་ལྷའི་བུ་ཕལ་རྣམས་ཀྱང་བསལ་ནས་ལྷག་པའི་བསམ་པ་འཐུན་པའི་འཁོར་ཅན་དུ་བྱས་ཏེ།
BOའཁོར་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་བརྒྱད་དང་། ཁང་{བཟངས་,བཟང་}དེར་ཞུགས་ནས་སོ་སོ་ཅི་རིགས་པར་རང་རང་གི་སེང་གེའི་ཁྲི་ལ་འཁོད་པར་གྱུར་ཏོ། ། དགེ་སློང་དག་དེ་ལྟར་ བྱང་ཆུབ་སེམས་དཔའ་ལོ་བཅུ་གཉིས་ན་མའི་མངལ་དུ་འཇུག་པར་འགྱུར་རོ་ཞེས་བྱ་བ་དེའི་ཚེ་གནས་གཙང་མའི་རིས་ཀྱི་ལྷའི་བུ་དག་འཛམ་བུའི་གླིང་དུ་ལྷགས་ནས། ལྷའི་ཁ་དོག་མི་སྣང་བར་བྱས་ཏེ། བྲམ་ཟེའི་ཆ་བྱད་དུ་བསྒྱུར་ནས། བྲམ་ཟེ་རྣམས་རིག་བྱེད་སློབ་ཏུ་འཛུད་དེ། གང་ཞིག་ རྣམ་པ་འདི་ལྟ་བུར་མངལ་དུ་ཞུགས་པར་གྱུར་ན། དེ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་ཏེ། དེ་དག་དང་ལྡན་ན་རྣམ་པ་གཉིས་སུ་འགྱུར་གྱི། གསུམ་དུ་འགྱུར་བ་མེད་དེ། དེ་གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་ བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་ བདུན་ནོ། །
BOའཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་ལོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པར་འགྱུར་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་གསོ་སྦྱོང་གི་ཉི་མ་ཚེས་{བཅྭ་,བཅོ་}ལྔ་ལ་མགོ་ཁྲུས་བྱས་ཏེ། དབུ་ཟུངས་སུ་གནས་ཤིང་སྟེང་གི་ཁྱམས་ན་བུད་མེད་ཀྱི་ཚོགས་ཀྱིས་ཀུན་ ནས་བསྐོར་ཅིང་འདུག་པའི་ཚེ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་ཡོད་པ། མུ་ཁྱུད་དང་ལྡན་པ། ལྟེ་བ་དང་བཅས་པ། ཐམས་ཅད་གསེར་ལས་གྲུབ་པ། མགར་བས་མ་བྱས་པ། འཕང་དུ་ཤིང་ཏ་ལ་བདུན་ཙམ་ནས་འབྱུང་སྟེ། རྒྱལ་པོ་ རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས། ལྷའི་འཁོར་ལོ་རིན་པོ་ཆེ་དེ་མཐོང་ནས་འདི་སྙམ་དུ་སེམས་ཏེ། བདག་གིས་ཐོས་པ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གསོ་སྦྱོང་གི་ཉི་མ་ཚེས་{བཅྭ་,བཅོ་}ལྔ་ལ་མགོ་ཁྲུས་བྱས་ཏེ། དབུ་ཟུངས་སུ་གནས་ཤིང་སྟེང་གི་ཁྱམས་ན་བུད་མེད་ཀྱི་ ཚོགས་ཀྱིས་ཀུན་ནས་བསྐོར་ཅིང་འདུག་པའི་ཚེ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་བྱུང་བར་གྱུར་ན། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་ཏེ། བདག་གི་དྲུང་དུ་ལྷའི་འཁོར་ལོ་རིན་པོ་ཆེ་འོངས་པ་ལས་ན།
BOབདག་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་དུ་ངེས་སོ་ སྙམ་སྟེ། དེ་ནས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཡས་པས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་སྐོར་ཞིང་འདི་སྐད་དུ་བཙུན་པ་ལྷའི་འཁོར་ལོ་རིན་པོ་ཆེ་ཆོས་ཀྱིས་སྐོར་ཅིག ། ཆོས་ མ་ཡིན་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་སྨྲས་པ་དང་། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་བསྐོར་བས་རྫུ་འཕྲུལ་གྱིས་ནམ་མཁའ་ལས་ཤར་ཕྱོགས་སུ་ལེགས་པར་འགྲོ་སྟེ། རྒྱལ་པོ་འཁོར་ལོས་སྒྱུར་བ་ཡང་དཔུང་གི་ཚོགས་ཡན་ལག་བཞི་ པ་དང་ལྷན་ཅིག་རྗེས་སུ་འགྲོའོ། ། སའི་ཕྱོགས་གང་དུ་ལྷའི་འཁོར་ལོ་རིན་པོ་ཆེ་དེ་གནས་པར་འགྱུར་བ་དེར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ། ། དེ་ནས་ཤར་ཕྱོགས་ཀྱི་ཁམས་ཀྱི་རྒྱལ་པོ་གང་ཡིན་ པ་དེ་དག་དངུལ་གྱི་སྣོད་ནི་གསེར་ཕྱེས་བཀང་སྟེ་ཐོགས། གསེར་གྱི་སྣོད་ནི་དངུལ་སིལ་མས་བཀང་སྟེ་ཐོགས་ནས།
BOའཁོར་ལོས་སྒྱུར་བའི་རྒྱལ་པོ་བསྩ་ཞིང་འདི་སྐད་དུ་ལྷ་འདིར་ལེགས་པར་གཤེགས་སོ། ། ལྷ་ཚུར་གཤེགས་སུ་གསོལ། ལྷའི་ཆབ་སྲིད་ནི་ཤིན་ཏུ་རྒྱས་ཤིང་འབྱོར་ལ་བདེ་ སྟེ། ལོ་ལེགས་ཤིང་ཉམས་དགྱེས་ལ་སྐྱེ་བོ་མང་པོ་དང་། མིས་གཏམས་པ་ལགས་ན། ལྷ་ཉིད་ཀྱི་ཡུལ་དུ་བྱོན་ནས་བཞུགས་སུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་ཁམས་ཀྱི་རྒྱལ་པོ་དེ་དག་ལ་འདི་སྐད་དུ་ཁྱེད་རང་རང་གི་རྒྱལ་སྲིད་དག་ ཆོས་ཀྱིས་གྱིས་ཤིག ། ཆོས་མ་ཡིན་པས་ནི་མ་ཡིན་ནོ། ། ཁྱེད་སྲོག་ཆགས་མ་གསོད་ཅིག ། མ་བྱིན་པར་མ་ལེན་ཅིག ། འདོད་པ་ལ་ལོག་པར་གཡེམ་པར་མ་བྱེད་ཅིག ། {བརྫུན་,རྫུན་}དུ་མ་སྨྲ་ཤིག ། ཕྲ་མ་མ་ཟེར་ཅིག ། ངག་རྩུབ་པོ་མ་སྨྲ་ཤིག ། ཚིག་ཀྱལ་པ་མ་སྨྲ་ཤིག ། བརྣབ་ སེམས་ཅན་དུ་མ་གྱུར་ཅིག ། གནོད་སེམས་ཅན་དུ་མ་གྱུར་ཅིག ། ལོག་པར་ལྟ་བར་མ་གྱུར་ཅིག ། སྲོག་གཅོད་པ་ལ་བྱམས་པར་མ་གྱུར་ཅིག ། ལོག་པར་ལྟ་བ་ཅན་གྱི་བར་ལ་བྱམས་པར་མ་གྱུར་ཅིག ། ངའི་ཡུལ་དུ་ཆོས་མ་ཡིན་པ་འབྱུང་ད་རེ། ཆོས་མ་ཡིན་པར་སྤྱོད་པ་ལ་བྱམས་ པར་མ་བྱེད་ཅིག་ཅེས་བསྒོ་ནས།
BOརྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་དེ་ལྟར་ཤར་ཕྱོགས་སུ་རྣམ་པར་རྒྱལ་བར་བྱེད་དོ། ། ཤར་ཕྱོགས་སུ་རྣམ་པར་རྒྱལ་བར་བྱས་ནས། ཤར་ཕྱོགས་ཀྱི་རྒྱ་མཚོ་ལ་འགྲོའོ། ། ཤར་ཕྱོགས་ཀྱི་རྒྱ་མཚོ་ལ་སོང་ནས། ཤར་ཕྱོགས་ཀྱི་རྒྱ་མཚོ་ ལས་རྒལ་ལོ། ། རྒལ་ནས་ཀྱང་ལྷོ་ཕྱོགས་སུ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ལེགས་པར་འགྲོ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འགྲོའོ། ། སྔ་མ་བཞིན་དུ་ལྷོ་ཕྱོགས་སུ་རྣམ་པར་རྒྱལ་བར་བྱེད་དོ། ། ལྷོ་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་ དུ་ནུབ་ཕྱོགས་དང་། བྱང་ཕྱོགས་སུ་རྣམ་པར་རྒྱལ་བར་བྱེད་དོ། ། བྱང་ཕྱོགས་སུ་རྣམ་པར་རྒྱལ་བར་བྱས་ནས་བྱང་ཕྱོགས་ཀྱི་རྒྱ་མཚོ་ལ་འགྲོའོ། ། བྱང་ཕྱོགས་ཀྱི་རྒྱ་མཚོ་ལ་སོང་ནས། བྱང་ཕྱོགས་ཀྱི་རྒྱ་མཚོ་ལས་རྒལ་ལོ། ། རྒལ་ནས་ཀྱང་ནམ་མཁའ་ལ་རྫུ་འཕྲུལ་གྱིས་རྒྱལ་པོའི་ ཕོ་བྲང་དུ་ལེགས་པར་འོངས་ནས་བཙུན་མོའི་འཁོར་གྱི་སྒོའི་སྟེང་དུ་ཉམས་པ་མེད་པར་གནས་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ནི་འཁོར་ལོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །
BOའཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་གླང་པོ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཐམས་ཅད་ཐལ་ཀར་གྱུར་པ། ཡན་ལག་བདུན་ཤིན་ཏུ་གནས་པ། གཙུག་གསེར་གྱིས་བརྒྱན་པ། གསེར་གྱི་རྒྱལ་མཚན་དང་ལྡན་པ། གསེར་གྱི་རྒྱན་གྱིས་ བརྒྱན་པ། གསེར་གྱི་དྲ་བས་གཡོགས་པ། རྫུ་འཕྲུལ་དང་ལྡན་པ་ནམ་མཁའ་ལ་འགྲོ་བ། རྣམ་པར་འཕྲུལ་པའི་ཆོས་ཅན་ཏེ། འདི་ལྟར་གླང་པོའི་རྒྱལ་པོ་བྱང་ཆུབ་ཅེས་བྱ་བའོ། ། གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གླང་པོ་རིན་པོ་ཆེ་དེ་བརྟག་པར་འདོད་པར་གྱུར་ པ་དེའི་ཚེ། ཉི་མ་ཤར་ཀར་གླང་པོ་རིན་པོ་ཆེ་དེ་ལ་ཞོན་ཏེ་ས་ཆེན་པོ་འདི་རྒྱ་མཚོའི་མཐའ་སྐོར་དང་བཅས་པ། རྒྱ་མཚོའི་མུར་ཐུག་པ་དང་བཅས་པ་ཀུན་ཏུ་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་དུ་འོངས་ནས་ཁྱེའུ་སུས་ཀྱི་དགའ་བ་མྱོང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་རྣམ་པ་ དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྟ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན།
BOའདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྟ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཐམས་ཅད་སྔོན་པོར་གྱུར་པ། མགོ་གནག་པ། རྔོག་མ་ལྕང་ལོར་འདུག་པ། ཞོན་ན་གུས་པར་བྱེད་པ། གསེར་གྱི་རྒྱལ་མཚན་དང་བཅས་པ། གསེར་གྱི་རྒྱན་དང་ལྡན་པ། གསེར་གྱི་དྲ་བས་གཡོགས་པ། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ། རྣམ་པར་འཕྲུལ་པའི་ཆོས་ཅན་ཏེ། འདི་ལྟར་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའོ། ། གང་གི་ ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། རྟ་རིན་པོ་ཆེ་བརྟག་པར་འདོད་པར་གྱུར་པ་དེའི་ཚེ་ཉི་མ་ཤར་ཀར་རྟ་རིན་པོ་ཆེ་དེ་ལ་ཞོན་ནས་ས་ཆེན་པོ་འདི་རྒྱ་མཚོའི་མཐའ་སྐོར་དང་བཅས་པ་རྒྱ་མཚོའི་མུར་ཐུག་པ་དང་བཅས་པ་ཀུན་ཏུ་བསྐོར་ཏེ། ཕྱིར་རྒྱལ་པོའི་ཕོ་བྲང་དུ་འཁོར་ནས་ཁྱེའུ་སུས་ཀྱི་ བདེ་བ་མྱོང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རྟ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནོར་བུ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ནོར་བུ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ།
BOཐམས་ཅད་དུ་སྔོ་བ། བཻ་དཱུརྱའི་རང་བཞིན། ཟུར་བརྒྱད་དུ་འདུག་པ། ཤིན་ཏུ་སྦྱངས་པ་འབྱུང་སྟེ། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་བཙུན་མོའི་འཁོར་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་འགྱུར་རོ། ། གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ནོར་བུ་རིན་པོ་ཆེ་དེ་བརྟག་པར་འདོད་ པར་གྱུར་པ་དེའི་ཚེ། མཚན་མོ་ནམ་གྱི་གུང་ལ་མུན་པ་མུན་གནག་གི་ནང་དུ་ནོར་བུ་རིན་པོ་ཆེ་དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། སྐྱེད་མོས་ཚལ་གྱི་ས་བཟང་པོ་བལྟ་བའི་ཕྱིར་སོང་ན། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་ཐམས་ཅད་དང་ལྡན་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཐམས་ ཅད་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་སྣང་བས་གསལ་བར་འགྱུར་རོ། ། ནོར་བུ་རིན་པོ་ཆེའི་འཁོར་ན་གནས་པའི་མི་དེ་དག་ཀྱང་སྣང་བ་དེས་གསལ་བར་གྱུར་པ་དང་། གཅིག་གིས་གཅིག་མཐོང་། གཅིག་གིས་གཅིག་ཤེས་ནས་གཅིག་ལ་གཅིག་འདི་སྐད་སྨྲ་སྟེ། བཞིན་{བཟངས་,བཟང་}དག་ལོངས། ལས་ཀྱི་མཐའ་དག་བྱོས་ཤིག ། ཚོང་འདུས་དག་ཁྲོམ། ཉི་མ་ཤར་ཏེ་ཉིན་མོར་ཤེས་སོ་ཞེས་ཟེར་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ནོར་བུ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །
BOརྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། བུད་མེད་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་ པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བུད་མེད་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཚུལ་དང་འཐུན་པ་རྒྱལ་རིགས་སུ་སྐྱེས་པ་ཧ་ཅང་ཡང་མི་རིང་བ། ཧ་ཅང་ཡང་མི་ཐུང་བ། ཧ་ཅང་ཡང་མི་སྦོམ་པ། ཧ་ཅང་ཡང་མི་སྐེམ་པ། ཧ་ཅང་ཡང་མི་དཀར་བ། ཧ་ ཅང་ཡང་མི་གནག་པ། གཟུགས་མཛེས་པ། ཚུལ་དུ་ཤིས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། དེའི་སྤུའི་ཁུང་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་བ། ཁ་ནས་ཨུད་པ་ལའི་ངད་ལྡང་བ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ། དེ་གྲང་བའི་དུས་ན་ནི་ ལུས་ལ་རེག་ན་དྲོ་བ། དྲོ་བའི་དུས་ན་ལུས་ལ་རེག་ན་བསིལ་བ་སྟེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་གཏོགས་པར་གཞན་ལ་ཡིད་ཀྱིས་ཀྱང་འདོད་ཆགས་སུ་མི་བྱེད་ན། ལུས་ཀྱིས་ལྟ་ཅི་སྨོས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བུད་མེད་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱིམ་བདག་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན།
BOའདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི། ཁྱིམ་བདག་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། མཁས་པ། གསལ་བ། ཡིད་གཞུངས་པ། ལྷའི་མིག་ དང་ལྡན་པ་འབྱུང་ངོ་། ། དེ་ལྷའི་མིག་དེས་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་བདག་པོ་དང་བཅས་པའི་གཏེར་དག་ཀྱང་མཐོང་། བདག་པོ་མེད་པའི་གཏེར་དག་ཀྱང་མཐོང་སྟེ། དེ་བདག་པོ་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་དེ། འཁོར་ལོས་ སྒྱུར་བའི་རྒྱལ་པོ་ནི་ཁྱིམ་བདག་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བློན་པོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བློན་པོ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། མཁས་ཤིང་གསལ་ལ་ཡིད་གཞུངས་པའོ། ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་བསམས་པ་ཙམ་གྱིས་བསྐོ་བར་བྱ་བའི་དཔུང་རྣམས་སྐོའོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བློན་པོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དེ་དག་དང་ལྡན་པ་ཡིན་ནོ། ། དེ་ལ་བུ་སྟོང་འབྱུང་ སྟེ། དཔའ་བ།
BOརྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་སྟེ། དེས་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་ཀྱིས་ལེགས་ པར་ཕབ་སྟེ་གནས་སོ། ། གལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་ཏེ། འདོད་པའི་འདོད་ཆགས་སྤངས་པ། འདྲེན་པ་གཞན་གྱི་དྲིང་མི་འཇོག་པ། ལྷ་དང་མི་རྣམས་ཀྱི་སྟོན་པར་འགྱུར་རོ། ། ཞེས་རིག་བྱེད་འདོན་དུ་འཛུད་དོ། ། དེ་བཞིན་དུ་ལྷའི་བུ་གཞན་ དག་ཀྱང་འཛམ་བུའི་གླིང་དུ་ལྷགས་ཤིང་། རང་སངས་རྒྱས་དག་ལ་སྐུལ་མ་འདེབས་ཏེ། འཕགས་པ་དག་ད་སྟེ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་གིས་སངས་རྒྱས་ཀྱི་ཞིང་འདི་བོར་ཅིག་ཅེས་ཟེར་རོ། ། དགེ་སློང་དག་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ ཆེན་པོ་ན་མཇུག་མ་སྒྱུར་བ་ཞེས་བྱ་བའི་རི་ལ་རང་སངས་རྒྱས་གླང་པོ་ཞེས་བྱ་བ་འདུག་པས་སྒྲ་དེ་ཐོས་ནས་རྡོ་བའི་སྟེང་དུ་འཇིམ་པ་ལ་བྱ་བ་དེ་བཞིན་དུ་འདུག་སྟེ། ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་གྱེན་དུ་འཕགས་སོ། །
BOགྱེན་དུ་འཕགས་ནས་ཀྱང་མེའི་ཁམས་ལ་སྙོམས་པར་ ཞུགས་ཏེ་སྒྲོན་མ་བཞིན་དུ་མྱ་ངན་ལས་འདས་སོ། ། དེའི་མཁྲིས་པ་དང་། བད་ཀན་དང་། ཆུ་རྒྱུས་དང་། རུས་པ་དང་། ཤ་དང་། ཁྲག་ཏུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་མེས་ཡོངས་སུ་ཟད་པར་གྱུར་ཏེ། རིང་བསྲེལ་འབའ་ཞིག་ས་ལ་ལྷགས་ནས། རྐང་རྗེས་དེ་དག་ནི་ད་དུང་ ཡང་དྲང་སྲོང་གི་རྗེས་ཞེས་གྲག་སྟེ་ཡོད་དོ། ། དགེ་སློང་དག་དེའི་ཚེ་ཡུལ་བཱ་རཱ་ཎ་སཱིའི་{རི་དགས་,རི་དྭགས་}ཀྱི་ནགས་དྲང་སྲོང་ལྷུང་བ་ན་རང་སངས་རྒྱས་ལྔ་བརྒྱ་འཁོད་པ་དེ་དག་གིས་ཀྱང་སྒྲ་དེ་ཐོས་ནས། ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་གྱེན་དུ་འཕགས་ནས། མེའི་ཁམས་ལ་སྙོམས་པར་ཞུགས་ ཏེ། སྒྲོན་མ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ། ། དེ་དག་གི་མཁྲིས་པ་དང་། བད་ཀན་དང་། ཆུ་རྒྱུས་དང་། རུས་པ་དང་། ཤ་དང་། ཁྲག་ཏུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་མེས་ཡོངས་སུ་ཟད་པར་གྱུར་ཏེ། རིང་བསྲེལ་འབའ་ཞིག་ས་ལ་ལྷགས་སོ། ། དེ་ལྟར་འདིར་ དྲང་སྲོང་རྣམས་ལྷུང་ངོ་ཞེས་དེ་ཕྱིན་ཆད་དྲང་སྲོང་ལྷུང་བ་ཞེས་བྱ་བ་ཡང་དྲང་སྲོང་ལྷུང་བ་དྲང་སྲོང་ལྷུང་བ་ཞེས་མིང་དུ་ཆགས་པར་གྱུར་ཏོ། །
BOམི་འཇིགས་པ་བྱིན་པའི་{རི་དགས་,རི་དྭགས་}དག་ཀྱང་དེ་ན་གནས་པས་དེ་ཕྱིན་ཆད་{རི་དགས་,རི་དྭགས་}ཀྱི་ནགས་ཞེས་བྱ་བ་ཡང་{རི་དགས་,རི་དྭགས་}ཀྱི་ནགས་{རི་དགས་,རི་དྭགས་}ཀྱི་ནགས་ཞེས་མིང་དུ་གྱུར་ཏོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དུས་ལ་རྣམ་པར་ལྟ་བ་དང་། གླིང་ལ་རྣམ་པར་ལྟ་བ་དང་། ཡུལ་ལ་རྣམ་པར་ལྟ་བ་དང་། རིགས་ལ་རྣམ་པར་ ལྟ་བའོ། ། དགེ་སློང་དག་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དུས་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཐོག་མའི་དུས་སེམས་ཅན་འདུ་བའི་ཚེ་མའི་མངལ་དུ་མི་འཇུག་གི ། གང་གི་ཚེ་འཇིག་རྟེན་གསལ་བར་ཀུན་ནས་གནས་པར་གྱུར་ཏེ། སྐྱེ་བ་སྣང་བར་གྱུར། རྒ་བ་སྣང་བར་གྱུར། ན་བ་སྣང་བར་གྱུར། འཆི་བ་སྣང་བར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་མའི་མངལ་དུ་འཇུག་གོ། ། དགེ་སློང་དག་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གླིང་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་ གླིང་དུ་མི་སྐྱེ། ཤར་གྱི་ལུས་འཕགས་པོར་མི་སྐྱེ།
BOནུབ་ཀྱི་བ་ལང་སྤྱོད་དུ་མི་སྐྱེ། བྱང་གི་སྒྲ་མི་སྙན་དུ་མི་སྐྱེའི། ལྷོའི་འཛམ་བུ་གླིང་ཉིད་དུ་སྐྱེའོ། ། དགེ་སློང་དག་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུལ་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་ འཁོབ་ཀྱི་ཡུལ་གང་ན་མི་རྣམས་དབང་པོ་རྟུལ་ཞིང་བླུན་ལ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ལེགས་པར་བསྟན་པ་དང་། ཉེས་པར་བསྟན་པའི་དོན་ཤེས་པར་བྱ་བའི་སྐལ་བ་མེད་པ་དག་ཡོད་པ་དག་ཏུ་མི་སྐྱེའི། བྱང་ཆུབ་སེམས་དཔའ་ནི་ཡུལ་གྱི་དབུས་ཉིད་དུ་སྐྱེའོ། ། དགེ་སློང་དག་ ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རིགས་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རིགས་དམའ་བ་གདོལ་པའི་རིགས་སམ། སྨྱིག་མ་མཁན་གྱི་རིགས་སམ། ཤིང་རྟ་མཁན་གྱི་རིགས་སམ། གཡུང་རིགས་སུ་མི་སྐྱེའི། བྲམ་ཟེའི་རིགས་སམ། རྒྱལ་ རིགས་ཁོ་ན་སྟེ། རིགས་གཉིས་སུ་སྐྱེའོ། ། དེ་ལ་གང་གི་ཚེ་བྲམ་ཟེའི་རིགས་བཙུན་པར་བྱ་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེའོ། ། གང་གི་ཚེ་རྒྱལ་རིགས་བཙུན་པར་བྱ་བ་དེའི་ཚེ་རྒྱལ་རིགས་སུ་སྐྱེ་སྟེ། དགེ་སློང་དག་ད་ལྟར་ནི་རྒྱལ་རིགས་བཙུན་པར་བྱ་བས།
BOདེའི་ཕྱིར་བྱང་ཆུབ་སེམས་དཔའ་ རྒྱལ་རིགས་སུ་སྐྱེ་སྟེ། དགེ་སློང་དག་དོན་གྱི་དབང་དེ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་གནས་པ་རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་སྟེ། དེ་ལྟར་བལྟས་ནས་ཅང་མི་ཟེར་བར་གྱུར་ཏོ། ། ། ། འཕགས་པ་རྒྱ་ཆེར་རོལ་ པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དགེ་སློང་དག་དེ་ལྟར་ལྷའི་བུ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་གཅིག་ལ་གཅིག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་རིགས་རིན་པོ་ཆེ་ནི་ཇི་ལྟ་བུ་ཞིག་ཏུ་སྐྱེ་བར་འགྱུར། ཡུམ་ནི་ཇི་ལྟ་བུ་ཞིག་གི་ལྷུམས་སུ་འཇུག་པར་ འགྱུར་ཞེས་འདྲིའོ། ། དེ་ལ་ལ་ལ་ན་རེ་ཡུལ་མ་ག་དྷཱ་ན་ལུས་འཕགས་ཀྱི་རིགས་འདི་འབྱོར་ཅིང་རྒྱས་ལ་ལོ་ལེགས་པ་དང་། བདེ་བ་དང་ལྡན་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། ། ལ་ལ་ན་རེ་དེ་ནི་ཚུལ་དང་འཐུན་པ་མ་ ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མའི་རྒྱུད་ཀྱིས་དག་པ་ཡང་མ་ཡིན། ཕའི་རྒྱུད་ཀྱིས་དག་པ་ཡང་མ་ཡིན་ལ། བསོད་ནམས་ཆུང་ངུས་བྱུང་གི།
BOབསོད་ནམས་རྒྱ་ཆེན་པོས་མངོན་པར་བྱུང་བ་མ་ཡིན་ཞིང་རྒོད་ལ་མི་བརྟེན་ཏེ་མི་གནས་པ་ཡིན་ལ། ཡུལ་དེ་ཡང་ཉེ་འཁོར་ གསེག་མས་གང་བ། སྐྱེད་མོས་ཚལ་དང་། མཚོ་དང་། མཚེའུ་དག་ཀྱང་མི་མང་ལ་རི་བྲགས་ལྟར་མཐའ་འཁོབ་ཀྱི་གནས་སུ་གྱུར་པ་སྟེ། དེའི་ཕྱིར་དེ་ནི་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ། ། ལ་ལ་ན་རེ་ཀོ་ས་ལའི་རིགས་འདི་འཁོར་མང་ཞིང་བཞོན་པ་མང་ལ་ནོར་ཆེ་བ་སྟེ། དེ་ནི་བྱང་ཆུབ་ སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། ། ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀོ་ས་ལའི་རིགས་ནི་གདོལ་པའི་རིགས་ལས་ཤི་འཕོས་ནས་སྐྱེས་པ་ཡིན་ཏེ། ཕ་དང་མས་དག་པ་ཡང་མ་ཡིན་ལ། དམའ་བ་ལ་མོས་ པ་སྟེ། རིགས་མཐོ་བར་ཡང་མི་བྱ། ནོར་དང་རིན་པོ་ཆེའི་གཏེར་ཡང་ཚད་མེད་པར་ཕུན་སུམ་ཚོགས་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ། ། ལ་ལ་ན་རེ་རྒྱལ་པོ་བད་སའི་རིགས་འདི་འབྱོར་ཅིང་རྒྱས་ལ། ལོ་ལེགས་པ་དང་། བདེ་བ་དང་ལྡན་པ་ཡིན་ཏེ། དེ་ནི་ བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། །
BOལ་ལ་ན་རེ་དེ་ཡང་དེའི་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་བད་སའི་རིགས་ནི་ཕལ་པ་སྟེ། གཏུམ་ལ་གཟི་བརྗིད་འབར་བ་ཡང་མ་ཡིན་ཞིང་། སྐྱེས་པ་གཞན་ལས་སྐྱེ་བ་གྲུབ་པ། ཕ་མ་ཉིད་ཀྱི་གཟི་བརྗིད་ཀྱི་ལས་ཀྱིས་གྲུབ་པ་མ་ཡིན་ལ། དེའི་རྒྱལ་པོ་ཡང་ཆད་པར་སྨྲ་བ་སྟེ། དེའི་ཕྱིར་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ། ། ལ་ལ་ན་རེ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་འདི་ནི་འབྱོར་ཅིང་རྒྱས་ལ། ལོ་ལེགས་པ་དང་། བདེ་བ་དང་ལྡན་པ་ཡིན་ཏེ། ཉམས་ དགའ་ལ་སྐྱེ་བོ་མང་པོ་དང་མིས་ཀུན་ཏུ་གང་བ། སྟེགས་བུ་དང་། བ་གམ་དང་། རྟ་བབས་དང་། སྐར་ཁུང་དང་། བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། ཁང་{བཟངས་,བཟང་}དག་གིས་ལེགས་པར་བརྒྱན་པ་སྟེ། མེ་ཏོག་གི་ར་བ་དང་། ནགས་ཚལ་གྱི་ ཕྲེང་བ་མེ་ཏོག་ཀུན་ཏུ་རྒྱས་པ་དང་ལྡན་པ་ཡིན་ལ་ལྷའི་ཕོ་བྲང་དང་འདྲ་བ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། ། ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་ནི་ཕན་ཚུན་དུ་རིགས་ པར་སྨྲ་བ་མེད་དོ། ། ཆོས་སྤྱོད་པ་མེད་དོ། །
BOགོང་མ་དང་བར་མ་དང་རྒན་པ་དང་། གཙོ་བོ་དག་ལ་ཡང་རིམ་གྲོར་བྱ་བ་མེད་ཅིང་། རེ་རེ་ཞིང་ཡང་འདི་སྙམ་དུ་བདག་ནི་རྒྱལ་པོའོ། ། བདག་ནི་རྒྱལ་པོའོ་སྙམ་དུ་སེམས་པས་སློབ་མར་ཁས་ལེན་པ་མེད་ཅིང་ཆོས་ཁས་ལེན་པ་མེད་པ་སྟེ། དེའི་ ཕྱིར་དེའང་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ། ། ལ་ལ་ན་རེ་གྲོང་ཁྱེར་འཕགས་རྒྱལ་ན་རབ་སྣང་གི་རིགས་འདི་ནི་དཔུང་ཆེ་ཞིང་བཞོན་པ་མང་བ། ཕ་རོལ་གྱི་གཡུལ་ངོར་རྒྱལ་བ་འཐོབ་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། ། ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཁྲོ་ཞིང་གཏུམ་ལ་བརླང་ཞིང་གཟུ་ལུམས་ཅན་རྒོད་པ་སྟེ། ལས་ཡོད་པར་བལྟ་བའང་མ་ཡིན་པས། དེའི་ཕྱིར་དེ་ཡང་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་མ་ཡིན་ནོ་ ཞེས་ཟེར་རོ། ། ལ་ལ་ན་རེ་གྲོང་ཁྱེར་བཅོམ་བརླག་འདི་འབྱོར་ཅིང་རྒྱས་ལ་ལོ་ལེགས་པ་དང་བདེ་བ་དང་ལྡན་པ། སྐྱེ་བོ་མང་པོ་དང་མིས་ཀུན་ཏུ་གང་བ་ཡིན་པས།
BOརྒྱལ་པོ་ལག་{བཟངས་,བཟང་}སྡེ་དཔའ་བའི་བདག་པོའི་རྒྱལ་པོའི་ཕོ་བྲང་དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་ གནས་སུ་རུང་ངོ་ཞེས་ཟེར་རོ། ། ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་དེ་ནི་ལོག་པར་ལྟ་བའི་རིགས་ཀྱི་རྒྱུད་དུ་སྐྱེས་པ་སྟེ། མི་རྒོད་དང་འདྲ་བའི་རྒྱལ་པོ་ཡིན་པས་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་ལོག་པར་ལྟ་བའི་རིགས་སུ་སྐྱེ་བར་མི་ རིགས་ཏེ། དེའི་ཕྱིར་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ། ། ལ་ལ་ན་རེ་གྲོང་ཁྱེར་ཧསྟི་ན་པུ་ར་འདིའི་རྒྱལ་པོ་ནི་སྐྱ་བསེང་གི་བུའི་རིགས་ཀྱི་རྒྱུད་ལས་སྐྱེས་པ། དཔའ་ཞིང་རྟུལ་ཕོད་པ་དང་ལྡན་པ། ཡན་ལག་མཆོག་གི་གཟུགས་ཕུན་སུམ་ཚོགས་པ་གཞན་གྱི་སྡེ་འཇོམས་པ་སྟེ། རིགས་དེ་ནི་བྱང་ཆུབ་སེམས་དཔའ་དེ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་ཡིན་ནོ་ཞེས་ཟེར་རོ། ། ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱ་བསེང་གི་བུའི་རིགས་སུ་སྐྱེས་པ་དག་གིས་ནི་རིགས་ཀྱི་རྒྱུད་རྣམ་པར་འཁྲུགས་པར་བྱས་ཏེ། གཡུལ་ངོར་བརྟན་པ་ལ་ནི་ཆོས་ཀྱི་བུ་ཞེས་ཟེར།
BOའཇིགས་སྡེ་ལ་ནི་རླུང་གི་བུ་ཞེས་ཟེར། སྲིད་སྒྲུབ་ལ་ནི་དབང་པོའི་བུ་ཞེས་ཟེར། རིགས་མེད་དང་ལྷར་བཅས་ལ་ནི་ཐ་སྐར་གྱི་བུ་ཞེས་ཟེར་ཏེ། དེའི་ཕྱིར་རིགས་དེ་ཡང་བྱང་ཆུབ་སེམས་དཔའ་དེ་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་མ་ཡིན་ནོ་ཞེས་ ཟེར་རོ། ། ལ་ལ་ན་རེ་གྲོང་ཁྱེར་བཅོམ་བརླག་འདི་ནི་ཤིན་ཏུ་ཡང་ཉམས་དགའ་ཞིང་ཕན་ཚུན་འབྱོར་གྱི་སྟེང་དུ་རྒྱལ་པོ་བཟང་པོའི་བཤེས་གཉེན་བཞུགས་པའི་ས་ཡང་ཡིན་ལ། རྒྱལ་པོ་དེ་ཡང་གླང་པོ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། དཔུང་གི་ཚོགས་མང་པོ་དང་ལྡན་པ། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། ནོར་དང་། ཡོ་བྱད་ཤིན་ཏུ་མང་བ། རྒྱལ་པོ་དང་བློན་པོ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པའི་སྟོབས་དང་། ཕ་རོལ་གནོན་པ་དང་ལྡན་པ། མཛའ་བ་དང་ལྡན་ཞིང་ཆོས་ལ་ དགའ་བ་སྟེ། རིགས་དེ་ནི་བྱང་ཆུབ་སེམས་དཔའ་དེ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། ། ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།
BOརྒྱལ་པོ་བཟང་པོའི་བཤེས་གཉེན་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་ཡོད་མོད་ཀྱི། དེ་ནི་ཤིན་ཏུ་རྒས་ པས་བུ་སྐྱེད་པའི་མཐུ་ཡང་མེད་ལ། བུའང་མང་བས་དེའི་ཕྱིར་རིགས་དེ་ཡང་བྱང་ཆུབ་སེམས་དཔའ་དེ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་མ་ཡིན་ནོ་ཞེས་ཟེར་རོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷ་དེ་དག་གིས་འཛམ་བུའི་གླིང་གི་ཡུལ་ཆེན་པོ་བཅུ་དྲུག་པོ་ཐམས་ ཅད་ན། རྒྱལ་པོའི་རིགས་མཐོན་པོ་མཐོན་པོ་གང་ཇི་སྙེད་ཅིག་ཡོད་པ། དེ་དག་ཐམས་ཅད་ལ་བལྟས་ན་ཐམས་ཅད་ཀྱང་ཉེས་པ་དང་བཅས་པར་མཐོང་སྟེ། དེ་དག་དེ་ལྟར་སེམས་པའི་ཡིད་ལ་བྱེད་པའི་ཚེ། ལྷའི་བུ་ཡེ་ཤེས་ཏོག་གི་རྒྱལ་མཚན་ཞེས་བྱ་བ་ བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཐེག་པ་ཆེན་པོ་འདི་ལ་ངེས་པར་གྱུར་པ་ཞིག་ཡོད་པ་དེས་བྱང་ཆུབ་སེམས་དཔའི་འཁོར་དང་། ལྷའི་འཁོར་ཆེན་པོ་ཡོད་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་དག་ཚུར་ཤོག ། བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་དྲུང་དུ་དོང་སྟེ། རིགས་རིན་པོ་ཆེ་ ཡོན་ཏན་ཇི་ལྟ་བུར་ཕུན་སུམ་ཚོགས་པ་ཞིག་ཏུ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བར་འགྱུར་བ་དྲིའོ་ཞེས་སྨྲས་པ་དང་། ལེགས་སོ་ཞེས་ཏེ།
BOདེ་དག་ཐམས་ཅད་ཀྱང་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་ཕྱིན་ཏེ་དྲིས་པ། སྐྱེས་བུ་དམ་པ་རིགས་རིན་པོ་ཆེ་ཡོན་ཏན་ཕུན་ སུམ་ཚོགས་པ་ཇི་ལྟ་བུ་ཞིག་ཏུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་སྐྱེ་བར་འགྱུར། དེ་ནས་བྱང་ཆུབ་སེམས་དཔའས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། ལྷའི་ཚོགས་ཆེན་པོ་དེ་དག་ལ་རྣམ་པར་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སྲིད་ པ་ཐ་མ་པ་གང་དུ་སྐྱེ་བར་འགྱུར་བའི་རིགས་དེ་ནི་རྣམ་པ་དྲུག་ཅུ་རྩ་བཞི་ཕུན་སུམ་ཚོགས་པ་ཡིན་ཏེ། དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། རིགས་དེ་ནི་བཙུན་པ་ཡིན། རིགས་དེ་ནི་ཀུན་གྱིས་མངོན་པར་ཤེས་པ་ཡིན། རིགས་དེ་ནི་ཕྲན་ཚེགས་མེད་ཅིང་གནོད་པར་བྱེད་པ་མེད་པ་ཡིན། རིགས་དེ་ནི་རྒྱུད་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་ཆོ་འབྲང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་སྔོན་གྱི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་བཙུན་པའི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་ཀུན་གྱིས་ མངོན་པར་ཤེས་པའི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན།
BOརིགས་དེ་ནི་དབང་ཆེ་བར་གྲགས་པའི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་སྐྱེས་པ་མང་བ་ཡིན། རིགས་དེ་ནི་བུད་མེད་མང་བ་ཡིན། རིགས་དེ་ནི་འཇིགས་པ་མེད་པ་ཡིན། རིགས་དེ་ནི་དམན་པ་མེད་ཅིང་ཞུམ་ པ་མེད་པ་ཡིན། རིགས་དེ་ནི་བརྐམ་པ་མེད་པ་ཡིན། རིགས་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན། རིགས་དེ་ནི་ཤེས་རབ་དང་ལྡན་པ་ཡིན། རིགས་དེ་ནི་བློན་པོས་བལྟ་ཞིང་ལོངས་སྤྱོད་ལ་སྤྱོད་པ་ཡིན། རིགས་དེ་ནི་བཟོ་དོན་ཡོད་པས་བཤམས་ཤིང་ལོངས་སྤྱོད་ལ་སྤྱོད་པ་ཡིན། རིགས་ དེ་ནི་མཛའ་བ་བརྟན་པ་ཡིན། རིགས་དེ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཀྱི་སྲོག་ལ་ལྟ་བ་ཡིན། རིགས་དེ་ནི་བྱས་པ་གཟོ་བ་དང་ལྡན་པ་ཡིན། རིགས་དེ་ནི་བརྟུལ་ཞུགས་ཤེས་པ་ཡིན། རིགས་དེ་ནི་འདུན་པས་མི་འགྲོ་བ་ཡིན། རིགས་དེ་ནི་ཞེ་སྡང་གིས་མི་འགྲོ་བ་ཡིན། རིགས་དེ་ནི་གཏི་མུག་གིས་མི་འགྲོ་བ་ཡིན། རིགས་དེ་ནི་འཇིགས་པས་མི་འགྲོ་བ་ཡིན། རིགས་དེ་ནི་ཁ་ན་མ་ཐོ་བས་འཇིགས་པ་ཡིན། རིགས་དེ་ནི་གཏི་མུག་ལ་མི་གནས་པ་ཡིན། རིགས་དེ་ནི་ལག་སྦབས་ཆེ་བ་ཡིན། རིགས་དེ་ནི་བྱ་བ་ལ་མོས་པ་ཡིན། རིགས་དེ་ནི་གཏོང་བ་ལ་མོས་པ་ ཡིན།
BOརིགས་དེ་ནི་སྦྱིན་པ་ལ་མོས་པ་ཡིན། རིགས་དེ་ནི་ཞོ་ཤ་ཤེས་པ་ཡིན། རིགས་དེ་ནི་རྩལ་བརྟན་པ་ཡིན། རིགས་དེ་ནི་མཐུ་རྩལ་དང་ལྡན་པ་ཡིན། རིགས་དེ་ནི་རྩལ་མཆོག་དང་ལྡན་པ་ཡིན། རིགས་དེ་ནི་དྲང་སྲོང་མཆོད་པ་ཡིན། རིགས་དེ་ནི་ལྷ་མཆོད་པ་ཡིན། རིགས་དེ་ནི་མཆོད་ རྟེན་མཆོད་པ་ཡིན། རིགས་དེ་ནི་མཚུན་རྗེད་པ་ཡིན། རིགས་དེ་ནི་ཁོན་དུ་འཛིན་པ་མེད་པ་ཡིན། རིགས་དེ་ནི་ཕྱོགས་བཅུར་སྒྲ་གྲགས་པ་ཡིན། རིགས་དེ་ནི་འཁོར་ཆེན་པོ་དང་ལྡན་པ་ཡིན། རིགས་དེ་ནི་འཁོར་མི་ཕྱེད་པ་དང་ལྡན་པ་ཡིན། རིགས་དེ་ནི་བླ་ན་མེད་པའི་འཁོར་དང་ལྡན་པ་ཡིན། རིགས་དེ་ནི་རིགས་ཀྱི་ནང་ན་གཙོ་བོར་བྱ་བ་ཡིན། རིགས་དེ་ནི་རིགས་ལ་དབང་ཐོབ་པ་ཡིན། རིགས་དེ་ནི་དབང་ཆེ་བར་གྲགས་པ་ཡིན། རིགས་དེ་ནི་ཕར་འཛིན་པ་ཡིན། རིགས་དེ་ནི་མར་འཛིན་པ་ཡིན། རིགས་དེ་ནི་དགེ་སྦྱོང་དུ་འཛིན་པ་ཡིན། རིགས་དེ་ནི་བྲམ་ཟེར་འཛིན་པ་ཡིན། རིགས་ དེ་ནི་ནོར་དང་འབྲུའི་བང་མཛོད་མང་བ་ཡིན། རིགས་དེ་ནི་དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རྫས་དང་། ཡོ་བྱད་མང་བ་ཡིན།
BOརིགས་དེ་ནི་གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། ལུག་ཤིན་ཏུ་མང་བ་ཡིན། རིགས་དེ་ནི་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ཤིན་ཏུ་མང་བ་ཡིན། རིགས་དེ་ནི་ཐུབ་པར་དཀའ་བ་ཡིན། རིགས་དེ་ནི་དོན་ཐམས་ཅད་གྲུབ་པ་ཡིན། རིགས་དེ་ནི་འཁོར་ལོས་སྒྱུར་བའི་རིགས་ཀྱི་ རྒྱུད་དུ་སྐྱེས་པ་ཡིན། རིགས་དེ་ནི་སྔོན་གྱི་དགེ་བའི་རྩ་བའི་གྲོགས་ཀྱིས་བསྐྱེད་པ་ཡིན། རིགས་དེ་ནི་བྱང་ཆུབ་སེམས་དཔའི་རིགས་སུ་རིགས་བཙུན་པར་སྐྱེས་པ་ཡིན། རིགས་དེ་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་ སྐྱེ་དགུ་དང་བཅས་པའི་ནང་ན་རིགས་ལས་སྨོས་པའི་སྐྱོན་གྱིས་ཁ་ན་མ་ཐོ་བ་ཐམས་ཅད་དང་བྲལ་བ་སྟེ། གྲོགས་པོ་དག་གང་དུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་འབྱུང་བར་འགྱུར་བའི་རིགས་དེ་ནི་རྣམ་པ་དྲུག་ཅུ་རྩ་བཞི་པོ་དེ་དག་དང་ལྡན་པ་ཡིན་ནོ། ། གྲོགས་པོ་དག་སྲིད་པ་ཐ་མ་པའི་ བྱང་ཆུབ་སེམས་དཔའ་བུད་མེད་གང་གི་མངལ་དུ་འཇུག་པར་འགྱུར་བའི་བུད་མེད་དེ་ནི་ཡོན་ཏན་གྱི་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡིན་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ།
BOབྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་ཀུན་གྱིས་མངོན་པར་ཤེས་པའི་བུད་མེད་ཀྱི་མངལ་དུ་འཇུག་གོ། ཀུན་གྱིས་མངོན་པར་རིག་པ་དང་། སྤྱོད་པ་ལ་གླགས་མི་ཐོད་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། ཆོ་འབྲང་ཕུན་སུམ་ཚོགས་པ་དང་། གཟུགས་ཕུན་སུམ་ཚོགས་པ་དང་། མིང་ཕུན་སུམ་ཚོགས་པ་དང་། ཆུ་ཞེང་ཕུན་སུམ་ཚོགས་པ་དང་། སྔན་ཆད་མ་བཙས་པ་དང་། ཚུལ་ ཁྲིམས་ཕུན་སུམ་ཚོགས་པ་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། བཞིན་འཛུམ་པ་དང་། འཐུན་པར་འཛིན་པ་དང་། གསལ་བ་དང་། དུལ་བ་དང་། འཇིགས་པ་མེད་པ་དང་། མང་དུ་ཐོས་པ་དང་། མཁས་པ་དང་། སྒྱུ་མེད་པ་དང་། གཡོ་མེད་པ་དང་། མི་ཁྲོ་བ་དང་། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་དང་། མི་རྒོད་པ་དང་། མི་གཡེང་བ་དང་། ཅ་ཅོ་མེད་པ་དང་། བཟོད་ཅིང་དེས་པ་དང་ལྡན་པ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཤས་ཆུང་བ་དང་། བུད་མེད་ཀྱི་སྐྱོན་དང་བྲལ་བ་དང་། ཁྱིམ་ཐབ་ཀྱི་བརྟུལ་ཞུགས་དང་ལྡན་པ་དང་། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་བུད་མེད་ཀྱི་མངལ་དུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་འཇུག་གོ། །
BOགྲོགས་པོ་དག་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་བུད་མེད་གང་གི་མངལ་དུ་འཇུག་པའི་བུད་མེད་དེ་ནི་ཡོན་ཏན་གྱི་རྣམ་པ་སུམ་ཅུ་རྩ་ གཉིས་པོ་དེ་དག་དང་ལྡན་པ་ཡིན་ནོ། ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་ནི་ཟླ་བ་མར་གྱི་ངོ་ལ་མའི་མངལ་དུ་མི་འཇུག་གི ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་ཟླ་བ་ཡར་གྱི་ཚེས་བཅོ་ལྔའི་ཟླ་བ་ཉ་སྟེ་རྒྱས་པ་ལ་སྐར་མ་རྒྱལ་དང་ལྡན་པའི་ཚེ། མ་གསོ་སྦྱོང་བླངས་པའི་མངལ་དུ་འཇུག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷའི་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་ལས་རིགས་ཡོངས་སུ་དག་པ་དང་། མ་ཡོངས་སུ་དག་པའི་རྣམ་པ་དེ་ལྟ་བུ་དེ་དག་ཐོས་ནས་འདི་སྙམ་དུ་སེམས་ཏེ། སྐྱེས་བུ་དམ་པ་འདིས་རྣམ་པ་ཇི་སྙེད་དུ་བསྟན་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་རིགས་དེ་གང་ ཞིག་ལ་ཡོད་སྙམ་དུ་སེམས་སོ། ། དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པ་ལ་ཞུགས་པ་ན་དེ་དག་འདི་སྙམ་དུ་སེམས་ཏེ། ཤཱཀྱའི་གྲོང་ཁྱེར་འདི་འབྱོར་ཅིང་རྒྱས་ལ་བདེ་ཞིང་ལོ་ལེགས་པ་དང་ལྡན་ཏེ། ཉམས་དགའ་ཞིང་སྐྱེ་བོ་མང་པོ་དང་མིས་གང་བ་ཡིན་ལ། རྒྱལ་པོ་ཟས་གཙང་མ་ཡང་མའི་རྒྱུད་ཀྱིས་དག་ པ། ཕའི་རྒྱུད་ཀྱིས་དག་པ། ཆུང་མ་དག་པ་དང་ལྡན་པ།
BOལས་ཀྱི་མཐའ་ལ་ཉོན་མོངས་པ་མེད་པ། དཔེ་བྱད་བཟང་བ། ཤིན་ཏུ་མཛངས་པ། བསོད་ནམས་ཀྱི་གཟི་བརྗིད་དང་ལྡན་པ། གྲགས་པ་ཆེན་པོའི་རིགས་སུ་སྐྱེས་པ། འཁོར་ལོས་སྒྱུར་བའི་རིགས་ཀྱི་རྒྱུད་དུ་སྐྱེས་པ། ནོར་དང་། གཏེར་དང་། རིན་པོ་ཆེ་དཔག་ཏུ་མེད་པ་དང་ལྡན་པ། ལས་ཡོད་པར་ལྟ་བ། སྡིག་པའི་ལྟ་བ་མེད་པ། ཤཱཀྱའི་ཡུལ་ཀུན་ན་ཡང་རྒྱལ་པོ་དེ་གཅིག་པུར་ཟད་དེ། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། འཁོར་གྱི་མི་ཐམས་ཅད་ཀྱིས་རིམ་གྲོར་བྱ་ཞིང་མཆོད་པ། མཛེས་པ། བལྟ་ན་སྡུག་པ། ཧ་ཅང་ཡང་མི་རྒན་ཧ་ཅང་ཡང་མི་གཞོན་ཞིང་གཟུགས་མཛེས་ལ་ཡོན་ཏན་ཐམས་ཅད་དང་ལྡན་པ། བཟོ་ཤེས་པ། དུས་ཤེས་པ། བདག་ཤེས་པ། ཆོས་ཤེས་པ། སེམས་ཅན་ཤེས་པ། འཇིག་རྟེན་ཤེས་པ། མཚན་ཤེས་པ། ཆོས་ཀྱི་རྒྱལ་པོ་ཆོས་ ཀྱིས་རྗེས་སུ་སྟོན་པའོ། ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་དེ་ནི་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་གནས་ཏེ། གང་དག་དེར་སྐྱེས་པར་གྱུར་པ་དེ་དག་ཀྱང་དེ་དང་སྐལ་བ་འདྲ་བ་དག་གོ། །
BOརྒྱལ་པོ་ཟས་གཙང་མ་དེ་ལ་ལྷ་མོ་སྒྱུ་འཕྲུལ་ཞེས་བྱ་བ་ ཤཱཀྱའི་བདག་པོ་ཤིན་ཏུ་ལེགས་པར་རྟོགས་པ་ཞེས་བྱ་བའི་བུ་མོ་ཞིག་ཡོད་པའང་ཕྱུག་ཅིང་གཞོན་ཞིང་དར་ལ་བབ་པའི་གཟུགས་ཕུན་སུམ་ཚོགས་པ་སྔན་ཆད་མ་བཙས་པ། བུ་དང་བུ་མོ་མེད་པ། གཟུགས་མཛེས་པ། བུ་དོན་ལ་བྲིས་པ་ལྟར་བལྟ་ན་སྡུག་པ། ལྷའི་བུ་མོ་ལྟར་ རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བུད་མེད་ཀྱི་སྐྱོན་རྣམས་དང་བྲལ་བ། བདེན་པར་སྨྲ་བ། མི་དྲག་པ། མི་བརླངས་པ། མི་གཅོར་བ། ཁ་ན་མ་ཐོ་བ་མེད་པ། གྱོ་མོའི་སྒྲ་ལྟ་བུ་མེད་པ། ཅ་ཅོ་མེད་པ། འཇམ་ཞིང་སྙན་ལ་ཡིད་དུ་འོང་བར་སྨྲ་བ། མི་དེས་པ་དང་། ཁོང་ཁྲོ་བ་དང་། ང་ རྒྱལ་དང་། དྲེགས་པ་དང་། རྒྱགས་པ་དང་། ཁྲོ་བ་མེད་པ། ཕྲག་དོག་མེད་པ། དུས་སུ་སྨྲ་བ། གཏོང་བ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་དང་ལྡན་པ། ཁྱོས་ཆོག་པར་འཛིན་པ། ཁྱིམ་ཐབ་ཀྱི་བརྟུལ་ཞུགས་ཅན། སྐྱེས་པ་གཞན་ལ་བསམ་པའི་ཡིད་ལ་བྱ་བ་དང་བྲལ་བ། མགོ་དང་། རྣ་བ་དང་། སྣ་གནས་སུ་ཕེབས་པ། བུང་བའི་མཆོག་གི་ཁ་དོག་ལྟ་བུའི་སྐྲ་དང་ལྡན་པ། དཔྲལ་བ་ལེགས་པ། སྨིན་ཚུགས་ལེགས་པ། ཁྲོ་གཉེར་མེད་པ། བཞིན་འཛུམ་པ། གསོང་པོར་སྨྲ་བ། འཇམ་ཞིང་སྙན་པའི་ཚིག་དང་ལྡན་པ།
BOའཐུན་པར་འཛིན་པ། དྲང་བ། གྱ་གྱུ་མེད་པ། སྒྱུ་མེད་པ། གཡོ་མེད་པ། ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པ། མི་རྒོད་པ། མི་གཡེང་བ། ཁ་ངན་མི་སྨྲ་བ། འཆལ་པའི་ཚིག་མེད་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཤས་ཆུང་བ། ངང་དེས་ཤིང་བཟོད་པ་དང་ལྡན་པ། རྐང་ལག་དང་། མིག་དང་། བློ་ཤིན་ ཏུ་བསྲུངས་པ། རྐང་ལག་ཤིན་ཏུ་འཇམ་པ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ། པད་མ་གཞོན་ནུའི་འདབ་མ་ལྟར་མིག་ཤིན་ཏུ་རྣམ་པར་དག་པ། སྣ་དབྱིབས་ལེགས་ཤིང་མདོག་སྡུག་པ། ཡན་ལག་ཤིན་ཏུ་བརྟན་པ། འཇའི་དབྱིབས་ལྟར་ཤིན་ཏུ་འདུད་པ། ཡན་ལག་ དང་། ཉིང་ལག་ཤིན་ཏུ་འབྱེས་པ། ཡན་ལག་ལ་སྨད་དུ་མེད་པ། མཆུ་བིམ་པ་ལྟར་དམར་བ། བལྟ་ན་མཛེས་པ། མགུལ་རིམ་བཞིན་དུ་འདུག་པ། རྒྱན་དམ་པ་དང་ལྡན་པ། སྣ་མའི་མེ་ཏོག་དང་བཱར་ཤི་ཀ་ལྟར་སོ་ཤིན་ཏུ་རྣམ་པར་དག་པ། ཕྲག་པ་ལེགས་པར་བྱིན་གྱིས་ འཚམ་པ། རིམ་གྱིས་ལེགས་པར་གྲུབ་པའི་དཔུང་པ་དང་ལྡན་པ། རྐེད་པ་གཞུའི་ཆང་ཟུངས་ལྟར་ཕྲ་བ། གཞོགས་ཉམས་པ་མེད་པ། ལྟེ་བ་ཁུང་ཟབ་པ། སྟ་ཟུར་འཇམ་ཞིང་ཡངས་ལ་ཟླུམ་ཞིང་བརྟན་པར་གྲུབ་པ། རྡོ་རྗེ་ལྟར་མཁྲེགས་ཤིང་མཚུངས་པ་མེད་པའི་ལུས་དང་ལྡན་པ།
BOགླང་པོའི་སྣ་ལྟར་མཉམ་ཞིང་ལེགས་པའི་བརླ་དང་ལྡན་པ། བྱིན་པ་{རི་དགས་,རི་དྭགས་}ཨེ་ན་ཡའི་ལྟ་བུ། ལག་པ་དང་རྐང་པའི་མཐིལ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་འདུག་པ། འགྲོ་བའི་མིག་ཏུ་སྡུག་པ་མིག་གི་དབང་པོ་ཉམས་པ་མེད་པ། ཡིད་དུ་འོང་ཞིང་བལྟ་ན་སྡུག་པ། བུད་མེད་རིན་པོ་ཆེའི་ གཟུགས་ལས་ཀྱང་ཁྱད་པར་དུ་འཕགས་པ་མཚུངས་པ་མེད་པ། སྒྱུ་འཕྲུལ་སྤྲུལ་པ་ལྟ་བུའི་གཟུགས་སུ་འདུག་པ། སྒྱུ་འཕྲུལ་ཞེས་མིང་གི་བརྡར་བཏགས་པ། སྒྱུ་རྩལ་ལ་མཁས་པ། དགའ་ཚལ་གྱི་ལྷའི་བུ་མོ་ལྟ་བུ་ཞིག་རྒྱལ་པོ་ཟས་གཙང་མའི་བཙུན་མོའི་འཁོར་གྱི་ ནང་ན་འདུག་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡུམ་དུ་ཚུལ་དང་འཐུན་གྱིས་གང་བྱང་ཆུབ་སེམས་དཔས་རིགས་དག་པ་བསྟན་པ་དེ་ནི་ཤཱཀྱའི་རིགས་ཉིད་ལ་སྣང་གི་གཞན་ལ་ནི་མ་ཡིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དག་པའི་སེམས་ཅན་ཆོས་མཐོ་ཁང་{བཟངས་,བཟང་}ན། ། ཆོས་བཟང་ སེང་གེའི་ཁྲི་ལ་རབ་ཏུ་འདུག ། བྱང་ཆུབ་སེམས་དཔའ་གྲགས་ཆེན་ལྡན་པ་དང་། ། སྐལ་བ་མཉམ་པའི་ལྷ་རྣམས་དྲང་སྲོང་འཁོར། ། དེ་ན་འདུག་ཅིང་དེ་ནི་འདི་སྙམ་སེམས། ། རིགས་གང་རྣམ་དག་རབ་ཏུ་ཤེས་དང་ལྡན། ། བྱང་ཆུབ་སེམས་དཔའ་སྐྱེ་དང་ཚུལ་འཐུན་གང་།
BOཕ་མ་ གང་ཞིག་དག་པའི་དངོས་དང་ལྡན། ། འཛམ་བུའི་གླིང་འདི་ཀུན་ཏུ་རྣམ་བལྟས་ན། ། རྒྱལ་རིགས་རྒྱལ་རྒྱུད་ཆེ་བ་གང་ཡིན་པ། ། ཀུན་ཀྱང་སྐྱོན་དང་བཅས་པར་རྗེས་བསམས་ནས། ། ཤཱཀྱའི་རིགས་ནི་སྐྱོན་དང་བྲལ་བར་མཐོང་། ། ཟས་གཙང་རྒྱལ་པོའི་རིགས་ནང་རིགས་དང་ལྡན། ། མི་དབང་རྒྱུད་ནི་རྣམ་དག་ཆོ་རིགས་ཅན། ། འབྱོར་ཅིང་རྒྱས་ལ་འཁྲུག་པ་མེད་པ་སྟེ། ། སྐྱེ་བོ་དམ་པ་ཆོས་ལྡན་རིམ་གྲོ་ཅན། ། སེར་སྐྱར་བརྗོད་པའི་གྲོང་ཁྱེར་སེམས་ཅན་གཞན། ། ཀུན་ཀྱང་བསམ་པ་རབ་དག་ཆོས་དང་ལྡན། ། སྐྱེད་མོས་ཀུན་དགའ་གཞལ་མེད་ ཁང་གིས་བརྒྱན། ། སྐྱེ་བའི་སར་ནི་སེར་སྐྱར་བརྗོད་པར་མཛེས། ། ཀུན་ཀྱང་ཚན་ཆེན་སྟོབས་དང་ལྡན་པ་སྟེ། ། གླང་པོ་གཉིས་སམ་གསུམ་གྱི་སྟོབས་ཀྱང་བདོག ། འཕོང་རྩལ་བསླབ་པའི་ཕ་རོལ་མཐར་ཕྱིན་ཀྱང་། ། སྲོག་གི་དོན་དུ་གཞན་ལ་གནོད་མི་བྱེད། ། ཟས་གཙང་རྒྱལ་ པོའི་བུད་མེད་དབེན་པ་སྟེ། ། བུད་མེད་དམ་པ་སྟོང་གི་མཆོག་ཏུ་ཕྱིན། ། ཡིད་དུ་འོང་བ་སྒྱུ་འཕྲུལ་སྤྲུལ་པའི་གཟུགས། ། དེ་ཡི་མིང་ཡང་ལྷ་མོ་སྒྱུ་འཕྲུལ་ཏེ། ། མཛེས་པའི་གཟུགས་འཆང་ལྷ་ཡི་བུ་མོ་བཞིན། ། འབྱེས་པའི་ལུས་ལྡན་ཡན་ལག་དྲི་མེད་སྡུག །
BOལྷ་དང་མི་རྣམས་གང་ ཡང་རུང་བ་དག ། སྒྱུ་འཕྲུལ་མཐོང་ན་གང་ངོམས་དེ་མེད་ཀྱང་། ། འདོད་ཆགས་ཞེན་མེད་སྡང་བས་ཞེ་སྡང་མེད། ། དེ་ནི་འཇམ་སྙན་དྲང་བའི་ངག་དང་ལྡན། ། མི་བརླང་མི་རྩུབ་ཤིན་ཏུ་དེས་པ་སྟེ། ། དེ་ནི་བཞིན་འཛུམ་ཁྲོ་གཉེར་རབ་ཏུ་སྤངས། ། ངོ་ཚ་ཁྲེལ་ཡོད་ཆོས་སྤྱོད་ལྡན་པ་སྟེ། ། ང་རྒྱལ་མེད་ཅིང་མ་ཁེངས་རྒོད་པ་མེད། ། ཕྲག་དོག་མེད་ཅིང་སྒྱུ་དང་གཡོ་མེད་དེ། ། གཏོང་ལ་དགའ་ཞིང་རྟག་ཏུ་བྱམས་སེམས་ལྡན། ། ལས་ཡོད་བལྟ་ཞིང་ལོག་པའི་སྦྱོར་བ་སྤངས། ། བདེན་ལ་གནས་ཤིང་ལུས་དང་ཡིད་རབ་བསྡམས། ། ས་ལ་གང་ཡོད་བུད་མེད་སྐྱོན་མང་ཚོགས། ། དེ་དག་ཐམས་ཅད་དེ་ལ་ཡོད་མི་ཡིན། ། མི་ཡི་འཇིག་རྟེན་དྲི་ཟའི་འཇིག་རྟེན་ནམ། ། ལྷ་ཡི་འཇིག་རྟེན་དག་ན་བུད་མེད་གཞན། ། ལྷ་མོ་སྒྱུ་འཕྲུལ་མཚུངས་མེད་ག་ལ་ལྷག ། དྲང་སྲོང་ཆེན་པོའི་མར་ནི་དེ་འོས་ཏེ། ། ཚེ་རབས་ལྔ་བརྒྱ་ཁོ་ནར་ཚང་བར་ཡང་། ། དེ་ནི་བྱང་ཆུབ་སེམས་ དཔའི་མར་གྱུར་ཏོ། ། དེ་དང་དེར་ནི་ཡབ་ཀྱང་ཟས་གཙང་སྟེ། ། དེ་ཕྱིར་ཡོན་ཏན་ལྡན་པ་མ་ཡི་འོས། ། དཀའ་ཐུབ་ཅན་ལྟར་དེ་ནི་བརྟུལ་ཞུགས་གནས། ། བརྟུལ་ཞུགས་རྗེས་སྤྱོད་རྟག་པར་ཆོས་ཀྱང་སྤྱོད། །
BOརྒྱལ་པོས་གནང་སྟེ་མཆོག་སྦྱིན་ཐོབ་པས་ན། ། འདོད་པ་མ་སྤྱད་ཟླ་བ་སུམ་ཅུ་ གཉིས། ། གང་གི་ཕྱོགས་ན་དེ་འདུག་འགྲེང་བ་འམ། ། ཉལ་ཞིང་འགྲོ་བར་གྱུར་པའི་གནས་དག་ཀྱང་། ། དེ་ཡི་ལས་དགེ་གཞོལ་བའི་འོད་ཟེར་གྱིས། ། ཤིན་ཏུ་སྣང་བར་འོད་ཀྱིས་གསལ་བར་གྱུར། ། ལྷ་དང་ལྷ་མིན་མི་རྣམས་གང་ཡང་རུང་། ། འདོད་ཆགས་སེམས་ཀྱིས་བལྟ་བར་ ནུས་པ་མེད། ། སྤྱོད་ལམ་རྣམས་སུ་འཕགས་པའི་ཡོན་ཏན་ལྡན། ། དེ་ལ་ཀུན་ཀྱང་མ་དང་བུ་མོར་ལྟ། ། སྒྱུ་འཕྲུལ་ལྷ་མོའི་དགེ་བའི་ལས་ཀྱི་རྒྱུས། ། རྒྱལ་པོའི་སྲིད་ནི་རབ་ཡངས་རྣམ་པར་འཕེལ། ། ཁམས་ཀྱི་རྒྱལ་པོའང་འཇུག་པར་མི་བྱེད་ཅིང་། ། རྒྱལ་པོའི་གྲགས་དང་བརྗོད་པ་ རྣམ་པར་འཕེལ། ། དེ་ལྟར་སྒྱུ་འཕྲུལ་སྣོད་དུ་འཐུན་གྱུར་ཅིང་། ། དེ་ལྟར་སེམས་ཅན་དམ་པ་མཆོག་མཛེས་པས། ། དེ་གཉིས་ཡོན་ཏན་མཆོག་དང་ལྡན་པས་ན། ། འདི་ནི་བུར་འགྱུར་དེ་ནི་མ་ཡི་འོས། ། ལྷ་མོ་ཡོན་ཏན་མཆོག་དང་ལྡན་པ་སྟེ། ། གླང་པོའི་ཁྲི་ཡི་སྟོབས་བདོག་མ་གཏོགས་པར། ། འཛམ་བུའི་རྒྱལ་མཚན་འདི་ན་མི་མཆོག་དེ། ། འཛིན་པར་ནུས་པའི་བུད་མེད་གང་ཡང་མེད། ། དེ་སྐད་ཆེ་བའི་ལྷ་ཡི་བུ་རྣམས་དང་། །
BOབྱང་ཆུབ་སེམས་དཔའ་ཤེས་རབ་རྒྱ་ཆེན་དག ། ཤཱཀྱའི་རིགས་རྣམས་དགའ་བར་མཛད་པ་ཡི། ། ཡུམ་དུ་ལེགས་ལྡན་སྒྱུ་འཕྲུལ་འགྱུར་ཞེས་ཟེར། ། རིགས་ཡོངས་སུ་དག་པའི་ལེའུ་སྟེ་གསུམ་པའོ། ། ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སྐྱེ་བའི་རིགས་ལ་རྣམ་པར་བལྟས་ནས། དགའ་ལྡན་གྱི་གནས་ཀྱི་གཞལ་མེད་ཁང་ཆེན་པོ་ཆུ་དང་རྒྱར་དཔག་ཚད་དྲུག་ཅུ་རྩ་བཞི་ཡོད་པ་གང་དུ་བྱང་ཆུབ་སེམས་ དཔའ་འདུག་སྟེ། དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་པ་རྒྱལ་མཚན་མཐོན་པོ་ཞེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་གཞལ་མེད་ཁང་ཆེན་པོ་དེར་སོང་ནས་ཕྱིན་པ་དང་། དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ལ་སྨྲས་པ། ཁྱེད་རྣམས་འདིར་འདུ་བར་གྱིས་ཤིག ། འཆི་ འཕོ་བའི་རྣམ་པར་སྦྱོར་བ་ཞེས་བྱ་བའི་ཆོས་རྗེས་སུ་དྲན་པ་ཆོས་རྗེས་སུ་བསྟན་པ་ཐ་མའི་ཆོས་མཉན་པ་བྱང་ཆུབ་སེམས་དཔའ་ལས་ཉོན་ཅིག ། དེ་སྐད་ཀྱི་ཚིག་ཐོས་ནས། དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ལྷའི་བུ་མོའི་ཚོགས་དང་བཅས་ཏེ། གཞལ་མེད་ཁང་ཆེན་པོ་དེར་འདུས་སོ། །
BOདེར་ བྱང་ཆུབ་སེམས་དཔས་འཁོར་གྱི་ཁྱམས་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་ཡངས་པར་བྱིན་གྱིས་བརླབས་པར་གྱུར་ནས། དེ་དེ་ཙམ་དུ་བཟང་ཞིང་དེ་ཙམ་དུ་བལྟ་ན་སྡུག་ལ། དེ་ཙམ་དུ་རྒྱན་གྱིས་རྒྱས་ཤིང་དེ་ཙམ་དུ་ཡིད་དུ་འོང་བར་གྱུར་པ་དེས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་ པའི་ལྷའི་བུ་ཐམས་ཅད་རང་རང་གི་ཁྱིམ་གྱི་བཀོད་པ་ལ་དུར་ཁྲོད་ལྟ་བུའི་འདུ་ཤེས་སྐྱེས་པར་གྱུར་ཏོ། ། དེ་ལ་བྱང་ཆུབ་སེམས་དཔའ་རང་གི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པས་ཡོངས་སུ་བརྒྱན་པའི་སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་དུ་མས་རྩ་བ་སྤྲས་པ། ལྷའི་རས་བཅོས་བུའི་སྟན་དུ་མ་བཏིང་ བ། ལྷའི་སྤོས་ཞིམ་པོ་དུ་མས་བསྒོས་པ། བདུག་སྤོས་དམ་པ་མཆོག་ཏུ་བྱ་བ་དུ་མས་བདུགས་པ། ལྷའི་མེ་ཏོག་ཁ་དོག་དུ་མའི་དགྲམ་པ་བཀྲམ་པ། ནོར་བུ་རིན་པོ་ཆེའི་འོད་བརྒྱ་སྟོང་དུ་མ་འབར་བའི་གཟི་བརྗིད་ཅན། ནོར་བུ་རིན་པོ་ཆེ་དུ་མའི་དྲ་བས་གཡོགས་པ། རིན་པོ་ཆེའི་དྲིལ་བུ་ གཡེར་ཀའི་དྲ་བ་དུ་མའི་སྒྲ་འབྱུང་བས་མངོན་པར་དགའ་བ་དང་ལྡན་པ། རིན་པོ་ཆེའི་དྲིལ་བུ་བརྒྱ་སྟོང་དུ་མ་མངོན་པར་དཀྲོལ་བའི་སྒྲ་དང་ལྡན་པ།
BOརིན་པོ་ཆེའི་དྲ་བ་བརྒྱ་སྟོང་དུ་མས་ཡོངས་སུ་གསལ་བར་གྱུར་པ། རིན་པོ་ཆེའི་གདུགས་བརྒྱ་སྟོང་དུ་མས་ཀུན་ནས་བཀབ་པ། དར་བརྒྱ་སྟོང་དུ་མ་རབ་ ཏུ་སྤྱངས་པ། དར་གྱི་ཕྲེང་བ་ལྡ་ལྡི་བརྒྱ་སྟོང་དུ་མས་ཤིན་ཏུ་བརྒྱན་པ། ལྷའི་བུ་མོ་བརྒྱ་སྟོང་དུ་མས་གླུ་བླངས། གར་བྱས། རོལ་མོ་བྱས་པ། ཡོན་ཏན་བརྒྱ་སྟོང་དུ་མ་ཀུན་ཏུ་བརྗོད་པ། འཇིག་རྟེན་སྐྱོང་བ་བརྒྱ་སྟོང་དུ་མས་རྗེས་སུ་བསྲུངས་པ། བརྒྱ་བྱིན་བརྒྱ་སྟོང་དུ་མས་ཕྱག་བྱས་པ། ཚངས་པ་བརྒྱ་སྟོང་དུ་མས་རབ་ཏུ་བཏུད་པ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བཟུང་བ། ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཐའ་ཡས་པས་དགོངས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་ཕ་རོལ་ཏུ་ཕྱིན་པ་ཚོགས་སུ་ བྱས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པ་ལས་བྱུང་བ་དེ་ལྟ་བུ་ལ་འདུག་གོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེང་གེའི་ཁྲི་ཆེན་པོ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ལ་འདུག་ནས་ལྷའི་འཁོར་ཆེན་པོ་དེ་དག་ལ་སྨྲས་པ།
BOགྲོགས་པོ་དག་བྱང་ཆུབ་སེམས་དཔའི་ལུས་བསོད་ ནམས་བརྒྱའི་མཚན་གྱིས་ལེགས་པར་བརྒྱན་པ་ལ་ལྟོས། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་ན་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འཁོད་ཅིང་ཐམས་ཅད་ཀྱང་སྲིད་པ་ཐ་མ་པ་ལ་མངོན་དུ་ཕྱོགས་པ། ལྷའི་ཚོགས་ཀྱིས་ ཡོངས་སུ་བསྐོར་བ་འཆི་འཕོའི་རྣམ་པས་ལྷ་རྣམས་དགའ་བར་བྱེད་པའི་ཆོས་སྣང་བའི་སྒོ་ཡང་དག་པར་སྟོན་པ། ཚད་མེད་གྲངས་མེད་བགྲང་བ་ལས་འདས་པ་དག་ལ་ལྟོས། དེ་ནས་ལྷའི་འཁོར་དེ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་བྱིན་གྱིས་རླབས་ཀྱིས་བྱང་ཆུབ་སེམས་དཔའ་དེ་ དག་མཐོང་བར་གྱུར་ཏེ། མཐོང་བར་གྱུར་ནས་ཀྱང་བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཡན་ལག་ལྔས་ཕྱག་འཚལ་ནས་འདི་སྐད་དུ་འདི་ལྟར་བདག་ཅག་གིས་བལྟས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་འདི་སྙེད་ཅིག་མཐོང་བ་ནི་བྱང་ཆུབ་སེམས་དཔའི་བྱིན་གྱི་ རླབས་བསམ་གྱིས་མི་ཁྱབ་པ་སྟེ། ལེགས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། ། དེ་ནས་བྱང་ཆུབ་སེམས་དཔས་ཡང་ལྷའི་འཁོར་ཆེན་པོ་དེ་དག་ལ་བོས་ནས་འདི་སྐད་ཅེས་སྨྲས་ཏེ།
BOགྲོགས་པོ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་དེ་དག་ལྷའི་བུ་དེ་དག་ལ་གང་སྟོན་པ་འཆི་འཕོའི་རྣམ་པས་ ལྷ་རྣམས་དགའ་བར་བྱེད་པའི་ཆོས་སྣང་བའི་སྒོ་ཉོན་ཅིག ། གྲོགས་པོ་དག་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་འཆི་འཕོའི་དུས་ལ་བབ་པའི་ཚེ། ལྷའི་འཁོར་ལ་གདོན་མི་ཟ་བར་ཡང་དག་པར་བསྟན་པར་བྱ་བ་སྟེ། བརྒྱ་རྩ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། གྲོགས་ པོ་དག་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ། ། དང་བ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་རྙོག་པ་ཅན་དང་བར་འགྱུར་རོ། ། མཆོག་ཏུ་དགའ་བ་ནི་ཆོས་སྣང་བའི་སྒོ་སྟེ། ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། ། དགའ་བ་ནི་ཆོས་སྣང་བའི་སྒོ་སྟེ། སེམས་རྣམ་པར་དག་པར་འགྱུར་རོ། ། ལུས་ཀྱི་ སྡོམ་པ་ནི་ཆོས་སྣང་བའི་སྒོ་སྟེ། ལུས་ཀྱི་ཉེས་པ་རྣམ་པ་གསུམ་ཡོངས་སུ་དག་པར་འགྱུར་རོ། ། ངག་གི་སྡོམ་པ་ནི་ཆོས་སྣང་བའི་སྒོ་སྟེ། ངག་གི་ཉེས་པ་བཞི་ཡོངས་སུ་སྤོང་བར་འགྱུར་རོ། ། ཡིད་ཀྱི་སྡོམ་པ་ནི་ཆོས་སྣང་བའི་སྒོ་སྟེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤོང་ བར་འགྱུར་རོ། །
BOསངས་རྒྱས་རྗེས་སུ་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་མཐོང་བ་རྣམ་པར་དག་པར་འགྱུར་རོ། ། ཆོས་རྗེས་སུ་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། ཆོས་བསྟན་པ་རྣམ་པར་དག་པར་འགྱུར་རོ། ། དགེ་འདུན་རྗེས་སུ་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། སྐྱོན་མེད་པར་ འཇུག་པར་འགྱུར་རོ། ། གཏོང་བ་རྗེས་སུ་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། རྫས་ཐམས་ཅད་རབ་ཏུ་སྤོང་བར་འགྱུར་རོ། ། ཚུལ་ཁྲིམས་རྗེས་སུ་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། ། ལྷ་རྗེས་སུ་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། སེམས་རྒྱ་ཆེན་པོར་འགྱུར་རོ། ། བྱམས་པ་ནི་ཆོས་སྣང་བའི་སྒོ་སྟེ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། ། སྙིང་རྗེ་ནི་ཆོས་སྣང་བའི་སྒོ་སྟེ། རྣམ་པར་འཚེ་བ་མེད་པ་ལྷུར་ལེན་པར་འགྱུར་རོ། ། དགའ་བ་ནི་ཆོས་སྣང་བའི་སྒོ་སྟེ། མི་དགའ་བ་ཐམས་ཅད་སེལ་བར་ འགྱུར་རོ། ། བཏང་སྙོམས་ནི་ཆོས་སྣང་བའི་སྒོ་སྟེ། འདོད་པ་ལ་སྨོད་པར་འགྱུར་རོ། ། མི་རྟག་པར་སོ་སོར་རྟོག་པ་ནི་ཆོས་སྣང་བའི་སྒོ་སྟེ། འདོད་པ་དང་། གཟུགས་ཡོད་པ་དང་།
BOགཟུགས་མེད་པའི་འདོད་ཆགས་ལས་ཡང་དག་པར་འདའ་བར་འགྱུར་རོ། ། སྡུག་བསྔལ་དུ་སོ་སོར་རྟོག་ པ་ནི་ཆོས་སྣང་བའི་སྒོ་སྟེ། སྨོན་ལམ་ཀུན་ཏུ་ཆད་པར་འགྱུར་རོ། ། བདག་མེད་པར་སོ་སོར་རྟོག་པ་ནི་ཆོས་སྣང་བའི་སྒོ་སྟེ། བདག་ལ་མངོན་པར་ཞེན་པ་མེད་པར་འགྱུར་རོ། ། ཞི་བར་སོ་སོར་རྟོག་པ་ནི་ཆོས་སྣང་བའི་སྒོ་སྟེ། རྗེས་སུ་ཆགས་པ་འབར་བ་མེད་པར་འགྱུར་རོ། ། ངོ་ཚ་ཤེས་པ་ནི་ ཆོས་སྣང་བའི་སྒོ་སྟེ། ནང་ཉེ་བར་ཞི་བར་འགྱུར་རོ། ། ཁྲེལ་ཡོད་པ་ནི་ཆོས་སྣང་བའི་སྒོ་སྟེ། ཕྱི་རོལ་ཉེ་བར་ཞི་བར་འགྱུར་རོ། ། བདེན་པ་ནི་ཆོས་སྣང་བའི་སྒོ་སྟེ། ལྷ་དང་མི་རྣམས་མི་སླུ་བར་འགྱུར་རོ། ། ཡང་དག་པ་ནི་ཆོས་སྣང་བའི་སྒོ་སྟེ། བདག་ལ་སླུ་བ་མེད་པར་འགྱུར་རོ། ། ཆོས་ སྤྱད་པ་ནི་ཆོས་སྣང་བའི་སྒོ་སྟེ། ཆོས་ལ་རྟོན་པར་འགྱུར་རོ། ། གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཆོས་སྣང་བའི་སྒོ་སྟེ། ངན་སོང་གསུམ་ལས་ཡང་དག་པར་འདའ་བར་འགྱུར་རོ། ། བྱས་པ་གཟོ་བ་ནི་ཆོས་སྣང་བའི་སྒོ་སྟེ། དགེ་བའི་རྩ་བ་བྱས་པ་རྣམས་ཆུད་མི་ཟ་བར་འགྱུར་རོ། ། བྱས་པ་རིག་ པ་ནི་ཆོས་སྣང་བའི་སྒོ་སྟེ། གཞན་ལ་བརྙས་པ་མེད་པར་འགྱུར་རོ། །
BOབདག་ཤེས་པ་ནི་ཆོས་སྣང་བའི་སྒོ་སྟེ། བདག་ལ་སྟོད་པ་མེད་པར་འགྱུར་རོ། ། སེམས་ཅན་ཤེས་པ་ནི་ཆོས་སྣང་བའི་སྒོ་སྟེ། གཞན་ལ་སྨོད་པ་མེད་པར་འགྱུར་རོ། ། ཆོས་ཤེས་པ་ནི་ཆོས་སྣང་བའི་སྒོ་སྟེ། ཆོས་ཀྱི་ རྗེས་སུ་འཐུན་པའི་ཆོས་ལ་ནན་ཏན་བྱེད་པར་འགྱུར་རོ། ། དུས་ཤེས་པ་ནི་ཆོས་སྣང་བའི་སྒོ་སྟེ། མཐོང་བ་དོན་ཡོད་པར་འགྱུར་རོ། ། ང་རྒྱལ་བཅོམ་པ་ནི་ཆོས་སྣང་བའི་སྒོ་སྟེ། ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། ། ཞེ་འགྲས་པ་མེད་པའི་སེམས་ནི་ཆོས་སྣང་བའི་སྒོ་སྟེ། བདག་དང་ གཞན་རྗེས་སུ་སྲུང་བར་འགྱུར་རོ། ། ཁོན་དུ་མི་འཛིན་པ་ནི་ཆོས་སྣང་བའི་སྒོ་སྟེ། འགྱོད་པ་མེད་པར་འགྱུར་རོ། ། མོས་པ་ནི་ཆོས་སྣང་བའི་སྒོ་སྟེ། ཐེ་ཚོམ་མེད་པར་ལྷུར་ལེན་པར་འགྱུར་རོ། ། མི་སྡུག་པར་སོ་སོར་རྟོག་པ་ནི་ཆོས་སྣང་བའི་སྒོ་སྟེ། འདོད་པ་ལ་རྣམ་པར་རྟོག་པ་སྤོང་བར་འགྱུར་ རོ། ། གནོད་སེམས་མེད་པ་ནི་ཆོས་སྣང་བའི་སྒོ་སྟེ། གནོད་སེམས་ཀྱི་རྣམ་པར་རྟོག་པ་སྤོང་བར་འགྱུར་རོ། ། གཏི་མུག་མེད་པ་ནི་ཆོས་སྣང་བའི་སྒོ་སྟེ། མི་ཤེས་པ་རྣམ་པར་སེལ་བར་འགྱུར་རོ། ། ཆོས་དོན་དུ་གཉེར་བ་ནི་ཆོས་སྣང་བའི་སྒོ་སྟེ།
BOདོན་ལ་རྟོན་པར་འགྱུར་རོ། ། ཆོས་འདོད་པ་ནི་ ཆོས་སྣང་བའི་སྒོ་སྟེ། ཆོས་སྣང་བ་ཐོབ་པར་འགྱུར་རོ། ། ཐོས་པ་ཚོལ་བ་ནི་ཆོས་སྣང་བའི་སྒོ་སྟེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པར་འགྱུར་རོ། ། ཡང་དག་པའི་སྦྱོར་བ་ནི་ཆོས་སྣང་བའི་སྒོ་སྟེ། ཡང་དག་པར་ནན་ཏན་བྱེད་པར་འགྱུར་རོ། ། མིང་དང་གཟུགས་ཡོངས་སུ་ཤེས་པ་ནི་ཆོས་སྣང་བའི་ སྒོ་སྟེ། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། ། རྒྱུར་ལྟ་བ་ཡང་དག་པར་འཇོམས་པ་ནི་ཆོས་སྣང་བའི་སྒོ་སྟེ། རིག་པ་དང་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་ནི་ཆོས་སྣང་བའི་སྒོ་སྟེ། མཐོ་བར་སེམས་པ་མེད་ཅིང་དམའ་ བར་སེམས་པ་མེད་པར་འགྱུར་རོ། ། ཕུང་པོ་ལ་མཁས་པ་ནི་ཆོས་སྣང་བའི་སྒོ་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པར་འགྱུར་རོ། ། ཁམས་མཉམ་པ་ཉིད་ནི་ཆོས་སྣང་བའི་སྒོ་སྟེ། ཀུན་འབྱུང་བ་སྤོང་བར་འགྱུར་རོ། ། སྐྱེ་མཆེད་གསལ་བ་ནི་ཆོས་སྣང་བའི་སྒོ་སྟེ། ལམ་སྒོམ་པར་འགྱུར་རོ། ། མི་སྐྱེ་བའི་བཟོད་པ་ནི་ཆོས་སྣང་བའི་སྒོ་སྟེ། འགོག་པ་མངོན་དུ་བྱེད་པར་འགྱུར་རོ། ། ལུས་ལ་སོང་བའི་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ།
BOལུས་དབེན་པར་འགྱུར་རོ། ། ཚོར་བ་ལ་སོང་བའི་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། ཚོར་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། ། སེམས་ལ་སོང་བའི་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པར་འགྱུར་རོ། ། ཆོས་ལ་སོང་བའི་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། རབ་རིབ་དང་བྲལ་བའི་ཡེ་ཤེས་སུ་འགྱུར་རོ། ། ཡང་དག་པའི་སྤོང་བ་བཞི་ནི་ཆོས་སྣང་བའི་སྒོ་སྟེ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ དང་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཆོས་སྣང་བའི་སྒོ་སྟེ། ལུས་དང་སེམས་ཡང་བར་འགྱུར་རོ། ། དད་པའི་དབང་པོ་ནི་ཆོས་སྣང་བའི་སྒོ་སྟེ། གཞན་གྱི་དྲིང་མི་འཇོག་པར་འགྱུར་རོ། ། བརྩོན་འགྲུས་ཀྱི་དབང་པོ་ནི་ཆོས་སྣང་བའི་ སྒོ་སྟེ། ཤིན་ཏུ་རྟོགས་པའི་ཡེ་ཤེས་དང་ལྡན་པར་འགྱུར་རོ། ། དྲན་པའི་དབང་པོ་ནི་ཆོས་སྣང་བའི་སྒོ་སྟེ། ལས་ལེགས་པར་བྱས་པར་འགྱུར་རོ། ། ཏིང་ངེ་འཛིན་གྱི་དབང་པོ་ནི་ཆོས་སྣང་བའི་སྒོ་སྟེ། སེམས་རྣམ་པར་གྲོལ་བར་འགྱུར་རོ། ། ཤེས་རབ་ཀྱི་དབང་པོ་ནི་ཆོས་སྣང་བའི་ སྒོ་སྟེ། མངོན་སུམ་གྱི་ཡེ་ཤེས་སུ་འགྱུར་རོ། །
BOདད་པའི་སྟོབས་ནི་ཆོས་སྣང་བའི་སྒོ་སྟེ། བདུད་ཀྱི་སྟོབས་ལས་ཡང་དག་པར་འདའ་བར་འགྱུར་རོ། ། བརྩོན་འགྲུས་ཀྱི་སྟོབས་ནི་ཆོས་སྣང་བའི་སྒོ་སྟེ། ཕྱིར་མི་ལྡོག་པར་འགྱུར་རོ། ། དྲན་པའི་སྟོབས་ནི་ཆོས་སྣང་བའི་སྒོ་སྟེ། མི་འཕྲོགས་ པར་འགྱུར་རོ། ། ཏིང་ངེ་འཛིན་གྱི་སྟོབས་ནི་ཆོས་སྣང་བའི་སྒོ་སྟེ། རྣམ་པར་རྟོག་པ་ཐམས་ཅད་སྤོང་བར་འགྱུར་རོ། ། ཤེས་རབ་ཀྱི་སྟོབས་ནི་ཆོས་སྣང་བའི་སྒོ་སྟེ། མི་ཐུལ་བར་འགྱུར་རོ། ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། ཆོས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ པར་འགྱུར་རོ། ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། ཤིན་ཏུ་རྟོགས་པའི་བློ་དང་ལྡན་པར་འགྱུར་རོ། ། དགའ་བ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། ཏིང་ངེ་འཛིན་སྒྲུབ་པར་འགྱུར་རོ། ། ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། བྱ་བ་བྱས་པར་འགྱུར་རོ། །
BOཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། ཆོས་ཐམས་ཅད་མཉམ་པ་ ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། སྐྱེ་བ་ཐམས་ཅད་ལ་སྨོད་པར་འགྱུར་རོ། ། ཡང་དག་པའི་ལྟ་བ་ནི་ཆོས་སྣང་བའི་སྒོ་སྟེ། སྐྱོན་མེད་པར་འཇུག་པར་འགྱུར་རོ། ། ཡང་དག་པའི་རྟོག་པ་ནི་ཆོས་སྣང་བའི་སྒོ་སྟེ། རྟོག་ པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་ཐམས་ཅད་སྤོང་བར་འགྱུར་རོ། ། ཡང་དག་པའི་ངག་ནི་ཆོས་སྣང་བའི་སྒོ་སྟེ། ཡི་གེ་དང་སྒྲ་དང་། སྐད་དང་ཚིག་གི་ལམ་ཐམས་ཅད་བྲག་ཅ་དང་མཉམ་པ་ཉིད་དུ་རྟོགས་པར་འགྱུར་རོ། ། ཡང་དག་པའི་ལས་ཀྱི་མཐའ་ནི་ཆོས་སྣང་བའི་སྒོ་སྟེ། ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་འགྱུར་རོ། ། ཡང་དག་པའི་འཚོ་བ་ནི་ཆོས་སྣང་བའི་སྒོ་སྟེ། ཚོལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། ། ཡང་དག་པའི་རྩོལ་བ་ནི་ཆོས་སྣང་བའི་སྒོ་སྟེ། ཕ་རོལ་གྱི་ངོགས་སུ་ཕྱིན་པར་འགྱུར་རོ། ། ཡང་དག་པའི་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། དྲན་ པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་འགྱུར་རོ། ། ཡང་དག་པའི་ཏིང་ངེ་འཛིན་ནི་ཆོས་སྣང་བའི་སྒོ་སྟེ།
BOསེམས་མི་འཁྲུགས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། ། བྱང་ཆུབ་ཀྱི་སེམས་ནི་ཆོས་སྣང་བའི་སྒོ་སྟེ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་འགྱུར་རོ། ། བསམ་པ་ནི་ཆོས་སྣང་བའི་སྒོ་སྟེ། ཐེག་པ་དམན་པ་ལ་འདོད་པ་མེད་པར་འགྱུར་རོ། ། ལྷག་པའི་བསམ་པ་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་ལྷག་པར་དམིགས་པར་འགྱུར་རོ། ། སྦྱོར་བ་ནི་ཆོས་སྣང་བའི་སྒོ་སྟེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ པར་འགྱུར་རོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་སྣང་བའི་སྒོ་སྟེ། མཚན་དང་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་ཞིང་སེར་སྣ་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་སྣང་བའི་སྒོ་སྟེ། མི་ཁོམ་ པ་དང་ངན་འགྲོ་ཐམས་ཅད་ལས་ཡང་དག་པར་འདའ་ཞིང་ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་སྣང་བའི་སྒོ་སྟེ། གནོད་སེམས་དང་། ཐ་བ་དང་། ཞེ་སྡང་དང་། ང་རྒྱལ་དང་། དྲེགས་ པ་དང་།
BOརྒྱགས་པ་སྤོང་བར་འགྱུར་ཞིང་གནོད་སེམས་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་སྣང་བའི་སྒོ་སྟེ། དགེ་བའི་ཆོས་བརྩམས་པ་ཐམས་ཅད་ཉམས་སུ་ལོན་པར་འགྱུར་ཞིང་། ལེ་ལོ་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་ པར་བྱེད་པར་འགྱུར་རོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་སྣང་བའི་སྒོ་སྟེ། བསམ་གཏན་དང་མངོན་པར་ཤེས་པ་ཐམས་ཅད་བསྐྱེད་ཅིང་སེམས་གཡེངས་པ་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་སྣང་བའི་སྒོ་སྟེ། མ་རིག་པ་ དང་གཏི་མུག་གི་མུན་པ་མུན་ནག་དང་། དམིགས་པའི་ལྟ་བ་སྤོང་ཞིང་ཤེས་རབ་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། ། ཐབས་མཁས་པ་ནི་ཆོས་སྣང་བའི་སྒོ་སྟེ། སེམས་ཅན་ཇི་ལྟར་མོས་པ་བཞིན་དུ་སྤྱོད་ལམ་སྟོན་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པར་འགྱུར་ རོ། ། བསྡུ་བའི་དངོས་པོ་བཞི་ནི་ཆོས་སྣང་བའི་སྒོ་སྟེ། སེམས་ཅན་ཐམས་ཅད་སྡུད་ཅིང་བྱང་ཆུབ་བརྙེས་པ་ལས་ཆོས་ནོད་པར་འགྱུར་རོ། ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་ཆོས་སྣང་བའི་སྒོ་སྟེ།
BOབདག་གི་བདེ་བ་ལ་མི་ཆགས་ཤིང་ཡོངས་སུ་སྐྱོ་བ་མེད་པར་འགྱུར་རོ། ། དམ་པའི་ ཆོས་ཡོངས་སུ་འཛིན་པ་ནི་ཆོས་སྣང་བའི་སྒོ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་སྤོང་བར་འགྱུར་རོ། ། བསོད་ནམས་ཀྱི་ཚོགས་ནི་ཆོས་སྣང་བའི་སྒོ་སྟེ། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། ། ཡེ་ཤེས་ཀྱི་ཚོགས་ནི་ཆོས་སྣང་བའི་སྒོ་སྟེ། སྟོབས་བཅུ་ ཡོངས་སུ་རྫོགས་པར་འགྱུར་རོ། ། ཞི་གནས་ཀྱི་ཚོགས་ནི་ཆོས་སྣང་བའི་སྒོ་སྟེ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། ། ལྷག་མཐོང་གི་ཚོགས་ནི་ཆོས་སྣང་བའི་སྒོ་སྟེ། ཤེས་རབ་ཀྱི་མིག་ཐོབ་པར་འགྱུར་རོ། ། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ནི་ཆོས་ སྣང་བའི་སྒོ་སྟེ། ཆོས་ཀྱི་མིག་ཐོབ་པར་འགྱུར་རོ། ། རྟོན་པ་ལ་འཇུག་པ་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་ཀྱི་སྤྱན་ཡོངས་སུ་དག་པར་འགྱུར་རོ། ། གཟུངས་ཐོབ་པ་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་འཛིན་པར་འགྱུར་རོ། ། སྤོབས་པ་ཐོབ་པ་ནི་ ཆོས་སྣང་བའི་སྒོ་སྟེ། སེམས་ཅན་ཐམས་ཅད་ལེགས་པར་བཤད་པས་ཚིམ་པར་བྱེད་པར་འགྱུར་རོ། ། རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ནི་ཆོས་སྣང་བའི་སྒོ་སྟེ།
BOསངས་རྒྱས་ཀྱི་ཆོས་ཐམས་ཅད་དང་འཐུན་པར་འགྱུར་རོ། ། མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ཆོས་སྣང་བའི་སྒོ་སྟེ། ལུང་བསྟན་པ་ཐོབ་པར་འགྱུར་རོ། ། ཕྱིར་མི་ལྡོག་པའི་ས་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ས་ནས་སར་འཕར་བའི་ཡེ་ཤེས་ནི་ཆོས་སྣང་བའི་སྒོ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དབང་བསྐུར་བར་འགྱུར་རོ། ། དབང་ བསྐུར་བའི་ས་ནི་ཆོས་སྣང་བའི་སྒོ་སྟེ། མངལ་དུ་འཇུག་པ་དང་། བཙས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། བྱང་ཆུབ་རྣམ་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ ལས་འདས་པ་ཆེན་པོ་སྟོན་པར་འགྱུར་རོ། ། གྲོགས་པོ་དག་འདི་དག་ནི་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་ཅེས་བྱ་བ་སྟེ། བྱང་ཆུབ་སེམས་དཔས་འཆི་འཕོ་བའི་དུས་ཀྱི་ཚེ་ལྷའི་འཁོར་དུ་གདོན་མི་ཟ་བར་གང་བསྟན་པར་བྱ་བའོ། ། དགེ་སློང་དག་བྱང་ཆུབ་སེམས་དཔས་ཆོས་སྣང་བའི་སྒོའི་ལེའུ་ འདི་བསྟན་པའི་ཚེ།
BOལྷའི་འཁོར་དེ་དག་ལས་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། ལྷའི་བུ་སྔོན་ཡོངས་སུ་སྦྱངས་པ་བྱས་པ་སུམ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། ལྷའི་བུ་བྱེ་བ་སུམ་ཅུ་རྩ་དྲུག་ནི་ ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། ། དགའ་ལྡན་གྱི་གནས་ཐམས་ཅད་ཀྱང་ལྷའི་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་ཡོག་པར་གྱུར་ཏོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའས་ལྷའི་འཁོར་དེ་དག་རྒྱ་ཆེར་དགའ་བར་བྱ་བའི་ཕྱིར། དེའི་ཚེ་ཚིགས་ སུ་བཅད་པ་འདི་དག་སྨྲས་སོ། ། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། ། འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོའི་ཚེ། ། ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། ། བག་མེད་མཐའ་དག་རྣམ་པར་སྤོངས་ཞེས་སྨྲ། ། ལྷ་ཡི་དགའ་བ་རྣམ་མང་ཇི་སྙེད་པ། ། ཡིད་ཀྱིས་བསམས་པས་ འབྱུང་བ་དཔལ་ལྡན་པ། ། ཐམས་ཅད་ལས་དགེའི་རྒྱུ་ལས་བྱུང་བ་སྟེ། ། དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན། ། དེ་ལྟ་བས་ན་བྱས་པ་གཟོ་བར་གྱིས། ། སྔོན་གྱི་དགེ་བསགས་འདི་ནི་ཟད་གྱུར་ཏེ། །
BOགང་དུ་མི་བདེ་སྡུག་བསྔལ་མྱོང་འགྱུར་བ། ། ངན་སོང་དག་ཏུ་སོང་བར་གྱུར་ཏ་རེ། ། ང་ལ་གུས་ པར་བྱ་བ་བསྐྱེད་ནས་ནི། ། ཆོས་གང་ཐོས་པར་གྱུར་པ་དེ་དག་ལ། ། ནན་ཏན་གྱིས་ནི་རབ་ཏུ་སྒྲུབས་ཤིག་དང་། ། བདེ་བ་མཐའ་ཡས་ངེས་པར་ཐོབ་པར་འགྱུར། ། འདོད་པ་ཐམས་ཅད་མི་རྟག་བརྟན་པ་མིན། ། ཐེར་ཟུག་མ་ཡིན་རྨི་ལམ་འདྲ་བ་སྟེ། ། སྨིག་རྒྱུ་དང་ནི་སྒྱུ་མ་རྣམས་དང་འདྲ། ། གློག་དང་དབུ་བ་འདྲ་ཞིང་འགྱུར་བ་ཡིན། ། འདོད་པའི་ཡོན་ཏན་དག་གི་དགའ་བས་ནི། ། ལན་ཚྭའི་ཆུ་འཐུངས་བཞིན་དུ་ངོམས་མི་འགྱུར། ། གང་དག་རྡུལ་མེད་འཇིག་རྟེན་འདས་པ་ཡི། ། ཤེས་རབ་ལྡན་པ་དེ་དག་ངོམས་པར་འགྱུར། ། ལྷ་མོ་དག་དང་འགྲོགས་དང་གླུ་དབྱངས་ནི། ། གར་གྱི་ ལྟད་མོ་པ་དང་མཚུངས་ཤིང་འདྲ། ། དཔེར་ན་འདུས་པ་དག་ནི་ཁྲི་ལས་སུ། ། ཕན་ཚུན་འགྲོ་བར་སྦྱོར་བར་བྱེད་དང་མཚུངས། ། དགེ་བའི་ལས་བྱས་རྗེས་སུ་འབྲང་བྱེད་ཅིང་། ། ཕྱི་བཞིན་འགྲོ་བར་བྱེད་པ་མ་གཏོགས་པར། ། འདུས་བྱས་དག་ལ་གྲོགས་ཡོད་མ་ཡིན་ཏེ། ། མཛའ་བཤེས་ ཉེ་དུ་མེད་ཅིང་འཁོར་ཀྱང་མེད། ། དེ་ལྟ་བས་ན་ལྷན་ཅིག་འཐུན་བྱོས་ལ། ། ཕན་ཚུན་བྱམས་སེམས་ཕན་པའི་སེམས་བྱོས་ཏེ། །
BOཆོས་ཀྱི་སྤྱད་པ་དག་ནི་སྤྱད་པར་གྱིས། ། སྤྱད་པ་ལེགས་པར་སྤྱད་ལ་གདུང་བ་མེད། ། ཐོས་དང་ཚུལ་ཁྲིམས་སྦྱིན་ལ་དགའ་གྱུར་ཅིང་། ། བཟོད་དང་དེས་པ་ཕུན་ སུམ་ཚོགས་ཀྱིས་ཏེ། ། སངས་རྒྱས་དང་ནི་ཆོས་དང་དགེ་འདུན་དང་། ། དེ་བཞིན་བག་ཡོད་པ་དག་དྲན་པར་གྱིས། ། རྟག་པ་མེད་ཅིང་སྡུག་བསྔལ་བདག་མེད་ལ། ། རྒྱུ་དང་རྐྱེན་རྣམས་དག་ནི་ལྡན་གྱུར་ཅིང་། ། བདག་པོ་མེད་ལ་བེམས་པོར་གྱུར་པ་ཡི། ། ཆོས་འདི་དག་ལ་ཚུལ་བཞིན་བརྟག་ པར་གྱིས། ། ང་ལ་རྫུ་འཕྲུལ་དག་ནི་གང་ཡོད་དང་། ། སྤོབས་པ་ཡེ་ཤེས་དབང་རྣམས་གང་ཐོབ་པ། ། ཀུན་ཀྱང་ལས་དགེའི་རྒྱུ་ལས་བྱུང་བ་སྟེ། ། ཐོས་དང་ཚུལ་ཁྲིམས་བག་ཡོད་རྣམས་ལས་བྱུང་། ། སེམས་ཅན་དོན་དང་ཕན་དང་བྱམས་དོན་དུ། ། ང་ཡི་ཚུལ་ཁྲིམས་དང་ནི་ཐོས་པ་དང་། ། བག་ཡོད་པ་དང་སྦྱིན་དང་དུལ་བ་དང་། ། ཡང་དག་སྡོམ་པའི་རྗེས་སུ་བསླབ་པར་གྱིས། ། ངག་དང་སྐད་དང་སྒྲ་རྣམས་ཙམ་གྱིས་ནི། ། དགེ་བའི་ཆོས་རྣམས་སྒྲུབ་པར་མི་ནུས་ཀྱིས། ། ནན་ཏན་སྙིང་པོར་བྱ་བས་སྒྲུབ་བྱོས་ལ། ། ཇི་སྐད་སྨྲས་པ་དེ་བཞིན་བྱ་བར་བྱོས། ། གཞན་གྱིས་གླེང་བའི་ སྐབས་ནི་མ་དབྱེ་བར། ། བདག་ནི་རྟག་ཏུ་བསྒྲིམས་པས་འབད་པར་གྱིས།
BO། ལ་ལས་བྱས་ཤིང་སྦྱིན་པ་ཡོད་མ་ཡིན། ། མ་བྱས་པར་ཡང་འགྲུབ་པར་འགྱུར་བ་མེད། ། སྔོན་ཆད་འཁོར་བར་འཁོར་ཚེ་སྡུག་བསྔལ་དག ། མྱོང་བར་གང་གྱུར་དེ་ནི་དྲན་པར་གྱིས། ། ཁྱེད་ཅག་ལོག་པ་ཉིད་དུ་ངེས་ པས་ན། ། མྱ་ངན་འདས་དང་འདོད་ཆགས་བྲལ་མ་ཐོབ། ། དེ་ལྟ་བས་ན་དལ་དང་བཤེས་གཉེན་དང་། ། ཚུལ་དང་འཐུན་པའི་ཡུལ་དུ་གནས་པ་དང་། ། ཆོས་མཉན་དམ་པ་ཐོབ་པར་བྱས་ནས་ནི། ། འདོད་ཆགས་ལ་སོགས་ཉོན་མོངས་ཞི་བར་གྱིས། ། ང་རྒྱལ་དང་ནི་རྒྱགས་དང་དྲེགས་ཐོང་ལ། ། རྟག་ཏུ་མཉེན་ཞིང་དྲང་ལ་གཡོ་མེད་ཅིང་། ། མྱ་ངན་འདས་པར་འགྲོ་ལ་གཞོལ་བྱོས་ཏེ། ། ལམ་རྟོགས་བྱ་བའི་ཕྱིར་ནི་སྦྱོར་བར་གྱིས། ། གཏི་མུག་རྙོག་པའི་མུན་པ་ཐམས་ཅད་ཀྱང་། ། ཤེས་རབ་སྒྲོན་མས་རྣམ་པར་བསལ་བར་གྱིས། ། བག་ལ་ཉལ་བཅས་སྐྱོན་གྱི་དྲ་བ་རྣམས། ། ཡེ་ཤེས་རྡོ་རྗེ་ ཡིས་ནི་རྣམ་པར་ཁྲོལ། ། ཤིན་ཏུ་མང་པོར་སྨྲ་བ་ཅི་དགོས་ཏེ། ། དོན་དང་ཡང་དག་ལྡན་པའི་ཆོས་དེ་ལ། ། ཁྱེད་ཅག་གནས་པར་བྱས་པར་མ་གྱུར་ན། ། དེ་ལ་ཆོས་ཀྱིས་ལན་པ་མ་ཡིན་ནོ། ། གང་ཚེ་ངས་ནི་བྱང་ཆུབ་ཐོབ་གྱུར་ཏེ། ། འཆི་མེད་འགྲོ་བའི་ཆོས་ཆར་འབེབས་པའི་ཚེ། །
BOརྣམ་པར་དག་ པའི་སེམས་དང་ལྡན་པ་ཁྱེད། ། ཆོས་ཀྱི་དམ་པ་མཉན་པའི་ཕྱིར་ཤོག་ཤིག ། ཆོས་སྣང་བའི་སྒོའི་ལེའུ་སྟེ། བཞི་པའོ། ། ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལྷའི་འཁོར་ཆེན་པོ་དེ་དག་ལ་ཆོས་ཀྱི་གཏམ་འདི་ཡང་དག་པར་བསྟན། ཡང་དག་པར་འཛིན་ དུ་བཅུག ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས། བཟོད་པར་བྱས་ནས། ལྷའི་འཁོར་བཀྲ་ཤིས་དང་ལྡན་པ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཁོ་བོ་ནི་འཛམ་བུའི་གླིང་དུ་འགྲོའོ། ། ཁོ་བོ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱད་པ་དང་། དོན་འཐུན་པར་བྱ་བ་བཞི་ལ་མགྲོན་དུ་བོས་ལ། གྲོགས་པོ་དག་ད་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་འདུག་པ་དེ་ནི་ཁོ་བོས་བྱས་པ་མ་ཤེས་ཤིང་ རིགས་པ་མ་ཡིན་པར་འགྱུར་རོ། ། དེ་ནས་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་དེ་དག་ངུ་ཞིང་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་འཇུས་ཏེ། འདི་སྐད་ཅེས་འཛེར་ཏོ། ། སྐྱེས་བུ་དམ་པ་ཁྱོད་མི་བཞུགས་ན་དགའ་ལྡན་གྱི་གནས་འདི་མཛེས་པར་མི་འགྱུར་རོ། །
BOདེ་ནས་བྱང་ཆུབ་སེམས་དཔས་ལྷའི་ འཁོར་ཆེན་པོ་དེ་དག་ལ་འདི་སྐད་དུ་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ཁྱེད་ལ་ཆོས་སྟོན་པར་འགྱུར་རོ་ཞེས་དེ་སྐད་སྨྲས་ཏེ། དེ་ནས་བྱང་ཆུབ་སེམས་དཔས་རང་གི་མགོ་ལས་ཐོད་དང་ཅོད་པན་ཕོག་སྟེ། བྱང་ཆུབ་སེམས་དཔའ་བྱམས་པའི་མགོ་ལ་བཞག་ནས་འདི་སྐད་དུ། སྐྱེས་བུ་དམ་པ་ཁྱོད་ ནི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ཞེས་དེ་སྐད་སྨྲས་ཏེ། དེ་ནས་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་བྱམས་པ་དགའ་ལྡན་གྱི་གནས་དམ་པར་དབང་བསྐུར་ནས། ཡང་ལྷའི་འཁོར་ཆེན་པོ་དེ་དག་ལ་སྨྲས་ པ། གྲོགས་པོ་དག་ཁོ་བོས་ཇི་ལྟ་བུའི་གཟུགས་ཀྱིས་མའི་མངལ་དུ་འགྲོ་བར་བྱ། དེ་ལ་ཁ་ཅིག་ན་རེ་བྲམ་ཟེའི་ཁྱེའུའི་གཟུགས་སུ་གཤེགས་པའི་རིགས་སོ་ཞེས་ཟེར་རོ། ། ལ་ལ་ན་རེ་བརྒྱ་བྱིན་གྱི་གཟུགས་སུ། ལ་ལ་ན་རེ་ཚངས་པའི་གཟུགས་སུ། ལ་ལ་ན་རེ་རྒྱལ་པོ་ཆེན་པོའི་ གཟུགས་སུ། ལ་ལ་ན་རེ་རྣམ་ཐོས་ཀྱི་བུའི་གཟུགས་སུ། ལ་ལ་ན་རེ་སྒྲ་གཅན་གྱི་གཟུགས་སུ། ལ་ལ་ན་རེ་དྲི་ཟའི་གཟུགས་སུ། ལ་ལ་ན་རེ་མིའམ་ཅིའི་གཟུགས་སུ། ལ་ལ་ན་རེ་ལྟོ་འཕྱེ་ཆེན་པོའི་གཟུགས་སུ།
BOལ་ལ་ན་རེ་དབང་ཕྱུག་ཆེན་པོའི་གཟུགས་སུ། ལ་ལ་ན་རེ་ཟླ་ བའི་གཟུགས་སུ། ལ་ལ་ན་རེ་ཉི་མའི་གཟུགས་སུ། ལ་ལ་ན་རེ་ནམ་མཁའ་ལྡིང་གི་དབང་པོའི་གཟུགས་སུ་བཞུད་པའི་རིགས་སོ་ཞེས་ཟེར་རོ། ། དེ་ནས་ཚངས་རིས་ཀྱི་ལྷའི་བུ་གཟི་བརྗིད་དམ་པ་ཞེས་བྱ་བ་སྔོན་དྲང་སྲོང་ལས་ཤི་འཕོས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ཕྱིར་མི་ལྡོག་པ་ཞིག་འདུག་པ་དེས་འདི་སྐད་ཅེས་སྨྲས་སོ། ། བྲམ་ཟེ་རྣམས་ཀྱི་གསང་སྔགས་ཀྱི་ཚིག་རིག་བྱེད་ཀྱི་བསྟན་བཅོས་ལས་ཇི་སྐད་དུ་འབྱུང་བ་དེ་ལྟ་བུའི་གཟུགས་སུ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་བཞུད་པའི་རིགས་སོ། ། དེའང་ཅི་འདྲ་ཞེ་ན། གླང་པོ་དམ་པ་ལུས་ཆེན་ མཆོག་གྱུར་པ། ། མཆེ་བ་དྲུག་ཅན་གསེར་གྱི་དྲ་བས་གཡོགས། ། མགོ་བོ་རབ་ཏུ་དམར་ཞིང་ཤིན་ཏུ་མཛེས། ། འགྲམ་ནས་ཟག་ཅིང་གཟུགས་ལྡན་དཔལ་ལྡན་པའོ། ། རིག་བྱེད་བསྟན་བཅོས་ཡང་དག་མཁས་པ་ཡི། བྲམ་ཟེས་རྣམ་པ་དེ་འདྲ་དེ་ཤེས་ནས། ། སུམ་ཅུ་རྩ་གཉིས་མཚན་དང་ ལྡན་འགྱུར་ཞེས། ། ཡང་དག་ཉིད་དུ་ལུང་ནི་སྟོན་པར་འགྱུར། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་སྐྱེ་བའི་དུས་ལ་བལྟས་ནས།
BOདགའ་ལྡན་གྱི་གནས་དམ་པ་ན་གནས་བཞིན་དུ་རྒྱལ་པོ་ཟས་གཙང་མའི་ཁྱིམ་དམ་པ་དེར་སྔ་ལྟས་བརྒྱད་སྟོན་ཏོ། ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་དེ་ རྩྭ་དང་། སྡོང་དུམ་དང་། ཚེར་མ་དང་། གསེག་མ་དང་། གྱོ་མོ་མེད་ཅིང་། དྲི་མ་མེད་ལ་ཆག་ཆག་ལེགས་པར་བཏབ་པ་དང་། ཕྱག་དར་ལེགས་པར་བྱས་ཤིང་རླུང་རྡུལ་ཅན་དང་། མུན་པ་དང་། རྡུལ་དང་བྲལ་བ་དང་། སྦྲང་མ་དང་། ཤ་སྦྲང་དང་། སྦྲང་བུ་དང་། ཕྱེ་མ་ལེབ་དང་། སྡིག་ སྦྲུལ་མེད་ཅིང་མེ་ཏོག་གིས་ཀུན་ཏུ་གང་བ་ལག་མཐིལ་ལྟར་མཉམ་པར་གནས་པར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་དང་པོའོ། ། རིའི་རྒྱལ་པོ་གངས་རི་ལ་བྱ་འདབ་སྤེན་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ངང་པ་དང་། རྨ་བྱ་དང་། ངུར་པ་དང་། ཀུན་ལ་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་ལ་སོགས་པ་སྒྲོ་གཤོག་སྣ་ཚོགས་མཛེས་པ་ཡིད་དུ་འོང་ཞིང་སྙན་པའི་སྒྲ་འབྱིན་པའི་བྱའི་ཚོགས་གང་དག་གནས་པ་དེ་དག་དེར་འོངས་ནས། རྒྱལ་པོ་ཟས་གཙང་མའི་ཁྱིམ་དམ་པ་དེའི་སྟེགས་བུ་དང་། བ་གམ་དང་། རྟ་བབས་དང་། སྐར་ཁུང་དང་། བསིལ་ཁང་དང་། ཁང་པ་ བརྩེགས་པ་དང་། ཁང་{བཟངས་ཀྱི་,བཟང་གི་}སྟེང་དག་ཏུ་གནས་ཤིང་དགའ་བ་དང་། མགུ་བ་དང་།
BOཡིད་བདེ་བ་སྐྱེས་ནས་རང་རང་གི་སྒྲ་སྐད་དག་འབྱིན་ཏེ། འདི་ནི་སྔ་ལྟས་བྱུང་བ་གཉིས་པའོ། ། གང་ཡང་རྒྱལ་པོ་ཟས་གཙང་མ་དེའི་ཀུན་དགའ་ར་བ་ཉམས་དགའ་བ་དང་། ནགས་ ཚལ་ཉམས་དགའ་བ་དང་། སྐྱེད་མོས་ཚལ་ཉམས་དགའ་བ་དག་ན་མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་དུས་ཐ་དད་པར་འབྱུང་བ། དེ་ཐམས་ཅད་ཀྱང་ཁ་འབུས་ཤིང་མེ་ཏོག་རྒྱས་པར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་གསུམ་པའོ། ། རྒྱལ་པོ་ཟས་གཙང་མའི་ཆུའི་ལོངས་སྤྱོད་ཀྱི་རྐྱེན་རྫིང་ ལ་སོགས་པ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་པད་མ་འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྡན་པ་ཚད་ཤིང་རྟའི་འཕང་ལོ་ཙམ་དག་གིས་ཁེབས་པར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་བཞི་པའོ། ། རྒྱལ་པོ་ཟས་གཙང་མའི་ཁྱིམ་དམ་པ་དེ་ན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཤ་ཁ་ར་ལ་སོགས་པ་བཟའ་བའི་རྣམ་པ་གང་དག་ཡོད་པ་དེ་དག་ཀྱང་ཡོངས་སུ་སྤྱད་པས་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གང་བར་སྣང་སྟེ། འདི་ནི་སྔ་ལྟས་བྱུང་བ་ལྔ་པའོ། ། རྒྱལ་པོ་ཟས་གཙང་མའི་ཁྱིམ་མཆོག་དམ་པ་དང་། བཙུན་མོའི་འཁོར་ཆེན་པོ་དག་ན་རྔ་ བོ་ཆེ་དང་། རྫ་རྔ་དང་། ཁར་རྔ་དང་། རྒྱུད་གཅིག་པ་དང་།
BOཔི་བང་དང་། གླིང་བུ་དང་། རྒྱུད་གསུམ་པ་དང་། ཁར་བའི་སིལ་ཁྲོལ་དང་། ཕེག་ལ་སོགས་པ་རོལ་མོའི་ཆ་སྤྱད་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མ་བླངས་མ་དཀྲོལ་བར་ཡིད་དུ་འོང་བའི་སྒྲ་རང་སྒྲོག་པར་གྱུར་ཏེ། འདི་ནི་སྔ་ལྟས་ བྱུང་བ་དྲུག་པའོ། ། རྒྱལ་པོ་ཟས་གཙང་མའི་ཁྱིམ་མཆོག་དམ་པ་ན། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཁ་བྱེ་ཞིང་དྲི་མ་མེད་ལ་རྣམ་པར་དག་ཅིང་ རབ་ཏུ་གང་བར་སྣང་སྟེ། འདི་ནི་སྔ་ལྟས་བྱུང་བ་བདུན་པའོ། ། ཉི་ཟླའི་འོད་ཟིལ་གྱིས་རླག་པར་བྱེད་ཅིང་། ལུས་དང་སེམས་དགའ་བ་སྐྱེད་པའི་འོད་དག་ཅིང་དྲི་མ་མེད་པས་སྣང་བར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་བརྒྱད་པའོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་ པ་ཆེན་པོའི་མདོ། བམ་པོ་གསུམ་པ། ལྷ་མོ་སྒྱུ་འཕྲུལ་ཡང་ཁྲུས་བྱས། ལུས་བྱུག་པས་བྱུགས། རྒྱན་སྣ་ཚོགས་ཀྱིས་ལག་པ་ཤིན་ཏུ་བརྒྱན་ཏེ། གོས་ཤིན་ཏུ་འཇམ་པ་མཆོག་བགོས་ཤིང་བཙུན་སྤུ་དང་བཅས་ལ། དགའ་བ་དང་། མཆོག་ཏུ་དགའ་བ་དང་། རངས་པ་ཐོབ་ནས།
BOབུད་ མེད་སྟོང་ཕྲག་བཅུས་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་རྒྱལ་པོ་ཟས་གཙང་མ་རོལ་མོ་བྱ་བའི་ཁང་{བཟངས་,བཟང་}ན་བདེ་བར་གནས་པའི་དྲུང་དུ་ཕྱིན་ཏེ། གཡས་རོལ་ན་ཁྲི་བཟང་པོ་རིན་པོ་ཆེའི་དྲ་བས་བརྒྱན་པ་ལ་འདུག་ནས། འཛུམ་པའི་བཞིན་ཁྲོ་གཉེར་མེད་ཅིང་རབ་ཏུ་དད་པའི་མདོག་ གིས་རྒྱལ་པོ་ཟས་གཙང་མ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། རྒྱལ་པོ་ས་བདག་ལེགས་པར་བདག་ལ་གསན་དུ་གསོལ། ། རྒྱལ་པོ་ཁྱོད་ལ་གསོལ་གྱིས་བདག་ལ་དེ་གནོང་ཤིག ། བདག་གི་བསམ་པ་ཡིད་ལ་ཅི་མཆིས་ཅིར་དགའ་བ། ། དེ་དག་བདག་ལ་གསན་ཅིང་ཐུགས་དགྱེས་རངས་ པར་མཛོད། ། ལྷ་བདག་བསྙེན་གནས་ཚུལ་ཁྲིམས་བརྟུལ་ཞུགས་ལེན་པར་གསོལ། ། བདག་ནི་འགྲོ་ལ་བྱམས་པས་ཡན་ལག་བརྒྱད་ལེན་ཏེ། ། སྲོག་ཆགས་གནོད་པ་སྤངས་ཤིང་བསམ་པ་རྟག་དག་པས། ། ཇི་ལྟར་བདག་ལ་བྱམས་པ་དེ་ལྟར་གཞན་ལ་བགྱི། ། རྐུ་སེམས་རྣམ་པར་སྤངས་ཏེ་ འདོད་དང་དྲེགས་པ་སྤངས། ། རྒྱལ་པོ་འདོད་པ་རྣམས་ལ་ལོག་པར་གཡེམ་མི་བགྱིད། ། བདེན་ལ་གནས་ཤིང་ཕྲ་མ་མ་མཆིས་ཞེ་གཅོད་སྤང་། ། མི་དགེ་ཀྱལ་པའི་ཚིག་ཀྱང་ཡོངས་སུ་མི་སྤྱོད་དོ། ། གནོད་སེམས་ཞེ་སྡང་ཐ་བ་གཏི་མུག་རྒྱགས་པ་དང་། །
BOབརྣབ་སེམས་ཀུན་སྤངས་རང་ གི་ནོར་གྱིས་འཚལ་བར་བགྱི། ། ཡང་དག་སྦྱོར་བས་ཁ་གསག་ཚུལ་འཆོས་ཕྲག་དོག་སྤང་། ། དགེ་བཅུའི་ལས་ལམ་འདི་དག་བདག་གིས་སྤྱད་པར་བགྱི། ། བདག་ནི་ཚུལ་ཁྲིམས་བརྟུལ་ཞུགས་མངོན་དགའ་རབ་བསྡམས་ཀྱིས། ། མི་ཡི་དབང་པོ་བདག་ལ་བཞེད་པས་སྲེད་མ་མཛད། ། རྒྱལ་པོ་ ཁྱོད་ལ་ཡུན་རིང་མི་དགེར་གྱུར་དུ་མཆི། ། བདག་གི་ཚུལ་ཁྲིམས་བརྟུལ་ཞུགས་ཉེར་གནས་དགྱེས་པར་མཛོད། ། རྒྱལ་པོ་བདག་གི་འཚལ་བ་འདི་ལགས་དེང་མྱུར་སྩོལ། ། ཁང་{བཟངས་,བཟང་}བསིལ་ཁང་ལྡན་པ་དང་སྐྱ་ལྡན་པའི་ནང་། ། མེ་ཏོག་བཀྲམ་པའི་མཆིས་མལ་འཇམ་ཞིང་དྲི་བདའ་བར། ། གྲོགས་མོས་རྟག་ཏུ་བསྐོར་ཅིང་བདེ་དགར་གནས་སྙམ་བགྱིད། ། སྐྱེས་པ་ཉུང་རུམ་རྣམས་དང་དེ་བཞིན་ཁྱེའུ་དག་དང་། ། བུད་མེད་ཕལ་པ་རྣམས་ཀྱང་མདུན་ན་མཆིས་མི་འཚལ། ། སྙན་ཅིང་ཡིད་མཆི་སྒྲ་སྙན་ཉན་པ་མ་གཏོགས་པར། ། གཟུགས་དང་སྒྲ་བསུང་ཡིད་དུ་ མི་མཆི་བདག་མི་འཚལ། ། བཅིངས་དང་བཙོན་རར་སྩལ་བ་ཐམས་ཅད་དགྱེ་བར་གསོལ། ། ནོར་གྱིས་བྲེལ་བའི་མི་རྣམས་ནོར་དང་ལྡན་པར་མཛོད། ། ཟས་སྐོམ་རང་པ་ཤིང་རྟ་ཁྱོགས་དང་བཞོན་པ་རྟ། ། འགྲོ་ལ་བདེ་བའི་སླད་དུ་དགུང་བདུན་སྩལ་བ་མཛོད། །
BOཕོ་བྲང་འདི་ན་སྐྱེས་པ་ཁྱེའུ་དང་བུད་ མེད་དག ། ཇི་སྙེད་མཆིས་པ་འཐབ་རྩོད་ཁྲོ་བའི་ཚིག་བྲལ་ཞིང་། ། ཕན་ཚུན་བྱམས་པའི་ཡིད་ལྡན་ཕན་དང་དེས་སེམས་ཀྱིས། ། དགའ་ཚལ་གནས་པའི་ལྷ་ལྟར་འཐུན་ཞིང་བདེ་སྤྱོད་མཛོད། ། རྒྱལ་པོའི་ཆད་པ་ཆེ་ཕྲ་གཉེར་གྱིས་བདའ་བ་དང་། ། གནོད་པ་བགྱིད་དང་རྡེག་བཙོག་སྡིགས་རུ་མི་ མཛད་པར། ། ཀུན་ལའང་དད་པའི་ཐུགས་ཀྱིས་བྱམས་དང་ཕན་དགོངས་ཏེ། ། ལྷ་ཡིས་སྐྱེ་བོ་རྣམས་ལ་སྲས་གཅིག་བཞིན་དུ་གཟིགས། ། རྒྱལ་པོས་དེ་སྐད་ཚིག་ཐོས་རབ་ཏུ་དགར་གྱུར་ནས། ། སྨྲས་པ་ཁྱོད་ནི་ཅི་འདོད་དེ་ཀུན་དེ་བཞིན་བྱ། ། ཁྱོད་ཀྱི་བསམ་པ་ཡིད་ཀྱིས་གང་རྣམས་རྗེས་བསམས་ ཤིང་། ། ཁྱོད་ཀྱིས་མཆོག་བླངས་གང་ཡིན་དེ་ནི་ངས་སྦྱིན་ནོ། ། རྒྱལ་པོའི་དམ་པས་རང་གི་འཁོར་ལ་བསྒོ་བ་ནི། ། ཁང་{བཟངས་,བཟང་}དམ་པའི་སྟེང་དུ་ཕུན་སུམ་ཚོགས་པ་ཤོམས། ། མེ་ཏོག་མཛེས་པ་ཁྲོམ་ལ་བདུག་སྤོས་མཆོག་གིས་བདུགས། ། གདུགས་དང་བ་དན་ཏ་ལའི་ཕྲེང་བའི་རྒྱན་ཀྱང་གྱིས། ། འཐབ་ཕོད་སྟོང་ཕྲག་ཉི་ཤུ་སྣ་ཚོགས་གོ་ཆ་ཅན། ། མདའ་མདུང་ལྕགས་མདའ་མདུང་ཐུང་རལ་གྲི་ཐོགས་པ་དག ། ཡིད་འོང་སྒྲ་གཅན་དང་སྐྱ་ལྡན་པ་བསྐོར་གྱིས་ཏེ། །
BOལྷ་མོ་འཇིགས་པ་མེད་པར་བྱ་ཕྱིར་སྲུང་ཞིང་གནས། ། ཁྲུས་བྱས་སྤོས་བྱུགས་གོས་མཆོག་དག་གིས་ཡན་ལག་བརྒྱན། ། བུད་ མེད་རྣམས་ཀྱིས་དེ་བསྐོར་ལྷ་ཡི་བུ་མོ་འདྲ། ། ཡིད་དུ་འོང་བའི་སྒྲ་ལྡན་སིལ་སྙན་སྟོང་བླངས་ཏེ། ། ལྷ་མོ་དེ་བཞུགས་ལྷ་ཡི་བུ་མོ་བཞིན་དུ་གནས། ། ལྷ་ཡི་རིན་ཆེན་རིན་ཐང་ཆེན་པོས་རྩ་སྤྲས་པ། ། ཁྲི་ལ་གོས་མཆོག་མང་པོས་ཡིད་འོང་མལ་བཤམས་ཏེ། ། མལ་ཕྱིན་གཙུག་གི་ནོར་བུ་ རིན་ཆེན་ཀློད་བྱས་ནས། ། འདྲེས་པའི་ནགས་ཚལ་ལྷ་ཡི་བུ་མོ་བཞིན་དུ་གནས། ། དགེ་སློང་དག་དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ལྷའི་བུ་རབ་འཐབ་བྲལ་དང་། ཡོངས་སུ་དགའ་ལྡན་དང་། རབ་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། བདུད་ཀྱི་བུ་དེད་དཔོན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། མདུན་ན་འདོན་ཚངས་མཆོག་དང་། མདུན་ན་འདོན་ཚངས་{བཟངས་,བཟང་}དང་། འོད་བཀོད་པ་དང་། འོད་གསལ་དང་། གནས་གཙང་མའི་རིས་ཀྱི་དབང་ཕྱུག་ཆེན་པོ་དང་། མཐར་ཐུག་དང་། འོག་མིན་པ་དང་། དེ་དག་ལ་སོགས་པ་དང་། གཞན་ཡང་ལྷ་བརྒྱ་སྟོང་མང་པོ་འདུས་ཏེ། གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །
BOགྲོགས་པོ་དག་བདག་ཅག་གིས་བྱང་ཆུབ་སེམས་དཔའ་གཅིག་པུ་གཉིས་སུ་མེད་པར་གཤེགས་སུ་གསོལ་ན། བདག་ཅག་གིས་བྱས་པ་མ་ཤེས་པར་འགྱུར་ཏེ། བདག་ཅག་ལ་མི་ཆས། གྲོགས་པོ་དག་ ཁྱེད་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་ཐོག་མ་ཡུམ་གྱི་ལྷུམས་སུ་གཤེགས་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམ་པ་དང་། ཐོར་བུ་དང་། བྱིས་པའི་ནང་ན་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། རོལ་མོ་གཟིགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་ བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ། མྱ་ངན་ལས་འདས་པ་ཆེན་པོ་བསྟན་གྱི་བར་དུ་ཕན་པའི་སེམས་དང་། དགའ་བའི་སེམས་དང་། ཕངས་པའི་སེམས་ དང་། བྱམས་པའི་སེམས་དང་། མཉེན་པའི་སེམས་ཀྱིས་རྟག་པར་རྒྱུན་དུ་བྱང་ཆུབ་སེམས་དཔའི་ཞབས་འབྲིང་ན་འཁོད་པར་སུ་དག་སྤྲོ། ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། ། ཁྱེད་ལས་སུ་ཞིག་རྟག་ཏུ་དགའ་ཡིད་ཀྱིས། ། གཟུགས་མཆོག་མངའ་བའི་ཞབས་འབྲིང་ བྱེད་པར་སྤྲོ། ། སུ་དག་རང་གི་བསོད་ནམས་གཟི་བརྗིད་དང་། །
BOསྟོབས་དང་གྲགས་པ་རྣམ་པར་སྤེལ་བར་འདོད། ། གང་ཞིག་ལྷ་ཡི་ཕོ་བྲང་འདི་དག་ན། ། ལྷ་མོ་དག་དང་འདོད་པའི་ཡོན་ཏན་གྱི། ། ལྷ་ཡི་བདེ་བས་དགའ་བར་འདོད་པ་དག ། དྲི་མེད་ཟླ་བའི་ཞལ་གྱི་ཞབས་འབྲིང་གྱིས། ། དེ་ བཞིན་འདྲེས་པའི་ནགས་ཚལ་མཛེས་པ་མཆོག ། ལྷ་ཡི་འབྱུང་གནས་ལྷ་ཡི་ཕོ་བྲང་ན། ། གསེར་མདོག་མེ་ཏོག་རྒྱས་པར་དགའ་འདོད་ན། ། དྲི་མེད་གཟི་བརྗིད་མངའ་བའི་ཞབས་འབྲིང་གྱིས། ། གང་གིས་སྣ་ཚོགས་ཤིང་རྟ་དེ་བཞིན་དུ། ། དགའ་ཚལ་མེ་ཏོག་མན་དཱ་ར་ འདབ་རྒྱས་སུ། ། ལྷ་མོ་ལྷན་ཅིག་རྩེ་བར་འདོད་པ་དག ། སྐྱེས་བུ་ཆེན་པོ་འདི་ཡི་ཞབས་འབྲིང་གྱིས། ། འཐབ་བྲལ་བདག་པོའམ་དགའ་ལྡན་བདག་པོའམ། ། ཡང་ན་དབང་ཕྱུག་འགྱུར་བར་འདོད་པ་དང་། ། འགྲོ་བ་ཀུན་གྱིས་མཆོད་འོས་འདོད་པ་དག ། གྲགས་པ་མཐའ་ཡས་འདི་ཡི་ཞབས་ འབྲིང་གྱིས། ། གང་ཞིག་འཕྲུལ་དགའི་ཁང་པ་མཛེས་པ་དང་། ། དབང་སྒྱུར་ལྷ་ཡི་གནས་སུ་རྩེ་འདོད་ཅིང་། ། ཡིད་ཀྱི་འཕྲུལ་གྱིས་ཐམས་ཅད་སྤྱོད་འདོད་པ། ། ཡོན་ཏན་མཆོག་མངའ་འདི་ཡི་ཞབས་འབྲིང་གྱིས། ། བདུད་ཀྱི་དབང་པོ་ཞེ་སྡང་ཡིད་མེད་པ། ། རྫུ་འཕྲུལ་དབང་ཕྱུག་ཀུན་གྱི་མཐར་ ཕྱིན་པའི། །
BOའདོད་པའི་དབང་ཕྱུག་དབང་མཐར་ཕྱིན་འདོད་ན། ། ཕན་པ་མཛད་པ་འདི་དང་ལྷན་ཅིག་དེང་། ། དེ་བཞིན་འདོད་པའི་ཁམས་ལས་འདའ་བྱས་ཏེ། ། ཚངས་པའི་གནས་སུ་གནས་པར་སུ་འདོད་པ། ། དེ་ནི་ཚད་མེད་བཞི་ཡི་གཟི་མངའ་བ། ། སྐྱེས་བུ་ཆེན་པོའི་ཞབས་འབྲིང་དེང་ནས་ གྱིས། ། འོན་ཏམ་གང་ཞིག་མི་ཡི་ནང་དག་ཏུ། ། འཁོར་ལོས་སྒྱུར་ཡུལ་ཡངས་པར་སྐྱེ་འདོད་ན། ། རིན་ཆེན་འབྱུང་གནས་མི་འཇིགས་བདེ་སྦྱིན་པ། ། བསོད་ནམས་ཡངས་པ་མངའ་བའི་ཞབས་འབྲིང་གྱིས། ། གང་ཞིག་ས་བདག་དེ་བཞིན་ཚོང་དཔོན་བུ། ། ཕྱུག་ཅིང་སྐྱིད་ལ་ནོར་མང་ཚོགས་ཆེན་ དང་། ། དགྲ་ཡི་དཔུང་བཅོམ་འཁོར་དང་ལྡན་འདོད་པ། ། དེ་ནི་ཕན་མཛད་འདི་དང་ལྷན་ཅིག་དེང་། ། གཟུགས་དང་ལོངས་སྤྱོད་དེ་བཞིན་དབང་ཕྱུག་དང་། ། སྙན་པ་གྲགས་དང་སྤོབས་དང་ཡོན་ཏན་དང་། ། གཟུང་འོས་ཚིག་དང་མཉན་པའི་ཚིག་འདོད་པ། ། དེ་ནི་ཚངས་དབྱངས་མཁས་པའི་གན་དུ་ སོང་། ། ལྷ་དང་མི་ཡི་འདོད་པ་གང་ཡིན་དང་། ། སྲིད་པ་གསུམ་གྱི་བདེ་བ་ཐམས་ཅད་དང་། ། བསམ་གཏན་བདེ་དང་དབེན་པའི་བདེ་འདོད་པ། ། དེ་ནི་ཆོས་ཀྱི་དབང་ཕྱུག་ཞབས་འབྲིང་གྱིས། ། འདོད་ཆགས་དང་ནི་ཞེ་སྡང་སྤོང་བ་དང་། །
BOཉོན་མོངས་མུན་པ་སེལ་བར་སུ་འདོད་ཅིང་། ། ཞི་བ་རབ་ ཞི་ཉེར་ཞི་ཡིད་ལྡན་པ། ། དེ་ནི་ཐུགས་དུལ་ཞབས་འབྲིང་མྱུར་དུ་སོང་། ། གང་ཞིག་སློབ་དང་མི་སློབ་རང་རྒྱལ་དང་། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་འདོད་ཅིང་། ། སྟོབས་བཅུས་སེང་གེའི་སྒྲ་སྒྲོགས་སུ་འདོད་པ། ། དེ་ནི་ཡོན་ཏན་རྒྱ་མཚོ་མཁས་དྲུང་སོང་། ། གང་ཞིག་ངན་སོང་རྣམས་ ཀྱི་ལམ་གཅོད་ཅིང་། ། བཟང་འགྲོ་འཆི་བ་མེད་པའི་ལམ་དབྱེ་དང་། ། ཡན་ལག་བརྒྱད་ལམ་འགྲོ་བས་འགྲོ་འདོད་ན། ། འགྲོ་ལམ་མཐར་འབྱིན་འདི་ཡི་ཞབས་འབྲིང་གྱིས། ། གང་ཞིག་བདེ་གཤེགས་ཡོངས་སུ་མཆོད་པ་དང་། ། ཐུགས་རྗེ་མངའ་བ་དེ་ལས་ཆོས་ཉན་དང་། ། དགེ་འདུན་ ཡོན་ཏན་ཐོབ་པར་འདོད་པ་ནི། ། ཡོན་ཏན་རྒྱ་མཚོ་འདི་ཡི་ཞབས་འབྲིང་གྱིས། ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཟད་པ་དང་། ། འཁོར་བའི་བཅིངས་པ་རྣམ་པར་གྲོལ་བ་དང་། ། ནམ་མཁའི་མཐའ་མཉམ་རྣམ་དག་སྤྱོད་འདོད་པ། ། དེ་ནི་སེམས་ཅན་དག་པའི་ཞབས་འབྲིང་གྱིས། ། འགྲོ་བ་ཀུན་ན་ཡིད་འོང་སྡུག་མཛེས་ཤིང་། ། གཟུགས་མཆོག་མཚན་དང་ཡོན་ཏན་རྒྱས་པ་དང་། ། བདག་དང་དེ་བཞིན་གཞན་ཡང་འགྲེལ་འདོད་པ། ། དེ་ནི་བལྟ་སྡུག་མཁས་པའི་གན་དུ་སོང་། །
BOཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་དང་། ། ཟབ་ཅིང་བལྟ་དཀའ་གཏིང་དཔག་དཀའ་བ་ ཡི། ། རྣམ་གྲོལ་ཐོབ་འདོད་མཁས་པ་གང་ཡིན་དེ། ། སྨན་པའི་རྒྱལ་པོའི་གན་དུ་མྱུར་དུ་སོང་། ། ཡོན་ཏན་འདི་དང་གཞན་ཡང་རྣམ་མང་དང་། ། སྲིད་པའི་བདེ་དང་དེ་བཞིན་མྱ་ངན་འདས། ། ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་འདོད་པ། ། དེ་ནི་བརྟུལ་ཞུགས་གྲུབ་མཁས་གན་དུ་སོང་། ། ཚིག་ དེ་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་འབུམ་དང་། འཐབ་བྲལ་གྱི་ལྷ་འབུམ་དང་། དགའ་ལྡན་གྱི་ལྷ་འབུམ་དང་། འཕྲུལ་དགའི་ལྷ་འབུམ་དང་། བདུད་ཀྱི་རིས་ཀྱི་ལྷ་སྔོན་གྱི་དགེ་བའི་ལས་ཀྱིས་བྱུང་བ་དྲུག་ཁྲི་དང་། ཚངས་རིས་ ཀྱི་ལྷ་དྲུག་ཁྲི་བརྒྱད་སྟོང་དང་། འོག་མིན་གྱི་བར་གྱི་ལྷ་བརྒྱ་སྟོང་མང་པོ་དག་འདུས་པར་གྱུར་པ་དང་། གཞན་ཡང་ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས་ལྷའི་བུ་བརྒྱ་སྟོང་མང་པོ་འདུས་པར་གྱུར་པ་དེ་དག་ལས་གང་དག་མཆོག་ཏུ་བྱ་བའི་ལྷའི་བུ་དག་གིས་ ལྷའི་འཁོར་ཆེན་པོ་དེ་དག་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བདག་ཅག་རྣམས་ཀྱིས་བསམ་པ་ཡང་དག་ཅི་འདྲ་ཡི། །
BOཚིག་འདི་ལྷ་ཡི་དབང་པོ་དག་གིས་གསན་དུ་གསོལ། ། འདོད་པའི་དགའ་འབྱོར་བསམ་གཏན་བདེ་བ་མཆོག་སྤངས་ཏེ། ། སེམས་ཅན་དག་པ་ དམ་པ་འདི་ཡི་ཞབས་འབྲིང་བགྱི། ། ལྷུམས་སུ་གཤེགས་དང་ལྷུམས་ན་བཞུགས་དང་བལྟམ་པའི་ཚེ། ། བདག་ཉིད་ཆེན་པོ་མཆོད་འོས་ཤིན་ཏུ་མཆོད་པར་བགྱི། ། བསོད་ནམས་དག་གིས་བསྲུངས་པའི་དྲང་སྲོང་ཡོངས་བསྲུངས་ན། ། ཞེ་སྡང་སེམས་ཀྱིས་སུས་ཀྱང་གླགས་རྙེད་འགྱུར་མ་མཆིས། ། གླུ་དབྱངས་སིལ་སྙན་རོལ་མོའི་དབྱངས་སྒྲ་ལེགས་བསྒྲགས་པས། ། ཡོན་ཏན་རྒྱ་མཚོ་མངའ་བའི་ཡོན་ཏན་བསྔགས་བརྗོད་དེ། ། གང་ཐོས་སྐྱེ་བོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར། ། ལྷ་དང་མི་རྣམས་ཐམས་ཅད་རབ་ཏུ་དགའ་བར་བགྱི། ། རྒྱལ་པོའི་ཕོ་བྲང་མེ་ཏོག་སིལ་མས་རྒྱས་པར་ དགང་། ། ཨ་ག་རུ་མཆོག་ནག་པོས་བདུགས་ཏེ་དྲི་ཞིམ་བགྱི། ། དེ་ཡི་དྲི་ཚོར་ལྷ་མི་རབ་ཏུ་དགའ་འགྱུར་ཞིང་། ། ནད་མེད་རིམས་ནད་བྲལ་ཞིང་བདེ་བར་འགྱུར་བར་བགྱི། ། མེ་ཏོག་མན་དཱ་ར་དང་ཀུན་ནས་འདུ་བ་དང་། ། སིམ་བྱེད་རབ་ཏུ་སིམ་བྱེད་སྠ་ལ་རྣམ་སྣང་དང་། ། མེ་ཏོག་བཟང་པོས་ཕྲིན་ ལས་དགེ་ལས་བྱུང་བ་དེ། ། མཆོད་པའི་སླད་དུ་སེར་སྐྱའི་གྲོང་ཀུན་དགང་བར་བགྱི། །
BOཇི་སྲིད་ཡུམ་གྱི་ལྷུམས་ན་དྲི་གསུམ་མ་གོས་བཞུགས། ། ཇི་སྲིད་རྒ་ཤི་མཐར་འབྱིན་བལྟམ་པར་གྱུར་གྱི་བར། ། དེ་སྲིད་དུས་སུ་དང་བའི་ཡིད་ཀྱིས་ཞབས་འབྲིང་བགྱི། ། བློ་གྲོས་ཆེ་མངའ་མཆོད་པ་བགྱི་བར་ བདག་ཅག་སེམས། ། བལྟམ་ནས་གོམ་པ་བདུན་གཤེགས་བརྒྱ་བྱིན་ཚངས་པ་ཡིས། ། ལག་ཏུ་བླངས་ཏེ་སྤོས་ཆུ་དག་གིས་སྐུ་བསིལ་བ། ། སེམས་ཅན་རྣམ་པར་དག་པ་དེ་ནི་མཐོང་བ་ཡི། ། ལྷ་མི་དེ་དག་ཐོབ་པ་རྒྱ་ཆེན་ལེགས་པར་ཐོབ། ། ཇི་སྲིད་བར་དུ་འཇིག་རྟེན་རྗེས་སུ་འཐུན་མཛད་ཅིང་། ། འདོད་པའི་ཉོན་མོངས་འཇོམས་མཛད་བཙུན་མོའི་ནང་བཞུགས་ལ། ། ཇི་སྲིད་ཅིག་ན་རྒྱལ་སྲིད་ཀུན་སྤངས་ཁབ་ནས་འབྱུང་། ། དེ་སྲིད་དུས་སུ་དད་པའི་སེམས་ཀྱིས་ཞབས་འབྲིང་བགྱི། ། ཇི་སྲིད་ཅིག་ན་རན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། ། ཇི་སྲིད་ཅིག་ན་བདུད་བཅོམ་བྱང་ཆུབ་ རེག་གྱུར་ཅིང་། ། ཚངས་པ་ཁྲག་ཁྲིག་འཁོར་ལོ་བསྐོར་བར་གསོལ་བཏབ་པ། ། དེ་སྲིད་བདེ་བར་གཤེགས་ལ་མཆོད་པ་རྒྱ་ཆེན་བགྱི། ། སེམས་ཅན་བྱེ་བ་ཁྲག་ཁྲིག་འཆི་མེད་བཏུལ་གྱུར་ཏེ། ། སྟོང་གསུམ་ཁམས་སུ་སངས་རྒྱས་ཕྲིན་ལས་ནམ་ལགས་ནས། ། ཞི་ཞིང་བསིལ་བའི་མྱ་ ངན་འདས་པར་གཤེགས་གྱུར་པ། །
BOདེ་སྲིད་ཀུན་གྱིས་དྲང་སྲོང་གྲགས་ཆེན་གཏང་མི་བགྱི། ། དགེ་སློང་དག་དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་མོ་དག་གིས། བྱང་ཆུབ་སེམས་དཔའི་ལུས་གཟུགས་ཕུན་སུམ་ཚོགས་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། སེམས་ཅན་དག་པ་མཆོག་ དམ་པ་འདི་ལྟ་བུ་འཛིན་པར་འགྱུར་བའི་ན་ཆུང་དེ་ནི་ཇི་ལྟ་བུ་ཞིག་ཡོད་སྙམ་ནས། དེ་དག་ངོ་མཚར་དུ་གྱུར་ཏེ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་མཆོག་ཏུ་བྱ་བ་དག་ཁྱེར་ནས་ལྷའི་ལུས་ཡིད་ལས་གྲུབ་པ་ཐོབ་ཅིང་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྫུ་འཕྲུལ་གྱིས་བྱིན་ གྱིས་བརླབས་པ། དེ་དག་སྐད་ཅིག་དེ་ཉིད་ལ་ལྷའི་ཕོ་བྲང་དེ་ནས་མི་སྣང་བར་གྱུར་ཏེ། སེར་སྐྱའི་གྲོང་ཁྱེར་ཆེན་པོ་དམ་པ་སྐྱེད་མོས་ཚལ་བརྒྱ་སྟོང་གིས་བརྒྱན་པ། རྒྱལ་པོ་ཟས་གཙང་མའི་ཁྱིམ་མཆོག་ཁང་{བཟངས་,བཟང་}ཆེན་པོ་དང་སྐྱ་ལྡན་ཞེས་བྱ་བ་ལྷའི་དབང་པོའི་ཕོ་བྲང་ལྟ་བུ་དེར་ཕྱིན་ནས། ལྷའི་བུ་མོ་གོས་ལྷུག་ལྷུག་པོ་གྱོན་པ། དགེ་བ་དྲི་མ་མེད་པའི་བསོད་ནམས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་བརྒྱན་པ། ལྷའི་རྒྱན་གྱིས་ལག་པ་ཤིན་ཏུ་བརྒྱན་པ་དེ་དག་གིས་ལྷ་མོ་སྒྱུ་འཕྲུལ་མལ་མཆོག་གི་སྟེང་ན་འདུག་པ་མཐོང་ནས།
BOཕན་ཚུན་མཛུབ་མོས་སྟོན་ཅིང་། ནམ་མཁའི་ དཀྱིལ་ན་འཁོད་དེ། གཅིག་ལ་གཅིག་ཚིགས་སུ་བཅད་དེ་སྨྲས་པ། ལྷ་གནས་འཁོད་པའི་ལྷ་ཡི་བུ་མོ་རྣམས། ། ཡིད་འོང་བྱང་ཆུབ་སེམས་དཔའི་སྐུ་མཐོང་ནས། ། དེ་ཚེ་དེ་དག་འདི་སྙམ་སེམས་གྱུར་ཏེ། ། བྱང་ཆུབ་སེམས་དཔའི་ཡུམ་གྱུར་ཅི་འདྲ་སྙམ། ། ལག་ན་མེ་ཏོག་ཕྲེང་ཅན་ དེ་དག་རྣམས། ། ཐེ་ཙོམ་སྐྱེས་ནས་རྒྱལ་པོའི་ཕོ་བྲང་དུ། ། མེ་ཏོག་དེ་བཞིན་བྱུག་པ་ཐོགས་ནས་སུ། ། སོར་བཅུ་ཐལ་མོ་སྦྱར་ཏེ་འདུད་ཅིང་ལྷགས། ། ལྷུག་ལྷུག་གོས་གྱོན་འཇོ་བག་གཟུགས་འཆང་བས། ། ལྷ་མོ་སྒྱུ་འཕྲུལ་མལ་སྟེང་གནས་མཐོང་ནས། ། ལག་པ་གཡས་པའི་ སོར་མོས་ཕྱག་བྱས་ཏེ། ། མི་ཡི་བུད་མེད་གཟུགས་ལ་ལེགས་ལྟོས་འཛེར། ། བདག་ཅག་ང་རྒྱལ་སེམས་ཀྱིས་མངོན་སེམས་པ། ། ལྷ་ཡི་བུ་མོ་གཟུགས་མཆོག་ཡིད་འོང་སྙམ། ། རྒྱལ་པོའི་བཙུན་མོ་འདི་ཡི་གཟུགས་མཐོང་ན། ། ལྷ་ཡི་ལུས་ཀྱང་ཟིལ་གྱིས་ནོན་ པར་མཐོང་། ། འདི་ནི་གང་ཟག་མཆོག་གི་ཡུམ་འགྱུར་དུ། ། ཡོན་ཏན་ལྡན་པས་ཤིན་ཏུ་གཤའ་ཞིང་འོས། ། ནོར་བུ་རིན་ཆེན་སྣོད་བཟང་གནས་པ་ལྟར། ། ལྷ་མོ་འདི་ནི་ལྷ་ཡི་ལྷ་སྣོད་ཡིན། ། རྐང་ལག་མཐིལ་དང་སྤྱི་བོ་མན་ཅད་དུ། །
BOཡན་ལག་ཡིད་འོང་ལྷ་ལས་ལྷག་པ་སྟེ། ། མིག་ གིས་བལྟ་ན་ངོམས་པར་འགྱུར་མ་ཡིན། ། ཡིད་དང་སེམས་ནི་ཕྱིར་ཞིང་དགའ་བར་འགྱུར། ། འདི་ཡི་ཁ་བཞིན་ལུས་མཛེས་སྡུག་པ་ནི། ། ནམ་མཁའི་དཀྱིལ་ན་ཟླ་བ་མཛེས་པ་འདྲ། ། ཉི་ལྟར་དྲི་མེད་མེ་ལྟར་འབར་བ་སྟེ། ། འདི་ཡི་ལུས་ལས་འོད་གསལ་བཟང་པོ་འབྱུང་། ། གསེར་ སྦྲམ་བཙོ་མ་བཟང་པོའི་གསེར་བཞིན་དུ། ། ལྷ་མོ་འདི་ཡི་ཁ་དོག་རྣམ་པར་མཛེས། ། འདི་ཡི་སྐྲ་ནི་འཇམ་གཙང་དྲི་ཞིམ་སྟེ། ། བུང་བ་མཆོག་གི་མདོག་འདྲ་ལྕང་ལོར་འཁྱིལ། ། འདི་ཡི་མིག་ནི་པད་མའི་འདབ་མ་འདྲ། ། རྣམ་དག་སོ་ནི་ནམ་མཁའི་སྐར་མ་བཞིན། ། རྐེད་པ་གཞུ་ལྟར་ ཕྲ་ཞིང་སྟ་ཟུར་ཡངས། ། ཕྲག་པ་ཟླུམ་ཞིང་ཚིགས་རྣམས་མངོན་པ་མེད། ། བརླ་ལེགས་གླང་པོ་མཆོག་གི་སྣ་འདྲ་སྟེ། ། བྱིན་པ་ཤིན་ཏུ་ལེགས་པ་བྱིན་གྱིས་ཕྲ། ། རྐང་ལག་མཐིལ་མཉམ་ཤིན་ཏུ་དམར་བ་སྟེ། ། འདི་ནི་གཞན་མིན་ལྷ་ཡི་བུ་མོར་ངེས། ། དེ་ལྟར་རྣམ་མང་དུ་མར་བལྟ་ བྱས་ནས། ། མེ་ཏོག་གཏོར་ཏེ་བསྐོར་བ་བྱས་ནས་ནི། ། གྲགས་ལྡན་རྒྱལ་བའི་ཡུམ་ལ་བསྟོད་བྱས་ཏེ། ། སྐད་ཅིག་གཅིག་གིས་ཕྱིར་ཡང་ལྷ་གནས་དོང་། ། དེ་ནས་ཕྱོགས་བཞི་སྐྱོང་བ་བཞི་པོ་དང་། །
BOའཐབ་བྲལ་རབ་དང་བརྒྱ་བྱིན་འཕྲུལ་པ་དང་། ། ལྷ་ཚོགས་ལྷ་མིན་གྲུལ་བུམ་སྲིན་པོ་དང་། ། མིའམ་ཅི་དང་ལྟོ་འཕྱེ་ཆེས་སྨྲས་པ། ། སྐྱེས་བུ་མཆོག་གི་མདུན་དུ་ཁྱེད་དེང་ལ། ། སྐྱེས་བུ་དམ་པ་དེ་ལ་བསྲུང་བ་གྱིས། ། འགྲོ་བ་དག་ལ་ཡིད་ཀྱིས་སྡང་མ་བྱེད། ། མི་རྣམས་ལ་ཡང་གཙེ་བ་མ་བྱེད་ཅིག ། ལྷ་མོ་སྒྱུ་འཕྲུལ་ཁྱིམ་མཆོག་གང་གནས་པ། ། དེར་ནི་འཐུན་པར་འཁོར་དང་ ལྷན་ཅིག་ཀུན། ། མདའ་གཞུ་རལ་གྲི་མདུང་ཐུང་མཚོན་ཐོགས་ལ། ། ནམ་མཁའི་དཀྱིལ་ན་གནས་ཏེ་བལྟ་བར་གྱིས། ། དེ་ལྟར་ཤི་འཕོའི་དུས་ཤེས་ལྷའི་བུ་རྣམས། ། མེ་ཏོག་དེ་བཞིན་བྱུག་པ་ཐོགས་ནས་ནི། ། སོར་བཅུ་ཐལ་མོ་སྦྱར་ཏེ་འདུད་བྱོས་ལ། ། དགའ་བའི་སེམས་ཀྱིས་སྒྱུ་འཕྲུལ་ དྲུང་དུ་དེང་། ། སྨྲ་བའི་སེང་གེ་དུས་ནི་དེང་ལགས་ཀྱིས། ། འཇིག་རྟེན་ཀུན་ལ་ཐུགས་རྗེ་བརྩེ་བསྐྱེད་དེ། ། མི་དབང་སེམས་ཅན་དག་པ་འཆི་འཕོ་སྟོན། ། མཆོད་སྦྱིན་དོན་དུ་བདག་ཅག་གསོལ་བ་འདེབས། །
BOདགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འཆི་འཕོ་བའི་དུས་ཀྱི་ཚེ་ཤར་ཕྱོགས་ནས་ བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དགའ་ལྡན་གྱི་གནས་དམ་པ་ན་གནས་པ་བརྒྱ་སྟོང་ཕྲག་མང་པོ་དག་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། ། དེ་བཞིན་དུ་ཕྱོགས་བཅུའི་ཕྱོགས་རེ་རེ་ནས་ཀྱང་བྱང་ཆུབ་སེམས་ དཔའ་སྐྱེ་བ་གཅིག་གིས་ཐོགས་པ། དགའ་ལྡན་གྱི་གནས་དམ་པ་ན་གནས་པ་བརྒྱ་སྟོང་ཕྲག་མང་པོ་དག་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་ནས་ལྷའི་བུ་མོ་འབུམ་ཕྲག་བརྒྱད་ཅུ་རྩ་ བཞི་སིལ་སྙན་དང་། གླུ་དབྱངས་སྣ་ཚོགས་ལེན་ཅིང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། ། དེ་བཞིན་དུ་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ ཀྱི་ནང་ནས་ལྷའི་བུ་མོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་སིལ་སྙན་དང་། གླུ་དབྱངས་སྣ་ཚོགས་ལེན་ཅིང་། བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར།
BOབྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཁང་པ་བརྩེགས་པ་ཆེན་པོ་བསོད་ནམས་ཐམས་ཅད་ ཀྱིས་ཡང་དག་པར་བྱུང་བ་དཔལ་གྱི་སྙིང་པོ་ལྷ་རྣམས་ཀྱིས་ཀུན་ནས་བལྟ་བའི་ནང་དུ་འདུག་སྟེ། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། དགའ་ལྡན་གྱི་གནས་དམ་པ་ནས་བསྐྱོད་པར་བརྩམས་སོ། ། དགེ་སློང་ དག་དེ་ལྟར་བསྐྱོད་པར་བརྩམས་པའི་ཚེ་བྱང་ཆུབ་སེམས་དཔས་འོད་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟར་རྒྱ་ཆེ་ཞིང་ཡངས་ལ་ཐ་གྲུ་ཆེ་བ་འདིར་སྔན་ཅད་མ་བྱུང་བའི་འོད་སྣང་བ་ལྷའི་འོད་ལས་ཤིན་ཏུ་འདས་པས་ཡོངས་སུ་གསལ་ཞིང་ སྣང་བར་གྱུར་ཏོ། ། འཇིག་རྟེན་གྱི་བར་གང་སྡིག་པ་སྡིག་པས་ཁེབས་ནས་མུན་པ་མུན་ནག་སྨག་ཏུ་གྱུར་པ་སྣང་བ་མེད་པ་གང་དུ་ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་ལ་འདི་ལྟར་དབང་ཆེ་བར་གྲགས་པས་ཀྱང་འོད་དང་། ཁ་དོག་དང་། གཟི་བརྗིད་ཀྱིས་ལམ་ མེར་མ་གྱུར། ཐལ་ལེར་མ་གྱུར།
BOལྷང་ངེར་མ་གྱུར་པ་དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་རང་རང་གིས་ལག་པ་བརྐྱང་བའང་མི་མཐོང་བ་དེ་དག་ཏུའང་དེའི་ཚེ་སྣང་བ་ཆེན་པོས་རྒྱས་པར་ཁྱབ་པར་གྱུར་ཅིང་། དེར་སྐྱེས་པའི་སེམས་ཅན་དེ་དག་སྣང་བ་དེས་ཁྱབ་པར་གྱུར་ནས་གཅིག་ གིས་གཅིག་མཐོང་ཞིང་གཅིག་གིས་གཅིག་ཤེས་ཏེ། འདི་སྐད་དུ་ཀྱེ་གྲོགས་པོ་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ། ། ཀྱེ་གྲོགས་པོ་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ་ཞེས་ཟེར་བར་གྱུར་པ་དེ་ལྟ་བུའི་འོད་ལུས་ལས་བཀྱེའོ། ། སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་འདིའང་རྣམ་པ་དྲུག་དང་། ལྟས་ཆེན་པོ་{བཅྭ་,བཅོ་}བརྒྱད་དུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། ། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། ། ལྡེག་རབ་ཏུ་ལྡེག ། ཀུན་ཏུ་རབ་ཏུ་ལྡེག་གོ། ། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ ཏུ་འཁྲུགས་སོ། ། འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། ། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། ། མཐའ་དམའ་ན་དབུས་མཐོ་བར་གྱུར་ཏོ། ། དབུས་དམའ་ན་མཐའ་མཐོ་བར་གྱུར་ཏོ། ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ་བར་གྱུར་ཏོ། །
BOནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ་བར་གྱུར་ཏོ། ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ་བར་གྱུར་ཏོ། ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ་བར་གྱུར་ཏོ། ། དེའི་ཚེ་སྒྲ་དགའ་བར་འགྱུར་བ། ཚིམ་པར་འགྱུར་བ། མགུ་བར་འགྱུར་བ། དད་པར་འགྱུར་བ། སིམ་པར་འགྱུར་བ། མཉན་པར་འོས་པ། བསྔགས་པར་འོས་པ། མཚུངས་པ་མེད་པ། མཉན་ན་གཏང་མི་བྲ་བ། མི་འཐུན་པ་མེད་པ། དངང་བར་འགྱུར་བ་མེད་པ་དག་ཀྱང་གྲག་པར་གྱུར་ཏོ། ། སྐད་ཅིག་དེ་ལ་སེམས་ཅན་གང་ལ་ཡང་གནོད་པའམ། འཇིགས་པའམ། དངང་བའམ། བག་ ནོན་པ་མེད་པར་གྱུར་ཏོ། ། སྐད་ཅིག་དེ་ལ་ཉི་ཟླ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དག་གི་འོད་ཀྱང་མི་སྣང་བར་གྱུར་ཏོ། ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་ སྡུག་བསྔལ་དང་བྲལ་ཞིང་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏེ། སེམས་ཅན་གང་ལ་ཡང་འདོད་ཆགས་ཀྱིས་གནོད་པར་མི་འགྱུར། ཞེ་སྡང་གིས་གནོད་པར་མི་འགྱུར། གཏི་མུག་གིས་གནོད་པར་མི་འགྱུར་ཞིང་། ཕྲག་དོག་གམ། སེར་སྣའམ། ང་རྒྱལ་ལམ། འཆབ་པའམ། རྒྱགས་པའམ། ཁྲོ་བའམ། གནོད་སེམས་སམ།
BOཡོངས་སུ་གདུང་བས་གནོད་པར་འགྱུར་བ་མེད་པར་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ། ཕན་ཚུན་ཕ་མ་ཙམ་དུ་སེམས་པའི་འདུ་ཤེས་སུ་གྱུར་ནས། བྱམས་པའི་སེམས་དང་། ཕན་པའི་སེམས་དང་ལྡན་པར་གྱུར་ ཏོ། ། ལྷ་དང་མིའི་རོལ་མོ་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་མ་དཀྲོལ་མ་བླངས་པར་ཡིད་དུ་འོང་བའི་སྒྲ་འབྱིན་པར་གྱུར་ཏོ། ། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་ལག་པ་དང་ཕྲག་པ་དང་སྤྱི་བོས་གཞལ་མེད་ཁང་ཆེན་པོ་དེ་དག་འདེག་ཅིང་ཁྱེར་བར་གྱུར་ཏོ། ། ལྷའི་བུ་མོ་བརྒྱ་སྟོང་དག་ གིས་ཀྱང་རང་རང་གི་གླུ་དབྱངས་བླངས་ཏེ། མདུན་དང་། རྒྱབ་དང་། གཡས་གཡོན་དག་ནས་བྱང་ཆུབ་སེམས་དཔའ་ལ་གླུ་དབྱངས་ཀྱི་སྒྲ་སྐད་ཀྱིས་མངོན་པར་བསྟོད་པ། ཁྱོད་ཀྱིས་སྔན་ཆད་དགེ་ལས་བསགས་པ་དང་། ། ཡུན་རིང་དུས་ཀྱི་དགེ་བས་བྱུང་བ་དང་། ། ཁྱོད་ཀྱིས་ཆོས་ རྣམས་ཀུན་གྱི་ཚུལ་སྦྱངས་པས། ། དེ་རིང་མཆོད་པ་རྒྱ་ཆེན་བྱུང་བར་གྱུར། ། བསྐལ་པ་བྱེ་བ་མང་པོར་ཁྱོད་ཀྱིས་སྔོན། ། སྲས་མོ་སྲས་སྡུག་སྦྱིན་པ་མཛད་པས་ན། ། ལྷ་ཡི་མེ་ཏོག་ཆར་དུ་བབ་པ་འདི། ། སྦྱིན་པ་སྤྱད་པ་དེ་ཡི་འབྲས་བུ་ལགས། ། གཙོ་བོ་ཁྱོད་ཀྱིས་རང་གི་ཤ་བཅད་དེ། །
BOསྲང་ལ་བཅལ་ནས་ཐུགས་བྱོན་བྱ་ཕྱིར་བཏང་། ། སྦྱིན་པ་དེ་སྤྱད་པ་ཡི་འབྲས་བུ་དེས། ། {ཡི་དགས་,ཡི་དྭགས་}འཇིག་རྟེན་རྣམས་ཀྱང་ཟས་སྐོམ་ཐོབ། ། བསྐལ་པ་བྱེ་བ་མང་པོར་ཁྱོད་ཀྱིས་སྔོན། ། ཚུལ་ཁྲིམས་མ་ཞིག་མ་ཉམས་བསྲུངས་པས་ན། ། ཚུལ་ཁྲིམས་དེ་སྤྱད་པ་ ཡི་འབྲས་བུ་དེས། ། མི་ཁོམ་ངན་སོང་ཡོངས་སུ་དག་པར་གྱུར། ། བསྐལ་པ་བྱེ་བ་མང་པོར་ཁྱོད་ཀྱིས་སྔོན། ། བྱང་ཆུབ་བསྒྲུབ་པའི་གཞིར་ནི་བཟོད་པ་བསྒོམས། ། བཟོད་པ་དེ་སྤྱད་པ་ཡི་འབྲས་བུ་དེས། ། ལྷ་དང་མི་ཀུན་བྱམས་པའི་སེམས་སུ་གྱུར། ། བསྐལ་པ་བྱེ་བ་མང་པོར་ཁྱོད་ཀྱིས་ སྔོན། ། བརྩོན་འགྲུས་མ་གོད་དམ་པ་བསྒོམས་པས་ན། ། བརྩོན་འགྲུས་དེ་སྤྱད་པ་ཡི་འབྲས་བུ་དེས། ། སྐུ་ནི་རི་རབ་བཞིན་དུ་མཛེས་པར་གྲུབ། ། བསྐལ་པ་བྱེ་བ་མང་པོར་ཁྱོད་ཀྱིས་སྔོན། ། ཉོན་མོངས་སྦྱང་སླད་བསམ་གཏན་བསྒོམས་མཛད་པས། ། བསམ་གཏན་དེ་སྤྱད་པ་ཡི་འབྲས་བུ་དེས། ། འགྲོ་བ་དག་ལ་ཉོན་མོངས་གནོད་མི་འགྱུར། ། བསྐལ་པ་བྱེ་བ་མང་པོར་ཁྱོད་ཀྱིས་སྔོན། ། ཉོན་མོངས་གཅོད་པའི་ཤེས་རབ་བསྒོམས་མཛད་པས། ། ཤེས་རབ་དེ་སྤྱད་པ་ཡི་འབྲས་བུ་དེས། ། འོད་གསལ་དམ་པ་རྣམ་པར་སྣང་ཞིང་མཛེས། །
BOབྱམས་པའི་གོ་མནབས་ཉོན་མོངས་འཇོམས་ མཛད་ཅིང་། ། སེམས་ཅན་ཀུན་ལ་ཐུགས་རྗེ་ཆེས་བྱུང་བ། ། དགྱེས་པ་མཆོག་བརྙེས་བཏང་སྙོམས་མཆོག་ལྡན་པ། ། བདེ་གཤེགས་ཚངས་གྱུར་ཁྱོད་ལ་ཕྱག་འཚལ་ལོ། ། ཤེས་རབ་སྒྲོན་མའི་འོད་དང་གཟིས་འཕགས་ཤིང་། ། གཏི་མུག་སྐྱོན་གྱི་མུན་པ་ཀུན་སེལ་བ། ། འདྲེན་པ་སྟོང་ གསུམ་དག་ན་མིག་གྱུར་པའི། ། ཐུབ་པ་ལམ་སྟོན་ཁྱོད་ལ་ཕྱག་འཚལ་ལོ། ། རྫུ་འཕྲུལ་རྐང་པ་མངོན་ཤེས་མཆོག་ལ་མཁས། ། བདེན་པ་གཟིགས་ཤིང་དམ་པའི་དོན་བསླབས་པ། ། རྒལ་ནས་སྲོག་ཆགས་གཞན་དག་སྒྲོལ་མཛད་པ། ། བདེ་གཤེགས་གྲོལ་གྱུར་ཁྱོད་ལ་ཕྱག་འཚལ་ལོ། ། ཐབས་དང་མངོན་ཤེས་དམ་པ་ཀུན་ལ་མཁས། ། འཆི་འཕོ་འཆི་འཕོ་མེད་པའི་འཕོ་བ་སྟོན། ། འཇིག་རྟེན་ཆོས་ཀྱི་རྗེས་སུ་འཐུན་མཛད་ཀྱང་། ། འཇིག་རྟེན་གང་དུའང་ཆགས་པ་ཁྱོད་མི་མངའ། ། གང་དག་ཁྱོད་ནི་ཉན་ཏམ་ལྟར་ལྷགས་པ། ། དེ་དག་ཐོབ་པ་དམ་པ་བསམ་མི་ཁྱབ། ། ཁྱོད་ལ་ཆོས་ ཉིད་ཐོས་ཏེ་གང་དད་ཅིང་། ། དགའ་བ་ཡངས་པ་སྐྱེས་པ་སྨོས་ཅི་འཚལ། ། དགའ་ལྡན་གནས་རྣམས་ཀུན་ནི་མོག་མོག་གྱུར། ། འཛམ་བུའི་གླིང་དུ་ཉི་མ་མངོན་དུ་ཤར། ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བསམ་མི་ཁྱབ། །
BOཉོན་མོངས་གཉིད་ཀྱིས་ལོག་ལས་སད་པར་མཛད། ། དེང་ནི་ཕོ་བྲང་འབྱོར་ ཅིང་རྒྱས་གྱུར་ལ། ། བྱེ་བ་ཁྲག་ཁྲིག་ལྷ་རྣམས་ལང་ལོང་གྱུར། ། ལྷ་ཡི་བུ་མོས་སིལ་སྙན་སྒྲ་ཕྱུང་བས། ། རྒྱལ་པོའི་ཁབ་ན་སིལ་སྙན་གྲགས་པར་འགྱུར། ། བསོད་ནམས་གཟི་བརྗིད་རྫོགས་ཤིང་ལས་དགེ་བ། ། བུད་མེད་གཟུགས་ཀྱི་མཆོག་དང་ལྡན་གྱུར་པ། ། དེ་ཡི་སྲས་གྱུར་དེ་ནི་དེ་ལྟར་ འབྱོར། ། དཔལ་གྱིས་འཇིག་རྟེན་གསུམ་ནི་ཟིལ་གྱིས་གནོན། ། མི་མཆོག་འབྱུང་བ་དེ་ཡི་གཟི་བརྗིད་ཀྱིས། ། དེ་ཕྱི་ཕྱིན་ཆད་ཕོ་བྲང་དམ་པ་འདིར། ། ལུས་ཅན་རྣམས་ལ་འདོད་དང་འཐབ་རྩོད་མེད། ། ཀུན་ཀྱང་བྱམས་པའི་སེམས་ཀྱིས་སྲི་ཞུར་བཅས། ། འཁོར་ལོས་སྒྱུར་བའི་རིགས་རྒྱལ་ བྱུང་བས་ན། ། རྒྱལ་པོའི་རིགས་ནི་རབ་ཏུ་འཕེལ་བར་འགྱུར། ། སེར་སྐྱའི་གྲོང་འདི་ཤིན་ཏུ་ཕུན་སུམ་ཚོགས། ། རིན་ཆེན་མཛོད་ཀྱིས་རབ་ཏུ་གང་བར་འགྱུར། ། གནོད་སྦྱིན་སྲིན་པོ་གྲུལ་བུམ་གསང་བ་པ། ། ལྷ་དང་ལྷ་མིན་ཚོགས་རྣམས་དབང་པོར་བཅས། ། མི་མཆོག་སྲུང་བ་གང་དག་གནས་ པ་རྣམས། ། དེ་དག་རིང་པོར་མི་ཐོགས་ཐར་པ་འཐོབ། ། གུས་དང་སྲི་ཞུ་ལ་ནི་གནས་ནས་སུ། ། འདྲེན་པ་ཁྱོད་བསྟོད་བསོད་ནམས་གང་བསགས་པ། །
BOཀུན་ཀྱང་བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ། ། མི་ཡི་དམ་པ་ཁྱོད་ལྟར་མྱུར་དུ་ཤོག ། བསྐྱོད་པར་བརྩམས་པའི་ལེའུ་སྟེ་ལྔ་པའོ། ། ། ། དགེ་སློང་དག་དེ་ལྟར་དགུན་འདས་ཏེ། དཔྱིད་ཀྱི་དུས་ལ་དཔྱིད་ཟླ་ཐ་{ཆུངས་ཀྱི་,ཆུང་གི་}ཚེ། སྐར་མ་ས་ག་ལ་བབ་པ་དུས་ཀྱི་དམ་པ་ལ་ཤིང་རྣམས་ཀྱི་ལོ་མ་རྒྱས་ཤིང་། མེ་ཏོག་མཆོག་ཏུ་རྒྱས་ནས་གྲང་དྲོ་དང་། མུན་པ་དང་། རྡུལ་མེད་ཅིང་སའི་གཞི་སྔོ་གཞོན་ནུ་སྐྱེས་པས་ཁེབས་པར་གནས་པའི་ཚེ། འཇིག་རྟེན་གསུམ་གྱི་གཙོ་བོ་འཇིག་རྟེན་གྱིས་མཆོད་པས་དུས་ལ་བབ་པའི་ཚོད་ལ་རྣམ་པར་གཟིགས་ནས། ཚེས་བཅོ་ལྔའི་ཟླ་བ་ཉ་ལ་སྐར་མ་རྒྱལ་གྱི་དུས་སུ། ཡུམ་གསོ་སྦྱོང་བླངས་པའི་རུམ་དུ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ནས་འཕོས་ཏེ། དྲན་ཞིང་ཤེས་བཞིན་དུ། གླང་པོའི་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པ། མགོའི་ཁ་དོག་སྲིན་བུ་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟ་བུ། མཆེ་བ་ལ་གསེར་འཚིག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། དབང་པོ་ཉམས་པ་མེད་པར་བྱས་ཏེ། མའི་གློ་གཡས་པ་ནས་ཞུགས་སོ། ། ཞུགས་ནས་ཀྱང་གློ་གཡས་པ་ལོགས་སུ་བརྟེན་ཏེ་གནས་ཀྱི། གློ་གཡོན་པ་ལོགས་སུ་ནམ་ཡང་མ་བརྟེན་ཏོ། །
BOལྷ་མོ་སྒྱུ་འཕྲུལ་མལ་བདེ་བ་ན་ཉལ་བ་དེས་ཀྱང་རྨི་ལམ་འདི་ལྟ་བུ་མཐོང་ངོ་། ། གླང་པོ་ཁ་བ་དངུལ་མདོག་མཆེ་བ་དྲུག ། རྐང་ལག་རབ་མཛེས་མགོ་བོ་དམར་སྡུག་པ། ། འགྲོས་བཟང་ལུས་ཚིགས་རྡོ་རྗེ་བཞིན་བརྟན་པ། ། གླང་པོ་མཆོག་གཅིག་ཁོང་དུ་སོང་སྙམ་བྱེད། ། དེས་ནི་དེ་འདྲའི་བདེ་བ་བརྒྱ་ལམ་ནའང་། ། མ་མཐོང་མ་ཐོས་མྱོང་བར་མ་གྱུར་ཏེ། ། ལུས་ཀྱང་བདེ་ཞིང་སེམས་ཀྱང་བདེར་གྱུར་ནས། ། བསམ་གཏན་མཉམ་པར་བཞག་པ་བཞིན་དུ་གྱུར། ། དེ་ནས་ལྷ་མོ་སྒྱུ་འཕྲུལ་རྒྱན་དང་གོས་ལྷུག་ལྷུག་པོར་གྱོན་ཅིང་། ཐོགས་པ་ལས་ལུས་དང་སེམས་བདེ་བར་གྱུར་ཏེ། དགའ་བ་དང་། རངས་པ་དང་། ཉམས་བདེ་བ་ཐོབ་ནས། མལ་དམ་པ་དེ་ལས་ལངས་ཏེ་བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ཁང་{བཟངས་,བཟང་} དེའི་སྟེང་ནས་བབས་ཏེ། ཤིང་མྱ་ངན་འཚང་གི་ནགས་ཚལ་ག་ལ་བ་དེར་སོང་ནས། དེ་མྱ་ངན་འཚང་གི་ནགས་ཚལ་དུ་བདེ་བར་འདུག་སྟེ། རྒྱལ་པོ་ཟས་གཙང་མའི་དྲུང་དུ་ཕོ་ཉ་བཏང་ནས། རྒྱལ་པོ་གཤེགས་སུ་གསོལ། ལྷ་མོ་དེ་ཁྱོད་ཀྱི་ཞལ་མཐོང་བར་བཞེད་དོ། ། ཞེས་བྱས་ པ་དང་། རྒྱལ་པོ་ཟས་གཙང་མས་ཚིག་དེ་ཐོས་ནས། རབ་ཏུ་དགའ་བར་གྱུར་ཏེ།
BOལུས་གཡོས་ནས་ཁྲི་བཟང་པོ་ལས་ལངས་ཏེ། བློན་པོ་དང་། གྲོང་རྡལ་པ་དང་། འཁོར་དང་། གཉེན་པའི་སྐྱེ་བོ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། མྱ་ངན་འཚང་གི་ནགས་ཚལ་ག་ ལ་བ་དེར་སོང་ངོ་། ། སོང་ནས་ཀྱང་བདག་གི་ལུས་ཤིན་ཏུ་ལྕི་བ་སྙམ་བྱེད་ནས། མྱ་ངན་འཚང་གི་ནགས་ཚལ་དུ་འགྲོ་མ་ནུས་ཏེ། མྱ་ངན་འཚང་གི་ནགས་ཚལ་གྱི་སྒོར་འདུག་ནས། ཅུང་ཟད་ཅིག་བསམས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། ། བདག་ནི་གཡུལ་དུ་དཔའ་ བའི་ཕུལ་ཕྱིན་པ། ། དེང་ལྟར་ལུས་ལྕི་བདག་གིས་མྱོང་མི་དྲན། ། བདག་གི་ཁྱིམ་དུའང་འགྲོ་བར་དེང་མ་ནུས། ། ཀྱེ་མ་འདི་ཅི་སུ་ལ་དྲི་བར་བྱ། ། གནས་གཙང་མའི་རིས་ཀྱི་ལྷ་དག་ནམ་མཁའི་དཀྱིལ་ན་འཁོད་ནས་ལུས་ཕྱེད་མངོན་པར་སྤྲུལ་ཏེ། རྒྱལ་པོ་ཟས་གཙང་མ་ལ་ཚིགས་སུ་བཅད་དེ་ སྨྲས་པ། དཀའ་ཐུབ་བརྟུལ་ཞུགས་ཡོན་ཏན་ལྡན་པ་འཇིག་རྟེན་གསུམ་གྱིས་མཆོད། ། བྱམས་དང་སྙིང་རྗེ་ཐོབ་པས་བསོད་ནམས་ཡེ་ཤེས་དབང་བསྐུར་བའི། ། བྱང་ཆུབ་སེམས་དཔའ་ཆེ་བ་དགའ་ལྡན་གནས་ནས་འཕོས་གྱུར་ཏེ། ། རྒྱལ་པོ་ཁྱོད་ཀྱི་སྲས་གྱུར་ལྷ་མོ་སྒྱུ་འཕྲུལ་མངལ་དུ་ ཞུགས། ། དེ་ཚེ་རང་གི་མགོ་ཅོགས་སོར་བཅུ་ཐལ་མོ་སྦྱར་བྱས་ཏེ། །
BOརྒྱལ་པོ་རིམ་གྲོ་བྱ་བར་ལྡན་གྱུར་དེ་ཡི་ནང་དུ་ཞུགས། ། ང་རྒྱལ་དྲེགས་པ་མེད་པས་ལྷ་མོ་སྒྱུ་འཕྲུལ་ངོར་བལྟས་ཏེ། ། ངས་ནི་ཁྱོད་ལ་ཅི་བྱ་ཅི་སྦྱར་ཁྱོད་ཀྱིས་ང་ལ་སྨྲོས། ། ལྷ་མོས་སྨྲས་པ། ཁ་བ་དངུལ་གྱི་མདོག་འདྲ་ ཉི་ཟླའི་འོད་ལས་འཕགས་པ་སྟེ། ། རྐང་ལག་ལེགས་ཤིང་རབ་འབྱེས་མཆེ་བ་དྲུག་ལྡན་ཆེ་བ་ཉིད། ། གླང་པོའི་དམ་པ་རྡོ་རྗེ་བཞིན་དུ་ཚིགས་བརྟན་གཟུགས་བཟང་བ། ། བདག་གི་རུམ་དུ་ཞུགས་ཀྱིས་དེ་ཡི་ལོ་རྒྱུས་གསན་པར་གསོལ། ། སྟོང་གསུམ་ཁམས་འདི་མཛེས་པར་རབ་རིབ་མ་མཆིས་ བདག་གིས་མཐོང་། ། བདག་ནི་ཉལ་ཞིང་མཆིས་ན་ལྷ་རྣམས་བྱེ་བས་རབ་ཏུ་བསྟོད། ། འོན་ཀྱང་བདག་ལ་ཁྲོ་ཞིང་འཚིག་དང་ཞེ་སྡང་རྨོངས་མ་མཆིས། ། ཞི་བའི་སེམས་སུ་གྱུར་ཅིང་བསམ་གཏན་བདེ་དང་ལྡན་སྙམ་བགྱིད། ། བདག་གི་རྨི་ལམ་འདི་ནི་རིགས་ལ་དགེའམ་དངོ་འམ་ཅི། བདག་གི་ རྨི་ལམ་འདི་ནི་ཡང་དག་ལྡན་པར་ལུང་སྟོན་པ། ། རིག་བྱེད་རྨི་ལམ་གཞུང་ལ་མཁས་ཤིང་གཟའ་ཡི་ཆོ་ག་མཁན། ། རྒྱལ་པོ་མྱུར་དུ་བྲམ་ཟེ་འདིར་ནི་ལེགས་པར་དགུག་ཏུ་གསོལ། ། དེ་སྐད་ཚིག་ཐོས་རྒྱལ་པོས་དེ་ཡི་དུས་ཀྱི་སྐད་ཅིག་ལ། །
BOབྲམ་ཟེ་རིག་བྱེད་བསྟན་བཅོས་གཞུང་ལ་ཤིན་ཏུ་ མཁས་པ་གཉེར། ། སྒྱུ་འཕྲུལ་བྲམ་ཟེ་རྣམས་ཀྱི་མདུན་དུ་འདུག་ནས་འདི་སྐད་སྨྲས། ། ཁོ་མོས་རྨི་ལམ་འདི་འདྲ་མཐོང་ན་དེ་ཡི་ལོ་རྒྱུས་གསོན། ། བྲམ་ཟེ་རྣམས་ཀྱིས་སྨྲས་པ། ལྷ་མོ་བཀའ་སྩལ་དུ་གསོལ། ཁྱོད་ཀྱིས་རྨི་ལམ་ཅི་འདྲ་བ་ཞིག་གཟིགས། ཐོས་ནས་ཀྱང་དཔྱད་པར་བགྱིའོ། ། ལྷ་མོས་སྨྲས་པ། ཁ་བ་དངུལ་གྱི་མདོག་འདྲ་ཉི་ཟླའི་འོད་ལས་འཕགས་པ་སྟེ། ། རྐང་ལག་ལེགས་ཤིང་རབ་འབྱེས་མཆེ་བ་དྲུག་ལྡན་ཆེ་བ་ཉིད། ། གླང་པོའི་དམ་པ་རྡོ་རྗེ་བཞིན་དུ་ཚིགས་བརྟན་གཟུགས་བཟང་བ། ། བདག་གི་རུམ་དུ་ཞུགས་ན་དེ་ཡི་ལོ་རྒྱུས་མཉན་པར་ གྱིས། ། དེ་སྐད་ཚིག་ཐོས་ནས་ནི་བྲམ་ཟེ་རྣམས་ཀྱིས་འདི་སྐད་སྨྲས། ། རིགས་ལ་དངོ་བ་མ་མཆིས་དགྱེས་པ་རྒྱ་ཆེན་བརྙེས་པར་འགྱུར། ། ཁྱོད་ལ་སྲས་མངའ་མཚན་གྱིས་ཡན་ལག་བརྒྱན་པ་སྐྱེ་བར་འགྱུར། ། རྒྱལ་པོའི་རིགས་སུ་རིགས་ལྡན་འཁོར་ལོས་སྒྱུར་བ་ཆེ་བ་ཉིད། ། གལ་ཏེ་ འདོད་པ་དག་དང་རྒྱལ་སྲིད་ཕོ་བྲང་སྤངས་གྱུར་ཏེ། ། འཇིག་རྟེན་ཀུན་ལ་ཐུགས་བརྩེ་ཆགས་མེད་རབ་ཏུ་བྱུང་གྱུར་ན། ། དེ་ནི་འཇིག་རྟེན་གསུམ་ན་སྦྱིན་གནས་སངས་རྒྱས་འགྱུར་བ་སྟེ། །
BOབདུད་རྩི་མཆོག་གི་རོ་ཡིས་འཇིག་རྟེན་ཐམས་ཅད་ཚིམ་མཛད་འགྱུར། ། དེ་སྐད་ཚིག་སྙན་ལུང་བསྟན་ ཏེ། ། རྒྱལ་པོའི་ཕོ་བྲང་ཟན་ཟོས་ནས། ། བྱ་དགའ་བྱིན་པ་བླངས་ནས་སུ། ། བྲམ་ཟེ་དེ་དག་ཕྱིར་དོང་ངོ་། ། དགེ་སློང་དག་དེ་ལྟར་རྒྱལ་པོ་ཟས་གཙང་མས་བྲམ་ཟེ་མཚན་དང་ལྟས་ཤེས་ཤིང་རྣམ་པར་འབྱེད་པ་དང་། རྨི་ལམ་གྱི་གཞུང་ཤེས་པ་དག་ལས་དེ་སྐད་ཀྱི་ཚིག་དེ་ཐོས་ནས། ཚིམ་ཞིང་མགུ་སྟེ། ཡི་རངས་ལ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བྲམ་ཟེ་དེ་དག་བཟའ་བ་དང་བཏུང་བ་དང་། མྱང་བ་མང་པོ་ཉམས་སུ་བསོད་པས་ཚིམ་ཞིང་ངོམས་པར་བྱས་ནས། བྱ་དགའ་བྱིན་ཏེ་བཀྱེའོ། ། དེ་ཉིད་ཀྱི་ཚེ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ཀྱི་ གྲོང་ཁྱེར་ཆེན་པོ་དེའི་སྒོ་བཞི་ན། གྲོང་ཁྱེར་གྱི་བཞི་མདོ་དང་སུམ་མདོ་ཐམས་ཅད་དུ་སྦྱིན་པ་བྱིན་ཏེ། ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། གོས་འདོད་པ་རྣམས་ལ་ནི་གོས། བཞོན་པ་འདོད་པ་ རྣམས་ལ་ནི་བཞོན་པ། སྤོས་འདོད་པ་རྣམས་ལ་ནི་སྤོས། ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ། བྱུག་པ་འདོད་པ་རྣམས་ལ་ནི་བྱུག་པ།
BOམལ་ཆ་འདོད་པ་རྣམས་ལ་ནི་མལ་ཆ། གནས་འདོད་པ་རྣམས་ལ་ནི་གནས། འཚོ་བ་འདོད་པ་རྣམས་ལ་ནི་འཚོ་བ་བྱིན་ནོ། ། དགེ་སློང་དག་དེ་ནས་ རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་སེམས་ཏེ། ལྷ་མོ་སྒྱུ་འཕྲུལ་འདི་ཁྱིམ་གང་ན་འདུག་ན་བདེ་ཞིང་ཉོན་མོངས་པ་མེད་པར་འདུག་པར་འགྱུར་སྙམ་པ་དང་། དེ་ནས་སྐད་ཅིག་དེ་ཉིད་ལ་རྒྱལ་པོ་ཆེན་པོ་བཞི་རྒྱལ་པོ་ཟས་གཙང་མའི་དྲུང་དུ་འོངས་ཏེ་འདི་སྐད་ཅེས་སྨྲས་སོ། ། ལྷ་ཐུགས་ལས་སུ་མ་མཛད་པར་ བཏང་སྙོམས་སུ་བདེ་བར་བཞུགས་ཤིག ། བདག་ཅག་གིས་བྱང་ཆུབ་སེམས་དཔའི་ཕོ་བྲང་བཤམ་མོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རྒྱལ་པོ་ཟས་གཙང་མའི་གན་དུ་འོངས་ཏེ་འདི་སྐད་ཅེས་སྨྲས་སོ། ། སྐྱོང་བའི་གཞལ་མེད་ཁང་རྣམས་ངན། ། སུམ་ཅུ་རྩ་གསུམ་པ་ཡི་བཟང་། ། བྱང་ ཆུབ་སེམས་དཔའི་ཕོ་བྲང་ནི། ། རྣམ་པར་རྒྱལ་ཙམ་བདག་གིས་དབུལ། ། དེ་ནས་ལྷའི་བུ་རབ་འཐབ་བྲལ་རྒྱལ་པོ་ཟས་གཙང་མའི་གན་དུ་འོངས་ཏེ་འདི་སྐད་ཅེས་སྨྲས་སོ། ། ཁོ་བོའི་ཁང་ཁྱིམ་མཐོང་གྱུར་ནས། ། བརྒྱ་བྱིན་བྱེ་བ་ངོ་མཚར་གྱུར། ། འཐབ་བྲལ་རབ་ཀྱི་དཔལ་ལྡན་ཁང་། ། རྒྱལ་བའི་ སྲས་ལ་བདག་འབུལ་ལོ། །
BOདེ་ནས་ལྷའི་བུ་ཡོངས་སུ་དགའ་ལྡན་རྒྱལ་པོ་ཟས་གཙང་མའི་གན་དུ་འོངས་ཏེ་འདི་སྐད་ཅེས་སྨྲས་སོ། ། གྲགས་པ་ཆེ་མངའ་སྔོན་ཆད་ནི། ། དགའ་ལྡན་གང་དུ་བཞུགས་གྱུར་པ། ། ཕོ་བྲང་དམ་པ་དགྱེས་པ་དེ། ། རྒྱལ་བའི་སྲས་ལ་བདག་འབུལ་ལོ། ། དེ་ ནས་ལྷའི་བུ་རབ་འཕྲུལ་དགའ་རྒྱལ་པོ་ཟས་གཙང་མའི་གན་དུ་འོངས་ཏེ། འདི་སྐད་ཅེས་སྨྲས་སོ། ། དཔལ་ལྡན་ཡིད་ལས་གྲུབ་པའི་ཁང་། ། དེ་ནི་རིན་ཆེན་རང་བཞིན་ཏེ། ། བྱང་ཆུབ་སེམས་དཔའ་མཆོག་དོན་དུ། ། རྒྱལ་པོ་བདག་གིས་དབུལ་བར་བགྱིས། ། དེ་ནས་ལྷའི་བུ་གཞན་འཕྲུལ་དབང་བྱེད་ རྒྱལ་པོ་ཟས་གཙང་མའི་གན་དུ་འོངས་ཏེ་འདི་སྐད་ཅེས་སྨྲས་སོ། ། འདོད་པའི་ཁམས་གནས་ཇི་སྙེད་པ། ། གཞལ་མེད་ཁང་མཛེས་གང་ཡོད་པ། ། བདག་གི་གཞལ་མེད་ཁང་དྲུང་ན། འོད་དང་མདོག་ཀྱང་སྟོར་བར་སྣང་། ། དེ་བས་དཔལ་ལྡན་བདག་གིས་དབུལ། ། བྱང་ཆུབ་སེམས་ དཔའ་མཆོད་པའི་ཕྱིར། ། རིན་ཆེན་རང་བཞིན་ཕོ་བྲང་བཟང་། ། དེ་ནི་རྒྱལ་པོ་བླང་བར་གྱིས། ། ལྷ་ཡི་མེ་ཏོག་རབ་བཀང་སྟེ། ། ལྷ་ཡི་སྤོས་ཀྱི་ངད་ལྡང་བའི། ། ཕོ་བྲང་ཡངས་པ་བདག་གིས་དབུལ། ། དེར་ནི་ལྷ་མོ་བཞུགས་པར་གྱིས། །
BOདགེ་སློང་དག་དེ་ལྟར་འདོད་པ་ན་སྤྱོད་པའི་ལྷའི་ དབང་པོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ཕྱིར་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་དམ་པ་དེར་རང་རང་གི་ཁྱིམ་ཕུལ་བར་གྱུར་ཏོ། ། རྒྱལ་པོ་ཟས་གཙང་མས་ཀྱང་མིའི་ལས་ནི་འདས་ཀྱི་ལྷ་ཡིར་ནི་མ་གྱུར་པ་བཤམས་པར་གྱུར་ཏེ། དེ་ལ་བྱང་ཆུབ་ སེམས་དཔའ་བཀོད་པ་ཆེན་པོའི་ཏིང་ངེ་འཛིན་གྱི་མཐུས་ཁྱིམ་དེ་དག་ཐམས་ཅད་དུ་ལྷ་མོ་སྒྱུ་འཕྲུལ་མངོན་པར་བསྟན་ཏོ། ། བྱང་ཆུབ་སེམས་དཔའ་ལྷ་མོ་སྒྱུ་འཕྲུལ་གྱི་རུམ་ན་འདུག་པའི་ཚེ། གློ་གཡས་ཕྱོགས་ལོགས་སུ་སྐྱིལ་མོ་ཀྲུང་བཅས་ཏེ་གནས་པར་གྱུར་ཏོ། ། ལྷའི་དབང་པོ་དེ་དག་ ཐམས་ཅད་ཀྱང་སོ་སོ་ནས་བདག་ཉིད་ཀྱི་ཁྱིམ་ན་བྱང་ཆུབ་སེམས་དཔའི་མ་འདུག་གི་གཞན་མ་ཡིན་ནོ་ཞེས་དེ་ལྟར་ཤེས་པར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཏིང་འཛིན་བཀོད་པ་ཆེ་ལ་གནས་གྱུར་ཏེ། ། སྤྲུལ་པ་བསམ་གྱིས་མི་ཁྱབ་སྤྲུལ་བྱས་ནས། ། ལྷ་རྣམས་ཐམས་ཅད་བསམ་པ་ རྫོགས་པར་བྱས། ། རྒྱལ་པོའང་དེ་ལྟར་ཡིད་བཞིན་བསམ་པ་གྲུབ། ། དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་ཏེ།
BOརྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་ཡིན་པ་དེ་དག་ཀྱང་མིའི་ལུས་ཀྱི་དྲི་བྲོ་ན་སྐྱོ་ཞིང་འབྱོལ་ན། དེ་མ་ཡིན་པའི་ལྷ་གཞན་སུམ་ཅུ་རྩ་གསུམ་མམ། འཐབ་ བྲལ་ལམ། དགའ་ལྡན་གྱི་ལྷའི་བུ་དག་ལྟ་སྨོས་ཀྱང་ཅི་དགོས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་གཙང་ཞིང་དྲི་ང་བ་དང་བྲལ་བ། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། སེམས་ཅན་རིན་པོ་ཆེ་དགའ་ལྡན་གྱི་ལྷའི་རིས་ནས་འཕོས་ཏེ། ཡུམ་གྱི་ལྷུམས་མིའི་ལུས་དྲི་མི་ ཞིམ་པར་བཞུགས་པར་གྱུར་སྙམ་པ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ཙམ་དུ་བུད་མེད་ཀྱི་ལུས་ནི་སྨད་པ་ལགས་པ་དང་། འདོད་ཆགས་ལ་སྤྱོད་ཅེས་བགྱི་བའི་བར་དུ་དེ་བཞིན་ གཤེགས་པས་གསུངས་པ་ངོ་མཚར་ཆེ་ན། བཅོམ་ལྡན་འདས་དེ་བས་ཀྱང་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། སྔོན་བྱང་ཆུབ་སེམས་དཔར་གྱུར་པ། འདི་ལྟར་དགའ་ལྡན་གྱི་ལྷའི་རིས་ནས་འཕོས་ཏེ། ཡུམ་གྱི་ལྷུམས་མིའི་ལུས་སུ་གློ་གཡས་ཕྱོགས་སུ་ བརྟེན་ཏེ་བཞུགས་སོ། ། ཞེས་བགྱི་བ་འདི་ནི་རབ་ཏུའང་ངོ་མཚར་ཆེ་སྟེ། བཅོམ་ལྡན་འདས།
BOསྔོན་བཅོམ་ལྡན་འདས་ཀྱིས་དེ་ལྟར་མཛད་དོ་ཞེས་དེ་སྐད་དུ་སྨྲ་བར་ནི་བདག་ལ་སྤྲོ་བ་མ་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་བྱང་ཆུབ་སེམས་དཔའི་ཡོངས་ སུ་སྤྱད་པ་རིན་པོ་ཆེ་བཀོད་པ་ཞེས་བྱ་བ་གང་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པའི་ཡོངས་སུ་སྤྱད་པར་གྱུར་པ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་དེའི་དུས་ནི་ད་ལགས་སོ། ། བདེ་བར་གཤེགས་པ་དེའི་དུས་ནི་ད་ལགས་ཏེ། དེ་བཞིན་གཤེགས་པས་བྱང་ཆུབ་ སེམས་དཔའི་ཡོངས་སུ་སྤྱད་པ་དེ་བསྟན་ཏེ་མཐོང་ན་གློ་བ་དགའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་དེ་ལྟ་བུའི་མཚན་མ་མཛད་དེ། དེས་མི་མཇེད་ཀྱི་བདག་པོ་ཚངས་པ། ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་ འདས་ཀྱི་སྤྱན་སྔར་ཕྱིན་ནས། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདུད་ཅིང་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་མི་ མཇེད་ཀྱི་བདག་པོ་ཚངས་པ་ལ་བཀའ་སྩལ་པ།
BOཚངས་པ་ཁྱོད་ཀྱིས་སྔོན་ང་བྱང་ཆུབ་སེམས་དཔའར་གྱུར་ཅིང་མའི་རུམ་ན་ཟླ་བ་བཅུར་འདུག་འདུག་པའི་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་བླངས་སམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བདེ་བར་ གཤེགས་པ་དེ་དེ་ལྟ་ལགས་སོ། ། བཀའ་སྩལ་པ། ཚངས་པ་ད་དེ་ག་ལ་ཡོད་སྟོན་ཅིག ། གསོལ་པ། བཅོམ་ལྡན་འདས་དེ་ནི་ཚངས་པའི་འཇིག་རྟེན་ན་མཆིས་སོ། ། བཀའ་སྩལ་པ། ཚངས་པ་དེའི་ཕྱིར་ཟླ་བ་བཅུ་པའི་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་དེ་འདིར་ཁྱོད་ཀྱིས་སྟོན་ཅིག་ དང་། ཇི་ཙམ་དུ་འདུས་བྱས་པ་ཤེས་པར་འགྱུར་རོ། ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། ཚངས་པ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཁོ་བོས་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་དེ་བླང་གིས་དེའི་བར་དུ་ཁྱེད་འཁོད་ཅིག ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་མི་སྣང་བར་གྱུར་ནས་སྐད་ཅིག་དེ་ཉིད་ལ་ཚངས་པའི་འཇིག་རྟེན་དུ་ཕྱིན་ཏོ། ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ལྷའི་བུ་ཚངས་པ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །
BOགྲོགས་པོ་ཁྱོད་སོང་ལ་ཚངས་པའི་འཇིག་རྟེན་འདི་མན་ཆད་སུམ་ཅུ་རྩ་གསུམ་གྱི་གནས་ཡན་ཆད་དུ་སྒྲ་སྒྲོགས་ཏེ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་བདག་ཅག་གིས་དེ་བཞིན་གཤེགས་པའི་སྤྱན་སྔར་བཀུར་ན་ཁྱེད་ཀྱི་ནང་ནས་མཐོང་བར་སུ་དགའ་བ་མྱུར་དུ་ཤོག་ཤིག་ ཅེས་སྒྲས་གོ་བར་གྱིས་ཤིག ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་བླངས་ཏེ། ཚངས་པའི་གཞལ་མེད་ཁང་ཆེན་པོ་དཔག་ཚད་སུམ་བརྒྱ་པའི་སྟེང་དུ་བཞག་ ནས། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་ཏེ། འཛམ་བུའི་གླིང་དུ་ཕབ་བོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འདོད་པ་ན་སྤྱོད་པའི་ལྷའི་བུ་འདུས་པ་ཆེན་པོར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་དེ་ཡང་ལྷའི་གོས་དང་། ལྷའི་ཕྲེང་བ་དང་། ལྷའི་སྤོས་དང་། ལྷའི་མེ་ཏོག་དང་། ལྷའི་རོལ་མོའི་དབྱངས་སྒྲ་དང་།
BOལྷའི་ལོངས་སྤྱོད་རྣམས་ཀྱིས་མངོན་པར་འདུས་བྱས་པར་གྱུར་ཅིང་ལྷ་དབང་ཆེ་བར་གྲགས་པ་དག་གིས་ཡོངས་སུ་བསྐོར་བར་གྱུར་པ་ནི་འདི་ཙམ་སྟེ། ལྷའི་དབང་པོ་བརྒྱ་བྱིན་རྒྱ་མཚོ་ཆེན་པོའི་དབུས་ སུ་འདུག་ནས་རྒྱང་རིང་པོ་ནས་གདོང་ཐལ་མོས་བསྐྱབས་ཏེ་མགོ་བྱོལ་ནས་བལྟས་ཀྱང་མཐོང་བར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། ལྷའི་ནང་ན་ཚངས་པ་དག་ནི་མཐུ་ཆེ་བ་སྟེ། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་ བྱེད་ཀྱི་ལྷ་དག་ཀྱང་དེ་དག་གི་དྲུང་ན་དམའ་བ་ཡིན་ན། ལྷའི་དབང་པོ་བརྒྱ་བྱིན་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ལྷའི་རོལ་མོ་དབྱངས་སྒྲའི་སྒྲ་དེ་དག་ཞི་བར་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ཐོས་པ་ཙམ་གྱིས་འཛམ་བུའི་གླིང་གི་མི་རྣམས་མྱོ་མྱོ་པོར་འགྱུར་ དུ་འོང་བའི་ཕྱིར་རོ། ། དེ་ནས་རྒྱལ་པོ་ཆེན་པོ་བཞི་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་ལྷགས་ནས་འདི་སྐད་ཅེས་སྨྲས་སོ། ། ལྷའི་དབང་པོ་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་འདི་བདག་ཅག་གིས་མཐོང་བར་མི་ནུས་ན་ཇི་ལྟར་བགྱི། དེས་དེ་དག་ལ་སྨྲས་པ།
BOགྲོགས་ པོ་དག་ཁོ་བོས་ཀྱང་ཇི་ལྟར་བྱ། ཁོ་བོ་ཉིད་ཀྱིས་ཀྱང་མཐོང་བར་མི་ནུས་སོ། ། གྲོགས་པོ་དག་འོན་ཀྱང་དེ་ནི་ནམ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕུལ་བ་དེའི་ཚེ་མཐོང་གྲང་ངོ་། ། དེ་དག་གིས་སྨྲས་པ། ལྷའི་དབང་པོ་དེ་བས་ན་ཅི་ནས་ཀྱང་མྱུར་དུ་མཐོང་བར་འགྱུར་བ་དེ་ལྟར་མཛད་དུ་གསོལ། སྨྲས་པ། གྲོགས་པོ་དག་ལྷའི་བུ་མངོན་པར་འཕགས་པ་མངོན་པར་འཕགས་པ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། དགའ་བར་བྱ་བའི་ཚིག་བརྗོད་པར་གྱུར་གྱི་བར་དུ་སྡོད་ཅིག ། དེ་ནས་དེ་དག་ཕྱོགས་གཅིག་ཏུ་འཁོད་དེ་མགོ་བྱོལ་ནས་བཅོམ་ལྡན་འདས་ལོགས་སུ་ལྟ་ཞིང་འཁོད་ པར་གྱུར་ཏོ། ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པར་བྱ་བ་རིན་པོ་ཆེ་བཀོད་པ་དེ་ཁྱེར་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེར་ཕུལ་ལོ། ། བྱང་ཆུབ་སེམས་དཔའི་ཡོངས་སུ་ སྤྱད་པ་རིན་པོ་ཆེ་བཀོད་པ་དེ་ནི་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། སྟེང་ཁང་པ་བརྩེགས་པས་ལེགས་པར་བརྒྱན་པ་སྟེ། དེའི་ཚད་ནི་འཕང་དུ་འདི་ལྟ་སྟེ།
BOདཔེར་ན་བྱིས་པ་བཙས་ནས་ཟླ་བ་དྲུག་ལོན་པ་ཙམ་མོ། ། ཁང་པ་བརྩེགས་པ། དེའི་ནང་དུ་ཁྲི་བཤམས་པ་ནི་འདི་ལྟ་སྟེ་དཔེར་ན་བྱིས་པ་བཙས་ནས་ཟླ་བ་དྲུག་ལོན་པ་འདུག་པའི་སྟེགས་བུ་ཙམ་མོ། ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པར་བྱ་བ་རིན་པོ་ཆེ་བཀོད་པ་དེའི་ཁ་དོག་དང་དབྱིབས་ནི་འདི་ལྟ་བུ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་ན་དེའི་དབྱིབས་དང་ཁ་ དོག་འདྲ་བ་གང་ཡང་མེད་དོ། ། ལྷ་རྣམས་ཀྱིས་དེ་མཐོང་ན་ཡང་མིག་འཁྲུགས་ཤིང་ངོ་མཚར་དུ་འགྱུར་རོ། ། དེ་དེ་བཞིན་གཤེགས་པའི་སྤྱན་སྔར་བཞག་ན་ལྷམ་མེ། ལྷན་ནེ། ལྷང་ངེ་སྟེ། དཔེར་ན་མགར་བ་མཁས་པས་ཤིན་ཏུ་བཞུ་སྟེ། ལེགས་པར་སྦྱངས་ནས། དྲི་ མའི་སྐྱོན་མེད་པར་བྱས་པའི་གསེར་བཞིན་དུ་ཁང་པ་བརྩེགས་པ་དེ་རྣམ་པར་མཛེས་སོ། ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་དེའི་ནང་དུ་ཁྲི་བཤམས་པ་ནི། བྱང་ཆུབ་སེམས་དཔའི་དུང་མགྲིན་མ་གཏོགས་པ་ལྷ་དང་བཅས་པའི་འཇིག་རྟེན་ན་དེའི་དབྱིབས་ དང་། ཁ་དོག་འདྲ་བ་གང་ཡང་མེད་དོ། ། ཚངས་པ་ཆེན་པོས་གོས་བགོས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ཁྲི་དེའི་དྲུང་ན་མཛེས་པར་མི་སྣང་སྟེ། འདི་ལྟ་སྟེ་དཔེར་ན། རླུང་དང་ཆར་གྱིས་བཏབ་པའི་ལ་བ་ནག་པོ་བཞིན་ནོ།
BO། ཁང་པ་བརྩེགས་པ་དེ་ནི་ཙན་དན་སྦྲུལ་གྱི་སྙིང་པོ་ལས་བྱས་ པ་སྟེ། དེའི་ཕྱེ་མ་ཞོ་གཅིག་ལའང་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱིས་རིན་དུ་མི་ཆོག་གོ། ། ཁང་པ་བརྩེགས་པ་དེ་ནི་ཙན་དན་སྦྲུལ་གྱི་སྙིང་པོ་དེ་ལྟ་བུས་ཀུན་ནས་བསྐོར་བ་སྟེ། ཁང་པ་བརྩེགས་པ་དེ་དང་འདྲ་བ་གཉིས་པ་གཅིག་ཀྱང་ཁང་པ་བརྩེགས་པ་དང་པོ་དེའི་ནང་ན་མ་ཆགས་མ་རེག་ པར་འདུག་གོ། ། ཁང་པ་བརྩེགས་པ་དེ་ཁོ་ན་དང་འདྲ་བ་གསུམ་པ་གཅིག་ཀྱང་ཁང་པ་བརྩེགས་པ་གཉིས་པ་དེའི་ནང་ན་མ་རེག་མ་ཆགས་པར་འདུག་གོ། ། སྤོས་ཀྱི་ཁང་པ་བརྩེགས་པ་གསུམ་པ་དེའི་ནང་དུ་ཁྲི་དེ་བཞག་སྟེ་གདན་བཏིང་ངོ་། ། ཙན་དན་སྦྲུལ་གྱི་སྙིང་པོ་དེའི་ཁ་དོག་ནི་རྣམ་པ་འདི་ལྟ་ བུ་སྟེ། དཔེར་ན་བཻ་དཱུརྱ་སྔོན་པོ་རིགས་དམ་པ་དང་ལྡན་པ་བཞིན་ནོ། ། སྤོས་ཀྱི་ཁང་པ་བརྩེགས་པ་དེའི་འཁོར་ན་མེ་ཏོག་ལྷའི་ལས་འདས་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་མ་བསྐྱེད་པར་བྱང་ཆུབ་སེམས་དཔའི་སྔོན་གྱི་དགེ་བའི་རྩ་བའི་རྣམ་པར་སྨིན་པས་ཁང་པ་བརྩེགས་པ་དེར་སྐྱེའོ། ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ། རིན་པོ་ཆེ་བཀོད་པ་དེ་ནི་རྡོ་རྗེའི་རང་བཞིན་ཏེ། སྲ་ཞིང་བརྟན་ལ་མི་ཤིགས་པ་སྟེ།
BOཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བའོ། ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་བཀོད་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་དེར་ཀུན་ཏུ་སྣང་ངོ་། ། གང་གི་ནུབ་མོ་བྱང་ཆུབ་སེམས་དཔའ་མའི་རུམ་དུ་འཇུག་པ་དེ་ཡི་ནུབ་མོ་འོག་གི་ཆུའི་ཕུང་པོ་ནས་བཟུང་སྟེ། ས་ཆེན་པོའི་རྔམས་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་བརྟོལ་ཏེ་པད་མ་བྱུང་བས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་ པར་འཕགས་སོ། ། པད་མ་དེ་ནི་ཁ་ལོ་སྒྱུར་བ་སྐྱེས་བུའི་དམ་པ་དང་། ཚངས་པ་ཆེན་པོ་བརྒྱ་ཕྲག་བཅུའི་སྟོབས་ལ་དབང་བས་མཐོང་དུ་ཟད་ཀྱི་གཞན་སུས་ཀྱང་མཐོང་བ་མེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སྙིང་ཁུ་དང་། སྙིང་པོ་དང་། བཅུད་ཇི་སྙེད་ཡོད་པ་དེ་ དག་ཐམས་ཅད་པད་མ་ཆེན་པོ་དེ་ལ་ཟིལ་དངར་གྱི་ཐིགས་པར་ཆགས་ཏེ། འདུག་ནས་དེ་ཚངས་པ་ཆེན་པོས་བཻ་དཱུརྱའི་སྣོད་བཟང་པོས་བླངས་ཤིང་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས་བྱང་ཆུབ་སེམས་དཔས་ཀྱང་དེ་བླངས་ཏེ་ཚངས་པ་ཆེན་པོ་ལ་སྙིང་བརྩེ་བའི་ཕྱིར་འཐུངས་པར་གྱུར་ཏོ། །
BOསྙིང་ཁུའི་ ཐིགས་པ་དེ་འཐུངས་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་རྫོགས་པ་མ་གཏོགས་པར་དེ་ཡང་དག་པར་བདེ་བར་ཞུ་བར་ནུས་པ་སེམས་ཅན་གྱི་ཁམས་ན་སེམས་ཅན་དེ་ལྟ་བུ་དེ་གང་ཡང་མེད་དོ། ། ལས་གང་གི་རྣམ་པར་སྨིན་པས་སྙིང་ཁུའི་ཐིགས་ པ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་ཡོད་པར་གྱུར་ཅེ་ན། བྱང་ཆུབ་སེམས་དཔས་སྔོན་ཡུན་རིང་པོར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚེ། སེམས་ཅན་ནད་པ་དག་ལ་སྨན་བྱིན་པ་དང་། སེམས་ཅན་བསམ་པ་ལ་རྟེན་པ་རྣམས་ཀྱི་བསམ་པ་ཡོངས་སུ་བསྐང་བ་དང་། སྐྱབས་སུ་ འོངས་པ་རྣམས་ཡོངས་སུ་མ་བཏང་བ་དང་། རྟག་པར་མེ་ཏོག་གི་ཕུད་དང་། འབྲས་བུའི་ཕུད་དང་། རོའི་ཕུད་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་རྣམས་དང་། ཕ་དང་མ་ལ་ཕུལ་ ཞིང་ཕྱིས་བདག་ཉིད་ཡོངས་སུ་སྤྱོད་སྤྱོད་པས་ལས་དེའི་རྣམ་པར་སྨིན་པས་ཚངས་པ་ཆེན་པོ་ཟིལ་དངར་གྱི་ཐིགས་པ་དེ་བྱང་ཆུབ་སེམས་དཔའ་ལ་འབུལ་ལོ། ། ཁང་པ་བརྩེགས་པ་དེར་གནས་ཀྱི་ཁྱད་པར་དགའ་བ་དང་། རྩེད་མོ་དང་།
BOཕྲེང་བ་བརྒྱུས་པ་དང་ལྡན་པ་འཕགས་པ་འཕགས་པ་ཇི་སྙེད་ ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་དེར་བྱུང་བར་སྣང་ངོ་། ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་དེར་གོས་སྟོང་ཕྲག་བརྒྱའི་རྒྱན་ཅེས་བྱ་བ་ཕྲུགས་ཅིག་བྱུང་སྟེ། དེའི་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ མ་གཏོགས་པར་སེམས་ཅན་གྱི་རིས་ན་སེམས་ཅན་དེ་ལྟ་བུ་དེ་གང་ཡང་མེད་དོ། ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་མཆོག་ཏུ་བྱ་བ་དམ་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཁང་པ་བརྩེགས་པ་དེ་ནི་མེད་པ་གང་ཡང་མེད་དོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཞི་པ། ཡོངས་སུ་སྤྱད་པར་བྱ་བ་ཁང་པ་བརྩེགས་པ་དེ་ནི་འདི་ལྟར་ཕྱི་ནང་ཤིན་ཏུ་ཡོངས་སུ་གྲུབ་པ། འདི་ལྟར་ཤིན་ཏུ་ཡོངས་སུ་རྫོགས་པ་སྟེ། འདི་ལྟ་སྟེ་དཔེར་ན། ཡུལ་ཀ་ལིང་ཀ་ནས་བྱུང་བའི་དར་ལྟར་རེག་ ན་བདེ་བའོ། ། དེ་ཡང་འོལ་བྱིར་བསྟན་པར་ཟད་ཀྱི། དེ་ལ་དཔེ་མེད་དོ། ། བྱང་ཆུབ་སེམས་དཔའི་སྔོན་གྱི་སྨོན་ལམ་གྱིས་འདི་ནི་བསམས་པས་འགྲུབ་སྟེ།
BOགདོན་མི་ཟ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིའི་འཇིག་རྟེན་དུ་སྐྱེ་བ་དང་། མངོན་པར་བྱུང་ནས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མ་གང་གི་རུམ་དུ་སྐྱེ་བར་འགྱུར་བ་དེའི་རུམ་གཡས་པར་ཁང་པ་བརྩེགས་པ་རིན་པོ་ཆེ་བཀོད་པ་དམ་པ་སྔར་མངོན་པར་འགྲུབ་ཅིང་། ཕྱིས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་ འཕོས་ཏེ་ཁང་པ་བརྩེགས་པ་དེར་སྐྱིལ་ཀྲུང་བཅས་ནས་འདུག་པར་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ལུས་ནུར་ནུར་པོ་དང་། མེར་མེར་པོ་དང་། ལྟར་ལྟར་པོ་དང་། རེང་རེང་པོར་འགྱུར་བ་མེད་ཅིང་། ཡན་ལག་དང་། ཉིང་ལག་དང་། མཚན་ཐམས་ཅད་ཕུན་སུམ་ ཚོགས་པར་འདུག་བཞིན་དུ་འབྱུང་ལ། ལྷ་མོ་སྒྱུ་འཕྲུལ་གྱི་རྨི་ལམ་དུ་གླང་པོ་ཆེན་པོ་འོངས་པར་མཐོང་བ་འདི་ནི་ཆོས་ཉིད་དོ། ། དེ་དེ་ལྟར་འདུག་པ་ལ་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་།
BOགང་ལས་ལག་ན་རྡོ་རྗེ་སྐྱེས་ པའི་གནོད་སྦྱིན་གྱི་རིགས་གསང་བ་པ་ཞེས་བྱ་བ་དེ་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པར་ཤེས་ནས་རྟག་ཏུ་རྒྱུན་མི་འཆད་པར་ཕྱི་བཞིན་འབྲང་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱེད་པའི་ལྷ་མོ་བཞི་ཡོད་དེ། ཨུ་ཁུ་ལི་ཞེས་བྱ་བ་དང་། མུ་ཁུ་ལི་ཞེས་བྱ་བ་དང་། རྒྱལ་མཚན་ལྡན་པ་ཞེས་བྱ་བ་དང་། འོད་དང་ལྡན་པ་ཞེས་བྱ་བ་སྟེ། བཞི་པོ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པར་ཤེས་ནས་རྟག་ཏུ་རྒྱུན་མི་འཆད་པར་སྲུང་ངོ་། ། ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་བུ་ལྔ་བརྒྱ་ཙམ་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ ཞུགས་པ་ཤེས་ནས། རྟག་ཏུ་རྒྱུན་མི་འཆད་པར་ཕྱི་བཞིན་འབྲང་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པའི་ལུས་ནི་རྣམ་པ་འདི་ལྟ་བུར་གྱུར་ཏེ། དཔེར་ན་མཚན་མོ་མུན་པ་ཤིན་ཏུ་གནག་པའི་ནང་ན་རིའི་སྤོ་ལ་མེའི་ཕུང་པོ་ཆེན་པོ་འདུག་པ་ནི་དཔག་ཚད་གཅིག་ནས་ཀྱང་སྣང་ངོ་། ། དཔག་ཚད་ལྔའི་བར་ནས་ཀྱང་སྣང་ངོ་། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པའི་ལུས་མངོན་པར་གྲུབ་པ་ཡང་དེ་ལྟ་བུར་གྱུར་ཏེ།
BOའོད་གསལ་ཞིང་གཟུགས་བལ་མཛེས་ཤིང་བལྟ་ན་སྡུག་པར་གྱུར་པ་དེ། ཁང་པ་བརྩེགས་པ་དེའི་ནང་དུ་སྐྱིལ་མོ་ཀྲུང་དུ་འདུག་ ན་གསེར་གྱི་ས་ལེ་སྦྲམ་རིགས་དང་ལྡན་པ་རིན་པོ་ཆེ་བཻ་དཱུརྱས་བརྒྱན་པ་ལྟར་ཤིན་ཏུ་མཛེས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའི་མས་ཀྱང་བྱང་ཆུབ་སེམས་དཔའ་རུམ་ན་འདུག་པ་མཐོང་བར་གྱུར་ཏོ། ། འདི་ལྟ་སྟེ་དཔེར་ན་སྤྲིན་གྱི་ཚོགས་ཆེན་པོའི་ནང་ནས་གློག་བྱུང་བ་ནི་སྣང་བ་ཆེན་པོ་ སྐྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པ་ཡང་དཔལ་དང་། གཟི་བརྗིད་དང་། ཁ་དོག་གིས་ཉེ་བར་རིན་པོ་ཆེའི་ཁང་པ་བརྩེགས་པ་དང་པོ་དེ་སྣང་བར་བྱེད་དོ། ། སྣང་བར་བྱས་ནས་སྤོས་ཀྱི་ཁང་པ་བརྩེགས་པ་གཉིས་པ་སྣང་བར་བྱེད་དོ། ། སྤོས་ཀྱི་ཁང་པ་བརྩེགས་ པ་གཉིས་པ་སྣང་བར་བྱས་ནས། སྤོས་ཀྱི་ཁང་པ་བརྩེགས་པ་གསུམ་པ་སྣང་བར་བྱེད་དོ། ། སྤོས་ཀྱི་ཁང་པ་བརྩེགས་པ་གསུམ་པ་སྣང་བར་བྱས་ནས་མའི་ལུས་ཐམས་ཅད་སྣང་བར་བྱེད་དོ། ། དེ་སྣང་བར་བྱས་ནས་དེ་སྟན་གང་ལ་འདུག་པ་དེ་སྣང་བར་བྱེད་དོ། ། དེ་སྣང་བར་བྱས་ནས་ ཁྱིམ་ཐམས་ཅད་སྣང་བར་བྱེད་དོ། །
BOཁྱིམ་ཐམས་ཅད་སྣང་བར་བྱས་ནས་འོད་འཕྲོ་བ་ཁྱིམ་གྱི་སྟེང་དུ་བྱུང་སྟེ། ཤར་ཕྱོགས་སྣང་བར་བྱེད་དོ། ། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་ཏུ་རྒྱང་གྲགས་ཙམ་དུ་ཕྱོགས་ རེ་རེར་ཡང་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པའི་དཔལ་དང་གཟི་བརྗིད་དང་ཁ་དོག་གིས་སྣང་བར་བྱས་པར་གྱུར་ཏོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བལྟ་བ་དང་། དེ་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་ཆོས་མཉན་པའི་ཕྱིར་རྒྱལ་པོ་ཆེན་པོ་ བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་གནོད་སྦྱིན་ལྔ་བརྒྱ་ཙམ་དག་དང་ལྷན་ཅིག་ཏུ་སྔ་དྲོའི་དུས་ཀྱི་ཚེ་འོངས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔས་དེ་དག་འོངས་པར་རིག་ནས་ལག་པ་གཡས་པ་བརྐྱང་སྟེ་མཛུབ་མོ་བསྒྲེང་ནས་སྟན་སྟོན་ཏོ། ། འཇིག་རྟེན་སྐྱོང་བ་ལ་སོགས་ པ་དེ་དག་ཀྱང་ཇི་ལྟར་བཏིང་བའི་སྟན་ལ་འཁོད་པར་གྱུར་ཏེ། དེ་དག་གིས་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་བཞིན་དུ། སྐྱེས་ཟིན་པའི་གཟུགས་དང་འདྲ་བར་ལག་པ་བསྐྱོད་ཅིང་འདེག་ལ། རྣམ་པར་བསྐྱོད་ཅིང་གཞོག་པ་མཐོང་ནས།
BOདེ་དག་དགའ་མགུ་ཞིང་ཉམས་བདེ་བ་ཐོབ་ སྟེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔས་ཀྱང་དེ་དག་དེ་ལྟར་འཁོད་པ་མཐོང་ནས། ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག ། ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱེད་དོ། ། གང་ གི་ཚེ་དེ་དག་འདོང་བར་འདོད་པར་གྱུར་པ་དེའི་ཚེ་འང་། བྱང་ཆུབ་སེམས་དཔས་དེ་དག་གི་སེམས་སེམས་ཀྱིས་རྣམ་པར་ཤེས་ནས་ལག་པ་གཡས་པ་བརྐྱང་སྟེ་དེ་དག་འདོང་བའི་བརྡ་སྟོན་ཏོ། ། དེ་ལྟར་ལག་པ་བརྐྱང་སྟེ། འདོང་བའི་བརྡ་བསྟན་ནས། ཕྱིར་སྐུམ་པར་བྱེད་དེ། མ་ ལ་གནོད་པ་མེད་དོ། ། དེའི་ཚེ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་འདི་སྙམ་དུ་བདག་ཅག་ནི་བྱང་ཆུབ་སེམས་དཔས་ཀྱང་འདོང་བར་གནང་ངོ་སྙམ་སེམས་ཤིང་། དེ་དག་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མ་ལ་ལན་གསུམ་བསྐོར་བ་བྱས་ནས་འདོང་བར་གྱུར་ཏོ། ། དེ་ ལྟར་བྱང་ཆུབ་སེམས་དཔའ་ནུབ་མོ་མི་ཉལ་ནས་ལག་པ་གཡས་པ་བརྐྱང་ཞིང་བརྐྱངས་ནས་ཀྱང་བསྐུམ་པ་དང་། བསྐུམས་ནས་ཀྱང་དྲན་ཞིང་ཤེས་བཞིན་དུ་ལག་པ་དེ་འཇོག་པའི་རྒྱུ་ནི་དེ་ཡིན་ནོ། ། རྐྱེན་ནི་དེ་ཡིན་ནོ། ། གཞན་ཡང་གང་གི་ཚེ་སྐྱེས་པའམ། བུད་མེད་དམ།
BOཁྱེའུ་ འམ། བུ་མོ་སུ་ཡང་རུང་སྟེ། བྱང་ཆུབ་སེམས་དཔའ་བལྟ་བའི་ཕྱིར་འོངས་པ་དེའི་ཚེ། ཐོག་མར་ནི་བྱང་ཆུབ་སེམས་དཔའ་དགའ་བར་བྱ་བ་སྨྲའོ། ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་མ་དགའ་བར་བྱ་བ་སྨྲའོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པའི་ཚེ། སྔར་དགའ་ བར་བྱ་བ་སྨྲ་བ་ལ་མཁས་པར་གྱུར་ཏེ། ལྷའམ། ཀླུའམ། གནོད་སྦྱིན་ནམ། མིའམ། མི་མ་ཡིན་པ་སུ་ཡང་རུང་བྱང་ཆུབ་སེམས་དཔའ་ལ་སྔོན་དུ་དགའ་བར་བྱ་བའི་ཚིག་སྨྲ་བར་ནུས་པ་མེད་དོ། ། བྱང་ཆུབ་སེམས་དཔའ་ཉིད་ཐོག་མར་དགའ་བར་བྱ་བ་སྨྲ་ཞིང་དེའི་འོག་ཏུ་བྱང་ཆུབ་སེམས་ དཔའི་མ་དགའ་བར་བྱ་བ་སྨྲའོ། ། དེ་ནས་སྔ་དྲོའི་དུས་ཟད་དེ། ཉི་མ་གུང་ལ་བབ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་མངོན་པར་འཕགས་པ། མངོན་པར་འཕགས་པ་དག་བྱང་ཆུབ་སེམས་དཔའ་བལྟ་བ་དང་། དེ་ལ་བསྙེན་བཀུར་བྱ་བ་དང་། ཆོས་ མཉན་པའི་ཕྱིར་འོང་བ་དང་། བྱང་ཆུབ་སེམས་དཔས་དེ་དག་རྒྱང་རིང་པོ་ནས་འོངས་པ་མཐོང་ནས། གསེར་གྱི་མདོག་ཏུ་འདུག་པའི་ལག་པ་གཡས་པ་བརྐྱང་སྟེ། ལྷའི་དབང་པོ་བརྒྱ་བྱིན་དང་།
BOསུམ་ཅུ་རྩ་གསུམ་པའི་ལྷ་དག་དགའ་བར་བྱེད་ཅིང་མཛུབ་མོ་བརྐྱང་སྟེ། སྟན་སྟོན་ ཏོ། ། དགེ་སློང་དག་དེའི་ཚེའང་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་ཕྱིར་བཟློག་མ་ནུས་ནས་ཇི་ལྟར་བཏིང་བའི་སྟན་དེ་དག་ལ་ལྷའི་དབང་པོ་བརྒྱ་བྱིན་དང་། དེ་མ་ཡིན་པའི་ལྷའི་བུ་གཞན་དག་ཀྱང་འཁོད་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔས་དེ་ལྟར་འཁོད་པར་རིག་ནས་ ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག ། ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱེད་དོ། ། བྱང་ཆུབ་སེམས་དཔས་ལག་པ་གང་དུ་བརྐྱང་བ་དེ་ལོགས་སུ་བྱང་ཆུབ་སེམས་དཔའི་མ་ཡང་ལྟ་བར་གྱུར་ཏོ། ། དེས་ན་ལྷ་དེ་དག་ ཀྱང་འདི་སྙམ་དུ་བདག་ཅག་ནི་བྱང་ཆུབ་སེམས་དཔའ་དང་དགའ་བར་བྱ་བ་སྨྲའོ་སྙམ་མོ། ། དེ་དག་རེ་རེ་ཞིང་ཡང་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ནི་བདག་འབའ་ཞིག་ལ་སྨྲ་སྟེ། བདག་འབའ་ཞིག་ལ་དགའ་བར་བྱ་བ་སྨྲའོ་སྙམ་མོ། ། ཁང་པ་བརྩེགས་པ་དེར་ལྷའི་དབང་པོ་བརྒྱ་བྱིན་ དང་། སུམ་ཅུ་རྩ་གསུམ་པའི་ལྷ་དེ་དག་གི་གཟུགས་བརྙན་སྣང་བར་གྱུར་ཏོ། །
BOཇི་ལྟར་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པའི་ལོངས་སྤྱོད་ཡོངས་སུ་དག་པར་གྱུར་པ་དེ་ལྟ་བུ་ནི་གཞན་དག་ན་མེད་དོ། ། དགེ་སློང་དག་གང་གི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང་། དེ་མ་ ཡིན་པའི་ལྷའི་བུ་གཞན་དག་འདོང་བར་འདོད་པར་གྱུར་པ་དེའི་ཚེའང་བྱང་ཆུབ་སེམས་དཔས་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ལག་པ་གཡས་པ་བརྐྱང་སྟེ་དེ་དག་འདོང་བའི་བརྡ་སྟོན་ཏོ། ། བརྡ་བསྟན་ནས་ཕྱིར་བསྐུམ་པ་བྱས་ཏེ། དྲན་ཞིང་ཤེས་བཞིན་དུ་ ལག་པ་བཞག་ཀྱང་མ་ལ་གནོད་པ་མེད་དོ། ། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང་། དེ་མ་ཡིན་པའི་ལྷའི་བུ་སུམ་ཅུ་རྩ་གསུམ་པ་དག་ཀྱང་འདི་སྙམ་དུ་བདག་ཅག་ནི་བྱང་ཆུབ་སེམས་དཔས་ཀྱང་འདོད་པར་གནང་ངོ་སྙམ་དུ་སེམས་ཤིང་། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་ སེམས་དཔའི་མ་ལ་ལན་གསུམ་བསྐོར་བ་བྱས་ནས་དོང་བར་གྱུར་ཏོ། ། དགེ་སློང་དག་ཉི་མ་ཕྱེད་ཀྱི་དུས་འདས་ནས་ཕྱི་དྲོའི་དུས་ལ་བབ་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ལྷའི་བུ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷ་ཡུལ་བའི་སྙིང་ཁུའི་ཐིགས་པ་དེ་ཁྱེར་ནས་བྱང་ཆུབ་ སེམས་དཔའ་ག་ལ་བ་དེར།
BOབྱང་ཆུབ་སེམས་དཔའ་དེ་བལྟ་བ་དང་། དེ་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འོང་བར་གྱུར་ཏོ། ། དགེ་སློང་དག་བྱང་ཆུབ་སེམས་དཔས་མི་མཇེད་ཀྱི་བདག་པོ་ཚངས་པ་འཁོར་དང་བཅས་ཏེ་འོངས་པར་ཤེས་ནས། བྱང་ཆུབ་ སེམས་དཔས་ཡང་གསེར་གྱི་མདོག་ཏུ་འདུག་པའི་ལག་པ་གཡས་པ་བརྐྱང་སྟེ། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་རིས་ཀྱི་ལྷའི་བུ་དེ་དག་ལ་དགའ་བར་བྱ་བ་སྨྲས་ཏེ། མཛུབ་མོ་བརྐྱང་ནས་སྟན་སྟོན་ཏོ། ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པ་དེས་ཀྱང་བྱང་ཆུབ་ སེམས་དཔའི་བཀའ་ལས་བཟློག་པར་མ་ནུས་ནས། ཇི་ལྟར་བཏིང་བའི་སྟན་དེ་དག་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་ཚངས་རིས་ཀྱི་ལྷའི་བུ་གཞན་དག་ཀྱང་འཁོད་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔས་དེ་ལྟར་འཁོད་པར་རིག་ནས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་ པར་འཛིན་དུ་འཇུག ། ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱེད་དོ། ། བྱང་ཆུབ་སེམས་དཔས་ལག་པ་གང་དུ་བརྐྱང་བ་དེ་ལོགས་སུ་ལྷ་མོ་སྒྱུ་འཕྲུལ་ཡང་ལྟ་བར་གྱུར་ཏོ། །
BOདེ་ལྟར་ན་ལྷ་དེ་དག་ཀྱང་བདག་ཅག་ནི་བྱང་ཆུབ་སེམས་དཔའ་དང་དགའ་བར་བྱ་བའི་གཏམ་བྱེད་དོ་ སྙམ་སྟེ་ལྷའི་བུ་དེ་དག་རེ་རེ་ཞིང་ཡང་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ནི་བདག་འབའ་ཞིག་ལ་སྨྲས་ཏེ། བདག་འབའ་ཞིག་ལ་དགའ་བའི་གཏམ་བྱེད་དོ་སྙམ་མོ། ། དགེ་སློང་དག་གང་གི་ཚེ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་རིས་ཀྱི་ལྷའི་བུ་དེ་དག་འདོང་བར་འདོད་པར་གྱུར་པ་ དེའི་ཚེ་ཡང་བྱང་ཆུབ་སེམས་དཔས་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ལག་པ་གཡས་པ་བརྐྱང་སྟེ། དེ་དག་འདོང་བའི་བརྡ་སྟོན་ཏོ། ། དེ་ལྟར་འདོང་བའི་བརྡ་བསྟན་ནས་ཕྱིར་བསྐུམ་པ་བྱས་ཏེ། དྲན་ཞིང་ཤེས་བཞིན་དུ་ལག་པ་བཞག་ཀྱང་མ་ལ་གནོད་པ་མེད་དོ། ། དེའི་ཚེ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་རིས་ཀྱི་ལྷ་དེ་དག་ཀྱང་འདི་སྙམ་དུ་བདག་ཅག་ནི་བྱང་ཆུབ་སེམས་དཔས་ཀྱང་འདོང་བར་གནང་ངོ་སྙམ་དུ་སེམས་ཤིང་དེ་དག་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མ་ལ་ལན་གསུམ་བསྐོར་བ་བྱས་ནས་འདོང་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ཡང་དྲན་ཞིང་ཤེས་བཞིན་དུ་ལག་པ་འཇོག་པར་གྱུར་ཏེ། དགེ་སློང་དག་ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་།
BOབྱང་ཕྱོགས་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་ནས་ཀྱང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་བྱང་ཆུབ་སེམས་དཔའ་ དེ་བལྟ་བ་དང་། དེ་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པ་དང་། ཆོས་ཡང་དག་པར་བརྗོད་པར་བྱ་བའི་ཕྱིར་འོང་བར་གྱུར་ཏོ། ། དེ་དག་དེ་ལྟར་འོངས་པ་དང་། བྱང་ཆུབ་སེམས་དཔས་ལུས་ལས་འོད་བཀྱེ་སྟེ། འོད་ཀྱི་བཀོད་པ་དེ་དག་སེང་གེའི་ཁྲིར་སྤྲུལ་ནས། དེ་ ལྟར་སྤྲུལ་པའི་ཁྲི་དེ་དག་ལ་བྱང་ཆུབ་སེམས་དཔའ་དེ་དག་འཁོད་དུ་བཅུག་སྟེ། དེ་དག་དེ་ལྟར་འཁོད་པར་ཤེས་ནས་འདི་ལྟ་སྟེ་ཐེག་པ་ཆེན་པོ་འདི་ཉིད་རྒྱ་ཆེར་རྣམ་པར་དབྱེ་བའི་དོན་དུ་དྲིས་ཏེ་བརྟགས་ཀྱང་སྐལ་བ་མཉམ་པའི་ལྷ་རྣམས་མ་གཏོགས་པར་གཞན་སུས་ཀྱང་དེ་དག་མ་མཐོང་ སྟེ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ནུབ་མོ་མི་ཉལ་ནས་ལུས་ལས་འོད་བཀྱེ་བའི་རྒྱུ་ནི་དེ་ཡིན་ནོ། ། རྐྱེན་ནི་དེ་ཡིན་ནོ། ། དགེ་སློང་དག་ལྷ་མོ་སྒྱུ་འཕྲུལ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པའི་ཚེ། ལུས་ལྕི་བར་མ་ཚོར་ཏེ། གཞན་དུ་ན་ཡང་ བ་དང་། འཇམ་པ་དང་། བདེ་བར་ཚོར་ཞིང་ལྟོ་མི་བདེ་བའི་སྡུག་བསྔལ་གང་ཡང་མྱོང་བར་མ་གྱུར་ཏོ། །
BOའདོད་ཆགས་ཀྱིས་ཡོངས་སུ་གདུང་བའམ། ཞེ་སྡང་གིས་ཡོངས་སུ་གདུང་བའམ། གཏི་མུག་གིས་ཡོངས་སུ་གདུང་བས་ཀྱང་ཡོངས་སུ་གདུང་བར་མ་གྱུར། འདོད་པའི་རྣམ་ པར་རྟོག་པའམ། གནོད་སེམས་ཀྱི་རྣམ་པར་རྟོག་པའམ། གཙེ་བའི་རྣམ་པར་རྟོག་པ་དག་ལ་ཡང་རྣམ་པར་རྟོག་པར་མ་གྱུར་ཏེ། གྲང་བའམ། ཚ་བའམ། བཀྲེས་པའམ། སྐོམ་པའམ། མུན་པའམ། རྡུལ་ལམ། ངལ་བ་ཚོར་བའམ། མཐོང་བར་མ་གྱུར་ཏེ། དེ་ལ་ གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ཡིད་དུ་མི་འོང་བ་སྣང་བར་མ་གྱུར་ཏོ། ། རྨི་ལམ་ངན་པ་ཡང་མཐོང་བར་མ་གྱུར་ཏོ། ། དེ་ལ་བུད་མེད་ཀྱི་སྒྱུའམ། གཡོའམ། ཕྲག་དོག་གམ། བུད་མེད་ཀྱི་ཉོན་མོངས་པ་དག་ཀྱང་ཉམས་སུ་གནོད་པར་བྱེད་པར་མ་གྱུར་ཏོ། ། དེའི་ཚེ་བྱང་ཆུབ་ སེམས་དཔའི་མ་ནི་བསླབ་པའི་གཞི་ལྔ་ཡང་དག་པར་བླངས་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའི་མ་ཡང་སྐྱེས་པ་གང་ལ་ཡང་འདོད་ཆགས་ཀྱི་སེམས་སྐྱེ་བར་མ་གྱུར་ལ། སྐྱེས་པ་གང་ཡང་བྱང་ཆུབ་སེམས་དཔའི་ མ་ལ་འདོད་ཆགས་ཀྱི་སེམས་མི་སྐྱེའོ། ། སེར་སྐྱའི་གྲོང་ཁྱེར་ཆེན་པོ་དེ་དང་། ཡུལ་གཞན་དག་ན་སྐྱེས་པ་དང་། བུད་མེད་དང་།
BOཁྱེའུ་དང་། བུ་མོ་སུ་གང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོས་ནོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ སེམས་དཔའི་མ་མཐོང་མ་ཐག་ཏུ་སོས་ཤིང་དྲན་པ་ཐོབ་པར་གྱུར་ཏོ། ། མི་མ་ཡིན་པ་དེ་དག་ཀྱང་མྱུར་དུ་གནས་གཞན་དུ་འདོང་བར་གྱུར་ཏོ། ། སེམས་ཅན་གང་ལ་ལ་ཞིག་ནད་སྣ་ཚོགས་ཀྱིས་ཐེབས་པར་གྱུར་ཏེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་ལས་བྱུང་བའི་ ནད་ཀྱིས་གནོད་པར་གྱུར་པ་དང་། མིག་གི་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། མཆུའི་ནད་དམ། སོའི་ནད་དམ། ལྐོག་མའི་ནད་དམ། ཤུ་བའམ། འབྲས་སམ། མཛེའམ། ཤ་བཀྲའམ། སྐེམ་པའམ། བརྗེད་བྱེད་དམ། རིམས་སམ། ལྦ་བ་ འམ། ཕོལ་མིག་གམ། མེ་དབལ་ལམ། རྐང་ཤུ་ལ་སོགས་པའི་ནད་ཀྱིས་བཏབ་པར་གྱུར་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་མས། ལག་པ་གཡས་པ་སྤྱི་བོར་བཞག་པ་ཙམ་གྱིས་ནད་དང་བྲལ་བར་གྱུར་ཅིང་། རང་རང་གི་གནས་སུ་འདོང་བར་གྱུར་ཏོ། ། ཐ་ན་ལྷ་མོ་སྒྱུ་འཕྲུལ་ གྱིས་རྩྭ་ཉག་མ་འགའ་ཞིག་ས་ལས་བླངས་ཏེ་སེམས་ཅན་ནད་པ་དག་ལ་བྱིན་ཡང་དེ་དག་དེ་བླངས་མ་ཐག་ཏུ་ནད་མེད་ཅིང་ཉམས་པ་མེད་པར་གྱུར་ཏོ། །
BOགང་གི་ཚེ་ལྷ་མོ་སྒྱུ་འཕྲུལ་དེས་བདག་གི་ལྟོ་གཡས་པར་བལྟས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པ་དེ་འདི་ལྟ་སྟེ་དཔེར་ན་མེ་ ལོང་གི་དཀྱིལ་འཁོར་ཤིན་ཏུ་དག་པ་ལ་གདོང་གི་དཀྱིལ་འཁོར་སྣང་བ་བཞིན་ཏེ། དེ་ལྟར་དེ་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་པར་གྱུར་ཏོ། ། དགེ་སློང་དག་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པའི་བྱིན་གྱི་རླབས་ཀྱིས། ཉིན་མཚན་རྟག་ཏུ་རྒྱུན་མི་འཆད་པར་ལྷའི་རོལ་མོ་སིལ་སྙན་གྱི་སྒྲ་འབྱུང་ཞིང་ལྷའི་མེ་ཏོག་གི་ཆར་འབབ་པར་གྱུར་ཏོ། ། ཆར་ནི་དུས་བཞིན་དུ་འབབ། རླུང་ནི་དུས་བཞིན་དུ་ལྡང་། དུས་དང་སྐར་མ་དག་ཀྱང་དུས་བཞིན་དུ་འགྱུར་ཞིང་འཕོ་བར་གྱུར་ཏོ། ། རྒྱལ་སྲིད་ཀྱང་བདེ་ཞིང་ལོ་ལེགས་ ལ་འཁྲུག་པ་མེད་ཅིང་དགྲ་མེད་པར་གྱུར་ཏོ། ། སེར་སྐྱའི་གྲོང་ཁྱེར་ཆེན་པོ་དེ་ན་ཤཱཀྱའི་རིགས་དང་། སེམས་ཅན་གཞན་དག་འཁོད་པ་ཐམས་ཅད་ཀྱང་ཟ་ཞིང་འཐུང་། དགའ་ཞིང་རྩེ་ལ་དགའ་མགུར་སྤྱོད་དོ། ། སྦྱིན་པ་དག་ཀྱང་གཏོང་། བསོད་ནམས་དག་ཀྱང་བྱེད་དེ།
BOཟླ་བ་བཞི་ འདས་པའི་དུས་སྟོན་བཞིན་དུ་ཐམས་ཅད་ཀྱང་དགའ་བའི་མཆོག་གིས་རྩེ་ཞིང་བདེ་བར་གནས་པས་གནས་པར་གྱུར་ཏོ། ། རྒྱལ་པོ་ཟས་གཙང་མ་ཡང་ཚངས་པའི་སྤྱོད་པ་ཡང་དག་པར་བླངས་ཏེ། རྒྱལ་པོའི་ལས་བཏང་ནས་དཀའ་ཐུབ་ཀྱི་ནགས་ཚལ་ཡོངས་སུ་དག་པ་ན་གནས་པ་བཞིན་ དུ་ཐམས་ཅད་ཀྱང་དགའ་བའི་མཆོག་གིས་ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་ཏོ། ། དགེ་སློང་དག་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པ་ནི་རྣམ་པ་དེ་ལྟ་བུའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པས་གནས་པར་གྱུར་ཏོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་སྔོན་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པའི་ཚེ་གནས་གནས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། ། བདེ་བར་གཤེགས་པ་ མཐོང་ལགས་སོ། ། དེ་བཞིན་གཤེགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། དེ་མ་ཡིན་པའི་ལྷ་དང་། མི་གཞན་དག་ཀྱང་བསྟན་ཏེ་མཐོང་ནས། དེ་དག་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་ དང་། ཡིད་བདེ་བ་སྐྱེས་སོ། །
BOམི་མཇེད་ཀྱི་བདག་པོ་ཚངས་པས་དེའི་ཕྱིར་ཡང་ཚངས་པའི་འཇིག་རྟེན་དུ་མཆོད་པར་བྱ་བའི་ཕྱིར་བཏེག་སྟེ་ཁྱེར་ནས་བཞག་པར་གྱུར་ཏོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་ དཔའ་མའི་རུམ་ན་འདུག་པས་ལྷ་དང་མི་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཚེ་རྒྱལ་སྲས་སེམས་ཅན་དམ་པ་མ་ཡི་རུམ་གནས་པ། ། དེ་ཚེ་ས་འདི་ཚལ་དང་བཅས་པར་རྣམ་པ་དྲུག་ཏུ་གཡོས། ། གསེར་མདོག་འོད་བཀྱེ་ངན་སོང་ཐམས་ཅད་རྣམ་པར་སྦྱངས་པར་གྱུར། ། ཆོས་ཀྱི་རྒྱལ་པོར་འགྱུར་ཞེས་ལྷ་ཡི་ཚོགས་རྣམས་རབ་ཏུ་དགའ། ། གཞལ་མེད་ཁང་ཆེན་དབྱིབས་ལེགས་རིན་ཆེན་དུ་མས་རྣམ་པར་སྤྲས། ། དེར་ནི་དཔའ་བོ་རྣམ་པར་འདྲེན་པ་ཞུགས་པར་གྱུར་ནས་འདུག ། ཙན་དན་དྲི་ཞིམ་མཆོག་གིས་རབ་ཏུ་གང་ཞིང་རྣམ་པར་མཛེས། ། སྟོང་གསུམ་རིན་ཆེན་ཡོངས་བཀང་དེ་ཡི་སྲང་ཕྱེད་རིན་མི་ཆོག ། སྟོང་ཆེན་འཇིག་རྟེན་ཁམས་ཀྱང་འོག་ནས་བརྟོལ་བ་བྱས་ནས་ནི། ། ཡོན་ཏན་འབྱུང་བའི་གནས་ཀྱི་པད་མའི་སྙིང་ཁུའི་ཐིགས་པ་བྱུང་། །
BOདེ་བཞིན་ ཞག་བདུན་བསོད་ནམས་གཟི་བརྗིད་ཚངས་པའི་འཇིག་རྟེན་འཕགས། ། དེ་ལས་སྙིང་ཁུའི་ཐིགས་བླངས་ཚངས་པ་རྒྱལ་བའི་སྲས་ལ་འབུལ། ། བྱང་ཆུབ་སེམས་དཔའ་དཔའ་བོ་ཚངས་པ་འདྲ་བ་མ་གཏོགས་པར། ། སེམས་ཅན་གང་གིས་དེ་ཟོས་འཇུར་འགྱུར་སེམས་ཅན་རིས་ན་མེད། ། བསྐལ་པ་དུ་མའི་བསོད་ནམས་གཟི་བརྗིད་སྙིང་ཁུའི་ཐིགས་གནས་པ། ། དེ་ཟོས་ལུས་དང་སེམས་དང་ཤེས་པ་རྣམ་པར་དག་པར་གྱུར། ། འདྲེན་པ་མཆོད་ཕྱིར་བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་བ་རྣམས། ། བྱང་ཆུབ་སེམས་དཔའི་དྲུང་དུ་རྟག་པར་དུས་གསུམ་རྒྱུན་ཏུ་འོང་། ། ཕྱག་བྱས་ མཆོད་བྱས་ཆོས་ཀྱི་དམ་པ་དེ་དག་ཐོས་གྱུར་ནས། ། བསྐོར་བ་བྱས་ཏེ་ཀུན་ཀྱང་གང་ནས་འོངས་པའི་གནས་སུ་འདོང་། ། འཇིག་རྟེན་ཁམས་རྣམས་ཀུན་ནས་ཆོས་འདོད་བྱང་ཆུབ་སེམས་དཔའ་འོང་། ། འོད་བཀོད་ཁྲིར་གྱུར་རྣམས་ལ་དེ་དག་གནས་པར་ཕན་ཚུན་སྣང་། ། མཆོག་ཏུ་བྱ་བའི་ ཐེག་པ་དམ་པའི་ཆོས་ནི་ཐོས་གྱུར་ནས། ། ཀུན་ཀྱང་དགའ་བའི་སེམས་གྱུར་བསྟོད་པའི་ཕྲེང་བ་བརྗོད་ཅིང་འདོང་། ། བུད་མེད་བྱིས་པ་གང་དག་སྡུག་བསྔལ་ལྡན་པར་གྱུར་པ་དང་། ། འབྱུང་པོས་ནོན་དང་སེམས་འཁྲུགས་གོས་མེད་རྡུལ་གྱིས་ཡོག་པ་རྣམས། །
BOདེ་ཀུན་ལྷ་མོ་སྒྱུ་འཕྲུལ་ མཐོང་ནས་སེམས་ནི་རྙེད་གྱུར་ཏེ། ། བློ་གྲོས་རྟོགས་དང་དྲན་དང་ལྡན་ཞིང་སོ་སོའི་ཁྱིམ་ཁྱིམ་འདོང་། ། རླུང་དང་བད་ཀན་མཁྲིས་པའི་ནད་དང་འདུས་པའི་ནད་ཐེབས་དང་། ། མིག་ནད་རྣ་ནད་དག་གིས་ལུས་སེམས་མི་བདེར་གྱུར་པ་དག ། རྣམ་མང་ཐ་དད་ནད་ཀྱི་རྣམ་པས་གང་དག་ གནོད་གྱུར་པ། ། དེ་དག་སྒྱུ་འཕྲུལ་ལག་པ་མགོ་ལ་བཞག་པས་ནད་མེད་གྱུར། ། ཡང་ན་རྩྭ་ཡི་ཉག་མ་འགའ་ཞིག་ས་ལས་བླངས་བྱས་ཏེ། ། སྒྱུ་འཕྲུལ་ནད་པ་བྱིན་ན་ཐམས་ཅད་རིམས་ནད་མེད་པར་གྱུར། ། བདེ་བ་ཐོབ་ཅིང་ད་རོད་མ་ཉམས་སོ་སོའི་ཁྱིམ་དུ་འདོང་། ། དེ་ནི་སྨན་གྱུར་སྨན་ པའི་རྒྱལ་པོ་རུམ་ན་འདུག་ཕྱིར་རོ། ། གང་ཚེ་ལྷ་མོ་སྒྱུ་འཕྲུལ་བདག་གི་ལུས་ལ་བརྟག་བྱས་པ། ། དེ་ཚེ་བྱང་ཆུབ་སེམས་དཔའ་རུམ་ན་འདུག་པ་མཐོང་བ་ནི། ། ཇི་ལྟར་བར་སྣང་གནས་ཀྱི་ཟླ་བ་སྐར་མས་བསྐོར་གནས་པ། ། དེ་བཞིན་བྱང་ཆུབ་སེམས་དཔའ་མཚན་གྱིས་ཀུན་ནས་ བརྒྱན་པ་སྣང་། ། དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གནོད་པར་འགྱུར་བ་མེད། ། འདོད་ལ་འདོད་པ་དེ་མེད་དེ་ལ་ཕྲག་དོག་འཚེ་བ་མེད། ། དགའ་བའི་སེམས་དང་མགུ་བའི་སེམས་དང་དགའ་དང་ཡིད་བདེར་གནས། །
BOདེ་ལ་བཀྲེས་དང་སྐོམ་དང་ཚ་དང་གྲང་བའི་གནོད་ པ་མེད། ། ལྷ་ཡི་རོལ་མོ་སིལ་སྙན་དབྱངས་སྒྲ་མ་བྱས་རྟག་ཏུ་འབྱུང་། ། ལྷ་ཡི་སྤོས་དྲི་མེ་ཏོག་དམ་པ་མཆོག་མཛེས་ཆར་ཡང་འབབ། ། ལྷ་དང་མི་རྣམས་དེ་ལ་ལྟ་ཞིང་ལྷ་མི་ཐམས་ཅད་ཀྱང་། ། དེ་དག་ཕན་ཚུན་གནོད་པ་མེད་ཅིང་འཚེ་བ་གང་ཡང་མེད། ། སེམས་ཅན་དགའ་བདེར་ རྩེ་ཞིང་ཟས་དང་སྐོམ་གྱི་སྦྱིན་པ་བྱེད། ། དགའ་བའི་སྒྲ་སྒྲོག་དེ་དག་དགའ་ཞིང་མགུ་བའི་ཡིད་དང་ལྡན། ། རྒྱལ་པོའི་སྲིད་བདེ་འཁྲུག་པ་མེད་ཅིང་ཆར་པ་དུས་བཞིན་འབབ། ། རྩྭ་དང་སྨན་དང་མེ་ཏོག་རྣམས་ཀྱང་དེ་ཡི་དུས་སུ་སྐྱེ། ། རྒྱལ་པོའི་ཁབ་ཏུ་ཞག་བདུན་རིན་ཆེན་ཆར་པ་བབ་གྱུར་ པས། ། སེམས་ཅན་དབུལ་པོ་དེ་ལས་ལེན་ཅིང་སྦྱིན་བྱེད་བདེ་བར་སྤྱོད། ། སེམས་ཅན་དབུལ་ཞིང་སྡུག་བསྔལ་གྱུར་པ་དེ་ཚེ་གང་ཡང་མེད། ། རི་རབ་ཟོམ་གྱི་དགའ་ཚལ་སེམས་ཅན་བཞིན་དུ་དགའ་དང་ལྡན། ། ཤཱཀྱའི་རྒྱལ་པོ་དེ་ཡང་གསོ་སྦྱོང་རབ་ལ་ཉེར་གནས་ཤིང་། ། དེ་ནི་ རྒྱལ་པོའི་བྱ་བ་མི་བྱེད་ཆོས་ལ་རྟག་པར་སྤྱོད། ། དེ་ནི་དཀའ་ཐུབ་ནགས་ཚལ་སོང་ནས་ལྷ་མོ་སྒྱུ་འཕྲུལ་ལ། ། སེམས་ཅན་མཆོག་སྲེལ་ཁྱོད་ཀྱི་ལུས་ལ་བདེ་བ་ཅི་འདྲ་རྨེད། །
BOལྷུམས་སུ་འཇུག་པའི་ལེའུ་སྟེ་དྲུག་པའོ། ། ། ། དགེ་སློང་དག་དེ་ལྟར་ཟླ་བ་བཅུ་འདས་ཏེ། བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ་པ་དང་། རྒྱལ་པོ་ཟས་གཙང་མའི་སྐྱེད་མོས་ཚལ་དུ་སྔ་ལྟས་སུམ་ཅུ་རྩ་གཉིས་བྱུང་ངོ་། ། སུམ་ཅུ་རྩ་གཉིས་གང་ཞེ་ན། མེ་ཏོག་ཐམས་ཅད་ཁ་འབུས་ནས་རྒྱས་པར་གྱུར་པ་དང་། རྫིང་དག་ན་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་ མུ་ད་དང་། པད་མ་དཀར་པོ་ཡོད་པ་དག་ཀྱང་ཁ་འབུས་ནས་རྒྱས་པར་གྱུར་པ་དང་། མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་གསར་པ་དག་ཀྱང་ས་ལས་འཐོན་ཏེ་ཁ་འབུས་ནས་རྒྱས་པར་གྱུར་པ་དང་། རིན་པོ་ཆེའི་ཤིང་ལྗོན་པ་བརྒྱད་བྱུང་བ་དང་། གཏེར་ཆེན་པོ་ཉི་ཁྲི་འབུས་ཏེ་བྱུང་ནས་གནས་ པར་སྣང་བ་དང་། ཁྱིམ་གྱི་ནང་དུ་ཡང་རིན་པོ་ཆེའི་མྱུ་གུ་འཐོན་པ་དང་སྤོས་ཆུའི་དཔལ་གྱི་ཝ་འབྲུ་མར་དྲི་ཞིམ་པོས་སྦགས་པ་རྣམས་ཀྱང་ཟག་པར་གྱུར་པ་དང་། གངས་ཀྱི་རིའི་ངོས་ལས་སེང་གེའི་ཕྲུ་གུ་དག་འོངས་ཏེ། དགའ་བར་རྩེ་ཞིང་སེར་སྐྱའི་གྲོང་ཁྱེར་དམ་པ་ལ་བསྐོར་བ་བྱས་ནས་ སྒོ་ན་གནས་པར་གྱུར་ཀྱང་སེམས་ཅན་གང་ལ་ཡང་འཚེ་བ་མེད་པར་གྱུར་པ་དང་། གླང་པོའི་ཕྲུ་གུ་ཐལ་ཀར་ལྔ་བརྒྱ་ལྷགས་ཏེ།
BOརྒྱལ་པོ་ཟས་གཙང་མའི་རྐང་པ་ལ་སྣའི་རྩེ་མོས་ཉུག་ཅིང་གནས་པར་གྱུར་པ་དང་། ལྷའི་བྱིས་པ་རོགས་པ་སྐ་རགས་བཅིངས་པ་དག་ཀྱང་རྒྱལ་པོ་ཟས་ གཙང་མའི་བཙུན་མོའི་འཁོར་གྱི་པང་པ་ནས་པང་པ་དག་ཏུ་འགྲེ་ལྡོག་པར་སྣང་བར་གྱུར་པ་དང་། ཀླུའི་བུ་མོ་མཆོད་པ་སྣ་ཚོགས་ཀྱི་ཡོ་བྱད་ཐོགས་པ་དག་ཀྱང་ལུས་ཕྱེད་ཕྱུང་ཞིང་ནམ་མཁའ་ལ་རྒྱུ་བར་སྣང་བ་དང་། ལྷའི་བུ་མོ་ཁྲི་ཡང་རྨ་བྱའི་མདོངས་ལག་ན་ཐོགས་ཤིང་ནམ་མཁའ་ ལ་འཁོད་པར་སྣང་བ་དང་། བུམ་པ་གང་བ་ཁྲི་ཡང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་སྐོར་བ་བྱེད་པར་སྣང་བ་དང་། ལྷའི་བུ་མོ་ཁྲི་ཡང་སྤོས་ཆུའི་རིལ་བ་བྲིང་ག་ར་གླད་ལ་ཐོགས་ཤིང་འཁོད་པར་སྣང་བ་དང་། ལྷའི་བུ་མོ་ཁྲི་ཡང་གདུགས་དང་། རྒྱལ་མཚན་དང་། བ་དན་ ཐོགས་ཤིང་འཁོད་པར་སྣང་བ་དང་། ལྷའི་བུ་མོ་བརྒྱ་སྟོང་མང་པོ་དག་ཀྱང་དུང་དང་། རྔ་དང་། རྫ་རྔ་དང་། ཁར་རྔ་མགུལ་ནས་སྤྱངས་ཏེ་སྡོད་ཅིང་འཁོད་པར་སྣང་བ་དང་། རླུང་ཐམས་ཅད་ཀྱང་མི་ལྡང་བར་གནས་པར་གྱུར་པ་དང་། ཆུ་ཀླུང་དང་ཆུ་བྲན་ཐམས་ཅད་ཀྱང་མི་འགུལ་ཞིང་མི་ འབབ་པར་གྱུར་པ་དང་། ཉི་ཟླ་དང་། གཞལ་མེད་ཁང་དང་། རྒྱུ་སྐར་དང་།
BOསྐར་མའི་ཚོགས་རྣམས་ཀྱང་མི་རྒྱུ་བར་གྱུར་པ་དང་། སྐར་མ་རྒྱལ་དང་ཡང་ལྡན་པར་གྱུར་པ་དང་། རྒྱལ་པོ་ཟས་གཙང་མའི་ཁྱིམ་ཡང་རིན་པོ་ཆེའི་དྲ་བས་ཡོག་པར་གྱུར་པ་དང་། མེ་ཡང་མི་ འབར་བར་གྱུར་པ་དང་། ཁང་པ་བརྩེགས་པ་དང་། ཁང་{བཟངས་,བཟང་}དང་། ཡང་ཐོག་དང་། རྟ་བབས་དག་ལའང་ནོར་བུ་དང་། རིན་པོ་ཆེ་དག་འཕྱང་བར་སྣང་བར་གྱུར་པ་དང་། རས་བཅོས་བུའི་མཛོད་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་མཛོད་རྣམས་ཀྱང་སྒོ་བྱེ་བར་སྣང་བ་དང་། བྱ་ རོག་དང་། འུག་པ་དང་། བྱ་རྒོད་དང་། སྤྱང་ཀི་དང་། ཝའི་སྒྲ་དག་ཀྱང་མེད་པར་གྱུར་པ་དང་། སྒྲ་སྐད་སྙན་པའི་སྒྲ་དག་ཀྱང་འབྱུང་བར་གྱུར་པ་དང་། སྐྱེ་བོ་ཐམས་ཅད་ཀྱི་ལས་ཀྱི་མཐའ་འང་རྒྱུན་ཆད་པར་གྱུར་པ་དང་། སའི་ཕྱོགས་མཐོན་དམན་དུ་འདུག་ པ་རྣམས་ཀྱང་མཉམ་པར་གནས་པར་གྱུར་པ་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་དང་། སྲང་དང་། ཚོང་འདུས་ཀྱི་འཁོར་ཀྱང་ལག་མཐིལ་ལྟར་གཞི་མཉམ་ཞིང་འཇམ་ལ་མེ་ཏོག་སིལ་མས་གང་སྟེ་མཛེས་པར་སྣང་བ་དང་། སྦྲུམ་པ་ཐམས་ཅད་ཀྱང་བདེ་བ་དང་། ལེགས་ པར་བཙའ་བར་གྱུར་པ་དང་། ཤིང་སཱ་ལའི་ནགས་ཚལ་གྱི་ལྷ་ཐམས་ཅད་ཀྱང་ཤིང་གི་ལོ་མའི་ནང་ནས་ལུས་ཕྱེད་ཕྱུང་སྟེ།
BOཕྱག་འཚལ་ཞིང་གནས་པར་སྣང་བ་སྟེ། སྔ་ལྟས་སུམ་ཅུ་རྩ་གཉིས་པོ་དེ་དག་བྱུང་བར་གྱུར་ཏོ། ། དེ་ནས་ལྷ་མོ་སྒྱུ་འཕྲུལ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ གཟི་བརྗིད་དང་མཐུས་བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ་པར་ཤེས་ཏེ། ནམ་གྱི་སྲོད་ལ་རྒྱལ་པོ་ཟས་གཙང་མའི་དྲུང་དུ་འོངས་ནས་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་བསམ་པ་གང་ལགས་གསོལ་གྱིས་ལྷ་ནི་གསན་དུ་གསོལ། ། ཡུན་རིང་རིང་པོ་འདས་ནས་ སྐྱེད་མོས་ཚལ་གྱི་བློ་སྐྱེས་ཏེ། ། གལ་ཏེ་ཁྱོད་མི་བཀྱོན་ཅིང་ཞེ་སྡང་ཕྲག་དོག་མི་མངའ་ན། ། བདག་ནི་རྩེ་ནས་སྐྱེད་མོས་ཚལ་དུ་མྱུར་དུ་མཆི་བར་བགྱི། ། ཆོས་དགོངས་བརྩོན་པ་དཀའ་ཐུབ་སྤྱོད་པས་ཁྱོད་ཀྱང་སྐྱོན་མཁྱེན་གྲང་། ། བདག་ཀྱང་སེམས་ཅན་དག་པ་བསྲེལ་ནས་ཡུན་ནི་རིང་ ལགས་ལ། ། སཱ་ལའི་ཤིང་ལྗོན་སྡོང་པོ་མཆོག་ཀྱང་མེ་ཏོག་ཁ་འབུས་ཏེ། ། སྐྱེད་མོས་ཚལ་གྱི་དོག་སར་ད་ནི་མཆི་བའི་རིགས་སོ་ལྷ། ། སོས་ཀའི་དུས་མཆོག་བུད་མེད་རྣམས་ཀྱི་རྒྱན་དུ་གྱུར་ལགས་ཏེ། ། ནགས་རྒྱུ་ཁུ་བྱུག་དང་ནི་རྨ་བྱ་སྒྲ་རབ་སྙན་པ་འབྱིན། ། གཙང་ཞིང་ མཛེས་ལ་སྣ་ཚོགས་མེ་ཏོག་རྡུལ་གྱི་ངད་ཀྱང་ལྡང་། །
BOད་ནི་མཆི་ན་མ་ཐོགས་ལེགས་པར་བཀའ་ལུང་སྩལ་དུ་གསོལ། ། རྒྱལ་པོའི་དབང་པོས་ལྷ་མོ་ལས་ནི་དེ་སྐད་ཚིག་ཐོས་ནས། ། དགའ་ཞིང་རབ་ཏུ་མགུ་བའི་སེམས་ཀྱིས་འཁོར་ལ་སྨྲས་པ་ནི། ། བཞོན་པ་བཞོན་ཆེ་ མགྱོགས་པའི་ཤུགས་ལྡན་དག་ཀྱང་བསྟད་པར་གྱིས། ། ཡོན་ཏན་ཕུན་སུམ་ཚོགས་ལྡན་ལུམ་བི་ནི་ཚལ་བརྒྱན་པར་གྱིས། ། རི་སྔོའི་མདོག་ལྡན་སྤྲིན་གྱི་ཁ་དོག་འཐུན་པར་གྱུར་པ་ཡི། ། གླང་པོ་སྟོང་ཕྲག་ཉི་ཤུ་སྙེད་ཅིག་མྱུར་དུ་བསྟད་པར་གྱིས། ། གླང་པོའི་དབང་པོ་མཆེ་བ་དྲུག་ ལྡན་དྲིལ་མཛེས་གློ་ལ་བརྒྱུས། ། གསེར་དང་ནོར་བུས་རྣམ་པར་སྤྲས་ཤིང་གསེར་གྱི་དྲ་བས་སྤུད། ། རྒྱལ་པོའི་བཅིབས་པ་རླུང་ལྟར་མགྱོགས་པའི་ཤུགས་དང་ལྡན་པ་སྟེ། ། དངུལ་དང་ཁ་བའི་མདོག་འདྲ་རྔ་རྔོག་ལྕང་ལོ་བཟང་འཁྲིལ་བའི། ། རྟ་མཆོག་སྟོང་ཕྲག་ཉི་ཤུ་བགྲངས་ པ་མྱུར་དུ་སྟོང་གྱིས་ཏེ། ། གསེར་དྲིལ་གཡེར་ཀའི་དྲ་བ་གློ་ནས་སྦྱང་བ་གྱིས། ། སྐྱེས་བུ་རྟུལ་ཕོད་གཡུལ་ལ་མོས་ཤིང་འཐབ་འདོད་དཔའ་བོ་དག ། མདའ་གཞུ་རལ་གྲི་མདུང་ཐུང་ཞགས་པ་མཚོན་ཆ་རྣོ་ཐོགས་པ། ། སྟོང་ཕྲག་ཉི་ཤུ་བགྲངས་པ་མྱུར་དུ་ཆོས་ཏེ་བཤམ་གྱིས་ལ། །
BOསྒྱུ་འཕྲུལ་འཁོར་དང་བཅས་པ་བག་ཡོད་པར་ནི་བསྲུང་བར་གྱིས། ། ལུམ་བི་ནི་དེར་གསེར་དང་ནོར་བུའི་རྒྱན་ཁྲོམ་བརྒྱན་པར་གྱིས། ། གོས་དམར་རྣམ་པ་མང་པོས་ཤིང་རྣམས་ཐམས་ཅད་བརྒྱན་པར་གྱིས། ། ལྷ་ཡི་དགའ་ཚལ་བཞིན་དུ་མེ་ཏོག་སྣ་ཚོགས་ཆལ་པར་ཁྲོམ། ། དེ་ལྟར་ཐམས་ཅད་བཤམས་ཟིན་མྱུར་དུ་ང་ལ་སྦྲན་པར་གྱིས། ། འཁོར་རྣམས་ཀྱིས་ནི་དེ་སྐད་ཚིག་ཐོས་སྐད་ཅིག་ཏུ། ། བཞོན་པ་ཀུན་བཤམས་དེ་བཞིན་ལུམ་བི་ནི་ཡང་བརྒྱན་བྱས་ཏེ། ། རྒྱལ་གྱུར་རྒྱལ་གྱུར་སྐུ་ཚེ་རིང་སྐྱོངས་རྒྱལ་པོ་གཤེགས་སུ་གསོལ། ། ཇི་སྐད་བཀའ་ སྩལ་དེ་བཞིན་ཀུན་བགྱིས་དུས་བབ་ལྷ་གཟིགས་ཤིག ། མི་ཡི་བདག་པོ་དམ་པ་དེ་ཡང་དགའ་བའི་སེམས་གྱུར་ནམ། ། ཁྱིམ་གྱི་དམ་པར་ཞུགས་ཏེ་བུད་མེད་རྣམས་ལ་འདི་སྐད་སྨྲས། ། གང་ཞིག་ང་ལ་སྙིང་ཉེ་ང་ལ་དགའ་བར་འདོད་པ་དག ། ང་ཡི་བཀའ་བཞིན་གྱིས་ཏེ་བདག་གི་ ལུས་ཀུན་བརྒྱན་པར་གྱིས། ། སྤོས་མཆོག་ངད་ཀྱི་དྲི་ཞིམ་ཁ་དོག་སྣ་ཚོགས་སྡུག་པའི་གོས། ། འཇམ་ཞིང་ཡིད་འོང་དགའ་བའི་སེམས་ཀྱིས་ལེགས་པར་བགོ་བར་གྱིས། ། བྲང་ན་འཕྱང་བའི་མུ་ཏིག་སེ་མོ་དོ་ཡིས་བརྒྱན་པར་གྱིས། །
BOརྒྱན་གྱི་ཁྱད་པར་ཐམས་ཅད་དེ་རིང་ ཀུན་གྱིས་བསྟན་པར་གྱིས། ། ཁར་རྔ་རྒྱུད་གཅིག་གླིང་བུ་པི་ཝང་རྫ་རྔ་དུམ་དུམ་ཕེག ། སིལ་སྙན་ཡིད་དུ་འོང་བ་བརྒྱ་སྟོང་དག་ཀྱང་བཤམ་པར་གྱིས། ། སྒྲ་སྙན་ཐོས་ནས་ལྷ་རྣམས་རབ་ཏུ་དགའ་བ་སྐྱེ་འགྱུར་ཞིང་། ། ལྷ་མོ་རྣམས་ཀྱང་དེ་བཞིན་དགའ་བར་འགྱུར་ བ་ཁྱེད་ཀྱིས་གྱིས། ། ཤིང་རྟའི་མཆོག་འདིར་ལྷ་མོ་སྒྱུ་འཕྲུལ་གཅིག་པུ་འདུག་པར་གྱིས། ། བུད་མེད་སྐྱེས་པ་གཞན་དག་སུ་ཡང་ཤིང་རྟ་དེར་མ་འཁོད། ། ན་ཆུང་སྣ་ཚོགས་གོ་ཅན་རྣམས་ཀྱིས་ཤིང་རྟ་དེ་དྲོངས་ཏེ། ། གང་དུའང་ཡིད་དུ་མི་འོང་མི་འཐུན་སྒྲ་རྣམས་མི་(གྲག་,གྲགས་)ཀྱིས། ། ལྷ་མོ་སྒྱུ་འཕྲུལ་ཁྱིམ་ནས་བྱུང་སྟེ་སྒོ་དྲུང་ཕྱིན་པའི་ཚེ། ། རྟ་དང་གླང་པོ་ཤིང་རྟ་རྐང་ཏང་དཔལ་ལྡན་སྣ་ཚོགས་དཔུང་། ། རྒྱལ་པོའི་སྒོ་དྲུང་ལྷགས་ཚེ་སྒྲ་ཆེན་མང་པོ་གྲག་པར་གྱུར། ། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་ལྟར་དེ་དག་ཡོངས་སུ་གྲག ། དེ་ཚེ་བཀྲ་ཤིས་དོན་དུ་དྲིལ་བུ་བརྒྱ་སྟོང་ དཀྲོལ་བར་བྱས། ། ཤིང་རྟ་དེ་ཡང་དེ་ལྟར་རྒྱལ་པོས་སྣ་ཚོགས་བརྒྱན་པ་ལ། ། ལྷ་རྣམས་སྟོང་གིས་ལྷ་ཡི་ཁྲི་ཡང་ལེགས་པར་བཤམ་པ་བྱས། །
BOརིན་ཆེན་ཤིང་ལྗོན་མེ་ཏོག་ལོ་མ་ལྡན་བཞིན་ལྡན་པར་བྱས། ། རྨ་བྱ་ཁྲུང་ཁྲུང་ངང་པ་ཡིད་དུ་འོང་བའི་སྒྲ་ཡང་འབྱིན། ། གདུགས་དང་རྒྱལ་མཚན་བ་དན་ཆེ་ཕྲ་ཀུན་ནས་འཁོར་བར་བསྒྲེང་། ། ལྷ་ཡི་གོས་དང་དྲིལ་བུ་གཡེར་ཀའི་དྲ་བ་མཆོག་གིས་བཀབ། ། ལྷ་ཡི་བུ་མོ་ནམ་མཁའ་ལས་ནི་ཤིང་རྟ་དེ་ལ་ལྟ། ། ལྷ་ཡི་སྒྲ་དབྱངས་སྙན་པ་སྒྲོག་ཅིང་བསྟོད་པའི་ཚིག་བརྗོད་དེ། ། གང་ཚེ་ལྷ་མོ་སྒྱུ་འཕྲུལ་ སེང་གེའི་ཁྲི་ལ་འདུག་གྱུར་པ། ། དེ་ཚེ་སྟོང་གསུམ་ས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། ། ལྷ་རྣམས་གོས་ཀྱི་གཡབ་མོ་འབྱིན་ཅིང་མེ་ཏོག་སྣ་ཚོགས་འཐོར། ། དེ་རིང་ལུམ་བི་ནི་འདིར་འགྲོ་བའི་དམ་པ་བལྟམ་གྱུར་ཏེ། ། འཇིག་རྟེན་སྐྱོང་བ་བཞི་ནི་ཤིང་རྟའི་མཆོག་དེ་འདྲེན་ པར་བྱེད། ། སུམ་ཅུ་རྩ་གསུམ་བདག་པོ་དབང་པོའང་ལམ་གྱི་བྱི་དོར་བྱེད། ། ཚངས་པ་སྐྱེ་བོ་མི་སྲུན་སེལ་ཅིང་སྔོན་དུ་འགྲོ་བར་གྱུར། ། ལྷ་རྣམས་བརྒྱ་ཕྲག་སྟོང་ཡང་ཐལ་མོ་སྦྱར་བས་ཕྱག་འཚལ་འདུད། ། རྒྱལ་པོ་རབ་ཏུ་དགའ་བའི་སེམས་ཀྱིས་བཀོད་པ་དེ་ལ་ལྟ། ། དེ་ནི་འདི་སྙམ་འདི་ནི་ལྷ་ཡི་ལྷ་ཞིག་ཡིན་སྙམ་བྱེད། ། གང་ལ་སྐྱོང་བ་བཞི་དང་ཚངས་པ་དབང་པོར་བཅས་པའི་ལྷ། །
BOམཆོད་པ་རྒྱ་ཆེན་བྱེད་པ་འདི་ནི་ངེས་པར་སངས་རྒྱས་འགྱུར། ། སྲིད་པ་གསུམ་ན་ལྷ་ཀླུ་བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་། ། གང་ཡང་མཆོད་པ་འདི་འདྲ་བཟོད་ པའི་སེམས་ཅན་དེ་མེད་དེ། ། ཡང་ན་མགོ་འགས་ཡང་ན་དེ་དག་སྲོག་དང་བྲལ་བར་འགྱུར། ། འདི་ནི་ལྷ་ཡི་དམ་པ་ཡིན་པས་མཆོད་པ་ཐམས་ཅད་བཟོད། ། དགེ་སློང་དག་དེ་ནས་ལྷ་མོ་སྒྱུ་འཕྲུལ་རྟའི་ཤིང་རྟ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་གིས་ནི་ཀུན་ནས་བསྐོར། གླང་པོ་ཆེའི་ཤིང་རྟ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་དང་། རྐང་ཏང་དཔའ་ཞིང་རྟུལ་ཕོད་པ་ཡན་ལག་དམ་པ་དང་ལྡན་པ། གོ་ཆ་ལེགས་པར་བགོས་པ་སྲ་བའི་གོ་གྱོན་པ་བརྒྱད་ཁྲི་བཞི་སྟོང་གིས་ནི་ཡོངས་སུ་བསྲུངས། ཤཱཀྱའི་བུ་མོ་སྟོང་ཕྲག་དྲུག་ཁྲིས་ནི་མདུན་དུ་ བདར། རྒྱལ་པོ་ཟས་གཙང་མའི་ཕུ་ནུའི་རིགས་སུ་སྐྱེས་པའི་ཤཱཀྱ་རྒན་པ་དང་། གཞོན་པ་དང་། བར་མ་བཞི་ཁྲིས་ནི་ཡོངས་སུ་བསྲུངས། རྒྱལ་པོ་ཟས་གཙང་མའི་སླས་གླུ་དང་རོལ་མོའི་དབྱངས་སྒྲ་ནི་བྱེད། ཁར་བའི་སིལ་ཁྲོལ་དང་། ཕེག་རྡོབ་སིལ་སྙན་དང་། གླུ་ དབྱངས་ལེན་པ་དྲུག་ཁྲིས་ནི་ཀུན་ནས་བསྐོར། ལྷའི་བུ་མོ་བརྒྱད་ཁྲི་བཞི་སྟོང་དང་།
BOཀླུའི་བུ་མོ་བརྒྱད་ཁྲི་བཞི་སྟོང་དང་། དྲི་ཟའི་བུ་མོ་བརྒྱད་ཁྲི་བཞི་སྟོང་དང་། མི་འམ་ཅིའི་བུ་མོ་བརྒྱད་ཁྲི་བཞི་སྟོང་དང་། ལྷ་མ་ཡིན་གྱི་བུ་མོ་བརྒྱད་ཁྲི་བཞི་སྟོང་བཀོད་པའི་རྒྱན་སྣ་ཚོགས་ ཀྱིས་བརྒྱན་པ་ཤ་སྟག་གླུ་དང་རོལ་མོའི་དབྱངས་སྒྲ་སྣ་ཚོགས་ཀྱིས་བསྔགས་པ་བརྗོད་པ། རྗེས་སུ་འབྲང་བས་འགྲོའོ། ། ལུམ་བི་ནིའི་ནགས་ཚལ་དེ་ཐམས་ཅད་ཀྱང་སྤོས་ཆུའི་ཆག་ཆག་གིས་བཏབ་ཅིང་ལྷའི་མེ་ཏོག་གིས་གཏོར་བར་གྱུར་ཏོ། ། ནགས་ཚལ་དམ་པ་དེའི་ནང་ ན་ཤིང་ལྗོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་དུས་ལ་མ་བབ་པར་ལོ་མ་དང་མེ་ཏོག་དང་འབྲས་བུ་སྐྱེད་པར་གྱུར་ཏོ། ། ནགས་ཚལ་དེ་ནི་ལྷ་རྣམས་ཀྱིས་ཀྱང་ལེགས་པར་བརྒྱན་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། འདྲེས་པའི་ཚལ་ལྷ་རྣམས་ཀྱིས་ལེགས་པར་བརྒྱན་པ་བཞིན་ནོ། ། དེ་ནས་ལྷ་མོ་སྒྱུ་འཕྲུལ་ལུམ་བི་ནིའི་ནགས་ཚལ་དུ་ཕྱིན་ནས་ཤིང་རྟ་དམ་པ་དེ་ལས་བབས་ཏེ། མི་དང་ལྷའི་བུ་མོ་དག་གིས་ཡོངས་སུ་བསྐོར་ཅིང་། ཤིང་དྲུང་ནས་ནི་ཤིང་དྲུང་དག་ཏུ་འགྲོ། ནགས་ཚལ་ནས་ནི་ནགས་ཚལ་དག་ཏུ་འཆག །
BOལྗོན་པ་ནས་ནི་ལྗོན་པ་དག་ལ་ ལྟ་ཞིང་དེ་རིམ་གྱིས་ཤིང་རིན་པོ་ཆེ་ཆེན་པོ་མཆོག་དང་ཕུལ་དུ་བྱ་བ། ཡལ་ག་ཤིན་ཏུ་རྣམ་པར་འབྱེས་པ། ལོ་མ་དང་དོག་པ་བཟང་པོ་དང་ལྡན་པ། མི་དང་ལྷའི་མེ་ཏོག་སྣ་ཚོགས་རབ་ཏུ་རྒྱས་པ། སྤོས་མཆོག་དང་ཕུལ་དུ་བྱ་བའི་དྲིའི་ངད་དང་ལྡན་པའི་གོས་ཁ་དོག་སྣ་ཚོགས་ སྤྱངས་པ། ནོར་བུ་དང་རིན་པོ་ཆེ་སྣ་ཚོགས་ལྟ་བུའི་འོད་རྣམ་པ་ཐ་དད་པ་འབར་བ། རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་རྣམས་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ། ཡལ་ག་རིང་ཞིང་ཤིན་ཏུ་རྣམ་པར་འབྱེས་པ། བླག་ཤ་ཞེས་བྱ་བ་སའི་ ཕྱོགས་ལག་མཐིལ་ལྟར་མཉམ་ཞིང་ཤིན་ཏུ་བཟང་ལ་ཡངས་པ། རྩྭ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུ་སྐྱེས་པ། ཀ་ཙ་ལིན་དིའི་གོས་ལྟར་རེག་ན་བདེ་བའི་ས་ལ་འདུག་པ། སྔོན་གྱི་རྒྱལ་བའི་ཡུམ་གྱིས་བརྟེན་པ། ལྷའི་གླུ་དབྱངས་བླངས་པ། གནས་གཙང་མའི་ལྷ་བཟང་ཞིང་ དྲི་མ་མེད་ལ་རྣམ་པར་དག་པ་རབ་ཏུ་ཞི་བའི་སེམས་དང་ལྡན་པ་རྣམས་ཀྱིས་ཐོར་ཚུགས་དང་ཅོད་པན་མངོན་པར་བཏུད་པའི་སྤྱི་བོས་མངོན་པར་ཕྱག་བྱ་བའི་ཤིང་ལྗོན་པ་བླག་ཤ་དེའི་དྲུང་དུ་ཕྱིན་ཏོ། །
BOདེ་ནས་བྱང་ཆུབ་སེམས་དཔའི་གཟི་བརྗིད་དང་མཐུས་ཤིང་བླག་ཤ་དེས་མངོན་ པར་བཏུད་དེ་ཕྱག་བྱས་སོ། ། དེ་ནས་ལྷ་མོ་སྒྱུ་འཕྲུལ་ནམ་མཁའི་དཀྱིལ་དུ་སྣང་བའི་གློག་གི་ཕྲེང་བ་ལྟ་བུའི་ལག་པ་གཡས་པ་བརྐྱང་ནས། བླག་ཤའི་ཡལ་ག་ལས་བཟུང་སྟེ། ཚུལ་དུ་ཤིས་པར་ནམ་མཁའི་དཀྱིལ་དུ་བལྟས་ནས་བྱ་སྨྱངས་བྱེད་ཅིང་འདུག་པར་གྱུར་ཏོ། ། དེ་ནས་ དེའི་ཚེ་འདོད་པ་ན་སྤྱོད་པའི་ལྷའི་ནང་ནས་ལྷའི་བུ་མོ་དྲུག་ཁྲི་ལྷགས་ཏེ། ལྷ་མོ་སྒྱུ་འཕྲུལ་ལ་རིམ་གྲོ་དང་བཀུར་སྟི་བྱེད་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པའི་ཚེ། རྣམ་པ་དེ་ལྟ་བུའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པར་གནས་སོ། ། དེ་ཟླ་བ་བཅུ་ཚང་ ནས་མའི་གློ་གཡས་པ་ནས་དྲན་ཞིང་ཤེས་བཞིན་དུ་མངལ་གྱི་དྲི་མས་མ་གོས་པར་བྱུང་སྟེ། གཞན་ལྟར་མ་ཡིན་ཞིང་གཞན་དག་ལ་མངལ་གྱི་དྲི་མ་ཞེས་བྱ་བ་བརྗོད་པ་དེ་ལྟ་བུ་མེད་པར་གྱུར་ཏོ། ། དགེ་སློང་དག་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་གཉིས་ མདུན་ན་འཁོད་དེ།
BOདེ་གཉིས་ཀྱིས་རིམ་གྲོ་དམ་པ་ཆེན་པོས་ལྷའི་གོས་ཀ་ཤི་པའི་སླེབ་མོས་ལུས་དང་ཡན་ལག་ཐམས་ཅད་ཀྱིས་དྲན་ཞིང་ཤེས་བཞིན་དུ་བྱང་ཆུབ་སེམས་དཔའ་བླངས་སོ། ། བྱང་ཆུབ་སེམས་དཔའ་ཁང་པ་བརྩེགས་པ་གང་གི་ནང་ན་འདུག་ཅིང་མའི་རུམ་ན་གནས་གནས་ པ་དེ་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཚངས་པའི་འཇིག་རྟེན་དུ་གྱེན་དུ་བཏེག་སྟེ། མཆོད་རྟེན་དུ་བྱ་བ་དང་། མཆོད་པ་བྱ་བའི་ཕྱིར་ཁྱེར་རོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་མིར་གྱུར་པ་གང་གིས་ཀྱང་མ་བླངས་ཀྱི། བྱང་ཆུབ་སེམས་ དཔའ་དེ་ནི་ལྷ་རྣམས་ཀྱིས་བླངས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་ས་ལ་འབབ་སྟེ། བྱང་ཆུབ་སེམས་དཔའ་དེ་ས་ལ་བབས་པར་གྱུར་མ་ཐག་ཏུ་པད་མ་ཆེན་པོ་ཞིག་གིས་ས་འདི་ཡང་བརྟོལ་ཏེ་བྱུང་ངོ་། ། ཀླུའི་རྒྱལ་པོ་ཆེན་པོ་དགའ་བོ་དང་། ཉེ་དགའ་བོ་གཉིས་ཀྱང་ནམ་ མཁའི་དཀྱིལ་ན་ལུས་ཕྱེད་ཕྱུང་སྟེ་འཁོད་ནས་བསིལ་བ་དང་། དྲོ་བའི་ཆུའི་རྒྱུན་གཉིས་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའི་ལུས་བཀྲུས་སོ། ། བརྒྱ་བྱིན་དང་། ཚངས་པ་དང་།
BOའཇིག་རྟེན་སྐྱོང་བ་ལ་སོགས་པ་གཞན་ཡང་ལྷའི་བུ་བརྒྱ་སྟོང་མང་པོ་དག་བྱང་ཆུབ་སེམས་ དཔའ་བཙས་མ་ཐག་ཏུ་སྤོས་ཆུ་སྣ་ཚོགས་དང་། མེ་ཏོག་སིལ་མས་ལུས་འཁྲུ་ཞིང་མངོན་པར་འཐོར་རོ། ། བར་སྣང་ལས་ཀྱང་རྡུལ་ཡབ་ཀྱི་རྔ་མ་གཉིས་དང་། རིན་པོ་ཆེའི་གདུགས་བྱུང་བར་གྱུར་ཏོ། ། དེ་པད་མ་ཆེན་པོ་དེ་ལ་འདུག་ནས་ཕྱོགས་བཞིར་རྣམ་པར་ལྟ་སྟེ། སེང་གེའི་ ལྟ་སྟངས་དང་། སྐྱེས་བུ་ཆེན་པོའི་ལྟ་སྟངས་ཀྱིས་རྣམ་པར་ལྟའོ། ། དེའི་ཚེ་བྱང་ཆུབ་སེམས་དཔས་སྔོན་གྱི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་ལས་བྱུང་བ་ལྷའི་མིག་ཐོགས་པ་མེད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གྲོང་ཁྱེར་དང་། གྲོང་རྡལ་དང་ ཡུལ་འཁོར་དང་། ཕོ་བྲང་འཁོར་དང་། ལྗོངས་སུ་བཅས། ཡུལ་དུ་བཅས། མི་དང་ལྷར་བཅས་པ་རྣམས་མཐོང་བར་གྱུར་ཏོ། ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའང་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སེམས་ཅན་གང་ཚུལ་ཁྲིམས་སམ། ཏིང་ངེ་འཛིན་ ཏམ། ཤེས་རབ་བམ། དགེ་བའི་སྤྱོད་པས་བདག་དང་འདྲ་བ་དེ་ལྟ་བུ་གང་ལ་ལ་ཞིག་ཡོད་དམ་ཞེས་རྣམ་པར་ལྟའོ། །
BOདེའི་ཚེ་བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདག་དང་མཚུངས་པའི་སེམས་ཅན་གང་ཡང་མ་མཐོང་ནས། དེའི་ཚེ་བྱང་ཆུབ་ སེམས་དཔའ་སེང་གེ་ལྟར་འཇིགས་པ་མེད་ཅིང་བག་ཚ་བ་མེད་དེ། ཞུམ་པ་དང་བག་འཆུམས་པ་མེད་པས་ལེགས་པར་བསམ་པ་དྲན་པར་བྱས་ཏེ། བསམས་བརྟགས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པར་བྱ་སྟེ། སུས་ཀྱང་བསྟན་པ་མེད་པར་བྱང་ཆུབ་ སེམས་དཔའ་དགེ་བའི་རྩ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ་ཞེས་ཤར་ཕྱོགས་ལོགས་སུ་གོམ་པ་བདུན་བོར་རོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་གང་དང་གང་དུ་གོམ་པ་བོར་བ་དེ་དང་དེ་དག་ཏུ་པད་མ་དག་ཀྱང་སྐྱེས་པར་གྱུར་ཏོ། ། ལྷ་དང་མི་རྣམས་ཀྱི་སྦྱིན་པའི་གནས་སུ་འགྱུར་ བར་བྱའོ་ཞེས་ལྷོ་ཕྱོགས་ལོགས་སུ་གོམ་པ་བདུན་བོར་རོ། ། ནུབ་ཕྱོགས་ལོགས་སུ་གོམ་པ་བདུན་བོར་ནས་གོམ་པ་བདུན་པ་ལ་གནས་ཏེ་ང་ནི་འཇིག་རྟེན་ན་ཕུལ་དུ་ཕྱིན་པའོ། ། འདི་ནི་ངའི་སྐྱེ་བ་ཐ་མ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་མཐར་དབྱུང་ངོ་ཞེས་སེང་གེ་ ལྟར་ཚིམ་པར་གྱུར་པའི་སྒྲ་བསྒྲགས་སོ། །
BOསེམས་ཅན་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པར་བྱའོ་ཞེས་བྱང་ཕྱོགས་ལོགས་སུ་གོམ་པ་བདུན་བོར་རོ། ། བདུད་དང་བདུད་ཀྱི་སྡེ་ནི་གཞོམ་པར་བྱའོ། ། སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་མེ་གསད་པའི་ཕྱིར་ཆོས་ ཀྱི་ཆར་སྤྲིན་ཆེན་པོའི་ཆར་ཕབ་སྟེ། དེ་དག་བདེ་བས་ཚིམ་པར་བྱའོ་ཞེས་འོག་གི་ཕྱོགས་ལོགས་སུ་གོམ་པ་བདུན་བོར་རོ། ། སེམས་ཅན་ཐམས་ཅད་ཀྱི་གྱེན་དུ་བལྟ་བར་འགྱུར་བར་བྱའོ་ཞེས་སྟེང་གི་ཕྱོགས་ལོགས་སུ་གོམ་པ་བདུན་བོར་ནས་སྟེང་དུ་ལྟའོ། ། བྱང་ཆུབ་སེམས་ དཔས་ཚིག་དེ་བརྗོད་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སྒྲས་མངོན་པར་གོ་བར་གྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པའི་ཆོས་ཉིད་དོ། ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་བཙའ་ བར་འགྱུར་བ་དང་། གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་རྣམ་པ་དེ་ལྟ་བུ་དེ་དག་བྱུང་ངོ་། །
BOདགེ་སློང་དག་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་དགའ་ཞིང་སྤུ་གཡོས་པར་གྱུར་ཏོ། ། འཇིག་ རྟེན་དུ་ས་གཡོ་བ་ཆེན་པོ་ཤིན་ཏུ་འཇིགས་ཤིང་སྤུ་གཡོ་བར་འགྱུར་བ་ཡང་བྱུང་བར་གྱུར་ཏོ། ། མི་དང་ལྷའི་སིལ་སྙན་དང་། རོལ་མོའི་དབྱངས་སྒྲར་བྱ་བ་ཐམས་ཅད་ཀྱང་མ་བླངས་པར་སྒྲ་འབྱིན་པར་གྱུར་ཏོ། ། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དུས་དང་དུས་ མཚམས་སོ་སོའི་ཤིང་ཐམས་ཅད་ཀྱང་མེ་ཏོག་རྒྱས་ཤིང་འབྲས་བུ་ཆགས་པ་དང་རྣམ་པར་དག་པར་གྱུར་ཏོ། ། ནམ་མཁའི་དཀྱིལ་ནས་ཀྱང་སྤྲིན་གྱི་སྒྲ་གྲགས་ཏེ། སྤྲིན་མེད་པའི་ནམ་མཁའ་ལས་ཀྱང་དལ་བུས་དལ་བུས་ཕྲ་བ་ཕྲ་བའི་ཆར་ལྷ་ཡུལ་བའི་ཁ་དོག་དང་ལྡན་པའི་མེ་ཏོག་དང་། གོས་དང་། རྒྱན་དང་། སྤོས་ཀྱི་ཕྱེ་མ་དང་འདྲེས་པ་འབབ་པར་གྱུར་ཏོ། ། རླུང་རེག་ན་མཆོག་ཏུ་བདེ་བ་འཇམ་པ་དྲི་ཞིམ་པོ་དག་ཀྱང་ལྡང་བར་གྱུར་ཏོ། ། ཕྱོགས་ཐམས་ཅད་ཀྱང་མུན་པ་དང་། རྡུལ་དང་། དུ་བ་དང་། ཁུག་རྣ་མེད་ཅིང་རབ་ཏུ་དང་བས་རྣམ་པར་མཛེས་པར་གྱུར་ཏོ། ། སྟེང་གི་བར་སྣང་ལས་ཀྱང་ ཚངས་པའི་སྒྲ་ཆེན་པོ་སྙན་ཅིང་ཟབ་པ་གྲག་པར་གྱུར་ཏོ། ། ཉི་ཟླ་དང་། བརྒྱ་བྱིན་དང་། ཚངས་པ་དང་།
BOའཇིག་རྟེན་སྐྱོང་བའི་འོད་ཐམས་ཅད་ཀྱང་ཟིལ་གྱིས་མནན་ཏེ། འོད་ཁ་དོག་བརྒྱ་སྟོང་དང་ལྡན་པ། རེག་ན་མཆོག་ཏུ་བདེ་བ། སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ལ་བདེ་བ་སྐྱེད་པ། འཇིག་རྟེན་ལས་འདས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་གང་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱང་བདེ་བས་ཤིན་ཏུ་ཚིམ་པར་གྱུར་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དྲེགས་པ་དང་། མི་དགའ་བ་དང་། ཞུམ་པ་དང་། འཇིགས་པ་དང་། ཆགས་པ་དང་། ཕྲག་དོག་དང་། སེར་སྣ་ཐམས་ཅད་དང་བྲལ་ཞིང་མི་དགེ་བའི་བྱ་བ་ཐམས་ཅད་སྤངས་པར་གྱུར་ཏོ། ། སེམས་ཅན་ནད་པ་རྣམས་ཀྱི་ནད་ཀྱང་ཞི་བར་གྱུར་ཏོ། ། བཀྲེས་ཤིང་སྐོམ་པའི་སེམས་ཅན་རྣམས་ ཀྱང་བཀྲེས་པ་དང་སྐོམ་པ་མེད་པར་གྱུར་ཏོ། ། ཆང་གིས་ར་རོ་ཞིང་མྱོས་པ་རྣམས་ཀྱང་མྱོས་པ་མེད་པར་གྱུར་ཏོ། ། སྨྱོས་པ་རྣམས་ཀྱང་དྲན་པ་ཐོབ་པར་གྱུར་ཏོ། ། མིག་མེད་པ་རྣམས་ཀྱིས་ཀྱང་མིག་ཐོབ་པར་གྱུར་ཏོ། ། རྣ་བ་འོན་པ་རྣམས་ཀྱིས་ཀྱང་སྒྲ་ཐོས་པར་གྱུར་ཏོ། ། ཡན་ལག་དང་ ཉིང་ལག་ཉམས་པ་རྣམས་ཀྱང་དབང་པོ་ཉམས་པ་མེད་པར་གྱུར་ཏོ། །
BOདབུལ་པོ་རྣམས་ཀྱིས་ཀྱང་ནོར་ཐོབ་པར་གྱུར་ཏོ། ། བཙོན་ར་ན་འཁོད་པ་རྣམས་ཀྱང་བཙོན་ར་ནས་ཐར་བར་གྱུར་ཏོ། ། མནར་མེད་པ་ལ་སོགས་པའི་སེམས་ཅན་དམྱལ་བ་པའི་སེམས་ཅན་ཐམས་ཅད་ཀྱི་ནད་དུ་བྱ་བ་དང་སྡུག་ བསྔལ་ཐམས་ཅད་དེའི་ཚེ་རྒྱུན་ཆད་པར་གྱུར་ཏོ། ། དུད་འགྲོའི་སྐྱེ་གནས་པ་རྣམས་ཀྱིས་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡང་ཞི་བར་གྱུར་ཏོ། ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་ཡང་ཞི་བར་གྱུར་ ཏོ། ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་སྤྱད་པ་ཤིན་ཏུ་སྤྱད་པ། བརྩོན་འགྲུས་ཆེན་པོ་དང་ལྡན་པ། མཐུ་ཆེན་པོ་དང་ལྡན་པ། བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བའི་ཚེ་ཆོས་ཉིད་ཐོབ་པས་དེའི་ཚེ། ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སའི་ཕྱོགས་དེ་དེའི་ཚེ་ཞིག་པར་མི་འགྱུར་བར་བྱ་བའི་ཕྱིར་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རློབ་པ་མཛད་དེ། དགེ་སློང་དག་དེ་ཙམ་དུ་སྟོབས་ཀྱི་ཤུགས་དྲག་པོ་དང་ལྡན་པར་བྱང་ཆུབ་སེམས་དཔའ་བཙས་མ་ཐག་པ་གོམ་པ་བདུན་འདོར་བར་ གྱུར་ཏོ། །
BOའཇིག་རྟེན་གྱི་བར་ཐམས་ཅད་ཀྱང་དེའི་ཚེ་སྣང་བ་ཆེན་པོས་རྒྱས་པར་གང་བར་གྱུར་ཏོ། ། དེའི་ཚེ་གླུའི་སྒྲ་ཆེན་པོ་ཡང་བྱུང་བར་གྱུར་ཏེ། གར་གྱི་སྒྲ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། ། དེའི་ཚེ་མེ་ཏོག་དང་། ཕྱེ་མ་དང་། སྤོས་དང་། ཕྲེང་བ་དང་། རིན་པོ་ཆེ་དང་། རྒྱན་དང་། གོས་ཀྱི་ སྤྲིན་དཔག་ཏུ་མེད་པ་དག་ཀྱང་ཆར་དུ་མངོན་པར་བབ་པར་གྱུར་ཏོ། ། སེམས་ཅན་ཐམས་ཅད་ཀྱང་བདེ་བའི་མཆོག་དང་ལྡན་པར་གྱུར་ཏེ། མདོར་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་འཇིག་རྟེན་དུ་བྱུང་བའི་ཚེ། བྱ་བ་བསམ་གྱིས་མི་ཁྱབ་པ་བྱུང་བར་གྱུར་ཏོ། ། དེ་ ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ནི་སེམས་ཅན་ཐམས་ཅད་ལས་ངོ་མཚར་དུ་གྱུར་པ་སྟེ། བྱང་ཆུབ་སེམས་དཔའ་ཉིད་ཀྱང་རྨད་དུ་བྱུང་བའི་ཆོས་དང་ལྡན་པར་གྱུར་ན།
BOད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་འདི་ལྟར་ བདག་ནི་ལན་བཞིའམ་ལན་ལྔར་ཡང་། ལན་བཅུར་ཡང་། ལན་ལྔ་བཅུའི་བར་དུ་ཡང་། ལན་བརྒྱའི་བར་དུ་ཡང་། ལན་བརྒྱ་སྟོང་དུ་མའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་མ་འོངས་པའི་དུས་ན་དགེ་སློང་ལ་ལ་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ། བྱིས་པ་མི་མཁས་པ། ལྷག་པའི་ང་རྒྱལ་ཅན། རྒོད་པ། ཁེངས་པ། མ་བསྡམས་པ། སེམས་གཡེངས་པ། ནེམ་ནུར་གྱིས་འཁོར་བ། ཐེ་ཚོམ་མང་བ། དད་པ་མེད་པ། དགེ་སྦྱོང་གི་དྲི་མར་གྱུར་པ། དགེ་སྦྱོང་གི་ཚུལ་དང་མི་འདྲ་བ་དག་འབྱུང་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་མའི་རུམ་དུ་འགྲོ་བ་ཡོངས་སུ་དག་པ་འདི་ལྟ་བུ་ཐོས་ནས་ཡིད་མི་ཆེས་ཤིང་དེ་དག་ཕྱོགས་གཅིག་ཏུ་ ཚོགས་ནས་གཅིག་ལ་གཅིག་འདི་སྐད་དུ། ཀྱེ་ཁྱེད་ཅག་འདི་ལྟ་བུའི་མི་རིགས་པ་ལ་ལྟོས།
BOབྱང་ཆུབ་སེམས་དཔའ་མའི་མངལ་ན་འདུག་པ་བཙོག་པའི་ཁུ་ཤུགས་དང་འདྲེས་པ་ལ་ཡང་འདི་ལྟ་བུའི་ལོངས་སྤྱོད་ཡོད་ཅེས་བྱ་བ་དང་། དེ་འབྱུང་བའི་ཚེ་མའི་གློ་གཡས་པ་ནས་མངལ་གྱི་དྲི་མས་མ་གོས་ པར་བྱུང་ཞེས་བྱ་བ་འདི་རིགས་པར་ཇི་ལྟར་འགྱུར་ཞེས་ཟེར་བར་འགྱུར་ཏེ། སྐྱེས་བུ་གླེན་པ་དེ་དག་ནི་སེམས་ཅན་ལེགས་པར་བྱས་པའི་ལས་དང་ལྡན་པ་རྣམས་ཀྱི་ལུས་མི་གཙང་བའི་ཁུ་བའི་ནང་དུ་མི་འབྱུང་ངོ་ཞེས་བྱ་བར་མི་ཤེས་སོ། ། དགེ་སློང་དག་སེམས་ཅན་དམ་པ་དེ་ལྟ་བུ་ དག་གི་མངལ་དུ་འགྲོ་བ་དང་མངལ་ན་གནས་པ་ནི་ཤིན་ཏུ་ཡང་བཟང་བ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ་སྙིང་བརྩེ་བས་མིའི་འཇིག་རྟེན་དུ་སྐྱེ་སྟེ། ལྷར་གྱུར་པ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་མི་སྐོར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སེམས་ཅན་རྣམས་ཞུམ་ པར་འགྱུར་ཞིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི་ལྷར་གྱུར་པ་ཡིན་གྱི། བདག་ཅག་ནི་མི་ཙམ་དུ་ཟད་པས་ན། བདག་ཅག་གིས་གནས་དེ་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བར་མི་ནུས་སོ། ། ཞེས་ཞུམ་པར་འགྱུར་དུ་འོང་བའི་ ཕྱིར་ཏེ།
BOསྐྱེས་བུ་གླེན་པ་ཆོས་ཀྱི་རྐུན་པོར་གྱུར་པ་དེ་དག་འདི་སྙམ་དུ་སེམས་ཅན་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ནི་བདག་ཅག་གིས་ཚོད་གཟུང་བར་བྱ་བ་མ་ཡིན་ནོ་སྙམ་དུ་མི་སེམས་སོ། ། ཀུན་དགའ་བོ་དེ་དག་ནི་དེའི་ཚེ་སངས་རྒྱས་ཀྱི་ཆོ་འཕྲུལ་ལའང་ཡིད་མི་ཆེས་པར་འགྱུར་ན། དེ་བཞིན་ གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཀུན་དགའ་བོ་ད་ལྟར་སྐྱེས་བུ་གླེན་པ་རྙེད་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པའི་ཟིལ་གྱིས་ནོན་པ། མི་གཙང་བར་བྱིང་བ། རིམ་གྲོའི་ཟིལ་གྱིས་ནོན་པ། མ་རབས་ཀྱི་ངང་ཚུལ་ ཅན་དེ་དག་སངས་རྒྱས་ཀྱི་ཆོས་སྤོང་ཞིང་བསོད་ནམས་མ་ཡིན་པའི་མངོན་པར་འདུ་བྱ་བ་མང་པོ་ཇི་སྙེད་ཅིག་མངོན་པར་འདུ་བྱེད་པ་ལ་ལྟོས། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ལྔ་པ། ཀུན་དགའ་བོས་གསོལ་བ། བཅོམ་ ལྡན་འདས་མ་བྱུང་བའི་དུས་ན། འདི་ལྟ་བུའི་མདོ་སྡེ་བཟང་པོ་ལ་ཡང་སྤོང་ཞིང་མི་སྙན་པར་བརྗོད་པ་དེ་ལྟ་བུའི་དགེ་སློང་དག་ཀྱང་འབྱུང་བ་ལགས་པ་ལྟ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
BOཀུན་དགའ་བོ་དེ་དག་ནི་མདོ་སྡེ་འདི་ལྟ་བུ་སྤོང་ཞིང་མི་སྙན་པ་བརྗོད་པར་ཡང་མ་ཟད་དེ། སྡིག་པ་རྣམ་པ་དུ་ མ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་ཅིང་དགེ་སྦྱོང་གི་དངོས་པོ་དོན་དུ་མི་གཉེར་བ་དག་ཀྱང་འབྱུང་བར་འགྱུར་རོ། ། གསོལ་པ་བཅོམ་ལྡན་འདས་འོ་ན་སྐྱེས་བུ་དམ་པ་མ་ལགས་པ་དེ་འདྲ་བ་དེ་དག་གི་འགྲོ་བ་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། ཚེ་རབས་འཕོས་ནས་ནི་ཇི་ལྟ་བུ་ཞིག་ཏུ་མཆི། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་མེད་པར་བྱས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་སྙན་པས་སྐུར་པ་བཏབ་པའི་འགྲོ་བ་གང་ཡིན་པའི་འགྲོ་བ་དེར་འགྲོ་བར་འགྱུར་རོ། ། དེ་ནས་ཚེ་དང་ལྡན་པ་ཀུན་ དགའ་བོ་སྤུ་གཡོས་ནས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སྐྱེས་བུ་དམ་པ་མ་ལགས་པ་དེ་དག་གི་སྤྱོད་པ་འདི་དག་ཐོས་ནས་བདག་ནི་བརྒྱལ་བ་དང་འདྲ་བར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་གི་སྤྱོད་པ་ནི་མཉམ་པར་མི་འགྱུར་ཞིང་།
BOསེམས་ཅན་དེ་དག་ནི་མི་མཉམ་པའི་སྤྱོད་པ་ཅན་དུ་འགྱུར་རོ། ། ཀུན་དགའ་བོ་དེ་དག་ཚུལ་དང་མི་འདྲ་བའི་སྤྱོད་པ་དེས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ། ཀུན་དགའ་བོ་ དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མ་མོས་ཤིང་ཡིད་མི་ཆེས་པ་དང་། ། སྤོང་བ་དེ་དག་ནི་ཤི་འཕོས་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། ། ཀུན་དགའ་བོ་དེ་ བཞིན་གཤེགས་པ་ལ་ནི་ཚད་དུ་མ་བྱེད་ཅིག ། དེ་ཅིའི་ཕྱིར་ཞེ་ན། ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཚད་མེད་ཅིང་ཟབ་ལ་རྒྱ་ཆེ་ཞིང་གཏིང་དཔག་དཀའ་བའོ། ། ཀུན་དགའ་བོ་ལ་ལ་ཞིག་གིས་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ། དད་པ་སྐྱེ་ བའི་སེམས་ཅན་དེ་དག་གིས་ནི་ཐོབ་པ་ལེགས་པར་ཐོབ་པ་ཡིན་ཏེ། དེ་དག་གི་འཚོ་བ་ནི་དོན་ཡོད་པའོ། ། དེ་དག་གི་མིའི་དངོས་པོ་ནི་དོན་ཡོད་པའོ། ། དེ་དག་གི་སྤྱོད་པ་ལེགས་པར་སྤྱད་པའོ། ། དེ་དག་གིས་ནི་སྙིང་པོ་བླངས་སོ། ། དེ་དག་ནི་ངན་སོང་གསུམ་ལས་གྲོལ་བའོ། །
BOདེ་དག་ནི་དེ་ བཞིན་གཤེགས་པའི་སྲས་སུ་འགྱུར་རོ། ། དེ་དག་གིས་ནི་དགོས་པ་ཐམས་ཅད་ཡོངས་སུ་ཐོབ་བོ། ། དེ་དག་གིས་དད་པ་ཐོབ་པ་ནི་དོན་ཡོད་དོ། ། དེ་དག་གིས་ནི་ཡུལ་འཁོར་གྱི་ཟས་ལེགས་པར་ཟོས་སོ། ། དེ་དག་གིས་ནི་སེམས་ཅན་དམ་པ་རྣམས་ལ་ལེགས་པར་མོས་ པ་ཡིན་ནོ། ། དེ་དག་ནི་བདུད་ཀྱི་ཞགས་པ་གཏུབས་པ་ཡིན་ནོ། ། དེ་དག་ནི་འཁོར་བའི་འབྲོག་དགོན་པ་ལས་རྒལ་ཏོ། ། དེ་དག་གིས་ནི་མྱ་ངན་གྱི་ཟུག་རྔུ་ཕྱུང་ངོ་། ། དེ་དག་གིས་ནི་མཆོག་ཏུ་དགའ་བའི་དངོས་པོ་རྗེས་སུ་ཐོབ་བོ། ། དེ་དག་གིས་ནི་སྐྱབས་སུ་འགྲོ་བ་ལེགས་པར་བླངས་ སོ། དེ་དག་ནི་སྦྱིན་པའི་གནས་ཡིན་ཏེ་མཆོད་པར་འོས་པའོ། ། དེ་དག་ནི་འཇིག་རྟེན་ན་འབྱུང་བར་དཀོན་པའོ། ། དེ་དག་ནི་འཇིག་རྟེན་ན་སྦྱིན་པའི་གནས་སུ་གཟུང་བའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་རྣམ་པ་འདི་ལྟ་བུ་འདི་ལ་དད་པའི་ ཕྱིར་རོ། ། ཀུན་དགའ་བོ་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ཏེ། ཀུན་དགའ་བོ་སེམས་ཅན་དེ་དག་ནི་ང་དང་ཚེ་རབས་འགའ་ཞིག་ཏུ་འགྲོགས་པར་གྱུར་པའི་གྲོགས་པོ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན།
BOཀུན་དགའ་བོ་ལ་ལ་ནི་ཐོས་པ་ཙམ་གྱིས་དགའ་ཞིང་ཡིད་དུ་འོང་ བ་ཡོད་ཀྱི་མཐོང་ན་མ་ཡིན་ནོ། ། ཀུན་དགའ་བོ་ལ་ལ་ནི་མཐོང་བས་དགའ་ཞིང་ཡིད་དུ་འོང་བ་ཡོད་ཀྱི་ཐོས་པས་ནི་མ་ཡིན་ནོ། ། ཀུན་དགའ་བོ་ལ་ལ་ནི་མཐོང་ན་ཡང་དགའ་ཞིང་ཡིད་དུ་འོང་ལ་ཐོས་ན་ཡང་དགའ་ཞིང་ཡིད་དུ་འོང་བ་ཡོད་དོ། ། ཀུན་དགའ་བོ་གང་ཡང་རུང་སྟེ། ལ་ལ་ཞིག་ མཐོང་ངམ། ། ཐོས་ནས་དགའ་ཞིང་ཡིད་དུ་འོང་བར་གྱུར་ན། ཁྱོད་ཀྱིས་དེ་ལ་འདི་ལྟར་དེ་དག་ནི་ང་དང་ཚེ་རབས་འགའ་ཞིག་ཏུ་འགྲོགས་པའི་གྲོགས་པོ་ཡིན་པར་ངེས་པར་རྟོགས་པར་བྱ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་སོ། ། དེ་དག་ནི་དེ་བཞིན་གཤེགས་པས་དགྲོལ་བར་ བྱ་བའོ། ། དེ་དག་ནི་དེ་བཞིན་གཤེགས་པ་དང་ཡོན་ཏན་གྱི་ཆ་མཉམ་པའོ། ། དེ་དག་ནི་དེ་བཞིན་གཤེགས་པ་ལ་སྐྱབས་སུ་དོང་བའོ། ། དེ་དག་ནི་དེ་བཞིན་གཤེགས་པས་བཟུང་བའོ། ། ཀུན་དགའ་བོ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཉིད་ཀྱི་ཚེ་ཡང་སེམས་ཅན་སུ་ཡང་རུང་སྟེ། འཇིགས་པས་ཉམ་ཐག་ཅིང་འོངས་ནས་མི་འཇིགས་པ་སློང་ན་སེམས་ཅན་དེ་དག་ལ་ངས་མི་འཇིགས་པ་བྱིན་པར་གྱུར་ན། །
BOང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ལྟ་སྨོས་ཀྱང་ཅི་དགོས། ། ཀུན་དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག ། འདི་ནི་དེ་ བཞིན་གཤེགས་པས་བཅོལ་བའོ། ། ཀུན་དགའ་བོ་ཁྱོད་ཀྱིས་བྱ་བ་ཅི་ཡོད་པ་དེ་དག་ནི་དེ་བཞིན་གཤེགས་པས་བྱས་སོ། ། ང་རྒྱལ་གྱི་ཟུག་རྔུ་ནི་དེ་བཞིན་གཤེགས་པས་བསལ་ཏོ། ། ཀུན་དགའ་བོ་གྲོགས་པོའི་གཏམ་ཐོས་པ་ཙམ་གྱིས་ཀྱང་དཔག་ཚད་བརྒྱའི་ལམ་དུ་ཡང་འགྲོ་སྟེ། ཐོས་པས་ ཀྱང་དགའ་བར་འགྱུར་བ་ཡིན་ན། ། སྔར་མ་མཐོང་བ་ལས་མཛའ་བོ་མཐོང་བར་གྱུར་ན་སྨོས་ཀྱང་ཅི་དགོས་ཏེ། གང་ང་ལ་རྟེན་ཅིང་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་དེ་དག་ནི་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མཁྱེན་ཅིང་སེམས་ཅན་དེ་དག་ནི་དེ་ བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་མཛའ་བོ་སྟེ། ། དེ་དག་ནི་བདག་ཅག་གི་ཡང་མཛའ་བོ་ཡིན་ནོ་སྙམ་དུ་དགོངས་སོ། ། དེ་ཅིའི་ཕྱིར་ཞེ་ན། ། ཀུན་དགའ་བོ་མཛའ་བོ་གང་ཡིན་པ་དེ་ནི་མཛའ་བོ་ལ་སྡུག་ཅིང་ཡིད་དུ་འོང་བ་ཡིན་ནོ། ། མཛའ་བོ་དེའི་གང་སྡུག་པའི་གྲོགས་པོ་དེ་ཡང་དེ་ལ་སྡུག་ཅིང་ཡིད་དུ་ འོང་བ་ཡིན་ནོ། །
BOཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་མོས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱས། ། དད་པ་ཙམ་ཡང་སྐྱེད་པར་གྱིས་ཤིག ། ངས་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡང་གཏད་དེ། ། དེ་དག་ཀྱང་འདི་དག་ནི་བདག་ཅག་གི་ཡང་ མཛའ་བོ་ཡིན་ནོ་ཞེས་བྱ་བར་མཁྱེན་ཅིང་། ། བསམ་པ་རྫོགས་པར་མཛད་པར་འགྱུར་རོ། ། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ལ་བུ་དག་ཉན་ཅིང་། འཐུན་པར་འཛིན་པ་གཅིག་པུ་ཞིག་བདོག་པར་གྱུར་ལ། སྐྱེས་བུ་དེ་ཡང་མཛའ་བོ་མང་བ་ཞིག་ཡིན་ན། ཕ་དེ་ཤིར་ཟིན་ ཀྱང་ཕའི་མཛའ་བོས་ཡོངས་སུ་བཟུང་བའི་བུ་དེ་ནི་ཕོངས་པར་མི་འགྱུར་རོ། ། ཀུན་དགའ་བོ་དེ་བཞིན་དུ་གང་སུ་ཡང་རུང་སྟེ་ང་ལ་དད་ན་དེ་དག་ངས་བཟུང་བ་ཡིན་ཏེ། ། དེ་དག་ནི་ངའི་མཛའ་བོའོ། ། དེ་དག་ནི་ང་ལ་སྐྱབས་སུ་དོང་བའོ། ། དེ་བཞིན་གཤེགས་པ་ནི་མཛའ་བོ་མང་པོ་མངའ་བ་སྟེ། །
BOདེ་ བཞིན་གཤེགས་པའི་མཛའ་བོ་དེ་དག་ཀྱང་ཡང་དག་པར་གསུང་ཞིང་{བརྫུན་,རྫུན་}དུ་མི་གསུང་བས་དེ་བཞིན་གཤེགས་པའི་མཛའ་བོ་དེ་དག་ཀྱང་ཡང་དག་པར་གསུང་བ་མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དེ་དག་རྗེས་སུ་གཏད་ ཀྱིས། ཀུན་དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག ། འདི་ནི་ངས་ཁྱོད་ལ་བཅོལ་བའོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙས་པའི་ཚེ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ནམ་མཁའི་དཀྱིལ་ན་གནས་ཤིང་ལྷ་མོ་སྒྱུ་འཕྲུལ་ལ་ལྷའི་མེ་ཏོག་དང་། སྤོས་དང་། ཕྲེང་ བ་དང་། བྱུག་པ་དང་། གོས་དང་། རྒྱན་གྱིས་མངོན་པར་འཐོར་བར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དགེ་བ་དྲི་མེད་རྣམ་དག་གསེར་གྱི་འོད་ལྡན་ཉི་ཟླའི་འོད་ལྡན་པ། ། ལྷ་ཡི་བུ་མོ་སྒྲ་དབྱངས་སྙན་བརྗོད་སྟོང་ཕྲག་དྲུག་ཅུ་དེ་ཡི་ཚེ། ། སྐད་ཅིག་དེ་ལ་ལུམ་བི་ནི་ར་ལྷགས་ལྷ་མོ་སྒྱུ་འཕྲུལ་དེ་ ལ་སྨྲ། ། མི་དགྱེས་མ་མཛད་རབ་ཏུ་དགྱེས་མཛད་བདག་ཅག་ཁྱོད་ཀྱི་ཕྱག་རྗེད་ལགས། ། བདག་ཅག་རྣམས་ཀྱིས་བགྱི་བ་ཅི་མཆིས་ཅི་བགྱི་ཅི་འཚལ་བཀའ་སྩོལ་ཅིག །
BOབདག་ཅག་ཁྱོད་ཀྱི་ཕྱག་རྗེད་ནུས་ལྡན་ཉེ་བའི་སེམས་དང་ལྡན་པ་ལགས། ། ཁྱོད་ཀྱིས་དགྱེས་ཤིང་བདེ་བའི་ཉམས་བསྐྱེད་མི་ དགྱེས་ཐམས་ཅད་སྤང་བར་གསོལ། ། རྒ་ཤི་སེལ་བའི་སྨན་པ་དམ་པ་དེ་རིང་ལྷ་མོ་མྱུར་སྐྱེད་འགྱུར། ། ཇི་ལྟར་ཞུགས་ཤིང་འདི་རྣམས་ཁ་འབུས་ས་ལ་མེ་ཏོག་རྒྱས་གྱུར་ཅིང་། ། སྟོང་ཕྲག་བགྲངས་པའི་ལྷ་རྣམས་དྲུང་ན་གནས་ཤིང་ལག་པ་འདུད་པ་དང་། ། ཇི་ལྟར་དོག་ས་རྒྱ་མཚོར་བཅས་ཏེ་རྣམ་པ་དྲུག་ ཏུ་གཡོས་ལགས་ན། ། ཁྱོད་ལས་ལྷ་ཡུལ་མི་ཡུལ་སྒྲ་གྲགས་འཇིག་རྟེན་འདས་པའི་སྲས་བལྟམ་འགྱུར། ། ཇི་ལྟར་རྣམ་དག་འོད་ཀྱིས་རྣམ་པར་མཛེས་ཤིང་གསེར་གྱི་ཁ་དོག་བཟང་། ། ནམ་མཁའི་དཀྱིལ་ལས་ཡིད་འོང་སིལ་སྙན་བརྒྱ་དག་མ་དཀྲོལ་སྒྲ་འབྱིན་དང་། ། ཇི་ལྟར་དག་ཅིང་གཙང་ལ་འདོད་ ཆགས་བྲལ་བའི་ལྷ་རྣམས་བརྒྱ་སྟོང་ཡང་། ། དགའ་སེམས་ཕྱག་འཚལ་བ་ལས་དེ་རིང་འཇིག་རྟེན་ཀུན་ཕན་བལྟམ་པར་གྱུར། ། བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་དང་དེ་བཞིན་ལྷ་རྣམས་གཞན་དག་ཀྱང་། ། དགའ་ཞིང་བྲོད་པའི་སེམས་ཀྱིས་དྲུང་དུ་གནས་ནས་ལག་པ་འདུད་པ་བགྱིད། ། སྐྱེས་བུ་ སེང་གེ་བརྟུལ་ཞུགས་གྲུབ་པ་དེ་ཡང་རྩིབ་ལོགས་གཡས་ནས་བྱུང་། །
BOགསེར་གྱི་རི་དང་འདྲ་ཞིང་དག་པའི་འོད་དང་ལྡན་པའི་འདྲེན་པ་བལྟམ། ། བརྒྱ་བྱིན་ཚངས་པ་གཉིས་ཀྱིས་ལག་པ་དར་ཏེ་ཐུབ་པ་དེ་ཡང་བླངས། ། ཞིང་རྣམས་བརྒྱ་སྟོང་འོད་{བཟངས་,བཟང་}བཀྱེ་བས་ཐམས་ཅད་རབ་ཏུ་གཡོས་པར་ གྱུར། ། ངན་སོང་གསུམ་གྱི་སེམས་ཅན་རྣམས་ཀྱང་བདེ་ཞིང་སྡུག་བསྔལ་མེད་གྱུར་ཏེ། ། ལྷ་རྣམས་བརྒྱ་ཕྲག་སྟོང་གིས་མེ་ཏོག་གཏོར་ཏེ་གོས་ཀྱི་གཡབ་མོ་ཕྱུང་། ། དེ་ཚེ་ས་འདི་སྟོབས་མཐུ་ལྡན་ཞིང་རྡོ་རྗེའི་དངོས་གནས་པད་མ་མཛེས། ། སྣ་ཚོགས་མངོན་མཐོན་དགེ་ལ་འདྲེན་པ་འཁོར་ལོའི་ མཚན་རིས་ཞབས་བཞག་སྟེ། ། གོམ་པ་བདུན་དུ་བཞུད་ནས་ཚངས་པའི་སྒྲ་དབྱངས་དམ་པ་གསུངས་པ་ནི། ། རྒ་ཤི་སེལ་བའི་སྨན་པ་དམ་པ་སེམས་ཅན་མཆོག་ཏུ་བདག་འགྱུར་རོ། ། ཚངས་པའི་མཆོག་དང་བརྒྱ་བྱིན་ལྷ་མཆོག་ནམ་མཁའི་དཀྱིལ་ན་འཁོད་གྱུར་ཏེ། ། གཙང་ཞིང་དང་ལ་མཛེས་ པའི་སྤོས་ཆུ་དག་གིས་འདྲེན་པའི་སྐུ་ཡང་བསིལ། ། ཀླུ་ཡི་རྒྱལ་གཉིས་བར་སྣང་གནས་ནས་གྲང་དྲོའི་ཆུ་ཡི་རྒྱུན་ཀྱང་གཏོར། ། ལྷ་རྣམས་བརྒྱ་སྟོང་དག་ཀྱང་སྤོས་ཆུ་དག་གིས་འདྲེན་པའི་སྐུ་བསིལ་བྱེད། ། འཇིག་རྟེན་སྐྱོང་བ་རྣམས་ཀྱང་རིམ་གྲོ་དམ་པར་ལག་པ་བཟང་པོས་ལེན། །
BOསྟོང་གསུམ་ འདི་ཡང་རྒྱུ་དང་མི་རྒྱུ་བཅས་པར་རབ་ཏུ་གཡོས་པར་གྱུར། ། མཛེས་པའི་འོད་རྣམས་བཀྱེ་བས་ངན་སོང་རྣམས་ཀྱང་རབ་ཏུ་ཞི་བར་འགྱུར། ། འཇིག་རྟེན་རྣམ་པར་འདྲེན་པ་བལྟམ་པས་ཉོན་མོངས་སྡུག་བསྔལ་དེ་དག་ཞི། ། མི་ཡི་འདྲེན་པ་རྒྱལ་བ་ལ། ། ལྷ་རྣམས་མེ་ཏོག་སིལ་མ་འཐོར། ། སྟོབས་དང་བརྩོན་འགྲུས་ལྡན་པ་ཡི། ། བརྟན་པ་གོམ་པ་བདུན་དུ་བཞུད། ། ས་ཕྱོགས་གང་དུ་ཞབས་བཞག་པ། ། དེར་ནི་པད་མ་བཟང་པོའི་མཆོག ། རིན་ཆེན་ཀུན་གྱིས་བརྒྱན་པ་དག ། ས་ལས་མངོན་དུ་འཐོན་པར་གྱུར། ། དེ་ལྟར་གོམ་པ་བདུན་བཞུད་ནས། ། རྒ་དང་འཆི་བ་སེལ་བ་ཡི། ། སྨན་པ་དམ་པ་འདིར་བྱུང་ཞེས། ། ཚངས་པའི་དབྱངས་ཀྱིས་གསུང་བརྗོད་དོ། ། འཇིགས་མེད་ཕྱོགས་སུ་རྣམ་གཟིགས་ཏེ། ། དེ་ནས་དོན་ལྡན་གསུང་ཕྱུང་བ། ། ང་ནི་འཇིག་རྟེན་ཀུན་གྱི་གཙོ། ། འཇིག་རྟེན་ཕུལ་ཕྱིན་རྣམ་པར་འདྲེན། ། ང་ཡི་སྐྱེ་མཐའ་འདི་ཡིན་ཞེས། ། མི་ཡི་འདྲེན་པས་ འཛུམ་པ་མཛད། ། ལྷ་དབང་བཅས་དང་འཇིག་རྟེན་སྐྱོང་དག་རབ་ཏུ་དད་སེམས་སྐྱེས། ། སྤོས་ཆུ་མཆོག་གིས་འཇིག་རྟེན་ཕན་པའི་དོན་མཛད་སྐུ་ཡང་བསིལ། ། ཀླུ་ཡི་དབང་པོ་རྣམས་ཀྱང་ལྷན་ཅིག་འཐུན་པར་བྱས་ནས་ནི། །
BOདྲི་ཞིམ་སྤོས་ཆུ་དག་གི་རྒྱུན་གྱིས་སྐུ་ཡང་ བསིལ་བ་བྱས། ། ལྷ་གཞན་ཁྲག་ཁྲིག་དག་ཀྱང་བར་སྣང་ལ་ནི་གནས་ནས་སུ། ། དྲི་ཞིམ་སྤོས་ཆུ་མཆོག་གི་རྒྱུན་གྱིས་རང་བྱུང་སྐུ་ཡང་བསིལ། ། གདུགས་དཀར་ཡངས་དང་རྔ་ཡབ་བཟང་པོ་དམ་པ་ཐོགས་ནས་ནི། ། བར་སྣང་འཁོད་དེ་ལྷ་རྣམས་མི་ཡི་ཁྱུ་མཆོག་སྐུ་བསིལ་བྱེད། ། སྐྱེས་བུ་ གཅིག་ཅིག་རིངས་པར་འོངས་ནས་ཟས་གཙང་དེ་ལ་དགར་སྨྲས་པ། ། ལྷ་ཅིག་འབྱོར་པ་རྒྱས་གྱུར་ཁྱོད་ཀྱི་སྲས་ནི་མཚན་གྱིས་བརྒྱན་པ་བལྟམ། ། དེ་ནི་ངེས་པར་འཁོར་ལོས་སྒྱུར་བའི་དབང་ཕྱུག་གདུང་རབས་རིན་ཆེན་འཚོབ། ། འཛམ་བུའི་གླིང་འདི་གདུགས་མང་གཅིག་འགྱུར་ཕས་ཀྱི་དགྲ་ ཡང་མ་མཆིས་འགྱུར། ། དེ་ནས་སྐྱེས་བུ་གཉིས་འོངས་ཟས་གཙང་རྒྱལ་པོའི་མདུན་དུ་དེ་སོང་སྟེ། ། ལྷ་ཅིག་འབྱོར་པ་རྒྱས་གྱུར་ཤཱཀྱའི་རིགས་སུ་རྒྱལ་བུ་སྐྱེས་གྱུར་ན། ། ཤཱཀྱ་རྣམས་ཀྱི་གྲོང་དུ་རོགས་པ་འབུམ་ཕྲག་ལྔ་ནི་བཙས་པ་སྐྱེས་པར་གྱུར། ། ཀུན་ཀྱང་གཞན་གྱིས་མི་ཐུབ་ སྟོབས་དང་ལྡན་ཞིང་ཚན་པོ་ཆེ་དང་འདྲ། ། སྐྱེས་བུ་གཞན་འོངས་སྨྲས་པ་བདག་ལས་དགྱེས་པའི་སྒྲ་གསོན་ལྷ། ། འདུན་པ་ཅན་ལ་སོགས་པ་འབངས་ཀྱི་བྱིས་པ་བརྒྱད་བརྒྱ་བཙས་པར་གྱུར། །
BOབསྔགས་ལྡན་གྱི་ནི་ཟླ་བོ་ཆིབས་རྟ་སྟོང་ཕྲག་བཅུ་དག་འབྲངས་གྱུར་ཏེ། ། ཆིབས་མཆོག་ དམ་པ་གསེར་གྱི་འོད་ལྡན་རྔ་རྔོག་ལྕང་ལོར་འཁྲིལ་བ་ལགས། ། མཐའ་འཁོབ་ཁམས་ཀྱི་རྒྱལ་པོ་སྟོང་ཕྲག་ཉི་ཤུ་དག་ཀྱང་དེ་བཞིན་དུ། ། རྒྱལ་པོ་ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་མཆིས་ཀྱིས་ལེགས་པར་རྒྱལ་གྱུར་ལྷ། ། ད་ནི་བདག་མཆིས་སུག་ལས་ཅི་བགྱི་རྒྱལ་པོས་བདག་ལ་བཀའ་སྩལ་གསོལ། ། རྒྱལ་པོ་ཁྱོད་འདིར་མངའ་བརྙེས་བདག་འབངས་ཇོ་བོ་ལྷ་ཅིག་རྒྱལ་བར་སྤྱོན། ། གསེར་གྱི་དྲ་བས་མཛེས་པའི་གླང་པོ་དམ་པ་སྟོང་ཕྲག་ཉི་ཤུ་དག ། ནམ་མཁའ་ལས་ནི་སྒྲ་དག་འབྱིན་ཅིང་རྒྱལ་པོའི་ཁབ་ཏུ་མགྱོགས་སུ་མཆིས། སྦྲུམ་མ་ལ་སོགས་ནག་གུ་ཟལ་ལུ་དག་དང་བེའུ་ནི་དྲུག་སྟོང་ འབྲངས། ། ལྷ་ཅིག་ལྷ་མཆོག་བལྟམ་ཞིང་དེ་དག་བཙས་པས་རྒྱལ་ཁབ་ཕུན་སུམ་ཚོགས། ། རྗེ་ཅིག་རྒྱལ་པོར་གཤེགས་ཏེ་བསོད་ནམས་གཟི་འོད་ལྡན་པ་བལྟམ་པ་ཡི། ། ཡོན་ཏན་དག་ནི་མཐོང་བར་གྱུར་ནས་ལྷ་དང་མི་རྣམས་སྟོང་བགྲངས་པ། ། རབ་ཏུ་དགའ་བར་གྱུར་དང་ཀུན་ལ་ ཉིད་ཀྱིས་ལེགས་པར་གཟིགས་སུ་གསོལ། ། མྱུར་དུ་རྒྱལ་གྱུར་ཅིག་ཅེས་བྱང་ཆུབ་དམ་པ་མྱ་ངན་མེད་པར་ཞུགས། །
BOདགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙས་པ་དང་སྐད་ཅིག་དེ་ལ་སྦྱིན་པ་གཏོང་བ་ཡང་དེ་བས་རྒྱ་ཆེར་གྱུར་ཏོ། ། ཡ་རབས་ཀྱི་རིགས་ལྔ་བརྒྱ་ཡང་བཙས་པར་གྱུར་ ཏོ། ། གྲགས་ལྡན་ལ་སོགས་པ་བུ་མོ་ཁྲི་དང་། བྲན་མོ་བརྒྱད་བརྒྱ་དང་། འདུན་པ་ལ་སོགས་པ་བྲན་ལྔ་བརྒྱ་དང་། རྟེའུ་མོ་ཁྲི་དང་། བསྔགས་ལྡན་ལ་སོགས་པ་རྟེའུ་ཕོ་ཁྲི་དང་། བ་ལང་གི་ཕྲུག་གུ་མོ་ལྔ་བརྒྱ་དང་། བ་ལང་གི་ཕྲུག་གུ་ཕོ་ལྔ་བརྒྱ་པོ་དག་ཀྱང་བཙས་ཤིང་འབྲངས་པར་ གྱུར་ནས་དེ་དག་ཐམས་ཅད་རྒྱལ་པོ་ཟས་གཙང་མས་སྣ་གྲངས་ཡི་གེར་བྲིས་ཏེ་སྲས་བུ་གཞོན་ནུ་རྩེན་པའི་ཕྱིར་བྱིན་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་མཐུས་གླིང་བྱེ་བ་བརྒྱ་ཕྲག་བཞིའི་དབུས་ཀྱིས་ཕྱོགས་ནས་ཨ་ཤྭད་ཐའི་སྡོང་ པོ་སྐྱེས་པར་གྱུར་ཏོ། ། གླིང་ཕྲ་མོ་རྣམས་སུ་ཡང་ཙན་དན་གྱི་ནགས་ཚལ་སྐྱེས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་དོན་དུ་གྲོང་ཁྱེར་གྱི་ཁོ་ར་ཡུག་ཏུ་ཡང་སྐྱེད་མོས་ཚལ་ལྔ་བརྒྱ་དག་བྱུང་བར་གྱུར་ཏོ། ། གཏེར་ལྔ་སྟོང་ཡང་སའི་འོག་ནས་གྱེན་དུ་འབུས་ཏེ་སྒོ་སྟོན་པར་གྱུར་ ཏོ། །
BOདེ་ལྟར་རྒྱལ་པོ་ཟས་གཙང་མ་དེའི་དོན་བསམ་པ་གང་ཡིན་པ་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་བདག་གི་བུ་གཞོན་ནུ་དེའི་མིང་ཇི་སྐད་ཅིག་གདགས་པར་བྱ་སྙམ་པ་དང་། དེ་འདི་སྙམ་དུ་སེམས་ཏེ། བུ་འདི་སྐྱེས་མ་ཐག་ཏུ་ བདག་གི་དོན་ཐམས་ཅད་ཡང་དག་པར་གྲུབ་པར་གྱུར་གྱིས། འདིའི་མིང་ནི་དོན་ཐམས་ཅད་གྲུབ་པར་གདགས་སོ་སྙམ་སྟེ། དེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་ཆེར་བྱས་ནས་བུ་འདིའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ་ཞེས་མིང་དུ་བཏགས་སོ། ། དགེ་ སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙས་ནས་མའི་གློ་གཡས་པ་ཡང་མ་རལ་མ་ཉམས་ཤིང་སྔོན་བཞིན་དུ་གྱུར་ཏོ། ། དེར་ཁྲོན་པ་ལན་གསུམ་ལྡུད་པ་དག་ཀྱང་བྱུང་བར་གྱུར། སྤོས་ཀྱི་འབྲུ་མར་གྱི་རྫིང་བུ་དག་ཀྱང་བྱུང་བར་གྱུར་ཏོ། ། དེ་ནས་ལྷའི་བུ་མོ་ལྔ་སྟོང་དག་ལྷའི་ སྤོས་ཀྱིས་བསྒོས་པའི་འབྲུ་མར་དྲི་ཞིམ་པོ་ཁྱེར་ཏེ་བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷག་ནས། བལྟམས་པ་ལེགས་པར་བལྟམ་མམ། སྐུ་ལ་མི་བདེ་བ་མ་མཆིས་སམ། ཞེས་འདྲི་བར་གྱུར་ཏོ། ། ལྷའི་བུ་མོ་ལྔ་སྟོང་དག་ཀྱང་ལྷའི་བྱུག་པ་དང་། རྣམ་པར་བྱུག་པ་ཐོགས་ཏེ།
BOབྱང་ ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ནས་བལྟམ་པ་ལེགས་པར་བལྟམ་མམ། སྐུ་ལ་མི་བདེ་བ་མ་མཆིས་སམ། ཞེས་འདྲི་བར་གྱུར་ཏོ། ། ལྷའི་བུ་མོ་ལྔ་སྟོང་དག་ཀྱང་ལྷའི་སྤོས་ཆུས་བཀང་བའི་བུམ་པ་ཐོགས་ཏེ། བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ནས་བལྟམ་པ་ ལེགས་པར་བལྟམ་མམ། སྐུ་ལ་མི་བདེ་བ་མ་མཆིས་སམ་ཞེས་འདྲི་བར་གྱུར་ཏོ། ། ལྷའི་བུ་མོ་ལྔ་སྟོང་དག་ཀྱང་ལྷའི་བྱིས་པའི་གོས་ཐོགས་ཏེ་བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ནས་བལྟམ་པ་ལེགས་པར་བལྟམ་མམ། སྐུ་ལ་མི་བདེ་བ་མ་མཆིས་སམ་ཞེས་འདྲི་བར་གྱུར་ ཏོ། ། ལྷའི་བུ་མོ་ལྔ་སྟོང་དག་ཀྱང་ལྷའི་བྱིས་པའི་རྒྱན་ཐོགས་ཏེ། བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ནས་བལྟམ་པ་ལེགས་པར་བལྟམ་མམ། སྐུ་ལ་མི་བདེ་བ་མ་མཆིས་སམ་ཞེས་འདྲི་བར་གྱུར་ཏོ། ། ལྷའི་བུ་མོ་ལྔ་སྟོང་དག་ཀྱང་གླུ་དབྱངས་ལེན་ཅིང་བྱང་ཆུབ་སེམས་དཔའི་ མའི་དྲུང་དུ་ལྷགས་ཏེ་བལྟམ་པ་ལེགས་པར་བལྟམ་མམ། སྐུ་ལ་མི་བདེ་བ་མ་མཆིས་སམ་ཞེས་འདྲི་བར་གྱུར་ཏོ། ། འཛམ་བུའི་གླིང་འདི་ན་ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ནམ་མཁའ་ལས་འོངས་ཏེ།
BOརྒྱལ་པོ་ཟས་ གཙང་མའི་མདུན་དུ་འཁོད་ནས། རྒྱལ་པོ་འཕེལ་བར་གྱུར་ཅིག་ཅེས་བྱ་བའི་སྒྲ་སྒྲོག་པར་གྱུར་ཏོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙས་ནས་ཞག་བདུན་དུ་ལུམ་བི་ནིའི་ནགས་ཚལ་དུ་ལྷ་དང་མིའི་སིལ་སྙན་དང་། ཕེག་རྡོབ་པས་རིམ་གྲོར་བྱས་སོ། ། བཀུར་སྟིར་ བྱས་སོ། ། བསྟི་སྟང་དུ་བྱས་སོ། ། མཆོད་པར་བྱས་སོ། ། བཟའ་བ་དང་། བཅའ་བ་དང་། མྱང་བ་དག་ཀྱང་དྲངས་པར་གྱུར་ཏོ། ། ཤཱཀྱའི་ཚོགས་ཐམས་ཅད་ཀྱང་འདུས་ནས་ཀུན་དགའ་བའི་སྒྲ་བརྗོད་པར་གྱུར་ཏོ། ། སྦྱིན་པ་དག་ཀྱང་བྱིན་ནོ། ། བསོད་ནམས་དག་ཀྱང་བྱེད་དོ། ། བྲམ་ཟེ་སུམ་ཁྲི་ཉིས་སྟོང་ཡང་ཉིན་གཅིག་བཞིན་དུ་ཚིམ་པར་བྱས་སོ། ། སུ་དག་ཅི་འདོད་པ་དེ་དག་ལ་ཡང་དེ་བྱིན་པར་གྱུར་ཏོ། ། བརྒྱ་བྱིན་དང་ཚངས་པ་ཡང་བྲམ་ཟེའི་འཁོར་དེར་བྲམ་ཟེའི་ཁྱེའུའི་གཟུགས་སུ་སྤྲུལ་ཏེ་གྲལ་གྱི་ཐོག་མ་ལ་འཁོད་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་དག་ བརྗོད་པར་གྱུར་ཏོ། ། ཇི་ལྟར་ངན་སོང་རྣམས་ཞི་ཞིང་། ། ཇི་ལྟར་འགྲོ་ཀུན་བདེ་ལས་ན། ། འགྲོ་ལ་བདེ་བ་འགོད་པ་ཡི། ། བདེ་བ་མཛད་ཅིག་བལྟམ་པར་མངོན། ། ཇི་ལྟར་རབ་རིབ་མེད་འོད་ཀྱིས། ། ལྷ་དང་ཉི་ཟླའི་འོད་རྣམས་ཀྱང་། །
BOམི་སྣང་ཟིལ་དུ་རླག་པ་ལས། ། བསོད་ནམས་འོད་ཅིག་ བྱུང་བར་མངོན། ། མིག་མེད་རྣམས་ཀྱང་མཐོང་གྱུར་ཅིང་། ། རྣ་བ་འོན་པས་སྒྲ་ཐོས་ལ། ། སྨྱོན་པ་རྣམས་ཀྱང་དྲན་ལྡན་ལས། ། འཇིག་རྟེན་མཆོད་རྟེན་འགྱུར་བར་མངོན། ། ཇི་ལྟར་ཉོན་མོངས་མི་གནོད་ཅིང་། ། འགྲོ་བ་བྱམས་པའི་ཡིད་གྱུར་ལས། ། ཚངས་པ་བྱེ་བས་མཆོད་འོས་སུ། ། གདོན་མི་ཟ་བར་འགྱུར་བར་མངོན། ། ས་ལ་མེ་ཏོག་རྒྱས་གྱུར་ཅིང་། ། ས་ཡང་མཉམ་པར་གནས་པ་ལས། ། འགྲོ་བ་ཀུན་གྱིས་མཆོད་པ་ཡི། ། ཐམས་ཅད་མཁྱེན་དུ་འགྱུར་བར་མངོན། ། ཇི་ལྟར་འཇིག་རྟེན་འཁྲུག་མེད་ཅིང་། ། པད་མ་ཆེན་པོ་འཐོན་པ་ལས། ། ངེས་པར་གཟི་ བརྗིད་ཆེན་པོ་འདི། ། འཇིག་རྟེན་མགོན་དུ་བྱོན་པར་འགྱུར། ། ལྷ་ཡི་སྤོས་ཀྱིས་སྤགས་གྱུར་པ། ། འཇམ་པའི་རླུང་གི་ངད་ལྡང་ཞིང་། ། སེམས་ཅན་ནད་རྣམས་ཞི་གྱུར་ལས། ། འདི་ནི་སྨན་པའི་རྒྱལ་པོར་བྱོན། ། གཟུགས་ཁམས་གནས་པའི་ལྷ་བརྒྱ་པོ། ། འདོད་ཆགས་བྲལ་བ་འདི་དག་ ཀྱང་། ། ཐལ་མོ་སྦྱར་ཞིང་འདུད་པ་ལས། ། འདི་ནི་སྦྱིན་པའི་གནས་སུ་བྱོན། ། མི་རྣམས་ཀྱིས་ནི་ལྷ་མཐོང་ཞིང་། ། ལྷ་རྣམས་ཀྱིས་ནི་མི་མཐོང་ཡང་། ། ཕན་ཚུན་འཚེ་བ་མེད་པ་ལས། །
BOའདི་ནི་དེད་དཔོན་ཆེན་པོར་བྱོན། ། མེ་རྣམས་ཞི་བར་གནས་གྱུར་ཅིང་། ། ཆུ་ཀླུང་ཐམས་ཅད་མི་གཡོ་ ལ། ། ས་ཡང་དལ་བུས་གཡོ་བ་ལས། ། འདི་ནི་ཡང་དག་གཟིགས་པར་འགྱུར། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙས་ནས་ཞག་བདུན་ལོན་པ་དང་། ལྷ་མོ་སྒྱུ་འཕྲུལ་ཤི་བའི་དུས་བྱས་པར་གྱུར་ཏེ། དེ་ཤི་བའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་སོ། ། དགེ་སློང་དག་ཁྱེད་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ལན་བོན་གྱིས་ལྷ་མོ་སྒྱུ་འཕྲུལ་འཆི་བའི་དུས་བྱས་སོ། ། སྙམ་ན་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེའི་ཚད་ནི་མཐར་ཐུག་པའི་ཕྱིར་རོ། ། དགེ་སློང་དག་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བཙས་ནས་ཞག་ བདུན་ལོན་ན་མ་འཆི་བའི་དུས་བྱས་པར་གྱུར་ཏོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེས་ཏེ་དབང་པོ་ཡོངས་སུ་རྫོགས་ནས་མངོན་པར་བྱུང་ན་མ་སྙིང་འགས་སུ་འོང་བའི་ཕྱིར་རོ། །
BOདགེ་སློང་དག་དེ་ལྟར་ཞག་བདུན་ལོན་ནས་ཐོག་མ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་ལྷ་མོ་ སྒྱུ་འཕྲུལ་བཀོད་པ་ཇི་ལྟ་བུས་སྐྱེད་མོས་ཚལ་གྱི་སར་ཞུགས་པར་གྱུར་པ་དེ་དག་ལས་བྱེ་བ་བརྒྱ་སྟོང་གྱུར་པས་ཀྱང་ལྷག་པའི་བཀོད་པ་ཆེན་པོས་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་སུ་ཞུགས་སོ། ། དེ་ཞུགས་པ་དང་། བུམ་པ་སྤོས་ཆུས་གང་བ་ལྔ་སྟོང་གིས་མདུན་དུ་ དྲངས་པར་གྱུར་ཏོ། ། དེ་བཞིན་དུ་བུ་མོ་ལྔ་སྟོང་ནི་རྨ་བྱའི་མདོངས་ལག་ན་ཐོགས་ཏེ་མདུན་དུ་འདོང་བར་གྱུར་ཏོ། ། བུ་མོ་ལྔ་སྟོང་ནི་ཤིང་ཏ་ལའི་ཡལ་ག་ཐོགས་ཤིང་མདུན་དུ་འདོང་བར་གྱུར་ཏོ། ། བུ་མོ་ལྔ་སྟོང་ནི་སྤོས་ཆུའི་རིལ་བ་བྷྲིང་ག་ར་ཐོགས་ཏེ་ལམ་ཆག་ཆག་གིས་འདེབས་ཤིང་མདུན་དུ་ འདོང་བར་གྱུར་ཏོ། ། བུ་མོ་ལྔ་སྟོང་ནི་ནགས་ཚལ་གྱི་མེ་ཏོག་གི་ཕྲེང་བ་འཕྱང་བ་ཁྱེའུ་ཚང་སྣ་ཚོགས་ཐོགས་ཏེ་མདུན་དུ་འདོང་བར་གྱུར་ཏོ། ། བུ་མོ་ལྔ་སྟོང་ནི་བཟང་པོར་སྒྱུར་བའི་རིན་པོ་ཆེ་ཐོགས་ཏེ། ལམ་གྱི་བྱི་དོར་བྱེད་ཅིང་མདུན་དུ་འདོང་བར་གྱུར་ཏོ། ། བུ་མོ་ལྔ་སྟོང་ནི་སྟན་བཟང་པོ་ཐོགས་ ཤིང་མདུན་དུ་འདོང་བར་གྱུར་ཏོ། །
BOབྲམ་ཟེ་ལྔ་སྟོང་ནི་དྲིལ་བུ་ཐོགས་ཏེ་བཀྲ་ཤིས་ཀྱི་སྒྲ་འབྱིན་ཅིང་མདུན་དུ་འདོང་བར་གྱུར་ཏོ། ། གླང་པོ་ལྔ་སྟོང་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་མདུན་དུ་འདོང་བར་གྱུར་ཏོ། ། རྟ་ཉིས་ཁྲི་ནི་གསེར་གྱི་བརྒྱན་གྱིས་བཀབ་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ ཏེ་མདུན་དུ་འདོང་བར་གྱུར་ཏོ། ། ཤིང་རྟ་བརྒྱད་ཁྲི་ནི་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་ཞིང་དྲིལ་བུ་གཡེར་ཀའི་དྲ་བས་ལེགས་པར་བརྒྱན་ཏེ། བྱང་ཆུབ་སེམས་དཔའི་ཕྱི་བཞིན་འདོང་བར་གྱུར་ཏོ། ། རྐང་ཏང་དཔའ་ཞིང་རྟུལ་ཕོད་པ། ཡན་ལག་དམ་པའི་གཟུགས་དང་ ལྡན་པ། གོ་ཆ་སྲ་བ་བགོས་པ་བཞི་ཁྲི་ནི་བྱང་ཆུབ་སེམས་དཔའ་འགྲོ་བའི་ཕྱི་བཞིན་འདོང་བར་གྱུར་ཏོ། ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་གྲགས་པ་གྲགས་པ་ཆེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་དག་ནི་ནམ་མཁའི་དཀྱིལ་ནས་བཀོད་པ་རྣམ་པ་སྣ་ཚོགས་ དུ་མ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་ཕྱི་བཞིན་འདོང་བར་གྱུར་ཏོ། ། ཤིང་རྟ་གང་ལ་བྱང་ཆུབ་སེམས་དཔའ་འདུག་པར་གྱུར་པ་དེ་ཡང་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཀོད་པ་ཆེན་པོ་དུ་མས་ལེགས་པར་བརྒྱན་པར་གྱུར་ཏོ། །
BOལྷའི་བུ་མོ་རྒྱན་ཐམས་ཅད་ཀྱིས་ཆས་པ་རིན་པོ་ཆེའི་ ཕྲེང་བ་ཐོགས་པ་ཉིས་ཁྲི་ཤིང་རྟ་དེ་དྲངས་ཏེ་ལྷའི་བུ་མོ་གཉིས་ཀྱི་བར་དུ་ནི་མིའི་བུ་མོ་གཅིག་འདུག ། མིའི་བུ་མོ་གཉིས་ཀྱི་བར་དུ་ནི་ལྷའི་བུ་མོ་གཅིག་འདུག་ཀྱང་བྱང་ཆུབ་སེམས་དཔའི་མཐུས་ལྷའི་བུ་མོས་ཀྱང་མིའི་བུ་མོའི་དྲི་མི་ཞིམ་པ་མི་ཚོར། མིའི་བུ་མོས་ཀྱང་ལྷའི་བུ་མོའི་གཟུགས་ མཐོང་ན་བག་མེད་པར་མ་གྱུར་ཏོ། ། དགེ་སློང་དག་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་ཤཱཀྱ་ལྔ་བརྒྱ་ཙམ་གྱིས་བྱང་ཆུབ་སེམས་དཔའི་ཆེད་དུ་ཁྱིམ་ལྔ་བརྒྱ་ཕུབ་སྟེ། དེ་དག་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་དེར་འཇུག་པའི་ཚེ། རང་རང་གིས་བྱས་པའི་ཁྱིམ་གྱི་སྒོར་འཁོད་དེ། ཐལ་མོ་སྦྱར་ ནས་ལུས་གུས་པར་བཏུད་དེ་རིམ་གྲོ་དང་བཅས་པས་འདི་སྐད་དུ། ཀྱེ་དོན་ཐམས་ཅད་གྲུབ་པ་འདིར་གཤེགས་སུ་གསོལ། ཀྱེ་ལྷའི་ལྷ་འདིར་གཤེགས་སུ་གསོལ། ཀྱེ་སེམས་ཅན་དག་པ་འདིར་གཤེགས་སུ་གསོལ། ཀྱེ་ཁ་ལོ་སྒྱུར་བ་དམ་པ་འདིར་གཤེགས་སུ་གསོལ། ཀྱེ་དགའ་ཞིང་ བདེ་བ་དང་མཆོག་ཏུ་དགའ་བ་མཛད་པ་འདིར་གཤེགས་སུ་གསོལ། ཀྱེ་སྨད་པ་མེད་པའི་གྲགས་པ་མངའ་བ་འདིར་གཤེགས་སུ་གསོལ།
BOཀྱེ་ཀུན་ནས་སྤྱན་མངའ་བ་འདིར་གཤེགས་སུ་གསོལ། ཀྱེ་མི་མཉམ་པ་དང་མཉམ་ཞིང་འདྲ་བ་མེད་པའི་ཡོན་ཏན་དང་གཟི་བརྗིད་མངའ་བ། མཚན་ དང་དཔེ་བྱད་བཟང་པོས་ཡང་དག་པར་བརྒྱན་པའི་སྐུ་མངའ་བ་འདིར་གཤེགས་སུ་གསོལ་ཞེས་དེ་སྐད་འཛེར་ཏོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་དེ་དག་ཐམས་ཅད་དང་འཐུན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཁྱིམ་དེ་ཀུན་ཏུ་ཡང་ཞུགས་པར་བྱས་ཏེ། ཟླ་བ་ བཞི་ལོན་པ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཁྱིམ་དུ་ཞུགས་ཏེ་རིན་པོ་ཆེ་སྣ་ཚོགས་བཀོད་པ་ཞེས་བྱ་བའི་ཁང་{བཟངས་,བཟང་}ཆེན་པོ་དེར་བྱང་ཆུབ་སེམས་དཔའ་ཞུགས་པར་གྱུར་ཏོ། ། དེ་ན་ཤཱཀྱ་རྒན་རབས་རྒན་རབས་རྣམས་འདུས་ཏེ་བགྲོས་པ། ཕན་པའི་སེམས་དང་། བྱམས་པའི་སེམས་ ཀྱིས་ཡོན་ཏན་དང་ལྡན་པ་དང་། འཇམ་པ་དང་ལྡན་པར་བྱང་ཆུབ་སེམས་དཔའ་བཙའ་བ་དང་། བྱི་དོར་བྱ་བ་དང་། ཉམས་སུ་བླང་བར་སུས་ནུས་ཞེས་བྱས་པ་དང་། དེ་ན་ཤཱཀྱའི་བུ་མོ་ལྔ་བརྒྱ་ཙམ་སོ་སོ་ནས་འདི་སྐད་དུ་བདག་གིས་གཞོན་ནུའི་རིམ་གྲོ་བགྱིའོ། ། བདག་གིས་གཞོན་ནུའི་རིམ་གྲོ་ བགྱིའོ་ཞེས་ཟེར་རོ། །
BOདེ་ན་ཤཱཀྱ་ཆེས་འགྲས་ཆེས་འགྲས་པ་དེ་དག་ན་རེ་བུ་མོ་འདི་དག་ཐམས་ཅད་ནི་བྱིས་པ་གཞོན་ནུ་ཐོར་བུ་གཞོན་ནུ་ལ་གཟུགས་དང་ད་རལ་བབ་པས་རྒྱགས་ཤིང་དྲེགས་པ་ཡིན་པས་འདི་དག་གིས་བྱང་ཆུབ་སེམས་དཔའ་ལ་དུས་དུས་སུ་རིམ་གྲོ་བྱ་བ་མི་ནུས་སོ། ། སྐྱེ་དགུའི་ བདག་མོ་ཆེན་མོ་གཽ་ཏ་མཱི་གཞོན་ནུའི་སྲུ་མོ་སྟེ། འདིས་ནི་གཞོན་ནུ་བདེ་བ་དང་ལེགས་པར་སྐྱེད་པར་ནུས་སོ། ། རྒྱལ་པོ་ཟས་གཙང་མ་ཡང་མཉེས་པར་ནུས་སོ། ། ཞེས་ཐམས་ཅད་གྲོས་གཅིག་ཏུ་འདུས་ཏེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དད་པར་བྱས་ནས། སྐྱེ་དགུའི་བདག་མོ་ཆེན་མོ་ གཽ་ཏ་མཱིས་གཞོན་ནུ་དེ་ལེགས་པར་བསྐྱེད་དོ། ། དེའི་ཚེ་བྱང་ཆུབ་སེམས་དཔའི་རིམ་གྲོར་མ་མ་སུམ་ཅུ་རྩ་གཉིས་བསྐོས་པར་གྱུར་ཏེ། དེ་ལ་བརྒྱད་ནི་པང་ན་འཚོ་བའི་མ་མའོ། ། བརྒྱད་ནི་ནུ་མ་སྣུན་པའི་མ་མའོ། ། བརྒྱད་ནི་རྩེན་གྲོགས་ཀྱི་མ་མའོ། ། བརྒྱད་ནི་དྲི་མ་འཕྱི་བའི་མ་མའོ། ། དེ་ ནས་རྒྱལ་པོ་ཟས་གཙང་མས་ཤཱཀྱའི་ཚོགས་ཐམས་ཅད་བསོགས་ཏེ་དཔྱད་པ། ཇི་ལྟ་གཞོན་ནུ་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ཏུ་འགྱུར་རམ་འོན་ཏེ་མ་ཡིན་གྱིས་རབ་ཏུ་འབྱུང་བའི་ཕྱིར་མངོན་པར་འབྱུང་ཞེས་དཔྱད་པ་དང་།
BOདེའི་ཚེ་རིའི་རྒྱལ་པོ་གངས་རིའི་ངོས་ལ་དྲང་སྲོང་ཆེན་པོ་ ནག་པོ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་སྣག་གི་ཚ་བོ་མིས་བྱིན་ཞེས་བྱ་བ་དང་ལྷན་ཅིག་ཏུ་འདུག་འདུག་པ་ལས་དེས་བྱང་ཆུབ་སེམས་དཔའ་བཙས་པའི་ཚེ། ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་མང་དུ་མཐོང་སྟེ། ནམ་མཁའི་དཀྱིལ་ན་ཡང་ལྷའི་བུ་མང་པོ་སངས་རྒྱས་ཀྱི་སྒྲ་ སྒྲོག་ཅིང་གོས་ཀྱི་གཡབ་མོ་གཡོབ་པ་དང་། དགའ་ཞིང་ཕན་ཚུན་འདོང་བ་མཐོང་ནས། དེས་བསམས་པ། མ་ལ་བདག་གིས་རྣམ་པར་བལྟ་བ་ཞིག་ཏུ་བྱའམ་སྙམ་ནས། དེས་ལྷའི་མིག་གིས་འཛམ་བུའི་གླིང་ཐམས་ཅད་དུ་བལྟས་ན་སེར་སྐྱའི་གྲོང་ཁྱེར་ཆེན་པོ་དེ་ན་རྒྱལ་པོ་ཟས་གཙང་ མའི་ཁྱིམ་དུ་གཞོན་ནུ་བསོད་ནམས་ཀྱི་གཟི་བརྗིད་ཀྱིས་གཟི་དང་ལྡན་པར་བྱས་པ། འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་ལེགས་པར་བརྒྱན་པ་ཞིག་བཙས་པར་མཐོང་ནས། བྲམ་ཟེའི་ཁྱེའུ་མིས་བྱིན་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཤེས་ པར་གྱིས་ཤིག ། འཛམ་བུའི་གླིང་དུ་ནི་རིན་པོ་ཆེ་ཆེན་པོ་བྱུང་སྟེ།
BOསེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་ཟས་གཙང་མའི་ཁྱིམ་དུ་གཞོན་ནུ་བསོད་ནམས་ཀྱི་གཟི་བརྗིད་ཀྱིས་གཟི་དང་ལྡན་པར་བྱས་པ་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ པ་བཙས་སོ། ། དེ་གལ་ཏེ་ཁྱིམ་ན་གནས་ན་ནི་མཐའ་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། རྣམ་པར་རྒྱལ་བ་དང་ལྡན་པ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་སྲིད་ཀྱི་མཐུ་སྟོབས་ཐོབ་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུན་འབྱུང་བར་འགྱུར་རོ། ། དེ་ལ་བུ་སྟོང་ཡོད་པར་འགྱུར་ཏེ། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་ གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་འཇོམས་པ་ཤ་སྟག་འབྱུང་བར་འགྱུར་རོ། ། དེ་ནི་ས་ཆེན་པོའི་དཀྱིལ་འཁོར་འདི་རྒྱ་མཚོའི་མཐའ་སྐོར་དང་བཅས་པ་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་པ་དང་།
BOཆོས་དང་འཐུན་པར་རང་གི་མཐུས་ཟིལ་གྱིས་མནན་ཅིང་མངོན་པར་ཕབ་སྟེ། དབང་ ཕྱུག་གི་དབང་གིས་རྒྱལ་སྲིད་བྱེད་པར་འགྱུར་རོ། ། དེ་གལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྟོན་པ་འདྲེན་པ་གཞན་གྱི་དྲིང་མི་འཇོག་པ། འཇིག་རྟེན་དུ་སྒྲ་རྣམ་པར་ གྲགས་པར་འགྱུར་རོ། ། དེ་ལྟ་བས་ན་ཚུར་ཤོག་དེ་ལྟར་འདོང་ངོ་། ། དེ་ནས་དྲང་སྲོང་ཆེན་པོ་ནག་པོ་སྣག་གི་ཚ་བོ་མིས་བྱིན་དང་འགྲོགས་ཏེ། ངང་པའི་རྒྱལ་པོ་ལྟར་ནམ་མཁའི་དཀྱིལ་ནས་ལྡིངས་ཏེ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རྫུ་འཕྲུལ་བརྟུལ་ ནས་རྐང་གིས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་དོང་སྟེ། རྒྱལ་པོ་ཟས་གཙང་མའི་ཁྱིམ་ག་ལ་བ་དེར་ཕྱིན་ནས། རྒྱལ་པོ་ཟས་གཙང་མའི་ཁྱིམ་གྱི་སྒོར་བསྡད་དོ། ། དགེ་སློང་དག་དེ་ལྟར་དྲང་སྲོང་ནག་པོ་དེས་རྒྱལ་པོ་ཟས་གཙང་མའི་ཁྱིམ་གྱི་སྒོ་དྲུང་དུ་སྲོག་ཆགས་བརྒྱ་སྟོང་མང་པོ་ འདུས་པ་མཐོང་ངོ་། ། དེ་ནས་དྲང་སྲོང་ནག་པོ་སྒོ་བའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །
BOཀྱེ་མི་ཁྱོད་སོང་ལ་རྒྱལ་པོ་ཟས་གཙང་མ་ལ་ཆབ་སྒོ་ན་དྲང་སྲོང་ཞིག་མཆིས་སོ་ཞེས་གསོལ་ཅིག ། དེ་ནས་སྒོ་བ་དེས་དེ་ལྟར་བགྱིའོ་ཞེས་དྲང་སྲོང་ནག་པོའི་ལྟར་མཉན་ཏེ། རྒྱལ་པོ་ཟས་གཙང་ མ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་ཐལ་མོ་སྦྱར་ཏེ། རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་མཁྱེན་པར་མཛད་དུ་གསོལ། ཆབ་སྒོ་ན་དྲང་སྲོང་རྒན་པོ་འཁོགས་པ་ནས་གཟེར་བ་ཞིག་མཆིས་ཏེ། འདི་སྐད་དུ་བདག་ནི་རྒྱལ་པོའི་ཞལ་མཐོང་བར་འཚལ་ལོ་ཞེས་མཆིའོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་དྲང་སྲོང་ནག་པོའི་སྟན་འདིང་དུ་བཅུག་སྟེ། མི་དེ་ལ་འདི་སྐད་ཅེས་སྨྲས་སོ། ། དྲང་སྲོང་དེ་ནང་དུ་འོང་བར་གྱིས་ཤིག ། དེ་ནས་མི་དེ་རྒྱལ་པོའི་ཕོ་བྲང་ནས་བྱུང་ནས། དྲང་སྲོང་ནག་པོ་ལ་འདི་སྐད་ཅེས་སྨྲས་ཏེ། ནང་དུ་བཞུད་ཅིག ། དེ་ནས་དྲང་སྲོང་ནག་པོ་རྒྱལ་ པོ་ཟས་གཙང་མ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། མདུན་དུ་འདུག་སྟེ་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་ཆེན་པོ་རྒྱལ་བར་སྤྱོན་ཅིག ། རྒྱལ་བར་སྤྱོན་ཅིག ། སྐུ་ཚེ་རིང་བར་སྲུངས་ཤིག ། ཆོས་བཞིན་དུ་རྒྱལ་པོ་མཛོད་ཅིག །
BOདེ་ནས་རྒྱལ་པོ་ཟས་གཙང་མས་ དྲང་སྲོང་ནག་པོ་ལ་ཡོན་ཆུ་དང་རྐང་པ་ལ་གཏོར་བའི་ཆུས་མཆོད་པ་བྱས་ཏེ་ཤིན་ཏུ་ལེགས་པར་ཡོངས་སུ་བཀུར་ནས་སྟན་ལ་བདར་ཏེ། དེ་སྟན་ལ་བདེ་བར་འདུག་པར་ཤེས་ནས་ཞེ་ས་དང་བཅས། གུས་དང་བཅས་པར་འདི་སྐད་ཅེས་སྨྲས་སོ། ། དྲང་སྲོང་སྔོན་མཐོང་བར་མི་དྲན་ན་འདིར་ཅི་ལ་བྱོན་ ཅི་ཞིག་བཞེད། དེ་སྐད་ཅེས་སྨྲས་པ་དང་། དྲང་སྲོང་ནག་པོས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་ཤིག་བལྟམ་པར་གྱུར་པ་དེ་ལྟ་ཞིང་བདག་འདིར་མཆིས་སོ། ། རྒྱལ་པོས་སྨྲས་པ། དྲང་སྲོང་ཆེན་པོ་གཞོན་ནུ་ཉལ་ཞིང་མཆིས་ཀྱིས་ ལངས་ཀྱི་བར་དུ་{ཆུང་ཟད་,ཅུང་ཟད་}ཅིག་གཞེས་ཤིག ། དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་སྐྱེས་བུ་ཆེན་པོ་དེ་ལྟ་བུ་ནི་རིང་པོར་མི་ཉལ་ཏེ། སྐྱེས་བུ་དམ་པ་དེ་ལྟ་བུ་དག་ནི་སད་པར་གནས་པའི་ངང་ཚུལ་ཅན་ནོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་དྲང་སྲོང་ནག་པོ་དེ་ལ་སྙིང་བརྩེ་ བ་ཉེ་བར་བཟུང་སྟེ་སད་པའི་བརྡ་བྱས་སོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལག་པ་གཉིས་ཀྱིས་ཤིན་ཏུ་ལེགས་པར་བླངས་ཏེ།
BOདྲང་སྲོང་ནག་པོའི་དྲུང་དུ་ཁྱེར་རོ། ། དེ་ནས་དྲང་སྲོང་ནག་པོས་བྱང་ཆུབ་སེམས་དཔའ་བལྟས་ན། སྐྱེས་བུ་ཆེན་པོའི་ མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་རྣམ་པར་སྤྲས་པའི་ལུས་དང་ལྡན་པ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལས་འཕགས་པའི་ལུས་ཅན་ཉི་མ་བརྒྱ་ཕྲག་སྟོང་ལས་ཀྱང་ལྷག་པའི་གཟི་བརྗིད་དང་ལྡན་པ། ཡན་ལག་ཐམས་ཅད་ དུ་མཛེས་པ་མཐོང་ནས། ཀྱེ་མ་འཇིག་རྟེན་དུ་ངོ་མཚར་གྱི་གང་ཟག་འདི་བྱུང་ངོ་། ། ཀྱེ་མ་འཇིག་རྟེན་དུ་ངོ་མཚར་ཆེན་པོ་དང་ལྡན་པའི་གང་ཟག་འདི་བྱུང་ངོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས། སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་ཕྱག་འཚལ་ ཏེ། བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་པང་དུ་བླངས་ཏེ། སེམས་ཞིང་འདུག་པར་གྱུར་ཏོ། ། དེ་ནས་དེས་བྱང་ཆུབ་སེམས་དཔའི་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོད་པ་མཐོང་སྟེ། དེ་དག་དང་ལྡན་པའི་སྐྱེས་བུ་གང་ཟག་དེ་རྣམ་པ་གཉིས་སུ་འགྱུར་གྱི། གཞན་དུ་མི་འགྱུར་རོ། །
BOགལ་ཏེ་ཁྱིམ་ན་གནས་ན་ནི་མཐའ་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དབང་ཕྱུག་གི་དབང་གིས་རྒྱལ་སྲིད་བྱེད་དོ་ཞེས་བྱ་བའི་བར་དུ་འགྱུར་བ་དང་། གལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ ན་ནི་དེ་བཞིན་གཤེགས་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྲགས་པ་འདྲེན་པ་གཞན་གྱི་དྲིང་མི་འཇོག་པར་འགྱུར་བ་མཐོང་ནས། དེས་དེ་ལྟ་བུ་མཐོང་བ་དང་། མཆི་མ་བླགས་ཏེ་ངུས་ནས་ཤུགས་རིང་དུ་ཕྱུང་བ་དང་། རྒྱལ་པོ་ཟས་གཙང་མས་དྲང་སྲོང་དེ་ མཆི་མ་བླགས་ཏེ་ངུས་ནས་ཤུགས་རིང་དུ་འབྱིན་པར་མཐོང་ནས། སྔངས་ཏེ་མི་དགའ་ཞིང་རིངས་པར་རིངས་པར་དྲང་སྲོང་ཆེན་པོ་དེ་ལ་སྨྲས་པ། དྲང་སྲོང་དེ་ལྟར་བཤུམ་མོ་བླགས་ཏེ་བཤུམས་པ་དང་། ཤུགས་རིང་དུ་འབྱིན་པ་ཅི་ཞིག་ནོངས། ། གཞོན་ནུ་འདི་ལ་མི་དགེ་བའམ་ ཅིག་མི་གདའ་འམ། དེ་སྐད་ཅེས་སྨྲས་པ་དང་། དྲང་སྲོང་ཆེན་པོ་ནག་པོས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་ཆེན་པོ་བདག་ནི་གཞོན་ནུའི་སླད་དུ་ངུ་བ་ཡང་མ་ལགས། འདི་ལ་མི་དགེ་བ་ཡང་གང་ཡང་མ་མཆིས་ཏེ། བདག་ཉིད་ངུ་བར་བས་སོ། ། དེ་ཅིའི་སླད་དུ་ཞེ་ན།
BOརྒྱལ་པོ་ཆེན་པོ་བདག་ནི་རྒས་ཤིང་འཁོགས་ཏེ་ནས་གཟེར་ལ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་ནི་གདོན་མི་འཚལ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་འཐུན་པར་བསྐོར་བར་མི་ནུས་བསྐོར་བར་འགྱུར་རོ། ། ལྷ་དང་བཅས་པའི་འཇིག་རྟེན་ལ་སྨན་པ་དང་བདེ་བའི་སླད་དུ་ཆོས་སྟོན་པར་འགྱུར་ཏེ། ཚངས་པར་སྤྱོད་པ། ཐོག་ མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བའི་མཐར་ཕྱིན་པའི་ཆོས་ཡང་དག་པར་སྟོན་པར་འགྱུར་རོ། ། སེམས་ཅན་སྐྱེ་བའི་ཆོས་ཅན་དག་འདི་ལས་ ཆོས་དེ་ཐོས་ནས། སྐྱེ་བ་ལས་ཡོངས་སུ་མ་གྲོལ་བ་རྣམས་གྲོལ་བར་འགྱུར་རོ། ། དེ་བཞིན་དུ་སེམས་ཅན་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་ནི་རྒ་བ་དང་། ན་བ་ དང་། འཆི་བ་དང་། མྱ་ངན་དང་།
BOསྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་འགྲོལ་བར་འགྱུར། སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེས་གདུངས་པ་རྣམས་ལ་ནི་དམ་པའི་ཆོས་ཀྱི་ ཆར་པས་སིམ་པར་མཛད་པར་འགྱུར། སེམས་ཅན་ལྟ་བ་ངན་པ་སྣ་ཚོགས་ཐིབས་པོས་ཁེབས་པ་ལམ་གོལ་བར་ཞུགས་པ་རྣམས་ནི་ལམ་དྲང་པོར་མྱ་ངན་ལས་འདས་པར་འདྲེན་པར་འགྱུར། སེམས་ཅན་འཁོར་བའི་དྲ་བ་དང་བཙོན་རར་འཁོར་ཞིང་ཉོན་མོངས་པའི་འཆིང་བས་བཅིངས་པ་ རྣམས་ནི་བཅིངས་པ་ལས་ཡོངས་སུ་གྲོལ་བར་མཛད་པར་འགྱུར། སེམས་ཅན་མི་ཤེས་པའི་མུན་པ་དང་། རབ་རིབ་དང་། ལིང་ཏོག་གིས་མིག་ལྡོངས་པ་རྣམས་ལ་ནི་ཤེས་རབ་ཀྱི་མིག་སྐྱེད་པར་འགྱུར། སེམས་ཅན་ཉོན་མོངས་པའི་ཟུག་རྔུས་ཟུག་པ་རྣམས་ལ་ནི་ཟུག་རྔུ་ འབྱིན་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་ནི་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ངོ་། ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བརྒྱ་ལ་བརྒྱ་ལམ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་སྟེ།
BOདེ་ལྟར་གཞོན་ནུ་འདི་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་བར་འགྱུར་ཞིང་འཆི་བ་མེད་པ་ལ་ རབ་ཏུ་གཞོག་པར་འགྱུར་ལ། བདག་གིས་ནི་སངས་རྒྱས་དཀོན་མཆོག་དེ་མི་མཐོང་བ་དང་། བདག་གི་ནད་མ་མཆིས་པ་འདི་ལ་ཡང་འདོད་ཆགས་དང་བྲལ་བར་གྱུར་ཏེ། རྒྱལ་པོ་ཆེན་པོ་བདག་ནི་དེའི་སླད་དུ་ངུ་ཞིང་མི་དགའ་བས་ཤུགས་རིང་དུ་འབྱིན་པ་ལགས་སོ། ། རྒྱལ་པོ་ ཆེན་པོ་བདག་ཅག་གི་བསྟན་བཅོས་ལས་འབྱུང་བ་ལྟ་ན་ནི་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་ཁབ་ན་བཞུགས་པར་མི་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ དང་ལྡན་པ་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་དབུ་གཙུག་ཏོར་དང་ལྡན་པ་སྟེ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྐྱེས་བུ་ཆེན་པོའི་མཚན་དང་པོ་འདི་དང་ལྡན་ནོ། །
BOརྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་ གྲུབ་པ་ནི་དབུ་སྟང་ཟིལ་བཅག་པའི་འཕྲོ་དང་རྨ་བྱའི་མགྲིན་པ་ལྟར་མཐོན་མཐིང་དུ་གྲུབ་ཅིང་ལྕང་ལོར་འཁྲིལ་ལ་གཡས་སུ་འཁྱིལ་བ་དང་། འཕྲལ་བའི་དབྱེས་མཉམ་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་སྨིན་མཚམས་སུ་མཛོད་སྤུ་སྐྱེས་པ་ནི་ཁ་བ་ དང་དངུལ་གྱི་མདོག་ལྟར་མཆིས་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུ་དང་། སྤྱན་དཀར་ནག་འབྱེས་པ་དང་། ཚེམས་བཞི་བཅུ་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་ལྡན་པ་ ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཚངས་པའི་དབྱངས་དང་། རོ་བྲོ་བའི་མཆོག་དང་ལྡན་པ་དང་། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། བདུན་མཐོ་བ་དང་། ཐལ་གོང་རྒྱས་པ་ དང་། པགས་པ་སྲབ་ཅིང་མདོག་གསེར་འདྲ་བ་དང་། བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སླེབས་པ་དང་། རོ་སྟོད་སེང་གེའི་ལྟ་བུ་དང་ལྡན་པ་ལགས་སོ། །
BOརྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། སྤུ་རེ་རེ་ནས་སྐྱེས་ པ་དང་། ཡན་ལག་གི་སྤུ་གཡས་ཕྱོགས་ནས་གྱེན་དུ་འཁྱིལ་བ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། བརླ་ལེགས་པར་ཟླུམ་པ་དང་། བྱིན་པ་{རི་དགས་,རི་དྭགས་}ཀྱི་རྒྱལ་པོ་ཨེ་ན་ཡའི་ལྟ་བུ་དང་། སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། ཞབས་ཀྱི་གོང་མཐོ་ བ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཇམ་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ་དང་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་ཞབས་ཀྱི་འོག་གི་མཐིལ་གཉིས་ལ་འཁོར་ལོ་རེ་རེ་སྐྱེས་པ་ནི་བཟང་ཞིང་རྩིབས་སྟོང་དང་ལྡན་ལ། མུ་ ཁྱུད་དང་བཅས། ལྟེ་བ་དང་བཅས་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཞབས་མཉམ་ཞིང་ཤིན་ཏུ་གནས་པ་དང་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་དང་ལྡན་ནོ། ། རྒྱལ་པོ་ཆེན་པོ་མཚན་གྱི་རྣམ་པ་དེ་ལྟ་བུ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་མི་འབྱུང་སྟེ།
BOམཚན་དེ་ལྟ་བུ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་འབྱུང་ངོ་། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་སྐུ་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་མཆིས་ཏེ། དེ་དག་དང་ལྡན་པས་གཞོན་ནུ་ དོན་ཐམས་ཅད་གྲུབ་པ་ནི་ཁབ་ན་བཞུགས་པར་མི་འགྱུར་གྱི། གདོན་མི་འཚལ་བར་རབ་ཏུ་འབྱུང་བའི་དོན་དུ་མངོན་པར་འབྱུང་བར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ་རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སེན་མོ་མཐོ་བ་དང་། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། སེན་མོ་མདོག་སྣུམ་པ་དང་། སོར་མོ་རྣམས་ཟླུམ་པ་དང་། སོར་མོ་རྣམས་རྒྱས་པ་དང་། སོར་མོ་བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་པ་དང་། ལོང་བུ་མི་མངོན་པ་དང་། ཚིགས་མི་མངོན་པ་དང་། ཞབས་མཉམ་ཞིང་མི་མཉམ་པ་མ་མཆིས་པ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཕྱག་གི་རི་མོ་མཚུངས་པ་དང་ལྡན་ཞིང་ཕྱག་གི་རི་མོ་མདངས་ཡོད་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་ཡ་ཡོར་མ་གྱུར་པ་དང་། ཕྱག་གི་རི་མོ་རིམ་པར་འཚམ་པ་དང་། སྒྲོས་བིམ་པ་ལྟར་དམར་བ་དང་།
BOསྒྲ་མི་གྲག་པའི་ཚིག་དང་། ལྗགས་མཉེན་ཞིང་འཇམ་ལ་ཟངས་ཀྱི་མདོག་ལྟར་འདུག་པ་དང་། གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་དང་ལྡན་པ་དང་། སྙན་ཅིང་འཇམ་པ་དང་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ ནི་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པ་སྟེ། ཕྱག་རིང་བ་དང་། སྐུའི་ན་བཟའ་གཙང་མ་ཕུན་སུམ་ཚོགས་པ་དང་། སྐུ་འཇམ་པ་དང་། བསྙེངས་པ་མི་མངའ་བའི་སྐུ་དང་། ཞུམ་པ་མི་མངའ་བའི་སྐུ་དང་། རིམ་པར་འཚམ་པའི་སྐུ་དང་། ཤིན་ཏུ་དཔའ་བར་ མཛེས་པའི་སྐུ་དང་། རྣམ་པར་ལེགས་པར་གྲུབ་པའི་སྐུ་དང་། པུས་མོའི་ལྷ་ང་ཡངས་ཤིང་རྒྱ་ཆེ་ལ་ཤིན་ཏུ་གང་བ་དང་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྐུ་ཟླུམ་པ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་འཇམ་པ་དང་། སྐུ་ཡ་ཡོ་མ་མཆིས་པ་དང་། སྐུ་ རིམ་གྱིས་ལེགས་པར་གྲུབ་པ་དང་། ལྟེ་བ་ཟབ་པ་དང་། ལྟེ་བ་མ་ཡོ་བ་དང་། ལྟེ་བ་རིམ་གྱིས་གཞོལ་བ་དང་། དྲང་སྲོང་ལྟར་གཙང་སྦྲས་སྤྱོད་པ་དང་། ཀུན་ནས་མཛེས་པ་དང་། སྣང་བ་དམ་པ་ཤིན་ཏུ་རྣམ་པར་དག་ཅིང་། རབ་རིབ་མ་མཆིས་པའི་འོད་ཀུན་ནས་འབྱུང་བ་དང་ལྡན་ པ་ལགས་སོ། །
BOརྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་གླང་པོ་ལྟར་དལ་བའི་འགྲོས་དང་། སེང་གེའི་སྟབས་ལྟ་བུའི་འགྲོས་དང་། ཁྱུ་མཆོག་གི་སྟབས་ལྟ་བུའི་འགྲོས་དང་། ངང་པའི་སྟབས་ལྟ་བུའི་འགྲོས་དང་། གཡས་ཕྱོགས་སུ་མཛེས་པར་འཁོར་བའི་འགྲོས་ དང་། དཀུ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་རྙོངས་པ་དང་། རྐེད་པ་གཞུའི་ཆང་ཟུངས་ལྟར་ཕྲ་བ་དང་། མདོག་གི་ཉེས་པ་སྔོ་བའམ། གནག་པའི་སྐྱོན་དང་བྲལ་བའི་སྐུ་དང་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་མཆེ་བ་ ཟླུམ་པ་དང་། མཆེ་བ་རྣོ་བ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤངས་ལེགས་པར་མཐོ་བ་དང་། སྤྱན་གསལ་བ་དང་། སྤྱན་དྲི་མ་མེད་པ་དང་། འཛུམ་པའི་སྤྱན་དང་ལྡན་པ་དང་། སྤྱན་རིང་བ་དང་། སྤྱན་ཡངས་པ་དང་། ཨུད་པ་ལ་སྔོན་པོ་ལྟ་བུའི་སྤྱན་དང་ལྡན་པ་ ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྨིན་མའི་སྤུ་མཉམ་པ་དང་། སྨིན་མ་སྟུག་པ་དང་། སྨིན་མ་གནག་པ་དང་། སྨིན་མ་རྒྱུན་ཆགས་པ་དང་། སྨིན་མ་རིམ་གྱིས་གཞོལ་བ་དང་། མཁུར་བ་རྒྱས་པ་དང་། མཁུར་བ་མི་མཉམ་པ་མེད་པ་དང་། མཁུར་བ་སྐྱོན་དང་བྲལ་བ་དང་། སྡང་བ་དང་།
BOཁྲོ་བའི་མདོག་མེད་པ་དང་། ཤིན་ཏུ་རིག་པའི་དབང་པོ་དང་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་དེ་ནི་མཛོད་སྤུ་ཡོངས་སུ་རྫོགས་པ་དང་ལྡན་པ་དང་། གདོང་དང་དཔྲལ་བ་རྐྱེན་དུ་འབབ་པ་དང་། དབུ་ ཡོངས་སུ་རྒྱས་པ་དང་། དབུ་སྐྲ་གནག་པ་དང་། དབུ་སྐྲ་མཉམ་པ་དང་། དབུ་སྐྲ་དྲི་ཞིམ་པ་དང་། དབུ་སྐྲ་མི་བཤོར་བ་དང་། དབུ་སྐྲ་མི་འཛིངས་པ་དང་། དབུ་སྐྲ་བྱིན་གྱིས་ཕྲ་བ་དང་། དབུ་སྐྲ་ལྕང་ལོར་འཁྲིལ་བ་དང་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ ཅད་གྲུབ་པ་དེ་ནི་དབུ་སྐྲ་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། སྡོང་རིས་ཀྱི་དབྱིབས་ལྟ་བུའི་དབུ་སྐྲ་དང་ལྡན་པའོ། ། རྒྱལ་པོ་ཆེན་པོ་འདི་དག་ནི་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དེ་དག་དང་ལྡན་པས་གཞོན་ནུ་དོན་ཐམས་ ཅད་གྲུབ་པ་ནི་ཁབ་ན་བཞུགས་པར་མི་འགྱུར་གྱིས། གདོན་མི་འཚལ་བར་རབ་ཏུ་འབྱུང་བའི་སླད་དུ་མངོན་པར་འབྱུང་བར་འགྱུར་རོ། །
BOདེ་ནས་རྒྱལ་པོ་ཟས་གཙང་མས་དྲང་སྲོང་ཆེན་པོ་ནག་པོ་ལས་གཞོན་ནུའི་ལུང་བསྟན་པ་དེ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་ བ་དང་། ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་ཕྱག་འཚལ་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། ། ཁྱོད་ལ་ལྷ་ཀུན་ཕྱག་འཚལ་ཞིང་། ། དྲང་སྲོང་རྣམས་ཀྱིས་མཆོད་གྱུར་ཏེ། ། འཇིག་རྟེན་ཀུན་གྱི་མཆོད་རྟེན་པས། ། བདག་ཀྱང་ཁྱོད་ལ་ཕྱག་འཚལ་ལོ། ། དགེ་སློང་དག་དེ་ལྟར་རྒྱལ་པོ་ཟས་གཙང་མས་དྲང་སྲོང་ཆེན་པོ་ནག་པོ་དང་། སྣག་གི་ཚ་བོ་མིས་བྱིན་དང་བཅས་ཏེ། ཁ་ཟས་ཚུལ་དང་འདྲ་བས་ཚིམ་པར་བྱས་ནས། གོས་བསྐོན་ཏེ་བསྐོར་བ་བྱས་སོ། ། དེ་ནས་དྲང་སྲོང་ཆེན་པོ་ནག་པོ་ གནས་དེ་ཉིད་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལས་རང་གི་གནས་ག་ལ་བ་དེར་སོང་ངོ་། ། དེ་ནས་དྲང་སྲོང་ཆེན་པོ་ནག་པོས་བྲམ་ཟེའི་ཁྱེའུ་མིས་བྱིན་ལ་འདི་སྐད་ཅེས་སྨྲས་སོ། ། མིས་བྱིན་ཁྱོད་ཀྱིས་ནམ་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་ཞེས་ཐོས་པ་དེའི་ཚེ། ཁྱོད་སོང་སྟེ་དེའི་ བསྟན་པ་ལ་རབ་ཏུ་བྱུང་ཤིག་དང་། དེ་ནི་ཁྱོད་ཀྱི་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། །
BOདེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་ཡི་ཚོགས་རྣམས་ནམ་མཁའི་ངོས་ལ་གནས་ཏེ་སངས་རྒྱས་སྒྲ་སྒྲོག་པ། ། ལྷ་ཡི་དྲང་སྲོང་ནག་པོ་རི་སུལ་གནས་པས་མཐོང་ ནས་དགའ་མཆོག་ཐོབ། ། འདི་ན་སྲོག་ཆགས་རྣམས་ཀྱི་དགའ་སྐྱེད་སངས་རྒྱས་ཞེས་བྱའི་ཚིག་འདི་ཅི། ། བདག་གི་ལུས་ཀྱང་རབ་སིམ་གྱུར་ཅིང་སེམས་བདེ་མཆོག་ཏུ་ཞི་བར་གྱུར། ། ལྷ་འམ་འོན་ཏེ་ལྷ་མིན་ཡང་ན་ནམ་མཁའ་ལྡིང་ངམ་མི་འམ་ཅི། ། སངས་རྒྱས་ཞེས་བྱ་དགའ་དང་ མོས་བྱེད་ཚིག་འདི་སྔོན་ཆད་མ་ཐོས་ཅི། ། ལྷ་ཡི་མིག་གིས་ཕྱོགས་བཅུར་རི་དང་ས་དང་རྒྱ་མཚོ་རྣམས་ལ་བལྟས། ། ཕྱིས་ཡངས་རི་མཚོ་ལ་རྨད་དུ་བྱུང་བ་རྣམ་པ་སྣ་ཚོགས་མཐོང་། ། འོད་གསལ་མཛེས་པ་ལུས་ལ་སིམ་བྱེད་འདི་ནི་རབ་ཏུ་བཟང་སྣང་ཞིང་། ། ཇི་ལྟར་རི་ཡི་རྩེ་མོ་རྣམས་ སུ་བྱི་རུའི་མྱུ་གུ་འཐོན་གྱུར་ལ། ། ཤིང་ལྗོན་རྣམས་ཀྱང་མེ་ཏོག་བཟང་རྒྱས་སྣ་ཚོགས་འབྲས་བུས་བརྒྱན་གྱུར་ལས། ། སྲིད་པ་གསུམ་དུ་དཀོན་མཆོག་དམ་པ་མྱུར་དུ་འབྱུང་བར་ཤིན་ཏུ་གསལ། ། ས་འདི་ཐམས་ཅད་མཉམ་ཞིང་དྲི་མེད་ལག་མཐིལ་བཞིན་དུ་སྣང་བ་དང་། ། ལྷ་རྣམས་ དགའ་ཞིང་ནམ་མཁའི་དཀྱིལ་ན་གོས་ཀྱི་གཡབ་མོ་འབྱིན་གྱུར་ལ། །
BOཀླུ་རྒྱལ་རྒྱ་མཚོའི་གནས་ཀྱི་སྟེང་ན་རིན་ཆེན་རྨད་འབྱུང་འཕྱོ་བ་ལས། ། འཛམ་བུའི་གླིང་དུ་རྒྱལ་བའི་དཀོན་མཆོག་ཆོས་ཀྱི་འབྱུང་གནས་ངེས་པར་འབྱུང་། ། ངན་སོང་ཞི་ཞིང་སྡུག་བསྔལ་བྲལ་ཏེ་སེམས་ཅན་རྣམས་ནི་བདེར་ ལྡན་ལ། ། ལྷ་ཡི་ཚོགས་རྣམས་ནམ་མཁའི་དཀྱིལ་ལ་དགའ་དང་ལྡན་པར་རྒྱུ་བ་དང་། ། ཇི་ལྟར་ལྷ་ཡི་གླུ་དབྱངས་སྒྲ་སྙན་ཡིད་དུ་འོང་བ་གྲག་པ་ལས། ། སྲིད་པ་གསུམ་འདིར་དཀོན་མཆོག་འབྱུང་འགྱུར་དེ་ཡི་ལྟས་སུ་གདོན་མི་ཟ། ། འཛམ་བུའི་གླིང་འདིར་དྲང་སྲོང་ནག་པོས་ལྷ་ཡི་མིག་གིས་རྣམ་ བལྟས་ན། ། སེར་སྐྱའི་གྲོང་ན་རྒྱལ་པོ་ཟས་གཙང་གྲོང་ཁྱེར་དམ་པ་ཡོད་པ་དེར། ། མཐུ་ཆེན་མཐུ་ལྡན་མཚན་དང་བསོད་ནམས་གཟི་བརྗིད་རྒྱས་པ་བཙས་པ་མཐོང་། ། མཐོང་ནས་དགའ་མགུ་རངས་ཤིང་བདེ་བའི་ཡིད་སྐྱེས་མཐུ་ཡང་སྐྱེས་པར་གྱུར། ། དེ་ནས་ངོ་མཚར་རྙེད་དེ་རང་གི་སློབ་ མ་ལྷན་ཅིག་{རིངས་སུ་,རིང་དུ་}དོང་། ། ཕྱིན་ནས་སེར་སྐྱར་བརྗོད་པའི་རྒྱལ་པོའི་གྲོང་ཁྱེར་མཆོག་གི་སྒོར་འདུག་སྟེ། ། ཞབས་འབྲིང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་དྲང་སྲོང་དེས་མཐོང་ནས། ། སྒོ་བ་དེ་ལ་སྨྲས་པ་ཆབ་སྒོར་དྲང་སྲོང་ཕྱིན་ཅེས་མྱུར་དུ་གསོལ། །
BOདེ་མཉན་མྱུར་དུ་ཕོ་བྲང་ནང་ཕྱིན་ རྒྱལ་པོ་ལ་ནི་དེ་བསྙད་པ། ། ལྷ་ཅིག་དྲང་སྲོང་རྒན་འཁོགས་དཀའ་ཐུབ་ཆེན་པོ་ཅན་ཞིག་ཆབ་སྒོར་མཆིས། ། དྲང་སྲོང་མཆོག་དེ་རྒྱལ་པོའི་ཕོ་བྲང་ནང་དུ་མཆི་བར་དགའ་ཞེས་མཆི། ། རྒྱལ་པོ་ཆེན་པོ་ནང་དུ་བཏང་ངམ་མི་བཏང་བདག་ལ་བཀའ་སྩལ་གསོལ། ། དེ་ནས་དེ་ཡི་སྟན་བཏིང་རྒྱལ་པོས་ ཁྱོད་སོང་ནང་དུ་བོས་ཞེས་བསྒོ། ། དྲང་སྲོང་ནག་པོས་བསྒོ་བའི་ཚིག་ཐོས་དགའ་མགུ་བདེ་དང་ལྡན་པར་གྱུར། ། སྐོམ་པ་བསིལ་བའི་ཆུ་འདོད་བཀྲེས་པས་གདུངས་པ་ཟས་ལ་མོས་པ་ལྟར། ། དྲང་སྲོང་དམ་པ་དེ་ཡང་སེམས་ཅན་མཆོག་དེ་མཐོང་དུ་མངོན་པར་དགའ། ། རྒྱལ་པོ་རྒྱལ་གྱུར་སྐུ་ ཚེ་རིང་བསྲུང་གསོལ་ཞེས་དགའ་བས་དེ་སྐད་སྨྲས། ། སྙན་པར་བརྗོད་ནས་ཡིད་དུལ་དབང་པོ་ཞི་ཞིང་དེས་པ་སྟན་ལ་འདུག ། རྒྱལ་པོས་གུས་པར་སྨྲ་བྱས་དྲང་སྲོང་ཐུབ་པ་དེ་ལ་ཚིག་བརྗོད་པ། ། རྒྱལ་པོའི་ཕོ་བྲང་འདིར་བྱོན་རྒྱུ་ཅི་ཐུབ་པས་བདག་ལ་མྱུར་དུ་གསུངས། ། ཁྱོད་ཀྱི་སྲས་བལྟམ་ གཟུགས་མཆོག་ཕ་རོལ་ཕྱིན་ཅིང་གཟི་བརྗིད་ཆེ་དང་ལྡན། ། མཐུ་ཆེན་མཚན་རབ་སུམ་ཅུ་གཉིས་ཀྱིས་ཀུན་ནས་རྒྱན་མངའ་བ། །
BOརྒྱལ་པོ་ཁྱོད་སྲས་ཐམས་ཅད་དོན་གྲུབ་དེ་ནི་མཐོང་བར་བདག་དགའ་སྟེ། ། དེ་སླད་འདིར་མཆིས་རྒྱལ་པོ་བདག་ལ་འཚལ་བ་གཞན་ནི་ཡོད་མ་མཆིས། ། ལེགས་ སོ་ལེགས་པར་བྱོན་ཏེ་མཉེལ་ཏམ་མ་མཉེལ་ཁྱོད་མཐོང་བདག་དགའོ། ། མཆོག་སྦྱིན་གཞོན་ནུ་དེ་ཉལ་ད་ལྟར་བལྟ་བའི་སྐབས་ནི་མ་མཆིས་ཀྱིས། ། རེ་ཞིག་ཡུད་ཙམ་གཞེས་དང་འདིར་ནི་ཟླ་བ་ཉ་བ་དྲི་མེད་པ། ། སྐར་མའི་ཚོགས་ཀྱིས་བརྒྱན་པ་འདྲ་བའི་དྲི་མེད་གཟིགས་པར་འགྱུར། ། གང་ཚེ་ཁ་ལོ་སྒྱུར་མཆོག་ཟླ་བ་རྒྱས་པའི་འོད་མངའ་དེ་སད་པ། ། དེ་ཚེ་རྒྱལ་པོས་འོད་འབར་གཟུགས་འཆང་ཉི་ལས་འཕགས་འོད་པང་བླངས་ཏེ། ། འདི་ལྟར་དྲང་སྲོང་ལྷ་མིས་མཆོད་པ་གསེར་མཆོག་གཟུགས་ལྡན་ད་གཟིགས་ཤིག ། དྲང་སྲོང་ནག་པོས་དེ་ཡི་རྐང་པ་མཛེས་པ་འཁོར་ ལོའི་མཚན་ཅན་མཐོང་། ། དེ་ནས་ལངས་ཏེ་ཐལ་མོ་སྦྱར་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། ། བདག་ཉིད་ཆེན་པོ་བསྟན་བཅོས་མཁས་པས་པང་དུ་བླངས་ནས་བསམས་ཤིང་བལྟས། ། དེས་ནི་མཐུ་ཆེན་མཐུ་ལྡན་མཚན་གྱི་མཆོག་གིས་བརྒྱན་པ་མཐོང་གྱུར་ནས། ། མགོ་ ལྕོགས་རིག་བྱེད་བསྟན་བཅོས་མཁས་པ་དེས་ནི་དེ་ལ་རྣམ་གཉིས་མཐོང་། །
BOསྟོབས་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་པོའམ་སངས་རྒྱས་འཇིག་རྟེན་གཙོ་བོར་འགྱུར། ། ཤིན་ཏུ་མི་དགའ་ལུས་དང་སེམས་ཀྱིས་མཆི་མ་བླགས་ཏེ་ཤུགས་རིང་ཕྱུང་། ། རྒྱལ་པོ་མཆོག་ཀྱང་སྔངས་པར་གྱུར་ ནས་བྲམ་ཟེ་ཅི་སླད་བཤུམས་ཞེས་སྨྲ། ། དྲང་སྲོང་ནག་པོས་བདག་གི་དོན་གྲུབ་བགེགས་ཞིག་མ་གཟིགས་སམ། དྲང་སྲོང་ཅི་སླད་བཤུམས་མཛད་དགེ་སྡིག་གང་གཟིགས་བདག་ལ་མང་བར་གསུངས། ། ཁྱོད་སྲས་དོན་ཀུན་གྲུབ་ལ་བར་ཆད་སྡིག་ཏུ་འགྱུར་བ་མ་མཆིས་ཏེ། ། བདག་ ལ་བདག་ཉིད་རྒས་ཤིང་འདི་ལྟར་འཁོགས་པར་གྱུར་ཅེས་མྱ་ངན་བགྱིད། ། འདི་ནི་སངས་རྒྱས་འཇིག་རྟེན་མཆོག་འགྱུར་ཆོས་ཀྱང་ཡང་དག་སྟོན་པར་འགྱུར། ། བདག་གིས་དགའ་བ་ཐོབ་པའི་ཡིད་ཀྱིས་མི་མཐོང་ངོ་ཞེས་དེ་སླད་དུ། ། འདི་ཡི་སྐུ་ལ་མཚན་རབ་སུམ་ཅུ་རྩ་གཉིས་དྲི་མེད་ མངའ་བ་ལས། ། རྣམ་པ་གཉིས་སུ་འགྱུར་ཏེ་གསུམ་དུ་མ་མཆིས་རྒྱལ་པོ་མཁྱེན་པར་མཛོད། ། འཁོར་ལོས་སྒྱུར་བའི་རྒྱལ་འགྱུར་ཡང་ན་སངས་རྒྱས་འཇིག་རྟེན་གཙོ་བོར་བྱོན། ། འདི་ནི་འདོད་པའི་ཡོན་ཏན་བཞེད་པར་མི་འགྱུར་ངེས་པར་སངས་རྒྱས་འགྱུར། ། དྲང་སྲོང་ལུང་བསྟན་དེ་ ཐོས་རྒྱལ་པོ་དགའ་ཞིང་བདེ་བ་ཐོབ་པར་གྱུར། །
BOདེ་ནས་ལངས་ཏེ་ཐལ་མོ་སྦྱར་ནས་རྐང་པ་གཉིས་ལ་ཕྱག་ཀྱང་བྱས། ། སྟོབས་མཆོག་ལྡན་པ་ཁྱོད་ནི་ལྷས་མཆོད་དྲང་སྲོང་རྣམས་ཀྱིས་བསྔགས་པ་སྟེ། ། སྲིད་གསུམ་ཀུན་གྱི་འགྲོ་བའི་དེད་དཔོན་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། ། དྲང་སྲོང་དགའ་བས་ཚ་བོ་དེ་ལ་སྨྲས་པ་ང་ཡི་གདམས་ངག་ཉོན། ། གང་ཚེ་འདི་ནི་བྱང་ཆུབ་སངས་རྒྱས་འགྲོ་ལ་འཁོར་ལོ་སྐོར་ཐོས་པ། ། དེ་ཚེ་མྱུར་དུ་ཐུབ་པའི་བསྟན་ལ་རབ་བྱུང་མྱ་ངན་འདས་པ་འཐོབ། ། དྲང་སྲོང་དམ་པ་དེ་ཡིས་རྐང་ལ་ཕྱག་འཚལ་བསྐོར་བ་བྱས་ནས་ནི། ། འདི་འདྲའི་སྲས་ མངའ་ཁྱོད་ཀྱི་ཐོབ་པ་རྒྱ་ཆེན་ལེགས་པར་ཐོབ་ཅེས་སྨྲས། ། འདི་ནི་འཇིག་རྟེན་ལྷ་དང་མིར་བཅས་ཆོས་ཀྱིས་ཚིམ་པར་མཛད་པར་འགྱུར། ། དྲང་སྲོང་མཆོག་དེ་སེར་སྐྱའི་གནས་ནས་བྱུང་ནས་བདག་གནས་དགོན་པར་ཕྱིན། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་ བ་ཐེག་པ་ཆེན་པོའི་མདོ། བམ་པོ་དྲུག་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ་ལྷའི་བུ་དབང་ཕྱུག་ཆེན་པོས། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་བོས་ཏེ། འདི་སྐད་ཅེས་སྨྲས་སོ། །
BOགྲོགས་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་ཡོངས་སུ་སྦྱང་བ་བྱས་པ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། ཐོས་པ་དང་། སྤྱོད་པ་དང་། བརྟུལ་ཞུགས་དང་། དཀའ་ཐུབ་ཅན་ སྤྱད་པ་ལེགས་པར་སྤྱད་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་ལྡན་པ་བཏང་སྙོམས་ཀྱིས་ཡང་དག་པར་འཕགས་པའི་བློ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ། བརྩོན་འགྲུས་བརྟན་པའི་གོ་ཆ་ལེགས་པར་བགོས་པ། སྔོན་གྱི་ རྒྱལ་བ་ལ་དགེ་བའི་རྩ་བ་བསྐྱེད་པས་བྱུང་བ། བསོད་ནམས་བརྒྱ་པའི་མཚན་གྱིས་ཡང་དག་པར་བརྒྱན་པ། རྟུལ་བ་ངེས་པར་བྱས་པ་དང་ལྡན་པ། ཕ་རོལ་གྱི་དམག་ཚོགས་རབ་ཏུ་འཇོམས་པ། དགའ་བའི་བསམ་པ་ཤིན་ཏུ་དྲི་མ་མེད་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ ཆེན་པོའི་ཏོག་གི་རྒྱལ་མཚན་ཅན། ། བདུད་ཀྱི་སྟོབས་མཐར་འབྱིན་པ། སྟོང་གསུམ་གྱི་དེད་དཔོན་ཆེན་པོ། ལྷ་དང་མིས་མཆོད་པ། མཆོད་སྦྱིན་ཆེན་པོའི་མཆོད་སྦྱིན་བྱས་པ། བསོད་ནམས་ཀྱི་ཚོགས་ཤིན་ཏུ་ཕུན་སུམ་ཚོགས་པ་དང་ལྡན་པ། འབྱུང་བའི་བསམ་པ་ཅན།
BOསྐྱེ་ བ་དང་། རྒ་བ་དང་། འཆི་བ་མཐར་འབྱིན་པ། ལེགས་པར་སྐྱེ་བས་སྐྱེས་པ། འགྲོ་བ་རྣམ་པར་བྱང་ཆུབ་པར་བྱེད་པ་དེ། བུ་རམ་ཤིང་པའི་རྒྱལ་པོའི་རིགས་སུ་སྐྱེས་ནས་མིའི་འཇིག་རྟེན་དུ་བྱུང་སྟེ། དེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱས་ཚུར་ཤོག ། བདག་ཅག་དེ་ལ་ཕྱག་འཚལ་ཞིང་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། མངོན་པར་བསྟོད་པར་བྱ་བའི་ཕྱིར་འདོང་ངོ་། ། ལྷའི་བུ་ང་རྒྱལ་གྱི་ཟིལ་གྱིས་ནོན་པ་གཞན་དག་ཀྱང་བདག་ཅག་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་ མཐོང་བ་དང་། དེ་དག་ཀྱང་ང་རྒྱལ་དང་། དྲེགས་པ་དང་། རྒྱགས་པ་གཏོང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་རིམ་གྲོ་དང་བཀུར་སྟི་བྱེད་པར་བྱ་བའི་ཕྱིར་འདོང་ངོ་། ། དེ་ནི་ལྷའི་བུ་དེ་དག་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བ་དང་། འཆི་བ་མེད་པ་ འཐོབ་པའི་བར་དུ་འགྱུར་རོ། ། རྒྱལ་པོ་ཟས་གཙང་མ་རྒྱལ་བ་འཕེལ་བ་ཡང་རྗེས་སུ་བསྒྲགས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཡང་དེ་ཁོ་ནའི་ལུང་བསྟན་པས་ལུང་བསྟན་ཏེ་བདག་ཅག་ཕྱིར་འོང་བར་བྱའོ། ། དེ་སྐད་ཅེས་བསྒོ་ནས་ལྷའི་བུ་དབང་ཕྱུག་ཆེན་པོ།
BOལྷའི་བུ་བརྒྱ་སྟོང་ ཕྲག་བཅུ་གཉིས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་འོད་ཀྱིས་རྒྱས་པར་བཀང་སྟེ། རྒྱལ་པོ་ཟས་གཙང་མའི་ཕོ་བྲང་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། སྒོ་བས་རྒྱལ་པོ་ལ་གསོལ་ཏེ། རྒྱལ་པོས་གནང་ནས་རྒྱལ་པོའི་ཕོ་བྲང་དུ་ ཕྱིན་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ལན་བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་པང་དུ་བླངས་ཏེ་རྒྱལ་པོ་ཟས་གཙང་མ་ལ་དགའ་བར་བྱ་བའི་ཕྱིར་འདི་སྐད་ཅེས་སྨྲས་སོ། ། རྒྱལ་ པོ་ཆེན་པོ་དགྱེས་པའི་དམ་པས་དགྱེས་པར་མཛོད་ཅིག ། དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་སྐུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་དང་། གཞོན་ནུས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཁ་དོག་དང་། གཟི་བརྗིད་དང་། གྲགས་པ་དང་། དཔལ་གྱི་ཟིལ་གྱིས་ནོན་པ་ལས་ན། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ནི་གདོན་མི་འཚལ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །
BOདགེ་སློང་དག་དེ་ལྟར་ལྷའི་བུ་དབང་ཕྱུག་ཆེན་པོ་གནས་གཙང་མའི་རིས་ ཀྱི་ལྷའི་བུ་མང་པོ་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་དང་། རིམ་གྲོ་ཆེན་པོ་བྱས་ཏེ། དེ་ཁོ་ནའི་ལུང་བསྟན་པས་བྱང་ཆུབ་སེམས་དཔའ་ལུང་བསྟན་ནས་ཕྱིར་བདག་གི་གནས་སུ་སོང་ངོ་། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན་པ་དེ་བལྟམ་པ། ། ལྷ་ ཡི་དབང་པོས་ཤེས་ནས་དགའ་སྟེ་ལྷ་ལ་སྨྲས། ། དེ་ཐོས་འགྱུར་བའང་བསྐལ་པ་བྱེ་མང་ཤིན་ཏུ་དཀའ། ། ཚུར་ཤོག་མི་ཡི་དབང་པོ་དེ་ལ་མཆོད་དུ་འདེང་། ། རིན་ཆེན་ནོར་བུས་གཙུག་ནི་ལེགས་བརྒྱན་སྤྱོད་ལམ་ལྡན། ། གཙུག་པུད་མཛེས་པ་འཕྱང་བ་རྣམ་པར་དག་པའི་ལྷ། ། སྟོང་ཕྲག་ བཅུ་གཉིས་ཚང་བ་སེར་སྐྱའི་གནས་མཆོག་ཏུ། ། མྱུར་དུ་ལྷགས་ནས་རྒྱལ་པོའི་སྒོ་ཡི་དྲུང་ན་སྡོད། ། དེ་དག་རྣམས་ཀྱིས་སྒོ་བ་ལ་ནི་ཡིད་འོང་སྨྲས། ། རྒྱལ་པོའི་ཕོ་བྲང་སོང་སྟེ་ཐུགས་སུ་ཆུད་པར་གསོལ། ། ཆབ་སྒོ་བས་ཀྱང་ཚིག་དེ་མཉན་ནས་ནང་དུ་སོང་། ། ཐལ་མོ་སྦྱར་ནས་རྒྱལ་པོ་དེ་ལ་ འདི་སྐད་སྨྲས། ། ལྷན་ཅིག་རྟག་ཏུ་རྒྱལ་གྱུར་སྐུ་ཚེ་རིང་དུ་སྲུངས། ། བསོད་ནམས་ཡངས་པ་རྣམ་དག་འོད་ཅན་ཆབ་སྒོར་མཆིས། །
BOརིན་ཆེན་ནོར་བུས་གཙུག་ནི་ལེགས་བརྒྱན་སྤྱོད་ལམ་ལྡན། ། ཟླ་བ་ཉ་ལྟར་བཞིན་བཟང་ཟླ་ལྟར་དྲི་མེད་འོད། ། རྒྱལ་པོ་དེ་དག་གང་དུ་མཆི་ཡང་གྲིབ་མི་ གདའ། ། སུག་པ་འདོར་ཡང་གོམ་པའི་སྒྲ་དག་ཐོས་མི་འགྱུར། ། དོག་སར་རྒྱུ་བ་བགྱིད་ཀྱང་རྡུལ་ནི་ཡོང་མི་ལྡང་། ། སྐྱེ་བོ་རྣམས་ཀྱང་དེ་དག་མཐོང་ན་ངོམས་མི་འགྱུར། ། དེ་དག་ལུས་ཀྱི་འོད་ནི་ཤིན་ཏུ་རྒྱ་ཆེན་གསལ། ། ཚིག་ཀྱང་ཡིད་དུ་མཆིས་ཏེ་མི་ལ་དཔེ་མ་མཆིས། ། ཟབ་ཅིང་འཇམ་ མཉེན་སྙན་པ་འབྱུང་བའི་གནས། ། དེ་དག་མི་མ་ལགས་ཀྱི་ལྷ་ཚོགས་ལགས་སྙམ་བགྱིད། ། མེ་ཏོག་མཆོག་ཕྲེང་བྱུག་པ་དར་གྱི་ལྡ་ལྡི་དག ། ཀུན་གྱི་ལག་ན་ཐོགས་ནས་གུས་དང་བཅས་པར་སྡོད། ། རྒྱལ་པོ་ལྷ་རྣམས་དེ་དག་གཞོན་ནུ་ལྷ་ཡི་ལྷ། ། བལྟ་བར་འཚལ་ཞིང་མཆོད་པའི་ སླད་དུ་མཆིས་སུ་ངེས། ། རྒྱལ་པོས་དེ་སྐད་ཚིག་ཐོས་རབ་ཏུ་དགར་གྱུར་ནས། ། སོང་སྟེ་ཀུན་ཀྱང་ཕོ་བྲང་ནང་དུ་གཤེགས་ཞེས་གྱིས། ། དེ་དག་ཡོན་ཏན་སྤྱོད་ལམ་ཁྱོད་ཀྱིས་སྨྲས་ལྟར་ན། ། རྫུ་འཕྲུལ་དེ་འདྲ་བ་ནི་མི་ལ་གང་ཡང་མེད། ། སྒོ་བས་ཐལ་མོ་སྦྱར་ཏེ་ལྷ་ལ་འདི་སྐད་སྨྲས། ། རྒྱལ་པོས་གནང་གིས་ཁྱེད་ཅག་ནང་དུ་བཞུད་དུ་གསོལ། །
BOལག་ན་ཕྲེང་ཐོགས་དེ་དག་དགའ་མགུ་ཡི་རངས་ཏེ། ། ལྷ་ཡི་གནས་དང་འདྲ་བའི་རྒྱལ་པོའི་ཁྱིམ་དུ་ཞུགས། ། ལྷ་མཆོག་དེ་དག་ཁྱིམ་དུ་ཕྱིན་པར་མཐོང་ནས་ནི། ། རྒྱལ་པོ་སྟན་ལས་ལངས་ཏེ་ཐལ་མོ་ སྦྱར་བྱས་ནས། ། རིན་ཆེན་རྩ་བ་ཅན་གྱི་ཁྲི་གདན་བཤམས་པ་འདིར། ། ཐུགས་བརྩེ་མཛད་པའི་ཐུགས་ཀྱིས་ཁྱེད་ཅག་བཞུགས་སུ་གསོལ། ། ང་རྒྱལ་དྲེགས་མེད་དེ་དག་སྟན་ལ་འཁོད་པར་གྱུར། ། བདག་ཅག་ཅི་སླད་འདིར་མཆིས་རྒྱལ་པོ་གསན་དུ་གསོལ། ། ཁྱོད་སྲས་རྣམ་དག་ སྐུ་མངའ་བསོད་ནམས་ཆེན་པོ་བལྟམ། ། ཤིན་ཏུ་ལེགས་པའི་ཞབས་ལྡན་བདག་ཅག་མཐོང་བར་འཚལ། ། གང་གི་འགྲོ་བ་གང་དང་སྦྱོར་བ་གང་ཅིར་འགྱུར། ། མཚན་བཟང་མཚན་གྱི་ཆོ་ག་དག་ནི་བདག་ཅག་འཚལ། ། དེ་བས་རྒྱལ་པོའི་དམ་པ་མི་དགྱེས་སྤང་བར་མཛོད། ། སྣ་ ཚོགས་མཚན་གྱིས་ཡན་ལག་བརྒྱན་པ་བལྟ་བར་འཚལ། ། རྒྱལ་པོ་བུད་མེད་ཚོགས་ཀྱིས་བསྐོར་བ་དེ་རབ་དགའ། ། གཞོན་ནུ་མེ་ཡི་འོད་ལྟར་འབར་བ་པང་དུ་བླངས། ། ལྷ་མཆོག་གཙུག་ཕུད་འཕྱང་བ་དག་ནི་ཉེ་བར་བསྙེན། ། ཐོག་མ་སྒོར་བྱུང་སྟོང་གསུམ་འདི་དག་ཀུན་ཏུ་གཡོས། ། ལྷ་མཆོག་དེ་ དག་འདྲེན་པའི་ཞབས་དང་སེན་མོ་ནི། །
BOཟངས་མདོག་དྲི་མེད་རྣམ་དག་གཟི་བརྗིད་ལྡན་མཐོང་ནས། ། གཙུག་པུད་འཕྱང་བ་དེ་དག་མྱུར་དུ་ལངས་པར་གྱུར། ། དྲི་མ་མེད་པའི་འོད་ཀྱིས་ཞབས་ལ་མགོས་ཕྱག་འཚལ། ། འདི་འདྲའི་མཚན་དང་འདི་འདྲར་ལྟ་བ་དཔལ་ཅན་དང་། ། འདི་འདྲའི་ བསོད་ནམས་གཟི་བརྗིད་སྤྱི་གཙུག་མི་མཐོང་དང་། ། མཛོད་སྤུ་ནས་ནི་རྒྱ་ཆེན་འོད་འབྱུང་འདི་འདྲ་ལས། ། བདུད་རྣམས་ཕམ་མཛད་བྱང་ཆུབ་བརྙེས་འགྱུར་གདོན་མི་འཚལ། ། མུན་སེལ་ཉོན་མོངས་བྲལ་བའི་ཡོན་ཏན་བརྟགས་ནས་སུ། ། ཡང་དག་ཡོན་ཏན་ཇི་ལྟར་དོན་མཐོང་དེ་ལ་ བསྟོད། ། སྐྱེ་དང་རྒ་དང་འཆི་དང་ཉོན་མོངས་དགྲ་བསལ་བའི། ། སེམས་ཅན་རིན་ཆེན་འདི་ནི་རིང་པོར་མི་ཐོགས་འབྱུང་། ། ཡོངས་རྟོག་འདོད་ཆགས་ཡུལ་གྱི་གཙུབ་མས་བསྐྱེད་པ་ཡི། ། རྣམ་གསུམ་མེས་ནི་སྲིད་གསུམ་ཀུན་འབར་ཡོངས་གདུངས་པར། ། དཔལ་ཁྱོད་ཆོས་ཀྱི་སྤྲིན་ གྱིས་སྟོང་གསུམ་བཀང་ནས་ནི། ། འཆི་མེད་ཆར་གྱིས་ཉོན་མོངས་གདུང་བ་ཞི་མཛད་འགྱུར། ། བྱམས་པའི་གསུང་མངའ་ཐུགས་རྗེ་ལྡན་པ་འཇམ་པའི་གསུང་། ། ཚངས་པའི་སྒྲ་དབྱངས་ཡིད་འོང་གསུང་དུ་སྒྲོག་མཛད་པ། ། སྟོང་གསུམ་ཀུན་ཏུ་གོ་ཞིང་འགྲོ་བ་གོར་འགྱུར་བ། །
BOབཅོམ་ལྡན་ཁྱོད་ཀྱིས་སངས་རྒྱས་གསུང་ཆེན་མྱུར་དུ་སྒྲོགས། ། སྲིད་པའི་འདོད་ཆགས་བཅིངས་བྱིང་སྲིད་པའི་རྩེར་གནས་པ། ། མུ་སྟེགས་ཅན་གྱི་ཚོགས་ངན་ལོག་པར་ལྟ་བ་བཅོམ། ། ཁྱོད་ཀྱི་རྒྱུ་ལ་བརྟེན་དང་སྟོང་པའི་ཆོས་ཐོས་ནས། ། སེང་གེས་ཝ་ཚོགས་བཞིན་དུ་དེ་དག་ འབྱེར་བར་འགྱུར། ། ཉོན་མོངས་ཆེན་པོའི་དུ་བ་མ་རིག་བསྒྲིབས་བསལ་ཏེ། ། ཀུན་ཏུ་བྱུང་བ་སྐྱེ་བོ་ངེས་པར་སྣང་བྱེད་པའི། ། ཡེ་ཤེས་འོད་འཕྲོ་ཤེས་རབ་འོད་རིག་གཟིགས་པ་ཡིས། ། འགྲོ་བ་ཀུན་གྱི་མུན་པ་ཆེན་པོ་བསལ་བར་གསོལ། ། གང་དུ་སེམས་ཅན་དག་པ་རྨད་བྱུང་འདི་ འདྲ་བྱུང་། ། ལྷ་དང་མི་རྣམས་ཀྱིས་ནི་རྙེད་པ་རྒྱ་ཆེན་ཐོབ། ། རྣམ་པར་རྟོགས་པར་མཛད་པའི་སེམས་ཅན་རིན་ཆེན་འདིས། ། ངན་སོང་ལམ་བཅད་ལྷ་ཡི་ལམ་ནི་གཏོད་པར་འགྱུར། ། སེར་སྐྱའི་གནས་སུ་ལྷ་ཡི་མེ་ཏོག་ཆར་ཕབ་ནས། ། བསྐོར་བ་བྱས་ཏེ་གུས་པར་བསྟོད་པ་བྱས་ནས་ནི། སངས་རྒྱས་སངས་རྒྱས་ལེགས་ཞེས་དེ་དག་ཚིག་རྗོད་ཅིང་། ། ལྷ་ཚོགས་དེ་དག་ཚུལ་དུ་ཤིས་པར་མཁའ་ལས་དོང་། ། བལྟམ་པའི་ལེའུ་སྟེ་བདུན་པའོ། ། ། །
BOདགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་གང་གི་ནུབ་མོ་བཙས་པ་དེ་ཉིད་ཀྱི་ནུབ་མོ་ རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་བུ་མོ་ཉི་ཁྲི་བཙས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་དེ་དག་གི་ཕ་མ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཕུལ་ལོ། ། རྒྱལ་པོ་ཟས་ གཙང་མས་ཀྱང་བུ་མོ་ཉི་ཁྲི་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཕུལ་ལོ། ། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བུ་ མོ་ཉི་ཁྲི་ཕུལ་ལོ། ། བློན་པོའི་འཁོར་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་དང་། བསྙེན་བཀུར་བྱ་བའི་ཕྱིར་བུ་མོ་ཉི་ཁྲི་ཕུལ་ལོ། ། དགེ་སློང་དག་དེའི་ཚེ་ཤཱཀྱའི་རྒན་རབས་རྒན་རབས་རྣམས་འདུས་ནས། རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ ཅེས་སྨྲས་སོ། ། ལྷ་མཁྱེན་པར་མཛད་དུ་གསོལ། གཞོན་ནུ་འདི་ནི་ལྷ་ཁང་དུ་བཀུར་བར་བགྱིའོ། ། རྒྱལ་པོས་སྨྲས་པ།
BOགཞོན་ནུ་དེ་ལྟར་བཀུར་བ་ལེགས་ཀྱིས་དེ་བས་ན་གྲོང་ཁྱེར་ནི་བརྒྱན་པར་གྱིས་ཤིག ། སྲང་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་དང་། ཚོང་འདུས་དག་ ནི་མཛེས་པར་གྱིས་ཤིག ། བཀྲ་མི་ཤིས་པ་སྒུར་པོ་དང་། ཞར་བ་དང་། འོན་པ་དང་། ལྐུགས་པ་དང་། དབྱིབས་མི་མཛེས་པ་དང་དབང་པོ་མ་ཚང་བ་རྣམས་ནི་སོལ་ཅིག ། བཀྲ་ཤིས་པ་རྣམས་ཀྱང་སོགས་ཤིག ། བསོད་ནམས་ཀྱི་རྔ་ནི་ རྡུངས་ཤིག ། བཀྲ་ཤིས་ཀྱི་དྲིལ་ནི་དཀྲོལ་ཅིག ། གྲོང་ཁྱེར་དམ་པའི་སྒོ་ནི་རྒྱན་གྱིས་ལེགས་པར་སྤུད་ཅིག ། རོལ་མོ་སིལ་སྙན་དང་ཕེག་བརྡབ་པ་ཤིན་ཏུ་ཡིད་དུ་འོང་བ་དག་ནི་ལོང་ཞིང་རྡོབས་ཤིག ། ཁམས་ཀྱི་རྒྱལ་པོ་ཐམས་ཅད་ནི་སོགས་ཤིག ། ཚོང་དཔོན་དང་། ཁྱིམ་ བདག་དང་། བློན་པོ་དང་། སྒོ་བ་དང་། འཁོར་གྱི་མི་དག་ནི་གཅིག་ཏུ་སྡུས་ཤིག ། བུ་མོའི་ཤིང་རྟ་ནི་ཤོམས་ཤིག ། བུམ་པ་གང་བ་རྣམས་ནི་སྙེན་ཅིག ། བྲམ་ཟེ་ཁ་ཏོན་པ་རྣམས་ནི་སྡུས་ཤིག ། ལྷ་ཁང་རྣམས་ནི་ཤིན་ཏུ་བརྒྱན་པར་གྱིས་ཤིག ། དགེ་སློང་དག་དེ་ནས་རྒྱལ་ པོས་ཇི་སྐད་བསྒོ་བ་དེ་བཞིན་དུ་ཐམས་ཅད་སྦྱར་བ་དང་།
BOདེ་ནས་རྒྱལ་པོ་ཟས་གཙང་མ་རང་གི་ཁྱིམ་དུ་སོང་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མཱི་ལ་བོས་ཏེ་འདི་སྐད་ཅེས་སྨྲས་སོ། ། གཞོན་ནུ་ལྷ་ཁང་དུ་བཀུར་གྱིས་རྒྱན་གྱིས་ལེགས་པར་བརྒྱན་པར་གྱིས་ཤིག ། ལེགས་སོ་ཞེས་སྐྱེ་དགུའི་ བདག་མོ་ཆེན་མོ་གོའུ་ཏ་མཱིས་དེ་ལྟར་མཉན་ཏེ། གཞོན་ནུ་རྒྱན་གྱིས་བརྒྱན་ཏོ། ། དེ་ནས་གཞོན་ནུ་དེ་རྒྱན་གྱིས་བརྒྱན་པའི་ཚེ། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པས་ཤིན་ཏུ་ཡིད་དུ་འོང་བའི་ཚིག་གིས་སྲུ་མོ་ལ་སྨྲས་པ། མ་བདག་གང་དུ་བཀུར། སྨྲས་པ། བུ་ལྷ་ཁང་དུ་བཀུར་རོ། ། དེ་ ནས་གཞོན་ནུས་བཞིན་འཛུམ་སྟེ་བགད་ནས་སྲུ་མོ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་བཙས་དེ་ཚེ་སྟོང་གསུམ་འདི་ནི་གཡོས་པར་གྱུར། ། བརྒྱ་བྱིན་ཚངས་པ་ལྷ་མིན་ལྟོ་འཕྱེ་ཆེན་པོ་དང་། ། ཉི་ཟླ་དེ་བཞིན་རྣམ་ཐོས་བུ་དང་གཞོན་ནུ་ཡང་། ། སྤྱི་བོས་རྐང་པ་གཉིས་ལ་གཏུགས་ཏེ་ ཕྱག་འཚལ་ན། ། དེ་རིང་མ་ཡིས་གང་དུ་བདག་བཀུར་བགྱི་བ་ཡི། ། ལྷ་གཞན་བདག་གི་གོང་ན་འཕགས་པ་གང་ཞིག་མཆིས། ། ལྷ་རྣམས་ཀུན་ལས་བདག་འཕགས་ལྷ་ཡི་ལྷ་ལགས་ཏེ། ། བདག་འདྲའི་ལྷ་ཡང་མ་མཆིས་གོང་མ་ག་ལ་མཆིས། །
BOའོན་ཀྱང་འཇིག་རྟེན་རྗེས་བསྙག་ ཙམ་དུ་བདག་མཆིའོ། ། བདག་གི་རྣམ་འཕྲུལ་སྐྱེ་བོས་མཐོང་ན་དགར་འགྱུར་ཞིང་། ། རིམ་གྲོ་བཀུར་སྟི་ཤིན་ཏུ་ཆེ་བར་བགྱིད་འགྱུར་ལ། ། ལྷ་མིས་འདི་ནི་ལྷ་ཡི་ལྷ་ཞེས་རིག་པར་འགྱུར། ། དགེ་སློང་དག་དེ་ལྟར་གྲོང་ཁྱེར་དུ་གཞོན་ནུའི་ཤིང་རྟ་བཤམས་ཏེ་རྒྱན་གྱིས་བརྒྱན་ ནས། བཀྲ་ཤིས་ཐམས་ཅད་བཤམས་ཏེ་རྒྱལ་པོ་ཟས་གཙང་མས་གཞོན་ནུ་པང་དུ་བླངས་ནས། བྲམ་ཟེ་དང་། གྲོང་རྡལ་པ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། ཁམས་ཀྱི་རྒྱལ་པོ་དང་། སྒོ་བ་དང་། འཁོར་གྱི་མི་དང་། མཛའ་བཤེས་དང་། ཉེ་ དུས་བསྐོར་ཏེ། སྲང་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་དང་། ཚོང་འདུས་རྒྱན་ཚད་མེད་པས་བརྒྱན་པ་དག་ནས་བདུག་སྤོས་དྲི་ཞིམ་པོས་ནི་བདུགས། མེ་ཏོག་སིལ་མ་ནི་གཏོར། རྟ་དང་གླང་པོ་ཆེ་དང་། ཤིང་རྟ་དང་། རྐང་ཐང་གི་བུན་ལོང་ནི་ཆེར་གྱུར། གདུགས་དང་ རྒྱལ་མཚན་དང་། བ་དན་ནི་བསྒྲེང་། སིལ་སྙན་སྣ་ཚོགས་ཀྱི་སྒྲ་ནི་ཕྱུང་སྟེ། སོང་བར་གྱུར་ཏོ། ། དེའི་ཚེ་ལྷ་བརྒྱ་སྟོང་དག་གིས་བྱང་ཆུབ་སེམས་དཔའི་ཤིང་རྟ་དྲངས་ཏེ།
BOལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ནམ་མཁའི་དཀྱིལ་ནས་མེ་ཏོག་གི་ཆར་ཕབ་སྟེ། སིལ་སྙན་ གྱི་སྒྲ་འབྱིན་པར་གྱུར་ཏོ། ། དགེ་སློང་དག་དེ་ལྟར་རྒྱལ་པོ་ཟས་གཙང་མས་རྒྱལ་པོའི་བཀོད་པ་ཆེན་པོ་དང་། རྒྱལ་པོའི་ཕུན་སུམ་ཚོགས་པ་ཆེན་པོ་དང་། རྒྱལ་པོའི་བྱིན་ཆེན་པོས་གཞོན་ནུ་དེ་ཁྱེར་ཏེ་ལྷ་ཁང་དུ་ཕྱིན་ཏོ། ། དེ་ནས་བྱང་ཆུབ་སེམས་དཔས་ལྷ་ཁང་དེར་རྐང་པ་ གཡས་པའི་མཐིལ་བཞག་པ་དང་། ། དེ་ནས་ལྷའི་གཟུགས་སེམས་མེད་པ་དེ་དག་འདི་ལྟ་སྟེ། གུ་ལང་དང་། སྐེམ་བྱེད་དང་། ལུས་ངན་དང་། ཟླ་བ་དང་། ཉི་མ་དང་། རྣམ་ཐོས་ཀྱི་བུ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ ལ་སོགས་པའི་གཟུགས་ཐམས་ཅད་ཀྱང་རང་རང་གི་གནས་ནས་ལངས་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་ལ་ཕྱག་འཚལ་བར་གྱུར་ཏོ། ། དེའི་ཚེ་ལྷ་དང་མི་བརྒྱ་སྟོང་ནི་ཀྱེ་མ་ཨ་ལ་ལ་ཞེས་བྱ་བ་དང་། ཅ་ཅོ་དང་། ག་ཞའི་སྒྲ་བརྒྱ་སྟོང་མང་པོ་འབྱིན་པར་གྱུར་ཏོ། ། སེར་སྐྱའི་ གནས་ཀྱི་གྲོང་ཁྱེར་ཆེན་པོ་དམ་པ་དེ་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ། ། ལྷའི་མེ་ཏོག་གི་ཆར་ཡང་མངོན་པར་བབ་བོ། །
BOལྷའི་སིལ་སྙན་བརྒྱ་སྟོང་དུ་མ་དག་ཀྱང་མ་དཀྲོལ་བར་སྒྲ་འབྱིན་པར་གྱུར་ཏོ། ། ལྷ་གང་དག་གི་གཟུགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རང་རང་གི་གཟུགས་བསྟན་ནས། ཚིགས་སུ་བཅད་པ་འདི་དག་སྨྲ་བར་གྱུར་ཏོ། ། རི་རྒྱལ་རི་མཆོག་རི་རབ་ནམ་ཡང་ཡུངས་ཀར་འབྲུ་ལ་ཕྱག་མི་འཚལ། ། རྒྱ་མཚོ་ཀླུ་རྗེ་གནས་ནི་ནམ་ཡང་བ་རྗེས་ཆུ་ལ་ཕྱག་མི་འཚལ། ། ཉི་ཟླ་འོད་བྱེད་སྲིན་བུ་མེ་ཁྱེར་འོད་བྱེད་དེ་ལ་ཕྱག་མི་འཚལ། ། བསོད་ནམས་ཤེས་རབ་རིགས་བྱུང་ ལེགས་ལྡན་ལྷ་རྣམས་གང་ལའང་ཕྱག་མི་བཞེས། ། ཡུངས་འབྲུ་བ་རྗེས་ཆུ་དང་སྲིན་བུ་མེ་ཁྱེར་འདྲ་བར་གྱུར་པ་ནི། ། སྟོང་གསུམ་འདི་ན་ལྷ་མི་གང་ཡང་རུང་སྟེ་ང་རྒྱལ་གནས་པ་ལགས། ། རི་རབ་རྒྱ་མཚོ་ཉི་ཟླ་འདྲ་བ་འཇིག་རྟེན་རང་བྱུང་དམ་པ་སྟེ། ། དེ་ལ་འཇིག་རྟེན་ཕྱག་འཚལ་ བ་ནི་མཐོ་རིས་མྱ་ངན་འདས་པ་འཐོབ། ། བྱང་ཆུབ་སེམས་དཔའ་ལྷ་ཁང་དུ་ཞུགས་པ་དེ་བསྟན་པའི་ཚེ། ལྷའི་བུ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། དགེ་སློང་དག་བྱང་ཆུབ་སེམས་དཔའ་ལྷ་ཁང་དུ་ཁྱེར་ བའི་ཚེ་བཏང་སྙོམས་སུ་བཞག་པའི་རྐྱེན་ནི་དེ་ཡིན།
BOརྒྱུ་ནི་དེ་ཡིན་ནོ། ། ལྷ་ཁང་དུ་ཁྱེར་བའི་ལེའུ་སྟེ་བརྒྱད་པའོ། ། ། ། དགེ་སློང་དག་དེ་ནས་བྲམ་ཟེ་མདུན་ན་འདོན་འཆར་པོ་ཞེས་བྱ་བ་འཆར་འགྲོའི་ཕ། བྲམ་ཟེ་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ། སྐར་མ་མེ་ བཞི་འདས་ནས་ནག་པ་ལ་བབ་པའི་ཚེ་རྒྱལ་པོ་ཟས་གཙང་མའི་དྲུང་དུ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། ལྷ་མཁྱེན་པར་མཛད་དུ་གསོལ། ད་ནི་གཞོན་ནུའི་རྒྱན་མཛད་པའི་རིགས་སོ། ། རྒྱལ་པོས་སྨྲས་པ། ལེགས་ཀྱིས་བྱེད་དུ་ཆུག་ཤིག ། དེའི་ཚེ་རྒྱལ་པོ་ཟས་གཙང་མ་དང་། ཤཱཀྱ་ལྔ་བརྒྱ་ཙམ་གྱིས། རྒྱན་གྱི་རྣམ་པ་ལྔ་བརྒྱ་ཙམ་བྱེད་དུ་བཅུག་སྟེ། འདི་ལྟར་ལག་པའི་རྒྱན་དག་དང་། རྐང་པའི་རྒྱན་དག་དང་། མགོའི་རྒྱན་དག་དང་། མགུལ་གྱི་རྒྱན་དག་དང་། སོར་གདུབ་དག་དང་། རྣ་རྒྱན་དག་དང་། དཔུང་རྒྱན་དག་དང་། གསེར་གྱི་སྐ་རགས་དག་དང་ གསེར་སྐུད་དག་དང་། དྲིལ་བུ་གཡེར་ཀའི་དྲ་བ་དག་དང་། རིན་པོ་ཆེའི་དྲ་བ་དག་དང་། ལྷམ་རིན་པོ་ཆེས་སྤྲས་པ་དག་དང་། དོ་ཤལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དག་དང་། གདུ་བུ་རྒྱན་ཅན་དག་དང་། མགུལ་གདུབ་དག་དང་། ཅོད་པན་དག་ཀྱང་བྱེད་དུ་བཅུག་སྟེ་ཟིན་ནས། སྐར་མ་རྒྱལ་དང་ལྡན་པའི་ཚེ།
BOཤཱཀྱ་དེ་དག་རྒྱལ་པོ་ཟས་གཙང་མའི་དྲུང་དུ་དོང་ནས་འདི་སྐད་ཅེས་སྨྲས་སོ། ། ལྷ་གཞོན་ནུ་བརྒྱན་དུ་གསོལ། རྒྱལ་པོས་སྨྲས་པ། ཁྱེད་ཀྱིས་གཞོན་ནུ་ལ་བརྒྱན་པ་དང་། མཆོད་པ་བྱས་པས་ཆོག་གིས། ངས་གཞོན་ནུའི་རྒྱན་ཐམས་ཅད་ བྱེད་དུ་བཅུག་གོ། ། སྨྲས་པ། བདག་ཅག་གི་རྒྱན་འདི་དག་གཞོན་ནུའི་སྐུ་ལ་གདུགས་མཚན་བདུན་ཞིག་གདགས་སུ་གསོལ། དེ་ལྟར་གནང་ན་བདག་ཅག་གིས་སུག་ལས་བགྱིས་པ་ཡང་དོན་མཆིས་པར་འགྱུར་རོ། ། དེའི་ཚེ་ནམ་ལངས་ཏེ་ཉི་མ་ཤར་བ་དང་། བྱང་ཆུབ་སེམས་དཔའ་ སྐྱེད་མོས་ཚལ་བཀོད་པ་དྲི་མ་མེད་པ་ཞེས་བྱ་བ་དེར་ཞུགས་སོ། ། དེའི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མཱིས་བྱང་ཆུབ་སེམས་དཔའ་པང་དུ་བླངས་སོ། ། བུད་མེད་བརྒྱད་ཁྲིས་ཀྱང་བྱང་ཆུབ་སེམས་དཔའ་བསུ་སྟེ་གདོང་དུ་ལྟ་ཞིང་འཁོད་པར་གྱུར་ཏོ། ། བུ་མོ་སྟོང་ཕྲག་བཅུས་བྱང་ ཆུབ་སེམས་དཔའ་བསུ་སྟེ། གདོང་དུ་ལྟ་ཞིང་འཁོད་པར་གྱུར་ཏོ། ། ཤཱཀྱ་སྟོང་ཕྲག་བཅུས་བྱང་ཆུབ་སེམས་དཔའ་བསུ་སྟེ་གདོང་དུ་ལྟ་ཞིང་འཁོད་པར་གྱུར་ཏོ། ། བྲམ་ཟེ་ལྔ་སྟོང་ཡང་ལྷགས་ནས་བྱང་ཆུབ་སེམས་དཔའི་གདོང་དུ་ལྟ་ཞིང་འཁོད་པར་གྱུར་ཏོ། །
BOདེ་ནས་ཤཱཀྱའི་རྒྱལ་པོ་ བཟང་པོ་ཞེས་བྱ་བས་རྒྱན་ཇི་སྙེད་ཅིག་བྱས་པ་དེ་དག་བྱང་ཆུབ་སེམས་དཔའི་ལུས་ལ་བཏགས་ཏེ། དེ་དག་ལུས་ལ་བཏགས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་ཀྱི་འོད་ཀྱིས་མོག་མོག་པོར་གྱུར་ནས་ལམ་མེར་མ་གྱུར། ལྷན་ནེར་མ་གྱུར། ལྷང་ངེར་མ་གྱུར་ ཏེ། འདི་ལྟ་སྟེ་དཔེར་ན། འཛམ་བུའི་ཆུ་བོའི་གསེར་གྱི་གན་དུ་སྣག་ཙའི་ཡུག་བཞག་ན་ལམ་མེར་མི་རུང་། ལྷན་ནེར་མི་རུང་། ལྷང་ངེར་མི་རུང་ངོ་། ། དེ་བཞིན་དུ་རྒྱན་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ལུས་ཀྱི་འོད་ཀྱིས་ཕོག་ན་ལམ་མེར་མི་རུང་། ལྷན་ནེར་མི་རུང་། ལྷང་ངེར་མི་རུང་ངོ་། ། དེ་བཞིན་དུ་རྒྱན་གྱི་རྣམ་པ་གང་དང་གང་བྱང་ཆུབ་སེམས་དཔའི་ལུས་ལ་བཏགས་པ་དེ་དང་དེ་དག་མོག་མོག་པོར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། འཛམ་བུའི་ཆུ་བོའི་གསེར་གྱི་གན་དུ་སྣག་ཙའི་ཡུག་བཞག་པ་བཞིན་ནོ། ། དེའི་ཚེ་སྐྱེད་མོས་ཚལ་གྱི་ལྷ་མོ་དྲི་མ་མེད་པ་ཞེས་བྱ་བ་འདུག་པ་དེས་ལུས་ ཆེན་པོ་བསྟན་ནས་མདུན་དུ་འདུག་སྟེ། རྒྱལ་པོ་ཟས་གཙང་མ་དང་ཤཱཀྱའི་ཚོགས་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། སྟོང་གསུམ་ས་འདི་གྲོང་ཁྱེར་གྲོང་རྡལ་བཅས་པ་ཀུན། །
BOགལ་ཏེ་གསེར་གྱིས་གང་ཁྱབ་དྲི་མེད་མཛེས་གྱུར་ཀྱང་། ། འཛམ་བུའི་ཆུ་བོའི་གསེར་གཟེགས་ གཅིག་གིས་ཟིལ་རླག་སྟེ། ། གསེར་གཞན་དག་ནི་དཔལ་དང་བྲལ་ཞིང་གསལ་མི་འགྱུར། ། ས་འདི་མཐའ་དག་འཛམ་བུའི་གླིང་གི་གསེར་ཁེབས་ཀྱང་། ། འདྲེན་པ་དཔལ་རྒྱས་སྤུ་ཁུང་འོད་ཕྱུང་ཟིལ་གྱིས་ནོན། ། མི་སྣང་མི་གསལ་མི་མཛེས་འོད་ཀྱང་ཉམས་གྱུར་ཅིང་། ། བདེ་གཤེགས་ སྐྱོབ་པའི་དྲུང་ན་སྣག་ཙ་བཞིན་དུ་འགྱུར། ། ཡོན་ཏན་བརྒྱས་གང་འདི་ནི་རང་གི་གཟི་ཡིས་བརྒྱན། ། དེ་ནི་རྒྱན་གྱིས་མཛེས་མིན་ཤིན་ཏུ་དྲི་མེད་སྐུ། ། ཉི་ཟླའི་འོད་དང་སྐར་མ་ནོར་བུ་མེ་དག་དང་། ། བརྒྱ་བྱིན་ཚངས་པའི་འོད་ཀྱང་དཔའ་སྟུག་མདུན་མི་གསལ། ། གང་སྐུ་སྔོན་གྱི་དགེ་བའི་འབྲས་ བུས་མཚན་སྤྲས་པ། ། དེ་ལ་གཞན་གྱིས་བྱས་པའི་རྒྱན་ཕལ་ཅི་ཞིག་དགོས། ། རྒྱན་རྣམས་ཕྲོལ་འོར་མི་མཁས་མཁས་མཛད་མ་གཙེ་ཤིག ། བློ་གྲོས་མཆོག་མཛད་འདི་ནི་བཅོས་མའི་རྒྱན་མི་བཞེད། ། འདུན་པ་དེ་ནི་རྒྱལ་ཁབ་སྲས་དང་ལྷན་ཅིག་བཙས། ། དྲི་མེད་རབ་ཏུ་མཛེས་པའི་རྒྱན་རྣམས་ འབངས་དེ་སྩོལ། ། ཤཱཀྱའི་རིགས་ནི་རྒྱ་ཆེན་མཆོག་ཏུ་འགྱུར་སྙམ་ནས། ། ཤཱཀྱ་དག་ནི་ཡིད་དགའ་མགུ་ཞིང་ངོ་མཚར་གྱུར། །
BOལྷ་མོ་དེས་དེ་སྐད་ཅེས་སྨྲས་ནས། ལྷའི་མེ་ཏོག་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་མངོན་པར་གཏོར་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། རྒྱན་གྱི་ལེའུ་སྟེ་དགུ་ པའོ། ། ། ། དགེ་སློང་དག་དེ་ལྟར་གཞོན་ནུ་དེ་ཡ་ཟད་སྐྱེས་པ་དང་། བཀྲ་ཤིས་བརྒྱ་སྟོང་བྱས་ནས་ཁྱེའུ་སྟོང་ཕྲག་བཅུ་དང་། བུ་མོ་སྟོང་ཕྲག་བཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ཡི་གེའི་གྲྭར་འཇུག་པར་བྱས་སོ། ། བཟའ་བ་དང་། བཅའ་བ་དང་། མྱང་བས་ གང་བའི་ཤིང་རྟ་སྟོང་ཕྲག་བཅུ་དང་། གསེར་དངུལ་དང་། དབྱིག་གིས་གང་བའི་ཤིང་རྟ་སྟོང་ཕྲག་བཅུ་དྲངས་ཏེ། སྐྱེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་སྲང་དང་། གྲོང་བར་དང་། ཚོང་འདུས་ཀྱི་ཕྱོགས་གང་ཡིན་པ་དག་ཏུ་གཏོར་ཏོ། ། མངོན་པར་བྱིན་ནོ། ། སིལ་སྙན་འབུམ་ཕྲག་བརྒྱད་ ཀྱི་སྒྲ་ཡང་ཕྱུང་ཞིང་མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་པོ། ། སྟེགས་བུ་དང་། སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་དང་། བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། ཁང་{བཟངས་,བཟང་}དག་གི་སྟེང་ནས། བུ་མོ་བརྒྱ་སྟོང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག ། བྱང་ཆུབ་སེམས་ དཔའ་ལ་ལྟ་ཞིང་མེ་ཏོག་དག་འཐོར་བར་གྱུར་ཏོ། །
BOལྷའི་བུ་མོ་སྟོང་ཕྲག་བརྒྱད་ནི་རྒྱན་རྣམས་ཀྱིས་ལྷུག་ལྷུག་པོར་བརྒྱན་ཏེ། རིན་པོ་ཆེ་བཟང་བྱེད་ཐོགས་ནས་ལམ་འཕྱག་ཅིང་བྱང་ཆུབ་སེམས་དཔའི་མདུན་ནས་འདོང་བར་གྱུར་ཏོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་ལུས་ཕྱེད་ཕྱུང་ཞིང་ནམ་མཁའི་དཀྱིལ་ནས་མེ་ཏོག་དང་། དར་གྱི་ལྡ་ལྡི་བྲེ་བར་གྱུར་ཏོ། ། ཤཱཀྱའི་ཚོགས་ཐམས་ཅད་ཀྱང་རྒྱལ་པོ་ཟས་གཙང་མའི་མདུན་དུ་བདར་ནས་བྱང་ཆུབ་སེམས་དཔའི་མདུན་ནས་འདོང་ བར་གྱུར་ཏེ། བཀོད་པའི་རྣམ་པ་འདི་ལྟ་བུ་འདིས་བྱང་ཆུབ་སེམས་དཔའ་ཡི་གེའི་གྲྭར་ཞུགས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ཡི་གེའི་གྲྭར་ཞུགས་མ་ཐག་ཏུ། དེ་ནས་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་དཔལ་དང་གཟི་བརྗིད་མ་བཟོད་དེ། ཁས་བུབ་ཏུ་སྒྱེལ་ཏོ། ། དེ་ལྟར་འགྱེལ་བ་དང་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཡན་ལག་བཟང་པོ་ཞེས་བྱ་བས་མཐོང་ནས། ལག་པ་གཡས་པས་བཏེག་སྟེ་བསླང་ངོ་། ། བསླངས་ནས་ཀྱང་དེ་ནམ་མཁའི་དཀྱིལ་ན་འདུག་སྟེ།
BOརྒྱལ་པོ་ཟས་གཙང་མ་དང་སྐྱེ་བོ་ཕལ་པོ་ཆེ་དེ་ དག་ལ་ཚིགས་སུ་བཅད་དེ་སྨྲས་པ། མི་ཡི་འཇིག་རྟེན་འདི་ན་བསྟན་བཅོས་གང་ཡོད་པ། ། གྲངས་དང་ཡི་གེ་རྩིས་དང་ཁམས་ཀྱི་རྒྱུད་དག་དང་། ། འཇིག་རྟེན་བཟོ་ཡི་སྦྱོར་བ་ཚད་མེད་མང་པོ་དག ། བསྐལ་པ་བྱེ་མང་སྔོན་ཆད་འདིས་ནི་དེ་དག་བསླབས། ། འོན་ཀྱང་སྐྱེ་བོའི་རྗེས་སུ་འཐུན་པ་ ཙམ་མཛད་དེ། ། བྱིས་པ་མང་པོ་ཐེག་པ་མཆོག་ལ་སྨིན་མཛད་དང་། ། སེམས་ཅན་ཁྲག་ཁྲིག་གཞན་ཡང་འཆི་མེད་དགོད་པའི་ཕྱིར། ། ཤིན་ཏུ་ལོབས་པའང་བསླབ་ཕྱིར་ཡི་གེའི་གྲྭར་ཞུགས་སོ། ། འཇིག་རྟེན་འདས་པའི་བདེན་བཞི་ལམ་གྱི་ཚུལ་མཁྱེན་ཅིང་། ། རྒྱུ་ལ་བརྟེན་ནས་ཇི་ལྟར་འབྱུང་བ་ དེ་ལའང་མཁས། ། ཇི་ལྟར་འདུས་བྱས་འགགས་ཟད་བསིལ་འགྱུར་དེ་ཚུལ་ཡང་། ། མཁྱེན་ན་ཡི་གེའི་བསྟན་བཅོས་ཙམ་ལྟ་ཅིས་མི་མཁྱེན། ། འཇིག་རྟེན་གསུམ་ན་འདི་ཡི་སློབ་དཔོན་གོང་ན་མེད། ། ལྷ་དང་མིར་བཅས་ནང་ན་འདི་ཉིད་གཙོ་བོ་སྟེ། ། བསྐལ་པ་བྱེ་མང་སྔོན་ཆད་གང་ལ་འདིས་ བསླབས་པའི། ། ཡི་གེ་དེ་དག་མིང་ཡང་ཁྱེད་ཀྱིས་ཤེས་མི་འགྱུར། ། འགྲོ་བ་རྣམས་ཀྱི་སེམས་རྒྱུད་སྣ་ཚོགས་གང་འབྱུང་བ། །
BOསྐད་ཅིག་གཅིག་གིས་སེམས་ཅན་དག་པ་འདིས་མཁྱེན་ཏེ། ། གཟུགས་མེད་བལྟར་མི་སྣང་བའི་ཚུལ་ཡང་རབ་མཁས་ན། ། ཡི་གེ་གཟུགས་ཡོད་བལྟར་སྣང་དག་ ལྟ་སྨོས་ཅི་དགོས། ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་དེས་བྱང་ཆུབ་སེམས་དཔའ་ལ་ལྷའི་མེ་ཏོག་མང་པོས་གཏོར་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། དེ་ནས་མ་མ་དང་བྲན་མོའི་འཁོར་བཀོད་དེ། རྒྱལ་པོ་ཟས་གཙང་མ་ལ་སོགས་པ་ཤཱཀྱ་གཞན་ནི་ཕྱིར་དོང་ངོ་། ། དེ་ནས་བྱང་ཆུབ་ སེམས་དཔའ་ཙན་དན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་ཡི་གེའི་ཤིང་ལྷའི་ཚོན་གྱིས་བྱུགས་པ། གསེར་གྱི་ཡང་མིག་གིས་བཏགས་པ། མཐའ་མ་ནོར་བུ་རིན་པོ་ཆེས་ཀུན་ནས་བརྒྱན་པ་ཐོགས་ཏེ། སློབ་དཔོན་ཀུན་གྱི་བཤེས་གཉེན་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་མཁན་པོས་བདག་ ལ་ཡི་གེ་གང་ཞིག་བསླབ། ཚངས་པའི་ཡི་གེའམ། ཁ་རོ་སྟིའི་ཡི་གེའམ། པད་མའི་སྙིང་པོའི་ཡི་གེའམ། ཨང་གའི་ཡི་གེའམ། མང་གའི་ཡི་གེའམ། ཡུལ་མ་ག་དྷཱའི་ཡི་གེའམ། བཀྲ་ཤིས་པའི་ཡི་གེའམ། སོར་མོ་པའི་ཡི་གེའམ། ཤ་ཀ་ནིའི་ཡི་གེའམ། ཡ་བ་ནའི་ ཡི་གེའམ། བག་ལེ་བའི་ཡི་གེའམ། པ་རུ་ཤའི་ཡི་གེའམ། འགྲོ་ལྡིང་བའི་ཡི་གེའམ། ཀིར་ཏའི་ཡི་གེའམ། ལྷོ་ཕྱོགས་པའི་ཡི་གེའམ།
BOདྲག་ཤུལ་ཅན་གྱི་ཡི་གེའམ། གྲངས་ཀྱི་ཡི་གེའམ། སྤྱིའུ་ཚུགས་པའི་ཡི་གེའམ། རྗེས་སུ་འཐུན་པའི་ཡི་གེའམ། བྲུ་ཤའི་ཡི་གེ་ འམ། ཀ་ཤའི་ཡི་གེའམ། རྒྱའི་ཡི་གེའམ། ཕུ་ནའི་ཡི་གེའམ། ཧུ་ནའི་ཡི་གེའམ། ཡི་གེ་འབྲིང་དང་། རྒྱས་པར་བྲི་བའི་ཡི་གེའམ། རྒྱལ་གྱི་ཡི་གེའམ། ལྷའི་ཡི་གེའམ། ཀླུའི་ཡི་གེའམ། གནོད་སྦྱིན་གྱི་ཡི་གེའམ། དྲི་ཟའི་ཡི་གེའམ། མི་འམ་ཅིའི་ཡི་གེའམ། ལྟོ་འཕྱེ་ཆེན་པོའི་ཡི་གེའམ། ལྷ་མ་ཡིན་གྱི་ཡི་གེའམ། ནམ་མཁའ་ལྡིང་གི་ཡི་གེའམ། {རི་དགས་,རི་དྭགས་}ཀྱི་འཁོར་ལོ་བའི་ཡི་གེའམ། ཁྭ་སྐད་ཤེས་པའི་ཡི་གེའམ། ས་བླའི་ལྷའི་ཡི་གེའམ། བར་སྣང་གི་ལྷའི་ཡི་གེའམ། ནུབ་ཀྱི་བ་གླང་སྤྱོད་ཀྱི་ཡི་གེའམ། བྱང་གི་སྒྲ་མི་སྙན་གྱི་ཡི་ གེའམ། ཤར་གྱི་ལུས་འཕགས་པོའི་ཡི་གེའམ། གདེག་པའི་ཡི་གེའམ། གཞག་པའི་ཡི་གེའམ། བསྣན་པའི་ཡི་གེའམ། རྒྱ་མཚོའི་ཡི་གེའམ། རྡོ་རྗེའི་ཡི་གེའམ། སྤྲིང་ཡིག་དང་། ལན་གྱི་ཡི་གེའམ། རྣམ་འཐོར་གྱི་ཡི་གེའམ། {རིངས་,རིང་}མེད་ཀྱི་ཡི་གེའམ། བསྟན་བཅོས་བསྐོར་བའི་ཡི་གེའམ། རྩིས་བསྐོར་བའི་ཡི་གེའམ། གདེག་པ་བསྐོར་བའི་ཡི་གེའམ། གཞག་པ་བསྐོར་བའི་ཡི་གེའམ།
BOརྐང་པས་བྲིས་པའི་ཡི་གེའམ། ཚིག་ལན་ལན་གཉིས་སུ་གདབ་པའི་ཚིག་གི་མཚམས་ཀྱི་ཡི་གེའམ། ཚིག་གི་མཚམས་བཅུར་བརྒྱུད་པའི་ བར་གྱི་ཡི་གེའམ། བླ་ཐབས་སུ་བསྣན་པའི་ཡི་གེའམ། སྒྲ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ། རིག་པ་དང་འཐུན་པའི་ཡི་གེའམ། རྣམ་པར་འདྲེས་པའི་ཡི་གེའམ། དྲང་སྲོང་གི་དཀའ་ཐུབ་སྤྱད་པའི་ཡི་གེའམ། ལྷའི་ངེས་པའི་ཡི་གེའམ། ས་བལྟ་བའི་ཡི་གེའམ། ནམ་མཁའ་བལྟ་བའི་ཡི་གེའམ། སྨན་ཐམས་ཅད་ཀྱི་རྒྱུ་འཐུན་པའི་ཡི་གེའམ། སྙིང་པོ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ། འབྱུང་པོ་ཐམས་ཅད་ཀྱི་སྒྲ་སྡུད་པའི་ཡི་གེའམ། ཀྱེ་སློབ་དཔོན་ཡི་གེ་དྲུག་ཅུ་རྩ་བཞི་པོ་དེ་དག་གི་ནང་ནས་བདག་ལ་གང་ བསླབ། དེ་ནས་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ངོ་མཚར་དུ་གྱུར་ནས་བཞིན་གྱི་འཛུམ་ཕྱུང་སྟེ། ང་རྒྱལ་དང་། དྲེགས་པ་དང་། རྒྱགས་པ་མེད་པར་བྱས་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། སེམས་ཅན་དག་པ་ངོ་མཚར་ཆེ། ། བསྟན་བཅོས་ཀུན་ལས་བསླབས་ གྱུར་ཀྱང་། ། འཇིག་རྟེན་འཇིག་རྟེན་རྗེས་བསྙག་ཕྱིར། ། ཡི་གེའི་གྲྭར་ནི་བྱོན་པར་གྱུར། ། ཡི་གེ་གང་གི་མིང་དག་ཀྱང་། ། བདག་གིས་ཤེས་པར་མ་གྱུར་པ། །
BOདེ་ལ་འདི་ལ་བྱང་གྱུར་ཀྱང་། ། ཡི་གེ་སློབ་པའི་གྲྭར་བྱོན་ཏོ། ། འདི་ཡི་ཞལ་ནི་མཐོང་མོད་ཀྱི། ། སྤྱི་གཙུག་འཕགས་པ་བལྟར་ མི་སྣང་། ། ཡི་གེའི་ཤེས་རབ་མཐར་ཕྱིན་ན། ། བདག་གིས་འདི་གོ་ཇི་ལྟར་བསླབ། ། ལྷ་ཡི་ལྷ་ཆེན་ལྷ་འདི་ནི། ། ལྷ་རྣམས་ཀུན་གྱི་མཆོག་མཁས་པ། ། ཁྱད་པར་འཕགས་ཤིང་མཉམ་པ་མེད། ། འཇིག་རྟེན་གང་ཟག་དོ་ཟླ་མེད། ། བདག་ཀྱང་འདི་ཉིད་མཐུ་ཡིས་ན། ། ཤེས་རབ་ཐབས་ཀྱི་ཁྱད་ པར་གྱིས། ། འཇིག་རྟེན་ཀུན་ཀྱི་དཔུང་གཉེན་པོ། ། ལོབས་པ་འདི་ནི་བསླབ་པར་བྱ། ། དགེ་སློང་དག་དེ་ལྟར་བྱིས་པ་སྟོང་ཕྲག་བཅུ་པོ་དེ་དག་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་ཡི་གེ་སློབ་པའི་ཚེ་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་བྱིས་པ་དེ་དག་ཡི་གེའི་ཕྱི་མོ་སློབ་ཅིང་གང་གི་ཚེ། ཨ་ཞེས་བརྗོད་པ་ དེའི་ཚེ། འདུ་བྱེད་ཐམས་ཅད་མི་རྟག་པའི་སྒྲ་བྱུང་ངོ་། ཨཱ་ཞེས་བརྗོད་པ་དང་བདག་མེད་པའི་སྒྲ་བྱུང་ངོ་། ། ཨི་ཞེས་བརྗོད་པ་དང་དབང་པོ་ཤིན་ཏུ་ཡངས་པའི་སྒྲ་བྱུང་ངོ་། ། ཨཱི་ཞེས་བརྗོད་པ་དང་འགྲོ་བ་ནི་ཡམས་ཀྱི་ནད་མང་བ་ཞེས་བྱ་བའི་སྒྲ་བྱུང་ངོ་། །
BOཨུ་ཞེས་བརྗོད་པ་དང་འགྲོ་བ་ནི་འཚེ་ བ་མང་ངོ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཨཱུ་ཞེས་བརྗོད་པ་དང་འགྲོ་བ་ནི་དམའ་བའོ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཨེ་ཞེས་བརྗོད་པ་དང་། ཉེས་པ་ནི་བཙལ་བ་ལས་བྱུང་ངོ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཨཻ་ཞེས་བརྗོད་པ་དང་འཕགས་པའི་ལམ་ནི་དགེའོ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཨོ་ཞེས་བརྗོད་པ་དང་ཆུ་བོ་ ལས་རྒལ་བའི་སྒྲ་བྱུང་ངོ་། ། ཨཽ་ཞེས་བརྗོད་པ་དང་རྫུབ་པའི་སྒྲ་བྱུང་ངོ་། ། ཨཾ་ཞེས་བརྗོད་པ་དང་བདག་གི་བ་མི་འབྱུང་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཨཿཞེས་བརྗོད་པ་དང་ནུབ་པ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཀ་ཞེས་བརྗོད་པ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཁ་ཞེས་ བརྗོད་པ་དང་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ག་ཞེས་བརྗོད་པ་དང་ཆོས་ཟབ་ཅེས་བྱ་བའི་སྒྲ་བྱུང་ངོ་། ། གྷ་ཞེས་བརྗོད་པ་དང་མ་རིག་པ་དང་། གཏི་མུག་གི་མུན་པ་དང་ལིང་ཐོག་སྟུག་པོ་བསལ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ང་ཞེས་བརྗོད་པ་དང་ཡན་ལག་རྣམ་པར་ དག་པ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཙ་ཞེས་བརྗོད་པ་དང་འཕགས་པའི་བདེན་པ་བཞིའི་སྒྲ་བྱུང་ངོ་། །
BOཚ་ཞེས་བརྗོད་པ་དང་འདོད་པའི་འདོད་ཆགས་སྤང་བའི་སྒྲ་བྱུང་ངོ་། ། ཛ་ཞེས་བརྗོད་པ་དང་རྒ་ཤི་ལས་ཡང་དག་པར་འདས་པའི་སྒྲ་བྱུང་ངོ་། ། ཛྷ་ཞེས་བརྗོད་པ་དང་འཆི་བྱེད་ཀྱི་རྒྱལ་མཚན་ཅན་ གྱི་དཔུང་ཚར་བཅད་པའི་སྒྲ་བྱུང་ངོ་། ། ཉ་ཞེས་བརྗོད་པ་དང་ཤེས་པར་བྱེད་པའི་སྒྲ་བྱུང་ངོ་། ། ཊ་ཞེས་བརྗོད་པ་དང་ལམ་ཤིན་ཏུ་ཆད་པའི་སྒྲ་བྱུང་ངོ་། ། ཋ་ཞེས་བརྗོད་པ་དང་དྲི་བ་བཞག་པའི་སྒྲ་བྱུང་ངོ་། ། ཌ་ཞེས་བརྗོད་པ་དང་དཀྲུགས་མ་དང་བདུད་ཚར་བཅད་པའི་སྒྲ་བྱུང་ངོ་། ། ཌྷ་ཞེས་བརྗོད་ པ་དང་ཡུལ་མི་གཙང་བའི་སྒྲ་བྱུང་ངོ་། ། ཎ་ཞེས་བརྗོད་པ་དང་ཉོན་མོངས་པ་ནི་ཕྲ་བ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ཏ་ཞེས་བརྗོད་པ་དང་དེ་བཞིན་ཉིད་ནི་འདྲེས་པ་མེད་ཅེས་བྱ་བའི་སྒྲ་བྱུང་ངོ་། ། ཐ་ཞེས་བརྗོད་པ་དང་མཐུ་སྟོབས་དང་ཤུགས་དང་མི་འཇིགས་པའི་སྒྲ་བྱུང་ངོ་། ། ད་ཞེས་བརྗོད་པ་དང་སྦྱིན་ པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། ངེས་པའི་སྒྲ་བྱུང་ངོ་། ། དྷ་ཞེས་བརྗོད་པ་དང་འཕགས་པ་རྣམས་ཀྱི་ནོར་ནི་རྣམ་པ་བདུན་ནོ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ན་ཞེས་བརྗོད་པ་དང་མིང་དང་གཟུགས་ཡོངས་སུ་ཤེས་པར་བྱ་བའི་སྒྲ་བྱུང་ངོ་། །
BOཔ་ཞེས་བརྗོད་པ་དང་དོན་དམ་པའི་སྒྲ་བྱུང་ ངོ་། ། ཕ་ཞེས་བརྗོད་པ་དང་འབྲས་བུ་རྙེད་པ་མངོན་དུ་བྱ་བའི་སྒྲ་བྱུང་ངོ་། ། བ་ཞེས་བརྗོད་པ་དང་བཅིངས་པ་ལས་རྣམ་པར་ཐར་པའི་སྒྲ་བྱུང་ངོ་། ། བྷ་ཞེས་བརྗོད་པ་དང་སྲིད་པ་འཇིགས་པའི་སྒྲ་བྱུང་ངོ་། ། མ་ཞེས་བརྗོད་པ་དང་ང་རྒྱལ་དང་རྒྱགས་པ་ཞི་བར་བྱ་བའི་སྒྲ་བྱུང་ངོ་། ། ཡ་ཞེས་བརྗོད་པ་དང་ ཆོས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བའི་སྒྲ་བྱུང་ངོ་། ། ར་ཞེས་བརྗོད་པ་དང་དགའ་བ་ལ་དགའ་བ་མེད་པའི་དོན་དམ་པར་དགའ་བ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། ལ་ཞེས་བརྗོད་པ་དང་འཁྲི་ཤིང་ཆད་པའི་སྒྲ་བྱུང་ངོ་། ། ཝ་ཞེས་བརྗོད་པ་དང་ཐེག་པ་མཆོག་གི་སྒྲ་བྱུང་ངོ་། ། ཤ་ཞེས་ བརྗོད་པ་དང་ཞི་གནས་དང་ལྷག་མཐོང་གི་སྒྲ་བྱུང་ངོ་། ། ཥ་ཞེས་བརྗོད་པ་དང་སྐྱེ་མཆེད་དྲུག་གཞོམ་ཞིང་མངོན་པར་ཤེས་པ་དྲུག་དང་ཡེ་ཤེས་ཐོབ་པའི་སྒྲ་བྱུང་ངོ་། ། ས་ཞེས་བརྗོད་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་སྒྲ་བྱུང་ངོ་། ། ཧ་ཞེས་བརྗོད་པ་ དང་ཉོན་མོངས་པ་བཅོམ་ཞིང་འདོད་ཆགས་དང་བྲལ་བའི་སྒྲ་བྱུང་ངོ་། ། ཀྵ་ཞེས་བརྗོད་པ་དང་ཡི་གེའི་མཐར་ཕྱིན་ཏེ།
BOཆོས་ཐམས་ཅད་བརྗོད་དུ་མེད་པའོ་ཞེས་བྱ་བའི་སྒྲ་བྱུང་ངོ་། ། དེ་ལྟར་བྱིས་པ་དེ་དག་ཡི་གེའི་ཕྱི་མོ་སློབ་པའི་ཚེ། བྱང་ཆུབ་སེམས་དཔའི་མཐུས་དེ་དག་ལ་སོགས་པ་ ཆོས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་བྱུང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཡི་གེའི་གྲྭ་ན་འདུག་པའི་ཚེ་བྱིས་པ་སུམ་ཁྲི་ཉིས་སྟོང་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། ། བྱང་ཆུབ་སེམས་དཔའ་ལོབས་པར་གྱུར་ཀྱང་ཡི་གེའི་གྲྭར་འཇུག་ པའི་རྒྱུ་ནི་དེ་ཡིན་ནོ། ། རྐྱེན་ནི་དེ་ཡིན་ནོ། ། ཡི་གེ་བསྟན་པའི་ལེའུ་སྟེ་བཅུ་པའོ། ། ། ། དགེ་སློང་དག་གཞོན་ནུ་དེ་དེ་བས་ཀྱང་ཡ་ཟད་སྐྱེས་ནས་དུས་གཞན་ཞིག་ན་གཞོན་ནུ་དེ་གཞོན་ནུ་གཞན་དག་དང་ཞང་བློན་གྱི་བུ་དག་དང་ལྷན་ཅིག་ཏུ་ཞིང་པའི་གྲོང་ལྟ་ཞིང་དོང་སྟེ། གྲོང་བལྟས་ནས་ཞིང་བླས་ཀྱི་མཐའི་སྐྱེད་མོས་ཚལ་ཞིག་ཏུ་ཕྱིན་ཏོ། ། དེ་ན་བྱང་ཆུབ་སེམས་དཔའ་གཅིག་པུ་གཉིས་སུ་མེད་པར་ཕ་ཟད་འཁྱམ་ཞིང་སོང་སོང་བ་དང་། འཛམ་བུའི་ཤིང་ལྗོན་པ་མཛེས་པ་བལྟ་ན་སྡུག་པ་ཞིག་མཐོང་ནས། བྱང་ཆུབ་སེམས་དཔའ་དེའི་གྲིབ་མ་ལ་སྐྱིལ་མོ་ཀྲུང་བཅས་ ཏེ་འདུག་གོ། །
BOའདུག་ནས་བྱང་ཆུབ་སེམས་དཔའ་སེམས་རྩེ་གཅིག་པ་རྙེད་དེ་རྙེད་ནས་ཀྱང་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། ། དེ་རྟོག་པ་ དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ། ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ། ། དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་ བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ། །
BOདེའི་ཚེ་ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་ཡོད་པ་རྫུ་འཕྲུལ་དང་ལྡན་པ་ནམ་ མཁའ་ལས་དོང་བ་ལྔ་ཞིག་ལྷོ་ཕྱོགས་ནས་བྱང་ཕྱོགས་ལོགས་སུ་དོང་དོང་བ་ལས་དེ་དག་ཚལ་སྟུག་པོ་དེའི་སྟེང་དུ་ཕྱིན་པ་དང་། ཕྱིར་ཕུལ་བ་ལྟར་འདོང་མ་ནུས་ནས། དེ་དག་མི་དགའ་ཞིང་བ་སྤུ་གཡོས་ཏེ། ཚིགས་སུ་བཅད་པ་འདི་སྨྲས་སོ། ། བདག་ཅག་འདི་ན་རི་རབ་ནོར་བུ་རྡོ་རྗེ་བརྩེགས་རི་ཤིན་ ཏུ་རྔམས་སྟུག་པ་ཡང་ཐལ་ཕྱུང་སྟེ། ། གླང་པོ་ཨ་མྲའི་ཤིང་རློན་ཡལ་གས་གཟིངས་པ་མང་པོ་བཅོམ་ནས་འགྲོ་བཞིན་དོང་དོང་ལ། ། བདག་ཅག་འདི་ན་ལྷ་ཡི་ཁྱིམ་ནའང་ཐོགས་མེད་གནོད་སྦྱིན་དྲི་ཟའི་ཁྱིམ་སྟེང་ནམ་མཁར་གནས་གནས་ན། ། ཚལ་སྟུག་འདིར་ཕྱིན་ནས་ནི་སྒྱིད་ལུག་གྱུར་པ་སུ་ ཡི་མཐུ་ཞིག་གིས་ན་རྫུ་འཕྲུལ་སྟོབས་བཟློག་གྱུར། ། དེ་ནས་ཚལ་སྟུག་པོ་དེ་ན་ལྷ་མོ་ཞིག་གནས་པ་དེས་དྲང་སྲོང་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོའི་གཙོ་བོའི་རིགས་བྱུང་ཤཱཀྱའི་རྒྱལ་སྲས་ཉི་མ་ཤར་བ་ལྟ་བུར་རབ་ཏུ་སྣང་བའི་འོད། ། འཇིག་རྟེན་གཙོ་བོ་མཁས་པ་ཟླ་ཞལ་པད་ མ་རྒྱས་པའི་སྙིང་པོའི་ཁ་དོག་ལྟ་བུར་རབ་མཛེས་པ། །
BOལྷ་དང་ཀླུ་དབང་གནོད་སྦྱིན་དྲི་ཟས་མཆོད་པ་དེ་ནི་བསམ་གཏན་དགོངས་ཤིང་ཚལ་སྟུག་འདི་ན་བཞུགས། ། སྲིད་པ་བྱེ་བ་བརྒྱ་དག་ཏུ་ནི་བསོད་ནམས་སྤེལ་བ་དེ་ཡི་མཐུ་ཡིས་རྫུ་འཕྲུལ་སྟོབས་བཟློག་གོ། ། དེ་ནས་དེ་དག་གིས་འོག་ལོགས་སུ་ བལྟས་པ་དང་། ། གཞོན་ནུ་ཞིག་དཔལ་དང་གཟི་བརྗིད་ཀྱིས་འབར་བ་མཐོང་ནས་འདི་དག་འདི་སྙམ་དུ་སུ་ཞིག་འདི་ལྟར་གནས། ནོར་གྱི་བདག་པོ་རྣམ་ཐོས་ཀྱི་བུའམ་ཅིག་མ་ཡིན་ནམ། འོན་ཏེ་འདོད་པའི་དབང་པོ་བདུད་ལྟའམ། ཡང་ན་ལྟོ་འཕྱེ་ཆེན་པོའི་དབང་པོའམ། འོན་ ཏེ་དབང་པོ་རྡོ་རྗེ་འཆང་བའམ། ཡང་ན་གུ་ལང་ངམ། གྲུལ་བུམ་གྱི་བདག་པོའམ། འོན་ཏེ་སྤྲོ་བ་ཆེན་པོ་དང་ལྡན་པ་ནག་པོའམ། འོན་ཏེ་ལྷའི་བུ་ཟླ་བའམ། འོན་ཏེ་འོད་ཟེར་སྟོང་དང་ལྡན་པའི་ཉི་མའམ། འོན་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ཡིན་ནམ། སུ་ཞིག་སྙམ་མོ། ། དེའི་ཚེ་ ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། ། གཞོན་ནུ་འདི་ནི་རྣམ་ཐོས་བུ་ཡི་གཟུགས་ལས་འཕགས་པར་གསལ་བར་སྣང་བས་ན། ། འདི་ནི་སྒྲ་གཅན་ཡིན་ནམ་འོན་ཏེ་རྡོ་རྗེ་འཆང་གི་གཟུགས་སམ་ཉི་ཟླའི་གཟུགས། ། འདོད་མཆོག་དབང་པོའི་གཟུགས་སམ་གུ་ལང་གཟུགས་སམ་འོན་ཏེ་ ནག་པོའི་གཟུགས་ཡིན་ནམ། །
BOཡང་ན་འདི་ནི་དཔལ་ལྡན་ཡན་ལག་མཚན་སྤྲས་སྡིག་མེད་སངས་རྒྱས་འགྱུར་བ་ཞིག ། དེ་ནས་ཚལ་གྱི་ལྷ་མོ་དེས་དྲང་སྲོང་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། རྣམ་ཐོས་བུ་དང་མིག་སྟོང་བདོག་ལ་དཔལ་ནི་གང་ཡོད་གྱུར་པ་དང་། ། འཇིག་རྟེན་སྐྱོང་བ་ བཞི་དང་ལྷ་མིན་དབང་ལ་དཔལ་ནི་གང་ཡོད་དང་། ། མི་མཇེད་བདག་པོ་ཚངས་དང་གཟའ་རྣམས་ལ་ཡང་དཔལ་ནི་གང་ཡོད་པ། ། དཔལ་དེ་ཤཱཀྱའི་སྲས་པོ་འདི་དྲུང་ཕྱིན་ན་གང་གི་ཆར་མི་ཕོད། ། དེ་ནས་དྲང་སྲོང་དེ་དག་གིས་ལྷ་མོ་དེའི་ཚིག་ཐོས་ནས་ས་ལ་བབས་པ་དང་། དེ་དག་གིས་ བྱང་ཆུབ་སེམས་དཔའ་མི་གཡོ་བའི་ལུས་ཀྱིས་བསམ་གཏན་བྱེད་ཅིང་། མེའི་ཕུང་པོ་ལྟར་འབར་བ་མཐོང་ནས། དེ་དག་བྱང་ཆུབ་སེམས་དཔའ་ལ་སེམས་ཤིང་ཚིགས་སུ་བཅད་པས་བསྟོད་དེ། དེ་ལ་གཅིག་གིས་སྨྲས་པ། འཇིག་རྟེན་ཉོན་མོངས་མེས་གདུངས་པ། ། མཚོ་འདི་རབ་ཏུ་བྱུང་ གྱུར་ཏེ། ། གང་གིས་འཇིག་རྟེན་སིམ་འགྱུར་བའི། ། ཆོས་དེ་འདི་ཡིས་བརྙེས་པར་འགྱུར། ། ཡང་གཅིག་གིས་སྨྲས་པ། མི་ཤེས་རབ་རིབ་འཇིག་རྟེན་དུ། ། སྒྲོན་མ་འདི་ནི་རབ་ཏུ་བྱུང་། ། གང་གིས་འགྲོ་བ་སྣང་འགྱུར་བའི། ། ཆོས་དེ་འདི་ཡིས་བརྙེས་པར་འགྱུར། ། ཡང་གཅིག་གིས་སྨྲས་ པ།
BOམྱ་ངན་རྒྱ་མཚོ་འདལ་བ་ལ། ། གྲུ་ཡི་དམ་པ་འདི་བྱུང་སྟེ། ། གང་གིས་འགྲོ་བ་སྒྲོལ་འགྱུར་བའི། ། ཆོས་དེ་འདི་ཡིས་བརྙེས་པར་འགྱུར། ཡང་གཅིག་གིས་སྨྲས་པ། ཉོན་མོངས་འཆིང་བས་བཅིངས་པ་ལ། ། འགྲོལ་བར་མཛད་པ་འདི་བྱུང་སྟེ། ། གང་གིས་འགྲོ་བ་འགྲོལ་ འགྱུར་བའི། ། ཆོས་དེ་འདི་ཡིས་བརྙེས་པར་འགྱུར། ། ཡང་གཅིག་གིས་སྨྲས་པ། རྒ་དང་ནད་ཀྱིས་གཟིར་བ་ལ། ། སྨན་པ་དམ་པ་འདི་བྱུང་སྟེ། ། གང་གིས་རྒ་ཤི་ཐར་བྱ་བའི། ། ཆོས་དེ་འདི་ཡིས་བརྙེས་པར་འགྱུར། ། དེ་ནས་དྲང་སྲོང་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ ཚིགས་སུ་བཅད་པ་དེ་དག་གིས་བསྟོད་དེ། ལན་གསུམ་བསྐོར་བ་བྱས་ནས་ནམ་མཁའ་ལས་དོང་ངོ་། ། རྒྱལ་པོ་ཟས་གཙང་མ་ཡང་བྱང་ཆུབ་སེམས་དཔའ་མི་མཐོང་ཞིང་བྱང་ཆུབ་སེམས་དཔའ་མེད་པས་མི་དགའ་སྟེ། དེས་སྨྲས་པ། གཞོན་ནུ་དེ་མི་སྣང་ན་གར་སོང་། དེའི་ཚེ་སྐྱེ་བོ་ཕལ་པོ་ཆེ་ གཞོན་ནུ་ཚོལ་དུ་དོང་དོང་བ་དང་། དེའི་ཚེ་བློན་པོ་གཅིག་ཅིག་གིས་བྱང་ཆུབ་སེམས་དཔའ་འཛམ་བུའི་ཤིང་གི་གྲིབ་མ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་བྱེད་ཅིང་འདུག་པ་མཐོང་ངོ་། ། དེས་དེའི་ཚེ་ཤིང་ཐམས་ཅད་ཀྱི་གྲིབ་མ་ནི་ཡོལ་ན།
BOའཛམ་བུའི་ཤིང་གི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་ལུས་ མི་གཏོང་བར་འདུག་པར་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཚིམ་ཞིང་མགུ་ལ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་རིངས་ཤིང་མྱུར་བ་མྱུར་བའི་གཟུགས་ཀྱིས། རྒྱལ་པོ་ཟས་གཙང་མའི་ཐད་དུ་ཕྱིན་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། རྒྱལ་པོ་གཞོན་ ནུ་དེ་ལ་གཟིགས། ། འཛམ་བུའི་ཤིང་གྲིབ་བསམ་གཏན་མཛད། ། བརྒྱ་བྱིན་ཚངས་པ་ཇི་བཞིན་དུ། ། གཟི་བརྗིད་དཔལ་གྱིས་རབ་ཏུ་མཛེས། ། ཞུགས་ཤིང་གང་གི་གྲིབ་མ་ལ། ། མཚན་རབ་མངའ་བ་དེ་བཞུགས་པའི། ། གྲིབ་མ་དེས་ནི་དེ་མ་བཏང་། ། སྐྱེས་མཆོག་བསམ་གཏན་མཛད་ ལ་སྒྲིབ། ། དེ་ནས་རྒྱལ་པོ་ཟས་གཙང་མ་འཛམ་བུའི་ཤིང་ལྗོན་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་དཔལ་དང་གཟི་བརྗིད་ཀྱིས་འབར་བ་དེ་མཐོང་བ་དང་། ཚིགས་སུ་བཅད་པ་འདི་སྨྲས་སོ། ། རི་ཡི་སྤོ་ལ་མེ་འབར་འདྲ་བ་སྟེ། ། ཟླ་བ་སྐར་མའི་ཚོགས་ནང་འདུག་འདྲ་ཞིང་། ། གཟི་བརྗིད་སྒྲོན་འདྲ་བསམ་གཏན་བྱེད་མཐོང་ན། ། ང་ཡི་ལུས་འདི་ཤིན་ཏུ་འདར་བར་གྱུར། ། དེ་སྐད་ཅེས་སྨྲས་ནས། དེས་བྱང་ཆུབ་སེམས་དཔའི་རྐང་པ་ལ་ཕྱག་བྱས་ཏེ།
BOཚིགས་སུ་བཅད་པ་འདི་སྨྲས་སོ། ། ཐུབ་པ་གང་ཚེ་བལྟམ་པ་དང་། ། གང་ཚེ་འོད་ལྡན་བསམ་ གཏན་མཛད། ། འདྲེན་པ་འདི་ལྟར་ལན་གཉིས་སུ། ། མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལོ། ། དེའི་ཚེ་བྱིས་པ་ཁྲེའུ་ཐོགས་པ་དག་ཅ་ཅོའི་སྒྲ་འབྱིན་པར་གྱུར་ནས། དེ་དག་ལ་བློན་པོ་དག་གིས་སྒྲ་མ་ཆེ་སྒྲ་མ་ཆེ་ཞེས་བྱས་པ་དང་། དེ་དག་ཅི་ཞིག་ནོངས་ཞེས་ཟེར་རོ། ། བློན་པོ་དག་གིས་སྨྲས་ པ། རྒྱལ་པོའི་སྲས་དོན་ཐམས་ཅད་གྲུབ་པ་དགེ་བའི་མཚན་བཟང་པོ་མཆོག་དམ་པ་དང་ལྡན་ཞིང་འོད་འདོམ་གང་བ་མངའ་བ་འདི་རི་ལྟར་མི་གཡོ་ཞིང་བསམ་གཏན་མཛད་པའི་ཚེ། ཉི་མའི་དཀྱིལ་འཁོར་ཡོལ་ཏེ་སོང་ཡང་། ཤིང་གི་གྲིབ་མ་དེ་མ་ཡོལ་ཞིང་སྒྲིབ་པར་གནས་སོ། ། དེ་ ལ་འདི་སྐད་ཅེས་བྱ་སྟེ། དཔྱིད་འདས་དབྱར་གྱི་དུས་བབ་དབྱར་ཟླ་ར་བ་ལ། ། མེ་ཏོག་རྒྱས་ཤིང་མེ་ཏོག་ཡལ་གས་ཁེབས་གྱུར་ཏེ། ། ཁྲུང་ཁྲུང་རྨ་བྱ་ནེ་ཙོ་རི་སྐེགས་སྐད་འབྱིན་པ། ། ཤཱཀྱའི་བུ་དག་ཕལ་ཆེར་མངོན་དུ་འདོང་བར་གྱུར། ། འདུན་པ་ཅན་གྱིས་སྨྲས་པ། གཞོན་ནུ་ནགས་ཚལ་ དག་ནི་གཟིགས་པ་མཛད་སླད་དུ། ། བྱིས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་གཤེགས་པའི་རིགས། ། བྲམ་ཟེ་ལྟ་བུར་ཁྱིམ་ན་བཞུགས་པས་ཅི་ཞིག་བགྱི། །
BOབདག་ཅག་རྣམས་ནི་བུ་མོའི་ཚོགས་རྣམས་སྦྲོན་དུ་མཆི། ། ཉི་མའི་གུང་ལ་སེམས་ཅན་རྣམ་པར་དག་པ་དེ། ། བྱིས་པ་ལྔ་བརྒྱ་ དག་གིས་བསྐོར་ནས་ལྷན་ཅིག་ཏུ། ། ཡབ་ལ་མ་གསོལ་ཡུམ་ལ་མ་གསོལ་མ་ཚོར་བར། ། དེ་ནི་བྱུང་ནས་ཞིང་པ་རྣམས་ཀྱི་གྲོང་དུ་སོང་། ། རྒྱལ་པོ་དམ་པའི་ཞིང་པ་དག་གི་གྲོང་དེ་ན། ། འཛམ་བུའི་སྡོང་ཆེན་ཡལ་ག་མང་པོ་རྒྱས་ཡོད་པ། ། གཞོན་ནུས་མཐོང་ན་ཉམ་ཐག་སྡུག་བསྔལ་ཕོག་ གྱུར་ཏེ། ། འདུས་བྱས་ཅི་རུང་སྡུག་བསྔལ་མང་ཞེས་སྙིང་རྗེ་བྱེད། ། དུལ་བའི་སེམས་དང་ལྡན་པ་འཛམ་བུའི་གྲིབ་མར་སོང་། ། རྩྭ་དག་བསྡུས་ཏེ་བདག་གིས་གདིང་བ་བཏིང་ནས་ནི། ། སྐྱིལ་མོ་ཀྲུང་འདུག་དྲང་པོར་ལུས་བསྲང་བསམ་གཏན་བཞི། ། དགེ་བ་དག་ལ་བྱང་ཆུབ་སེམས་དཔའ་ བསམ་གཏན་བྱེད། ། དྲང་སྲོང་ལྔ་ཞིག་ནམ་མཁའི་དཀྱིལ་ནས་དོང་དོང་ན། ། འཛམ་བུའི་ཤིང་གི་སྟེང་དུ་ཕྱིན་ནས་འདོང་མ་ནུས། ། དེ་དག་ཐོགས་ནས་ང་རྒྱལ་དྲེགས་པ་སྤང་བྱ་ཞིང་། ། དེ་དག་ཐམས་ཅད་འཐུན་པར་ལྷན་ཅིག་ལྟ་བར་བྱེད། ། བདག་ཅག་རི་མཆོག་རི་རབ་དེ་བཞིན་འཁོར་ཡུག་དག ། ཐལ་ཕྱུང་ཐགས་ཐོགས་མེད་པར་ཤུགས་ཀྱིས་དོང་དོང་ན། ། བདག་ཅག་དེ་རིང་འཛམ་བུའི་ཤིང་ལྗོན་འདི་ལས་ནི། །
BOའདའ་བར་མ་ནུས་འདི་ལ་རྒྱུ་རྐྱེན་ཅི་ཞིག་ཡོད། ། བབས་ཏེ་ས་སྟེང་འདུག་ནས་འཛམ་བུའི་ཤིང་དྲུང་ན། ། ཤཱཀྱའི་བུ་ཕོ་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཅན། ། འཛམ་ གླིང་གསེར་གྱི་འོད་འཕྲོ་འདྲ་བ་འོད་ཟེར་ལྡན། ། སྐྱིལ་མོ་ཀྲུང་བཅས་བསམ་གཏན་བྱེད་པ་དེ་ཚེ་མཐོང་། ། དེ་དག་རྨད་གྱུར་སྤྱི་བོར་སོར་བཅུ་ཐལ་སྦྱར་ཏེ། ། ཐལ་མོ་སྦྱར་བ་རྐང་པར་གཏུགས་ནས་ཕྱག་འཚལ་ལོ། ། འགྲོ་བ་ཤིན་ཏུ་བདེ་མཛད་ལེགས་པར་བལྟམ་པ་ལེགས། ། མྱུར་དུ་ རྣམ་སངས་རྒྱས་ཏེ་བདུད་རྩིར་སེམས་ཅན་ཐུལ། ། སྡོང་པོ་མཆོག་ནི་པད་མ་འདྲ་བའི་སྤྱན་ལ་འདུད། ། གདུགས་ཡོལ་གྱུར་ཀྱང་གྲིབ་མས་བདེ་བར་གཤེགས་མི་གཏོང་། ། ལྷ་རྣམས་སྟོང་ཕྲག་མང་པོ་གནས་པ་ཐལ་སྦྱར་ནས། ། དེས་པར་བྱས་པ་དེ་ཡི་རྐང་པར་ཕྱག་ཀྱང་འཚལ། ། ཟས་གཙང་ རྒྱལ་པོ་བདག་གི་ཁྱིམ་ན་ཡོངས་ཚོལ་ཞིང་། ། ངའི་བུ་གཞོན་ནུ་དེ་ནི་གང་དུ་སོང་ཞེས་རྨེད། ། སྲུ་མོས་སྨྲས་པ་བདག་གིས་བཙལ་ཀྱང་མ་རྙེད་ན། ། གཞོན་ནུ་དེ་ནི་གར་བཞུད་རྒྱལ་པོས་རྨ་བར་གསོལ། ། ཟས་གཙང་རྒྱལ་པོས་ཉུང་རུམ་དག་ལ་རིངས་པར་རྨས། ། ང་ཡི་གཞོན་ནུ་འདི་ནས་ བྱུང་བར་ལ་ལས་མཐོང་ངམ་ཞེས། །
BOསྒོ་བ་རྣམས་དང་དེ་བཞིན་ནང་མི་ཀུན་ལའང་རྨས། ། ལྷ་ཅིག་ཁྱོད་གསོན་མཆོག་དེ་ཞིང་པའི་གྲོང་དུ་བཞུད། ། དེ་ནི་རིངས་པར་ཤཱཀྱ་རྣམས་དང་ལྷན་ཅིག་ཏུ། ། བྱུང་ནས་དཔལ་ཞུགས་གྱུར་པའི་ཞིང་པའི་གྲོང་དུ་བལྟས། ། ཇི་ལྟར་ཉི་མ་བྱེ་བ་ཁྲག་ཁྲིག་ ཤར་བ་ལྟར། ། དེ་ལྟར་དཔལ་གྱིས་འབར་ཞིང་ཕན་བྱེད་འདུག་པ་མཐོང་། ། ཅོད་པན་རལ་གྲི་ལྷམ་དག་ཕ་ཟད་ཕོག་ཕུད་དེ། ། མགོ་བོར་སོར་བཅུ་ཐལ་མོ་སྦྱར་ནས་ཕྱག་ཀྱང་འཚལ། ། དྲང་སྲོང་བདག་ཉིད་ཆེན་པོ་ལེགས་པར་ཡང་དག་སྨྲ། ། གཞོན་ནུ་བྱང་ཆུབ་དོན་དུ་མངོན་པར་འབྱུང་དུ་ ངེས། ། རབ་ཏུ་དད་ལྷ་བརྒྱ་ཕྲག་བཅུ་གཉིས་ཚང་བ་དང་། ། དེ་བཞིན་ཤཱཀྱ་ལྔ་བརྒྱ་ཉེ་བར་འོངས་པ་དང་། ། བདེ་གཤེགས་ཡོན་ཏན་རྒྱ་མཚོ་ལྡན་པའི་རྫུ་འཕྲུལ་མཐོང་། ། བསམ་པ་བརྟན་པས་རྫོགས་པའི་བྱང་ཆུབ་སེམས་ཀྱང་སྐྱེད། ། དེས་ནི་སྟོང་གསུམ་མ་ལུས་ས་ རྣམས་རབ་བསྐྱོད་ནས། ། དྲན་དང་ཤེས་བཞིན་ཏིང་ངེ་འཛིན་ལས་ལངས་གྱུར་ཏེ། ། མདོག་བཟང་ལྡན་པས་ཡབ་ལ་ཚངས་པའི་ཚིག་བརྗོད་པ། ། ཡབ་ཅིག་ཞིང་བླས་ཐོང་ལ་གཞན་ལས་ཚོལ་མ་མཛད། ། གལ་ཏེ་གསེར་ཞིག་འཚལ་ནའང་བདག་གིས་གསེར་ཆར་དབབ། ། དེ་སྟེ་ན་བཟའ་ འཚལ་ནའང་བདག་གིས་ན་བཟའ་དབུལ།
BO། འོན་ཏེ་འབྲུ་ཞིག་འཚལ་ནའང་བདག་གིས་འབྲུ་ཆར་དབབ། ། མི་དབང་ཁྱོད་ཀྱིས་འགྲོ་བ་ཀུན་ལ་ཡང་དག་སྦྱོར། ། ཡབ་དང་དེ་བཞིན་སྐྱེ་བོ་འཁོར་ལ་བསྟན་བྱས་ནས། ། སྐད་ཅིག་དེ་ལ་དེ་སླར་གྲོང་ཁྱེར་མཆོག་ཏུ་ཞུགས། ། འགྲོ་དང་འཐུན་པ་ཙམ་དུ་ གྲོང་ཁྱེར་དེར་གནས་ཀྱི། ། སེམས་ཅན་རྣམ་དག་མངོན་པར་འབྱུང་བའི་ཡིད་དང་ལྡན། ། ཞིང་བའི་གྲོང་གི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བདུན་པ། དགེ་སློང་དག་དེ་ལྟར་གཞོན་ནུ་དེ་དེ་བས་ཀྱང་ཡ་ ཟད་སྐྱེས་པ་དང་། དུས་གཞན་ཞིག་ན་རྒྱལ་པོ་ཟས་གཙང་མ་ཤཱཀྱའི་ཚོགས་དང་ལྷན་ཅིག་ཏུ་འདུན་ས་ན་འདུག་འདུག་པ་དེའི་ཚེ། ཤཱཀྱ་རྒན་རབས་རྒན་རབས་ཁ་ཅིག་གིས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་མཁྱེན་པར་མཛད་དུ་གསོལ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ འདི་ནི་བྲམ་ཟེ་ལྟས་མཁན་རྣམས་དང་། བློ་ངེས་པ་དང་ལྡན་པའི་ལྷ་མང་པོས་འདི་སྐད་དུ་བསྟན་ཏེ། གཞོན་ནུ་འདི་གལ་ཏེ་མངོན་པར་བྱུང་བར་གྱུར་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །
BOཇི་སྟེ་མངོན་པར་མ་བྱུང་ན་ནི་འཁོར་ ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་ཞིང་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་དག་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་ པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུན་ནོ། ། དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། གཞན་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་བ་འབྱུང་ངོ་། ། དེ་གནོད་པར་བྱ་བ་དང་། མཚོན་ཆ་མེད་པར་ཆོས་དང་འཐུན་པས་སའི་དཀྱིལ་ འཁོར་འདི་ལས་མངོན་པར་རྒྱལ་བར་བྱས་ཏེ། གཅིག་པུ་གནས་པར་འགྱུར་རོ་ཞེས་མཆི་ན། དེའི་སླད་དུ་གཞོན་ནུ་དེའི་བཙུན་མོ་བླང་བར་བགྱིའོ། ། དེ་ལྟར་མཛད་དང་བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། དགྱེས་པ་ལ་ལོངས་སྤྱོད་ཅིང་མངོན་པར་འབྱུང་བར་ཡང་མི་འགྱུར་ཏེ། དེ་ལྟར་ གྱུར་པ་དང་བདག་ཅག་གི་འཁོར་ལོས་སྒྱུར་བའི་གདུང་ཡང་མི་འཆད།
BOཁམས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས་ཀྱང་མི་སྙན་པར་མི་བརྗོད་ཅིང་རིམ་གྲོར་བགྱི་བར་འགྱུར་རོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་སྨྲས་པ། གལ་ཏེ་དེ་ལྟར་བྱ་ན་དེའི་ཕྱིར་གཞོན་ནུའི་ཚུལ་དང་འཐུན་པའི་བུ་མོ་གང་ཞིག་ ཡོད་ཁྱེད་ཀྱིས་ལྟོས་ཤིག ། དེའི་ཚེ་ཤཱཀྱ་ལྔ་བརྒྱ་ཙམ་སོ་སོ་ནས་འདི་སྐད་དུ་བདག་གི་བུ་མོ་ནི་གཞོན་ནུའི་ཚུལ་དང་འཐུན་ནོ། ། བདག་གི་བུ་མོ་ནི་གཞོན་ནུའི་ཚུལ་དང་འཐུན་ནོ་ཞེས་ཟེར་རོ། ། རྒྱལ་པོས་སྨྲས་པ། གཞོན་ནུ་དེ་ནི་ཤིན་ཏུ་ཕུལ་ཆེ་བ་ཡིན་གྱིས། གཞོན་ནུ་ཉིད་ལ་ཁྱོད་བུ་མོ་གང་ འདོད་ཅེས་དྲི་བར་བྱའོ་ཞེས། དེ་དག་ཀུན་ཀྱང་འདུས་ཏེ། གཞོན་ནུ་ལ་དངོས་པོ་དེ་བརྗོད་དོ། ། གཞོན་ནུས་སྨྲས་པ། ད་སྟེ་དགུང་བདུན་ན་འདིའི་ལན་གསན་པར་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བསམས་ཏེ། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིག ། ཐབ་ མོ་ཁོན་བཅས་མྱ་ངན་སྡུག་བསྔལ་རྩ། ། འཇིགས་བྱེད་དུག་གི་ལོ་མ་འདྲ་བ་སྟེ། ། མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། ། འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། ། བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། ། བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །
BOབདག་ནི་མི་སྨྲ་ ནགས་ཚལ་གནས་པར་བྱ། ། ཡང་དེས་བརྟགས་ནས་ཐབས་མཁས་པ་མངོན་དུ་བྱས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བལྟས་ནས། སྙིང་རྗེ་ཆེན་པོ་བསྐྱེད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། འདམ་དང་ལྕག་ལྕིག་ཁྲོད་ནས་པད་མ་རྣམ་པར་འཕེལ། ། མི་རྣམས་གང་བའི་ནང་ན་རྒྱལ་པོ་མཆོད་པ་འཐོབ། ། གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། ། དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་འཆི་མེད་འདུལ། ། སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་བྱུང་བ། ། དེ་དག་ཀུན་གྱིས་བཙུན་མོ་སྲས་དང་ སླས་ཀྱང་བསྟེན། ། འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་མ་ཉམས། ། བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། ། གང་ལ་སྤྱོད་ལམ་ཡོན་ཏན་བདེན་པའི་ཚིག་མེད་པ། ། བུད་མེད་ཕལ་པ་གང་ཡང་བདག་གི་ཚུལ་འཐུན་མིན། ། གང་ཞིག་བདག་གི་སེམས་ནི་ མངོན་པར་དགའ་བྱེད་ཅིང་། ། བག་ཡོད་གཟུགས་དང་ན་ཚོད་རུས་རིགས་དག་པ་འོས། ། དེས་ནི་ཡོན་ཏན་ཚིགས་སུ་བཅད་དེ་ཡི་གེར་བྲིས། ། འདི་འདྲའི་བུ་མོ་མཆིས་ན་བདག་ལ་བཀའ་སྩོལ་ཅིག ། སྐྱེ་བོ་ཕལ་པ་མ་བསྡམས་བདག་ལ་མཁོ་མ་ལགས། ། ཡོན་ཏན་བརྗོད་པ་འདི་ལྡན་ མཆིས་ན་བདག་སྩོལ་ཅིག །
BOདར་ཅིང་གཟུགས་བཟང་ལྡན་ཡང་གཟུགས་ཀྱི་དྲེགས་དང་བྲལ། ། ཕུ་ནུ་མ་ལ་བྱམས་ལྟར་བྱམས་པའི་སེམས་ལྡན་ཞིང་། ། གཏོང་ལ་དགའ་སྟེ་དགེ་སྦྱོང་བྲམ་ཟེ་སྦྱིན་ཚུལ་ཅན། ། དེ་འདྲའི་བུ་མོ་མཆིས་ན་ཡབ་ཀྱིས་བདག་སྩོལ་ཅིག ། གང་ལ་ང་རྒྱལ་ ཁེངས་དང་ཞེ་སྡང་མ་མཆིས་ཤིང་། ། གཡོ་དང་ཕྲག་དོག་སྒྱུ་སྤངས་དྲང་བའི་ངང་ཚུལ་ཅན། ། རྨི་ལམ་ན་ཡང་སྐྱེས་པ་གཞན་ལ་ཆགས་དང་བྲལ། ། བདག་གི་ཁྱོས་ནི་ཆོག་འཚལ་རྟག་སྡོམ་བག་མཆིས་ལ། ། རྒྱགས་པ་མ་མཆིས་མི་གཡེང་ཟུང་ཐུབ་ཚུལ་འཆང་ཞིང་། ། ང་ རྒྱལ་མ་མཆིས་འགྱིང་དང་བྲལ་བས་བྲན་མོ་བཞིན། ། སྒྲ་དྲི་རོ་ལ་མ་ཆགས་ཆང་ལ་མ་ཆགས་ཏེ། ། འདོད་བྲལ་བརྣབ་སེམས་མ་མཆིས་རང་གི་ནོར་གྱིས་འཚལ། ། བདེན་ལ་གནས་ཤིང་མི་འཕྱར་གཡེང་བ་མ་ལགས་པ། ། ངོ་ཚའི་གོས་འཚལ་རྒོད་དང་ཁེངས་པ་མ་མཆིས་གནས། ། ལྷ་དང་བཀྲ་ཤིས་མ་ཆགས་རྟག་ཏུ་ཆོས་ལ་བརྩོན། ། ལུས་དང་ངག་དང་ཡིད་ཀྱི་དངོས་པོ་རབ་དག་པ། ། གཉིད་དང་རྨུགས་པ་མི་མང་ང་རྒྱལ་གླེན་བྲལ་ཞིང་། ། རྟོག་དང་ལྡན་ལ་ལེགས་པའི་ལས་རྣམས་རྟག་སྤྱོད་དེ། ། གྱོས་སྒྱུག་གཉིས་ལའང་སྟོན་པ་བཞིན་གྱི་རིམ་གྲོར་ལྡན། ། བྲན་དང་ བྲན་མོ་ཀུན་ལའང་བདག་བཞིན་བྱམས་སྲེལ་བ། །
BOསྨད་འཚོང་བཞིན་དུ་བསྟན་བཅོས་ཆོ་ག་འཚལ་ཅིང་མཁས། ། སླད་ཀྱིས་ཉལ་ཞིང་སྔོན་དུ་མལ་ནས་ལྡང་བགྱིད་པ། ། བྱམས་པས་རྗེས་སྙེགས་མ་བཞིན་ཚུལ་འཆོས་མ་མཆིས་པ། ། དེ་འདྲའི་བུད་མེད་མཆིས་ན་ཡབ་ཀྱིས་བདག་སྩོལ་ཅིག ། དགེ་སློང་དག་དེ་ནས་རྒྱལ་པོ་ཟས་གཙང་མས་ཚིགས་སུ་བཅད་པ་དེ་དག་ཐོས་ནས། མདུན་ན་འདོན་ལ་སྨྲས་པ། བྲམ་ཟེ་ཆེན་པོ་ཁྱོད་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་སོང་ལ། ཁྱིམ་ཐམས་ཅད་དུའང་སོང་སྟེ། བུ་མོ་དག་ལྟོས་ལ་གང་ལ་ཡང་རུང་སྟེ་ཡོན་ཏན་དེ་ལྟ་བུ་དག་ཡོད་ན། རྒྱལ་རིགས་ཀྱི་བུ་མོ་ཡང་རུང་། བྲམ་ཟེའི་བུ་མོ་ཡང་རུང་། རྗེའུ་རིགས་ཀྱི་བུ་མོ་ཡང་རུང་། དམངས་རིགས་ཀྱི་བུ་མོ་ཡང་རུང་གིས། བུ་མོ་དེ་དག་འདིར་འོན་ཅིག ། དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་འདི་ནི་རིགས་དོན་དུ་གཉེར་བ་མ་ཡིན་རུས་དོན་དུ་གཉེར་བ་མ་ཡིན་གྱི། གཞོན་ནུ་འདི་ནི་ཡོན་ཏན་དོན་དུ་གཉེར་བ་ཡིན་ ནོ། ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། ། རྒྱལ་རིགས་བྲམ་ཟེའི་བུ་མོ་དང་། ། རྗེའུ་རིགས་དམངས་རིགས་དེ་བཞིན་ཏེ། ། སུ་ལ་ཡོན་ཏན་འདི་ཡོད་པའི། ། བུ་མོ་དེ་ནི་འདིར་འོན་ཅིག ། ང་ཡི་བུ་འདི་རིགས་དག་དང་། །
BOརུས་ལ་ངོ་མཚར་འཛིན་མ་ཡིན། ། ཡོན་ཏན་བདེན་པ་ ཆོས་ཀྱི་རྣམས། ། དེ་ལ་འདི་ཡི་ཡིད་དགའ་འོ། ། དགེ་སློང་དག་དེ་ནས་བྲམ་ཟེ་མདུན་ན་འདོན་དེས་ཚིགས་སུ་བཅད་པ་ཡི་གེར་བྲིས་པ་དེ་ཁྱེར་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་སོང་ནས། ཁྱིམ་ནས་ཁྱིམ་དུ་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བུ་མོ་ལྟ་ཞིང་ཚོལ་དུ་སོང་སོང་བ་ལས། ཡོན་ ཏན་དེ་ལྟ་བུ་དང་ལྡན་པའི་བུ་མོ་མ་མཐོང་སྟེ། དེ་ནས་རིམ་གྱིས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་ཁྱིམ་དུ་ཕྱིན་ནས། དེས་བལྟས་ན། བུ་མོ་གཟུགས་མཛེས་ཤིང་བལྟ་ན་སྡུག་ལ་ཡིད་དུ་འོང་བ། མདོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། ཧ་ཅང་ཡང་མི་རིང་བ། ཧ་ཅང་ཡང་མི་ཐུང་བ། ཧ་ཅང་ཡང་ མི་སྦོམ་པ། ཧ་ཅང་ཡང་མི་སྐེམ་པ། ཧ་ཅང་ཡང་མི་དཀར་བ། ཧ་ཅང་ཡང་མི་གནག་པ། གཟོད་མ་དར་ལ་བབ་པ། བུད་མེད་རིན་པོ་ཆེ་ལྟར་སྣང་བ་ཞིག་མཐོང་བ་དང་། བུ་མོ་དེས་བྲམ་ཟེ་མདུན་ན་འདོན་དེའི་རྐང་པ་གཉིས་ནས་བཟུང་སྟེ་འདི་སྐད་ཅེས་སྨྲས་སོ། ། བྲམ་ཟེ་ཆེན་པོ་ཁྱོད་ལ་ དགོས་པ་ཅི་ཞིག་མཆིས། བྲམ་ཟེ་མདུན་ན་འདོན་གྱིས་ཚིགས་སུ་བཅད་དེ་སྨྲས་པ། ཟས་གཙང་སྲས་པོ་གཟུགས་ནི་མཆོག་ཏུ་མཛེས་གྱུར་ཅིང་། །
BOསུམ་ཅུ་རྩ་གཉིས་མཚན་ལྡན་ཡོན་ཏན་གཟི་བརྗིད་ཅན། ། དེ་ཡིས་བུད་མེད་རྣམས་ཀྱི་ཡོན་ཏན་ཡི་གེར་བྲིས། ། སུ་ལ་ ཡོན་ཏན་འདི་ཡོད་དེ་ཡི་ཆུང་མར་འོས། ། ཞེས་སྨྲས་ཏེ། དེས་དེ་ལ་ཡི་གེ་དེ་བྱིན་ནོ། ། དེ་ནས་བུ་མོ་དེས་ཚིགས་སུ་བཅད་པའི་ཡི་གེ་དེ་བཀླགས་ནས། བཞིན་འཛུམ་པ་བསྟན་ཏེ། བྲམ་ཟེ་མདུན་ན་འདོན་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བྲམ་ཟེ་ཡོན་ཏན་འདི་དག་བདག་ལ་ཀུན་ཚང་ གིས། ། དེས་པའི་གཟུགས་ཅན་དེ་ནི་བདག་གི་ཁྱིམ་ཐབ་བོ། ། གལ་ཏེ་གཞོན་ནུ་བཞེད་ན་ཕྱི་བཤོལ་མ་མཛད་གསུངས། ། བརྒྱ་ལ་སྐྱེ་བོ་ཕལ་དང་བཞུགས་པར་འགྱུར་ཡང་གདའ། ། དེ་ནས་བྲམ་ཟེ་མདུན་ན་འདོན་དེ། རྒྱལ་པོ་ཟས་གཙང་མའི་དྲུང་དུ་སོང་སྟེ་དོན་དེ་བརྗོད་དོ། ། རྒྱལ་པོ་ ཆེན་པོ་བདག་གིས་གཞོན་ནུའི་ཚུལ་དང་འཐུན་པའི་བུ་མོ་མཐོང་ངོ་། ། རྒྱལ་པོས་སྨྲས་པ། སུ་ལ་དེ་ལྟ་བུ་ཞིག་ཡོད། སྨྲས་པ། ལྷ་ཤཱཀྱ་ལག་ན་བེ་ཅོན་ཅན་ལ་བུ་མོ་དེ་ལྟ་བུ་ཞིག་མཆིས་སོ། ། དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་དེ་ནི་ཤིན་ཏུ་ཕུལ་ཆེ་ཞིང་བཟང་ བ་ལ་མོས་པ་ཡིན་ལ། ། བུད་མེད་དག་ནི་ཕལ་ཆེར་ཡོན་ཏན་མེད་པ་དག་ཀྱང་། བདག་ལ་ཡོན་ཏན་ཡོད་པར་ཁས་ལེན་གྱིས།
BOབདག་གིས་ཡིད་དུ་འོང་བའི་ཡོ་བྱད་དག་ཅིག་བྱས་ཏེ། གཞོན་ནུ་འདི་བུ་མོ་ཐམས་ཅད་ལ་སྦྱིན་པ་བྱེད་དུ་གཞུག་གོ། ། བུ་མོ་དེ་དག་གི་ནང་ནས་གང་ལ་ གཞོན་ནུ་མིག་མངོན་པར་ཆགས་པར་གྱུར་པ་དེ། གཞོན་ནུ་ལ་སྦྱིན་པར་བྱའོ་སྙམ་མོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་ཡིད་དུ་འོང་བའི་ཡོ་བྱད་གསེར་དང་། དངུལ་དང་། རིན་པོ་ཆེ་སྣ་ཚོགས་ལས་བྱེད་དུ་བཅུག་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་དྲིལ་གྱི་སྒྲ་ བསྒྲགས་ཏེ། དེང་ནས་ཞག་བདུན་ན་ཀུན་གྱིས་ཀྱང་གཞོན་ནུ་མཐོང་བར་འགྱུར་ཏེ། ཡིད་དུ་འོང་བའི་ཡོ་བྱད་དག་ཀྱང་བུ་མོ་དག་ལ་སྦྱིན་པ་བྱེད་ཀྱིས། བུ་མོ་ཐམས་ཅད་ཀྱང་འདུན་ཁང་དུ་ཤོག་ཤིག་ཅེས་བསྒོའོ། ། དགེ་སློང་དག་དེ་ནས་ཞག་བདུན་ལོན་པ་དང་། བྱང་ཆུབ་སེམས་ དཔའ་འདུན་ཁང་དུ་སོང་སྟེ། སེང་གེའི་ཁྲི་ལ་འདུག་གོ། ། དེའི་ཚེ་རྒྱལ་པོ་ཟས་གཙང་མས་བྱ་ར་བ་དག་བཀོད་ནས། གཞོན་ནུ་འདི་བུ་མོ་གང་ལ་མིག་ཆགས་པ་དེ་ང་ལ་གྱིས་ཤིག་ཅེས་བསྒོའོ། ། དགེ་སློང་དག་དེ་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་བུ་མོ་གང་ཇི་སྙེད་ཅིག་ཡོད་པ་དེ་ དག་ཐམས་ཅད་འདུན་ཁང་ག་ལ་བ་དེ་དང་།
BOབྱང་ཆུབ་སེམས་དཔའ་གང་ན་བ་དེར་བྱང་ཆུབ་སེམས་དཔའ་བལྟ་བ་དང་ཡིད་དུ་འོང་བའི་ཡོ་བྱད་བླངས་པའི་ཕྱིར་དེར་དོང་ངོ་། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་བུ་མོ་ཇི་ལྟར་འོངས་པ་དེ་དག་ལ་ཡིད་དུ་འོང་བའི་ཡོ་བྱད་རྣམས་བྱིན་ནོ། ། དེ་ནས་བུ་མོ་དེ་དག་གིས་བྱང་ཆུབ་སེམས་དཔའི་དཔལ་དང་གཟི་བརྗིད་མ་བཟོད་ནས། ཡིད་དུ་འོང་བའི་ཡོ་བྱད་དེ་དག་བླངས་ཤིང་མྱུར་བ་མྱུར་བར་ཕྱིར་དོང་ངོ་། ། དེ་ནས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་ཞེས་བྱ་བ། བྲན་མོའི་ཚོགས་ཀྱིས་བསྐོར་ཅིང་མདུན་དུ་བདར་ཏེ། འདུན་ཁང་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། མིག་མི་འཛུམས་པར་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་ཕྱོགས་གཅིག་ཏུ་འདུག་པར་གྱུར་ཏོ། ། གང་གི་ཚེ་བྱང་ཆུབ་སེམས་དཔས་ཡིད་དུ་འོང་བའི་ཡོ་བྱད་དེ་དག་བྱིན་ཟིན་པར་གྱུར་པ་དེའི་ཚེ་བྱང་ཆུབ་ སེམས་དཔའི་དྲུང་དུ་འོངས་ནས་འཛུམ་དམུལ་ཏེ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། ། གཞོན་ནུ་བདག་གིས་ཁྱོད་ལ་ནོངས་པ་ཅི་ཞིག་བགྱིས་ན། བདག་ལ་དེ་ལྟར་དངན་སྡང་མཛད། སྨྲས་པ། ངས་ནི་ཁྱོད་ལ་དངན་སྡང་བྱས་པའང་མེད་ན།
BOཁྱོད་ནི་ཤིན་ཏུ་འཕྱིས་ཏེ་འོངས་སོ་ཞེས་ སྨྲས་ནས་དེས་སོར་གདུབ་སྲང་བརྒྱ་སྟོང་དུ་མ་རི་བ་ཕུད་དེ་དེ་ལ་བྱིན་ནོ། ། བུ་མོ་དེས་སྨྲས་པ། གཞོན་ནུ་ཁྱོད་ལ་བདག་གིས་འདི་ལྟ་ཞིག་འཚལ་བ་འོས་སམ། སྨྲས་པ། འོ་ན་རྒྱན་གཞན་དང་གཞན་དག་ཡོད་པ་འདི་དག་ཀྱང་ཁྱོད་ཁྱེར་ཅིག ། དེས་སྨྲས་པ། གཞོན་ནུ་བདག་ནི་རྒྱན་མ་མཆིས་ པར་བགྱིད་པ་མ་ལགས་ཀྱི། རྒྱན་དང་ལྡན་པར་བགྱིད་པ་ལགས་སོ། ། ཞེས་སྨྲས་ནས་བུ་མོ་དེ་སོང་ངོ་། ། དེ་ནས་བྱ་ར་བར་བཀོད་པའི་མི་དེ་དག་རྒྱལ་པོ་ཟས་གཙང་མའི་དྲུང་དུ་སོང་ནས། ལོ་རྒྱུས་དེ་དག་སྨོས་ཏེ་སྨྲས་པ། ལྷ་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་ཞེས་བགྱི་བ་དེ་ལ་ གཞོན་ནུ་སྤྱན་ཆགས་པར་གྱུར་ལ་{ཆུང་ཟད་,ཅུང་ཟད་}ཅིག་ཏུ་བཀའ་མཆིད་ཀྱང་བགྱིས་སོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་ཚིག་དེ་ཐོས་ནས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་གན་དུ་བྲམ་ཟེ་མདུན་ན་འདོན་ཕོ་ཉར་བཏང་སྟེ། ཁྱོད་ཀྱི་བུ་མོ་ཞིག་ཡོད་པ་དེ་ངའི་གཞོན་ནུ་ལ་བྱིན་ཅིག་ཅེས་སྤྲིང་ ངོ་། ། ལག་ན་བེ་ཅོན་ཅན་གྱིས་སྨྲས་པ། འཕགས་པ་གཞོན་ནུ་དེ་ནི་ཕོ་བྲང་ན་སྐྱིད་དེ་བར་འཁྲུངས་པ་ལགས་ལ། བདག་ཅག་གི་རིགས་ཀྱི་ཆོས་ནི་འདི་ལྟ་བུ་ལགས་ཏེ།
BOསྒྱུ་རྩལ་ཤེས་པ་ལ་བུ་མོ་གཏོང་གི ། སྒྱུ་རྩལ་མི་ཤེས་པ་ལ་མི་གཏོང་བ་ལགས་ན། གཞོན་ནུ་དེ་ནི་སྒྱུ་ རྩལ་ཤེས་པ་ཡང་མ་ལགས་ལ། རལ་གྲིའི་ཐབས་དང་། འཕོང་དང་། སྟོབས་དང་། གྱད་ཀྱི་འཛིན་སྟངས་ཀྱི་ཚུལ་ཤེས་པ་ཡང་མ་ལགས་ན། བདག་གིས་སྒྱུ་རྩལ་ཤེས་པ་མ་ལགས་པ་ལ་བུ་མོ་ཇི་ལྟར་གཏང་། ཚིག་དེ་རྒྱལ་པོ་ལ་བཟླས་པ་དང་། དེ་ནས་རྒྱལ་པོ་འདི་སྙམ་དུ་ སེམས་ཏེ། ང་ལ་དེས་འདི་དང་ལན་གཉིས་སུ་བསྔོས་ཏེ། གང་གི་ཚེ་ངས་ཤཱཀྱ་གཞོན་ནུ་དག ། གཞོན་ནུའི་རིམ་གྲོ་བྱེད་དུ་ཅིའི་ཕྱིར་མི་འོང་ཞེས་བྱས་པ་དེའི་ཚེ་ཡང་། ཅི་ངེད་ལུག་གི་རིམ་གྲོ་བྱེད་དུ་འོང་ངམ་ཞེས་ཟེར་ལ། དའང་འདི་སྐད་ཟེར་རོ་སྙམ་དུ་སེམས་ཤིང་འདུག་པར་གྱུར་ཏོ། ། བྱང་ ཆུབ་སེམས་དཔས་ཀྱང་གཏམ་དེ་ཐོས་ནས་རྒྱལ་པོ་ཟས་གཙང་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། ཅི་ནོངས་ཏེ་དེ་ལྟར་ཞལ་ཟུང་གནག་པར་བཞུགས། རྒྱལ་པོས་སྨྲས་པ། གཞོན་ནུ་དེ་དྲི་བས་ཅི་ཞིག་བྱ། གཞོན་ནུས་སྨྲས་པ། ལྷ་དེ་ནི་བཀའ་མི་ སྩལ་དུ་མི་རུང་ངོ་ཞེས་ལན་གསུམ་གྱི་བར་དུ་བྱང་ཆུབ་སེམས་དཔས་རྒྱལ་པོ་ཟས་གཙང་མ་ལ་དྲིས་པ་དང་།
BOདེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལ་དངོས་པོ་དེ་དག་བརྗོད་དོ། ། བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་གྲོང་ཁྱེར་འདི་ན་བདག་དང་སྒྱུ་རྩལ་གྱིས་འགྲན་ པར་ནུས་པ་འགའ་མཆིས་སམ། དེ་ནས་རྒྱལ་པོ་ཟས་གཙང་མས་བགད་ནས། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། ། བུ་ཁྱོད་ཀྱིས་སྒྱུ་རྩལ་བསྟན་པར་ནུས་སམ། སྨྲས་པ། ལྷ་དེ་ནི་བདག་གིས་ལེགས་པར་རྔོ་ཐོག་གོ། ། དེ་བས་ན་སྒྱུ་རྩལ་འཚལ་བ་རྣམས་ ཀུན་ཀྱང་བསོག་ཏུ་གསོལ། དེ་དག་གི་མདུན་དུ་བདག་གིས། སྒྱུ་རྩལ་བསྟན་པར་བགྱིའོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་དྲིལ་གྱི་སྒྲ་བསྒྲགས་ཏེ། དེང་ནས་ཞག་བདུན་ན་གཞོན་ནུ་རང་གི་སྒྱུ་རྩལ་སྟོན་གྱིས། དེར་སྒྱུ་རྩལ་ཤེས་པ་ཐམས་ ཅད་ཤོག་ཤིག་ཅེས་བསྒོའོ། ། དེ་ནས་ཞག་བདུན་ལོན་པ་དང་། ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ་ཚོགས་པར་གྱུར་ཏོ། ། དེ་ནས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ། འདིར་རལ་གྲིའི་ཐབས་དང་འཕོང་དང་། སྟོབས་དང་། གྱད་ཀྱི་འཛིན་ སྟངས་ཀྱིས་སུ་རྒྱལ་བ་དེ་ནི་འདི་ཁྱེར་ཅིག་ཅེས་དམ་བཅས་ནས།
BOདེའི་ཚེ་ཐམས་ཅད་ཀྱི་ཐོག་མ་ལ་གཞོན་ནུ་ལྷ་སྦྱིན་གྲོང་ཁྱེར་ནས་བྱུང་ངོ་། ། དེའི་ཚེ་བྱང་ཆུབ་སེམས་དཔའི་བཞོན་པར་གླང་པོ་དཀར་པོ་བོང་ཤིན་ཏུ་ཆེ་བ་ཞིག་གྲོང་ཁྱེར་དུ་ཁྲིད་པ་གཞོན་ནུ་ལྷ་སྦྱིན་གྱིས་མཐོང་ནས་ཕྲག་དོག་དང་། ཤཱཀྱའི་ང་རྒྱལ་དང་། སྟོབས་ཀྱི་ང་རྒྱལ་གྱིས་དྲེགས་ནས། དེས་གླང་པོ་དེ་ལག་པ་གཡོན་པས་སྣ་ནས་བཟུང་སྟེ། ལག་པ་གཡས་པས་ཐལ་མོ་ལན་ཅིག་བསྣུན་པས་བསད་པར་གྱུར་ཏོ། ། དེའི་འོག་ཏུ་གཞོན་ནུ་མཛེས་དགའ་བོ་བྱུང་བ་དང་། དེས་གླང་པོ་ཆེན་པོ་དེ་གྲོང་ཁྱེར་གྱི་ སྒོར་བསད་པ་མཐོང་ནས། སུས་བསད་ཅེས་དྲིས་པ་དང་། སྨྲས་པ། ལྷ་སྦྱིན་གྱིས་བསད་དོ། ། སྨྲས་པ། ལྷ་སྦྱིན་གྱིས་དེ་ནི་མ་ལེགས་པ་ཞིག་བྱས་སོ་ཞེས། དེས་གླང་པོ་དེའི་མཇུག་མ་ནས་བཟུང་སྟེ། གྲོང་ཁྱེར་གྱི་སྒོ་ནས་གུད་དུ་བོར་རོ། ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཤིང་ རྟ་ལ་ཞོན་ཏེ་བྱུང་བ་དང་། བྱང་ཆུབ་སེམས་དཔས་གླང་པོ་དེ་ལྟར་བསད་པ་མཐོང་ངོ་། ། མཐོང་ནས་ཀྱང་སུས་བསད་ཅེས་དྲིས་པ་དང་། སྨྲས་པ། ལྷ་སྦྱིན་གྱིས་བསད་དོ། ། སྨྲས་པ། ལྷ་སྦྱིན་གྱིས་དེ་ནི་མ་ལེགས་པ་ཞིག་བྱས་སོ། །
BOགྲོང་ཁྱེར་འདིའི་སྒོ་ནས་སུས་བོར་ཞེས་དྲིས་པ་དང་ སྨྲས་པ། མཛེས་དགའ་བོས་བོར་རོ། ། སྨྲས་པ། མཛེས་དགའ་བོས་དེ་ལྟར་བྱས་པ་ཡང་ལེགས་ན། སེམས་ཅན་འདི་ནི་ལུས་ཆེན་པོ་དང་ལྡན་པ་སྟེ། རུལ་ན་གྲོང་ཁྱེར་ཐམས་ཅད་དྲི་མི་ཞིམ་པས་གང་བར་འགྱུར་རོ་ཞེས་ནས། དེ་ནས་བྱང་ཆུབ་སེམས་དཔས་ཤིང་རྟ་ལ་འདུག་ བཞིན་དུ་རྐང་པ་ཡ་གཅིག་ས་ལ་བརྐྱང་སྟེ། རྐང་པའི་མཐེ་བོས་གླང་པོ་དེ་བླངས་ཏེ། ར་བ་བདུན་རིམ་དང་འོབས་བདུན་རིམ་འདས་ནས་གྲོང་ཁྱེར་གྱི་ཕྱི་རོལ་རྒྱང་གྲགས་གཅིག་ཙམ་དུ་འཕངས་སོ། ། གླང་པོ་དེ་ཕྱོགས་གང་དུ་ལྷུང་བའི་ཕྱོགས་དེ་ཤོང་ཆེན་པོ་ཞིག་ཏུ་གྱུར་ ནས། ད་ལྟར་གླང་པོའི་ཤོང་ཞེས་བྱ་བ་ཡིན་ནོ། ། དེའི་ཚེ་ལྷ་དང་མི་བརྒྱ་སྟོང་མང་པོ་ཨེ་མ་ཨ་ལ་ལ་ཞེས་ཟེར་ཞིང་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་འབྱིན་ལ། གོས་ཀྱི་གཡབ་མོ་འབྱིན་པར་གྱུར་ཏོ། ། ནམ་མཁའི་དཀྱིལ་ནས་ལྷའི་བུ་དག་གིས་ཀྱང་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། གླང་པོའི་དབང་པོ་བདོ་བ་བཞིན་བཞུད་པ། ། ཞབས་ཀྱི་མཐེ་བོས་གླང་པོའི་དབང་པོ་བླངས། ། ར་བ་བདུན་དང་འོབས་བདུན་ཡོངས་འདས་ནས། ། གྲོང་ཁྱེར་འདི་ཡི་ཕྱི་རོལ་རྒྱང་རིང་འཕངས། །
BOམཁྱེན་པ་མཆོག་མངའ་འདིས་ནི་གདོན་མི་ཟར། ། ང་རྒྱལ་སྟོབས་ཀྱིས་མཐོ་བའི་ལུས་ཅན་རྣམས། ། འཁོར་བའི་གྲོང་ནས་ཕྱི་རོལ་རྒྱང་རིང་དུ། ། ཤེས་རབ་སྟོབས་ཀྱིས་འདིས་ནི་འཕེན་པར་འགྱུར། ། དགེ་སློང་དག་དེ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ་གྲོང་ཁྱེར་ནས་འཐོན་ནས། སའི་ཕྱོགས་གང་དུ་ཤཱཀྱ་གཞོན་ནུ་དག་སྒྱུ་རྩལ་སྟོན་པ་དེར་དོང་ངོ་། ། རྒྱལ་པོ་ཟས་གཙང་མ་དང་། ཤཱཀྱ་རྒན་རབས་རྒན་ རབས་དག་དང་། སྐྱེ་བོ་ཕལ་པོ་ཆེ་དག་ཀྱང་བྱང་ཆུབ་སེམས་དཔའ་དང་། ཤཱཀྱ་གཞོན་ནུ་གཞན་དག་གི་སྒྱུ་རྩལ་གྱི་ཁྱད་པར་མཐོང་བར་འདོད་དེ་སའི་ཕྱོགས་དེར་དོང་ངོ་། ། དེ་ནས་ཐོག་མར་ཤཱཀྱ་གཞོན་ནུ་ཡི་གེ་མཁས་ཤིང་ཡི་གེའི་ཆོ་ག་ཤེས་པ་དེ་དག་དང་། བྱང་ཆུབ་སེམས་དཔར་ཡི་གེ་ འགྲན་ཏོ། ། དེའི་ཚེ་ཤཱཀྱ་དེ་དག་གིས་སློབ་དཔོན་ཀུན་གྱི་བཤེས་གཉེན་དཔང་དུ་བཞག་སྟེ། གཞོན་ནུ་འདི་དག་གི་ནང་ནས། ཡི་གེ་འབྲུའམ། ཡི་གེའི་སྣ་གྲངས་ཀྱི་མཐར་ཕྱིན་པས་ཁྱད་པར་དུ་འཕགས་པ་གང་ཡིན་ཁྱོད་ཀྱིས་བྱེ་བྲག་ཕྱེ་ཤིག ། དེ་ནས་སློབ་དཔོན་ཀུན་གྱི་བཤེས་གཉེན་ བྱང་ཆུབ་སེམས་དཔའ་ཡི་གེ་ལ་མཁས་པ་མངོན་དུ་མཐོང་བས་བཞིན་འཛུམ་པ་བསྟན་ཏེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།
BO། མི་ཡི་འཇིག་རྟེན་ལྷ་ཡི་འཇིག་རྟེན་ནམ། ། ལྷ་མིན་འཇིག་རྟེན་དྲི་ཟའི་འཇིག་རྟེན་ནམ། ། འཇིག་རྟེན་ཀུན་གྱི་ཡི་གེ་ཇི་སྙེད་གང་། ། དེ་ལ་སེམས་ཅན་དག་པ་ འདིས་མཐར་ཕྱིན། ། མི་ཡི་ཟླ་བ་འདི་ཡིས་གང་མཁྱེན་པའི། ། ཡི་གེ་དག་དང་ཡི་གེའི་སྣ་གྲངས་ཀྱི། ། མིང་ཡང་ཁྱེད་དང་ངས་ནི་ཡོང་མི་ཤེས། ། འདི་ལ་མངོན་སུམ་ངས་ཤེས་འདི་རྒྱལ་འགྱུར། ། ཤཱཀྱ་རྣམས་ཀྱིས་སྨྲས་པ། གཞོན་ནུ་འདི་ཡི་གེའི་ཤེས་པ་ལ་ཁྱད་པར་དུ་འཕགས་ པ་ལྟའང་འཕགས་པར་ཆུག་སྟེ། གཞོན་ནུ་འདི་གྲངས་ཀྱིས་ཤེས་པ་ལ་ཁྱད་པར་ཅི་ཡོད་འགྲན་པར་བྱའོ། ། དེ་ནས་ཤཱཀྱ་སྲིད་སྒྲུབ་ཅེས་བྱ་བ་རྩིས་པ་ཆེན་པོ་བྱེད་པ་བགྲང་བ་དང་། རྩིས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིག་ཡོད་པ་དེ་དཔང་དུ་བཞག་སྟེ། གཞོན་ནུ་འདི་དག་གི་ནང་ནས་གྲངས་ ཀྱི་ཤེས་པ་ལ་ཁྱད་པར་དུ་གང་འཕགས་ཁྱོད་ཀྱིས་ལྟོས་ཤིག་ཅེས་བྱས་ཏེ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔས་ནི་རྩིས་མགོ་ཕོག ། ཤཱཀྱ་གཞོན་ནུ་གཅིག་གིས་ནི་བརྩིས་པ་དང་། བྱང་ཆུབ་སེམས་དཔའ་ལ་སླེབས་པར་མ་ནུས་སོ། ། དེ་ནས་ཤཱཀྱ་གཞོན་ནུ་གཉིས་དང་། གསུམ་ དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་།
BOལྔ་བཅུ་དང་། བརྒྱ་ནས། ཤཱཀྱ་གཞོན་ནུ་ལྔ་བརྒྱའི་བར་གྱིས་དུས་གཅིག་ཏུ་བརྩིས་ཀྱང་བྱང་ཆུབ་སེམས་དཔའ་ལ་མ་སླེབས་སོ། ། དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། ཁྱེད་ཀྱིས་ནི་ རྩིས་མགོ་ཕོག་ཤིག ། ཁོ་བོས་ནི་བརྩིའོ། ། དེའི་ཚེ་ཤཱཀྱ་གཞོན་ནུ་གཅིག་གིས་རྩིས་མགོ་ཕོག་ན། བྱང་ཆུབ་སེམས་དཔས་རྩིས་ཀྱི་ཆོད་པ་ལ་མ་སླེབས་སོ། ། དེ་ནས་ཤཱཀྱ་གཞོན་ནུ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། བརྒྱ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱའི་བར་གྱིས་དུས་གཅིག་ཏུ་རྩིས་མགོ་ཕོག་ཀྱང་བྱང་ཆུབ་སེམས་དཔས་རྩིས་ཀྱི་ཆོད་པ་ལ་མ་སླེབས་སོ། ། བྱང་ཆུབ་སེམས་དཔས་སྨྲས་པ། འདི་ལ་བརྩད་དེ་ཡང་ཅི་རུང་གིས། ཁྱེད་ཐམས་ཅད་གཅིག་ཏུ་འདུས་ ཏེ་རྩིས་མགོ་ཕོག་ཤིག་དང་། ཁོ་བོས་ནི་བརྩིའོ། ། དེ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱས་ཚིག་གཅིག་ཏུ་བརྗོད་པས་སྔ་ཕྱི་མེད་པར་རྩིས་མགོ་ཕོག་ན། བྱང་ཆུབ་སེམས་དཔས་རྨོངས་པ་མེད་པར་བརྩིས་ཏེ། དེ་ལྟར་ཤཱཀྱ་གཞོན་ནུ་དེ་དག་ཐམས་ཅད་ནི་ཕུག་ཐུག་པར་གྱུར། བྱང་ཆུབ་སེམས་ དཔའ་ལ་ནི་ཐུག་པའི་མཐའ་མེད་པར་གྱུར་ཏོ། །
BOདེ་ནས་རྩིས་པ་ཆེན་པོ་སྲིད་སྒྲུབ་ངོ་མཚར་དུ་གྱུར་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། ལེགས་པའི་བློ་མངའ་འདི་དྲིས་ན། ། མཁྱེན་པ་ཤིན་ཏུ་མྱུར་བ་སྟེ། ། ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ། ། ཀུན་ཀྱང་རྩིས་ཀྱི་ ལམ་ལ་ཐུག ། དེ་ཡི་ཤེས་རབ་འདི་འདྲ་སྟེ། ། ཡེ་ཤེས་བློ་གྲོས་དྲན་ལྡན་ཡང་། ། རྩིས་ཀྱི་མཁྱེན་པ་རྒྱ་མཚོ་དེ། ། ད་དུང་སྦྱོང་ཞིང་སློབ་པ་མཛད། ། དེ་ནས་ཤཱཀྱའི་ཚོགས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། ཤིན་ཏུ་རྨད་དུ་བྱུང་བར་སེམས་ཤིང་། དེའི་ཚེ་ཐམས་ཅད་མགྲིན་གཅིག་ཏུ་ ཚིག་འདི་སྐད་ཅེས་སྨྲས་སོ། ། ཀྱེ་དོན་གྲུབ་གཞོན་ནུ་ཁྱོད་ནི་རྒྱལ་ལོ་རྒྱལ་ལོ་ཞེས་ཐམས་ཅད་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཏེ་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་ཆེན་པོ་ཁྱོད་ལ་སྲས་དེ་ལྟར་དྲིས་པ་ལ་སྤོབས་པ་མྱུར་ཞིང་ མགྱོགས་ལ། ཡང་ཞིང་ཤུགས་དང་ལྡན་པ་ཅན་མངའ་བ་ནི་བརྙེས་པ་ལེགས་པར་བརྙེས་སོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། ། བུ་རྩིས་པ་ཆེན་པོ་སྲིད་སྒྲུབ་གྲངས་ཀྱི་ཤེས་པ་ལ་མཁས་པ་དང་། རྩིས་ཀྱི་ལུགས་འགྲན་ནུས་སམ། སྨྲས་པ།
BOལྷ་རྔོ་ཐོག་གོ། ། སྨྲས་པ་འོ་ན་རྩིས་ཤིག ། དེ་ནས་རྩིས་པ་ཆེན་པོ་སྲིད་སྒྲུབ་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། ། གཞོན་ནུ་ཁྱོད་བྱེ་བ་ལས་བརྒྱར་གོང་དུ་བསྒྲེས་པ་ཞེས་བགྱི་བའི་རྩིས་ཀྱི་ལུགས་མཁྱེན་ཏམ། སྨྲས་པ། ཤེས་སོ། ། སྨྲས་པ། འོ་ན་བྱེ་བ་ ལས་བརྒྱར་གོང་དུ་བསྒྲེས་པའི་རྩིས་ཀྱི་ལུགས་ལ་ཇི་ལྟར་རྗེས་སུ་འཇུག་པར་བགྱི། བྱང་ཆུབ་སེམས་དཔས་སྨྲས་པ། བྱེ་བ་ཕྲག་བརྒྱ་ན་ཐེར་འབུམ་ཞེས་བྱའོ། ། ཐེར་འབུམ་ཕྲག་བརྒྱ་ན་ཁྲག་ཁྲིག་ཅེས་བྱའོ། ། ཁྲག་ཁྲིག་ཕྲག་བརྒྱ་ན་གཏམས་པ་ཞེས་བྱའོ། ། གཏམས་པ་ཕྲག་བརྒྱ་ན་ དཀྲིགས་པ་ཞེས་བྱའོ། ། དཀྲིགས་པ་ཕྲག་བརྒྱ་ན་མི་འཁྲུགས་པ་ཞེས་བྱའོ། ། མི་འཁྲུགས་པ་ཕྲག་བརྒྱ་ན་ཁྱད་ཕྱིན་ཅེས་བྱའོ། ། ཁྱད་ཕྱིན་ཕྲག་བརྒྱ་ན་ཕང་སྟེང་ཞེས་བྱའོ། ། ཕང་སྟེང་ཕྲག་བརྒྱ་ན་མང་འཛིན་ཅེས་བྱའོ། ། མང་འཛིན་ཕྲག་བརྒྱ་ན་གླང་པོའི་སྟོབས་ཞེས་བྱའོ། ། གླང་པོའི་ སྟོབས་ཕྲག་བརྒྱ་ན་ངོགས་འཐོབ་ཅེས་བྱའོ། ། ངོགས་འཐོབ་ཕྲག་བརྒྱ་ན་རྣམ་པར་གཞག་པ་གདགས་པ་ཞེས་བྱའོ། ། རྣམ་པར་གཞག་པ་གདགས་པ་ཕྲག་བརྒྱ་ན་རྒྱུ་རིག་ཅེས་བྱའོ། ། རྒྱུ་རིག་ཕྲག་བརྒྱ་ན་ལག་སྦྱིན་ཞེས་བྱའོ། །
BOལག་སྦྱིན་ཕྲག་བརྒྱ་ན་རྒྱུ་དབང་ཞེས་བྱའོ། ། རྒྱུ་དབང་ཕྲག་བརྒྱ་ན་ རྫོགས་ཐོབ་ཅེས་བྱའོ། ། རྫོགས་ཐོབ་ཕྲག་བརྒྱ་ན་བགྲང་རྟོགས་ཞེས་བྱའོ། ། བགྲང་རྟོགས་ཕྲག་བརྒྱ་ན་སྒྲིབ་པ་ཞེས་བྱའོ། ། སྒྲིབ་པ་ཕྲག་བརྒྱ་ན་སྟོབས་ཞེས་བྱའོ། ། སྟོབས་ཕྲག་བརྒྱ་ན་ཀུན་སྟོབས་ཞེས་བྱའོ། ། ཀུན་སྟོབས་ཕྲག་བརྒྱ་ན་རྣམ་པར་བརྡ་ཤེས་ལྡན་ཞེས་བྱའོ། ། རྣམ་པར་ བརྡ་ཤེས་ལྡན་ཕྲག་བརྒྱ་ན་བརྡ་ཤེས་ཀུན་ཞེས་བྱའོ། ། བརྡ་ཤེས་ཀུན་ཕྲག་བརྒྱ་ན་རྣམ་འབྱུང་ཞེས་བྱའོ། ། རྣམ་འབྱུང་ཕྲག་བརྒྱ་ན་དེའི་མཚན་ཉིད་ཅེས་བྱ་སྟེ། འདི་ལྟར་དེའི་མཚན་ཉིད་ཅེས་བྱ་བའི་རྩིས་ཀྱིས་ནི་རིའི་རྒྱལ་པོ་རི་རབ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། ། དེ་ཡི་ཡང་གོང་ན་ རྒྱལ་མཚན་གྱི་རྩེ་མོའི་ནོར་བུ་ཞེས་བྱ་བའི་གྲངས་ཡོད་དེ། གྲངས་དེས་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། ། དེའི་ཡང་གོང་ན་རྒྱལ་མཚན་གྱི་རྩེ་མོ་ངེས་པར་སྒྲོགས་པ་ཞེས་བྱ་བའི་གྲངས་ཡོད་དོ། ། དེའི་ཡང་གོང་ན་དེད་འདྲེན་གདགས་པ་ཞེས་བྱ་བའི་གྲངས་ ཡོད་དོ། ། དེའི་ཡང་གོང་ན་གཏན་ལ་འབེབས་པ་ཞེས་བྱ་བའི་གྲངས་ཡོད་དོ། །
BOདེའི་ཡང་གོང་ན་གཅོད་རྟོགས་ཞེས་བྱ་བའི་གྲངས་ཡོད་དོ། ། དེའི་ཡང་གོང་ན་གཅོད་རྟོགས་ལྡན་ཞེས་བྱ་བའི་གྲངས་ཡོད་དོ། ། དེའི་ཡང་གོང་ན་ཐམས་ཅད་རྣམ་པར་འབྱེས་པ་ཞེས་བྱ་བའི་གྲངས་ཡོད་དེ། གྲངས་ དེས་ནི་གང་གཱའི་ཀླུང་བཅུའི་བྱེ་མ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། ། དེའི་ཡང་གོང་ན་སྙིང་པོ་མཆོག་ཅེས་བྱ་བའི་གྲངས་ཡོད་དེ། གྲངས་དེས་ནི་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་དང་མཉམ་པ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། ། དེའི་ཡང་གོང་ན་རྡུལ་ཕྲ་རབ་ལ་འཇུག་པའི་ རྗེས་སུ་སོང་བ་ཞེས་བྱ་བའི་གྲངས་ཡོད་དེ། གྲངས་དེ་ལ་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཆོས་ཐམས་ཅད་ལ་དབང་བསྐུར་བ་མངོན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་སེམས་ཅན་གྱི་རིས་ན་གྲངས་དེ་ ཤེས་པ་ནི་ང་དང་གཞན་ཡང་ང་དང་འདྲ་བ་སྲིད་པ་ཐ་མ་པར་གྱུར་པ་ཁྱིམ་གྱི་གནས་ནས་མངོན་པར་མ་བྱུང་བའི་བྱང་ཆུབ་སེམས་དཔའ་མ་གཏོགས་པ་གང་ཡང་མེད་དོ། ། སྲིད་སྒྲུབ་ཀྱིས་སྨྲས་པ། གཞོན་ནུ་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་སོང་བའི་གྲངས་ལ་ཇི་ ལྟར་རྗེས་སུ་འཇུག་པར་བགྱི།
BOབྱང་ཆུབ་སེམས་དཔས་སྨྲས་པ། རྡུལ་ཕྲ་རབ་ཀྱི་རྡུལ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། ། རྡུལ་ཕྲ་མོ་བདུན་ལ་ནི་རྡུལ་ཆུང་ངུ་གཅིག་གོ། ། རྡུལ་ཆུང་ངུ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་རྡུལ་གཅིག་གོ། ། རི་བོང་རྡུལ་ བདུན་ལ་ནི་ལུག་རྡུལ་གཅིག་གོ། ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། ། གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། ། སྲོ་མ་བདུན་ལ་ནི་ཡུངས་འབྲུ་གཅིག་གོ། ། ཡུངས་འབྲུ་བདུན་ལ་ནི་ནས་གཅིག་གོ། ། ནས་བདུན་ལ་ནི་སོར་གཅིག་གོ། ། སོར་བཅུ་གཉིས་ལ་ནི་མཐོ་གང་ངོ་། ། མཐོ་དོ་ལ་ ནི་ཁྲུ་གང་ངོ་། ། ཁྲུ་བཞི་ལ་ནི་གཞུ་གང་ངོ་། ། གཞུ་སྟོང་ལ་ནི་ཡུལ་མ་ག་དྷཱའི་རྒྱང་གྲགས་གཅིག་གོ། ། རྒྱང་གྲགས་བཞི་ལ་ནི་དཔག་ཚད་གཅིག་གོ། ། དེ་ལ་ཁྱེད་ཀྱིས་ནང་ནས་དཔག་ཚད་ལ་རྡུལ་ཕྲ་རབ་དེ་ལྟ་བུ་དུ་ཡོད་སུས་ཤེས། སྲིད་སྒྲུབ་ཀྱིས་སྨྲས་པ། གཞོན་ནུ་བདག་ཉིད་ཀྱང་དེ་ ལ་མགོ་རྨོངས་ན་གཞན་བློ་ཆུང་ངུ་དང་ལྡན་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་བས་ན་གཞོན་ནུས་དཔག་ཚད་ལ་རྡུལ་ཕྲ་རབ་དེ་ལྟ་བུ་དུ་མཆིས་བཤད་དུ་གསོལ། བྱང་ཆུབ་སེམས་དཔས་སྨྲས་པ།
BOདེ་ལ་དཔག་ཚད་ལ་ནི་རྡུལ་ཕྲ་རབ་མི་འཁྲུགས་ཁྲག་ཁྲིག་གཅིག་དང་། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ སུམ་ཅུ་དང་། བྱེ་བ་དྲུག་ཅུ་ཕྲག་བརྒྱ་དང་། བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་དང་། འབུམ་ཕྲག་ལྔ་དང་། ཁྲི་ཉིས་སྟོང་ཡོད་དེ། དཔག་ཚད་ལ་ནི་རྡུལ་ཕྲ་རབ་དེ་སྙེད་ཅིག་ཡོད་དོ། ། དེ་ལྟར་འཇུག་པ་དེས་འཛམ་བུའི་གླིང་འདི་ལ་ནི་དཔག་ཚད་བདུན་སྟོང་ཡོད་དོ། ། ནུབ་ཀྱི་བ་ལང་སྤྱོད་ལ་ནི་དཔག་ ཚད་བརྒྱད་སྟོང་ཡོད་དོ། ། ཤར་གྱི་ལུས་འཕགས་ལ་ནི་དཔག་ཚད་དགུ་སྟོང་ཡོད་དོ། ། བྱང་གི་སྒྲ་མི་སྙན་ལ་ནི་དཔག་ཚད་ཁྲི་ཡོད་དེ། དེ་ལྟར་འཇུག་པ་དེས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ལ་སོགས་པ་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་ བྱེ་བ་ཕྲག་བརྒྱ་དང་། འཁོར་ཡུག་དང་འཁོར་ཡུག་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དང་། སུམ་ཅུ་རྩ་གསུམ་བྱེ་བ་ཕྲག་བརྒྱ་དང་། འཐབ་བྲལ་བྱེ་བ་ཕྲག་བརྒྱ་དང་། དགའ་ལྡན་བྱེ་བ་ཕྲག་བརྒྱ་དང་། འཕྲུལ་དགའ་ བྱེ་བ་ཕྲག་བརྒྱ་དང་། གཞན་འཕྲུལ་དབང་བྱེད་བྱེ་བ་ཕྲག་བརྒྱ་དང་།
BOཚངས་རིས་བྱེ་བ་ཕྲག་བརྒྱ་དང་། ཚངས་པའི་མདུན་ན་འདོན་བྱེ་བ་ཕྲག་བརྒྱ་དང་། ཚངས་འཁོར་བྱེ་བ་ཕྲག་བརྒྱ་དང་། ཚངས་ཆེན་བྱེ་བ་ཕྲག་བརྒྱ་དང་། འོད་ཆུང་བྱེ་བ་ཕྲག་བརྒྱ་དང་། ཚད་མེད་འོད་བྱེ་བ་ཕྲག་བརྒྱ་དང་། འོད་གསལ་བྱེ་བ་ཕྲག་བརྒྱ་དང་། དགེ་ཆུང་བྱེ་བ་ཕྲག་བརྒྱ་དང་། ཚད་མེད་དགེ་བྱེ་བ་ཕྲག་བརྒྱ་དང་། དགེ་རྒྱས་བྱེ་བ་ཕྲག་བརྒྱ་དང་། སྤྲིན་མེད་བྱེ་བ་ཕྲག་བརྒྱ་དང་། བསོད་ནམས་སྐྱེས་བྱེ་བ་ཕྲག་བརྒྱ་དང་། འབྲས་བུ་ཆེ་བྱེ་བ་ཕྲག་བརྒྱ་དང་། སེམས་ཅན་འདུ་ཤེས་མེད་པ་བྱེ་བ་ཕྲག་བརྒྱ་ དང་། མི་ཆེ་བ་བྱེ་བ་ཕྲག་བརྒྱ་དང་། མི་གདུང་བ་བྱེ་བ་ཕྲག་བརྒྱ་དང་། གྱ་ནོམ་སྣང་བྱེ་བ་ཕྲག་བརྒྱ་དང་། ཤིན་ཏུ་མཐོང་བྱེ་བ་ཕྲག་བརྒྱ་དང་། འོག་མིན་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཅེས་བྱ་སྟེ། ཡངས་ཤིང་རྒྱ་ཆེ་བ་དེ་ལ་དཔག་ ཚད་དུ་ཡོད་པ་དང་། དཔག་ཚད་བརྒྱ་ཕྲག་དུ་ཡོད་པ་དང་། དཔག་ཚད་སྟོང་ཕྲག་དུ་ཡོད་པ་དང་། དཔག་ཚད་བྱེ་བ་ཕྲག་དུ་ཡོད་པ་དང་། དཔག་ཚད་ཐེར་འབུམ་ཕྲག་དུ་ཡོད་པ་དང་། དཔག་ཚད་ཁྲག་ཁྲིག་ཕྲག་དུ་ཡོད་པ་དང་། དེ་བཞིན་དུ་སྦྱར་ཏེ།
BOདཔག་ཚད་སྙིང་པོ་དམ་པའི་རྩིས་ཀྱི་ བར་དུ་ཐུག་པ་ལ་རྡུལ་ཕྲ་རབ་དེ་ལྟ་བུ་དུ་ཡོད་ཅེས་བྱ་བའི་རྩིས་དེ་ནི་གྲངས་དང་བགྲང་བ་ལས་འདས་པ་སྟེ། དེ་ནི་གྲངས་མེད་པ་ཞེས་བྱའོ། ། དེ་བས་ཀྱང་ཤིན་ཏུ་གྲངས་མེད་པ་དེ་སྙེད་ཀྱི་རྡུལ་ཕྲ་རབ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་དོ། ། བྱང་ཆུབ་སེམས་དཔས་རྩིས་ཀྱི་ ལེའུ་འདི་བསྟན་པའི་ཚེ། རྩིས་པ་ཆེན་པོ་སྲིད་སྒྲུབ་དང་། ཤཱཀྱའི་ཚོགས་ཐམས་ཅད་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་ངོ་མཚར་རྨད་དུ་བྱུང་བ་ཐོབ་ནས། དེ་དག་ཐམས་ཅད་ཀྱང་གོས་རེ་རེ་ཞིག་བཞག་སྟེ་གོས་དང་རྒྱན་ལྷག་མ་གཞན་བྱང་ཆུབ་སེམས་དཔའ་ལ་ཡོན་དུ་ཕུལ་ལོ། ། དེ་ནས་ རྩིས་པ་ཆེན་པོ་སྲིད་སྒྲུབ་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། འདི་ལྟར་བྱེ་བ་བརྒྱ་ན་ཐེར་འབུམ་དེ་བཞིན་དུ། ། ཁྲག་ཁྲིག་དང་ནི་གཏམས་པའི་རྒྱུད་དང་དེ་བཞིན་དུ། ། དཀྲིགས་པ་མི་འཁྲུགས་བདག་གི་ཤེས་ཐུག་དེ་གོང་མིན། ། མཚུངས་པ་མེད་ཀྱི་མཁྱེན་པ་རྩིས་ ལ་དེ་བས་ལྷག ། ཡང་ཀྱེ་ཤཱཀྱ་དག ། སྟོང་གསུམ་དག་གི་རྡུལ་དང་རྩྭ་དང་ནགས་ཚལ་དང་། ། སྨན་དང་ཆུ་ཡི་ཐིགས་པ་ཇི་སྙེད་ཡོད་པ་ཡང་། །
BOཧུང་ཞེས་བྱ་བ་གཅིག་ལ་འདི་ཡིས་རྩི་ནུས་ན། ། ལྔ་བརྒྱ་ཙམ་དག་གི་ལྟ་ངོ་མཚར་ཅི་ཞིག་ཆེ། ། དེ་ནས་ལྷ་དང་མི་བརྒྱ་སྟོང་དག ། ཨེ་མ་ཨ་ ལ་ལ་ཞེས་ཟེར་ཞིང་ཅ་ཅོ་དང་། ག་ཞའི་སྒྲ་བརྒྱ་སྟོང་འབྱིན་པར་གྱུར་ཏོ། ། ནམ་མཁའི་དཀྱིལ་ནས་ལྷའི་བུ་དག་གིས་ཀྱང་ཚིགས་སུ་བཅད་པ་འདི་དག་བརྗོད་དོ། ། དུས་གསུམ་སེམས་ཅན་མ་ལུས་ཇི་སྙེད་གང་ཡོད་པའི། ། སེམས་དང་སེམས་བྱུང་འདུ་ཤེས་རྣམ་པར་རྟོག་པ་དག ། མཆོག་ དང་ཐ་མ་དེ་བཞིན་རྒྱ་ཆུང་ཡངས་པ་དག ། ཐམས་ཅད་སེམས་ཀྱི་འགྱུར་བ་གཅིག་གིས་རབ་ཏུ་མཁྱེན། ། དགེ་སློང་དག་དེ་ལྟར་ཤཱཀྱ་གཞོན་ནུ་དེ་དག་ཐམས་ཅད་ཟིལ་གྱིས་ནོན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་དུ་འཕགས་པར་གྱུར་ཏོ། ། དེའི་རྗེས་ལ་མཆོངས་ པ་དང་། རྐྱལ་དང་། བང་ལ་སོགས་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའ་ཉིད་ཁྱད་པར་དུ་འཕགས་པར་གྱུར་ནས། ནམ་མཁའི་དཀྱིལ་ནས་ལྷའི་བུ་དག་གིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བརྟུལ་ཞུགས་དཀའ་ཐུབ་སྡོམ་པའི་ཡོན་ཏན་དང་། ། བསྐལ་པ་བྱེ་ བར་བཟོད་དུལ་བྱམས་སྟོབས་ཀྱིས། ། ལུས་དང་སེམས་ནི་ཅི་ནས་ཡང་མཛད་པས། ། དེ་ཡི་ཤུགས་ཀྱི་ཁྱད་པར་མཉན་པར་གྱིས། །
BOསེམས་ཅན་མཆོག་འདི་གྲོང་ཁྱེར་འདི་ན་བཞུགས་པར་ཁྱེད་ཀྱིས་མཐོང་། ། འོན་ཀྱང་འདི་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། ། སྐད་ཅིག་གཅིག་ལ་རིན་ཆེན་གསེར་དང་མཆོད་པ་སྣ་ཚོགས་ཀྱིས། ། རྒྱལ་བ་དཔག་ཏུ་མེད་པ་དག་ལ་མཆོད་པ་མཛད་དུ་བཞུད། ། འོན་ཀྱང་རྫུ་འཕྲུལ་དེ་འདྲ་བརྙེས་པ་དེ། ། བྱོན་ཏམ་བཞུད་པར་ཁྱེད་ཀྱིས་ཡོང་མི་ཤེས། ། ཇི་ཙམ་ཞུགས་ཞེས་དེ་ལ་ཅི་ཞིག་བསྐྱེད། ། འདི་ནི་མཚུངས་པ་ མེད་ཀྱིས་རིམ་གྲོ་སྐྱེད། ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་གཅིག་པུ་ཁྱད་པར་དུ་འཕགས་པར་གྱུར་ཏོ། ། དེ་ནས་ཤཱཀྱ་དེ་དག་གིས་སྨྲས་པ། གཞོན་ནུ་འདི་ལ་སྟོབས་ཀྱི་ཁྱད་པར་ཅི་ཡོད་པའང་སད་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱོགས་གཅིག་ཏུ་འདུག་ནས། ཤཱཀྱ་གཞོན་ནུ་ལྔ་ བརྒྱ་པོ་དེ་དག་ཀྱང་དུས་གཅིག་ཏུ་སོ་སོ་ནས་སྟོབས་འགྱེད་པར་གྱུར་ཏེ། ཤཱཀྱ་གཞོན་ནུ་སུམ་ཅུ་རྩ་གཉིས་ཤིག་འཚོགས་ནས་བྱང་ཆུབ་སེམས་དཔའ་ལ་བརྒལ་བ་ལྟར་ཆས་ཏེ་འཁོད་དོ། ། དེའི་ནང་ནས་དགའ་བོ་དང་། ཀུན་དགའ་བོ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་ལ་སྟོབས་བརྒལ་ བའི་ཕྱིར་དྲུང་དུ་ཕྱིན་པ་དང་།
BOབྱང་ཆུབ་སེམས་དཔའི་ལག་གིས་རེག་མ་ཐག་ཏུ་དེ་གཉིས་ཀས་ཀྱང་བྱང་ཆུབ་སེམས་དཔའི་མཐུ་དང་གཟི་བརྗིད་མ་བཟོད་དེ་ས་ལ་སྒྱེལ་ཏོ། ། དེའི་འོག་ཏུ་ཤཱཀྱ་གཞོན་ནུ་ལྷ་སྦྱིན་ང་རྒྱལ་ཅན་མཐུ་སྙེམས་པ་དེ་སྟོབས་ཀྱི་ང་རྒྱལ་དང་ཤཱཀྱའི་ང་རྒྱལ་གྱིས་སྙེམས་ལ། བྱང་ཆུབ་སེམས་དཔའ་ལ་སྔོ་ཞིང་ཐམས་ཅད་དང་ལྡན་པའི་ལྟད་མོ་པའི་དཀྱིལ་འཁོར་ལ་བསྐོར་ཏེ། བསྒྱིངས་ནས་བྱང་ཆུབ་སེམས་དཔའ་ལ་སྟོབས་བརྒལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔས་མ་བརྟབས་ཤིང་མི་རིངས་པར་སྟངས་བཟང་པོར་གཞོན་ནུ་ལྷ་སྦྱིན་ལག་པ་གཡས་པས་བཏེག་སྟེ་བསད་པའི་བློས་མ་ ཡིན་གྱི་ང་རྒྱལ་བཅག་པའི་ཕྱིར་བྱམས་པའི་སེམས་ཀྱིས་ནམ་མཁའ་ལས་བསྐོར་བསྐོར་ཏེ་སའི་སྟེང་དུ་བོར་ཡང་དེའི་ལུས་ལ་གནོད་པར་གྱུར་པ་མེད་དོ། ། དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟ་བུ་གནོད་པར་འགྱུར་བས་ཆོག་གིས་ཐམས་ཅད་གཅིག་ཏུ་འདུས་ཏེ་བརྒལ་བར་གྱིས་ཤིག ། དེ་ ནས་དེ་དག་ཐམས་ཅད་ང་རྒྱལ་གྱིས་རློམ་ཞིང་བྱང་ཆུབ་སེམས་དཔའ་ལ་རུབ་པར་གྱུར་ཏོ། ། དེ་ནས་དེ་དག་བྱང་ཆུབ་སེམས་དཔའ་ལ་རེག་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་དཔལ་དང་གཟི་བརྗིད་དང་ལུས་ཀྱི་མཐུ་མ་བཟོད་དེ།
BOབྱང་ཆུབ་སེམས་དཔས་རེག་པ་ཙམ་གྱིས་ས་ལ་འགྱེལ་བར་གྱུར་ཏོ། ། དེ་ནས་ལྷ་དང་མི་བརྒྱ་སྟོང་དེ་དག་ཨེ་མ་ཨ་ལ་ལ་ཞེས་ཟེར་ཞིང་། ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་ཕྱུང་ངོ་། ། ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་དག་གིས་ཀྱང་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་སྟེ། དབྱངས་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། ཕྱོགས་བཅུའི་སེམས་ ཅན་གང་རྣམས་ཇི་སྙེད་པ། ། དེ་དག་གྱད་ཆེན་སྟོབས་པོ་ཆེ་འདྲ་ལ། ། ཅིག་ཅར་སྐྱེས་བུའི་མཆོག་ལ་རུབ་གྱུར་ཀྱང་། ། རེག་པ་ཙམ་གྱིས་ས་ལ་འགྱེལ་བར་འགྱུར། ། ལྷུན་པོ་རི་རབ་རྡོ་རྗེའི་འཁོར་ཡུག་དང་། ། ཕྱོགས་བཅུ་དག་ན་རི་གཞན་གང་ཡོད་པ། ། ལག་ པས་མཉེས་ཤིང་རྨེག་མེད་ཕྱེར་རློག་ན། ། མི་ལུས་སྙིང་པོ་མེད་པ་མཚར་ཅི་ཆེ། ། འདི་ནི་ཤིང་དབང་མཆོག་དྲུང་སྡང་བའི་གྱད། ། དཔུང་བཅས་བདུད་རྣམས་རྒྱལ་མཚན་སྡེར་བཅས་པ། ། ནག་པོའི་རྩ་ལག་བྱམས་པའི་སྟོབས་ཀྱིས་འཇོམས། ། བླ་མེད་བྱང་ཆུབ་ཞི་བར་འཚང་ཡང་རྒྱ། ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་གཅིག་པུ་ཁྱད་པར་དུ་འཕགས་པར་གྱུར་ཏོ། ། དེ་ནས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་ཤཱཀྱ་གཞོན་ནུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། འདི་དག་ནི་སད་ཀྱང་ཟིན།
BOམཐོང་ཡང་ཟིན་གྱིས་ད་ནི་འཕོང་ཞིག་བསྟན་པར་གྱིས་ཤིག ། དེའི་ཚེ་ཀུན་དགའ་བོས་རྒྱང་ གྲགས་གཉིས་ཀྱི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བཙུགས་སོ། ། དེའི་འོག་ཏུ་ལྷ་སྦྱིན་གྱིས་རྒྱང་གྲགས་བཞིའི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བཙུགས་སོ། ། དེའི་འོག་ཏུ་མཛེས་དགའ་བོས་རྒྱང་གྲགས་དྲུག་གི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བཙུགས་སོ། ། དེའི་ འོག་ཏུ་ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་རྒྱང་གྲགས་བརྒྱད་ཀྱི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བཙུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔས་རྒྱང་གྲགས་བཅུའི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བཙུགས་ཏེ། དེའི་དྲུང་དུ་ཤིང་ཏ་ལ་བདུན་དངར་ནས་དེའི་ཕ་རོལ་ཏུ་ལྕགས་ཀྱི་ཕག་ རྒོད་ཀྱི་གཟུགས་འཁྲུལ་འཁོར་དུ་བྱས་པ་གཅིག་བཙུགས་སོ། ། དེ་ནས་ཀུན་དགའ་བོས་རྒྱང་གྲགས་གཉིས་ཀྱི་ཕ་རོལ་ན་རྔའི་འབེན་འདུག་པ་ལ་འཕངས་ན་ཕོག་པར་གྱུར་ཏེ། དེ་ཕན་ཆོད་ཀྱི་ལ་ཕོག་པར་མ་ནུས་སོ། ། ལྷ་སྦྱིན་གྱིས་རྒྱང་གྲགས་བཞིའི་ཕ་རོལ་ན་རྔའི་འབེན་འདུག་པ་ལ་ འཕངས་ན་ཕོག་པར་གྱུར་ཏེ། དེ་ཕན་ཆད་ཀྱིལ་ཕོག་པར་མ་ནུས་སོ། །
BOམཛེས་དགའ་བོས་རྒྱང་གྲགས་དྲུག་གི་ཕ་རོལ་ན་རྔའི་འབེན་འདུག་པ་ལ་འཕངས་ན་ཕོག་པར་གྱུར་ཏེ། དེ་ཕན་ཆད་ཀྱི་ལ་ཕོག་པར་མ་ནུས་སོ། ། ལག་ན་བེ་ཅོན་ཅན་གྱིས་རྒྱང་གྲགས་བརྒྱད་ཀྱི་ཕ་རོལ་ན་རྔའི་འབེན་འདུག་པ་ལ་ འཕངས་ན་ཕོག་པར་གྱུར་ཏེ། ཐལ་བྱུང་དུ་ཕྱིན་ནས་དེ་ཕན་ཆད་ཀྱི་ལ་ཕོག་པར་མ་ནུས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ལ་གཞུ་གང་དང་གང་བྱིན་པ་དེ་དག་ལ་ལ་ནི་གཞུ་རྒྱུད་ཆད། ལ་ལ་ནི་ཆག་ནས་བྱང་ཆུབ་སེམས་དཔས་སྨྲས་པ། གྲོང་ཁྱེར་འདི་ན་གཞུ་གཞན་ལ་ལ་བདག་གིས་ བདུང་བཟོད་པའམ། ལུས་ཀྱི་སྟོབས་དང་མཐུ་བཟོད་པ་མཆིས་སམ། རྒྱལ་པོས་སྨྲས་པ། བུ་ཡོད་དོ། ། གཞོན་ནུས་སྨྲས་པ། ལྷ་དེ་ལྟ་བུ་གང་ན་མཆིས། རྒྱལ་པོས་སྨྲས་པ། བུ་ཁྱོད་ཀྱི་མེས་སེང་གེའི་ཟ་འགྲམ་ཞེས་བྱ་བ་བྱུང་སྟེ། དེའི་གནམ་རུ་ད་ལྟར་ལྷ་ཁང་ན་སྤོས་དང་ ཕྲེང་བས་མཆོད་དེ། དེ་ནི་སུས་ཀྱང་བདུང་བར་ཡང་མི་ནུས་ན། དགང་བར་ལྟ་སྨོས་ཀྱང་ཅི་དགོས་པ་ཞིག་ཡོད་དོ། ། བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་དེ་བླང་དུ་གསོལ། སད་པར་བགྱིའོ། ། དེ་ནས་གཞུ་དེ་བླངས་ཏེ་འོངས་པ་དང་།
BOཤཱཀྱ་གཞོན་ནུ་ཐམས་ཅད་ཀྱིས་ནན་ཏན་གྱི་མཆོག་ གིས་བསྒྲིམས་ཀྱང་གཞུ་དེ་བདུང་བར་ཡང་མ་ནུས་ན་དགང་བར་ལྟ་སྨོས་ཀྱང་ཅི་དགོས་ཏེ་མ་ནུས་སོ། ། དེ་ནས་གཞུ་དེ་ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་ལུས་ཀྱི་མཐུ་སྟོབས་ཐམས་ཅད་ཕྱུང་སྟེ། གཞུ་དེ་བདུང་བར་བརྒལ་ན་མ་བདུངས་སོ། ། དེ་ནས་གཞུ་དེ་བྱང་ཆུབ་སེམས་དཔའ་ལ་བྱིན་ནོ། ། དེ་ནས་ བྱང་ཆུབ་སེམས་དཔས་གཞུ་དེ་བླངས་ཏེ་སྟན་ལས་མ་ལངས་པར་སྐྱིལ་མོ་ཀྲུང་ཕྱེད་བཅས་ཏེ། ལག་པ་གཡོན་པས་བཟུང་ནས་ལག་པ་གཡས་པའི་སོར་མོ་གཅིག་གིས་བདུངས་སོ། ། གཞུ་དེ་དེ་ལྟར་བདུངས་པའི་ཚེ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་དུ་སྒྲ་མངོན་པར་གྲག་པར་གྱུར་ ཏོ། ། གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱང་སྐྲག་སྐྲག་པོར་གྱུར་ཏེ། གཅིག་ལ་གཅིག་འདྲི་ཞིང་འདི་ལྟར་ཅིའི་སྒྲ་ཞིག་ཅེས་ཟེར་རོ། ། དེ་ལ་ལ་ལ་ན་རེ་གཞོན་ནུ་དོན་གྲུབ་ཀྱིས་མེས་ཀྱི་གནམ་རུ་བདུངས་ནས་དེའི་སྒྲ་བྱུང་བ་ནི་འདི་ཡིན་ནོ་ཞེས་ཟེར་རོ། ། དེ་ནས་ལྷ་དང་མི་བརྒྱ་སྟོང་དག་ཨེ་མ་ཨ་ལ་ལ་ཞེས་ ཟེར་ཞིང་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་འབྱིན་པར་གྱུར་ཏོ། ། ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་དག་གིས་ཀྱང་།
BOརྒྱལ་པོ་ཟས་གཙང་མ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེ་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། གདན་ལས་མ་བཞེངས་བརྩལ་བ་མ་མཆིས་སུ། ། ཐུབ་པས་གནམ་རུ་འདི་ འདྲ་བདུངས་པ་ལས། ། གདོན་མི་འཚལ་བར་དགོངས་པ་རྫོགས་གྱུར་ཏེ། ། བདུད་ཀྱི་སྡེ་བཅོམ་མྱུར་དུ་ཐུབ་པར་བྱོན། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་མདའ་བླངས་ནས་གཞུ་དེ་དང་སྦྱར་ཏེ་བཀང་ནས་འཕངས་པའི་མཐུ་སྟོབས་ཀྱིས་ཀུན་དགའ་བོའི་འབེན་དུ་རྔ་ བཙུགས་པ་དང་། ལྷ་སྦྱིན་གྱི་འབེན་དུ་རྔ་བཙུགས་པ་དང་། མཛེས་དགའ་བོའི་འབེན་དུ་རྔ་བཙུགས་པ་དང་། ལག་ན་བེ་ཅོན་ཅན་གྱི་འབེན་དུ་རྔ་བཙུགས་པ་དེ་དག་ཐམས་ཅད་ལས་ཐལ་ནས་རྒྱང་གྲགས་བཅུའི་ཕ་རོལ་ཏུ་བདག་གི་འབེན་ལྕགས་ཀྱི་རྔ་བཙུགས་པ་དང་། ཤིང་ཏ་ལ་བདུན་དངར་ བ་དང་། ཕག་རྒོད་ཀྱི་གཟུགས་འཁྲུལ་འཁོར་དུ་བྱས་པ་ལས་ཀྱང་ཐལ་ཏེ་མདའ་དེ་ས་ལ་ཟུག་ནས་མི་སྣང་བར་ནུབ་པར་གྱུར་ཏོ། ། ས་ཕྱོགས་གང་དུ་མདའ་དེ་ཟུག་སྟེ་ནུབ་པའི་ས་ཕྱོགས་དེར་ཁྲོན་པ་ལྟ་བུའི་ཁུང་ཞིག་བྱུང་ནས་ད་ལྟར་ཡང་མདའི་ཁྲོན་པ་ཞེས་བྱ་བ་ཡིན་ནོ། ། དེའི་ཚེ་ལྷ་དང་མི་ བརྒྱ་སྟོང་དག །
BOཨེ་མ་ཨ་ལ་ལ་ཞེས་ཟེར་ཞིང་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་འབྱིན་པར་གྱུར་ཏོ། ། ཤཱཀྱའི་ཚོགས་དེ་དག་ཐམས་ཅད་ཀྱང་ངོ་མཚར་རྨད་དུ་བྱུང་བ་ཐོབ་སྟེ། ཀྱེ་ངོ་མཚར་ཏོ། ། འདིས་ནི་བསླབས་ཀྱང་མ་བསླབས་པར་རྩལ་གྱི་ཤེས་པ་དེ་ལྟ་བུ་དང་ལྡན་པ་ནི་ངོ་མཚར་ཆེའོ་ཞེས་ ཟེར་རོ། ། ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་དག་གིས་ཀྱང་རྒྱལ་པོ་ཟས་གཙང་མ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། དེ་ལྟར་ངོ་མཚར་ཡང་ཅི་ཆེ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ས་ཡི་སྙིང་པོ་སྔོན་གྱི་སངས་རྒྱས་གདན་ལ་བཞུགས། ། ཞི་གནས་གནམ་ རུ་ཐོགས་ཤིང་སྟོང་པ་བདག་མེད་མདའ་རྣམས་ཀྱིས། ། ཉོན་མོངས་དགྲ་རྣམས་བཅོམ་སྟེ་ལྟ་བའི་དྲ་བ་དྲལ་ནས་སུ། ། བྱང་ཆུབ་དམ་པ་ཞི་བ་རྡུལ་མེད་མྱ་ངན་མེད་པ་འཐོབ། ། དེ་སྐད་ཅེས་སྨྲས་ནས། ལྷའི་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ལྷའི་མེ་ཏོག་དག་གིས་མངོན་པར་གཏོར་ཏེ་དོང་ངོ་། ། དེ་བཞིན་དུ་མཆོངས་པ་དང་། ཡི་གེ་དང་། ལག་རྩིས་དང་། རྩིས་དང་། གྲངས་དང་། གྱད་ཀྱི་འཛིན་སྟངས་དང་། རྒྱང་ནས་ཕོག་པ་དང་། བང་དང་། ཚར་དང་། རྐྱལ་དང་། འཕོང་དཔྱད་དང་། གླང་པོ་ཆེའི་གཉར་ཞོན་པ་དང་།
BOརྟ་རྩལ་དང་། ཤིང་རྟའི་ཐབས་དང་། མདའ་གཞུའི་ ཐབས་དང་། བརྟན་པ་དང་། མཐུ་དང་། དཔའ་བ་དང་། འགྱེད་སྟོབས་དང་། ལྕགས་ཀྱུས་སྒྱུར་ཐབས་དང་། ཞགས་པའི་ཐབས་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། བཟུར་བ་དང་། འཛིན་སྟངས་དང་། གོམ་སྟབས་དང་། ཐོར་ཚུགས་དང་། གཅད་པ་དང་། དྲལ་ བ་དང་། དབུག་པ་དང་། གཞིག་པ་དང་། གཤེག་པ་དང་། མི་འཆོར་བར་འཕོག་པ་དང་། གནད་དུ་འཕོག་པ་དང་། སྒྲ་གྲག་པར་འཕོག་པ་དང་། ཚབས་ཆེ་བ་དང་། ཆོ་ལོའི་རྩེད་མོ་དང་། སྙན་དངགས་སྦྱར་བ་དང་། ལམ་དང་། རི་མོ་དང་། གཟུགས་དང་། གཟུགས་ཀྱི་ ལས་དང་། ཐབས་ཀྱི་དཔྱད་དང་། མེའི་ལས་དང་། རོལ་མོའི་དབྱངས་སྒྲ་དང་། གར་དང་། གླུ་དང་། ཡི་གེ་ཀླག་པའི་མིག་འོར་དང་། གཏམ་དང་། བཞད་གད་དང་། རྩེད་མོ་དང་། བྲོ་དང་། སྒེག་པ་དང་། ཕྲེང་བ་བརྒྱུ་བ་དང་། རླུང་ཡབ་གཡོབ་པ་དང་། ནོར་བུ་ཚོན་གྱིས་བསྒྱུར་ བ་དང་། གོས་ཚོན་གྱིས་བསྒྱུར་བ་དང་། མིག་འཕྲུལ་གྱི་ཆོ་ག་དང་། རྨི་ལམ་གྱི་དཔྱད་དང་། བྱའི་སྐད་དང་། བུད་མེད་ཀྱི་མཚན་དང་། སྐྱེས་པའི་མཚན་དང་། གླང་པོ་ཆེའི་མཚན་དང་། རྟའི་མཚན་དང་། བ་ལང་གི་མཚན་དང་། རའི་མཚན་དང་། ལུག་གི་མཚན་དང་།
BOཁྱིའི་མཚན་ དང་། ཤེས་གསལ་དང་། སྒྲ་ངེས་པར་སྦྱོར་བ་དང་། ང་རོ་སྒྱུར་བ་དང་། སྔོན་གྱི་རབས་དང་། སྔོན་བྱུང་བ་དང་། རིག་བྱེད་དང་། ལུང་བསྟན་པ་དང་། ངེས་པའི་ཚིག་དང་། ཡི་གེ་ལྕི་ཡང་དང་། ཚིག་བསྡེབ་པ་དང་། མཆོད་སྦྱིན་གྱི་ཆོ་ག་དང་། སྐར་མའི་ལུགས་དང་། གྲངས་ཅན་གྱི་ ལུགས་དང་། རྣལ་འབྱོར་གྱི་ལུགས་དང་། ལས་ཀྱི་ཚོགས་དང་། བྱེ་བྲག་པའི་ལུགས་དང་། ནོར་གྱི་རིག་པ་དང་། ཕུར་བུའི་ལུགས་དང་། ཆུའི་ལུགས་དང་། ལྷ་མ་ཡིན་གྱི་ལུགས་དང་། བྱ་དང་{རི་དགས་,རི་དྭགས་}ཀྱི་སྐད་དང་། གཏན་ཚིགས་ཀྱི་རིག་པ་དང་། རྒྱ་སྐྱེགས་ཀྱི་འཁྲུལ་ འཁོར་དང་། སྤྲ་ཚིལ་གྱི་ལས་དང་། འདྲུབ་ཤུར་དང་། བརྐོ་བཞོག་དང་། ལོ་མ་དྲ་བ་དང་། སྤོས་སྦྱར་བ་ལ་སོགས་པའི་སྒྱུ་རྩལ་འཇིག་རྟེན་པ་དང་ལྷའི་དང་མིའི་ལས་འདས་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་དུ་འཕགས་པར་གྱུར་ཏོ། ། དེའི་ཚེ་ ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་རང་གི་བུ་མོ་ས་འཚོ་མ། བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། ། རྒྱལ་པོ་ཟས་གཙང་མས་ཀྱང་། དེ་རིམ་གྱིས་བག་མར་བླངས་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །
BOདེ་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་དང་འཐུན་པ་ཙམ་ དུ་བྱ་བའི་ཕྱིར་བུད་མེད་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་འདུག་སྟེ། དགའ་ཞིང་རྩེ་ལ་ཡོངས་སུ་སྤྱོད་པ་སྟོན་ཏོ། ། བུད་མེད་བརྒྱད་ཁྲི་བཞི་སྟོང་དེ་དག་ཐམས་ཅད་ཀྱི་ནང་ན། ཤཱཀྱའི་བུ་མོ་ས་འཚོ་མ་བཙུན་མོའི་མཆོག་ཏུ་དབང་བསྐུར་བར་གྱུར་ཏོ། ། དེ་ན་ཤཱཀྱའི་བུ་མོ་ས་འཚོ་མ་གྱོས་སྒྱུག་ གམ་ནང་མི་གང་མཐོང་ཡང་རུང་སྟེ། གདོང་མི་སྦེད་དོ། ། དེ་དག་ཀྱང་དེ་ལ་བག་སར་མོ་ནི་ཞུམ་ཞུམ་པོར་འདུག་པའི་རིགས་ན། འདི་ནི་རྟག་ཏུ་མ་གཡོགས་སོ་ཞེས་འཕྱ་སྨོད་ཅིང་མི་སྙན་པར་ཟེར་རོ། ། དེའི་ཚེ་ཤཱཀྱའི་བུ་མོ་ས་འཚོ་མས་གཏམ་དེ་ཐོས་ནས་ནང་མི་རྣམས་ཀྱི་མདུན་དུ་འདུག་སྟེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། འདུག་དང་འགྲེང་དང་འཆག་པ་ལ། ། འཕགས་པ་དག་ནི་མ་གཡོགས་མཛེས། ། ནོར་བུ་རིན་ཆེན་འོད་གསལ་བ། ། རྒྱལ་མཚན་རྩེ་མོར་གསལ་ན་མཛེས། ། འཕགས་པ་འགྲོ་ནའང་མཛེས་པ་སྟེ། ། འོང་ནའང་དེ་བཞིན་མཛེས་པ་ཡིན། ། འགྲེང་ བ་འམ་དེ་བཞིན་འདུག་པ་དང་། ། ཐམས་ཅད་དུ་ཡང་འཕགས་པ་མཛེས། ། འཕགས་པ་སྨྲ་ནའང་མཛེས་པ་སྟེ། ། མི་སྨྲར་འདུག་ཀྱང་དེ་བཞིན་མཛེས། ། དཔེར་ན་ཀ་ལ་པིང་ཀ་ནི། །
BOམཐོང་དང་སྒྲ་ཐོས་དེ་བཞིན་ནོ། ། ཀུ་ཤའི་གོས་ནི་གྱོན་པ་དང་། ། གོས་ངན་གྱོན་དང་ལུས་རིད་པ། ། དེ་ནི་རང་གི་གཟི་ཡིས་མཛེས། ། ཡོན་ཏན་ལྡན་པ་ཡོན་ཏན་བརྒྱན། ། གང་ལ་སྡིག་པ་མེད་གྱུར་པ། ། འཕགས་པ་ཀུན་ཏུ་དགེ་བ་ཡིན། ། བྱིས་པ་སྡིག་པ་བྱེད་པ་ནི། ། ཇི་སྙེད་བརྒྱན་ཀྱང་མཛེས་མ་ཡིན། ། གང་དག་སྙིང་ལ་སྡིག་པ་ཡོད་ཅིང་ཚིག་འཇམ་པ། ། དེ་དག་དུག་གི་བུམ་པར་ བདུད་རྩི་བླུགས་པ་བཞིན། ། བྲག་གི་སེར་ག་རྩུབ་པ་ལྟ་བུར་ནང་ཡང་རྩུབ། ། དེ་འདྲ་དེ་དག་སྦྲུལ་གྱི་ཁ་ལ་ཉུག་པ་བཞིན། ། དེས་པ་དེ་དག་གན་དུ་ཀུན་འོང་ཀུན་ཕྱག་འཚལ། ། འབབ་སྟེགས་ཐམས་ཅད་ལྟ་བུར་འགྲོ་བ་ཀུན་གྱི་གསོས། ། འཕགས་པ་དག་ནི་རྟག་ཏུ་འོ་ཞོས་བཀང་བུམ་འདྲ། ། བདག་ཉིད་དག་པ་དེ་འདྲ་མཐོང་ན་བཀྲ་ཤིས་དགེ། ། གང་དག་སྡིག་པའི་གྲོགས་པོ་ཡུན་རིང་ཡོངས་སྤོང་ཞིང་། ། དགེ་བའི་བཤེས་གཉེན་རིན་པོ་ཆེས་ནི་ཡོངས་བཟུང་ལ། ། སྡིག་པ་རྣམ་སྤོང་སངས་རྒྱས་ཆོས་ལ་མངོན་ཆགས་པ། ། དེ་ལྟ་བུ་དག་མཐོང་བ་བཀྲ་ཤིས་འབྲས་བུ་ཡོད། ། གང་དག་ལུས་བསྡམས་ལུས་ཀྱི་སྐྱོན་རྣམས་རབ་བསྡམས་དང་། ། གང་དག་ཚིག་བསྡམས་རྟག་ཏུ་ཚིག་འཆལ་མེད་གྱུར་ལ། །
BOདབང་པོ་སྦས་ཤིང་ཤིན་ཏུ་བསྡམས་ལ་ཡིད་དང་བ། ། དེ་ལྟ་བུ་དག་གདོང་གཡོགས་ཏེ་ནི་ཅི་ཞིག་བྱ། ། གལ་ཏེ་ལུས་ལ་གོས་ནི་སྟོང་གིས་གཡོགས་གྱུར་ཀྱང་། ། གང་དག་སེམས་བཤུས་ངོ་ཚ་མེད་ཅིང་ཁྲེལ་མེད་དང་། ། གང་དག་འདི་འདྲའི་ཡོན་ཏན་མེད་ཅིང་བདེན་ཚིག་མེད། ། དེ་དག་སྒྲེན་མོ་བས་ཀྱང་སྒྲེན་མོར་འཇིག་རྟེན་རྒྱུ། ། གང་ཞིག་སེམས་སྦས་རྟག་ཏུ་དབང་པོ་བསྡམས་གྱུར་ཅིང་། ། བདག་གི་ཁྱོས་ཆོག་སེམས་ཅན་གཞན་ལ་མི་སེམས་པ། ། དེ་འདྲ་བ་དག་ཉི་ཟླ་བཞིན་དུ་མ་གཡོགས་ས་སྣང་། ། དེ་འདྲ་བ་དག་གདོང་གཡོགས་ཏེ་ནི་ཅི་ཞིག་བྱ། ། གཞན་ཡང་དྲང་སྲོང་བདག་ཉིད་ཆེ་དང་གཞན་སེམས་བློ་མཁས་དང་། ། དེ་བཞིན་ལྷ་ཚོགས་དག་གིས་ཁོ་མོའི་བསམ་པ་དང་། ། ཁོ་མོའི་ཚུལ་ཁྲིམས་ཡོན་ཏན་སྡོམ་དང་བག་ཡོད་ མཁྱེན། ། དེ་ལྟ་བས་ན་ཁོ་མོས་གདོང་བཀབ་ཅི་ཞིག་དགོས། ། དགེ་སློང་དག་རྒྱལ་པོ་ཟས་གཙང་མས་ཤཱཀྱའི་བུ་མོ་ས་འཚོ་མའི་སྤོབས་པ་དང་བསྟན་པའི་ཚིགས་སུ་བཅད་པ་རྣམ་པ་འདི་ལྟ་བུ་འདི་ཐོས་སོ། ། ཐོས་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་ བདེ་བ་སྐྱེས་ནས། རས་བཅོས་བུ་བཟང་པོ་རིན་པོ་ཆེ་དུ་མས་སྤྲས་པ་ཟུང་གཅིག་དང་།
BOམུ་ཏིག་གི་དོ་ཤལ་སྲང་བྱེ་བ་བརྒྱ་སྟོང་རི་བ་དང་། མུ་ཏིག་དམར་པོ་བཟང་པོས་སྤྲས་པའི་གསེར་གྱི་ཕྲེང་བས་ཤཱཀྱའི་བུ་མོ་ས་འཚོ་མ་ལ་བཀབ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཁོ་ བོའི་བུ་ནི་ཡོན་ཏན་ཅི་འདྲས་བརྒྱན་པ་དང་། ། མནའ་མ་རང་གི་ཡོན་ཏན་ཇི་ལྟར་རབ་སྨྲ་བ། ། སེམས་ཅན་དག་པ་དེ་གཉིས་ཕྲད་པར་གྱུར་པ་ནི། ། མར་དང་མར་གྱི་ཉིང་ཁུ་ཇི་ལྟར་འདྲ་བ་བཞིན། ། སྒྱུ་རྩལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་ན་འདུག་པ་ན། གང་དག་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་བྱེད་པ་ལ་སྤྲོ་བར་གྱུར་པ། ལྷ་དང་། ཀླུ་ དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དུ་མ་དེ་དག་རང་རང་གི་དགའ་བའི་སྒྲ་འབྱིན་ཅིང་ལྷགས་པར་གྱུར་ཏོ། ། དེ་ལ་དགེ་སློང་དག་དུས་གཞན་ཞིག་ ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།
BOམི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་མང་པོ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། མ་ལ་སྐྱེས་བུ་དམ་པ་འདི་བཙུན་མོའི་འཁོར་ གྱི་ནང་དུ་ཧ་ཅང་ཡུན་རིང་དུ་ཐོགས་པར་གྱུར་ན་སེམས་ཅན་གང་དག་འདིས་ཡུན་རིང་པོ་ནས་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱད་པ་དང་། དོན་འཐུན་པས་ཡོངས་སུ་སྨིན་པར་བྱས་པ་དང་། གང་དག་འདིས་བྱང་ཆུབ་ཐོབ་ནས། ཆོས་བསྟན་པ་ཤེས་ པར་འགྱུར་བ་ཆོས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་དེ་དག་མེད་པར་གྱུར་ནས། ཕྱིས་བྱང་ཆུབ་སེམས་དཔའ་མངོན་པར་བྱུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བའམ་ཅིག་ཏུ་མི་འགྱུར་གྲང་སྙམ་མོ། ། དེ་ནས་དེ་དག་གུས་པ་དང་བཅས་ཞེ་ས་དང་ བཅས་པར་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ནས། ནམ་ཞིག་ན་བདག་ཅག་གིས་བྱང་ཆུབ་སེམས་དཔའ་དམ་པ་མཆོག་རབ་དག་པ་འདི་མངོན་པར་བྱུང་བ་དང་། མངོན་པར་བྱུང་ནས་ཀྱང་ཤིང་གི་རྒྱལ་པོ་ཆེན་པོ་དེའི་དྲུང་དུ་འདུག་སྟེ།
BOབདུད་དཔུང་དང་ བཅས་པ་བཏུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་དང་། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་དང་ལྡན་པ་ དང་། ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་སྐོར་ཞིང་སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་མོས་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བཤད་པས་ཚིམ་པར་བྱེད་པ་མཐོང་བར་འགྱུར་སྙམ་པའི་ བསམ་པ་དེ་ལྟ་བུས་སྡོད་ཅིང་འཁོད་པར་གྱུར་ཏོ། ། དགེ་སློང་དག་དེ་ལ་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པ་ནས་བཟུང་སྟེ། ཡུན་རིང་པོར་རྟག་པར་རྒྱུན་ཏུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པར་གྱུར་ཅིང་། དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ལ་བདག་ཉིད་སློབ་དཔོན་དུ་གྱུར་པ་ཡིན་ལ། ཡུན་རིང་པོ་ནས་དུས་ཤེས་པ་དང་། ཚོད་ཤེས་པ་དང་། རན་པ་ཤེས་པར་གྱུར་པ་དང་། མངོན་པར་ཤེས་པ་ལས་མ་ཉམས་པ་དང་།
BOམངོན་པར་ཤེས་པ་ལྔ་དང་ལྡན་པ་དང་། རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རྩེ་བ་དང་། སེམས་ཅན་གྱི་བསམ་པ་དང་དབང་པོ་ལ་མཁས་པ་དང་། དུས་དང་དུས་མ་ཡིན་པ་ཤེས་པ་དང་། དུས་ལ་ལྟ་ཞིང་རྒྱ་མཚོ་ཆེན་པོ་ལྟར་དུས་རན་པ་ལས་མི་ཡོལ་བར་གྱུར་པའོ། ། དེ་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་འདི་ནི་རབ་ཏུ་གཟུང་བའི་དུས་སོ། ། འདི་ནི་ཚར་གཅད་པའི་ དུས་སོ། ། འདི་ནི་བསྡུ་བའི་དུས་སོ། ། འདི་ནི་ཕན་གདགས་པའི་དུས་སོ། ། འདི་ནི་བཏང་སྙོམས་སུ་གཞག་པའི་དུས་སོ། ། འདི་ནི་སྨྲ་བའི་དུས་སོ། ། འདི་ནི་མི་སྨྲ་བར་བྱ་བའི་དུས་སོ། ། འདི་ནི་ཁྱིམ་ནས་འབྱུང་བའི་དུས་སོ། ། འདི་ནི་རབ་ཏུ་འབྱུང་བའི་དུས་སོ། ། འདི་ནི་ཁ་ཏོན་བྱ་བའི་དུས་སོ། ། འདི་ནི་ཚུལ་བཞིན་ཡིད་ལ་བྱ་བའི་དུས་སོ། ། འདི་ནི་རབ་ཏུ་དབེན་པར་བྱ་བའི་དུས་སོ། ། འདི་ནི་རྒྱལ་རིགས་ཀྱི་འཁོར་གྱི་ནང་དུ་འགྲོ་བའི་དུས་སོ་ཞེས་བྱ་བ་ནས། འདི་ནི་བྲམ་ཟེ་དང་ཁྱིམ་བདག་གི་བར་གྱི་འཁོར་གྱི་ནང་དུ་འགྲོ་བའི་དུས་སོ། ། འདི་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་།
BOབརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་གྱི་ནང་དུ་འགྲོ་བའི་དུས་སོ། ། འདི་ནི་ཆོས་བསྟན་པའི་དུས་སོ། ། འདི་ནི་ནང་དུ་ཡང་དག་པར་གཞག་པའི་དུས་སོ་ཞེས་བྱ་བ་ཐམས་ཅད་བདག་ཉིད་ཀྱིས་ཤེས་སོ། ། བྱང་ཆུབ་སེམས་དཔའ་དུས་ཐམས་ཅད་དུ་རྟག་པར་འདུ་ཤེས་པར་གྱུར་ཅིང་། དུས་ལ་ལྟ་བ་ཡིན་ཡང་དགེ་སློང་དག་འདི་ནི་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ཏེ། སྲིད་པ་ཐ་མ་པའི་ བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་ན་འཁོད་པ་རྣམས་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་གླུ་དབྱངས་དང་སིལ་སྙན་གྱི་སྒྲ་ལས་ཆོས་ཀྱི་སྒོ་རྣམ་པ་འདི་ལྟ་བུ་འདི་དག་གིས་ཡང་དག་པར་སྐུལ་བ་མཛད་དོ། ། དེ་ལ་འདི་སྐད་ཅེས་ བྱ་སྟེ། སེམས་ཅན་མཆོག་གང་ཕྱོགས་བཅུའི་འཇིག་རྟེན་བཞུགས། ། དེ་དག་མཐུ་ཡིས་སིལ་སྙན་སྒྲ་དག་ལས། ། ཚིགས་བཅད་སྒྲ་སྙན་འདི་དག་བྱུང་བ་ཡིས། ། མི་མཆོག་དམ་པ་རྣམས་ལ་ཡང་དག་སྐུལ། ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། ། འགྲོ་བའི་མགོན་དང་ སྐྱབས་དང་གནས་འགྱུར་ཞིང་། །
BOཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། ། ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། ། དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། ། འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས། ། འདི་ནི་ཁྱོད་ཀྱིས་དུས་མན་ཚོད་ཡིན་གྱིས། ། དྲང་སྲོང་མཆོག་རབ་མངོན་ པར་འབྱུང་བར་བྱོས། ། སངས་རྒྱས་ལྷ་མི་འདུལ་བྱེད་འཇིག་རྟེན་མཆོག ། ཡོན་ཏན་བརྒྱས་གང་བར་ནི་གྱུར་ཅིག་ཅེས། ། དེའི་ཕྱིར་ཁྱོད་སྔོན་མགོ་དང་རྐང་ལག་དང་། ། ནོར་གྱི་དམ་པ་སྣ་ཚོགས་རྣམས་ཀྱང་བཏང་། ། ཁྱོད་ནི་ཁྲིམས་ཀྱིས་བརྟུལ་ཞུགས་དཀའ་ཐུབ་སྤྱད། ། ཁྱོད་ནི་ བཟོད་པས་འགྲོ་ལ་ཕན་པ་བྱེད། ། ཁྱོད་ནི་བརྩོན་པས་ཡོན་ཏན་བརྒྱ་ཡིས་གང་། ། བསམ་གཏན་ཤེས་རབ་སྲིད་གསུམ་མཉམ་པ་མེད། ། ཁྲོ་བས་ནོན་ཅིང་ཐ་བའི་དྲི་མང་བ། ། དེ་དག་བདེ་གཤེགས་ཁྱོད་ཀྱི་བྱམས་པས་ཁྱབ། ། དགེ་བའི་ཡོན་ཏན་བྲལ་བ་ལོག་ངེས་པ། ། མི་མཁས་རྣམ་ མང་དག་ལ་ཁྱོད་སྙིང་རྗེ། ། བསོད་ནམས་ཡེ་ཤེས་དགེ་བའི་ལུས་ཁྱབ་ཅིང་། ། རྡུལ་བྲལ་བསམ་གཏན་མངོན་ཤེས་ལམ་མེར་འདུག ། ཕྱོགས་བཅུ་འདི་དག་རྣམས་སུ་རབ་ཏུ་གསལ། ། སྤྲིན་མེད་ཟླ་བ་དྲི་མ་མེད་པ་འདྲ། ། འདི་དང་གཞན་ཡང་སྙན་པ་རྣམ་མང་གིས། །
BOསིལ་སྙན་དག་ལས་རྒྱལ་ བས་སྒྲ་བསྒྲགས་ཏེ། ། མངོན་པར་ཁྱོད་འབྱུང་དུས་ནི་འདི་ཡིན་ཞེས། ། ལྷ་མིས་མཆོད་པར་འོས་ལ་སྐུལ་མ་འདེབས། ། དགེ་སློང་དག་བྱང་ཆུབ་སེམས་དཔའ་ཁྱིམ་དམ་པ་མཆོག་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ། བསམ་པ་ཇི་ལྟ་བ་བཞིན་དུ་བདེ་བར་གནས་པ་དང་འཐུན་པ། ལྷའི་ཁང་ ཁྱིམ་ལྟ་བུ་སྟེགས་བུ་དང་། སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་དང་། བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། ཁང་{བཟངས་,བཟང་}མཆོག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་རྣམ་པ་ཐ་དད་པ་དབྱེ་བ་ཤིན་ཏུ་རྣམ་པར་ཕྱེ་བ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ། རིན་ པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་དུ་མས་ལེགས་པར་བརྒྱན་པ། དར་གྱི་ལྡ་ལྡི་བརྒྱ་སྟོང་དུ་མས་མངོན་པར་སྤྱངས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་མུ་ཏིག་གི་རྒྱན་ཕྲེང་རབ་ཏུ་སྤྱངས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་སྤང་ལེབ་ཅན་གྱི་ཟམ་པས་མཛེས་པར་བྱས་པ། མེ་ཏོག་གི་ཕྲེང་བ་དང་ཆུན་པོ་ མང་པོ་སྤྱངས་པ། པོག་སྣོད་ནས་སྤོས་ཀྱིས་བདུགས་པ། དར་ལའི་བླ་རེ་བྲེས་པ། དུས་ཐམས་ཅད་པའི་མེ་ཏོག་དྲི་མཆོག་ཏུ་ཞིམ་ཞིང་། ཤིན་ཏུ་མཛེས་པ་དག་བཀྲམ་པ།
BOརྫིང་མེ་ཏོག་པད་མ་དཀར་པོ་དང་། པད་མ་དང་ལྡན་པའི་ཆུའི་གནས་ཡོངས་སུ་སྤྱད་པར་བྱ་བ་མང་བ། བྱ་འདབ་སྐྱོང་དང་། ནེ་ ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ངང་པ་དང་། རྨ་བྱ་དང་། ངུར་པ་དང་། ཀུ་ན་ལ་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་ལ་སོགས་པ་བྱ་རྣམ་པ་ཐ་དད་པའི་ཚོགས་སྒྲ་སྙན་པ་འབྱིན་པ། བཻ་དཱུརྱ་སྔོན་པོའི་ས་གཞི་གནས་ཡོངས་སུ་སྤྱད་པར་བྱ་བ། གཟུགས་ཐམས་ཅད་ཀྱི་གཟུགས་བརྙན་ ཀུན་ཏུ་སྟོན་པ། བལྟ་བས་མི་ངོམས་པར་ཉམས་དགའ་བ། དགའ་བ་དང་མཆོག་ཏུ་དགའ་བ་དམ་པ་སྐྱེད་པའི་ཁྱིམ་དམ་པ་མཆོག་དེ་ན་འདུག་སྟེ། བྱང་ཆུབ་སེམས་དཔའ་ཁང་པ་མཛེས་པ་ཆེན་པོ་མཆོག་ན་གནས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ། ཡན་ལག་དྲི་མ་མེད་པ། ཕྲེང་བ་དང་རྒྱན་ མ་བོར་བ། དྲི་མཆོག་ཏུ་ཞིམ་པ་དམ་པའི་བྱུག་པས་ལུས་བསྐུས་པ། དཀར་ཞིང་བཟང་ལ་དྲི་མ་མེད་ཅིང་རྣམ་པར་དག་ལ་དྲི་མ་དང་བྲལ་བའི་གོས་གྱོན་པའི་ལུས་དང་ལྡན་པ། མལ་ཆ་ལྷའི་རས་བཅོས་བུ་བཟང་པོ་ཕྲ་བ་དུ་མ་བཏིང་བ་འཇམ་པ་ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ། ཡན་ལག་དམ་ པས་སྤྲས་པའི་མལ་བཟང་པོའི་སྟེང་ན་འདུག་པ་བཙུན་མོའི་འཁོར་དམ་པ་ལྷའི་བུ་མོ་དང་འདྲ་བ།
BOཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ། ལྟ་བ་དང་འཐུན་པ། སྤྱོད་པ་བཟང་པོས་མཛེས་པར་བྱས་པ། གཟུགས་བཟང་བའི་ནང་ན་འདུག་པ། དུང་དང་། རྔ་དང་། རྫ་རྔ་དང་། ཁར་རྔ་ དང་། པི་བང་དང་། རྒྱུད་གསུམ་པ་དང་། ཁར་བའི་སིལ་ཁྲོལ་དང་། ཕེག་དང་། ཀིམ་པ་ལ་དང་། ན་ཀུ་ལ་དང་། སྒྲ་སྙན་དང་། གླིང་བུ་སྙན་པའི་སྒྲ་འབྱུང་བའི་སྒྲ་དབྱངས་དང་། སིལ་སྙན་དང་། གླུ་དབྱངས་སྣ་ཚོགས་དང་ལྡན་པས་བསླང་བ་ལ། བུད་མེད་ཀྱི་ཚོགས་ཀྱིས་ཀྱང་། སྒྲ་མཉེན་ ཞིང་འཇམ་པ་སྙན་ལ་ཡིད་དུ་འོང་བ་དང་། གླིང་བུ་འབུད་པའི་སྒྲ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་སློང་ངོ་། ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱིན་གྱི་རླབས་ཀྱིས་སིལ་སྙན་གྱི་སྒྲ་བྱུང་བའི་སྒྲ་སྐད་དེ་དག་ལས་བྱང་ཆུབ་སེམས་དཔའ་ལ་སྐུལ་བའི་ཚིགས་སུ་བཅད་ པ་འདི་དག་བྱུང་ངོ་། ། བུད་མེད་གང་དག་རབ་ཏུ་ཡིད་དགའ་སེམས་དང་བས། ། སིལ་སྙན་ཡིད་དུ་འོང་ཞིང་སྙན་པའི་སྒྲ་འབྱིན་ཚེ། ། ཕྱོགས་བཅུའི་རྒྱལ་བ་དམ་པ་དག་གི་མཐུ་ཡིས་ནི། ། ཚིགས་བཅད་རྣམ་པ་སྣ་ཚོགས་རྣམ་མང་འདི་དག་བྱུང་། ། རྟག་ཏུ་མགོན་མེད་གྱུར་པའི་འགྲོ་བ་འདི་མཐོང་ནས། །
BOགོ་འཕང་མྱ་ངན་མེད་མཆོག་རྡུལ་མེད་སངས་རྒྱས་ཏེ། ། སྐྱེ་དང་རྒ་དང་སྡུག་བསྔལ་དག་ལས་དགྲོལ་ལོ་ཞེས། ། དཔའ་བོ་ཁྱོད་སྔོན་སྨོན་ལམ་དེ་སྐད་བཏབ་པར་གྱུར། ། དེ་ཕྱིར་དགེ་མྱུར་གྲོང་ཁྱེར་མཆོག་འདི་ནས། ། བྱུང་ལ་སྔོན་གྱི་དྲང་སྲོང་ཞབས་བཅགས་པ། ། ས་ཕྱོགས་དེ་ནི་རབ་ཏུ་མནན་ནས་སུ། ། རྒྱལ་བའི་ཡེ་ཤེས་མཚུངས་མེད་འཚང་རྒྱར་གྱིས། ། ཁྱོད་ཀྱིས་སྔོན་ཆད་སྣ་ཚོགས་རིན་ཆེན་ནོར། ། རྐང་ལག་ཕངས་པའི་ལུས་ཀྱང་བཏང་བར་གྱུར། ། དྲང་སྲོང་ཆེན་པོ་{དི་རིང་,དེ་རིང་}ཁྱོད་དུས་འདི། ། ཆོས་ཀྱི་ཆུ་བོ་མཐའ་ཡས་འགྲོ་ལ་ཕྱེ། ། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་དྲི་མེད་དགེ། ། སྔོན་ཆད་ཁྱོད་ནི་ རྟག་ཏུ་མཆོག་གིས་བརྒྱན། ། དྲང་སྲོང་ཆེན་པོ་ཁྱོད་ཁྲིམས་འདྲ་བ་མེད། ། འགྲོ་བ་ཉོན་མོངས་རྣམ་པ་མང་ལས་ཁྲོལ། ། ཁྱོད་ཀྱིས་སྲིད་པ་བརྒྱར་ནི་བཟོད་པ་སྤྱད། ། ཁྱོད་ནི་འགྲོ་བས་ངན་བརྗོད་རྣམ་མང་བཟོད། ། བཟོད་པས་བཟོད་ཅིང་དུལ་བས་དེས་པའི་བདག ། རྐང་གཉིས་དབང་པོ་མངོན་པར་ འབྱུང་བློ་གྱིས། ། ཁྱོད་བརྩོན་བརྟན་ཞིང་མི་གཡོ་གཡོ་བ་མེད། ། བདེ་བར་གཤེགས་པ་སྔོན་མཐར་རྒྱ་ཆེན་གྱུར། ། གཡོན་ཅན་བདུད་ནི་སྡེ་དང་བཅས་བཏུལ་ཏེ། །
BOངན་སོང་གསུམ་པོ་མཐའ་དག་སྐམས་པར་གྱིས། ། གང་ཕྱིར་ཁྱོད་ཀྱིས་བརྟུལ་ཞུགས་དཀའ་ཐུབ་སྤྱད། ། དུས་ངན་ཉོན་མོངས་ སྙིགས་མ་བསྲེགས་གྱིས་ལ། ། ཁྱོད་ཀྱིས་བདུད་རྩི་ཆུ་བོའི་ཆར་ཕོབ་སྟེ། ། མགོན་མེད་རིང་ནས་སྐོམ་པ་ཚིམ་པར་གྱིས། ། འཆི་མེད་མྱ་ངན་མེད་གནས་སངས་རྒྱས་ཏེ། ། སྐོམ་པས་ཉམ་ཐག་བདུད་རྩིས་ཚིམ་བྱ་ཞེས། ། ཁྱོད་ཀྱིས་སྔོན་སྨྲས་ཚིག་མཆོག་དྲན་བྱོས་ཏེ། ། གྲོང་ཁྱེར་དམ་པ་འདི་ནས་ མྱུར་དུ་བྱུང་། ། ཁྱོད་ནི་ཤེས་རབ་མཆོག་གི་སྤྱོད་པ་མཁས། ཁྱོད་ཀྱི་ཡེ་ཤེས་མཐའ་ཡས་དྲི་མེད་ཆེ། ། རྨོངས་པ་ཡིད་གཉིས་ལམ་ལ་གནས་རྣམས་ལ། ། ཤེས་རབ་འོད་དགེ་དམ་པ་མཛེས་པར་གྱིས། ། ཁྱོད་ཀྱིས་སྲིད་པ་བརྒྱར་ནི་བྱམས་པ་སྤྱད། ། སྙིང་རྗེ་དང་ནི་དགའ་མཆོག་བཏང་ སྙོམས་དང་། ། ཁྱོད་ཀྱིས་སྤྱོད་པ་དམ་པ་གང་སྤྱད་པ། ། སྤྱོད་པ་དེ་ཉིད་འགྲོ་ལ་རྣམ་པར་ཕྱེ། ། ཕྱོགས་བཅུའི་རྒྱལ་བ་དག་གི་གཟི་བརྗིད་ཀྱིས། ། ཡོན་ཏན་མེ་ཏོག་སྣ་ཚོགས་ཚིགས་བཅད་འདི། ། སིལ་སྙན་དག་ལས་རྣམ་མང་ཡིད་འོང་གྲག ། མལ་ན་འདུག་པའི་གཞོན་ནུ་དེ་ལ་སྐུལ། ། གང་གི་ཚེ་ན་དག་བུད་མེད་རབ་ཏུ་དགའ་བ་རྣམས། །
BOཤིན་ཏུ་མཛེས་ཤིང་རབ་ཏུ་སྙན་པའི་སིལ་སྙན་སྒྲོགས་པའི་ཚེ། ། ཕྱོགས་བཅུ་དག་གི་རྒྱལ་བ་ལྷ་མི་འདུལ་བ་མཛད་རྣམས་ཀྱང་། ། སིལ་སྙན་དག་ལས་གསུང་མཆོག་ཧ་ཅང་མི་ཆེ་རྗེས་སུ་སྒྲོག ། འགྲོ་ལ་ཕན་བྱེད་ཡོན་ཏན་མང་པོ་ལྡན་ཁྱོད་ འགྲོ་རྣམས་སུ། ། རྣམ་པར་རྒྱུ་བའི་ཚེ་ན་རྒྱལ་བའི་ཡོན་ཏན་གཉུག་མར་བྱས། ། སྔོན་གྱི་བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་དེ་དག་དྲན་གྱིས་ཏེ། ། ཤིང་མཆོག་དྲུང་དུ་མྱུར་སོང་འཆི་མེད་གོ་འཕང་ཐོབ་པར་གྱིས། ། ལྷ་མི་དག་ནི་ཤིན་ཏུ་སྐོམ་ཞིང་རྒྱལ་བའི་ཡོན་ཏན་བྲལ། ། ཁྱོད་ནི་ཤིན་ཏུ་སྟོབས་ ལྡན་བདུད་རྩིའི་རོ་བྲོ་རྟག་ཏུ་སྦྱིན། ། སྟོབས་བཅུའི་རོ་བྲོ་དམ་པ་མཁས་པ་རྣམས་ཀྱིས་མཆོད་བྱས་པ། ། བདུད་རྩི་དེ་ནི་མི་བདག་ཁྱོད་ཀྱིས་མྱུར་དུ་རྣམ་པར་ཕྱེ། ། རྒྱལ་བའི་ཡོན་ཏན་འགྲོ་ལ་ཕན་པ་བྱེད་ལ་དགའ་བ་པོ། ། ཁྱོད་ཀྱིས་སྔོན་གྱི་སྲིད་པར་ནོར་དང་ནོར་བུ་གསེར་རྣམས་བཏང་། ། ཆུང་མ་བུ་སྡུག་ དག་དང་གྲོང་ཁྱེར་གྲོང་རྡལ་བཅས་པ་དང་། ། རང་གི་མགོ་དང་མིག་དང་ལག་པ་དག་དང་རྐང་པའང་བཏང་། ། མི་མཆོག་ཁྱོད་ནི་གནའ་སྔོན་རྒྱལ་པོ་དགེ་བར་གྱུར་པའི་ཚེ། །
BOམི་ཞིག་ཁྱོད་ལ་མངོན་དུ་ཕྱོགས་ནས་འདི་སྐད་ཚིག་སྨྲས་ཏེ། ། གྲོང་ཁྱེར་གྲོང་རྡལ་བཅས་པའི་ས་འདི་ཁོ་ལ་བྱིན་ ཞེས་བྱས། ། དེ་ཡི་ཚེ་ན་རབ་ཏུ་དགའ་ཞིང་འཁྲུགས་པར་གྱུར་པ་མེད། ། གནའ་སྔོན་ཁྱོད་ནི་རྒྱལ་པོའི་བྲམ་ཟེ་དགེ་བར་གྱུར་པའི་ཚེ། ། སྐྱེ་བོ་བླ་མ་བསྙེན་བཀུར་བྱེད་ཅིང་གཞན་ལ་འཁུ་མི་བྱེད། ། བྲམ་ཟེ་དམ་པ་དག་དང་སྐྱེ་བོ་མང་པོ་དགེ་ལ་བཀོད། ། དེ་ནས་ཤི་འཕོས་སྲིད་པའི་འགྲོ་བ་ལྷ་ཡི་ གནས་སུ་སྐྱེས། ། སྔོན་ཁྱོད་རྒྱལ་པོའི་བུ་ལས་དྲང་སྲོང་དམ་པར་གྱུར་པའི་ཚེ། ། རྒྱལ་པོ་ངན་པ་ཁྲོས་པས་ཁྱོད་ཀྱི་ཡན་ལག་བཅད་པ་ན། ། ཁྱོད་ནི་ཡིད་འཁྲུགས་གྱུར་པ་མེད་པར་འཆི་བའི་དུས་བྱས་ཏེ། ། དེ་ཡི་ཚེ་ན་ཁྱོད་ཀྱི་རྐང་ལག་དག་ལས་འོ་མ་ཟག ། ཁྱོད་སྔོན་དྲང་སྲོང་སྔོ་བསངས་ཞེས་བྱར་གང་ཚེ་ གྱུར་པ་ན། ། རི་མཆོག་གནས་ན་བརྟུལ་ཞུགས་དགའ་ཞིང་བླ་མ་ལ་ཡང་དགའ། ། མི་ཡི་བདག་པོས་དུག་མདའ་དག་གིས་ཁྱོད་ལ་བསྣུན་པ་ན། ། ཁྱོད་ནི་རྒྱལ་པོ་དེ་ལ་ཡིད་འཁྲུགས་མེད་ཅིང་སྙིང་བརྩེར་གྱུར། ། ཁྱོད་སྔོན་{རི་དགས་,རི་དྭགས་}བདག་པོ་ཡོན་ཏན་ཅན་དུ་གྱུར་པའི་ཚེ། ། རི་གཟར་འབབ་ཆུ་ཆེན་པོས་ མི་ཞིག་ཁྱེར་བར་གྱུར་པ་ན། །
BOཕན་དང་ལྡན་པ་ཁྱོད་ཀྱིས་མི་དེ་ཕྱུང་སྟེ་ཐང་ལ་བཞག ། ཁྱོད་ཀྱི་དགྲ་བོ་ཁྲིད་དེ་འོངས་པ་ན་ཡང་ཡིད་མ་འཁྲུགས། ། མི་མཆོག་ཁྱོད་སྔོན་བྲམ་ཟེའི་བུར་ནི་གང་ཚེ་གྱུར་པ་ན། ། ཁྱོད་ཀྱི་ནོར་བུ་རྒྱ་མཚོ་ཆེན་པོ་ཡངས་པར་ལྷུང་བའི་ཚེ། ། ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་ཟད་པར་བྱ་ བར་བརྩམས་པ་དང་། ། སྟོབས་བརྟན་ཁྱུ་མཆོག་ཁྱོད་ཀྱི་ནོར་བུ་དེ་ཚེ་ཕྱིར་ཡང་རྙེད། ། སྐྱེས་བུ་མཆོག་ཁྱོད་གནའ་སྔོན་དྲང་སྲོང་དམ་པར་གྱུར་པའི་ཚེ། ། བྲམ་ཟེ་ཞིག་གིས་བདག་གི་སྐྱབས་གྱུར་ཤོག་ཅེས་ཁྱོད་གན་འོངས། ། སྨྲས་པ་བྲམ་ཟེ་དམ་པ་ཁོ་བོ་དགྲ་ལས་བྱུང་ཞེས་བྱས། ། ཁྱོད་ཀྱིས་ རང་ལུས་བཏང་གིས་བྲམ་ཟེ་དེ་ནི་མ་བཏང་ངོ་། ། གནའ་སྔོན་ཤིང་གི་གནས་སུ་དྲང་སྲོང་སྔོ་བསངས་དྲུང་འོངས་ཏེ། ། འདོད་པས་སྨྲས་པ་ཤིང་འདི་ལོ་མ་དུ་ཡོད་གྲོངས་ཞེས་བྱས། ། ཤིང་དེ་ལོ་མ་ཇི་སྙེད་ཡོད་པ་རབ་བགྲངས་རབ་མཁས་པས། ། ཁྱོད་ཀྱིས་དེ་བཞིན་ནོར་པ་མེད་ཅིང་འཐུན་པར་ཚིག་ཏུ་ བརྗོད། ། ཁྱོད་སྔོན་ནེ་ཙོ་ཡོན་ཏན་ལྡན་གྱུར་ཤིང་ལ་གནས་པའི་ཚེ། ། ཟད་པར་གྱུར་ཀྱང་སྔོན་གྱི་དྲིན་ལ་བསམས་ཏེ་དེ་མ་སྤངས། ། ལྷ་ཡི་བདག་པོས་ཁྱོད་ཀྱི་ཡོན་ཏན་དྲན་ནས་རབ་ཏུ་དགའ། །
BOསྔ་མཁོ་བཞིན་དུ་ཤིང་མཆོག་དེ་ནི་དཔལ་དང་ལྡན་པར་བྱས། ། ཁྱོད་ཀྱི་བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་ དེ་དག་མཚུངས་མེད་དེ། ། ཡོན་ཏན་ལྡན་པ་ཡོན་ཏན་ལམ་ལ་སྤྱད་པས་ཡོན་ཏན་མང་། ། ཁྱོད་ཀྱི་དུས་ལ་ད་བབ་གྲོང་ཁྱེར་བཅས་པའི་ས་ཡང་ཐོང་། ། འགྲོ་བ་དག་ནི་རྒྱལ་བའི་ཡོན་ཏན་སྤྱོད་ལ་མྱུར་དུ་ཁོད། ། གང་གི་ཚེ་ན་བུད་མེད་རིན་ཆེན་བཟང་པོའི་གོས་ཀྱིས་ལུས་བརྒྱན་ཏེ། ། སིལ་སྙན་དམ་པ་ མཆོག་རབ་ཡིད་དུ་འོང་བའི་སྒྲ་ནི་རབ་སྒྲོག་པ། ། དེ་ཚེ་ཕྱོགས་བཅུའི་རྒྱལ་བའི་གཟི་ཡིས་ཚིགས་སུ་བཅད་པ་སྣ་ཚོགས་པ། ། སྒྲ་དབྱངས་སྙན་པ་འདི་དག་སིལ་སྙན་དག་གི་སྒྲ་ལས་རབ་ཏུ་བྱུང་། ། རྒ་དང་ཤི་བས་ཟིན་པའི་འཇིག་རྟེན་དག་ལ་བདག་ནི་སྐྱབས་གྱུར་ཅེས། ། འཇིག་རྟེན་སྒྲོན་མ་ཁྱོད་ ཀྱིས་བསྐལ་མང་སྔ་རོལ་སྨོན་ལམ་དེ་སྐད་བཏབ། ། མི་ཡི་སེང་གེ་ཁྱོད་ཀྱིས་སྔོན་གྱི་སྨོན་ལམ་དག་ནི་དྲན་གྱིས་ཤིག ། རྐང་གཉིས་དབང་པོ་ཁྱོད་ད་མངོན་པར་འབྱུང་བའི་དུས་ནི་འདི་ཡིན་ནོ། ། ཁྱོད་འདིར་སྲིད་པ་ཁྲག་ཁྲིག་དག་ཏུ་སྦྱིན་པ་མང་པོ་དུ་མ་བྱིན། ། ནོར་དང་རིན་པོ་ཆེ་དང་གསེར་དང་ གོས་བཟང་རིན་ཆེན་སྤྲས་པ་དང་། །
BOརྐང་ལག་དག་དང་མིག་དང་ཕངས་པའི་བུ་དང་རྒྱལ་སྲིད་འབྱོར་པ་དག ། ཁྱོད་ཀྱིས་བཏང་ཡང་ཁྱོད་ནི་སློང་བ་རྣམས་ལ་ཐ་བ་ཞེ་སྡང་མེད། ། ཁྱོད་འདིར་ཟླ་བའི་ཏོག་དང་མཆེ་བ་བཟང་དང་རྒྱལ་པོ་ཞི་བར་གྱུར། ། སྙིང་བརྩེ་སྙིང་རྗེའི་ཡིད་དང་ཟླ་བའི་སྒྲོན་ དང་གཙུག་ན་ནོར་བུར་གྱུར། ། རྒྱལ་པོ་དཔའ་བོ་བརྟན་དང་མིག་{བཟངས་,བཟང་}དང་ནི་དེ་ལ་སོགས་པ་བྱས། ། རྒྱལ་པོ་ཁྲག་ཁྲིག་མང་པོ་སྦྱིན་དགའ་རྣམ་པར་འཕྲུལ་པ་དེ་ཉིད་ཁྱོད། ། བདེ་བར་གཤེགས་པ་ཁྱོད་ཀྱིས་བསྐལ་པ་མང་པོར་ཚུལ་ཁྲིམས་སྤྱོད་པ་སྤྱད། ། ནོར་བུ་རིན་ཆེན་དྲི་མ་མེད་པ་ལྟ་ བུར་ཚུལ་ཁྲིམས་རྣམ་དག་གྱུར། ། ཁྱོད་ཀྱིས་འབྲི་ཡི་རྔ་མ་ཅི་འདྲ་དེ་འདྲར་ཚུལ་ཁྲིམས་བསྲུངས་ཤིང་སྤྱད། ། ཚུལ་ཁྲིམས་དགའ་བས་ཁྱོད་ཀྱིས་འདིར་ནི་འགྲོ་ལ་རྒྱ་ཆེར་དོན་ཡང་བྱས། ། འདིར་ཁྱོད་གླང་པོ་མཆོག་ཏུ་གྱུར་ཏེ་རྔོན་པ་དགྲ་ཡིས་མདས་བསྣུན་ཚེ། ། གཏུམ་པོ་དགྲ་ལ་སྙིང་བརྩེ་སྙིང་རྗེ་བསྐྱེད་ ནས་དེ་ནི་ཁྱོད་ཀྱིས་བསྐྱབས། ། བཟང་ཞིང་མཛེས་པའི་མཆེ་བ་ཡོངས་སུ་བཏང་སྟེ་ཚུལ་ཁྲིམས་ཡོང་མ་བཏང་། ། ཁྱོད་ཀྱིས་དེ་ལ་སོགས་པ་ཚུལ་ཁྲིམས་རྣམ་པར་འཕྲུལ་པ་མང་པོ་བྱས། །
BOབཟོད་ལ་དགའ་བས་ཁྱོད་ཀྱིས་འགྲོ་བའི་མི་ཕན་སྡུག་བསྔལ་སྟོང་མང་དང་། ། ཚིག་རྩུབ་ ངག་དང་བསད་པ་དང་ནི་བཅིང་བ་མང་པོ་བཟོད་པར་བྱས། ། ཁྱོད་ཀྱིས་གནའ་སྔོན་མི་གང་དག་ལ་བདེ་བ་ཀུན་གྱིས་རིམ་གྲོར་བྱས། ། དེ་དག་ཕྱི་ནས་ཁྱོད་ཀྱི་གཤེད་མར་གྱུར་ཀྱང་ཁྱོད་ཀྱིས་དེ་དག་བཟོད། ། མགོན་པོ་ཁྱོད་ནི་རི་མཆོག་གནས་ན་གང་ཚེ་དྲེད་མོར་གྱུར་པའི་ཚེ། ། ཁ་བ་བབ་ཅིང་ཆུ་བྲུག་པས་ནི་ འཇིགས་ཤིང་སྐྲག་པའི་མི་བཟུང་སྟེ། ། རྩ་བ་འབྲས་བུ་རྣམ་པ་མང་དང་བདེ་བ་ཀུན་གྱིས་རིམ་གྲོ་བྱས། ། དེ་ཡིས་མྱུར་དུ་ཁྱོད་ལ་གསོད་པ་ཁྲིད་འོངས་ཁྱོད་ཀྱིས་དེ་ལ་བཟོད། ། བྱང་ཆུབ་བཙལ་ཕྱིར་བརྟུལ་ཞུགས་དཀའ་ཐུབ་ཡོན་ཏན་རྣམ་མང་ཡེ་ཤེས་ལ། ། ཁྱོད་ཀྱིས་བརྩོན་འགྲུས་ཤིན་ཏུ་བརྟན་པར་ གནས་ཤིང་མི་གཡོ་གཡོ་བ་མེད། ། དབང་སྒྱུར་བདུད་ཀྱང་ཁྱོད་ཀྱིས་བརྩོན་འགྲུས་སྟོབས་ཀྱིས་སྟོབས་ནི་མེད་པར་བྱས། ། མི་ཡི་སེང་གེ་ཁྱོད་འདིར་མངོན་པར་འབྱུང་བའི་དུས་ལ་ད་བབ་བོ། ། ཁྱོད་འདིར་གནའ་སྔོན་ཁ་བའི་ཁ་དོག་འདྲ་བའི་རྟ་མཆོག་གྱུར་པའི་ཚེ། ། སྙིང་རྗེ་བསྐྱེད་ནས་ནམ་མཁའ་ལས་ ནི་སྲིན་པོའི་གླིང་དུ་མྱུར་དུ་སོང་། །
BOདེ་ཚེ་ཕོངས་ཤིང་འདུག་པའི་མི་དེ་བླངས་ཏེ་བདེ་ལ་རབ་ཏུ་བཞག ། ཁྱོད་ཀྱིས་འདི་ལ་སོགས་པ་བརྩོན་འགྲུས་རྣམ་པར་འཕྲུལ་པ་མང་པོ་བྱས། ། མྱུར་དུ་འགྱུར་ཞིང་གཡོ་ལ་ཡུལ་ལ་དགའ་ཞིང་རྒོད་པའི་སེམས་བརྟུལ་ཏེ། ། བསམ་གཏན་པར་གྱུར་དུལ་དེས་ཞི་ གནས་རྣམས་ཀྱིས་ཉོན་མོངས་གཙོ་བོ་བཅོམ། ། ཁྱོད་འདིར་བསམ་གཏན་དགའ་བས་རང་གི་ཡོན་ཏན་དག་གིས་འགྲོ་དོན་བྱས། ། ད་འདིར་སེམས་ཅན་མཆོག་ཁྱོད་བསམ་གཏན་རྣམ་འཕྲུལ་བྱ་བའི་དུས་ལ་བབ། ། གནའ་སྔོན་ཁྱོད་ནི་དྲང་སྲོང་བསམ་གཏན་དགའ་ཞིང་རབ་ཏུ་གནས་པར་གྱུར། ། རྒྱལ་ པོ་མེད་པའི་མི་དག་གིས་ནི་ཁྱོད་ཁྲིད་རྒྱལ་སྲིད་དབང་ཡང་བསྐུར། ། ཁྱོད་ཀྱིས་སྐྱེ་བོ་དག་ནི་དགེ་བ་བཅུ་དང་ཚངས་པའི་ལམ་ལ་བཀོད། ། དེ་ཡི་ཚེ་ན་མི་ལས་ཤི་འཕོས་ཐམས་ཅད་ཚངས་པའི་གནས་སུ་དོང་། ། ཕྱོགས་དང་ཕྱོགས་མཚམས་འགྲོ་བ་རྣམ་མང་ཤེས་པའི་ཆོ་ག་ཁྱོད་རབ་མཁས། ། གཞན་ གྱི་སྤྱོད་དང་འགྲོ་བའི་སྐད་ཤེས་པ་དང་དབང་པོ་ཤེས་པ་དང་། ། ཚུལ་དང་འདུལ་དང་བློ་གྲོས་རྣམ་མང་རྒྱུ་བའི་ཕ་རོལ་ཁྱོད་ཕྱིན་གྱུར། ། རྒྱལ་པོའི་སྲས་ཁྱོད་འདིར་ནི་མངོན་པར་འབྱུང་བའི་དུས་ལ་ད་བབ་བོ། །
BOཁྱོད་ཀྱིས་གནའ་སྔོན་སྐྱེ་བོ་ལྟ་བ་ལོག་པར་ཞུགས་པར་གྱུར་པ་དག ། རྒ་ཤི་སྡུག་བསྔལ་རྣམ་ པ་མང་པོས་ཉམ་ཐག་འཁོད་པ་འདི་མཐོང་ནས། ། སྲིད་པ་རྣམ་པར་གཞིག་པའི་དྲང་ལམ་ཉིད་ཀྱིས་ཁོང་དུ་ཆུད་བྱས་ཏེ། ། མུན་པ་བཅོམ་པ་ཁྱོད་ཀྱིས་འཇིག་རྟེན་དག་ལ་དོན་ཆེན་རབ་ཏུ་བྱས། ། ཚིགས་བཅད་རྣམ་པ་མང་པོ་མཛེས་པ་ཡོན་ཏན་ལྡན་པ་སྣ་ཚོགས་འདིས། ། སིལ་སྙན་སྒྲ་བསྒྲགས་དེ་ ལས་རྒྱལ་བའི་གཟི་ཡིས་དཔའ་བོ་སྐུལ་བར་གྱུར། ། བློ་མཆོག་ལྡན་པ་ཁྱོད་འདིར་མངོན་པར་འབྱུང་བའི་དུས་ནི་ད་བབ་ཀྱིས། ། སྡུག་བསྔལ་གང་བའི་སྐྱེ་བོ་འདི་དག་མཐོང་ནས་བཏང་སྙོམས་མ་བྱེད་ཅིག ། བུད་མེད་གོས་དང་རིན་པོ་ཆེ་དང་དོ་ཤལ་སྤོས་ཕྲེང་སྣ་ཚོགས་ཀྱིས། ། བརྒྱན་པ་དག་ཀྱང་སེམས་དང་ ཕངས་པ་སྐྱེས་ནས་རབ་ཏུ་དགའ་བ་རྣམས། ། སེམས་ཅན་མཆོག་ལ་སིལ་སྙན་རབ་ཏུ་སྒྲོག་ཅིང་སློང་བར་བྱེད་པ་ན། རྒྱལ་བའི་མཐུ་ཡིས་སིལ་སྙན་དག་ལས་ཚིགས་སུ་བཅད་པ་འདི་འདྲ་བྱུང་། ། གང་གི་དོན་དུ་ཁྱོད་ཀྱིས་འགྲོ་ལ་ཕན་ཕྱིར་བསྐལ་པ་དུ་མར་ནི། ། གཏང་བར་དཀའ་བ་བཏང་ཞིང་ཚུལ་ ཁྲིམས་བཟོད་པ་བརྩོན་འགྲུས་ཤིན་ཏུ་སྤྱད། །
BOབསམ་གཏན་ཤེས་རབ་ཤིན་ཏུ་བསྒོམས་པ་ཁྱོད་ཀྱིས་དུས་ལ་ད་བབ་ཀྱིས། ། འདྲེན་པ་མངོན་པར་འབྱུང་བའི་བློ་ལ་མྱུར་སོམས་ཕྱིར་ཤོལ་མ་བྱེད་ཅིག ། སྔོན་ཆད་རིན་ཆེན་མཛོད་དང་གསེར་དང་དངུལ་དང་རྒྱན་རྣམས་རབ་ཏུ་བཏང་། ། སྐྱེ་བ་དེ་དང་དེ་དག་ཏུ་ ནི་མཆོད་སྦྱིན་རྣམ་པ་མང་པོ་བྱས། ། ཁྱོད་ཀྱིས་ཆུང་མ་བུ་ཕོ་བུ་མོ་ལུས་དང་རྒྱལ་སྲིད་སྲོག་བཏང་སྟེ། ། བྱང་ཆུབ་དོན་དུ་གཏང་བར་དཀའ་བ་དཔག་ཏུ་མེད་པ་ཁྱོད་ཀྱིས་བཏང་། ། ཁྱོད་ནི་རྒྱལ་པོ་མི་དམན་བསོད་ནམས་དཔལ་གྱིས་རྣམ་པར་གྲགས་པར་གྱུར། ། མུ་ཁྱུད་འཛིན་དང་མུ་ཁྱུད་ནག་པོ་ ཚངས་པས་བྱིན་དང་རལ་པ་ཅན། ། མཆོད་སྦྱིན་སྟོང་ལྡན་དང་ནི་ཆོས་སེམས་འོད་འཕྲོ་ཅན་དང་ནོར་བརྟན་དང་། ། ཤིན་ཏུ་དོན་བསམས་གྱུར་ཏེ་སེམས་ཅན་དམན་ལ་གཏང་བར་དཀའ་བ་བཏང་། ། ཟླ་བའི་བུ་དང་བརྩོན་འགྲུས་འབར་དང་བསོད་ནམས་འོད་ཟེར་ཅན་དུ་གྱུར། ། གཏོང་བ་ཆེ་དང་ལྡན་ ཞིང་མཐུ་ལྡན་ཁྱོད་ནི་བྱས་པ་གཟོ་བར་གྱུར། ། རྒྱལ་པོ་དྲང་སྲོང་ཟླ་བ་གཟུགས་ལྡན་དཔའ་བོ་བདེན་པ་འཕེལ་བ་དང་། ། རྒྱལ་པོ་ལེགས་པར་སྨྲ་བ་ཚོལ་དང་བློ་གྲོས་བཟང་དང་དེས་པར་གྱུར། །
BOཟླ་བའི་འོད་དང་ཁྱད་པར་འགྲོ་དང་རྡུལ་དང་ཕྱོགས་ཀྱི་བདག་པོར་གྱུར། ། རབ་སྦྱིན་ དཔའ་བོ་ཀ་ཤི་རྒྱལ་པོ་རིན་ཆེན་གཙུག་ཕུད་ཞི་བ་སྟོན། ། མི་དབང་དེ་དག་རྣམས་དང་གཞན་དུ་གྱུར་ཏེ་གཏང་བར་དཀའ་བ་བཏང་། ། ཁྱོད་ཀྱིས་ཇི་ལྟར་གཏོང་བའི་ཆར་ཕབ་དེ་བཞིན་ཆོས་ཀྱི་ཆར་པ་ཕོབ། ། ཁྱོད་ཀྱིས་སྔོན་ཆད་སེམས་ཅན་སྙིང་པོ་གང་གཱའི་བྱེ་མ་སྙེད་ཅིག་མཐོང་། ། སེམས་ ཅན་ཐར་བར་བྱ་ཕྱིར་བྱང་ཆུབ་དམ་པའི་མཆོག་ནི་ཚོལ་བ་ན། ། ཁྱོད་ཀྱིས་མཆོད་པ་དཔག་མེད་བསམ་མི་ཁྱབ་པས་སངས་རྒྱས་དེ་དག་མཆོད། ། དཔའ་བོ་གྲོང་ཁྱེར་དམ་པ་འདི་ནས་འབྱུང་བའི་དུས་ལ་ད་བབ་བོ། ། ཐོག་མར་ཁྱོད་ཀྱིས་དོན་ཡོད་མཐོང་ལ་སཱ་ལའི་མེ་ཏོག་གིས་ནི་མཆོད། ། རྣམ་ པར་སྣང་མཛད་ལ་ནི་དང་བའི་སེམས་ཀྱིས་སྐད་ཅིག་རབ་ཏུ་བལྟས། ། རྔ་དབྱངས་ལྡན་པ་ལ་ནི་ཁྱོད་ཀྱིས་ཨ་རུ་ར་ཡི་འབྲུ་ཅིག་ཕུལ། ། ཙན་དན་མཐོང་ནས་ཁྱོད་ཀྱིས་རྩྭ་ཡི་མེ་སྒྲོན་བླངས་ཏེ་ཁྱིམ་དུ་བཟུང་། ། རྟུལ་པོ་གྲོང་ཁྱེར་འཇུག་པ་མཐོང་ནས་ཕྱེ་མ་སྤར་གང་རབ་ཏུ་གཏོར། ། ཆོས་ཀྱི་དབང་ ཕྱུག་ཆོས་འཆད་པ་ན་ལེགས་ཞེས་བྱ་བ་རབ་ཏུ་བྱིན། ། ཀུན་ཏུ་གཟིགས་པ་མཐོང་ནས་ཕྱག་འཚལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་བརྗོད།
BO། འོད་འཕྲོ་ཆེན་པོའི་ཕུང་པོ་ལ་ནི་ཁྱོད་ཀྱིས་དགའ་བས་གསེར་ཕྲེང་གཏོར། ། འོད་ཟེར་རྒྱལ་མཚན་ལ་ནི་ཁ་ཚར་ཕུལ་ཞིང་གསལ་ལ་བལ་སྲན་གཏོར། ། ཡེ་ ཤེས་ཏོག་ལ་མྱ་ངན་མེད་པའི་མེ་ཏོག་ཁ་ལོ་སྒྱུར་ལ་འཇམ། ། རིན་ཆེན་གཙུག་ཏོར་ཅན་ལ་མར་མེ་པད་མ་ལྡན་ལ་སྨན་ཡང་ཕུལ། ། ཐམས་ཅད་ཟིལ་གནོན་མུ་ཏིག་དོ་ཤལ་རྒྱ་མཚོ་ལ་ནི་པད་མ་ཕུལ། ། པད་མའི་སྙིང་པོ་ལ་ནི་བླ་རེ་སེང་གེ་ལ་ནི་ཆར་གདིང་ཕུལ། ། སཱ་ལའི་དབང་པོ་རྒྱལ་ལ་མར་ ཕུལ་མེ་ཏོག་རྒྱས་ལ་འོ་མ་ཕུལ། ། གྲགས་སྦྱིན་ཀུན་དའི་མེ་ཏོག་ཕུལ་ཏེ་བདེན་པ་གཟིགས་ལ་ཞལ་ཟས་ཕུལ། ། ཡེ་ཤེས་ལྷུན་ལ་ལུས་བཏུད་ཀླུས་བྱིན་ལ་ནི་ན་བཟའ་དབུལ་བ་བྱས། ། རབ་མཐོར་གཤེགས་དང་ཙན་དན་མཆོག་དང་འོད་ལྡན་ལ་ནི་ཚྭ་སྤར་རེ། ། བཀོད་པ་ཆེ་ལ་པད་མ་ དབུལ་བྱས་འོད་ཟེར་རྒྱལ་ལ་རིན་ཆེན་ཕུལ། ། ཤཱཀྱ་ཐུབ་ལ་སྤར་གང་གསེར་ཕུལ་དབང་པོའི་ཏོག་ལ་བསྟོད་པ་བྱས། ། ཉི་མའི་ཞལ་ལ་མེ་ཏོག་རྣ་རྒྱན་བློ་གྲོས་བཟང་ལ་གསེར་ཅོད་པན། ། ཀླུ་ཟིལ་གནོན་ལ་ནོར་བུ་ཕུལ་ཏེ་རྒྱལ་ལ་རས་བཅོས་གདིང་བ་ཕུལ། ། སྨན་གྱི་རྒྱལ་ལ་རིན་ཆེན་ གདུགས་ཕུལ་སེང་གེའི་ཏོག་ལ་ཁྲི་གདན་ཕུལ། །
BOཡོན་ཏན་མཆོག་ལྡན་རིན་ཆེན་དྲ་བ་འོད་སྲུང་ལ་ནི་གླུ་དབྱངས་ཀུན། ། སྤོས་མཆོག་མེ་ཏོག་ཕུལ་ཞིང་འོད་འཕྲོའི་ཏོག་ལ་རྟག་ཏུ་མེ་ཏོག་ཕུལ། ། མི་འཁྲུགས་རྒྱལ་ལ་ཁང་བརྩེགས་ཕུལ་ཞིང་འཇིག་རྟེན་མཆོད་ལ་ཕྲེང་བ་ཕུལ། ། རྒྱ་སྤོས་ གཙུག་ལག་རྒྱལ་སྲིད་དབུལ་བྱས་རྒྱལ་བར་དགའ་ལ་སྤོས་ཀུན་ཕུལ། ། སྒྲོན་མ་ཆེ་ལ་བདག་ཕུལ་པད་མའི་མཆོག་ལ་རྒྱན་རྣམས་དབུལ་བ་བྱས། ། ཆོས་ཀྱི་ཏོག་ལ་མེ་ཏོག་སྣ་ཚོགས་སྒྲོན་མ་མཛད་ལ་ཨུད་པ་ལ། ། མཆོད་པ་རྣམ་པ་སྣ་ཚོགས་ཐ་དད་གཞན་དང་གཞན་དག་བྱེད་པ་ན། ། ཁྱོད་ཀྱིས་སེམས་ཅན་སྙིང་པོ་དེ་དག་རྣམས་དང་གཞན་ཡང་སྔོན་ཆད་མཆོད། ། འདས་པའི་སངས་རྒྱས་རྣམས་དང་སྟོན་པ་དེ་དག་ཁྱོད་མཆོད་དྲན་པར་གྱིས། ། སེམས་ཅན་མགོན་མེད་མྱ་ངན་གང་བ་ཡལ་བར་མ་དོར་མངོན་པར་བྱུང་། ། མར་མེ་མཛད་པ་མཐོང་བ་ཙམ་གྱིས་ཁྱོད་ཀྱིས་བཟོད་པ་ མཆོག་ཐོབ་སྟེ། ། རྗེས་སུ་འཐུན་པའི་མངོན་པར་ཤེས་པ་ལྔ་པོ་ཉམས་པ་མེད་པ་ཐོབ། ། དེ་ནས་རབ་ཏུ་དགའ་བས་བསྐལ་པ་གྲངས་མེད་འཇིག་རྟེན་ཁམས་ཀུན་དུ། ། སངས་རྒྱས་དག་ནི་རེ་རེ་ལ་ཡང་མཆོད་པ་བསམ་གྱིས་མི་ཁྱབ་བྱས། ། བསྐལ་པ་དཔག་མེད་དེ་དག་ཟད་གྱུར་སངས་རྒྱས་དེ་ དག་མྱ་ངན་འདས། །
BOཁྱོད་ཀྱི་ལུས་རྣམས་ཐམས་ཅད་དང་ནི་དེ་དག་མིང་ཡང་གང་དུ་སོང་། ། དངོས་པོ་ཐམས་ཅད་ཐ་མར་འཛད་པའི་ཆོས་ཏེ་འདུས་བྱས་རྟག་པ་མེད། ། འདོད་པ་རྒྱལ་སྲིད་ལོངས་སྤྱོད་རྟག་པ་མིན་གྱིས་གྲོང་ཁྱེར་མཆོག་ནས་བྱུང་། ། བསྐལ་པ་ཟད་པར་འགྱུར་ཚེ་གཟི་བརྗིད་དྲག་ པོ་འཇིགས་པའི་མེ་འོད་ལྟར། ། རྒ་དང་ན་དང་འཆི་བ་མི་བཟད་འཇིགས་པ་ཆེན་པོ་འོང་བར་འགྱུར། ། དངོས་པོ་ཐམས་ཅད་ཐ་མར་འཛད་པའི་ཆོས་ཏེ་འདུས་བྱས་རྟག་པ་མེད། ། ཤིན་ཏུ་སྡུག་བསྔལ་སེམས་ཅན་ལྟོས་ལ་ཡོན་ཏན་ལྡན་པ་མངོན་པར་བྱུང་། ། རྒྱལ་པོ་བདེ་བའི་མལ་ན་ཉལ་ གྱུར་ཅིང་། ། གང་ཚེ་མོ་ཚོགས་གླིང་བུ་རྒྱུད་གཅིག་དང་། ། སིལ་སྙན་སྣ་ཚོགས་སྒྲ་ཡིས་སློང་བྱེད་པ། ། དེ་ཚེ་སིལ་སྙན་སྒྲ་ལས་འདི་དག་བྱུང་། ། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། ། འཆི་མེ་རབ་འབར་འདི་ནི་མགོན་མེད་པ། ། སྲིད་ལས་འབྱུང་ལ་འགྲོ་བ་རྟག་ ཏུ་རྨོངས། ། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། ། སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ། ། འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། ། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། ། རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །
BOསྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་ རྣམས། ། མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། ། འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། ། དཔེར་ན་རྫ་མཁན་ཕང་ལོ་བསྐོར་བ་བཞིན། ། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། ། དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ། ། དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། ། དཔེར་ན་རྔོན་ པའི་རྙི་ལ་སྤྲེའུ་ཐོགས་བཞིན། ། འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། ། འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། ། རལ་གྲི་སོ་འདྲ་དུག་སྡོང་ལོ་མ་མཚུངས། ། ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས། ། འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་མོངས་བཅས། ། རྟག་ ཏུ་རྗེད་པར་བྱེད་པ་མུན་པ་འདྲ། ། རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་བསྔལ་རྩ། ། སྲིད་པའི་སྲེད་པའི་འཁྲི་ཤིང་འཕེལ་བར་བྱེད། ། ཇི་ལྟར་མེ་འབར་འོབས་ནི་འཇིགས་བཅས་པ། ། དེ་ལྟར་འདོད་འདི་འཕགས་པའི་སྐྱེ་བོས་རིག ། འདམ་རྫབ་ཆེ་འདྲ་རལ་གྲི་གཤེགས་གནས་འདྲ། ། རལ་གྲིའི་ སོ་ལ་སྦྲང་རྩིས་བསྐུས་དང་མཚུངས། ། ཇི་ལྟར་སྦྲུལ་གྱི་མགོ་དང་ངན་སྐྱུགས་སྣོད། ། དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག ། བྱ་ཤ་ཁམ་བུ་འདྲ་ཞིང་གསལ་ཤིང་འདྲ། །
BOརོ་ལ་ཁྱི་ལྟར་དགྲ་དང་བཅས་པ་ཡིན། ། འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། ། གཟུགས་བརྙན་མཚུངས་ཤིང་ བྲག་ཅ་འདྲ་བ་དང་། ། མིག་ཡོར་འདྲ་ཞིང་གར་ལ་ལྟ་འདྲ་དང་། ། རྨི་ལམ་མཉམ་པར་འཕགས་པའི་སྐྱེ་བོས་རིག ། འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། ། སྒྱུ་མ་སྨིག་རྒྱུ་འདྲ་ཞིང་{བརྫུན་,རྫུན་}པ་ཅན། ། ཆུ་བུར་དབུ་བ་ལྟ་བུ་ཡང་དག་མིན། ། ཡོངས་སུ་བཏགས་ལས་བྱུང་བར་མཁས་པས་རྟོགས། ། ན་ཚོད་ཐོག་མར་གཟུགས་མཆོག་འཛིན་པའི་ཚེ། ། ཕངས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད། ། རྒ་ན་སྡུག་བསྔལ་གཟི་བརྗིད་ལུས་བཅོམ་ནས། ། རྣམ་པར་སྤོང་སྟེ་{རི་དགས་,རི་དྭགས་}ཀླུང་སྐམ་བཞིན། ། ནོར་འབྲུ་དམ་པ་རྫས་མང་སྟོབས་ལྡན་ཚེ། ། ཕངས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད། ། ནོར་ ཉམས་སྡུག་བསྔལ་བར་ནི་གྱུར་པའི་ཚེ། ། རྣམ་པར་སྤོང་སྟེ་མི་ཡིས་འབྲོག་སྟོང་བཞིན། ། ཇི་ལྟར་མེ་ཏོག་ཤིང་དང་འབྲས་བཅས་ཤིང་། ། དེ་ལྟར་སྦྱིན་འདོད་མི་ལ་དགའ་བར་བྱེད། ། ནོར་ཉམས་རྒ་བས་ཉེན་ཅིང་སྤང་བ་ན། ། དེ་ཚེ་དགའ་བར་མི་འགྱུར་བྱ་རྒོད་བཞིན། ། རྫས་ལྡན་གཟུགས་མཆོག་ལྡན་ཚེ་ དཔོན་པོ་བཞིན། ། ཕྲད་ན་སྡུག་ཅིང་དབང་པོ་དགའ་བར་བྱེད། །
BOདགའ་ན་སྡུག་བསྔལ་ཉེན་ཅིང་ནོར་ཟད་ན། ། དེ་ཚེ་འདོད་པར་མི་འགྱུར་འཆི་བདག་བཞིན། ། རྒ་བས་རྒ་བྱས་ན་ཚོད་ཡོལ་གྱུར་ན། ། སྡོང་པོ་གནམ་ལྕགས་ཀྱིས་ནི་བཅོམ་པ་བཞིན། ། རྒ་བས་འཁོགས་ན་འཇིགས་བཅས་ཁང་རུལ་འདྲ། ། རྒ་ལས་བྱུང་བ་ཐུབ་པ་མྱུར་དུ་སྨྲོས། ། བུད་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐེམས། ། མ་ལུའི་འཁྲི་ཤིང་སཱ་ལའི་ནགས་སྟུག་བཞིན། ། རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ། ། དཔེར་ན་སྐྱེས་བུ་འདམ་དུ་བྱིང་བ་བཞིན། ། རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། ། རྒ་ བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག ། རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྱེད། ། རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག ། ནད་བརྒྱ་མང་དང་ནད་ཐིབས་སྡུག་བསྔལ་གྱིས། ། འགྲོ་བ་གཙེས་ཏེ་མི་ཡིས་{རི་དགས་,རི་དྭགས་}བཞིན། ། རྒ་དང་ན་བས་བཅོམ་པའི་འགྲོ་ལྟོས་ལ། ། སྡུག་བསྔལ་ ལས་ནི་འབྱུང་བ་མྱུར་ཤོད་ཅིག ། དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། ། རྩྭ་ཤིང་གེལ་བ་ནགས་སྨན་མདངས་ཀྱང་འཕྲོག ། དེ་ལྟར་ནད་འདི་འགྲོ་བའི་མདངས་འཕྲོག་ཅིང་། ། དབང་པོ་གཟུགས་དང་སྟོབས་ནི་ཉམས་པར་བྱེད། ། ནོར་འབྲུ་ནོར་ཆེན་ཐ་མར་ཟད་པར་བྱེད།
BO། ནད་ནི་རྟག་ཏུ་འགྲོ་བ་བརྙས་པར་བྱེད། ། གནོད་པ་བྱེད་ཅིང་སྡུག་ལ་སྡང་བར་བྱེད། ། ཡོངས་སུ་གདུང་བྱེད་མཁའ་ལས་ཉི་མ་བཞིན། ། འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། ། ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། ། ཕྱིར་མི་འོང་ཞིང་འཕྲད་པར་འགྱུར་མ་ཡིན། ། ཤིང་ལས་ལོ་འབྲུ་འདྲ་ཞིང་ཀླུ་ཡི་རྒྱན་དང་མཚུངས། ། ཞི་བ་དབང་ཡོད་པ་དག་ དབང་མེད་བྱེད། ། འཆི་བ་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། ། མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། ། རང་ལས་འབྲས་བུ་ལྡན་པས་དབང་ཡང་མེད། ། འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། ། འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། ། ཀླུ་ལ་མཁའ་ ལྡིང་གླང་ཆེན་སེང་གེ་འདྲ། ། རྩྭ་རྩི་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། ། སྐྱོན་བརྒྱ་མང་པོ་འདི་འདྲ་འདི་དག་ལས། ། འགྲོ་བ་སྒྲོལ་ཞེས་ཁྱོད་ཀྱིས་སྨོན་ལམ་བཏབ། ། སྔོན་གྱི་སྨོན་ལམ་སྤྱོད་པ་དེ་དྲན་བྱོས། ། ཁྱོད་ནི་མངོན་པར་འབྱུང་བའི་དུས་ལ་བབ། ། གང་ཚེ་བུད་མེད་ཚོགས་ནི་རབ་དགའ་ཞིང་། ། སིལ་སྙན་དག་གིས་ཐུབ་ཆེན་སློང་བྱེད་པ། ། དེ་ཚེ་བདེ་བར་གཤེགས་པ་རྣམས་ཀྱི་མཐུས། ། ཚིགས་བཅད་སྣ་ཚོགས་སིལ་སྙན་སྒྲ་ལས་བྱུང་།
BO། འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། ། མཁའ་ལ་གློག་རྒྱུན་རིང་དུ་མི་གནས་བཞིན། ། ཁྱོད་ཀྱི་དུས་འདི་ཉེ་བར་གནས་གྱུར་གྱིས། ། བརྟུལ་ ཞུགས་བཟང་པོ་མངོན་འབྱུང་དུས་ལ་བབ། ། འདུ་བྱེད་མི་རྟག་བརྟན་པ་མ་ཡིན་ཏེ། ། རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག ། གཞན་གྱི་རྫས་ནི་བརྙན་པོ་བྱས་དང་མཚུངས། ། བྱེ་མའི་གྲོང་ཁྱེར་ལྟ་བུར་རིང་མི་ཐོགས། ། འདུ་བྱེད་འདི་དག་འཇིག་པའི་ཆོས་ཅན་ཏེ། ། དབྱར་གྱི་ཞལ་ཞལ་ཇི་ལྟར་ འགོགས་པ་བཞིན། ། ཆུ་ངོགས་བྱེ་མ་ཡོད་པ་འདྲ་བ་སྟེ། ། རྐྱེན་ལ་རག་ལས་རང་བཞིན་ཉམ་ཆུང་བ། ། འདུ་བྱེད་མར་མེའི་འོད་འཕྲོ་འདྲ་བ་སྟེ། ། མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཡིན། ། རླུང་དང་མཚུངས་པར་རིང་དུ་མི་གནས་ལ། ། དབུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད། ། འདུ་བྱེད་གཡོ་བ་མེད་ ཅིང་སྟོང་པ་སྟེ། ། བརྟགས་ན་ཆུ་ཤིང་དག་གི་ཕུང་པོ་འདྲ། ། སྒྱུ་མ་ལྟ་བུར་སེམས་ནི་རྨོངས་པར་བྱེད། ། ལག་བཅངས་སྟོངས་པས་བྱིས་པ་བྲིད་དང་མཚུངས། ། འདུས་བྱས་གྱུར་པ་ཐམས་ཅད་རྒྱུ་དག་དང་། ། རྐྱེན་རྣམས་ཀྱིས་ནི་རབ་ཏུ་འབྱུང་བ་སྟེ། ། གཅིག་གིས་གཅིག་རྒྱུ་བྱས་ཏེ་བརྟེན་ནས་བྱུང་། །
BOབྱིས་པའི་སྐྱེ་བོས་འདི་འདྲ་དེ་མ་རྟོགས། ། དཔེར་ན་གྲེས་མ་མུན་ཛ་བརྟེན་བྱས་ལ། ། རྩོལ་བའི་སྟོབས་ཀྱིས་ཐག་པར་སྒྱུར་བ་དང་། ། ཟོ་ཆུན་རྒྱུད་མོ་འཁོར་ལོར་བཅས་པ་ཡང་། ། དེ་དག་རེ་རེས་འགྲུབ་པར་འགྱུར་བ་མེད། ། དེ་ལྟར་སྲིད་པའི་ཡན་ལག་ཀུན་གྲུབ་པ། ། གཞན་དང་གཞན་ཚོགས་པ་ལ་ བརྟེན་ནས་ནི། ། དེ་དག་སོ་སོ་རེ་རེར་འགྲུབ་པར་འགྱུར། ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས། ། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། ། ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། ། དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། ། དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། ། མ་རིག་པ་ཡི་འདུ་བྱེད་རྐྱེན་ཡིན་ ཏེ། ། འདུ་བྱེད་དེ་ཡང་ཡང་དག་ཉིད་དུ་མེད། ། མ་རིག་པ་དང་འདུ་བྱེད་དེ་དག་ཀྱང་། ། རང་བཞིན་སྟོང་སྟེ་གཡོ་བ་མེད་པ་ཡིན། ། རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི། ། རྒྱ་དེ་འཕོས་པར་གྱུར་པའང་ཡོད་མ་ཡིན། ། དེ་ལ་དེ་མེད་གཞན་ལས་མ་ཡིན་ཏེ། ། དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། ། མིག་དང་གཟུགས་ལ་བརྟེན་པ་བྱས་ནས་སུ། ། མིག་གི་རྣམ་པར་ཤེས་པ་འདིར་འབྱུང་ཡང་། ། མིག་ནི་གཟུགས་ལ་བརྟེན་པ་མ་ཡིན་ལ། ། གཟུགས་ཀྱང་མིག་ལ་འཕོ་བ་ཡོད་མ་ཡིན། །
BOའདི་དག་བདག་མེད་མི་སྡུག་ཆོས་ཅན་ཡང་། ། དེ་དག་བདག་དང་སྡུག་པར་བརྟགས་པ་སྟེ། ། ནོར་པ་ཡང་ དག་མ་ཡིན་བརྟགས་ཡིན་ཡང་། ། དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་། ། རྣམ་པར་ཤེས་པ་འགགས་ནས་འབྱུང་འགྱུར་ཏེ། ། མཁས་པས་སྐྱེ་དང་འཇིག་པ་རྣམ་པར་མཐོང་། ། གང་དུ་མ་སོང་གང་ནས་འོངས་པ་མིན། ། རྣལ་འབྱོར་པས་ནི་སྟོང་པ་སྒྱུ་ལྟར་མཐོང་། ། དཔེར་ན་ གཙུབ་ཤིང་དང་ནི་གཙུབ་སྟན་དང་། ། ལག་པས་རྩོལ་བ་བྱས་པ་གསུམ་ཚོགས་པ། ། དེ་ལ་བརྟེན་ནས་མེ་ནི་འབྱུང་འགྱུར་ཏེ། ། བྱུང་ནས་རིང་པོར་མི་ཐོགས་འགག་པར་འགྱུར། ། དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། ། འདི་ནི་གང་ནས་འོངས་ལ་གར་སོང་ཞེས། ། ཕྱོགས་དང་ཕྱོགས་ མཚམས་ཀུན་ཏུ་བརྟགས་བྱས་ནས། ། དེ་ཡི་འོང་བའམ་འགྲོ་བ་མི་དམིགས་སོ། ། ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ཀྱི། ། རྐྱེན་ནི་མ་རིག་པ་དང་སྲེད་དང་ལས། ། དེ་དག་ཚོགས་པ་སེམས་ཅན་ཞེས་བརྗོད་ཀྱང་། ། དེ་ནི་དམ་པའི་དོན་དུ་དམིགས་སུ་མེད། ། མཆུ་དང་ལྐོག་མ་རྐན་ལ་ བརྟེན་ནས་ནི། ། ལྕེ་བསྒྱུར་བ་ལས་ཡི་གེའི་སྒྲ་འབྱུང་ཡང་། ། ལྐོག་མར་བརྟེན་ནས་མ་ཡིན་རྐན་ལས་མིན། ། རེ་རེ་ལ་ནི་ཡི་གེ་དམིགས་སུ་མེད། །
BOཚོགས་པ་དེ་ལ་བརྟེན་ནས་ངག་དེ་ནི། ། ཡིད་ཀྱི་བློ་ཡི་དབང་གིས་འབྱུང་མོད་ཀྱི། ། ཡིད་དང་ངག་ནི་མི་སྣང་གཟུགས་མེད་དེ། ། ནང་དང་ཕྱི་རོལ་ན་ ཡང་དམིགས་སུ་མེད། ། མཁས་པས་ངག་སྐད་སྒྲ་དང་དབྱངས་རྣམས་ཀྱི། ། སྐྱེ་དང་འཇིག་ལ་རྣམ་པར་བརྟགས་བྱས་ན། ། དེ་ཚེ་ངག་ཀུན་བྲག་ཅ་ལྟ་བུ་དང་། ། སྐད་ཅིག་པ་དང་སྙིང་པོ་མེད་པར་མཐོང་། ། དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ལ། ། ལག་པས་རྩོལ་བ་བྱས་པ་ གསུམ་ཚོགས་ན། ། སྒྲ་སྙན་པི་བང་གླིང་བུ་ལ་སོགས་པ། ། དེ་དག་ལས་ནི་སྒྲ་ཡང་འབྱུང་བར་འགྱུར། ། དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། ། འདི་ནི་གང་ནས་འོངས་ལ་གར་སོང་ཞེས། ། ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟགས་བྱས་ན། ། སྒྲ་ཡི་འོང་བའམ་འགྲོ་བ་མི་དམིགས་སོ། ། དེ་ལྟར་རྒྱུ་དག་དང་ནི་རྐྱེན་རྣམས་ལས། ། འདུ་བྱེད་གྱུར་པ་ཐམས་ཅད་བྱུང་བ་སྟེ། ། ཡང་དག་མཐོང་བའི་རྣལ་འབྱོར་པ་ཡིས་ནི། ། འདུ་བྱེད་སྟོང་པ་གཡོ་བ་མེད་པར་མཐོང་། ། ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། ། ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། ། ཐམས་ཅད་བདག་གིས་དབེན་ཞིང་ གནས་མེད་ལ། ། ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །
BOཆོས་ཀྱི་མཚན་ཉིད་འདི་འདྲ་འདི་དག་ནི། ། མར་མེ་མཛད་པ་མཐོང་ནས་ཁྱོད་ཀྱིས་རྟོགས། ། ཇི་ལྟར་ཉིད་ཀྱིས་རྗེས་སུ་རྟོགས་པ་ལྟར། ། དེ་བཞིན་ལྷ་མིར་བཅས་པ་རྟོགས་པར་གྱིས། ། གནོད་པ་ཡང་དག་མ་ཡིན་བརྟགས་པ་ཡི། ། འདོད་ ཆགས་ཞེ་སྡང་དག་གིས་འགྲོ་བ་གདུངས། ། སྙིང་རྗེའི་སྤྲིན་ལས་ཞི་བ་བསིལ་བའི་ཆུ། ། འདྲེན་པ་བདུད་རྩི་རྒྱུན་ནི་རབ་ཏུ་ཕོབ། ། བྱང་ཆུབ་དམ་པ་ཡང་དག་ཐོབ་ནས་ནི། ། འཕགས་པའི་ནོར་གྱིས་སྲོག་ཆགས་བསྡུའོ་ཞེས། ། མཁས་པ་ཁྱོད་ཀྱིས་གང་གི་ཆེད་ཀྱི་ཕྱིར། ། བསྐལ་པ་བྱེ་བ་མང་པོར་སྦྱིན་ པ་བྱིན། ། སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ཏེ། ། འཕགས་པའི་ནོར་གྱིས་དམན་དབུལ་སྡུག་བསྔལ་ལ། ། སེམས་ཅན་ཁ་ལོ་སྒྱུར་བ་མ་གཡེལ་བར། ། འཕགས་པའི་ནོར་གྱིས་དེ་དག་བསྡུ་བར་གྱིས། ། ངན་སོང་ས་ཡི་ལམ་ནི་བཅད་པ་དང་། ། མཐོ་རིས་བདུད་རྩིའི་སྒོ་མོ་མཆོག་དེ་ནི། ། སེམས་ ཅན་བྱེ་བ་མང་ལ་བསྟན་ཞེས་ཏེ། ། ཁྱོད་ཀྱིས་རྟག་ཏུ་ཚུལ་ཁྲིམས་ཤིན་ཏུ་བསྲུངས། ། ཚུལ་ཁྲིམས་ལྡན་པས་བསམས་པ་འགྲུབ་འགྱུར་གྱིས། ། སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ལ། ། ངན་སོང་གསུམ་པོའི་ས་ཡི་སྒོ་ཆོད་དེ། །
BOམཐོ་རིས་བདུད་རྩིའི་སྒོ་ནི་དབྱེ་བར་གྱིས། ། སྲོག་ཆགས་རྣམས་ཀྱི་ ཁོང་ཁྲོ་ཁྲོ་གཞིལ་དང་། ། སྲིད་པའི་མཚོ་ལས་སེམས་ཅན་བསྒྲལ་བྱས་ཏེ། ། ཞི་བདེ་རིམས་ནད་མེད་ལ་དགོད་དོ་ཞེས། ། ཁྱོད་ཀྱིས་རྟག་ཏུ་བཟོད་པ་ཤིན་ཏུ་བསྒོམས། ། སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ཏེ། ། དགྲ་དང་གནོད་སེམས་འཚེ་བས་དཀྲུགས་པ་ཡི། ། འཚེ་བ་སྤྱོད་པ་ཡལ་བར་མ་དོར་བར། ། འགྲོ་བ་འདི་དག་བཟོད་པའི་ས་ལ་ཁོད། ། ཆོས་ཀྱི་གྲུ་ནི་ལེགས་པར་སྦྱར་བྱས་ལ། ། སྲིད་པའི་མཚོ་ལས་འགྲོ་བ་རྣམས་བསྒྲལ་ཏེ། ། ཞི་བདེ་རིམས་ནད་མེད་ལ་དགོད་དོ་ཞེས། ། གང་གི་དོན་དུ་ཁྱོད་ཀྱིས་བརྩོན་འགྲུས་བརྟེན། ། སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ལ། ། འགྲོ་བ་ཆུ་བོ་བཞི་ཡིས་ཁྱེར་གྱུར་པ། ། སེམས་ཅན་མགོན་མེད་པ་དག་བརྩོན་སྟོབས་དང་། ། བརྟུལ་བའི་ཤུགས་ཀྱིས་མྱུར་དུ་འདི་དག་ཐོན། ། དབང་པོ་འཁྲུལ་དང་ཕལ་པའི་དབང་པོ་དང་། ། སྤྲེའུ་འདྲའི་སེམས་ལས་ཞི་གནས་ངས་དགོད་ཅེས། ། འདྲེན་པ་ཁྱོད་ཀྱིས་གང་གི་ཆེད་ཀྱི་ཕྱིར། ། ཉོན་མོངས་གཞིལ་བའི་བསམ་གཏན་བསྒོམས་གྱུར་ པ། ། སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ཏེ། །
BOཉོན་མོངས་དྲ་བས་དཀྲུགས་པར་གྱུར་པ་ཡི། ། འགྲོ་ལ་མ་གཡེལ་ཉོན་མོངས་གཙེས་པ་ལས། ། བསམ་གཏན་མཆོག་ལ་སྐྱེ་དགུ་འདི་དག་ཁོད། ། གཏི་མུག་མ་རིག་མུན་པས་བསྒྲིབས་པ་ཡི། ། འགྲོ་ལ་ཆོས་བརྒྱ་མང་པོ་མཐོང་བྱེད་པ། ། ཡང་དག་ མཐོང་བའི་མིག་ནི་སྦྱིན་ནོ་ཞེས། ། ཁྱོད་ཀྱིས་སྔོན་ཆད་ཤེས་རབ་ཤིན་ཏུ་བསྒོམས། ། སྔོན་གྱིས་སྤྱོད་དེ་རྗེས་སུ་དྲན་གྱིས་ལ། ། གཏི་མུག་མ་རིག་མུན་པས་བསྒྲིབས་པ་ཡི། ། འགྲོ་ལ་ཤེས་རབ་དམ་པ་འོད་བཟང་བ། ། ཆོས་མིག་དྲི་མེད་ཉོན་མོངས་མེད་པ་བྱིན། ། བུད་མེད་རྣམས་ཀྱི་སིལ་སྙན་གླུ་དབྱངས་ ལས། ། ཚིགས་སུ་བཅད་པ་འདི་འདྲ་འདི་བྱུང་སྟེ། ། དེ་ཐོས་ནས་ནི་རྒྱགས་པ་རྣམ་སྤངས་ནས། ། བྱང་ཆུབ་དམ་པ་མཆོག་ཏུ་སེམས་བཏང་ངོ་། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་ན་འདུག་པའི་ཚེ་ཡང་ཆོས་མཉན་པ་དང་བྲལ་བར་མ་གྱུར་ཏོ། ། ཆོས་ཡིད་ལ་བྱེད་པ་ དང་བྲལ་བར་མ་གྱུར་ཏོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་ཆོས་དང་ཆོས་སྨྲ་བ་རྣམས་ལ་གུས་པ་དང་བཅས་པར་གྱུར་ཅིང་། བསམ་པ་ཐག་པ་ནས་ཆོས་དོན་དུ་གཉེར་བ། ཆོས་འདོད་པ།
BOཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་གྱུར་པ། ཆོས་ཚོལ་བས་ངོམས་མི་ཤེས་པ། ཇི་ལྟར་ཐོས་པའི་ཆོས་ཡང་དག་པར་སྟོན་པ། བླ་ན་མེད་པའི་ཆོས་ཆེན་པོའི་སྦྱིན་བདག་ཏུ་གྱུར་པ། ཟང་ཟིང་མེད་པར་ཆོས་སྟོན་པ། ཆོས་སྦྱིན་པ་ལ་སེར་སྣ་མེད་པ། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བ། ཆོས་ ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པ། ཆོས་ལ་ནན་ཏན་བྱེད་པ་ལ་དཔའ་བ། ཆོས་ལ་གནས་སུ་འཛིན་པ། ཆོས་ལ་སྐྱབས་སུ་འཛིན་པ། ཆོས་ལ་དཔུང་གཉེན་དུ་འཛིན་པ། ཆོས་ལ་རྟོན་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པས་ངེས་པར་བྱུང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱད་པ་སྟེ། ཐབས་ལ་མཁས་པས་རྟོགས་པར་ཁོང་དུ་ཆུད་པ་ཡིན་ནོ། ། དགེ་སློང་དག་དེ་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཆེན་པོས་རྣམ་པར་རྩེ་ཞིང་བཙུན་མོའི་འཁོར་ཐམས་ཅད་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྤྱོད་ལམ་ནི་བསྟན། སྔོན་གྱི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམས་ཀྱི་འཇིག་རྟེན་དང་འཐུན་པར་བྱ་བའི་ཆོས་ཉིད་དང་འཐུན་པར་ནི་བྱས།
BOཡུན་རིང་པོ་ནས་འདོད་པའི་སྐྱོན་ཤིན་ཏུ་རྟོགས་པ་ཡིན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་གིས་འདོད་པའི་ལོངས་སྤྱོད་ནི་ཀུན་ཏུ་བསྟན། དགེ་བའི་རྩ་བ་དཔག་ ཏུ་མེད་པ་བསགས་པའི་བསོད་ནམས་ཀྱི་སྟོབས་ཀྱི་ཚོགས་ཀྱི་ཁྱད་པར་གྱིས་འཇིག་རྟེན་གྱི་དབང་དུ་བྱ་བ་མཚུངས་པ་མེད་པ་ནི་ཀུན་ཏུ་བསྟན། ལྷའི་དང་མིའི་ལས་ཤིན་ཏུ་འདས་པ་སྙིང་པོ་དང་ལྡན་ཞིང་རྒྱ་ཆེ་ལ། རྣམ་པ་ཐ་དད་པ་སྣ་ཚོགས་ཀྱི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ མཆོག་ཏུ་དགའ་བ་ཉམས་དགའ་བའི་འདོད་པའི་དགའ་བའི་བདེ་བ་ནི་བསྟན། འདོད་པའི་དགའ་བའི་ཡུལ་ཐམས་ཅད་ལ་འཛིན་པ་མེད་པར་རང་གི་སེམས་ལ་དབང་བསྒྱུར་བ་ནི་བསྟན། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གྲོགས་སུ་གྱུར་པ། དགེ་བའི་རྩ་བ་བསགས་པའི་སེམས་ཅན་རྣམས་ནི་ མཚུངས་པར་གནས་པས་ཡོངས་སུ་སྨིན་པར་བྱས་ནས། འཇིག་རྟེན་གྱི་ཀུན་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་ཀྱིས་ནི་སེམས་ལ་ཀུན་ནས་ཉོན་མོངས་པ་མེད་པར་བཙུན་མོའི་འཁོར་གྱི་ནང་ན་གནས་ཏེ། ཇི་ལྟར་མགྲོན་དུ་གཉེར་བའི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ དུས་ལ་ལྟ་ཞིང་།
BOདེའི་ཚེ་བྱང་ཆུབ་སེམས་དཔའ་ཤིན་ཏུ་རྒྱ་ཆེར་སྔོན་གྱི་དམ་བཅས་པ་རྗེས་སུ་དྲན་ནོ། ། སངས་རྒྱས་དང་ཆོས་ཀྱང་མངོན་དུ་བྱེད་དོ། ། སྨོན་ལམ་གྱི་སྟོབས་ཀྱང་མངོན་པར་སྒྲུབ་བོ། ། སེམས་ཅན་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་གཏོང་ངོ་། ། སེམས་ཅན་རབ་ཏུ་ཐར་བར་བྱ་བར་ཡང་ སེམས་སོ། ། འབྱོར་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པ་ཡིན་པར་ཡང་སོ་སོར་རྟོག་གོ། ། འཁོར་བ་ལ་གནོད་པ་དང་། འཇིགས་པ་མང་པོ་དུ་མ་ཡོད་པར་ཡང་རྟོག་གོ། ། བདུད་དང་ཉེས་པའི་ཞགས་པ་ཡང་ཡང་དག་པར་གཅོད་དོ། ། འཁོར་བའི་རྒྱུད་ལས་ཀྱང་བདག་ཉིད་འདའ་བར་བྱེད་དོ། ། མྱ་ངན་ལས་འདས་ པ་ལ་ཡང་སེམས་ཡང་དག་པར་གཏོད་དོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དགུ་པ། དགེ་སློང་དག་དེ་ལ་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐའ་ཉིད་ནས་ཀྱང་འཁོར་བའི་སྐྱོན་ཤིན་ཏུ་རིག་པ་ཡིན། འདུས་བྱས་ལ་བསམ་པ་ཐག་པ་ནས་དོན་དུ་མི་གཉེར་བ་ཡིན། ཉེ་བར་ལེན་པ་ཡོངས་སུ་འཛིན་པ་ཐམས་ཅད་དོན་དུ་མི་གཉེར་བ་ཡིན། སངས་རྒྱས་ཀྱི་ཆོས་དོན་དུ་གཉེར་བ་ཡིན། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་ཡིན། འཁོར་བ་ལ་རྒྱབ་ཀྱིས་བལྟས་པ་ཡིན།
BOདེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་མངོན་དུ་དགའ་བ་ཡིན། བདུད་ཀྱི་སྤྱོད་ཡུལ་ དང་མ་འདྲེས་པ་ཡིན། སྲིད་པ་ལ་འབར་བར་སྐྱོན་དུ་མཐོང་བ་ཡིན། ཁམས་གསུམ་པ་ལས་བྱུང་བའི་བསམ་པ་ཅན་ཡིན། འཁོར་བའི་སྐྱོན་དང་ཉེས་དམིགས་དང་འབྱུང་བ་ལ་མཁས་པ་ཡིན། རབ་ཏུ་འབྱུང་བར་འདོད་པ་ཡིན། མངོན་པར་འབྱུང་བའི་བསམ་པ་ཅན་ཡིན། བདེན་པ་ལ་གཞོལ་བ་ཡིན། བདེན་པ་ལ་འབབ་ པ་ཡིན། དབེན་པ་ལ་བབ་པ་ཡིན། དགོན་པ་དང་བས་མཐར་མངོན་པར་དགའ་བ་ཡིན། རབ་ཏུ་དབེན་པས་རབ་ཏུ་ཞི་བར་འདོད་པ་ཡིན། བདག་དང་གཞན་ལ་ཕན་པར་ཞུགས་པ་ཡིན། བླ་ན་མེད་པའི་ནན་ཏན་ལ་དཔའ་བ་ཡིན། འཇིག་རྟེན་གྱི་དོན་དུ་འདོད་པ་ཡིན། ཕན་པར་འདོད་པ་ ཡིན། བདེ་བར་འདོད་པ་ཡིན། གྲུབ་པ་དང་བདེ་བར་འདོད་པ་ཡིན། འཇིག་རྟེན་ལ་སྙིང་བརྩེ་བ་ཅན་ཡིན། ཕན་པར་འདོད་པ་ཅན་ཡིན། བྱམས་པ་ལ་གནས་པ་ཅན་ཡིན། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན། བསྡུ་བའི་དངོས་པོ་ལ་མཁས་པ་ཡིན། རྟག་ཏུ་ཡིད་ཡོངས་སུ་མི་སྐྱོ་བ་ཡིན། སེམས་ ཅན་ཡོངས་སུ་སྨིན་པར་བྱ་བ་དང་འདུལ་བ་ལ་མཁས་པ་ཡིན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སྡུག་པར་སེམས་པ་ཡིད་ལ་བྱེད་པ་དང་ལྡན་པ་ཡིན།
BOདངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་བཏང་བ་ཡིན། སྦྱིན་པ་འགེད་པ་ལ་དགའ་བ་ཡིན། ལྷུག་པར་གཏོང་བ་ཡིན། ལག་པ་བརྐྱང་བ་ཡིན། གཏོང་བ་ལ་དཔའ་བ་ཡིན། མཆོད་སྦྱིན་བྱས་པ་ཡིན། བསོད་ནམས་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན། བསོད་ནམས་ཀྱི་ཡོ་བྱད་ཤིན་ཏུ་བཟུང་བ་ཡིན། དྲི་མ་དང་སེར་སྣ་དང་བྲལ་བ་ཡིན། སེམས་ཀུན་ཏུ་མ་བཟུང་བ་ཡིན། བླ་ན་མེད་ པའི་སྦྱིན་བདག་ཆེན་པོ་ཡིན། བྱིན་ནས་ཀྱང་རྣམ་པར་སྨིན་པ་ལ་མི་རེ་བ་ཡིན། སྦྱིན་པ་ལ་དཔའ་བ་ཡིན། འདོད་པ་དང་། འདོད་པ་ཆེ་བ་དང་། ཆགས་པ་དང་། ཞེ་སྡང་དང་། རྒྱགས་པ་དང་། ང་རྒྱལ་དང་། གཏི་མུག་དང་། སེར་སྣ་ལ་སོགས་པ་ཉོན་མོངས་པའི་ དགྲའི་ཚོགས་ཕྱིར་རྒོལ་བ་ཐམས་ཅད་ཚར་གཅད་པའི་ཕྱིར་མངོན་པར་བྱུང་བ་ཡིན། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པའི་རྒྱུན་ལས་མི་གཡོ་བ་ཡིན། གཏོང་བ་ཆེན་པོའི་སེམས་ཀྱི་གོ་ཆ་ཤིན་ཏུ་བགོས་པ་ཡིན། འཇིག་རྟེན་ལ་སྙིང་བརྩེ་བ་ཅན་ཡིན། ཕན་པར་འདོད་པ་ཅན་ཡིན། ཡ་ ལད་བགོས་པ་ཡིན། གོ་ཆ་བགོས་པ་ཡིན། སེམས་ཅན་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པ་ཡིན། སྙིང་རྗེ་ཆེན་པོའི་སྟོབས་དང་རྣམ་པར་གནོན་པ་དང་། ཕ་རོལ་གནོན་པ་དང་ལྡན་པ་ཡིན། ཕྱིར་མི་ལྡོག་པ་ཡིན།
BOསེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡིན། གཏོང་བའི་ལག་ ཆ་ཅན་ཡིན། སེམས་ཅན་གྱི་བསམ་པ་དང་རེ་བ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པ་ཡིན། བྱང་ཆུབ་ཀྱི་སྣོད་དུ་གྱུར་པ་ཡིན། དུས་དང་ཕྱད་པར་ཆོས་རྟོགས་པ་ཡིན། སྨོན་ལམ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན། རྒྱལ་མཚན་མ་བསྙལ་བ་ཡིན། འཁོར་གསུམ་ཡོངས་སུ་དག་པའི་ སྦྱིན་པ་ཡོངས་སུ་གཏོང་བ་དང་ལྡན་པ་ཡིན། ཡེ་ཤེས་མཆོག་གི་རྡོ་རྗེའི་མཚོན་ཆ་སྲ་བ་དང་ལྡན་པ་ཡིན། ཉོན་མོངས་པའི་ཕྱིར་རྒོལ་བ་ཤིན་ཏུ་ཚར་གཅོད་པ་ཡིན། ཚུལ་ཁྲིམས་དང་། ཡོན་ཏན་དང་། སྤྱོད་པ་ལ་ཞུགས་པ་ཡིན། ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ལེགས་ པར་བསྲུངས་པ་ཡིན། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་ཡིན། ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན། དྲི་མ་མེད་ཅིང་དྲི་མ་དང་བྲལ་ལ་དྲི་མ་སྤངས་པའི་སེམས་དང་ལྡན་པ་ཡིན། ངན་དུ་སྨྲས་པ་དང་། ངན་དུ་བརྗོད་པའི་ཚིག་གི་ལམ་དང་། བརྒྱད་པ་དང་། སྤྱོ་བ་དང་། སྨད་ པ་དང་། བཤུང་བ་དང་། བརྡེག་པ་དང་། བསྡིགས་པ་དང་། བསད་པ་དང་། བཅིང་བ་དང་། གཟུང་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་སེམས་མ་བརྙོགས་པ་ཡིན། སེམས་མ་འཁྲུགས་པ་ཡིན།
BOབཟོད་པ་དང་དེས་པ་ཕུན་སུམ་ཚོགས་པ་ཡིན། གནོད་པར་མི་སེམས་པ་ཡིན། གནོད་པ་ མི་བྱེད་པ་ཡིན། གནོད་སེམས་མེད་པའི་སེམས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་བརྩོན་འགྲུས་འབར་བ་བརྩམས་པ་ཡིན། ཡི་དམ་ལ་བརྟེན་པ་ཡིན། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ལ་ཕྱིར་མི་ལྡོག་པ་ཡིན། དྲན་པ་དང་ལྡན་པ་ཡིན། ཤེས་བཞིན་ཅན་ཡིན། ཤིན་ཏུ་མཉམ་པར་བཞག་པ་ཡིན། སེམས་མ་གཡེངས་པ་ཡིན། བསམ་གཏན་ལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པ་ཡིན། ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་ཡིན། སྣང་བ་ཐོབ་པ་ཡིན། མུན་པ་མུན་གནག་དང་བྲལ་བ་ཡིན། མི་རྟག་པ་དང་སྡུག་བསྔལ་ བ་དང་། བདག་མེད་པ་དང་། མི་སྡུག་པའི་རྣམ་པར་སེམས་ཡོངས་སུ་བསྒོམས་པ་ཡིན། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ ཐམས་ཅད་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པའི་ཡིད་ལ་བྱེད་པ་དང་ལྡན་པ་ཡིན། ཞི་གནས་དང་ལྷག་མཐོང་གིས་ཤིན་ཏུ་དཀར་བར་བྱས་པའི་བློ་དང་ལྡན་པ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་ཡིན།
BOབདེན་པ་རྗེས་སུ་རྟོགས་པས་གཞན་གྱི་དྲིང་མི་འཇོག་པ་ཡིན། རྣམ་པར་ཐར་ པའི་སྒོ་གསུམ་གྱིས་རྣམ་པར་རྩེ་བ་ཡིན། ཆོས་ཐམས་ཅད་ཀྱི་ཚུལ་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། བྲག་ཅ་དང་། མིག་ཡོར་ལྟ་བུར་རྟོགས་པ་ཡིན་ནོ། ། དགེ་སློང་དག་བྱང་ཆུབ་སེམས་དཔའ་དེ་ནི་དེ་ལྟར་རང་བཞིན་གྱིས་ཆོས་ལ་གནས་པ་ཡིན། དེ་ལྟར་ཡེ་ཤེས་ལ་གནས་པ་ཡིན། དེ་ལྟར་ཡོན་ཏན་གྱི་ཆེ་བ་ཉིད་ལ་གནས་པ་ཡིན། དེ་ལྟར་སེམས་ཅན་གྱི་དོན་ལ་བརྩོན་པར་གནས་པ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པས་སིལ་སྙན་དང་གླུ་དབྱངས་ལས་བྱུང་བའི་ཚིགས་སུ་བཅད་པ་དེ་དག་གིས་རྒྱ་ཆེར་བསྐུལ་བ་ དང་། དེའི་ཚེ་སྔོན་གྱི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་གྱུར་པ་རྣམས་ཀྱི་བཙུན་མོའི་འཁོར་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཀྱི་སྒོ་བཞི་མངོན་དུ་བྱེད་དོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱ་བ་དང་། དོན་འཐུན་པ་བསྡུ་བའི་དངོས་པོ་ བཞི་ལ་སྦྱོར་བ་སྒྲུབ་པ་རྣམ་པར་དག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྱེད་པ་དང་།
BOདཀོན་མཆོག་གསུམ་གྱི་རིགས་ཡང་དག་པར་འཛིན་པའི་བསམ་པ་ཆུད་མི་ཟ་བའི་ཐམས་ཅད་མཁྱེན་པའི་སེམས་སྨོན་ལམ་གྱི་སྟོབས་བསྐྱེད་པའི་ཕྱིར་མི་ལྡོག་པའི་ཡུལ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྱེད་པ་ དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ལྷག་པའི་བསམ་པ་སྙིང་རྗེ་ཆེན་པོའི་སྟོབས་ལ་ཞུགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་དང་། དོན་ལ་རྣམ་པར་ངེས་པའི་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱི་ཁྱད་པར་ཡང་ དག་པར་སྒྲུབ་པ་བཀོད་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྱེད་པའོ། ། བྱང་ཆུབ་སེམས་དཔས་ཆོས་ཀྱི་སྒོ་བཞི་པོ་དེ་དག་མངོན་དུ་བྱས་ནས། བཙུན་མོའི་འཁོར་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེའི་ཚེ། རྣམ་པ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་ བྱང་ཆུབ་སེམས་དཔའི་མཐུས་སིལ་སྙན་དང་གླུ་དབྱངས་དེ་དག་ལས་ཆོས་ཀྱི་སྒོ་རྣམ་པ་འདི་ལྟ་བུ་བརྒྱ་སྟོང་འབྱུང་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱེད་དོ། ། མོས་པ་རྒྱ་ཆེན་དང་ནི་བསམ་པ་དང་། ། ལྷག་པའི་བསམ་དང་སྲོག་ཆགས་སྙིང་རྗེ་བས།
BO། བྱང་ཆུབ་དམ་པའི་ མཆོག་ཏུ་སེམས་སྐྱེ་ཞེས། ། དེ་འདྲའི་སྒྲ་དག་སིལ་སྙན་རྣམས་ལས་བྱུང་། ། དང་ཞིང་དད་དང་མོས་དང་གུས་པ་དང་། ། ང་རྒྱལ་མེད་ཅིང་བླ་ལ་འདུད་པ་དང་། ། འདྲི་དང་དགི་བ་ཅི་ཞེས་ཚོལ་བ་དང་། ། རྗེས་སུ་དྲན་པ་བསྒོམས་པའི་སྒྲ་བྱུང་ངོ་། ། སྦྱིན་དང་དུལ་དང་སྡོམ་དང་ཚུལ་ཁྲིམས་སྒྲ། ། བཟོད་པའི་སྒྲ་དང་དེ་བཞིན་བརྩོན་འགྲུས་སྒྲ། ། བསམ་གཏན་མངོན་པར་སྒྲུབ་དང་ཏིང་འཛིན་སྒྲ། ། ཤེས་རབ་དང་ནི་ཐབས་ཀྱི་སྒྲ་ཡང་བྱུང་། ། བྱམས་པའི་སྒྲ་དང་དེ་བཞིན་སྙིང་རྗེའི་སྒྲ། ། དགའ་དང་བཏང་སྙོམས་མངོན་པར་ཤེས་པའི་སྒྲ། ། བསྡུ་བའི་དངོས་པོ་བཞི་པོ་རྣམ་ངེས་པས། ། སེམས་ཅན་ ཡོངས་སུ་སྨིན་བྱའི་སྒྲ་ཡང་བྱུང་། ། དྲན་པ་ཉེ་བར་གཞག་པ་རབ་དབྱེ་སྒྲ། ། ཡང་དག་སྤོང་དང་དེ་བཞིན་རྫུ་འཕྲུལ་དང་། ། དབང་པོ་ལྔ་དང་སྟོབས་ལྔ་རབ་དབྱེ་དང་། ། བྱང་ཆུབ་ཡན་ལག་སྒྲ་ནི་སིལ་སྙན་བྱུང་། ། ཡན་ལག་བརྒྱད་པའི་འཕགས་ལམ་མཆོག་དབྱེ་དང་། ། ཞི་གནས་སྒྲ་དང་དེ་ བཞིན་ལྷག་མཐོང་དང་། ། མི་རྟག་པ་དང་སྡུག་བསྔལ་བདག་མེད་སྒྲ། ། མི་སྡུག་སྒྲ་ཡང་སིལ་སྙན་རྣམས་ལས་བྱུང་། ། འདོད་ཆགས་བྲལ་སྒྲ་དེ་བཞིན་དབེན་པའི་སྒྲ། །
BOཟད་པ་ཤེས་པའི་སྒྲ་དང་མི་སྐྱེ་སྒྲ། ། འགོག་པའི་སྒྲ་དང་དེ་བཞིན་གནས་མེད་སྒྲ། ། མྱ་ངན་འདས་པའི་སྒྲ་ཡང་སིལ་སྙན་ བྱུང་། ། རྫོགས་པའི་བྱང་ཆུབ་སེམས་དཔའི་མཐུ་ཡིས་ན། ། སྙིལ་སྙན་དག་ལས་འདི་འདྲའི་སྒྲ་བྱུང་སྟེ། ། སྒྲ་དེ་ཐོས་ནས་བུད་མེད་ཐམས་ཅད་ཀྱིས། ། སེམས་ཅན་མཆོག་རབ་རྗེས་བསླབས་བྱང་ཆུབ་སྨོན། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་ན་འདུག་པས་བུད་ མེད་བརྒྱད་ཁྲི་བཞི་སྟོང་དང་། ལྷའི་བུ་བརྒྱ་སྟོང་མང་པོ་གང་དག་དེར་འདུས་པར་གྱུར་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བའི་དུས་ལ་བབ་པ་དང་། དགའ་ལྡན་གྱི་རིས་ཀྱི་ལྷའི་ བུ་ཁྲེལ་ཡོད་པའི་ལྷ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེས་མཚན་མོ་མི་ཉལ་ཙམ་ན། ལྷའི་བུ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་ཅིང་མདུན་དུ་བདར་ཏེ་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱ་བའི་ཕྱིར་ཁང་{བཟངས་,བཟང་}ག་ལ་བ་དེར་སོང་སྟེ་ཕྱིན་ནས་ནམ་ མཁའི་དཀྱིལ་ན་འདུག་སྟེ།
BOབྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཤི་འཕོ་བ་ནི་ཤིན་ཏུ་བསྟན། ། སྐྱེས་བུ་སེང་གེས་ཚེ་ཡང་བསྟན། ། བཙུན་མོའི་འཁོར་ཡང་བསྟན་པ་མཛད། ། ཁྱོད་ཀྱིས་འཇིག་རྟེན་རྗེས་འཐུན་མཛད། ། འཇིག་རྟེན་ཆོས་ནི་རྗེས་ཐོབ་པས། ། ལྷ་མི་མང་ པོ་ཡོངས་སྨིན་མཛད། ། མངོན་པར་འབྱུང་བའི་བློ་དགོངས་པའི། ། དེ་ཡི་དུས་ལ་དེང་བབ་བོ། ། མ་གྲོལ་བས་ནི་དགྲོལ་མི་ནུས། ། ལོང་བས་ལམ་ཡང་སྟོན་མི་ནུས། ། གྲོལ་བས་དགྲོལ་བར་བྱེད་པར་ནུས། ། མིག་ལྡན་ལོང་བ་ལམ་སྟོན་ནུས། ། སེམས་ཅན་གང་དག་འདོད་ པས་འཁོལ། ། ཁྱིམ་ནོར་བུ་དང་ཆུང་མ་ཆགས། ། དེ་དག་ཁྱོད་ཀྱི་རྗེས་སློབ་ཅིང་། ། མངོན་པར་འབྱུང་བར་བཞེད་པར་མཛོད། ། དབང་ཕྱུག་འདོད་པས་རྩེ་བ་དང་། ། གླིང་བཞི་རིན་ཆེན་བདུན་སྤངས་ཏེ། ། ཁྱོད་ནི་མངོན་པར་འབྱུང་རིག་ནས། ། ལྷ་མིར་བཅས་པའི་འཇིག་རྟེན་མོས། ། ཁྱོད་ནི་འདོད་ ལ་མི་དགྱེས་ཏེ། ། བསམ་གཏན་བདེ་བས་གནས་མཛད་ཀྱང་། ། ལྷ་མི་བརྒྱ་ཕྲག་མང་པོ་དག ། གཉིད་ཀྱིས་ལོག་ལས་སད་པར་མཛད། ། དར་ལ་བབ་འདི་ཤིན་ཏུ་འདའ། ། རི་གཟར་འབབ་ཆུ་མགྱོགས་འགྲོ་བཞིན། ། དར་ལ་བབ་པ་ཡལ་གྱུར་ནས། ། མངོན་པར་འབྱུང་བ་མཛེས་མ་ལགས། །
BOདེ་སླད་ཐོག་མར་གཞོན་པའི་ཚེ། ། དར་བབ་དམ་པར་མངོན་བྱུང་སྟེ། ། ཐུགས་དམ་ཉམས་འོག་ཆུད་མཛོད་ལ། ། ལྷ་མི་དོན་ནི་མཛད་པའི་རིགས། ། འདོད་པའི་ཡོན་ཏན་མི་ངོམས་ཏེ། ། དཔེར་ན་ལན་ཚྭའི་ཆུ་དང་མཚུངས། ། འཕགས་པ་རྡུལ་མེད་འཇིག་རྟེན་འདས། ། ཤེས་རབ་གང་ལྡན་དེ་དག་ ངོམས། ། ཁྱོད་འདིར་རྒྱལ་པོ་ཟས་གཙང་དང་། ། ཡུལ་འཁོར་རྣམས་ཀྱི་ཡིད་འོང་སྡུག ། འདབ་མ་བརྒྱ་པའི་ཞལ་འདྲ་བ། ། མངོན་པར་འབྱུང་བར་དགོངས་སུ་གསོལ། ། ཉོན་མོངས་གདུང་བས་རབ་གདུངས་ཤིང་། ། འབྱུང་མེད་བཅིང་བས་དམ་བཅིངས་རྣམས། ། དཔའ་བོས་མྱུར་དུ་མཚུངས་མེད་ པ། ། ཐར་ལམ་ཞི་ལ་དགོང་དུ་གསོལ། ། ཁྱོད་ནི་སྨན་པ་ཁམས་ལ་མཁས། ། སེམས་ཅན་ཡུན་རིང་ན་རྣམས་ལ། ། ཆོས་ཀྱི་སྨན་ནི་སྦྱོར་མཛད་དེ། ། མྱ་ངན་འདས་བདེ་མྱུར་དུ་ཁོད། ། མིག་མེད་མུན་པ་གཏི་མུག་གླགས། ། ལྟ་བའི་དྲ་བས་དཀྲིས་པ་ཡི། ། ལྷ་རྣམས་དང་ནི་མི་ཡི་ མིག ། ཤེས་རབ་སྒྲོན་མ་མྱུར་དུ་སྦྱོངས། ། བྱང་ཆུབ་ཐོབ་པར་བལྟ་བྱ་ཞིང་། ། བླ་ན་མེད་པའི་ཆོས་མཉན་ཅེས། ། ལྷ་དང་ལྷ་མིན་ཀླུ་དག་དང་། ། གནོད་སྦྱིན་དྲི་ཟ་མང་པོ་སྡོད། ། ཀླུ་ཡི་རྒྱལ་པོས་རང་གི་གནས། །
BOཁྱོད་ཀྱི་དཔལ་གྱིས་སྣང་བར་མཐོང་། ། མཆོད་པ་དག་ནི་མཐའ་ཡས་ བགྱིད། ། དེ་ཡི་བརྟུལ་ཞུགས་བསམ་པ་སྐོངས། ། བྱང་ཆུབ་ཤིང་དྲུང་ཡིད་རྫོགས་ལ། ། ལྷུང་བཟེད་བཞི་ནི་དབུལ་ལོ་ཞེས། ། འཇིག་རྟེན་སྐྱོང་བཞི་སྡེར་བཅས་པ། ། དེ་དག་ཁྱོད་ལ་སྡོད་ཅིང་མཆིས། ། ཚངས་པ་རབ་ཏུ་ཞི་སྤྱོད་པ། ། བྱམས་ལྡན་སྙིང་རྗེ་ཐོབ་པ་ཡང་། ། བླ་མེད་འཁོར་ལོ་རབ་ སྐོར་བར། ། མི་དབང་གསོལ་སྙམ་སྡོད་ཅིང་མཆིས། ། བྱང་ཆུབ་བསྙེན་བཀུར་བྱེད་པའི་ལྷ། ། བྱང་ཆུབ་སྙིང་པོར་གནས་རྣམས་ཀྱང་། ། བྱང་ཆུབ་རྣམ་པར་འཚང་རྒྱ་བ། ། བལྟའོ་ཞེས་ཏེ་སྡོད་ཅིང་མཆིས། ། བྱང་ཆུབ་སེམས་དཔའ་བཙུན་མོའི་ནང་། ། བྱ་བ་སྟོན་པ་གཞན་ཡང་མཆིས། ། དེ་ དག་ཐོག་མར་ཁྱོད་གྱུར་མཛོད། ། དེ་དག་འོག་ཏུ་ལུས་ས་རེ། ། དབྱངས་སྙན་ཅིང་ནི་དབྱངས་འཇམ་པ། ། མར་མེ་མཛད་ཀྱིས་ལུང་བསྟན་དགོངས། ། ཡང་དག་དེ་བཞིན་མ་ནོར་བ། ། རྒྱལ་བའི་སྒྲ་དབྱངས་བསྒྲག་ཏུ་གསོལ། ། བསྐུལ་བའི་ལེའུ་སྟེ། བཅུ་གསུམ་པའོ། ། ། ། དགེ་སློང་དག་དེ་ལྟར་ལྷའི་བུ་དེས་བྱང་ཆུབ་སེམས་དཔའ་བསྐུལ་མ་ཐག་ཏུ་རྒྱལ་པོ་ཟས་གཙང་མ་ལ་རྨི་ལམ་འདི་བསྟན་ཏོ། །
BOརྒྱལ་པོ་ཟས་གཙང་མ་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་རྨིས་པ། བྱང་ཆུབ་སེམས་དཔའ་མཚན་མོ་མི་ཉལ་ཙམ་ན། ལྷའི་ཚོགས་ཀྱིས་བསྐོར་ཏེ་མངོན་པར་འབྱུང་ཞིང་ མངོན་པར་བྱུང་ནས་ཀྱང་རབ་ཏུ་བྱུང་སྟེ། གོས་ངུར་སྨྲིག་གྱོན་པ་རྨིས་སོ། ། དེ་ནས་དེ་སད་པ་དང་། རིངས་པ་རིངས་པར་ཉུང་རུམ་ལ་དྲིས་པ། གཞོན་ནུ་བཙུན་མོའི་འཁོར་གྱི་ནང་ན་འདུག་གམ། དེས་སྨྲས་པ་ལྷ་བཞུགས་སོ། ། དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ། གཞོན་ནུ་ནི་གདོན་མི་ ཟ་བར་མངོན་པར་འབྱུང་བར་འགྱུར་ཏེ། སྔ་ལྟས་སུ་སྣང་བ་ནི་འདི་དག་ཡིན་སྙམ་ནས། ཁོང་པའི་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་པར་གྱུར་ཏོ། ། དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གི་གཞོན་ནུ་ནི་སྐྱེད་མོས་ཚལ་གྱི་སར་ཡང་ནམ་ཡང་འགྲོ་བར་མི་འགྱུར་ཏེ། བུད་མེད་ཀྱི་ཚོགས་ཀྱི་ནང་ན་མངོན་ པར་དགའ་བས་འདི་ཉིད་དུ་ཆགས་པར་འགྱུར་ཏེ། མངོན་པར་འབྱུང་བར་ནི་མི་འགྱུར་རོ་སྙམ་མོ། ། དེ་ནས་རྒྱལ་པོ་ཟས་གཙང་མ་གཞོན་ནུའི་ལོངས་སྤྱོད་ཀྱི་ཕྱིར། དཔྱིད་དང་། དབྱར་དང་། སྟོན་གྱི་དུས་ཇི་ལྟ་བ་བཞིན་དུ་ཁང་{བཟངས་,བཟང་}གསུམ་བྱེད་དུ་བཅུག་གོ། ། དེ་ལ་དཔྱིད་ས་གང་ཡིན་པ་དེ་ནི་ཤིན་ཏུ་ བསིལ་བའོ། །
BOདབྱར་ས་གང་ཡིན་པ་དེ་ནི་གྲང་དྲོ་རན་པའོ། ། དགུན་ས་གང་ཡིན་པ་དེ་ནི་རང་བཞིན་གྱིས་དྲོ་བའོ། ། ཁང་{བཟངས་,བཟང་}རེ་རེའི་གྲུ་སྐས་རྣམས་ཀྱང་མི་ལྔ་བརྒྱ་ལྔ་བརྒྱས་འཛུགས་ཤིང་འབེབས་སོ། ། དེ་དག་དེ་ལྟར་འཛུགས་ཤིང་འབེབས་པ་ན་གཞོན་ནུ་སུས་ཀྱང་མ་ཚོར་ བར་མངོན་པར་བྱུང་བར་འགྱུར་དུ་འོང་ངོ་ཞེས་སྒྲ་དཔག་ཚད་ཕྱེད་དུ་གྲག་པ་བྱུང་ངོ་། ། ལྟས་པ་དང་མཚན་མཁན་ཀུན་གྱིས་ཀྱང་། གཞོན་ནུ་ནི་ཆབ་སྒོ་བཀྲ་ཤིས་པ་ནས་མངོན་པར་འབྱུང་བར་འགྱུར་རོ། ། ཞེས་ལུང་བསྟན་ཏོ། ། དེ་ནས་རྒྱལ་པོས་བཀྲ་ཤིས་ཀྱི་སྒོའི་སྒོ་འཕར་ཆེན་པོ་བྱེད་དུ་ བཅུག་སྟེ། སྒོ་འཕར་རེ་རེ་ཡང་མི་ལྔ་བརྒྱ་ལྔ་བརྒྱས་འབྱེད་ཅིང་གཅོད་དོ། ། དེ་དག་གི་སྒྲ་ཡང་དཔག་ཚད་ཕྱེད་དུ་གྲག་གོ། ། དེ་ལ་འདོད་པའི་ཡོན་ཏན་མཚུངས་པ་མེད་པ་ཡང་སྦྱོར་རོ། ། གླུ་དང་རོལ་མོའི་སྒྲ་དབྱངས་ལེན་པ་དང་། གར་བྱེད་པའི་ན་ཆུང་དག་ཀྱང་རྟག་ཏུ་བཞག་པར་གྱུར་ཏོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་སྨྲས་པ། དེང་སྐྱེད་མོས་ཚལ་གྱི་སར་འགྲོས་ཤིང་རྟ་མྱུར་དུ་སྦྱོར་ཅིག །
BOདེ་ནས་ཁ་ལོ་སྒྱུར་བ་རྒྱལ་པོ་ཟས་གཙང་མའི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། ། ལྷ་གཞོན་ནུ་སྐྱེད་མོས་ཚལ་གྱི་སར་འབྱུང་ངོ་ཞེས་གསུང་ངོ་། ། དེ་ནས་རྒྱལ་པོ་ ཟས་གཙང་མ་འདི་སྙམ་དུ་སེམས་ཏེ། བདག་གིས་གཞོན་ནུ་སྐྱེད་མོས་ཚལ་གྱི་སར་ནམ་ཡང་མ་ཕྱུང་བས་ས་བཟང་པོ་བལྟ་བར་བྱ་བའི་ཕྱིར་བདག་གིས་གཞོན་ནུ་སྐྱེད་མོས་ཚལ་གྱི་སར་ཕྱུང་ན་འོན་ཏང་གཞོན་ནུ་བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཏེ་དགའ་བ་མྱོང་བར་འགྱུར་བས། མངོན་པར་མི་འབྱུང་ངོ་ སྙམ་མོ། ། དེ་ནས་རྒྱལ་པོ་ཟས་གཙང་མ་བྱང་ཆུབ་སེམས་དཔའ་ལ་བྱམས་པ་དང་། རིམ་གྲོ་བྱེད་པས་ད་སྟེ་ཞག་བདུན་ན་གཞོན་ནུ་ས་བཟང་པོ་བལྟ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་འབྱུང་གིས། དེར་ཁྱེད་ཀྱིས་གཞོན་ནུའི་མིག་ཏུ་མི་འོང་བ་མཐོང་བར་མི་འགྱུར་བར་ཡིད་དུ་མི་འོང་བ་ཐམས་ཅད་ནི་ སོལ་ཅིག ། ཡིད་དུ་འོང་བ་དང་། ཡུལ་ཉམས་དགའ་བ་ཐམས་ཅད་ནི་སྦྱོར་ཅིག་ཅེས་གྲོང་ཁྱེར་དུ་དྲིལ་བསྒྲགས་སོ། ། དེ་ནས་ཞག་བདུན་གྱི་ཉིན་པར་གྲོང་ཁྱེར་ཐམས་ཅད་བརྒྱན་ཏོ། ། སྐྱེད་མོས་ཚལ་ཡང་མཛེས་པར་བྱས་ཏེ། རས་བཅོས་བུ་ཁ་དོག་ཐ་དད་པའི་བླ་རེ་ནི་བྲེས། གདུགས་དང་རྒྱལ་ མཚན་དང་།
BOབ་དན་གྱིས་ནི་ལེགས་པར་བརྒྱན་ཏོ། ། བྱང་ཆུབ་སེམས་དཔའ་ལམ་གང་ནས་འགྲོ་བའི་ལམ་དེ་ཡང་ཆག་ཆག་བཏབ་སྟེ་ཕྱགས་ནས། སྤོས་ཆུའི་ཆག་ཆག་བཏབ་སྟེ། མེ་ཏོག་སིལ་མ་ནི་ཆལ་པར་བཀྲམ། པོག་ཕོར་ནས་ནི་བདུགས། བུམ་པ་གང་བས་ནི་མཛེས་པར་བྱས། ཆུ་ཤིང་ལྗོན་པ་ནི་བསྒྲེང་། དར་ཐ་དད་པ་སྣ་ཚོགས་ཀྱི་བླ་རེ་ནི་བྲེས། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་དང་། རྒྱན་ཕྲེང་དང་ཆུན་པོ་ནི་སྤྱངས། དཔུང་བཞིའི་བཀོད་པ་ནི་བྱས་སོ། ། གཡོག་འཁོར་ཀྱང་གཞོན་ནུའི་བཙུན་མོའི་འཁོར་བརྒྱན་པའི་ཕྱིར་བརྩོན་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་ དཔའ་བཀོད་པ་ཆེན་པོས་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་སྐྱེད་མོས་ཚལ་གྱི་སར་བྱུང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་མཐུས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་རྒན་པོ་གཏུགས་པ། འཁོགས་པ། ལུས་ལས་རྩ་རྒྱུས་འཐོན་པ། སོ་རྒལ་བ། ལུས་གཉེར་མས་ གང་བ། སྐྲ་བྱི་བ། སྒུར་བ་གདུང་རྟེན་ལྟར་དགུ་བ། ཞོམ་པ། འཁར་བ་ལ་རྟེན་པ། མཐུ་ཟད་པ། དར་ཡལ་བ། མིད་པ་ནས་སྒྲ་ངར་ངར་པོ་འབྱུང་བ། ལུས་སྒུ་བས་འཁར་བ་ལ་བརྟེན་ནས་ཡན་ལག་དང་ཉིང་ལག་ཐམས་ཅད་འདར་བ་ཞིག་ལམ་ཀར་བསྟན་པར་གྱུར་ཏོ། །
BOདེ་ནས་བྱང་ཆུབ་ སེམས་དཔས་ཤེས་བཞིན་དུ་ཁ་ལོ་སྒྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། ། ཁ་ལོ་སྒྱུར་བ་མི་རིད་ཉམ་ཆུང་ཞིང་། ། ཤ་ཁྲག་སྐམས་ལ་རྒྱུས་ལྤགས་ཉི་ཚེས་དཀྲིས། ། མགོ་དཀར་སོ་རྒལ་ལུས་ནི་རབ་སྐེམ་ལ། ། འཁར་བ་བརྟེན་ཅིང་མི་བདེར་འཁྱོར་འགྲོས་སུ། ། ཁ་ལོ་སྒྱུར་བས་སྨྲས་པ། ལྷ་ཅིག་མི་འདི་ རྒ་བས་ཟིལ་གྱིས་ནོན། ། དབང་པོ་ཉམས་ཤིང་སྡུག་བསྔལ་བརྩོན་སྟོབས་ཉམས། ། གཉེན་གྱི་སྐྱེ་བོས་བརྙས་ཤིང་མགོན་མེད་གྱུར། ། དོན་བགྱིད་མི་ནུས་ནགས་ཁྲོད་ཤིང་ལྟར་བོར། ། བྱང་ཆུབ་སེམས་དཔས་སྨྲས་པ། འདི་ཡི་ཆོས་འདི་རིགས་ཀྱི་ཡིན་ནམ་འོན་ཏམ་ནི། ། འགྲོ་བ་འདི་ཀུན་ལ་ཡང་ འདི་སྲིད་དེ་སྨྲོས་ཤིག ། ཚིག་འདི་ཡང་དག་ཇི་བཞིན་མྱུར་དུ་སྨྲོས་ཤིག་དང་། ། ཐོས་ནས་དེ་བཞིན་དོན་ལ་འདིར་ནི་ཚུལ་བཞིན་བསམ། ། ཁ་ལོ་སྒྱུར་བས་སྨྲས་པ། ལྷ་འདི་རིགས་ཆོས་མ་ལགས་ཡུལ་འཁོར་ཆོས་མ་ལགས། ། སྐྱེ་བོ་ཀུན་གྱི་དར་ལ་བབ་པ་རྒ་བས་འཇོམས། ། ཁྱོད་ཀྱི་ཡབ་དང་ཡུམ་ དང་ཉེ་དུ་གཉེན་ཚོགས་ཀྱང་། ། རྒ་ལས་མཐར་འགྲོ་བ་ཡི་ཐབས་ནི་གཞན་མ་མཆིས། ། བྱང་ཆུབ་སེམས་དཔས་སྨྲས་པ། ཁ་ལོ་སྒྱུར་བ་བྱིས་པའི་སྐྱེ་བོ་མི་མཁས་པའི། །
BOབློ་ངན་གཞོན་པས་རྒྱགས་ཤིང་མྱོས་པས་རྒ་མ་མཐོང་། ། ང་ནི་སླར་འགྲོ་ང་ཡི་ཤིང་རྟ་མྱུར་དུ་སྒྱུར། ། ང་ ཡང་རྒ་ལ་གནས་པས་རྩེ་དགའ་ས་ཅི་ཞིག་བྱ། ། དེ་ནས་བྱང་ཆུབ་སེམས་དཔའ་ཤིང་རྟའི་མཆོག་དེ་སླར་བསྒྱུར་ཏེ་ཕྱིར་གྲོང་ཁྱེར་དུ་ཞུགས་སོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དུས་གཞན་ཞིག་ན། བཀོད་པ་ཆེན་པོས་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་སྐྱེད་མོས་ཚལ་གྱི་སར་ཞུགས་པ་དང་། དེས་ལམ་ཀ་ན་མི་ནད་ཀྱིས་ཉེན་པ། དམུ་རྫིང་ཅན་ལུས་ཉམ་ཆུང་བ། རང་གི་གཅིན(རྐྱག་,སྐྱག་)་ཏུ་བྱིང་བ། མགོན་མེད་པ། སྐྱབས་མེད་པ། ཤིན་ཏུ་ཤ་ཐང་བར་དབུགས་དབྱུང་ཞིང་བརྔུབ་དགོས་པ་ཞིག་མཐོང་ངོ་། ། མཐོང་ནས་ཀྱང་ཡང་བྱང་ཆུབ་སེམས་དཔས་ཤེས་བཞིན་དུ་ཁ་ལོ་སྒྱུར་བ་ལ་འདི་སྐད་ ཅེས་སྨྲས་སོ། ། ཁ་ལོ་སྒྱུར་བ་མི་རྩུབ་ལུས་ཀྱི་མདོག་ངན་ལ། ། དབང་པོ་ཐམས་ཅད་ཉམས་ཤིང་དབུགས་དབྱུང་རབ་ཏུ་དཀའ། ། ཡན་ལག་ཀུན་སྐམས་ལྟོ་བས་དཀྲུགས་ཤིང་ཉམ་ཐག་གྱུར། ། རང་གི་གཅིན་རྟུག་སྨད་པའི་གནས་ན་འདུག་འདི་སུ། ། ཁ་ལོ་སྒྱུར་བས་སྨྲས་པ། ལྷ་ཅིག་མི་འདི་ ཤིན་ཏུ་ནད་ཀྱིས་བཏབ་པ་སྟེ། ། ནད་ཀྱི་འཇིགས་པ་ཉེ་བར་མཆིས་པས་འགུམ་ལ་ཐུག །
BOནད་མེད་གཟི་བརྗིད་མ་མཆིས་སྟོབས་ཀྱང་རྣམ་པར་ཉམས། ། མགོན་དང་སྐྱབས་དང་གླིང་དང་དཔུང་གཉེན་མ་མཆིས་ལགས། ། བྱང་ཆུབ་སེམས་དཔས་སྨྲས་པ། ནད་མེད་པ་ཡང་རྨི་ལམ་ན་ནི་རྩེ་དང་མཚུངས། ། ནད་ཀྱི་འཇིགས་པ་འདི་ལྟར་ཤིན་ཏུ་མི་བཟད་པ། ། སྐྱེས་བུ་མཁས་པས་གནས་འདི་མཐོང་ནས་ཇི་ལྟ་བུར། ། རྩེ་ལ་དགའ་དང་སྡུག་པའི་འདུ་ཤེས་བསྐྱེད་པར་འགྱུར། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་ཤིང་རྟའི་མཆོག་དེ་སླར་བསྒྱུར་ཏེ་ཕྱིར་ཡང་གྲོང་ཁྱེར་དུ་ཞུགས་སོ། ། དགེ་སློང་དག་དེ་ ལྟར་བྱང་ཆུབ་སེམས་དཔའ་དུས་གཞན་ཞིག་ན་བཀོད་པ་ཆེན་པོས་གྲོང་ཁྱེར་གྱི་ནུབ་ཕྱོགས་ཀྱི་སྒོ་ནས་སྐྱེད་མོས་ཚལ་གྱི་སར་ཞུགས་པ་དང་། དེས་ལམ་ཀ་ན་མི་ཤི་བར་གྱུར་པ། ཁྱོགས་ལ་བཞག་པ། རས་ཀྱི་བླ་རེ་ཕུབ་པ། ཉེ་དུའི་ཚོགས་ཀྱིས་བསྐོར་ཏེ། ཀུན་ཀྱང་ངུ་ཞིང་སྐད་ཕྱུང་སྟེ། ངུ་ལ་སྨྲེ་ སྔགས་འདོན་ཅིང་སྐྲ་བཤིག་ལ་མགོ་ལས་ས་འཐོར་ཞིང་བྲང་རྡུང་ལ་ཆོ་ངེ་འདོན་ཅིང་ཕྱི་བཞིན་འབྲང་བར་གྱུར་པ་མཐོང་ངོ་། ། མཐོང་ནས་ཀྱང་ཡང་བྱང་ཆུབ་སེམས་དཔས་ཤེས་བཞིན་དུ་ཁ་ལོ་སྒྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། ། ཁ་ལོ་སྒྱུར་བ་མི་འདི་ཁྱོགས་ལ་བཞག་ནས་ནི། །
BOམི་དག་སྐྲ་བཤིག་ མགོ་ལ་ས་ཡིས་འཐོར་བྱེད་ཅིང་། ། སྣ་ཚོགས་དག་གི་ཚིག་ནི་བརྗོད་ལ་བྲང་རྡུང་བས། ། ཀུན་ནས་བསྐོར་བ་བྱས་ཏེ་ཁྱེར་བ་སུ་ཞིག་ཡིན། ། ཁ་ལོ་སྒྱུར་བས་སྨྲས་པ། ལྷ་ཅིག་མི་འདི་འཛམ་བུའི་གླིང་དུ་གུམ་པ་སྟེ། ། སླན་ཆད་ཕ་མ་མཆིས་བྲང་བུ་རྣམས་མཐོང་མི་འགྱུར། ། ལོངས་སྤྱོད་ཁྱིམ་ དང་མཛའ་གཉེན་ཚོགས་རྣམས་སྤངས་ནས་ནི། ། འཇིག་རྟེན་ཕ་རོལ་མཆིས་ཏེ་སླན་ཆད་གཉེན་མི་མཐོང་། ། བྱང་ཆུབ་སེམས་དཔས་སྨྲས་པ། རྒ་བས་གནོད་པར་འགྱུར་བའི་གཞོན་པ་ཅིར་མི་རུང་། ། སྣ་ཚོགས་ནད་ཀྱིས་གནོད་འགྱུར་ནད་མེད་ཅིར་མི་རུང་། ། རིང་དུ་མི་གསོན་གསོན་པ་མཁས་ལ་ ཅིར་མི་རུང་། ། རྒ་ལ་ཆགས་པ་སྐྱེས་བུ་མཁས་ལ་ཅིར་མི་རུང་། ། གལ་ཏེ་རྒ་མེད་ནད་མེད་འཆི་བ་མེད་གྱུར་ཀྱང་། ། འོན་ཀྱང་ཕུང་པོ་ལྔ་འཛིན་སྡུག་བསྔལ་ཆེ་ཡིན་ན། ། རྒ་ན་འཆི་བ་རྟག་ཏུ་འབྲང་བ་སྨོས་ཅི་དགོས། ། ལེགས་པར་སླར་ཟློག་རབ་ཏུ་ཐར་བར་བྱ་བ་བསམ། ། དགེ་སློང་དག་དེ་ནས་བྱང་ཆུབ་ སེམས་དཔའ་ཤིང་རྟ་མཆོག་དེ་སླར་བཟློག་སྟེ། ཕྱིར་ཡང་གྲོང་ཁྱེར་དུ་ཞུགས་སོ། །
BOདགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དུས་གཞན་ཞིག་ན་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་སྒོ་ནས་སྐྱེད་མོས་ཚལ་གྱི་སར་ཞུགས་པ་དང་། བྱང་ཆུབ་སེམས་དཔའི་མཐུས་ལྷའི་བུ་དེ་དག་ཉིད་ཀྱིས་ལམ་ཀ་དེར་དགེ་ སློང་ཞིག་མངོན་པར་སྤྲུལ་པ་དང་། བྱང་ཆུབ་སེམས་དཔས་དགེ་སློང་ཞི་བ། དུལ་བ་ཡང་དག་པར་བསྡམས་པ། ཚངས་པར་སྤྱོད་པ། མིག་ཕབ་པ། གཉའ་ཤིང་གང་ཙམ་དུ་ལྟ་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། འགྲོ་བ་དང་ལྡོག་པ་མཛེས་པ་ཕུན་སུམ་ཚོགས་པ། མདུན་ དུ་ལྟ་བ་དང་། གཡས་གཡོས་སུ་ལྟ་བ་མཛེས་པ། བསྐུམ་པ་དང་སྨྱང་བ་མཛེས་པ། ཆོས་གོས་སྣམ་སྦྱར་དང་ལྷུང་བཟེད་དང་ཆོས་གོས་ཐོགས་པ་མཛེས་པ་ཞིག་ལམ་ཀ་ན་འདུག་པ་དེ་མཐོང་ངོ་། ། མཐོང་ནས་ཀྱང་བྱང་ཆུབ་སེམས་དཔས་ཤེས་བཞིན་དུ་ཁ་ལོ་སྒྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། ། ཁ་ལོ་སྒྱུར་བ་སྐྱེས་བུ་སེམས་ཞི་རབ་ཞི་ཞིང་། ། མིག་ཕབ་འགྲོ་ལ་གཉའ་ཤིང་གང་ཙམ་ལྟ་བྱེད་ཅིང་། ། ངུར་སྨྲིག་གོས་གྱོན་ཤིན་ཏུ་རབ་ཏུ་ཞི་བར་སྤྱོད། ། ལྷུང་བཟེད་ཐོགས་ནས་མི་རྒོད་མ་ཁེངས་སུ་ཞིག་ཡིན། ། ཁ་ལོ་སྒྱུར་བས་སྨྲས་པ། ལྷ་ཅིག་མི་འདི་དགེ་ སློང་ཞེས་ནི་བགྱི་བ་ལགས། །
BOའདོད་པའི་དགའ་བ་སྤངས་ཤིང་ཤིན་ཏུ་དུལ་བར་སྤྱོད། ། བདག་ཉིད་ཞི་བ་ཚོལ་ཞིང་རབ་ཏུ་བྱུང་བར་གྱུར། ། འདོད་ཆགས་ཞེ་སྡང་བྲལ་བར་བསོད་སྙོམས་སྤྱོད་ཅིང་རྒྱུ། ། བྱང་ཆུབ་སེམས་དཔས་སྨྲས་པ། འདི་ནི་དགེ་བར་ལེགས་སྨྲས་ང་ཡང་འདོད་པ་ སྟེ། ། རབ་ཏུ་བྱུང་བ་མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས། ། དེ་ནི་བདག་ལ་ཕན་ཞིང་སེམས་ཅན་གཞན་ལའང་ཕན། ། འཚོ་བ་བདེ་ཞིང་ཉམས་འཐུན་འཆི་མེད་འབྲས་བུར་འགྱུར། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་ཤིང་རྟ་མཆོག་དེ་སླར་བསྒྱུར་ཏེ་ཕྱིར་ཡང་གྲོང་ཁྱེར་དུ་ཞུགས་སོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ལ་བསྐུལ་བ་རྣམ་པ་འདི་ལྟ་བུ་འདི་དག་རྒྱལ་པོ་ཟས་གཙང་མས་མཐོང་ཞིང་ཐོས་ནས། བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་ར་བ་རྒྱ་ཆེན་པོ་བྱེད་དུ་བཅུག་སྟེ། འོབས་ཀྱང་རྐོར་བཅུག ། སྒོ་གཏན་དམ་པོ་ཡང་འཛུགས་སུ་བཅུག ། སྲུངས་ མ་ཡང་བཀོད། དཔའ་བོ་རྣམས་ཀྱང་སྦྲན། བཞོན་པ་ཡང་སྟ་གོན་བྱས། གོ་ཆ་ཡང་གྱོན་དུ་བཅུག་གོ། ། བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར། གྲོང་ཁྱེར་ཆེན་པོའི་སྒོ་བཞིའི་ལམ་གྱི་སུམ་མདོ་རྣམས་སུ་དཔུང་ཆེན་པོའི་བཀོད་པ་བཞག་སྟེ།
BOབྱང་ཆུབ་སེམས་དཔའ་མངོན་པར་བྱུང་ང་རེ་ཞེས་དེ་ དག་དེ་སྲུང་དུ་བཅུག་གོ། ། བཙུན་མོའི་འཁོར་ལ་ཡང་རེས་འགའ་ཙམ་ཡང་གླུ་དབྱངས་ཀྱི་རྒྱུན་ཆད་ད་རེ། དགའ་བ་དང་རྩེ་བ་ཐམས་ཅད་ཀྱང་སྦྱོར་ཅིག ། ཅི་ནས་ཀྱང་གཞོན་ནུ་ཆགས་ནས་རབ་ཏུ་འབྱུང་བར་མི་འགྱུར་བ་དང་། མགུ་བར་འགྱུར་བར་བུད་མེད་ཀྱི་སྒྱུ་ཡང་སྟོན་ཅིག་ཅེས་བསྒོའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཐབ་མོ་མོས་པའི་སྐྱེས་བུ་ལག་ན་རལ་གྲི་མཚོན་ཐོགས་སྒོ་གར་བཀོད། ། གོ་བགོས་མི་རྟ་གླང་པོ་ཤིང་རྟ་མི་བསྐྱོན་གླང་པོའི་ཕྲེང་བའང་བཀོད། ། འོབས་དང་ཤིང་ཐགས་དག་དང་རྟ་བབས་ཕྱིར་མཐོན་པོའང་བྱེད་དུ་བཅུག ། སྒོ་མོ་རྒྱང་གྲགས་གྲག་པའི་སྒྲ་འབྱུང་བ་ཡང་ གཏན་པ་དམ་པོ་བཅུག ། ཤཱཀྱའི་ཚོགས་རྣམས་ཐམས་ཅད་ཡིད་མི་དགའ་ཞིང་ཉིན་མཚན་སྲུང་བར་བྱེད། ། དཔུང་ཆེན་དེ་དག་རྣམས་ཀྱང་སྒྲ་སྐད་ཆེན་པོ་ཤིན་ཏུ་གྲག་པར་བྱེད། ། དེས་པ་འདི་ནས་འབྱུང་དུ་འོང་ཞེས་གྲོང་ཁྱེར་འཁྲུགས་ཤིང་ཡིད་སྔངས་སྐྲག ། ཤཱཀྱའི་རིགས་སྐྱེས་སོང་ ན་རིགས་འདི་ཆད་པར་མི་འགྱུར་གྲང་སྙམ་བྱེད། ། སྐྱེ་བོ་བུད་མེད་དག་ལ་བསྒོ་བ་རྟག་ཏུ་གླུ་དབྱངས་རྒྱུན་མ་བཅད། །
BOརྩེ་བས་དགའ་བ་རྣམས་ཀྱི་བསྙེན་བཀུར་གྱིས་ཤིང་ཡིད་ཀྱང་མགུ་བར་གྱིས། ། བུད་མེད་སྒྱུ་ཐབས་སྤྱོད་པ་གང་ཡིན་རྣམ་པ་དུ་མ་མང་པོ་སྟོན། ། དེས་པ་འགྲོར་མི་འགྱུར་བར་ བསྲུང་བར་བྱོས་ཤིང་བགེགས་ཀྱང་རབ་ཏུ་བྱོས། ། ཁ་ལོ་སྒྱུར་བ་མཆོག་དེ་མངོན་པར་འབྱུང་བའི་སྔ་ལྟས་འདི་དག་སྟེ། ། ངང་པ་ཁྲུང་ཁྲུང་དག་དང་རྨ་བྱ་རི་སྐེགས་དག་དང་ནེ་ཚོ་རྣམས། ། ཁང་{བཟངས་,བཟང་}སྐར་ཁུང་རྟ་བབས་མཆོག་དང་ཡང་ཐོག་ཁྲི་ལ་འཁོད་ནས་ནི། ། དམན་ཞིང་དམན་ལ་མི་ དགའ་མི་བདེ་མགོ་སྨད་སེམས་ཤིང་སྒྲ་མི་འབྱིན། ། རྫིང་དང་རྫིང་ཆེན་དག་གི་པད་མ་དག་ཀྱང་རྙིས་ཤིང་རྙིས་པར་གྱུར། ། ཤིང་ལྗོན་སྐམས་ཤིང་ཡལ་ག་མེ་ཏོག་ལྷགས་ལ་མེ་ཏོག་སླར་མི་འཆགས། ། པི་བང་གླིང་བུ་རྒྱུད་གསུམ་རྒྱུད་ཀྱིས་བརྒྱན་པ་དེ་ཚེ་གློ་བུར་ཆད། ། རྔ་དང་རྫ་རྔ་དག་ཀྱང་ལག་པས་བརྡུངས་ ན་འཆགས་ཅིང་སྒྲ་མི་འབྱུང་། ། གྲོང་ཁྱེར་དེ་དག་ཐམས་ཅད་འཁྲུགས་པར་གྱུར་ཅིང་ཤིན་ཏུ་གཉིད་ཀྱིས་ནོན། ། གང་གི་ཡིད་ཀྱང་གར་བྱེད་པ་དང་གླུ་ལེན་པ་ལ་དགའ་བ་མེད། ། རྒྱལ་པོའང་མཆོག་ཏུ་རབ་ཏུ་ཡིད་དམན་གྱུར་ཏེ་སེམས་ཁོངས་ཆུད་ཅིང་འདུག །
BOཨེ་མ་མ་རུང་ཤཱཀ་རིགས་རྫུ་འཕྲུལ་རྒྱ་ཆེན་ མི་ཚིག་གྲང་སྙམ་བྱེད། ། ས་འཚོ་མ་དང་རྒྱལ་བུ་མལ་གཅིག་ན་ནི་ཉལ་ཞིང་འཁོད་པའི་ཚེ། ། ནམ་ཕྱེད་ཙམ་ན་ས་འཚོ་མ་ཡི་རྨི་ལམ་དུ་ནི་འདི་དག་རྨིས། ། ས་འདི་ཐམས་ཅད་རྩེ་མོར་ལྡན་པའི་རི་དང་བཅས་ཏེ་གཡོས་པར་གྱུར། ། ཤིང་ལྗོན་རྣམས་ཀྱང་རླུང་གིས་བསྐྱོད་ནས་རྩ་ནས་འཐོན་ཏེ་ས་ལ་ སྒྱེལ། ། ཉི་མ་ཟླ་བ་སྐར་མའི་རྒྱན་དང་བཅས་ཏེ་མཁའ་ལས་ས་ལ་ལྷུང་། ། ལག་པ་གཡོན་པས་སྐྲ་ཡང་རབ་ཏུ་འབལ་ཞིང་ཅོད་པན་ལྷུང་བ་མཐོང་། ། ལག་པ་ཆད་ལ་དེ་བཞིན་རྐང་པའང་ཆད་ཅིང་བདག་ནི་སྒྲེན་མོར་མཐོང་། ། བདག་གི་མུ་ཏིག་དོ་ཤལ་ནོར་བུ་གསེར་གྱི་འོག་པག་ཆད་པར་མཐོང་། ། ཉལ་ཁྲི་དེ་ཡི་རྐང་པ་བཞི་ཆག་ས་ཡི་སྟེང་ན་ཉལ་བ་མཐོང་། ། རྒྱལ་པོའི་གདུགས་ཀྱི་ཡུ་བ་སྤྲས་པ་དཔལ་ལྡན་མཛེས་པ་ཆག་པར་མཐོང་། ། རྒྱན་རྣམས་ཀུན་ཀྱང་རྣམ་པར་འཐོར་ཅིང་ཆུ་ཡིས་ཁྱེར་བར་གྱུར་པ་དང་། ། ཁྱིམ་ཐབ་རྒྱན་ཡང་གོས་དང་ཅོད་པན་བཅས་ཏེ་མལ་ སྟེང་འཐོར་བར་མཐོང་། ། གྲོང་ཁྱེར་དག་ནས་མེ་སྒྲོན་ཕྱིར་བྱུང་གྲོང་ཁྱེར་མུན་པས་ནོན་པ་དང་། ། རིན་པོ་ཆེ་ལས་བྱས་པའི་དྲ་བ་མཛེས་པའང་ཆད་པར་གྱུར་པ་རྨིས། །
BOམུ་ཏིག་དོ་ཤལ་འཕྱང་བ་ལྷུང་ནས་རྒྱ་མཚོ་ཆེན་པོས་དཀྲུགས་པ་དང་། ། དེ་ཡི་ཚེ་ན་རི་ཡི་རྒྱལ་པོ་རི་རབ་གནས་ནས་གཡོས་པ་རྨིས། ། ཤཱཀྱའི་བུ་མོའི་རྨི་ལམ་དུ་ནི་འདི་འདྲ་འདི་དག་རྨིས་གྱུར་ནས། ། དེ་སད་མིག་ནས་མཆི་མ་ཟག་ཅིང་རང་གི་ཁྱོ་ལ་འདི་སྐད་སྨྲས། ། ལྷ་ཅིག་རྨི་ལམ་འདི་འདྲ་རྨིས་པ་ཅིར་འགྱུར་བ་ནི་བཀའ་སྩོལ་ཅིག ། བདག་ནི་དྲན་པ་འཁྲུལ་ཅིང་མིག་ཀྱང་འཁྲུལ་ལ་ཡིད་ནི་མྱ་ངན་ནོན། ། དེ་ཡིས་དེ་ཐོས་ཀ་ལ་ པིང་ཀ་རྔ་སྒྲ་ཚངས་དབྱངས་སྒྲ་སྙན་པས། ། ས་འཚོ་མ་ལ་སྨྲས་པ་ཁྱོད་ནི་རབ་ཏུ་དགར་འགྱུར་སྡིག་པ་མེད། ། སེམས་ཅན་གང་དག་བསོད་ནམས་སྔོན་སྤྱད་དེ་དག་རྨི་ལམ་འདི་འདྲ་རྨི། ། སྡུག་བསྔལ་དུ་མས་ཉེན་པ་རྨི་ལམ་འདི་འདྲ་རྨི་བ་ག་ལ་ཡོད། ། ཁྱོད་ཀྱིས་ས་ནི་རབ་ཏུ་གཡོས་པ་དང་། ། རི་རྩེར་བཅས་ཏེ་ས་ལ་ལྷུང་རྨིས་པ། ། ལྷ་དང་ཀླུ་དང་སྲིན་པོ་འབྱུང་པོའི་ཚོགས། ། ཀུན་གྱིས་ཁྱོད་མཆོད་གཙོ་མོར་བྱེད་པར་འགྱུར། ། ཁྱོད་ཀྱིས་ཤིང་རྣམས་རྩ་ནས་འཐོན་རྨིས་ཤིང་། ། ལག་པ་གཡོན་པས་སྐྲ་འབལ་རྨིས་པ་ནི། ། ས་འཚོ་མྱུར་དུ་ཉོན་མོངས་དྲ་བ་བཅད། ། འདུས་བྱས་ དག་ལས་ལྟ་བའི་དྲ་བ་འབྱིན། །
BOཁྱོད་ཀྱིས་ཉི་ཟླ་ས་ལ་ལྷུང་རྨིས་ཤིང་། ། སྐར་མ་རྣམས་ཀྱང་ལྷུང་བར་རྨིས་པ་ནི། ། ས་འཚོ་མྱུར་དུ་ཉོན་མོངས་དགྲ་བཅོམ་སྟེ། ། ཁྱོད་ནི་འཇིག་རྟེན་མཆོད་པ་བསྔགས་པར་འགྱུར། ། ཁྱོད་ཀྱིས་མུ་ཏིག་དོ་ཤལ་འཐོར་རྨིས་ཤིང་། ། ལུས་ཀུན་ཆད་དང་སྒྲེན་མོ་རྨིས་ པ་ནི། ། ས་འཚོ་མྱུར་དུ་བུད་མེད་ལུས་སྤངས་ཏེ། ། རིང་པོར་མི་ཐོགས་སྐྱེས་པའི་ལུས་སུ་འགྱུར། ། ཁྱོད་ཀྱིས་ཁྲི་རྐང་ཆག་པར་རྨིས་པ་དང་། ། གདུགས་ཡུ་རིན་ཆེན་སྤྲས་པ་ཆག་རྨིས་པ། ། ས་འཚོ་མྱུར་དུ་ཆུ་བོ་བཞི་རྒལ་ཅིང་། ། ང་ནི་འཇིག་རྟེན་གདུགས་གཅིག་འགྱུར་བ་མཐོང་། ། ཁྱོད་ཀྱིས་རྒྱན་ རྣམས་ཆུས་ཁྱེར་རྨིས་པ་དང་། ། ང་ཡི་གོས་དང་ཅོད་པན་ཁྲི་སྟེང་རྨིས། ། ས་མཚོ་མྱུར་དུ་མཚན་གྱིས་བརྒྱན་ནས་ནི། ། འཇིག་རྟེན་ཀུན་གྱིས་ང་ལ་བསྟོད་པ་མཐོང་། ། ཁྱོད་ཀྱིས་མར་མེ་བརྒྱ་ཕྲག་བྱེ་བ་དག ། གྲོང་ཁྱེར་བྱུང་ནས་མུན་གནག་གྱུར་རྨིས་པ། ། ས་འཚོ་མྱུར་དུ་མ་རིག་རྨོངས་པའི་ མུན། ། འཇིག་རྟེན་ཀུན་ལ་ཤེས་རབ་སྣང་བྱེད་འགྱུར། ། ཁྱོད་ཀྱིས་མུ་ཏིག་དོ་ཤལ་ཆད་པ་དང་། ། གསེར་གྱི་ཙོང་ཙོང་སྤྲས་པ་ཆད་རྨིས་པ། ། ས་འཚོ་མྱུར་དུ་ཉོན་མོངས་དྲ་བཅད་དེ། །
BOའདུས་བྱས་དག་ལས་འདུ་ཤེས་སྐུད་པ་འབྱིན། ། ས་འཚོ་གང་ཕྱིར་ང་ལ་གུས་པར་ནི། ། རྟག་ཏུ་རིམ་གྲོ་ མཆོག་གིས་མཆོད་བྱེད་ན། ། ཁྱོད་ལ་ངན་འགྲོ་མེད་ཅིང་མྱ་ངན་མེད། ། མྱུར་དུ་དགའ་ཞིང་མཆོག་ཏུ་དགའ་བ་འཐོབ། ། ངས་ནི་སྔོན་ཆད་སྦྱིན་པ་གྱ་ནོམ་བྱིན། ། ཚུལ་ཁྲིམས་བསྲུངས་དང་རྟག་ཏུ་བཟོད་པ་བསྒོམས། ། དེ་བས་ང་ལ་དད་པ་གང་རྙེད་པ། ། དེ་དག་ཐམས་ཅད་དགའ་ཞིང་རབ་དགའ་ རྙེད། ། འཁོར་བར་བསྐལ་པ་བྱེ་བ་མཐའ་ཡས་སུ། ། ངས་ནི་བྱང་ཆུབ་ལམ་མཆོག་རྣམ་པར་སྦྱངས། ། དེ་བས་ང་ལ་དད་པ་གང་བྱེད་པ། ། དེ་དག་ཐམས་ཅད་ངན་སོང་གསུམ་པོ་ཆད། ། དགའ་བ་འཐོབ་ཀྱིས་མི་དགའ་མ་སྐྱེད་ཅིག ། ཚིམ་པ་ཐོབ་པར་གྱིས་ལ་མགུ་སྐྱེད་ཅིག ། དགའ་དང་ མཆོག་ཏུ་དགའ་བ་མྱུར་འཐོབ་སྟེ། ། ཁྱོད་ཀྱི་རྨི་ལྟས་བཟང་གིས་ས་འཚོ་ཉོལ། ། སྔོན་ཆད་དགེ་བའི་ལས་ནི་གང་དག་བསགས་གྱུར་པ། ། མི་མཆོག་རྣམས་ནི་མངོན་པར་འབྱུང་བའི་དུས་བབ་ཚེ། ། མཚན་མ་འདི་དག་བསོད་ནམས་གཟི་བརྗིད་བསགས་པ་དང་། ། དཔལ་གྱི་གཟི་བརྗིད་ སྙིང་པོ་ཅན་དེས་རྨི་བར་འགྱུར། ། དེ་ནི་རྐང་པ་དག་དང་ལག་པ་ཆེན་པོ་ཡིས། ། རྒྱ་མཚོ་ཆེན་པོ་བཞི་པོ་དག་གི་ཆུ་དཀྲུག་དང་། །
BOས་འདི་ཐམས་ཅད་སྣ་ཚོགས་མལ་ཆར་གྱུར་པ་དང་། ། རི་བོ་ལྷུན་པོ་མཆོག་ཀྱང་སྔས་སུ་གྱུར་པ་རྨི། ། རྨི་ལམ་ན་ནི་འོད་རབ་བཀྱེ་བས་འཇིག་རྟེན་ན། ། མུན་པ་མུན་ནག་ཆེན་པོ་རྣམ་པར་བསལ་བ་དང་། ། ས་ལས་གདུགས་ཤིག་བྱུང་བས་འཇིག་རྟེན་གསུམ་ཁྱབ་དང་། ། འོད་ཀྱིས་རེག་པས་ལོག་ལྷུང་སྡུག་བསྔལ་རབ་ཞི་རྨི། ། དཀར་ནག་སྲོག་ཆགས་བཞི་ཞིག་རྐང་པ་ལྡག་པ་དང་། ། ཁ་དོག་བཞི་པའི་བྱ་འོངས་ཁ་དོག་གཅིག་སྒྱུར་ དང་། ། མཆོག་ཏུ་ངན་པ་སྨད་པ་ངན་སྐྱུགས་རི་ལ་ཡང་། ། འཛེགས་ནས་འགྲོ་ཡང་དེ་ན་གོས་པ་མེད་པ་རྨི། ། རྨི་ལམ་ན་ནི་ཆུ་བོ་ཆུ་ཡིས་རབ་གང་ནས། ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་ཁྱེར་བ་ལས། ། དེར་ནི་གྲུར་བྱས་བསྒྲལ་ཏེ་གཞན་དག་བསྒྲལ་ནས་ནི། ། དེ་ཡིས་འཇིགས་མེད་མྱ་ངན་མེད་མཆོག་ཐང་བཀོད་རྨི། ། རྨི་ལམ་ན་ནི་ནད་པ་མང་པོ་ནད་བཏབ་པ། ། ནད་མེད་གཟི་བརྗིད་བྲལ་ཞིང་སྟོབས་ཀྱང་ཉམས་རྣམས་ལ། ། དེ་ནི་སྨན་པར་གྱུར་ནས་རྩི་སྨན་མང་བྱིན་པས། ། ནད་བཏབ་སེམས་ཅན་ཁྲག་ཁྲིག་མང་པོ་ཐར་བྱེད་རྨི། ། རི་རབ་ངོས་ལ་སེང་ གེའི་ཁྲི་ལ་འདུག་ནས་ནི། ། སློབ་མ་ཐལ་མོ་སྦྱར་ཅིང་ལྷ་རྣམས་ཕྱག་འཚལ་ལ། །
BOབདག་ནི་གཡུལ་ལས་རྒྱལ་ཞིང་ལྷ་རྣམས་ནམ་མཁའ་ལས། ། ཀུན་ཏུ་དགའ་བའི་སྒྲ་སྒྲོག་པར་ནི་རྨི་ལམ་རྨི། ། བཀྲ་ཤིས་བརྟུལ་ཞུགས་བཟང་པོ་ཡོངས་སུ་རྫོགས་པར་ཡང་། ། བྱང་ཆུབ་སེམས་དཔའ་ རྨི་ལམ་རྣམ་པ་དེ་དག་རྨི། ། དེ་ཐོས་ནས་ནི་འདི་ནི་རིང་པོར་མི་ཐོགས་པར། ། མི་དང་ལྷ་ཡི་ལྷར་འགྱུར་སྙམ་སྟེ་ལྷ་མི་དགའ། ། རྨི་ལམ་གྱི་ལེའུ་སྟེ། བཅུ་བཞི་པའོ། ། ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་པོ་ ཆེན་པོ་ཟས་གཙང་མ་ལ་ཡང་མ་བྱས་ཤིང་། ཕས་གནང་བ་མེད་པར་མངོན་པར་འབྱུང་བ་འདི་ནི་བདག་ལ་མི་རིགས་ཏེ། བྱས་པ་གཟོ་བ་མ་ཡིན་པར་འགྱུར་རོ་སྙམ་ནས། དེ་མཚན་མོ་མི་ཉལ་ཙམ་ན་རང་གི་གནས་ཀྱི་ཁང་{བཟངས་,བཟང་}ནས་བྱུང་སྟེ། རྒྱལ་པོ་ཟས་གཙང་མའི་ཁང་{བཟངས་སུ་,བཟང་དུ་}ཕྱིན་ ནས་འདུག་གོ། ། བྱང་ཆུབ་སེམས་དཔའ་འདུག་མ་ཐག་ཏུ་ཁང་{བཟངས་,བཟང་}ཐམས་ཅད་ཀྱང་འོད་ཀྱིས་གསལ་བར་གྱུར་ཏོ། ། དེ་ནས་རྒྱལ་པོ་སད་པ་དང་། འོད་དེ་མཐོང་སྟེ་མཐོང་ནས་ཀྱང་མྱུར་བ་མྱུར་བར་ཉུང་རུམ་ལ་སྨྲས་པ། ཀྱེ་ཉུང་རུམ་ཅི་ཉི་མ་ཤར་ཏམ། གང་གིས་ན་འདི་འོད་ཀྱིས་རྣམ་ པར་མཛེས། ཉུང་རུམ་གྱིས་སྨྲས་པ།
BOལྷ་ད་དུང་དུ་དགུང་ཕྱེད་ཀྱང་མ་བས་སོ། ། ལྷ་གཞན་ཡང་ཉི་མའི་འོད་ནི་ཤིང་དང་རྩིག་པ་ཐལ་མི་ཕྱིན། ། ལུས་ལ་གདུང་བར་བགྱིད་ཅིང་ཚ་བར་རབ་ཏུ་བགྱིད། ། ནང་པར་དུས་ན་ངང་པ་དག་དང་རྨ་བྱ་དང་། ། ནེ་ཚོ་ཁུ་བྱུག་ངུར་པ་དག་ཀྱང་རང་སྒྲ་འབྱིན། ། འོད་འདི་ལྷ་མིའི་ཡིད་དུ་མཆི་ཞིང་བདེ་བ་སྟེ། ། རབ་ཏུ་སིམ་བགྱིད་དགེ་བགྱིད་གདུང་བར་བགྱིད་མ་ལགས། ། ཤིང་དང་རྩིག་པ་ཐལ་ཕྱུང་སྒྲིབ་པ་ཡོང་མ་མཆིས། ། ཡོན་ཏན་ལྡན་པ་གཅིག་ཅིག་དེང་ནི་འདིར་བྱོན་ངེས། ། རྒྱལ་པོ་དེ་ནི་མི་དགའ་ཕྱོགས་བཅུར་བལྟས་པ་དང་། ། སེམས་ཅན་དག་པ་པད་མའི་མིག་ཅན་དེ་མཐོང་ནས། ། དེ་ནི་མལ་ནས་ལྡང་བར་འདོད་ན་མ་ནུས་ཏེ། ། རྣམ་དག་བློ་ཅན་དམ་པ་ཕ་ལ་གུས་པ་བསྐྱེད། ། དེ་ནི་རྒྱལ་པོའི་མདུན་དུ་འདུག་ནས་འདི་སྐད་སྨྲས། ། ལྷ་ཅིག་བདག་ནི་མངོན་པར་འབྱུང་བའི་དུས་བབ་རིགས། ། བགེགས་ཀྱང་མ་ མཛད་མི་དགྱེས་པ་ཡང་མ་མཛད་ཅིག ། རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་བཟོད་པར་གསོལ། ། རྒྱལ་པོ་དེ་ནི་མཆི་མས་མིག་གང་འདི་སྐད་སྨྲས། ། ཁྱོད་ནི་ཕྱིར་ལྡོག་པ་ཡི་དགོས་པ་ཅི་ཞིག་ཡོད། ། བདག་ལ་དམ་པ་ཅི་སློང་སྨྲོས་ཤིག་ཐམས་ཅད་སྦྱིན། །
BOབདག་ དང་ཕོ་བྲང་འཁོར་དང་ཡུལ་འཁོར་འདི་ཕན་ཐོགས། ། དེའི་ཚེ་བྱང་ཆུབ་སེམས་དཔས་སྙན་པའི་ཚིག་སྨྲས་པ། ལྷ་ཅིག་དམ་པ་བཞི་འཚལ་དེ་ནི་བདག་ལ་སྩོལ། ། གལ་ཏེ་སྩལ་བར་སྤྱོད་ན་མངའ་ནི་ཁྱོད་ལ་མཆིས། ། འོན་ཏང་རྟག་ཏུ་ཁྱིམ་ན་གཟིམས་ཤིང་འབྱུང་མི་འགྱུར། ། ལྷ་ ཅིག་བདག་ནི་རྒ་བས་ཚུགས་པར་མི་འགྱུར་ཞིང་། ། རྟག་ཏུ་མདོག་བཟང་དར་ལ་བབ་པར་གནས་པ་དང་། ། ནད་མ་མཆིས་པ་ཐོབ་ཅིང་ནད་ཀྱིས་མི་བཏབ་དང་། ། ཚེ་དཔག་མ་མཆིས་པ་དང་རྒུད་པར་མི་འགྱུར་འཚལ། ། རྒྱལ་པོས་ཚིག་ཐོས་ཤིན་ཏུ་སྡུག་བསྔལ་ཉམ་ཐག་སྟེ། ། གཞོན་ ནུ་གནས་མིན་སློང་བས་བདག་ལ་མཐུ་མེད་དོ། ། བསྐལ་པར་གནས་པའི་དྲང་སྲོང་རྣམས་ཀྱང་ནམ་དུ་ཡང་། ། རྒ་ན་འཆི་བའི་འཇིགས་དང་རྒུད་ལས་མ་ཐར་ཏོ། ། རྒ་ན་འཆི་བའི་འཇིགས་དང་རྒུད་པར་མི་འགྱུར་བ། ། ལྷ་ཅིག་གལ་ཏེ་མཆོག་བཞི་འདི་དག་མི་སྩོལ་ན། ། གཞན་ཡང་མཆོག་ ཅིག་གསོལ་གྱིས་རྒྱལ་པོ་གསན་དུ་གསོལ། ། འདི་ནས་ཤི་འཕོས་ཉིང་མཚམས་སྦྱོར་བར་མི་འགྱུར་མཛོད། ། མི་ཡི་དམ་པའི་ཚིག་ནི་དེ་སྐད་ཐོས་པ་དང་། ། སྲེད་པ་བསྲབས་ཏེ་བུ་ལ་ཆགས་པ་ཡོངས་སུ་གཅོད། ། ཕན་བྱེད་འགྲོ་བ་ཐར་བྱེད་རྗེས་སུ་ཡི་རང་ངོ་། །
BOཁྱོད་ཀྱི་བསམ་པ་རྣམས་ ནི་ཡོངས་སུ་རྫོགས་གྱུར་ཅིག ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་སླར་སོང་སྟེ། རང་གི་ཁྱིམ་དུ་ཕྱིན་ནས་མལ་ན་འདུག་པ་དང་། དེ་སོང་བའམ་འོངས་པར་སུས་ཀྱང་མ་ཚོར་རོ། ། དགེ་སློང་དག་དེའི་ནམ་ནངས་པ་དང་། རྒྱལ་པོ་ཟས་གཙང་མས་ཤཱཀྱའི་ཚོགས་ ཐམས་ཅད་བསོགས་ཏེ་དེའི་ལོ་རྒྱུས་རྣམས་སྨོས་ནས། གཞོན་ནུ་ནི་མངོན་པར་འབྱུང་ན་ད་ཇི་ལྟར་བྱ་ཞེས་སྨྲས་སོ། ། ཤཱཀྱ་རྣམས་ཀྱིས་སྨྲས་པ། ལྷ་བསྲུང་བར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། ཤཱཀྱའི་ཚོགས་འདི་ནི་མང་ལ། དེ་ནི་གཅིག་པུར་གྱུར་པས་མཐུས་མངོན་པར་འབྱུང་བའི་ནུས་པ་དེ་ལ་མ་ མཆིས་སོ། ། དེ་ནས་ཤཱཀྱ་དེ་དག་དང་རྒྱལ་པོ་ཟས་གཙང་མས་ཤཱཀྱ་གཞོན་ནུ་འཐབ་ཆོས་སྦྱངས་པ། འོས་སུ་གྱུར་པ། འཕོང་བསླབས་པ། ཚན་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པ་ལྔ་བརྒྱ་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གྲོང་ཁྱེར་གྱི་ཤར་སྒོར་བཀོད་དེ། བྱང་ཆུབ་སེམས་དཔའ་ བསྲུང་བའི་ཕྱིར་ཤཱཀྱ་གཞོན་ནུ་རེ་རེ་ལ་ཡང་འཁོར་ཤིང་རྟ་ལྔ་བརྒྱ་ལྔ་བརྒྱ་དང་། ཤིང་རྟ་རེ་རེ་ལ་ཡང་འཁོར་དཔུང་བུ་ཆུང་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། ། བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར།
BOདེ་བཞིན་དུ་གྲོང་ཁྱེར་གྱི་ལྷོ་དང་ནུབ་དང་བྱང་གི་སྒོར་ཡང་ཤཱཀྱ་གཞོན་ནུ་འཐབ་ཆོས་སྦྱངས་པ་འོས་སུ་ གྱུར་པ། འཕོང་བསླབས་པ་ཚན་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པ་ལྔ་བརྒྱ་ལྔ་བརྒྱ་དང་། ཤཱཀྱ་གཞོན་ནུ་རེ་རེ་ལ་ཡང་འཁོར་ཤིང་རྟ་ལྔ་བརྒྱ་ལྔ་བརྒྱ་དང་། ཤིང་རྟ་རེ་རེ་ལ་ཡང་འཁོར་དཔུང་བུ་ཆུང་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། ། བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་ཤཱཀྱ་རྒན་རབས་རྒན་རབས་ རྣམས་ཀྱང་ལམ་གྱི་བཞི་མདོ་དང་། སུམ་མདོ་དང་། ལམ་པོ་ཆེ་མང་པོ་ཐམས་ཅད་ན་གདོད་ཅིང་འཁོད་དོ། ། རྒྱལ་པོ་ཟས་གཙང་མ་ཡང་ཤཱཀྱ་གཞོན་ནུ་ལྔ་བརྒྱས་བསྐོར་ཅིང་མདུན་གྱིས་བལྟས་ཏེ། རྟ་དང་གླང་པོ་ཆེ་དག་ལ་ཞོན་ནས་རང་གི་ཁྱིམ་སྒོ་ན་མེལ་ཚེ་བྱེད་དོ། ། སྐྱེ་དགུའི་བདག་མོ་ ཆེན་མོ་གཽ་ཏ་མཱིས་ཀྱང་རང་གི་བྲན་མོའི་ཚོགས་ལ་སྨྲས་པ། མར་མེ་དྲི་མ་མེད་པ་བུས་ལ་ནོར་བུ་ཐམས་ཅད་རྒྱལ་མཚན་རྩེ་མོར་ཐོགས། ། མུ་ཏིག་རྒྱན་ཕྲེང་རྣམས་ཀྱང་སྤྱངས་ལ་ཁྱིམ་འདི་ཀུན་ཏུ་འོད་ཀྱིས་སྣང་བར་བྱོས། ། གླུ་དབྱངས་དག་ཀྱང་སྦྱོར་ལ་དོ་མོད་གཡེལ་བ་མེད་པར་མེལ་ཚེ་དམ་དུ་གྱིས། ། གཞོན་ནུ་ཅི་ནས་མ་ཚོར་བར་ནི་འགྲོ་བར་མི་འགྱུར་ཚུལ་དུ་བསྲུང་བ་གྱིས། །
BOགོ་བགོས་ལག་ན་ལག་ཆ་རལ་གྲི་དང་། ། མདུང་ཐུང་མདའ་དང་མཚོན་ཆ་རྩེ་གཉིས་ཐོགས། ། སྡུག་པའི་བུ་ནི་བསྲུང་བར་བྱ་བའི་ཕྱིར། ། ཀུན་ཀྱང་རབ་ཏུ་བསྒྲིམ་པ་ཆེན་པོ་གྱིས། ། སྒོ་ཀུན་ཆོད་ལ་གཏན་པར་ དམ་དུ་ཆུད། ། སྒོ་འཕར་སྲ་བ་རྐེད་པར་གཏན་ཆུག་ལ། ། དུས་ལ་མ་བབ་པར་ནི་སྒོ་མ་དབྱེ། ། སེམས་ཅན་དམ་པ་འདི་ནི་ཤོར་ཏ་རེ། ། ནོར་བུ་དོ་ཤལ་མུ་ཏིག་དོ་ཤལ་ཐོགས། ། མེ་ཏོག་ཟླ་གམ་སེང་གེ་ཤིང་ལོ་རིས། ། སྐ་རགས་སོར་གདུབ་རྣ་རྒྱན་ཆིངས་ཤིང་ཐོགས། ། རྐང་ གདུབ་དག་ཀྱང་ཤིན་ཏུ་ལེགས་པར་ཐོགས། ། ལྷ་མི་ཕན་པ་གླང་པོ་དྲེགས་བཞིན་འགྲོ། ། གལ་ཏེ་བློ་བུར་མངོན་པར་བྱུང་ད་རེ། ། ཅི་ནས་མི་བདེ་རྙེད་པར་མ་གྱུར་པར། ། དེ་ལྟ་དེ་ལྟར་ནན་ཏན་ཆེར་གྱིས་ཤིག ། བུད་མེད་གང་དག་མདུང་ཐུང་ཐོགས་པ་དག ། དྲི་མ་མེད་པ་མལ་ན་འདུག་པ་ བསྐོར། ། ཅི་ནས་གཉིད་ཀྱིས་ལོག་པར་མ་གྱུར་པར། ། ཕྱེ་མ་ལེབ་བཞིན་མིག་གིས་བསྲུང་བར་གྱིས། ། རྒྱལ་བུ་འདི་ནི་བསྲུང་བར་བྱ་བའི་ཕྱིར། ། ཁྱིམ་འདིར་རིན་པོ་ཆེ་ཡི་དྲ་བ་བྲེས། ། གླིང་བུ་དག་ཀྱང་རབ་ཏུ་འབུད་ཅིང་ལོང་། ། དོ་མོད་རྡུལ་དང་བྲལ་བ་བསྲུང་བ་གྱིས། །
BOཕན་ཚུན་གཅིག་ལ་ གཅིག་ནི་སྦྲོན་བྱོས་ཏེ། ། དོ་མོད་མ་ཉལ་ཤིན་ཏུ་བསྲུང་བ་གྱིས། ། རྒྱལ་སྲིད་དང་ནི་ཡུལ་འཁོར་སྤངས་ནས་སུ། ། ཁྱིམ་ནས་མངོན་དུ་འབྱུང་བར་གྱུར་ཏ་རེ། ། འདི་ནི་མངོན་པར་བྱུང་བར་གྱུར་ན་གོ། ། རྒྱལ་པོའི་ཕོ་བྲང་འདི་ཀུན་ཉམས་མི་དགའ། ། རྒྱལ་པོའི་རིགས་རྒྱུད་ཡུན་རིང་གནས་པ་ ཡང་། ། རྒྱལ་པོའི་རིགས་དང་རྒྱུད་ནི་ཆད་པར་འགྱུར། ། དགེ་སློང་དག་དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ལྔ་རྩེན་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མའི་བུ་ལྔ་བརྒྱ་རྣམས་གཅིག་ཏུ་འདུས་ནས་འདི་སྐད་ཅེས་སྨྲས་ཏེ། གྲོགས་པོ་དག་དོ་མོད་བྱང་ཆུབ་ སེམས་དཔའ་མངོན་པར་འབྱུང་གིས་ཁྱེད་ཅག་དེ་ལ་མཆོད་པ་བྱེད་པའི་ལས་ལ་སྤྲོ་བགྱིས་ཤིག ། རྒྱལ་པོ་ཆེན་པོ་བཞི་ཡང་ལྕང་ལོ་ཅན་གྱི་ཕོ་བྲང་དུ་ཞུགས་ནས་གནོད་སྦྱིན་གྱི་འཁོར་ཆེན་པོ་ལ་སྨྲས་པ། གྲོགས་པོ་དག་དོ་མོད་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་གིས་ཁྱེད་ཀྱིས་ བཅིབས་པའི་རྐང་ལག་ནས་ཐེག་ལ་འབྱུང་བར་གྱིས་ཤིག ། གནོད་སྦྱིན་གྱི་འཁོར་གྱིས་སྨྲས་པ། སྐུ་ནི་སྲེད་མེད་བུ་ཡི་སྟོབས་ལྡན་རྡོ་རྗེ་ལྟ་བུར་མི་ཕྱེད་སྲ་ལ་ལྕི། །
BOསེམས་ཅན་ཀུན་གྱི་དམ་པ་དེ་ནི་བརྩོན་འགྲུས་སྟོབས་ལྡན་གཡོ་བ་མི་མངའ་སྟེ། ། རི་ཡི་དམ་པ་ལྷུན་པོ་ ཆེན་པོ་རྨང་ནས་ཕྱུང་སྟེ་ནམ་མཁར་གཟུང་ནུས་ཀྱི། ། རྒྱལ་པོའི་ཡོན་ཏན་ལྷུན་པོ་རི་ལྕི་བསོད་ནམས་ཡེ་ཤེས་གནས་པ་སུས་ཀྱང་གང་དུ་བཀུར་མི་ནུས། ། རྣམ་ཐོས་ཀྱི་བུས་སྨྲས་པ། མི་གང་ང་རྒྱལ་འགྱིང་བ་དེ་ལ་སྟོན་པ་ལྕི། ། གང་དག་དགའ་གུས་གནས་པ་དེ་དག་ཡང་བར་ཚོར། ། བསམ་པ་ཐག་པས་བརྩོན་པར་བྱོས་ལ་གུས་པ་ཡིས། ། བྱ་ཡིས་ཤ་ཁམ་བཞིན་དུ་ཡང་བར་ཤེས་པར་གྱིས། ། ཁོ་བོ་མདུན་ནས་འགྲོ་ཡིས་ཁྱེད་ཅག་རྣམས་ཀྱིས་བཅིབས་པ་ཐེག ། བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་ཚེ་བསོད་ནམས་མང་པོ་{སྩོགས,སོགས}། ། དགེ་སློང་དག་དེ་ནས་ལྷའི་དབང་ པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་དོ་མོད་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་གིས་དེ་ལ་ཁྱེད་ཐམས་ཅད་མཆོད་པའི་ལས་ལ་སྤྲོ་བར་གྱིས་ཤིག ། དེ་ན་ལྷའི་བུ་ཞི་བའི་བློ་གྲོས་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། ། བདག་གིས་ནི་སེར་ སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེས་པ་དང་། བུད་མེད་དང་ཁྱེའུ་དང་བུ་མོ་ཐམས་ཅད་གཉིད་ཀྱིས་ལོག་པར་བགྱིའོ། །
BOལྷའི་བུ་རྩེ་བ་བཀོད་པ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། ། བདག་གིས་ནི་རྟ་དང་གླང་པོ་ཆེ་དང་། བོང་བུ་དང་། རྔ་མོ་དང་། བ་ལང་དང་། མ་ཧེ་དང་། སྐྱེས་ པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ཀྱི་སྒྲ་མི་གྲག་པར་བགྱིའོ། ། ལྷའི་བུ་བཀོད་པའི་བློ་གྲོས་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། ། བདག་གིས་ནི་ནམ་མཁའི་དཀྱིལ་དུ་ཤིང་རྟ་ཆེན་པོ་བདུན་རིན་པོ་ཆེའི་སྟེགས་བུས་འཁོར་བར་བསྐོར་བ་ནོར་བུ་རིན་པོ་ཆེ་མེ་ཤེལ་གྱི་འོད་འབར་བ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ། མེ་ཏོག་སྣ་ཚོགས་ཆལ་པར་བཀྲམ་པ། པོག་ཕོར་ནས་བདུག་སྤོས་སྣ་ཚོགས་ཀྱིས་བདུགས་པ་དག་བྱང་ཆུབ་སེམས་དཔའ་ལམ་གང་ནས་འབྱུང་བའི་ལམ་དེར་བཀོད་པར་བགྱིའོ། ། ཀླུའི་རྒྱལ་པོ་ས་སྲུང་གི་བུ་ཞེས་བྱ་བས་འདི་སྐད་ ཅེས་སྨྲས་སོ། ། བདག་གིས་བདག་ཉིད་ཀྱི་སྣ་ལ་ཁང་པ་བརྩེགས་པ་དཔག་ཚད་སུམ་ཅུ་རྩ་གཉིས་པ་བགྱིས་ཏེ་དེར་ལྷའི་བུ་མོ་དག་བཀོད་ལ་སིལ་སྙན་དང་། གླུ་དབྱངས་ལེན་དུ་སྩལ་ཅིང་གླུ་དང་རོལ་མོའི་དབྱངས་སྒྲ་ཆེན་པོས་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་དང་བསྙེན་བཀུར་བགྱིད་ཅིང་མཆི་བར་ བགྱིའོ། །
BOལྷའི་དབང་པོ་བརྒྱ་བྱིན་ཉིད་ཀྱིས་འདི་སྐད་ཅེས་སྨྲས་སོ། ། ཁོ་བོས་ནི་སྒོ་དབྱེའོ། ། ལམ་མཚོན་པར་བྱའོ། ། ལྷའི་བུ་ཆོས་སྤྱོད་ཀྱིས་འདི་སྐད་ཅེས་སྨྲས་སོ། ། བདག་གིས་ནི་བཙུན་མོའི་འཁོར་རྣམས་མི་སྡུག་པར་བསྟན་པར་བགྱིའོ། ། ལྷའི་བུ་ཡང་དག་སྐུལ་པོས་སྨྲས་པ། བདག་གིས་ནི་བྱང་ཆུབ་སེམས་དཔའ་གཟིམས་མལ་ནས་བཞེངས་པར་གསོལ་བར་བགྱིའོ། ། དེ་ན་ཀླུའི་རྒྱལ་པོ་ཆུ་ལྷ་དང་། ཀླུའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོས་འདི་སྐད་ཅེས་སྨྲས་སོ། ། བདག་ ཅག་གིས་ནི་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་གྱི་སྤྲིན་མངོན་པར་སྤྲུལ་ཏེ། ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་དབབ་པོ། ། དགེ་སློང་དག་དེ་ལྟར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་རྣམ་པ་འདི་ལྟ་བུའི་བསམ་པ་ ངེས་པར་བསམས་ཏེ་བརྩམས་སོ། ། བྱང་ཆུབ་སེམས་དཔའ་ཆོས་སེམས་པ་ལ་ཞུགས་པ། གླུ་དབྱངས་ལེན་པའི་ཁང་{བཟངས་,བཟང་}ན་མལ་བདེ་བ་ལ་འདུག་པ།
BOབཙུན་མོའི་འཁོར་གྱི་ནང་ན་འདུག་པ་ནི་སྔོན་གྱི་སངས་རྒྱས་ཀྱི་སྤྱོད་པ་རྣམ་པར་སེམས་ཤིང་སེམས་ཅན་ལ་ཕན་པ་བྱ་བ་རྗེས་སུ་སེམས་ལ། སྔོན་གྱི་སྨོན་ལམ་གྱི་ཚིག་བཞི་མངོན་དུ་བྱེད་དོ། ། བཞི་གང་ཞེ་ན། སྔོན་ང་རང་བྱུང་གི་བདག་པོ་འདོད་ཅིང་ཐམས་ཅད་མཁྱེན་པ་ཉིད་དོན་དུ་གཉེར་བ་ན། གོ་ཆ་འདི་ལྟ་བུ་བགོས་པར་གྱུར་ཏེ། སེམས་ཅན་སྡུག་བསྔལ་བ་དག་མཐོང་ནས་ཀྱེ་མའོ་བདག་གིས་འཇིག་རྟེན་གནས་པ་བཅིངས་ཏེ་ འཁོར་བའི་བཙོན་ར་ཆེན་པོར་བཅུག་པ་ལ་འཁོར་བའི་བཙོན་ར་དྲལ་ཏེ། བཅིངས་པ་བཀྲོལ་བའི་སྒྲ་བསྒྲག་གོ། ། སྲེད་པའི་ཞགས་པ་དང་། སྒྲོག་དམ་པོས་བཅིངས་པའི་སེམས་ཅན་རྣམས་ཀྱང་རབ་ཏུ་དགྲོལ་ལོ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་གྱི་ཚིག་དང་པོ་འདི་མངོན་དུ་གྱུར་ཏོ། ། ཀྱེ་མའོ་ བདག་གིས་འཇིག་རྟེན་མ་རིག་པའི་མུན་པ་མུན་གནག་ཐིབས་པོ་ཆེན་པོར་ཞུགས་པ་མི་ཤེས་པའི་ལིང་ཏོག་དང་རབ་རིབ་ཀྱིས་མིག་བསྒྲིབས་པ་ཤེས་རབ་ཀྱི་མིག་དང་བྲལ་བ། མ་རིག་པ་དང་གཏི་མུག་གིས་ལྡོངས་པ་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱ་ཞིང་ཡེ་ཤེས་ཀྱི་སྒྲོན་མ་ཡང་ཉེ་ བར་བསྒྲུབས་ལ། རྣམ་པར་ཐར་པའི་སྒོ་གསུམ་ཤེས་པའི་མིག་སྨན་རི་ལུ་དང་སྨན་ཐབས་དང་ཤེས་རབ་དང་།
BOཡེ་ཤེས་དང་ལྡན་པ་བཏང་སྟེ། མ་རིག་པའི་མུན་པ་མུན་གནག་དང་། གཏི་མུག་གི་མུན་པ་དང་། རབ་རིབ་དང་། ལིང་ཏོག་དང་། རྙོག་པ་ཐམས་ཅད་བསལ་ནས་ཤེས་རབ་ཀྱི་ མིག་རྣམ་པར་སྦྱང་ངོ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་གྱི་ཚིག་གཉིས་པ་འདི་མངོན་དུ་གྱུར་ཏོ། ། ཀྱེ་མའོ་བདག་གིས་འཇིག་རྟེན་ང་རྒྱལ་གྱི་རྒྱལ་མཚན་བསྒྲེང་བ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་མངོན་པར་ཞེན་པ། བདག་དང་བདག་གིར་འཛིན་པ་དང་ལྡན་པའི་ཡིད་ཅན། འདུ་ཤེས་ དང་། སེམས་དང་། ལྟ་བ་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་གྱུར་པ་བཟུང་བ་ངན་པས་ཟིན་པ་ལ་འཕགས་པའི་ལམ་བསྟན་ཏེ། ངའོ་སྙམ་པའི་ང་རྒྱལ་བསྙལ་བར་བྱའོ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་གྱི་ཚིག་གསུམ་པ་འདི་མངོན་དུ་གྱུར་ཏོ། ། ཀྱེ་མའོ་བདག་གིས་འཇིག་རྟེན་རྣམ་པར་མ་ཞི་བ། ཐགས་འཁྲུགས་པ་ལྟ་བུར་གྱུར་པ། དྲུ་གུ་འཛིངས་པ་ལྟ་བུར་གྱུར་པ། འོང་བ་དང་འགྲོ་བར་གྱུར་པ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དང་།
BOའཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཀུན་ཏུ་རྒྱུག་ཅིང་འཁོར་ལ་འཁོར་བ་ལས་མི་ལྡོག་པ་མགལ་མེའི་འཁོར་ལོ་ལྟ་བུར་གྱུར་པ་ལ་ཉེ་བར་ཞི་ བར་བྱེད་པའི་ཤེས་རབ་ཀྱིས་ཆོག་པར་བྱེད་པའི་ཆོས་ཀྱང་བསྟན་ཏོ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་གྱི་ཚིག་བཞི་པོ་འདི་མངོན་དུ་གྱུར་ཏེ། སྔོན་གྱི་སྨོན་ལམ་གྱི་ཚིག་བཞི་པོ་དེ་དག་མངོན་དུ་གྱུར་ཏོ། ། སྐད་ཅིག་དེ་ལ་ལྷའི་བུ་ཆོས་སྤྱོད་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བཙུན་མོའི་ འཁོར་མི་སྡུག་པར་བསྒྱུར་ཏེ། མི་སྡུག་པར་གནས་པ་དང་། སྨད་པའི་གཟུགས་སུ་བསྟན་ནས་ནམ་མཁའ་ལ་འཁོད་དེ། བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བཅད་དེ་སྨྲས་པ། དེ་ནས་ལྷའི་བུ་རྫུ་འཕྲུལ་ཆེ་རྣམས་ཀྱིས། ། པད་མ་རྒྱས་པ་ཡངས་པའི་སྤྱན་ལ་སྨྲས། ། དུར་ཁྲོད་དབུས་ འདིར་བཞུགས་པར་གྱུར་ལགས་ན། ། ཁྱོད་ནི་ཇི་ལྟར་དགྱེས་པ་སྐྱེ་བར་འགྱུར། ། ལྷ་ཡི་དབང་ཕྱུག་རྣམས་ཀྱིས་དེ་བསྐུལ་ནས། ། ཡུད་ཙམ་བཙུན་མོའི་འཁོར་ལ་ལྟ་ཞིང་རྟོག ། བལྟས་ནས་སྨད་པར་གྱུར་པ་དེ་དག་མཐོང་། ། དུར་ཁྲོད་གནས་པར་གྱུར་པ་བདེན་སྙམ་བྱེད། །
BOབྱང་ཆུབ་སེམས་དཔས་ ཐམས་ཅད་དང་ལྡན་པའི་བུད་མེད་ཀྱི་ཚོགས་ལ་རྣམ་པར་བལྟས་པ་དང་། ཁ་ཅིག་ནི་གོས་ལྷུང་བར་གྱུར། ཁ་ཅིག་ནི་སྐྲ་ཞིག ། ཁ་ཅིག་ནི་རྒྱན་བྲུལ། ཁ་ཅིག་ནི་ཅོད་པན་ལྷུང་། ཁ་ཅིག་ནི་ཕྲག་པ་མི་སྡུག་པར་གྱུར། ཁ་ཅིག་ནི་ལུས་རྣམ་པར་འཁྲུགས། ཁ་ཅིག་ནི་བཞིན་མི་སྡུག་པར་གནས། ཁ་ཅིག་ནི་མིག་གྱུར། ཁ་ཅིག་ནི་ཁ་ཆུ་ཟག ། ཁ་ཅིག་ནི་སྔུར། ཁ་ཅིག་ནི་ལུད་པ་ལུ། ཁ་ཅིག་ནི་རྒོད། ཁ་ཅིག་ནི་བརྡོལ། ཁ་ཅིག་ནི་སོ་འཁྲིག ། ཁ་ཅིག་ནི་བཞིན་མདོག་གྱུར། ཁ་ཅིག་ནི་གཟུགས་མི་སྡུག་པར་གྱུར་ཏེ། ལག་པ་རིང་པོར་གྱུར། ཁ་ཅིག་ནི་རྐང་པ་ཕྲལ། ཁ་ཅིག་ནི་མགོ་ཕྱུང་། ཁ་ཅིག་ནི་མགོ་གཡོགས། ཁ་ཅིག་ནི་བཞིན་གྱི་དབྱིབས་གྱུར། ཁ་ཅིག་ནི་ལུས་མ་རུངས་པར་གྱུར། ཁ་ཅིག་ནི་ལུས་སྒྲེན་མོར་གྱུར། ཁ་ཅིག་ནི་ལུས་བསྐུམས་ཤིང་སྔུར། ཁ་ཅིག་ནི་རྫ་རྔ་ལ་འཁྱུད་ནས་ལུས་གན་རྐྱལ་དུ་འགྱེལ། ཁ་ཅིག་ནི་པི་བང་དང་རྒྱུད་གསུམ་པའི་སྟེང་དུ་ལག་པ་བརྐྱང་། ཁ་ཅིག་ནི་གླིང་བུ་ལ་སོས་འདེབས། ཁ་ཅིག་ནི་རོལ་མོའི་ཆ་བྱད་ཀིམ་པ་ལ་དང་། ན་ཀུ་ལ་དང་། ཁར་བའི་སིལ་ཁྲོལ་དང་། ཕེག་ལ་འཛིན། ཁ་ཅིག་ནི་མིག་འཛུམས་ཤིང་འབྱེད་ལ་འགྱུར།
BOཁ་ཅིག་ནི་ཁ་གདངས་པར་གྱུར་ཏེ། དེ་ལྟར་ས་ལ་མི་སྡུག་པར་གནས་པར་གྱུར་པའི་བཙུན་མོའི་ འཁོར་ལ་ལྟ་ཞིང་བྱང་ཆུབ་སེམས་དཔའ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། འཇིག་རྟེན་མགོན་དེས་དེ་མཐོང་ཡིད་བྱུང་སྟེ། ། སྙིང་རྗེས་ཤུགས་ཕྱུང་ནས་ནི་འདི་སྐད་སྨྲས། ། ཨེ་མ་སྐྱེ་དགུ་དག་ནི་སྡུག་བསྔལ་གྱུར། ། སྲིན་མོའི་ཚོགས་ལ་དགའ་བ་ཇི་ལྟར་རྙེད། ། འདོད་ པའི་ཡོན་ཏན་ཡོད་མིན་ཡོན་ཏན་འཛིན། ། གཏི་མུག་མུན་པས་རབ་བསྒྲིབས་བློ་གྲོས་ངན། ། དཔེར་ན་བྱ་ནི་བྱ་རྒྱར་ཆུད་པ་བཞིན། ། ནམ་ཡང་འབྱུང་བ་རྙེད་པར་འགྱུར་མ་ཡིན། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་པ། དེ་ནས་བྱང་ཆུབ་སེམས་དཔས་ཆོས་སྣང་བའི་སྒོ་འདིས་ཡང་བཙུན་མོའི་འཁོར་ལ་རྟོག་ཅིང་སྙིང་རྗེ་ཆེན་པོའི་སྨྲེ་བས་སེམས་ཅན་གྱི་ཕྱིར་སྨྲེ་སྟེ། འདི་ན་བྱིས་པ་དེ་དག་ནི་གསོད་པ་སྟེ། བསད་པའི་གནས་སུ་གསད་པར་བྱ་བ་གསོད་པ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ ནི་ཆགས་པ་སྟེ། ངན་སྐྱུགས་ཀྱིས་གང་བའི་སྣོད་རི་མོ་ཅན་རྣམས་ལ་མི་མཁས་པ་ཆགས་པ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་འབྱིང་བ་སྟེ།
BOགླང་པོ་ཆེ་ཆུར་བྱིང་བ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་བཙས་པ་སྟེ། བཙོན་རའི་ནང་གི་བཙོན་བཙས་པ་དང་མཚུངས་སོ། ། འདི་ན་ བྱིས་པ་དེ་དག་ནི་མངོན་པར་དགའ་བ་སྟེ། ཕག་མི་གཙང་བ་ལ་དགའ་བ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་ཆགས་པ་སྟེ། ཁྱི་ཀེང་རུས་ལ་ཆགས་པ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་རབ་ཏུ་ལྷུང་བ་སྟེ། ཕྱེ་མ་ལེབ་མར་མེའི་མེ་ལྕེར་ལྷུང་བ་དང་མཚུངས་སོ། ། འདི་ན་བྱིས་པ་ དེ་དག་ནི་ཐོགས་པ་སྟེ། སྤྲེའུ་རྙོང་ལ་ཐོགས་པ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་ཡོངས་སུ་བཟུང་བ་སྟེ། ཉ་རྒྱས་ཟིན་པ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་ཡོངས་སུ་གཏུབས་པ་སྟེ། ཤ་འཚོང་གི་གནས་ཀྱི་ལུག་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་བཙུགས་པ་སྟེ་ སྡིག་པ་བྱེད་པ་གསལ་ཤིང་གི་རྩེ་མོ་ལ་བཙུགས་པ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་འདམ་དུ་འབྱིང་ཞིང་ཐོགས་པ་སྟེ། གླང་པོ་ཆེ་རྒན་པོ་འདམ་དུ་སོང་བ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་ཕོངས་པ་སྟེ། རྒྱ་མཚོ་ཆེན་པོར་གྲུའི་སྣམ་བུ་ཞིག་པ་དང་མཚུངས་སོ། ། འདི་ན་བྱིས་ པ་དེ་དག་ནི་རབ་ཏུ་ལྷུང་བ་སྟེ།
BOདམུས་ལོང་གཡང་ས་ཆེན་པོར་ལྷུང་བ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་ཡོངས་སུ་ཟད་པར་འགྱུར་བ་སྟེ། སའི་སྟེང་གི་མཚམས་སུ་སོང་བའི་ཆུ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་དུ་བ་འཐུལ་བ་སྟེ། བསྐལ་པ་ཟད་པའི་ས་ཆེན་པོ་དང་ མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་འཁོར་བ་སྟེ། རྫ་མཁན་གྱི་འཁོར་ལོའི་ཤུགས་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་འབྲོག་རྩོལ་བ་སྟེ། དམུས་ལོང་རི་ལ་ཕྱིན་པ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་བཏགས་ཤིང་འཁོར་བ་སྟེ། ཁྱི་ལྟོང་གིས་བཏགས་པ་དང་མཚུངས་ སོ། ། འདི་ན་བྱིས་པ་དེ་དག་ནི་རྙིས་པ་སྟེ། དཔྱིད་ཀྱི་རྩྭ་དང་ནགས་ཚལ་དང་མཚུངས་སོ། ། འདི་ན་བྱིས་པ་དེ་དག་ནི་ཡོངས་སུ་ཉམས་པ་སྟེ། ཟླ་བ་མར་གྱི་ངོའི་ཟླ་བ་དང་མཚུངས་སོ། ། འདི་དག་ནི་བྱིས་པ་རྣམས་ལ་ཟབ་སྟེ། ཀླུ་ལ་ནམ་མཁའ་ལྡིང་དང་མཚུངས་སོ། ། འདི་དག་ནི་བྱིས་པ་རྣམས་ ལ་འཆའ་བ་སྟེ། གྲུ་བོ་ཆེ་ལ་ཆུ་སྲིན་ཆེན་པོ་དང་མཚུངས་སོ། ། འདི་དག་ནི་བྱིས་པ་རྣམས་ལ་འཇོམས་པ་སྟེ། འདྲོན་པོ་ལ་ཆོམ་པོ་མང་པོ་དང་མཚུངས་སོ། ། འདི་དག་ནི་བྱིས་པ་རྣམས་ལ་འཇིག་པ་སྟེ། ཤིང་སཱ་ལ་ལ་རླུང་མར་ཆེན་པོ་དང་མཚུངས་སོ། །
BOའདི་དག་ནི་བྱིས་པ་རྣམས་ལ་གསོད་པ་སྟེ། སྐྱེ་བོ་ལ་སྦྲུལ་མིག་གདུག་པ་དང་མཚུངས་སོ། ། བྱིས་པ་རྣམས་ནི་རོ་མྱང་བའི་འདུ་ཤེས་ཀྱིས་ཆོད་པ་སྟེ། རལ་གྲིའི་སོ་སྦྲང་རྩིས་བསྐུས་པས་ཆོད་པ་བཞིན་ནོ། ། འདི་དག་ནི་བྱིས་པ་རྣམས་ཁྱེར་བ་སྟེ། ཤིང་གི་ཕུང་པོ་ཆུ་བོའི་ཆུས་ཁྱེར་བ་དང་མཚུངས་སོ། ། འདི་དག་ནི་བྱིས་པ་རྣམས་ལ་རྩེད་པ་སྟེ། བྱིས་པ་ཆུང་ངུ་རང་གི་གཅིན་རྟུག་ལ་རྩེ་བ་དང་མཚུངས་སོ། ། འདི་དག་ནི་བྱིས་པ་རྣམས་ཀུན་ཏུ་སྒྱུར་བ་སྟེ། གླང་པོ་ཆེ་ལ་ལྕགས་ཀྱུ་དང་མཚུངས་སོ། ། འདི་དག་ནི་བྱིས་པ་རྣམས་ལ་སླུ་བ་སྟེ། གཡོན་ཅན་གྱིས་བྱིས་པའི་རང་བཞིན་ཅན་དག་བྲིད་པ་བཞིན་ནོ། ། འདི་དག་ནི་བྱིས་པ་དེ་དག་གི་དགེ་བའི་རྩ་ བ་ཟད་པར་བྱེད་པ་སྟེ། རྒྱན་པོ་ལ་དགའ་བའི་ནོར་དང་མཚུངས་སོ། ། འདི་དག་གིས་བྱིས་པ་རྣམས་འཆོས་པ་སྟེ། སྲིན་མོ་རྣམས་ཀྱིས་ཚོང་བ་འཆོས་པ་དང་མཚུངས་སོ། ། བྱང་ཆུབ་སེམས་དཔས་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བཙུན་མོའི་འཁོར་ལ་ཡོངས་སུ་བརྟག་པ་བྱས་ནས། ལུས་ ལ་མི་གཙང་བའི་འདུ་ཤེས་རྣམ་པར་སྒོམ། མི་འཐུན་པའི་འདུ་ཤེས་ཉེ་བར་སྒྲུབ། སྨད་པའི་འདུ་ཤེས་སྐྱེད།
BOརང་གི་ལུས་ལ་ཡང་དེ་དང་འདྲ་བར་རྣམ་པར་སྒོམ། ལུས་ཀྱི་ཉེས་དམིགས་ཡང་དག་པར་མཐོང་། ལུས་ལ་ལུས་སུ་མངོན་པར་ཞེན་པ་ལས་སྐྱོད། སྡུག་པའི་འདུ་ཤེས་རྣམ་པར་ འཇིག ། མི་སྡུག་པའི་འདུ་ཤེས་འཇུག་པར་བྱེད། འོག་གི་རྐང་པའི་མཐིལ་ནས་སྟེང་གི་ཀླད་པ་མན་ཆད་མི་གཙང་བ་ལས་བྱུང་བ་དང་། མི་གཙང་བ་ལས་གྱུར་པ་དང་། རྟག་ཏུ་མི་གཙང་བ་ཟག་པར་མཐོང་ངོ་། ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། ། ལུས་ཀྱི་ཞིང་ལས་ སྐྱེས་ཤིང་སྲེད་པའི་ཆུ་ལས་བྱུང་བ་འཇིག་ཚོགས་མིང་དུ་བཏགས། ། མཆི་མ་རྡུལ་དང་མཆིལ་མས་བརླན་ལ་གཅིན་གྱིས་བསྒྱུར་ཅིང་ཁྲག་གི་ཐིགས་པས་གང་། ། ཞག་དང་རྣག་དང་ལྒང་བ་དང་ནི་ཀླད་རྒྱས་དག་དང་སྡིག་པ་རྣམས་ཀྱིས་གང་། ། རྟག་ཏུ་ངན་སྐྱུགས་ཟག་ཅིང་ ཀུན་ཀྱང་དྲི་མ་རྣམ་པ་སྣ་ཚོགས་ཐ་དད་པ། ། པགས་པ་སོ་དང་སྐྲ་དང་སྤུ་ཡིས་བསྒྱུར་ཅིང་པགས་པས་གཡོགས་ལ་སྤུ་དང་ལྡན། ། རྒྱུ་མ་མཆིན་པ་མཚེར་པ་ཆུ་སེར་ཁ་ཆུ་འདི་དག་བསགས་པ་ཉམ་ཆུང་བ། ། རྐང་དང་ཆུ་རྒྱུས་དག་གིས་སྦྲེལ་ཏེ་འཁྲུལ་འཁོར་འདྲ་ཞིང་ཤ་ཡིས་མཛེས་པར་ བྱས། ། སྣ་ཚོགས་ནད་ཀྱིས་གང་ཞིང་མྱ་ངན་ཁྱབ་ལ་བཀྲེས་དང་སྐོམ་པས་ཀུན་ཏུ་ཉེན། །
BOསྐྱེ་བ་པོ་དག་ལུས་ནི་བུ་ག་མང་ཞིང་འཆི་དང་རྒ་བའི་གནས་གྱུར་པ། ། མཐོང་ནས་མཁས་པ་སུ་ཞིག་རང་གི་ལུས་ལ་དགྲ་དང་མཚུངས་པར་སེམས་མི་འགྱུར། ། དེ་ལྟར་བྱང་ཆུབ་སེམས་དཔའ་ལུས་ ལ་ལུས་སུ་སོང་བའི་དྲན་པས་གནས་པར་གྱུར་ཏོ། ། ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་རྣམས་ཀྱིས་ལྷའི་བུ་ཆོས་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་དོན་གྲུབ་འདི་ནི་བཙུན་མོའི་འཁོར་ལ་རྣམ་པར་ལྟ་ཞིང་འཛུམ་ཡང་སྟོན། ། སེམས་ནི་མི་དགའ་མིག་ནི་ཕྱིར་ཞིང་ལྟ་ན་ཕྱི་ ཤོལ་བྱེད་དམ་ཅི། ། ཡང་ན་འདི་ནི་རྒྱ་མཚོའི་ཟབས་དང་མཚུངས་ཏེ་འདི་ཚད་གཟུང་བར་མི་ནུས་སོ། ། ཡང་ན་ཆགས་པ་མེད་པ་འདི་ཡུལ་རྣམས་ལ་ཡིད་ཆགས་པར་ནི་མི་འགྱུར་གྲང་། ། ལྷ་རྣམས་ཀྱིས་བསྐུལ་བ་ཡི་ཡི་དམ་བརྗེད་པར་མ་གྱུར་གྲང་། ། ལྷའི་བུ་ཆོས་སྤྱོད་ཀྱིས་སྨྲས་པ། དེ་ སྐད་སྨྲ་ཅི་དགོས། འདི་སྔོན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་ཡང་མངོན་པར་འབྱུང་བ་དང་། གཏོང་བ་ལ་རྣམ་པ་དེ་ལྟ་བུར་ཆགས་པ་མེད་པར་གྱུར་པ་དེ་ཁྱེད་ལ་མངོན་སུམ་དུ་གྱུར་པ་ཡིན་ན། ད་སྲིད་པ་ཐ་མ་པ་ལ་གནས་པ་ཆགས་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས།
BOདགེ་སློང་དག་དེ་ ནས་བྱང་ཆུབ་སེམས་དཔའ་ངེས་པར་བྱས་པ། ཡིད་བྱུང་བར་གྱུར་པ། བློ་བརྟུལ་བ། ཚུལ་དུ་ཤིས་ཤིང་{རིངས་,རིང་}ཐབས་མེད་པར་སྐྱིལ་མོ་ཀྲུང་བཤིག་སྟེ། གླུ་དབྱངས་ལེན་པའི་ཁང་{བཟངས་,བཟང་}ན་ཤར་ཕྱོགས་སུ་ལྟ་ཞིང་འདུག་ནས་ལག་པ་གཡས་པས་རིན་པོ་ཆེའི་དྲ་བ་སྨད་དེ་ཁང་{བཟངས་,བཟང་} ཀྱི་སྟེང་དུ་སོང་ནས་སོར་མོ་བཅུ་ཐལ་མོ་སྦྱར་ཏེ། སངས་རྒྱས་ཐམས་ཅད་བསམས་ནས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། ནམ་མཁའི་དཀྱིལ་དུ་བལྟས་པ་དང་དེས་མཐོང་བ། ནམ་མཁའི་དཀྱིལ་ན་ལྷའི་དབང་པོ་མིག་སྟོང་དང་ལྡན་པ་ལྷ་བརྒྱ་སྟོང་གིས་བསྐོར་ཅིང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་གི་རྣ་རྒྱན་དང་། རིན་པོ་ཆེའི་དོ་ཤལ་གྱི་ཆུན་པོ་ཐོགས་ཏེ། ལུས་བཏུད་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་པ་མཐོང་ངོ་། ། འཇིག་རྟེན་ སྐྱོང་བ་བཞི་ཡང་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུའི་ཚོགས་ཀྱིས་བསྐོར་ཅིང་གོ་ཆ་སྲ་བ་བགོས། ཡ་ལད་བགོས་ཏེ། རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མཚོན་རྩེ་གཉིས་པ་དང་།
BOརྩེ་གསུམ་པ་ལག་ན་ཐོགས་ཤིང་ཚུལ་དུ་ཤིས་པར་ནོར་བུའི་ཅོད་པན་དང་། གཙུག་ཕུད་འཕྱང་བར་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་པ་མཐོང་ངོ་། ། ལྷའི་བུ་ཉི་མ་དང་ཟླ་བ་གཉིས་ཀྱང་གློ་གཡས་གཡོས་ན་འདུག་པར་མཐོང་ངོ་། ། སྐར་མའི་བདག་པོ་རྒྱལ་ཡང་ནམ་ཕྱེད་ན་ཤར་བར་མཐོང་ངོ་། ། མཐོང་ནས་ཀྱང་བྱང་ཆུབ་སེམས་དཔས་འདུན་པ་ལ་སྨྲས་པ། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་གྲུབ། ། དོ་མོད་གདོན་མི་ཟ་བར་དོན་གྲུབ་ཀྱིས། ། འདུན་པ་ཕྱི་ཤོལ་མ་བྱེད་ལ་གོར་དུ། ། རྟ་རྒྱལ་རྒྱན་གྱིས་བརྒྱན་པའང་ང་ལ་བྱིན། ། དེ་ནས་འདུན་པས་ཚིག་དེ་ཐོས་ནས། ཡིད་མི་དགའ་ཞིང་འདི་སྐད་ཅེས་སྨྲས་སོ། ། སྨིན་མ་རིང་ཞིང་པད་མའི་འདབ་མ་རྒྱས་ འདྲའི་སྤྱན་མངའ་མི་ཡི་སེང་གེ་སྟོན་ཀའི་ཟླ་བ་ཉ་བ་ལྟ་བུ་དང་། ། མེ་ཏོག་ཀུ་མུ་ད་དང་ཟླ་བ་དང་ནི་དགའ་བའི་པད་མའི་རྫིང་བུ་སར་པར་འཇམ་པའི་པད་མ་རྒྱས་འདྲའི་ཞལ། ། སྦྱང་པའི་གསེར་དང་ཉི་མ་ཤར་མ་ཐག་དང་ཟླ་བ་དྲི་མེད་གཟི་དང་མར་བླུགས་མེ་ཡི་འོད་འཕྲོ་ནོར་བུ་གློག་འོད་འབར་བའི་ གཟི་བརྗིད་ཅན། །
BOགླང་པོ་རྒྱགས་པ་འགྱིང་བའི་གླང་པོའི་སྟོབས་ཅན་བ་ལང་ཁྱུ་མཆོག་{རི་དགས་,རི་དྭགས་}རྒྱལ་དང་ངང་པའི་སྟབས་ཅན་སྟབས་མཛེས་ཤིན་ཏུ་ཞབས་ལེགས་གང་དུ་བཞུད། ། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་གང་གི་དོན་དུ་ང་ཡིས་སྔོན་ཆད་ལག་པ་རྐང་པ་མིག་དང་ དེ་བཞིན་མགོ་དང་ལུས་བཏང་ཞིང་། ། ཆུང་མ་དང་ནི་ཕངས་པའི་རྒྱལ་སྲིད་ནོར་གསེར་གོས་དང་རིན་ཆེན་གང་བའི་ཤིང་རྟ་གླང་པོ་རླུང་མགྱོགས་ཤུགས་ལྡན་རྟ་ཕོ་རྩལ་མཆོག་ལྡན་པ་བཏང་། ། བསྐལ་པ་བྱེ་བ་ཁྲག་ཁྲིག་མང་ནས་ཚུལ་ཁྲིམས་ངས་བསྲུངས་བཟོད་པ་ ཡོངས་བསྒོམས་བརྩོན་འགྲུས་སྟོབས་དང་བསམ་གཏན་ཤེས་རབ་དག ། དེ་ལྟ་མོད་ཀྱི་བྱང་ཆུབ་ཞི་བ་ཤིས་པ་ཐོབ་ནས་རྒ་ཤིའི་རྒྱ་མོར་ཆུད་པའི་སེམས་ཅན་ང་ཡིས་ཡོངས་སུ་དགྲོལ་བའི་དུས་ལ་བབ། ། འདུན་པས་སྨྲས་པ། ཇོ་ཇོ་ཁྱོད་བལྟམ་མ་ཐག་ཏུ་བལྟ་བའི་ཕྱིར་བྲམ་ཟེ་ལྟས་ མཁན་རྣམས་ལ་བསྟན་ན། དེ་དག་གིས་ཁྱོད་རྒྱལ་པོ་ཟས་གཙང་མའི་སྤྱན་སྔར་ལྷ་ཁྱོད་ཀྱི་རྒྱལ་པོའི་ཕོ་བྲང་འཕེལ་བར་འགྱུར་རོ་ཞེས་ལུང་བསྟན་ཅེས་བདག་གིས་ཐོས་སོ། ། སྨྲས་པ། ཇི་ལྟ་བུར་འགྱུར། སྨྲས་པ་གཞོན་ནུ་འདི་ནི་བསོད་ནམས་བརྒྱ་མཚན་ལྡན། །
BOཁྱོད་ཀྱི་བུ་ བཙས་བསོད་ནམས་གཟི་བརྗིད་ཅན། ། དེ་ནི་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར། ། ནོར་བདུན་དང་ནི་རབ་ཏུ་ལྡན་པར་འགྱུར། ། གལ་ཏེ་འཇིག་རྟེན་སྡུག་བསྔལ་བལྟས་ནས་ནི། ། བཙུན་མོའི་འཁོར་སྤངས་མངོན་པར་བྱུང་འགྱུར་ན། ། བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་སྟེ། ། ཆོས་ཀྱི་ཆུ་ཡིས་སྐྱེ་དགུ་འདི་ཚིམ་བྱེད། ། ཇོ་ཇོ་ལུང་བསྟན་པ་འདི་ནི་མཆིས་ཏེ། འདི་མ་མཆིས་པ་ནི་མ་ལགས་མོད་ཀྱི་འོན་ཀྱང་ཕན་པར་འཚལ་བ་བདག་གི་ཚིག་གསན་པར་གསོལ། སྨྲས་པ། ཅི་ཞིག ། སྨྲས་པ། ལྷ་ཅིག་གང་གི་དོན་དུ་འདི་ན་ཁ་ཅིག་བརྟུལ་ཞུགས་དང་དཀའ་ ཐུབ་རྣམ་པ་དུ་མ་རྩོམ་སྟེ། {རི་དགས་,རི་དྭགས་}ཀྱི་པགས་པ་དང་། རལ་པའི་ཐོར་ཚུགས་དང་། རྩྭ་དང་ཤིང་ཤུན་གྱོན་པ་དང་། སེན་མོ་དང་། སྐྲ་དང་། ཨག་ཙོམ་རིང་པོར་འཇོག་པ་དང་། ལུས་ལ་གདུང་བ་དང་། ཡོངས་སུ་གདུང་བ་རྣམ་པ་དུ་མ་སྤྲོ་བར་བགྱིད་དེ། བདག་ཅག་ ཇི་ལྟར་ལྷ་དང་མིའི་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཞེས་བརྟུལ་ཞུགས་དང་དཀའ་ཐུབ་དྲག་པོ་རྩོམ་མོ། ། ཇོ་ཇོ་ཕུན་སུམ་ཚོགས་པ་དེ་ནི་ཁྱོད་ཀྱིས་བརྙེས་ལགས་ཏེ། རྒྱལ་སྲིད་འབྱོར་ཅིང་རྒྱས་ལ་བདེ་ཞིང་ལོ་ལེགས་ཏེ།
BOཉམས་དགའ་ཞིང་མི་དང་སྐྱེ་བོ་མང་པོས་གང་བ་འདི་ དང་། སྐྱེད་མོས་ཚལ་དམ་པ་མཆོག་མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། བྱའི་ཚོགས་སྣ་ཚོགས་སྒྲ་སྐད་ཡིད་དུ་འོང་བ་འབྱིན་པ་འདི་དག་དང་། རྫིང་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་མཛེས་པར་གྱུར་པ། ངང་པ་དང་། རྨ་བྱ་ དང་། ཁུ་བྱུག་དང་། ངུར་པ་དང་། ཁྲུང་ཁྲུང་དང་། ངང་སྐྱ་སྒྲ་སྐད་འབྱིན་པ། ཤིང་ཨ་མྲ་དང་། མྱ་ངན་འཚང་དང་། ཙམ་པ་ཀ་དང་། ཀུ་ར་བ་ཀ་དང་། ཀེ་ས་ར་ལ་སོགས་པ་ཤིང་མེ་ཏོག་ཆགས་པ་སྣ་ཚོགས་ཀྱིས་འགྲམ་འཁོར་བ། རིན་པོ་ཆེའི་ཤིང་སྣ་ཚོགས་ཀྱི་ཕྲེང་གིས་ ལེགས་པར་བརྒྱན་པ། མིག་{མངས་,མང་}རིས་སུ་བཀོད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་སྟེགས་བུས་བསྐོར་བ། རིན་པོ་ཆེའི་དྲ་བ་བྲེས་པ། དུས་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྤྱད་པ། དགུན་དང་། དབྱར་དང་། སྟོན་དང་། དཔྱིད་གནས་བདེ་བ་རྣམས་དང་། ཁང་{བཟངས་,བཟང་}ཆེན་པོ་ཆོས་དང་། ཆོས་བཟང་དང་། བདེ་བ་དང་། མྱ་ངན་བྲལ་བ་ལ་སོགས་པ་རྣམ་པར་རྒྱལ་བའི་ཁང་པ་ལྟ་བུ་སྟོན་ཀའི་སྤྲིན་འདྲ་བ། གངས་ཏི་སེ་ལྟ་བུ་སྟེགས་བུ་དང་། སྒོ་གང་དང་། རྟ་བབས་དང་། སྐར་ཁུང་དང་། བསིལ་ཁང་དང་།
BOཁང་པ་བརྩེགས་པ་དང་། ཁྱམས་ཀྱིས་ལེགས་པར་ བརྒྱན་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་སྒྲ་འབྱུང་བ་འདི་དག་དང་། བཙུན་མོའི་འཁོར་དང་རོལ་མོའི་ཆ་བྱད་རྒྱུད་གཅིག་པ་དང་། པི་བང་དང་། ཁར་རྔ་དང་། གླིང་བུ་དང་། ཁར་བའི་སིལ་ཁྲོལ་དང་། ཕེག་དང་། ཀིམ་པ་ལ་དང་། ན་ཀུ་ལ་དང་། སྒྲ་སྙན་དང་། རྫ་རྔ་ དང་། པ་ཊ་ཧ་དང་། གླུ་དང་། གར་དང་། རོལ་མོའི་དབྱངས་སྒྲ་དང་། གླུ་དབྱངས་སྦྱར་བ་ལེགས་པར་བསླབས་པ་དགོད་པ་དང་། འཇོ་བ་དང་། རྩེ་བ་དང་། དགའ་བ་དང་། ཚུལ་དུ་ཤིས་པ་དང་། སྤྱོད་པ་མཛེས་པ་འདི་དང་ནི་ལྡན་ལ། ལྷ་ཁྱོད་ཀྱང་དར་ནི་མ་ཡོལ་ཏེ། གཞོན་ པ་ཐོར་བུ་དར་ལ་བབ་པ། ལུས་འཇམ་པ། ལང་ཚོ་ལ་བབ་པ། དབུ་སྐྲ་གནག་པ། འདོད་པ་ལ་མ་རོལ་པ་ལགས་ཀྱིས། སུམ་ཅུ་རྩ་གསུམ་པའི་བདག་པོ་མིག་སྟོང་དང་ལྡན་པ་ལྷའི་བདག་པོ་ལྟ་བུར་རེ་ཤིག་དགྱེས་པར་རོལ་ལ། སླད་ཀྱིས་བགྲེས་ནས་མངོན་པར་འབྱུང་བར་མཛོད་ ཅིག ། དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། ། སུམ་ཅུ་རྩ་གསུམ་འཇིག་རྟེན་ལྷ་དབང་ལྟར། ། དགྱེས་པའི་ཆོ་ག་མཁྱེན་པ་དགྱེས་པར་རོལ། ། སླད་ཀྱིས་བགྲེས་པར་གྱུར་ནས་བརྟུལ་ཞུགས་དང་། ། དཀའ་ཐུབ་དག་ནི་ཡང་དག་བརྩམ་པར་མཛོད།
BO། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་མི་དགོས་ཏེ། འདོད་པ་འདི་དག་ནི་མི་རྟག་པ། མི་བརྟན་པ། ཐེར་ཟུག་མ་ཡིན་པ། འགྱུར་བའི་ཆོས་ཅན། མྱུར་དུ་འགྲོ་བ། གཡོ་བ། རི་གཟར་པོའི་ཆུའི་ཤུགས་དང་འདྲ་བ། ཟིལ་པའི་ཐིགས་པ་ལྟར་རིང་དུ་མི་གནས་པ། ལག་པ་ བཅངས་པ་སྟོངས་པས་བྱིས་པ་བྲིད་པ་ལྟར་སྙིང་པོ་མེད་པ། ཆུ་ཤིང་གི་སྙིང་པོ་ལྟར་མཐུ་མེད་པ། སྣོད་སོ་མ་བཏང་བ་ལྟར་མཐར་འཇིག་པ། སྟོན་ཀའི་སྤྲིན་ལྟར་སྐད་ཅིག་བྱུང་ནས་མེད་པར་འགྱུར་བ། ནམ་མཁའི་གློག་ལྟར་རིང་དུ་མི་གནས་པ། དུག་དང་བཅས་པའི་སྣོད་ལྟར་འགྱུར་བའི་ སྡུག་བསྔལ་ཅན། འཁྲི་ཤིང་མ་ལུ་ཏ་ལྟར་མི་བདེ་བ་འབྱིན་པ། བྱིས་པའི་བློ་ཅན་རྣམས་ཀྱིས་འདོད་པར་བྱ་བ། ཆུའི་ཆུ་བུར་ལྟ་བུར་མྱུར་དུ་འགྱུར་བའི་ཆོས་ཅན། སྨིག་རྒྱུ་ལྟར་འདུ་ཤེས་ཕྱིན་ཅི་ལོག་ལས་བྱུང་བ། སྒྱུ་མ་ལྟར་སེམས་ཕྱིན་ཅི་ལོག་གིས་རྣམ་པར་བསྒྲུབས་པ། རྨི་ལམ་ ལྟར་ལྟ་བ་ཕྱིན་ཅི་ལོག་གིས་ཡོངས་སུ་ཟིན་པ། རྒྱ་མཚོ་དགང་དཀའ་བ་ལྟར་ངོམས་མི་ཤེས་པར་བྱེད་པ། ཚྭ་ཆུ་ལྟར་སྐོམ་པར་བྱེད་པ། སྦྲུལ་གྱི་མགོ་ལྟར་རེག་པར་བྱ་དཀའ་བ། གཡང་ས་ཆེན་པོ་ལྟར་མཁས་པ་རྣམས་ཀྱིས་ཡོངས་སུ་སྤངས་པ།
BOཤེས་རབ་ཅན་རྣམས་ཀྱིས་ འཇིགས་པ་དང་བཅས་པ་དང་། རྩོད་པ་དང་བཅས་པ་དང་། ཉེས་པ་དང་བཅས་པ་དང་། སྐྱོན་དང་བཅས་པར་ཤེས་ནས་རྣམ་པར་སྤངས་པ། རིག་པ་རྣམས་ཀྱིས་སྨད་པ། འཕགས་པ་རྣམས་ཀྱིས་བཤུངས་པ། མཁས་པ་རྣམས་ཀྱིས་མ་བསྔགས་པ། མི་མཁས་པ་ རྣམས་ཀྱིས་ཡོངས་སུ་བཟུང་བ། བྱིས་པ་རྣམས་ཀྱིས་བསྟེན་པ་ཡིན་ནོ། ། དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། ། མཁས་པ་རྣམས་ཀྱིས་སྦྲུལ་གྱི་མགོ་བཞིན་སྤངས། ། ངན་སྐྱུགས་སྣོད་བཞིན་མི་གཙང་རྣམ་པར་སྤངས། ། འདུན་པ་དགེ་བ་ཐམས་ཅད་ འཇིག་བྱེད་པར། ། འདོད་པ་ཤེས་ནས་ང་ནི་དགའ་མི་སྐྱེ། ། དེའི་ཚེ་འདུན་པ་ཟུག་རྔུས་ཟུག་པ་བཞིན་དུ་སྐད་ཕྱུང་སྟེ། ངུ་ཞིང་དེ་ནས་མིག་ནས་མཆི་མ་ཟག་ལ། སྡུག་བསྔལ་བཞིན་ཚིག་འདི་སྐད་ཅེས་སྨྲས་སོ། ། ལྷ་ཅིག་གང་གི་དོན་དུ་འདི་ན་ཁ་ཅིག་བརྟུལ་ཞུགས་རྣམ་པ་མང་པོ་ རྩོམ་སྟེ་{རི་དགས་,རི་དྭགས་}པགས་པ་འཆང་། ། སྐྲ་དང་སེན་མོ་ཨག་ཙོམ་རིང་དུ་འཇོག་ཅིང་དེ་བཞིན་ཤིང་ཤུན་གྱོན་ལ་ཡན་ལག་སྐམས་ཤིང་བརྟུལ་ཞུགས་གནས། ། སྲེད་དང་ནི་ལྡམ་ལྡུམ་དག་དང་དྲུས་མ་འབྲས་ཟ་ཁ་ཅིག་སྤྱིའུ་ཚུགས་འདུག་དང་བ་ལང་བརྟུལ་ཞུགས་གནས། །
BOཇི་ལྟར་བདག་ ཅག་འགྲོ་བའི་གཙོ་བོ་ཁྱད་འཕགས་འཁོར་ལོས་སྒྱུར་བ་མཆོག་དང་དེ་བཞིན་འཇིག་རྟེན་སྐྱོང་བ་དང་། ། བརྒྱ་བྱིན་རྡོ་རྗེ་འཆང་དང་འཐབ་བྲལ་ལྷ་དབང་འཕྲུལ་བར་འགྱུར་སྙམ་ཚངས་པའི་འཇིག་རྟེན་བསམ་གཏན་བདེ་བ་འདོད། ། མི་ཡི་དམ་པ་ཁྱོད་ཀྱི་རྒྱལ་སྲིད་འདི་ནི་ཤིན་ཏུ་འབྱོར་ཅིང་རབ་ཏུ་ རྒྱས་ལ་ཤིན་ཏུ་ལོ་ལེགས་པ། ། དེ་བཞིན་ཀུན་དགའི་ར་བ་དག་དང་སྐྱེད་མོས་ཚལ་དང་ཁང་{བཟངས་,བཟང་}མཐོན་པོ་རྣམ་པར་རྒྱལ་བའི་ཁང་པ་མཚུངས། ། བུད་མེད་འདི་དག་རྣམས་ཀྱང་པི་བང་དང་ནི་གླིང་བུ་དག་དང་གླུ་དང་རོལ་མོའི་དབྱངས་སྒྲ་ལེན་ཅིང་མཆིས། ། དགའ་བར་བགྱིད་དང་གར་དང་གླུ་ དབྱངས་སྦྱར་བ་ཤིན་ཏུ་བསླབས་པ་འདི་དག་སྤྱོད་ཅིང་དེས་པ་མ་བཞུད་ཅིག ། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་ཉོན་ཅིག་འདོད་པའི་རྒྱུས་ནི་སྔོན་གྱི་ཚེ་རབས་དག་ན་བཅིངས་དང་བཙས་དང་བརྡེགས་དང་བསྡིགས་པ་སྡུག་བསྔལ་བརྒྱ་དག་ངས་ནི་བཟོད་བྱས་འདུས་བྱས་རྣམས་ལ་ང་ཡིས་ ཡིད་བྱུང་བྱས་མ་གྱུར། །
BOསྔོན་ཆད་བག་མེད་དབང་དུ་སོང་ཞིང་གཏི་མུག་དཀྲུགས་ལ་ལྟ་བའི་དྲ་བས་དཀྲིགས་ཤིང་མུན་གྱུར་ཆོས་འདི་མི་ཤེས་པ་ལས་བྱུང་སྟེ་བདག་ཏུ་འདུ་ཤེས་འཛིན་དང་ཚོར་བ་པོ་ལས་འདས། ། དངོས་པོ་འདི་དག་ཐམས་ཅད་གཡོ་ཞིང་འགྱུར་ལ་མི་རྟག་སྤྲིན་དང་མཚུངས་ ཤིང་གློག་དང་འདྲ་སྟེ་ཟིལ་པའི་ཐིགས་པ་འདྲ་ཞིང་གསོབ་གསོག་སྙིང་པོ་མེད་ལ་བདག་ཡོད་མ་ཡིན་སྟོང་པར་གྱུར་པ་སྟེ། ། ང་ཡི་ཡིད་ནི་ཡུལ་ལ་ཆགས་པ་མེད་ཀྱིས་འདུན་པ་རྟ་རྒྱལ་དམ་པ་བསྔགས་ལྡན་ང་བྱིན་ངས་སྔོན་བསམས་པའི་བཀྲ་ཤིས་རྫོགས་ཀྱིས་ཐམས་ཅད་ཟིལ་གནོན་ཆོས་ཀུན་ དབང་ཕྱུག་ཆོས་རྒྱལ་ཐུབ་པར་འགྱུར། ། འདུན་པས་སྨྲས་པ། པད་མ་འདབ་མ་རྒྱས་པ་འདྲ་བའི་མིག་ལྡན་ཞིང་། ། དོ་ཤལ་ནོར་བུ་རིན་ཆེན་སྣ་ཚོགས་རྣམས་ཀྱིས་བརྒྱན། ། མཁའ་ལ་སྤྲིན་ཚོགས་དག་ལས་བྱུང་བའི་གློག་འདྲ་བ། ། མལ་ན་རྣམ་པར་མཛེས་ པ་འདི་ལ་མི་གཟིགས་སམ། ། པི་ལྡིར་དང་ནི་ཁར་རྔ་དག་དང་སྒྲ་སྙན་དང་། ། རྫ་རྔ་དག་དང་གླིང་བུ་གླུ་དབྱངས་ལེན་པ་དང་། ། བྱ་བང་རྨ་བྱ་ཀ་ལ་པིང་ཀ་སྒྲ་འབྱིན་པ། ། མིའམ་ཅི་ཡི་ཁྱིམ་འདྲ་འདི་ཡང་དོར་ལགས་སམ། ། སུ་མ་ན་དང་ཨུད་པ་ལ་དང་པཱར་ཤི་ཀ །
BOཙམ་པ་ཀ་དང་དྲི་ མཆོག་ཕྲེང་བ་མེ་ཏོག་བརྒྱུས། ། དུས་ཀྱི་ཨ་ག་རུ་མཆོག་བདུག་པས་རབ་བདུགས་དང་། ། བྱུག་པ་དམ་པ་དེ་དག་ལ་ཡང་མི་གཟིགས་སམ། ། ཤིན་ཏུ་དྲི་བདའ་དྲི་ལྡན་རོ་བྲོ་གྱ་ནོམ་དང་། ། སྐྱུ་རུམ་དག་དང་བཤོས་གཙང་ཤིན་ཏུ་ལེགས་སྦྱར་དང་། ། སྐྱེམས་ཀྱི་རོ་ཡང་ཁ་ར་བཅས་པར་ རབ་སྦྱར་བ། ། འདི་ལའང་མི་གཟིགས་པར་ནི་ལྷ་ཁྱོད་གང་དུ་བཞུད། ། གྲང་བའི་དུས་ན་བྱུག་པ་དྲོ་བ་དམ་པ་དང་། ། ཚ་བའི་དུས་ན་ཙན་དན་སྦྲུལ་གྱི་སྙིང་པོ་དང་། ། ཀ་ཤི་པ་ཡི་ན་བཟའ་བཟང་པོ་མང་པོ་དང་། ། དེ་དག་ལ་ཡང་མི་གཟིགས་ལྷ་ཁྱོད་གང་དུ་བཞུད། ། ལྷ་ཡུལ་དག་ན་ལྷ་རྣམས་ དག་ནི་ཅི་འདྲ་བར། ། འདོད་པའི་ཡོན་ཏན་ལྔ་པོ་འདི་དག་རབ་འབྱོར་པ། ། དགའ་ཞིང་བདེ་དང་ལྡན་ལ་དགྱེས་པར་རོལ་མཛོད་དེ། ། དེ་ནས་ཤཱཀྱའི་དམ་པ་ནགས་ཚལ་བཞུད་པར་མཛོད། ། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་ངས་ནི་བསྐལ་པ་མཐའ་ཡས་དཔག་ཏུ་མེད་ པར་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་མི་དང་ལྷ་ཡི་འདོད་པ་རྣམ་པ་སྣ་ཚོགས་སྤྱད་ཀྱང་ངོམས་པར་གྱུར་པ་མེད། །
BOརྒྱལ་པོའི་སྲས་མཆོག་གྱུར་ཏེ་དབང་ཕྱུག་བྱས་ཤིང་གང་ཚེ་གླིང་བཞི་དག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་རིན་ཆེན་སྣ་བདུན་ལྡན་ཞིང་བུད་མེད་དག་གི་ནང་ན་འདུག་ པ་དང་། ། སུམ་ཅུ་རྩ་གསུམ་དབང་དང་འཐབ་བྲལ་རབ་ཀྱི་ལྷ་དབང་བྱས་ཤིང་དེ་དག་ནས་ནི་ཤི་འཕོས་འདིར་འོངས་སྤྲུལ་པའི་ལྷ་ཡི་ནང་ན་ཡིད་འོང་དཔལ་ལྡན་དམ་པ་ང་ཡིས་སྔོན་ཆད་སྤྱད། ། ལྷ་ཡི་གནས་སུ་དབང་སྒྱུར་བདུད་ཀྱི་དབང་པོ་བྱས་ཤིང་འདོད་པ་འབྱོར་པ་མཆོག་ལ་སྤྱད་ཀྱང་ངོམས་ མ་གྱུར་ན་ད་ཅི་དམན་པ་འདི་ལ་བསྟེན་པས་ང་ངོམས་འགྱུར་རམ་དེ་ནི་གནས་མིན་ནོ། ། གཞན་ཡང་འདུན་པ་ང་ནི་སྡུག་བསྔལ་མྱ་ངན་དགོན་པའི་འཁོར་བར་གནས་པ་ཉོན་མོངས་གདུག་པས་དཀྲུགས་ཤིང་ཉམ་ངས་རྟག་ཏུ་ཁྱེར་ཏེ་མགོན་མེད་སྐྱབས་མེད་ཅིང་། ། གཏི་མུག་མ་རིག་མུན་པ་ དག་ན་རྒ་དང་ན་དང་འཆི་བའི་འཇིགས་པ་དག་གིས་ཉེན་ལ་སྐྱེ་བའི་སྡུག་བསྔལ་དགྲ་ཡིས་ཀུན་ཏུ་གནོད་ཅིང་རྣམ་པར་གནོད་པའི་འགྲོ་བ་འདི་བལྟས་ནས། །
BOངས་འདིར་ཆོས་ཀྱི་གྲུ་བཟང་གཏོང་དང་ཚུལ་ཁྲིམས་བརྟུལ་ཞུགས་བཟོད་པ་བརྩོན་འགྲུས་སྟོབས་ཅན་དག་གི་ཤིང་ཚོགས་བསོགས་ ཏེ་སྦྱར་ནས་ལྷག་པའི་བསམ་པ་སྙིང་པོ་ལྡན་པ་རྡོ་རྗེ་ལྟ་བུས་བརྟན་པོར་གཟུངས་བཏབ་སྦྱར། ། གྲུ་དེར་ང་ཉིད་ཞུགས་ནས་བདག་ཉིད་རྒལ་ཏེ་བདག་གིས་འགྲོ་བ་མཐའ་ཡས་པ་དག་འཁོར་བའི་ཆུ་བོ་འདའ་བར་ཆེ་བ་ཁྲོ་བའི་དབའ་རླབས་ལྡན་པ་འདོད་ཆགས་འཛིན་ཁྲི་གློང་འཁྱིལ་དགྲ་ ཡིས་རྣམ་པར་དཀྲུགས་པ་རྒལ་བར་དཀའ་ལས་བསྒྲལ་ལོ་སྙམ་སྟེ་ང་སེམས་དེ་འདྲའོ། ། དེ་ཕྱིར་སྲིད་འཚོ་དགྲར་བཅས་ལྟ་བའི་འཛིན་ཁྲི་དང་། ། ཉོན་མོངས་སྲིན་པོ་ཡོད་པ་འདི་ལས་བདག་རྒལ་ཏེ། ། བདག་ཉིད་རྒལ་བར་གྱུར་ནས་འགྲོ་བ་མཐའ་ཡས་པ། ། རྒ་མེད་ཤི་མེད་ཞི་བའི་ ཐང་ལ་དགོད་པར་བྱ། ། དེའི་ཚེ་འདུན་པ་དེ་བས་ཀྱང་རབ་ཏུ་ངུ་ཞིང་འདི་སྐད་ཅེས་སྨྲས་སོ། ། ལྷ་དེ་ལྟར་ངེས་པར་མཛད་དམ། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་ང་ཡིས་ངེས་པར་བྱས་པ་ཉོན། ། སེམས་ཅན་དགྲོལ་ཕྱིར་ཕན་པར་བྱ་ཕྱིར་བརྩོན། ། མི་གཡོ་ལས་ཀྱང་མི་ གཡོ་གནོད་པ་མེད། ། རི་རྒྱལ་ལྷུན་པོ་ལྟ་བུར་བརྟན་མི་གཡོ། ། འདུན་པས་སྨྲས་པ། ཇོ་ཇོའི་ངེས་པ་ཅི་འདྲ་བ་ཞིག་ལགས།
BOབྱང་ཆུབ་སེམས་དཔས་སྨྲས་པ། རྡོ་རྗེའི་གནམ་ལྕགས་དགྲ་སྟ་མདུང་ཐུང་མདའ་ཆར་དང་། ། ལྕགས་བསྐོལ་གློག་གི་ཚོགས་ལྟར་རབ་ཏུ་འབར་བ་ དང་། ། རི་རྩེ་ཀུན་ཏུ་འབར་བ་མགོ་སྟེང་རབ་འབབ་ཀྱང་། ། ང་ནི་ཁྱིམ་ལ་འདོད་པའི་ཕྱིར་ཡང་མི་སྐྱེད་དོ། ། དེའི་ཚེ་ལྷའི་བུ་ནམ་མཁའ་ལ་འཁོད་པ་དག་གིས་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་ཕྱུང་སྟེ། མེ་ཏོག་གི་ཆར་ཡང་ཕབ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། ཡུལ་རྣམས་ལ་ ནི་ཡིད་ཀྱང་མ་ཆགས་ཤིང་། ། སེམས་ཅན་དག་པ་སྙིང་རྗེ་སྙིང་བརྩེར་ལྡན། ། བློ་གྲོས་མཆོག་ལྡན་རྒྱལ་གྱུར་རྒྱལ་གྱུར་ཅིག ། མགོན་པོ་འགྲོ་ལ་མི་འཇིགས་སྦྱིན་མཛད་པ། ། མཁའ་ལ་རྡུལ་གནག་དུ་བ་མཇུག་{རིངས་,རིང་}དག ། མི་ཆགས་བཞིན་དུ་སྐྱེས་མཆོག་ ཐུགས་མི་ཆགས། ། དྲི་མེད་ཡུལ་གྱི་བདེ་བས་མི་གོས་ཏེ། ། ཆུ་ལས་པད་མ་ཇི་ལྟར་འཕགས་པ་བཞིན། ། དགེ་སློང་དག་དེ་ནས་ལྷའི་བུ་ཞི་བའི་བློ་གྲོས་དང་། ལྷའི་བུ་རྩེ་བ་བཀོད་པས། བྱང་ཆུབ་སེམས་དཔའི་ངེས་པ་རིག་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་གཉིད་ཀྱིས་ལོག་པར་བྱས་སོ། །
BOསྒྲ་ཐམས་ཅད་ཀྱང་མི་གྲག་པར་བྱས་སོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་གཉིད་ཀྱིས་ལོག་པར་རིག ། ནམ་གྱི་གུང་ལ་བབ་པར་རིག ། སྐར་མའི་བདག་ པོ་རྒྱལ་དང་ལྡན་པར་རིག ། ད་ཁོ་ན་མངོན་པར་འབྱུང་བའི་དུས་ལ་བབ་པར་རིག་ནས་འདུན་པ་ལ་སྨྲས་པ། འདུན་པ་དང་སྐྱོ་བར་མ་བྱེད་པར་རྟ་བསྔགས་ལྡན་ལེགས་པར་བརྒྱན་ཏེ་མ་ཐོགས་པར་ང་ལ་བྱིན། བྱང་ཆུབ་སེམས་དཔས་ཚིག་དེ་སྐད་སྨྲས་མ་ཐག་ཏུ། དེ་ནས་སྐད་ཅིག་དེ་ ཉིད་ལ་རྒྱལ་པོ་ཆེན་པོ་བཞིས། བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས། རང་རང་གི་གནས་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་རང་རང་གི་བཀོད་པས་རིངས་པ་རིངས་པར་ཡང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་འོངས་སོ། ། དེ་ན་དྲི་ཟའི་བདག་པོ་ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ནི་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་སིལ་སྙན་དང་གླུ་དབྱངས་སྣ་ཚོགས་ལེན་ཅིང་ཤར་ཕྱོགས་ནས་འོངས་པར་གྱུར་ཏེ། འོངས་ནས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ།
BOཇི་ལྟར་འོངས་པའི་ ཤར་ཕྱོགས་ཉིད་དུ་གནས་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ། ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ནི་གྲུལ་བུམ་མུ་ཏིག་གི་དོ་ཤལ་སྣ་ཚོགས་ལག་ན་འཕྱང་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ། སྤོས་ཆུ་སྣ་ཚོགས་ཀྱིས་གང་བའི་བུམ་པ་ཐོགས་པ་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་ནས་འོངས་པར་གྱུར་ཏེ། འོངས་ནས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པའི་ལྷོ་ཕྱོགས་ཉིད་དུ་གནས་ནས། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ། ། རྒྱལ་པོ་ཆེན་ པོ་མིག་མི་བཟང་ནི་ཀླུ་མུ་ཏིག་གི་དོ་ཤལ་སྣ་ཚོགས་ལག་ན་འཕྱང་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ། སྤོས་ཀྱི་ཕྱེ་མ་དང་མེ་ཏོག་གི་ཆར་གྱི་སྤྲིན་ཀུན་ནས་སློང་བའི་རླུང་དལ་ཞིང་དྲི་ཞིམ་པ་སྣ་ཚོགས་གཏོང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་ནུབ་ཕྱོགས་ ནས་འོངས་པར་གྱུར་ཏེ། འོངས་ནས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པའི་ནུབ་ཕྱོགས་ཉིད་དུ་གནས་ནས། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ། །
BOརྒྱལ་པོ་ཆེན་པོ་ལུས་ངན་ནི་གནོད་སྦྱིན་ནོར་བུ་རིན་པོ་ཆེ་སྐར་ མའི་འོད་ཟེར་ཐོགས་པ། ལག་ན་མར་མེ་ཐོགས་པ། སྒྲོན་མ་འབར་བ་ལག་ན་ཐོགས་པ། མདའ་གཞུ་དང་། རལ་གྲི་དང་། མདུང་ཐུང་དང་། མཚོན་རྩེ་གཉིས་པ་དང་། རྩེ་གསུམ་པ་དང་། འཁོར་ལོ་དང་། མཚོན་རྩེ་གཅིག་པ་དང་། འཕང་མདུང་ལ་སོགས་པ་མཚོན་ ཆ་སྣ་ཚོགས་ཐོགས་པ། གོ་ཆ་དང་ཡ་ལད་སྲ་བ་བགོས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་བྱང་ཕྱོགས་ནས་འོངས་པར་གྱུར་ཏེ། འོངས་ནས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པའི་བྱང་ཕྱོགས་ཉིད་དུ་གནས་ནས། བྱང་ ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ། ། ལྷའི་དབང་པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་པའི་ལྷ། ལྷའི་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་གི་རྣ་རྒྱན་དང་། རྒྱན་ཐོགས་པ་རྣམས་དང་། ལྷན་ཅིག་ཏུ་འོངས་པར་གྱུར་ཏེ། འོངས་ནས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པའི་སྟེང་གི་བར་སྣང་ལ་འཁོར་དང་བཅས་ཏེ།
BOབྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ། ། དགེ་སློང་དག་དེ་ལྟར་ འདུན་པས་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས། མིག་མཆི་མས་གང་ཞིང་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། ། ཇོ་ཇོ་ཁྱོད་ནི་དུས་མཁྱེན་པ། ཚོད་མཁྱེན་པ། རན་པ་མཁྱེན་པ་ལགས་ན། ད་ལྟར་ནི་བཞུད་པའི་དུས་དང་ཚོད་མ་ལགས་ན། ཅིའི་སླད་དུ་བཀའ་དེ་སྐད་སྩལ། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་ད་ནི་དུས་ལ་བབ་པོ། ། སྨྲས་པ། ཇོ་ཇོ་གང་གི་དུས་ལ་བབ། བྱང་ཆུབ་སེམས་དཔས་སྨྲས་པ། སེམས་ཅན་རྣམས་ཀྱི་དོན་ནི་ཚོལ་བ་ན། ། བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་ནས། ། འགྲོ་བ་དགྲོལ་ ཞེས་ང་ཡིས་ཡུན་རིང་ནས། ། སྨོན་ལམ་བཏབ་པ་དེ་ཡི་དུས་ལ་བབ། ། འདི་ལ་འདི་ནི་ཆོས་ཉིད་དེ། དེ་ལ་འདི་སྐད་ཅེས་བྱའོ། ། ས་བླ་བ་དང་བར་སྣང་དེ་བཞིན་སྐྱོང་། ། ལྷ་དབང་བརྒྱ་བྱིན་རང་གི་ཕྱོགས་དང་བཅས། ། འཐབ་བྲལ་ལྷ་དང་དགའ་ལྡན་འཕྲུལ་དགའ་དང་། ། གཞན་ འཕྲུལ་དབང་བྱེད་ལྷ་རྣམས་བརྩོན་པར་གྱུར། ། ཀླུ་རྒྱལ་ཆུ་ལྷ་དང་ནི་གཟི་ཅན་དང་། ། མ་དྲོས་པ་དང་དེ་བཞིན་རྒྱ་མཚོ་ཡང་། ། མི་མཆོག་མངོན་པར་བྱུང་བའི་དུས་བབ་པས། ། དེ་དག་རྣམས་ཀྱང་མཆོད་ཕྱིར་བརྩོན་པར་གྱུར། །
BOགང་དག་གཟུགས་ན་སྤྱོད་པའི་ལྷ་རྣམས་དང་། ། རྟག་ཏུ་བསམ་གཏན་སྤྱོད་ཡུལ་རབ་ཞི་སྤྱད། ། དེ་དག་རྣམས་ཀྱང་འཇིག་རྟེན་གསུམ་མཆོད་པ། ། མི་མཆོག་དེ་ལ་མཆོད་ཕྱིར་མངོན་པར་བརྩོན། ། སྔོན་སྤྱད་སྤྱོད་ཚེ་གྲོགས་པོར་གྱུར་པ་ཡི། ། བྱང་ཆུབ་སེམས་དཔའ་ཕྱོགས་བཅུར་ལྷགས་པ་ཡང་། ། རྒྱལ་བ་མངོན་པར་འབྱུང་བ་ལྟ་ བྱེད་ཅིང་། ། རྗེས་སུ་འཐུན་པས་མཆོད་པ་བྱ་སྙམ་བྱེད། ། གསང་བའི་བདག་པོ་བདག་ཉིད་ཆེན་པོ་དེ། ། རྡོ་རྗེ་འབར་ཐོགས་ནམ་མཁའི་དཀྱིལ་ན་གནས། ། ལུས་ལ་གོ་བགོས་སྟོབས་བརྩོན་རྩལ་དང་ལྡན། ། གསང་བ་ལག་ན་རྡོ་རྗེ་འབར་བ་ཐོགས། ། ལྷའི་བུ་ཉི་མ་ཟླ་བ་དེ་གཉིས་ ཀྱང་། ། གཡས་དང་གཡོན་ན་རབ་ཏུ་གནས་པར་གྱུར། ། སོར་མོ་བཅུ་ཡི་ཐལ་མོ་སྦྱར་བྱས་ཏེ། ། མངོན་པར་འབྱུང་ལ་རྗེས་སུ་རྟོག་པར་བྱེད། ། སྐར་མ་རྒྱལ་དེ་འཁོར་དང་བཅས་པ་ཡང་། ། རང་གི་ལུས་ནི་རྒྱ་ཆེན་སྤྲུལ་བྱས་ཏེ། ། མི་ཡི་དམ་པ་དེ་ཡི་མདུན་འདུག་ནས། ། ཡིད་དུ་འོང་ བའི་སྒྲ་ནི་རབ་འབྱིན་ཏེ། ། སྐར་མ་རྒྱལ་ལྡན་བཞུད་པའི་དུས་ལ་བབ། ། དོ་མོད་ཁྱོད་དགེ་བཀྲ་ཤིས་ཐམས་ཅད་གྲུབ། ། བདག་ཀྱང་ཁྱོད་དང་ཐབས་ཅིག་མཆི་བར་བགྱི། །
BOའདོད་ཆགས་སེལ་བ་བར་ཆད་འབྱུང་མི་འགྱུར། ། ལྷའི་བུ་ཡང་དག་བསྐུལ་པོས་བསྐུལ་བྱས་པ། ། སྟོབས་ དང་བརྩོན་འགྲུས་འཕགས་པ་མྱུར་དུ་བཞེངས། ། སྡུག་བསྔལ་ཉེན་པའི་སེམས་ཅན་ཐམས་ཅད་སྒྲོལ། ། ད་ནི་མངོན་པར་འབྱུང་བའི་དུས་ལ་བབ། ། ལྷ་རྣམས་བྱེ་བ་སྟོང་ཕྲག་མང་པོ་ཡང་། ། ཡིད་འོང་མེ་ཏོག་ཆར་པ་འབེབས་ཤིང་ལྷགས། ། དེ་ནི་སྐྱིལ་མོ་ཀྲུང་བཅས་མཆོག་ལ་ འདུག ། ལྷ་ཡིས་བསྐོར་ཅིང་མཛེས་ལ་གཟི་བརྗིད་འབར། ། གྲོང་ཁྱེར་ན་ནི་སྐྱེས་པ་བུད་མེད་ཁྱེའུ་དང་བུ་མོ་གང་ཡོད་པ། ། དེ་དག་ཐམས་ཅད་ཡིད་དལ་གྱུར་ནས་ཉལ་ཏེ་སྤྱོད་ལམ་རྣམས་ལས་ཉམས། ། རྟ་དང་གླང་པོ་བ་ལང་ནེ་ཚོ་ཁྲུང་ཁྲུང་རྨ་བྱ་རི་སྐེགས་རྣམས། ། དེ་དག་རྣམས་ ཀྱང་ཡིད་དལ་མྱུར་དུ་ཉལ་ཏེ་དེ་དག་གཟུགས་མི་མཐོང་། ། ཤཱཀྱའི་བུ་གང་རྡོ་རྗེ་སྲ་བ་མཚོན་ཆ་རྩེ་གཉིས་ཐོགས་བཀོད་དང་། ། གླང་ཆེན་རྟ་དང་ཤིང་རྟ་རྟ་བབས་མཆོག་དྲུང་བཀོད་པ་དེ་དག་ཉལ། ། རྒྱལ་པོ་རྒྱལ་བུ་རྒྱལ་པོའི་སྐྱེ་བོ་ཀུན་ཀྱང་གཉིད་ཀྱིས་ལོག་པར་གྱུར། ། བུད་མེད་ཚོགས་ རྣམས་གཉིད་ལོག་གོས་བྲལ་གཅེར་བུར་གྱུར་ཀྱང་ཡང་མ་ཚོར། ། དེ་ནི་ཚངས་དབྱངས་ཡིད་དུ་འོང་ཚིག་ཀ་ལ་པིང་ཀའི་སྒྲ་དབྱངས་ཀྱིས། །
BOནམ་ཕྱེད་འདས་ཏེ་ནམ་གྱི་གུང་ལ་བབ་ནས་འདུན་པ་དེ་ལ་སྨྲས། ། འདུན་པ་རྟ་ཕོ་བསྔགས་ལྡན་བཟང་པོ་ལེགས་བརྒྱན་ལེགས་པར་ང་ལ་བྱིན། ། གལ་ཏེ་ང་ལ་བྱམས་པར་ སེམས་ན་བགེགས་མ་བྱེད་པར་མྱུར་དུ་བྱིན། ། འདུན་པས་ཚིག་ཐོས་མཆི་མས་མིག་གང་རང་གི་ཇོ་བོ་དེ་ལ་སྨྲས། ། སེམས་ཅན་ཁ་ལོ་སྒྱུར་མཆོག་གར་བཞུད་བཅིབས་པས་ཅི་ཞིག་བགྱི། ། དུས་མཁྱེན་ཅིང་ནི་ཚོད་མཁྱེན་ཆོས་སྤྱོད་གང་དུའང་གཤེགས་པའི་དུས་མ་ལགས། ། ཁྱོད་ཀྱི་སྒོ་བཀུམ་ གཏན་པ་དམ་སྩལ་སུ་ཡང་ཆབ་སྒོ་འབྱེད་མི་འགྱུར། ། བརྒྱ་བྱིན་གྱི་ནི་ཡིད་ཀྱི་སེམས་པའི་དབང་གིས་སྒོ་ཡང་བྱེ་བར་གྱུར། ། འདུན་པས་དེ་འདྲ་མཐོང་ནས་དགའ་ཞིང་སྡུག་བསྔལ་དེ་ནི་མཆི་མ་འཁོར། ། ཀྱི་ཧུད་བདག་གྲོགས་སུ་ཡོད་ཇི་ལྟར་བྱ་ཞིང་ཕྱོགས་ནི་གར་བརྒྱུག་སྙམ། ། གཟི་བརྗིད་ ལྡན་པས་དྲག་ཤུལ་ཅན་གྱི་ཚིག་སྨྲས་བརྒྱ་བྱིན་འབའ་ཞིག་ཐོས། ། ཡན་ལག་བཞི་ལྡན་དཔུང་དང་བཅས་པ་འདི་ཡང་འདི་ན་ཅི་ཞིག་བྱེད། ། རྒྱལ་པོ་རྒྱལ་བུ་རྒྱལ་པོའི་སྐྱེ་བོ་དེ་དག་རྣམས་ཀྱིས་འདི་མ་ཚོར། ། བུད་མེད་ཚོགས་ཀྱང་གཉིད་ལོག་ལྷ་རྣམས་ཀྱིས་ནི་གྲགས་ ལྡན་གཉིད་ལོག་བྱས། །
BOཀྱི་ཧུད་འདི་ཡིས་སྔོན་ཆད་བསམས་པའི་སྨོན་ལམ་ཐམས་ཅད་གྲུབ་གྱུར་ཅིག ། ལྷ་སྟོང་བྱེ་བ་དེ་དག་དགའ་བའི་ཡིད་ཀྱིས་འདུན་པ་དེ་ལ་སྨྲས། ། འདུན་པ་རྟ་མཆོག་བསྔགས་ལྡན་ལེགས་པར་ཕུལ་ཅིག་འདྲེན་པ་སྐྱོ་མི་བྱ། ། ལྷ་དང་ལྷ་མིན་དག་གིས་རྔ་དུང་ རྫ་རྔ་རོལ་མོ་ཁྲག་ཁྲིག་བྱས། ། འོན་ཀྱང་ལྷས་བསྙལ་བ་ཡི་གྲོང་ཁྱེར་མཆོག་འདི་སད་པར་ཡོང་མ་གྱུར། ། འདུན་པ་བར་སྣང་དྲི་མ་མེད་ལ་ལྷ་ཡི་འོད་རབ་མཛེས་ལ་ལྟོས། ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བྱེ་བ་མང་པོ་མཆོད་ཕྱིར་གང་ལྷགས་ལྟོས། ། བདེ་སོགས་ཁྱིམ་ཐབ་བརྒྱ་ བྱིན་དཔུང་བསྐོར་སྒོ་ན་མཛེས་པར་འདུག་པ་དང་། ། ལྷ་དང་ལྷ་མིན་མི་འམ་ཅི་ཚོགས་གང་དག་མཆོད་ཕྱིར་ལྷགས་ལ་ལྟོས། ། འདུན་པ་དེས་ཀྱང་ལྷ་ཚིག་དེ་ཐོས་བསྔགས་ལྡན་རྟ་ཕོ་དེ་ལ་སྨྲས། ། སེམས་ཅན་ཁ་ལོ་སྒྱུར་མཆོག་འདི་བཞུད་ཁྱོད་ནི་རྟ་སྐད་སྒྲོགས་ཤིང་ཤོག ། དེ་ཡིས་དབྱར་ གྱི་ཁ་དོག་ཅན་དེ་རྨིག་པ་གསེར་གྱིས་བརྒྱན་བྱས་ནས། ། ཡིད་མི་དགའ་བཞིན་ཡོན་ཏན་རྒྱ་མཚོ་མངའ་བའི་བཅིབས་པར་དབུལ་བ་བྱས། ། མཚན་མཆོག་མངའ་ཞིང་ཕན་མཛད་ཁྱོད་ཀྱི་ཆིབས་འདི་རིགས་བཟང་དགེ་བ་ལགས། །
BOཁྱོད་ཀྱིས་སྔོན་ཆད་གང་བགོས་སྨོན་ལམ་དེ་གྲུབ་གྱུར་ ཅིག་གཤེགས་སུ་གསོལ། ། གང་དག་བགེགས་བགྱིད་ཞི་བར་གྱུར་ཅིག་དགོངས་པའི་བརྟུལ་ཞུགས་གྲུབ་གྱུར་ཅིག ། འགྲོ་བ་ཀུན་ལ་བདེ་དང་མཐོ་རིས་པ་དང་ཞི་བ་སྦྱིན་གྱུར་ཅིག ། དེ་ནི་གང་ཚེ་མལ་ནས་ལངས་ཚེ་ས་འདི་ཐམས་ཅད་རྣམ་དྲུག་གཡོས། ། རྟ་རྒྱལ་དམ་པ་ཟླ་བ་ཉ་བའི་དཀྱིལ་ འཁོར་འདྲ་བ་དེ་ལ་ཞོན། ། སྐྱོང་བའི་ལག་པ་རྣམ་དག་པད་མ་དྲི་མེད་འདྲ་བས་རྟ་མཆོག་བཏེག ། བརྒྱ་བྱིན་ཚངས་པ་དེ་གཉིས་དེ་ཡི་མདུན་ན་ལམ་ནི་འདི་ཞེས་སྟོན། ། དེ་ཡིས་གསལ་བ་དྲི་མ་མེད་པའི་འོད་བཏང་ས་རྣམས་སྣང་བས་གསལ། ། དེ་ཚེ་ངན་སོང་ཀུན་ཞི་སེམས་ཅན་བདེ་ལྡན་ ཉོན་མོངས་གནོད་པ་མེད། ། མེ་ཏོག་ཆར་བབ་སིལ་སྙན་བྱེ་བ་སྒྲ་བྱུང་ལྷ་དང་ལྷ་མིན་བསྟོད། ། ཐམས་ཅད་དགའ་དང་ལྡན་ནས་གྲོང་ཁྱེར་མཆོག་ལ་བསྐོར་བ་བྱས་ཏེ་དོང་། ། སྐྱེས་བུ་ཆེན་པོ་སོང་བས་གྲོང་ཁྱེར་དམ་པའི་ལྷ་ཡང་ཡིད་ནི་དམན་པར་གྱུར་ནས་འོངས། ། མདུན་དུ་འདུག་ནས་སྙིང་ རྗེར་ངུ་བའི་ཡིད་ལྡན་དེ་ཡིས་པད་མ་འདྲ་བའི་བཞིན་ལ་སྨྲས། ། ཁྱོད་བྲལ་སྒྲེན་མོར་མི་མཛེས་ས་འདི་གྲོང་ཁྱེར་ཐམས་ཅད་མུན་པས་ཀུན་ཏུ་དཀྲུགས་པར་གྱུར། །
BOདོ་མོད་ཁྱོད་ཀྱིས་ཁབ་འདི་སྤངས་ན་བདག་ལ་དགའ་བདེ་བགྱིད་པ་འདི་ན་འགའ་མ་མཆིས། ། སླན་ཆད་བྱ་ཚོགས་རྣམས་ཀྱིས་སྒྲ་ དག་དང་། ། གྲགས་པ་མཐའ་ཡས་ཁྱོད་ནི་སད་བགྱིད་པའི། ། བཙུན་མོའི་འཁོར་གྱི་གླིང་བུ་སྙན་པ་དང་། ། བཀྲ་ཤིས་སྒྲ་དང་གླུ་སྒྲ་ཐོས་མི་འགྱུར། ། ཉོན་མོངས་བཅོམ་པ་ཁྱོད་ནི་གཤེགས་གྱུར་ན། ། གདུགས་མཚན་ཁྱོད་ལ་མཆོད་པ་བགྱིད་པ་ཡི། ། ལྷ་དང་གྲུབ་ཚོགས་སླན་ ཆད་མཐོང་མི་འགྱུར། ། ལྷ་ཡི་དྲི་ཡང་སླན་ཆད་སྣོམ་མི་འགྱུར། ། ཕྲེང་བ་བཏགས་ནས་ཞག་ལོན་གྱུར་པ་ལྟར། ། ཁྱོད་ཀྱིས་དོ་མོད་ཕོ་བྲང་དེ་བཞིན་སྤངས། ། ཁྱོད་བཞུད་སླན་ཆད་གཟི་བརྗིད་དཔལ་མ་མཆིས། ། གར་ལ་ལྟ་བ་བཞིན་དུ་བདག་ལ་གདའ། ། གྲོང་ཁྱེར་ཀུན་གྱི་བྱིན་དང་ སྟོབས་ཕྲོགས་ཏེ། ། འདི་ནི་དགོན་པ་འདྲ་ཞིང་མཛེས་མ་ལགས། ། གང་གིས་ས་འདིར་འཁོར་ལོ་སྟོབས་ཅན་དུ། ། ལུང་བསྟན་དྲང་སྲོང་ཚིག་ནི་དེང་{བརྫུན་,རྫུན་}གྱུར། ། བསོད་ནམས་སྡོང་པོ་ཆེན་པོ་ཁྱོད་བྱུང་ན། ། ས་འདིར་ཤཱཀྱའི་སྟོབས་ནི་སྟོབས་མ་མཆིས། ། རྒྱལ་པོའི་ཕོ་བྲང་འཁོར་ འདིར་གདུང་ཡང་འཆད། ། ཤཱཀྱའི་ཚོགས་འདི་བསམ་པ་རབ་ཏུ་ཉམས། ། དྲི་མེད་དྲི་བྲལ་ཁྱོད་ནི་གར་བཞུད་པར། །
BOབདག་ཀྱང་ཁྱོད་དང་ལྷན་ཅིག་མཆི་བར་བགྱི། ། འོན་ཀྱང་ཐུགས་བརྩེ་ཐུགས་རྗེ་བསྐྱེད་ནས་ནི། ། ཁྱོད་ཀྱིས་ཕོ་བྲང་འདི་ལ་གཟིགས་སུ་གསོལ། ། བློ་གྲོས་ལྡན་པ་ཁྱིམ་ ལ་བལྟས་ནས་ནི། ། སྙན་པའི་ང་རོས་འདི་སྐད་ཚིག་སྨྲས་ཏེ། ། སྐྱེ་འཆི་མཐར་འབྱིན་མ་ཐོབ་བར་དུ་ནི། ། ང་ཡིས་སེར་སྐྱའི་གྲོང་ཁྱེར་འཇུག་མི་བྱ། ། རྒ་ཤི་མེད་པའི་གནས་མཆོག་འཆི་མེད་པ། ། བྱང་ཆུབ་དམ་པ་ང་ཡིས་མ་ཐོབ་པར། ། ང་ནི་སེར་སྐྱའི་གནས་སུ་མངོན་ཕྱོགས་ཏེ། ། འགྲེང་འདུག་ཉལ་དང་འཆག་པར་མི་བྱའོ། ། གང་ཚེ་འགྲོ་བའི་གཙོ་བོ་པ། ། བྱང་ཆུབ་སེམས་དཔའ་དེ་བྱུང་ཞིང་། ། དེ་ནི་མཁའ་ལས་འགྲོ་བའི་ཚེ། ། ལྷ་ཡི་བུ་མོ་རྣམས་ཀྱིས་བསྟོད། ། འདི་ནི་སྦྱིན་པའི་གནས་ཆེན་ཡིན། ། འདི་ནི་བསོད་ནམས་ཞིང་ཆེན་ཡིན། ། འདི་ནི་བསོད་ནམས་འདོད་པའི་ཞིང་། ། འཆི་མེད་འབྲས་བུ་སྦྱིན་མཛད་པ། ། སེམས་ཅན་རྣམས་ལ་ཐུགས་རྗེ་བས། ། འདི་ཡིས་བསྐལ་པ་བྱེ་མང་དུ། ། སྦྱིན་དང་དུལ་དང་སྡོམ་པ་ཡིས། ། འདིས་ནི་བྱང་ཆུབ་ཡང་དག་བསྒྲུབས། ། འདི་ཡི་ཚུལ་ཁྲིམས་ཡོངས་སུ་དག ། བརྟུལ་ ཞུགས་བཟང་ཞིང་སྤྱོད་མ་ཉམས། ། འདོད་པ་དག་དང་ལོངས་སྤྱོད་རྣམས། །
BOདོན་དུ་མི་གཉེར་ཚུལ་ཁྲིམས་སྲུང་། ། སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར། ། འདི་ནི་རྟག་ཏུ་བཟོད་པ་གསུང་། ། ཡན་ལག་ཉིང་ལག་གཅད་གྱུར་ཀྱང་། ། ཁྲོ་བ་མི་མངའ་སྡང་མི་མངའ། ། འདི་ནི་ རྟག་ཏུ་བརྩོན་འགྲུས་ལྡན། ། བསྐལ་པ་བྱེ་བར་སྐྱོ་མི་མངའ། ། འདི་ཡིས་བྱང་ཆུབ་ཡང་དག་བསྒྲུབས། ། མཆོད་སྦྱིན་དག་ནི་བྱེ་བ་མཛད། ། འདི་རྟག་བསམ་གཏན་བསམ་གཏན་པ། ། ཐུགས་ནི་ཞི་ཞིང་རབ་ཏུ་ཞི། ། ཉོན་མོངས་ཐམས་ཅད་བསྲེགས་ནས་ནི། ། སེམས་ཅན་ བྱེ་བ་འགྲོལ་བར་འགྱུར། ། འདི་ནི་ཤེས་རབ་ཆགས་མི་མངའ། ། རྟོག་དང་རྣམ་པར་རྟོག་ལྡན་ལས། ། གྲོལ་ཞིང་ཐུགས་ནི་རྣམ་གྲོལ་ཏེ། ། རང་བྱུང་བ་ཡི་རྒྱལ་བར་འགྱུར། ། འདི་ནི་རྟག་ཏུ་བྱམས་ཐུགས་ལྡན། ། ཐུགས་རྗེ་ཡི་ནི་ཕ་རོལ་བྱོན། ། དགའ་དང་བཏང་སྙོམས་བསམ་ གཏན་པ། ། ཚངས་པའི་ལམ་གྱི་ཆོ་ག་མཁྱེན། ། འདི་ནི་ཤིན་ཏུ་ལྷ་ཡི་ལྷ། ། ལྷ་རྣམས་ཀྱིས་ནི་མཆོད་པའི་འོས། ། ཐུགས་དགེ་དག་ཅིང་དྲི་མ་བྲལ། ། ཡོན་ཏན་ཁྲག་ཁྲིག་ཕ་རོལ་བྱོན། ། འཇིགས་པས་ཉེན་པ་རྣམས་ཀྱི་སྐྱབས། ། མིག་མེད་རྣམས་ཀྱི་སྒྲོན་མ་སྟེ། ། གནོད་པ་རྣམས་ ཀྱི་སྐྱབས་ཀྱང་ལགས། ། རིང་ནས་ན་བའི་སྨན་པ་ལགས། །
BOརྒྱལ་པོ་དམ་པ་ཆོས་ཀྱི་རྒྱལ། ། དབང་པོ་ལྟ་བུར་སྤྱན་སྟོང་མངའ། ། ཚངས་པ་ལྟ་བུར་རང་བྱུང་གྱུར། ། ལུས་དང་སེམས་ནི་རབ་སྦྱངས་པ། ། བརྟན་ཞིང་ཤེས་རབ་རབ་ཏུ་མང་། ། དཔའ་ཞིང་ཐུགས་ནི་འདོད་ ཆགས་བྲལ། ། ཉོན་མོངས་འཇོམས་པས་དཔའ་བོ་སྟེ། ། མ་རྒྱལ་དགྲ་ལས་རྒྱལ་བ་ལགས། ། སེང་གེ་ལྟ་བུར་བསྙེངས་པ་སྤངས། ། གླང་པོ་ལྟ་བུར་རབ་དུལ་ཐུགས། ། ཁྱུ་མཆོག་ལྟ་བུར་ཚོགས་ཀྱི་གཙོ། ། བཟོད་དེ་འཁྲུག་པ་རབ་ཏུ་སྤངས། ། ཟླ་བ་ལྟ་བུར་རབ་ཏུ་གསལ། ། ཉི་ མ་ལྟ་བུར་སྣང་བ་མཛད། ། སྒྲོན་མ་ལྟ་བུར་གསལ་མཛད་པ། ། སྐར་མ་ལྟ་བུར་མུན་པ་བྲལ། ། པད་མ་ལྟ་བུར་ཆགས་མི་མངའ། ། མེ་ཏོག་ལྟ་བུར་ཁྲིམས་དྲི་གདའ། ། སྟོན་པ་ལྷུན་པོ་ལྟར་མི་གཡོ། ། དོག་ས་ལྟ་བུར་གསོས་སུ་གྱུར། ། རིན་ཆེན་འབྱུང་གནས་ལྟར་མི་འཁྲུགས། ། འདི་ ནི་ཕུང་པོའི་བདུད་ལས་རྒྱལ། ། འདི་ནི་འཆི་བདག་བདུད་ལས་རྒྱལ། ། འདི་ནི་ལྷ་ཡི་བདུད་ཀྱང་བཅོམ། ། འདི་ནི་དེད་དཔོན་ཆེན་པོ་སྟེ། ། ལམ་ངན་དག་ན་གནས་རྣམས་ལ། ། ཡན་ལག་བརྒྱད་པ་ལམ་གྱི་མཆོག ། རིང་པོར་མི་ཐོགས་སྟོན་པར་འགྱུར། ། རྒ་ཤི་ཉོན་མོངས་འཇོམས་པ་ པོ། ། མུན་པ་རབ་རིབ་རྣམ་པར་གྲོལ། །
BOས་དང་ལྷ་ཡུལ་གྲགས་པ་ཡི། ། རང་བྱུང་རྒྱལ་བར་བྱོན་པ་ལགས། ། སྐྱེས་བུ་མཆོག་གི་གཟུགས་མངའ་བ། ། དཔག་ཏུ་མེད་ལ་བསྟོད་པས་བསྟོད། ། ཁྱོད་ལ་བསྟོད་པའི་བསོད་ནམས་དེས། ། སྨྲ་བའི་སེང་གེ་འདྲ་བར་ཤོག ། དགེ་སློང་ དག་དེ་ལྟར་བྱང་ཆུབ་སེམས་དཔའ་མངོན་པར་བྱུང་ནས་ཤཱཀྱའི་ཡུལ་དང་། ཀཽ་ཏའི་ཡུལ་དང་། གྱད་ཡུལ་ལས་འདས་ཏེ་མེ་ནེ་ཡའི་ཡུལ་གྱི་གྲོང་རྡལ་རྗེས་སུ་དཔག་པ་ཞེས་བྱ་བ་ནས་དཔག་ཚད་དྲུག་ཏུ་བྱང་ཆུབ་སེམས་དཔའ་ཕྱིན་པ་དང་ནམ་ནངས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་ སེམས་དཔའ་རྟ་བསྔགས་ལྡན་ལས་བབས་ཏེ་ས་ལ་འདུག་ནས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་ཆེན་པོ་སླར་བཀྱེའོ། ། སླར་བཀྱེ་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། རྒྱན་འདི་དག་དང་རྟ་བསྔགས་ལྡན་ཡང་འདུན་པའི་ལག་ཏུ་གཏད་དེ་སླར་གཏང་ངོ་སྙམ་མོ། ། དེ་ནས་བྱང་ཆུབ་སེམས་དཔས་འདུན་པ་ལ་བོས་ཏེ་འདི་སྐད་ཅེས་སྨྲས་སོ། ། འདུན་པ་ཁྱོད་སོང་ལ་རྒྱན་འདི་དག་དང་རྟ་བསྔགས་ལྡན་ཁྱེར་ཏེ་སླར་ལོག་ཤིག ། ས་ཕྱོགས་གང་ནས་འདུན་པ་སླར་ལོག་ པ་དེར་མཆོད་རྟེན་བརྩིགས་ཏེ།
BOདེང་སང་དུ་ཡང་མཆོད་རྟེན་དེ་ལ་འདུན་པ་སླར་ལོག་པའི་མཆོད་རྟེན་ཞེས་གྲགས་པ་ཡིན་ནོ། ། ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ན་གཙུག་ཕུད་ཀྱང་ཡོད་ལ་རབ་ཏུ་བྱུང་བ་ཞེས་བྱ་བར་ཡང་འགྱུར་སྙམ་ནས་ དེས་རལ་གྲིས་གཙུག་ཕུད་བཅད་དེ་བར་སྣང་ལ་བོར་བ་དང་། དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་བླངས་ཏེ། དེང་སང་དུ་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གཙུག་ཕུད་ཀྱི་དུས་སྟོན་བྱེད་དོ། ། དེར་མཆོད་རྟེན་ཡང་བྱས་ཏེ། དེང་སང་མཆོད་རྟེན་དེ་གཙུག་ཕུད་ བླངས་པའི་མཆོད་རྟེན་ཞེས་མིང་དུ་ཆགས་སོ། ། ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། རབ་ཏུ་བྱུང་ཡང་གོས་ཀ་ཤི་པ་གྱོན་པ་ཇི་ལྟར་རུང་གིས་གལ་ཏེ་ནགས་ཚལ་གྱི་གནས་ནས་ཚུལ་དང་འཐུན་པའི་གོས་ཤིག་རྙེད་ན་ནི་ལེགས་སོ་སྙམ་དུ་བསམས་པ་དང་། དེ་ནས་ གནས་གཙང་མའི་རིས་ཀྱི་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་ལ་ངུར་སྨྲིག་དགོས་པར་གྱུར་ཏོ་སྙམ་མོ། ། དེ་ན་ལྷའི་བུ་གཅིག་ཅིག་ལྷའི་གཟུགས་མི་མངོན་པར་བྱས་ཏེ། རྔོན་པའི་གཟུགས་ལྟ་བུས་གོས་ངུར་སྨྲིག་བགོས་ནས་བྱང་ཆུབ་སེམས་དཔའི་མདུན་དུ་ ཕྱིན་ཏོ། །
BOདེ་ནས་བྱང་ཆུབ་སེམས་དཔས་དེ་ལ་འདི་སྐད་ཅེས་སྨྲས་སོ། ། གལ་ཏེ་གྲོགས་པོ་ཁྱོད་ཀྱིས་གོས་ངུར་སྨྲིག་རྣམས་ཁོ་བོ་ལ་བྱིན་ན། ཁོ་བོའི་གོས་ཀ་ཤི་པ་འདི་རྣམས་ཀྱང་ཁྱོད་ལ་སྦྱིན་ནོ། ། དེས་སྨྲས་པ། གོས་འདི་དག་ཀྱང་ཁྱོད་ལ་མཛེས་ལ། འོ་ནི་རྣམས་ཀྱང་ཁོ་བོ་ལ་ མཛེས་སོ། ། བྱང་ཆུབ་སེམས་དཔས་སྨྲས་པ། ཁོ་བོས་ཁྱོད་ལ་བསླང་ངོ་། ། དེ་ནས་ལྷའི་བུ་རྔོན་པའི་གཟུགས་ལྟ་བུ་དེས་གོས་ངུར་སྨྲིག་རྣམས་བྱང་ཆུབ་སེམས་དཔའ་ལ་བྱིན་ཏེ། གོས་ཀ་ཤི་པ་རྣམས་ཀྱང་བླངས་སོ། ། དེ་ནས་ལྷའི་བུ་དེས་མོས་པ་བསྐྱེད་དེ་ལག་པ་གཉི་གས་གོས་ དེ་དག་བླངས་ནས་སྤྱི་བོ་ལ་བཞག་སྟེ། དེ་དག་ལ་མཆོད་པ་དང་བཀུར་སྟི་བྱ་བའི་ཕྱིར་དེ་ཉིད་ནས་ལྷའི་འཇིག་རྟེན་དུ་སོང་ངོ་། ། དེ་ཡང་འདུན་པས་མཐོང་བར་གྱུར་ནས་དེས་མཆོད་རྟེན་བརྩིགས་ཏེ། དེང་སང་དུ་ཡང་མཆོད་རྟེན་དེ་ངུར་སྨྲིག་བླངས་པ་ཞེས་མིང་དུ་ཆགས་སོ། ། གང་གི་ཚེ་ བྱང་ཆུབ་སེམས་དཔས་གཙུག་ཕུད་བཅད་ནས། གོས་ངུར་སྨྲིག་རྣམས་བགོས་པ་དེའི་ཚེ། ལྷའི་བུ་བརྒྱ་སྟོང་དག་དགའ་ཞིང་མགུ་ལ་ཚིམ་ཞིང་ཡི་རངས་ཏེ། མཆོག་ཏུ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ།
BOཀྱེ་གྲོགས་པོ་དག་གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངོ་། ། ཀྱེ་ གྲོགས་པོ་དག་གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངོ་། ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། སེམས་ཅན་སྐྱེ་བའི་ཆོས་ཅན་གྲངས་མེད་པ་དག་སྐྱེ་བ་ལས་ཡོངས་སུ་འགྲོལ་བར་འགྱུར་བ་ནས། རྒ་བ་དང་། འཆི་བ་དང་། ན་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་སེམས་ཅན་རྣམས་ཡོངས་སུ་བཀྲོལ་ཏེ། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་བསྒྲལ་ནས། བདེ་བ་འཇིགས་པ་མེད་པ། མྱ་ངན་མེད་པ། གནོད་པ་ མེད་པ། ཞི་བ། རྡུལ་དང་བྲལ་བ། འཆི་བ་མེད་པའི་ཆོས་ཀྱི་དབྱིངས་ལ་འགོད་པར་འགྱུར་རོ་ཞེས་ནས། ཨ་ལ་ལ་ཞེས་བྱ་བ་དང་། ཅ་ཅོ་དང་ག་ཞའི་སྒྲ་སྐད་ཕྱུང་བར་གྱུར་ཏོ། ། སྒྲ་དེ་ཡང་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོག་མིན་གྱི་གནས་ཀྱི་བར་དུ་གྲག་པར་གྱུར་ཏོ། ། དེ་ནས་བཙུན་ མོའི་འཁོར་རྣམས་ཀྱིས་གཞོན་ནུ་མ་མཐོང་ནས། དཔྱིད་དང་དགུན་དང་དབྱར་གནས་པའི་ཁང་{བཟངས་,བཟང་}རྣམས་དང་། ཁྲི་རྣམས་དང་།
BOཁྱིམ་རྣམས་སུ་ཚོལ་ཞིང་གང་གི་ཚེ་མ་རྙེད་པ་དེའི་ཚེ་གཅིག་ཏུ་འདུས་ནས། བྱ་ཀུ་ར་ར་མོ་བཞིན་དུ་ངུད་མོ་འཐོན་པར་གྱུར་ཏོ། ། དེ་ན་བུད་མེད་ཁ་ཅིག་ནི་ ཤིན་ཏུ་མྱ་ངན་གྱིས་ཉམ་ཐག་ནས། ཁ་ཅིག་ནི་ཀྱི་ཧུད་བུ་ཞེས་འཛེར་ཅིང་ངུའོ། ། ཁ་ཅིག་ནི་ཀྱི་ཧུད་མིང་པོ་ཞེས་འཛེར་ཅིང་ངུའོ། ། ཁ་ཅིག་ནི་ཀྱི་ཧུད་ཁྱིམ་ཐབ་ཅེས་འཛེར་ཏོ། ། ཁ་ཅིག་ནི་རྗེ་བོ་ཞེས་འཛེར་ཏོ། ། ཁ་ཅིག་ནི་སྡུག་པའི་ཚིག་སྣ་ཚོགས་སྨྲའོ། ། ཁ་ཅིག་ནི་ལུས་རྡེབ་ཅིང་ ངུའོ། ། ཁ་ཅིག་ནི་མགོ་འབལ་ལོ། ། ཁ་ཅིག་ནི་གཅིག་གི་གདོང་དུ་གཅིག་ལྟ་ཞིང་ངུའོ། ། ཁ་ཅིག་ནི་མིག་བསྒྱུར་ཅིང་ངུའོ། ། ཁ་ཅིག་ནི་ལག་པ་བརླ་ལ་རྡེབ་ཅིང་ངུའོ། ། ཁ་ཅིག་ནི་བྲང་རྡུང་ཞིང་ངུའོ། ། ཁ་ཅིག་ནི་ལག་པ་དཔུང་པར་རྡེབ་ཅིང་ངུའོ། ། ཁ་ཅིག་ནི་མགོར་རྡུང་ཞིང་ངུའོ། ། ཁ་ཅིག་ནི་མགོ་ལ་ས་འཐོར་ཞིང་ངུའོ། ། ཁ་ཅིག་ནི་སྐྲ་འཇིག་ཅིང་ངུའོ། ། ཁ་ཅིག་ནི་སྐྲ་འབལ་ཞིང་ངུའོ། ། ཁ་ཅིག་ནི་ལག་པ་བསྟོད་དེ་བསྒྲེང་ནས་ཆོ་དེ་འདོན་ཏོ། ། ཁ་ཅིག་ནི་{རི་དགས་,རི་དྭགས་}མོ་དུག་མདས་ཕོག་པ་བཞིན་དུ་གློ་བུར་དུ་རྒྱུག་ཅིང་ངུའོ། ། ཁ་ཅིག་ནི་གདོང་གོས་ ཀྱིས་གཡོགས་ཤིང་ངུའོ། །
BOཁ་ཅིག་ནི་ཆུ་ཤིང་རླུང་མར་གྱིས་བསྐྱོད་པ་བཞིན་དུ་ལུས་འཁྱོར་ཞིང་ངུའོ། ། ཁ་ཅིག་ནི་ས་ལ་སྒྱེལ་ཏེ་མ་ཤི་ཙམ་དུ་གྱུར་ཏོ། ། ཁ་ཅིག་ནི་ཉ་ཆུ་ནས་བཏོན་པ་བཞིན་དུ་ས་ལ་འགྲེ་ལྡོག་ཅིང་ངུའོ། ། ཁ་ཅིག་ནི་ཤིང་རྩ་ནས་ཕྱུང་བ་བཞིན་དུ་བློ་བུར་དུ་ས་ལ་སྒྱེལ་ནས་ངུའོ། ། སྒྲ་དེ་ཡང་རྒྱལ་པོས་ཐོས་ནས་ཤཱཀྱ་རྣམས་ལ་སྨྲས་པ། ཅིའི་ཕྱིར་བཙུན་མོའི་འཁོར་ན་སྒྲ་ཆེན་པོ་འདི་གྲག ། ཤཱཀྱ་རྣམས་ཀྱིས་ཤེས་ནས་སྨྲས་པ། རྒྱལ་པོ་ཆེན་པོ་གཞོན་ནུ་བཙུན་མོའི་འཁོར་ན་མི་གདའ་ཞེས་གདའོ། ། རྒྱལ་པོས་སྨྲས་པ། མྱུར་དུ་གྲོང་ཁྱེར་གྱི་སྒོ་རྣམས་ཆོད་ལ་ནང་ དུ་གཞོན་ནུ་ཚོལ་ཅིག ། དེ་དག་གིས་ཕྱི་ནང་དུ་བཙལ་ཀྱང་མ་རྙེད་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སྨྲེ་སྔགས་འདོན་ཏེ། ས་ལ་འགྲེ་ལྡོག་ཅིང་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་ཆེན་པོ་བདག་བུ་དང་མྱུར་དུ་སྤྲད་དུ་གསོལ། དེ་ནས་རྒྱལ་པོས་ཕྱོགས་བཞིར་ཕོ་ ཉ་རྟ་པ་བཀྱེ་སྟེ། ཁྱེད་དེང་ལ་གཞོན་ནུ་མ་རྙེད་ཀྱི་བར་དུ་སླར་མ་ལྡོག་ཤིག ། མཚན་མཁན་དང་ལྟས་མཁན་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ནི་བཀྲ་ཤིས་ཀྱི་ཆབ་སྒོ་ནས་མངོན་པར་འབྱུང་ངོ་། །
BOཞེས་ལུང་བསྟན་ནས་དེ་དག་བཀྲ་ཤིས་ཀྱི་སྒོར་དོང་བ་དང་། ལམ་གྱི་བར་ཞིག་ན་མེ་ཏོག་ གི་ཆར་འབབ་པར་མཐོང་ངོ་། ། དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གཞོན་ནུ་ནི་ལམ་འདི་ནས་བྱུང་ངོ་སྙམ་ནས་དེ་དག་ཅུང་ཟད་ཅིག་ཕ་ཟད་དུ་སོང་བ་དང་། ལྷའི་བུ་བྱང་ཆུབ་སེམས་དཔའི་གོས་ཀ་ཤི་པ་རྣམས་མགོ་ལ་ཐོགས་ཏེ་འགྲོ་བ་དེ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། འདི་དག་ནི་ གཞོན་ནུའི་གོས་ཀ་ཤི་པ་རྣམས་ཡིན་ན། གོས་འདི་དག་གི་ཕྱིར་འདིས་གཞོན་ནུ་བསད་དེ་འདི་དག་ཁྱེར་བར་མ་གྱུར་ཏམ་སྙམ་མོ། ། དེ་ནས་ཡང་དེ་དག་གིས་དེའི་ཕྱི་བཞིན་དུ་འདུན་པ་རྟ་བསྔགས་ལྡན་དང་རྒྱན་རྣམས་ཐོགས་ཏེ་འོང་བ་མཐོང་ངོ་། ། དེ་ནས་དེ་དག་ཕན་ཚུན་དུ་སྨྲས་པ། ཀྱེ་ འདུན་པ་རྟ་བསྔགས་ལྡན་ཁྲིད་དེ་འོང་གིས་དེ་ལ་མ་དྲིས་ཀྱི་བར་དུ་ཧུར་འདུམས་མ་བྱེད་ཅིག་ཅེས་སྨྲས་ནས། དེ་དག་གིས་འདུན་པ་ལ་དྲིས་པ། ཀྱེ་འདུན་པ་གོས་ཀ་ཤི་པ་འདི་དག་གི་ཕྱིར་མི་འདིས་གཞོན་ནུ་བཀྲོངས་པར་མ་གྱུར་གྲང་། འདུན་པས་སྨྲས་པ། དེ་ལྟ་ནི་མ་ཡིན་ཏེ་འདིས་ཀྱང་གཞོན་ནུ་ ལ་གོས་ངུར་སྨྲིག་རྣམས་ཕུལ་ལོ། ། གཞོན་ནུས་ཀྱང་ན་བཟའ་ཀ་ཤི་པ་འདི་རྣམས་འདི་ལ་བྱིན་ནོ། །
BOདེ་ནས་ལྷའི་བུ་དེས་དེ་དག་མཆོད་པའི་ཕྱིར་གོས་དེ་རྣམས་ལག་པ་གཉི་གས་སྤྱི་བོ་ལ་ཐོགས་ཏེ། དེ་ཉིད་ནས་ལྷའི་འཇིག་རྟེན་དུ་སོང་ངོ་། ། དེ་དག་གིས་ཡང་འདུན་པ་ལ་དྲིས་པ། འདི་ ལ་ཇི་སྙམ་དུ་སེམས། ཁོ་བོ་ཅག་ཤཱཀྱ་གཞོན་ནུ་ཟློག་ཏུ་དོང་ན་ནུས་སམ། དེས་སྨྲས་པ་མི་ནུས་སོ། ། གཞོན་ནུ་ནི་བརྩོན་འགྲུས་དང་བརྟུལ་བ་བརྟན་པ་ཡིན་ཏེ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ ཆེན་པོར་མི་འཇུག་གོ་ཞེས་དེ་སྐད་གསུང་བས་ཕྱིར་མི་ལྡོག་སྟེ། གཞོན་ནུས་ཇི་སྐད་གསུངས་པ་དེ་དེ་བཞིན་དུ་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་ནི་བརྩོན་འགྲུས་དང་བརྟུལ་བ་བརྟན་པས་སླར་མི་ལྡོག་གོ། ། དེ་ནས་འདུན་པ་རྟ་བསྔགས་ལྡན་དང་རྒྱན་རྣམས་ཁྱེར་ཏེ་བཙུན་མོའི་འཁོར་གྱི་ ནང་དུ་ཕྱིན་ཏོ། ། དེ་ནས་རིང་བ་ཞིག་ལོན་པ་དང་། རྒྱན་དེ་དག་ཤཱཀྱ་གཞོན་ནུ་བཟང་པོ་དང་། མིང་ཆེན་དང་། མ་འགགས་པས་བཏེག་པ་དང་། སྲེད་མེད་ཀྱི་བུ་ཆེན་པོ་ལྟར་མཁྲེགས་པ་དང་། སྲེད་མེད་ཀྱི་བུ་ཕྱེད་ལྟར་མཁྲེགས་པའི་རྒྱན་དེ་རྣམས་དེ་དག་གིས་མ་ཐེག་གོ། །
BOགང་གི་ཚེ་དེ་དག་ གང་གིས་ཀྱང་ཐེག་པར་མ་ནུས་པ་དེའི་ཚེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འདི་སྙམ་དུ་སེམས་ཏེ། བདག་གིས་ཇི་སྲིད་དུ་རྒྱན་འདི་དག་མཐོང་བ་དེ་སྲིད་དུ་བདག་གི་སྙིང་ལ་མྱ་ངན་དུ་འགྱུར་གྱིས། བདག་གིས་རྒྱན་འདི་དག་རྫིང་དུ་དོར་རོ་སྙམ་མོ། ། དེ་ནས་སྐྱེ་དགུའི་བདག་མོ་ ཆེན་མོ་གཽ་ཏ་མཱིས་རྒྱན་དེ་དག་རྫིང་དུ་བོར་ཏེ། དེང་སང་དུ་ཡང་རྒྱན་གྱི་རྫིང་ཞེས་མིང་དུ་ཆགས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་དཔའ་བོ་བྱུང་། ། དེ་ཚེ་སེར་སྐྱའི་གྲོང་ཁྱེར་བ་དག་མཐའ་དག་སད། ། ཀུན་གྱི་སྙིང་ལ་གཞོན་ནུ་མལ་ན་ཉལ་སྙམ་ སེམས། ། མགུ་ཞིང་རབ་ཏུ་དགའ་ནས་ཕན་ཚུན་ཚིག་ཀྱང་སྨྲ། ། ས་འཚོ་མ་དང་དེ་བཞིན་བཙུན་མོའི་འཁོར་རྣམས་སད། ། མལ་དུ་ལྟས་ན་བྱང་ཆུབ་སེམས་དཔའ་མ་མཐོང་ནས། ། ཀྱི་ཧུད་བདག་བསླུས་བྱང་ཆུབ་སེམས་དཔའ་གར་བཞུད་ཅེས། ། རྒྱལ་པོའི་ ཁྱིམ་དུ་ངུད་མོའི་སྒྲ་ཡང་བྱུང་བར་གྱུར། ། རྒྱལ་པོས་སྒྲ་དེ་ཐོས་ནས་ས་ལ་སྒྱེལ་གྱུར་ཏེ། ། ཨེ་མ་ང་ཡི་བུ་གཅིག་པ་ཞེས་ངུད་མོ་ཕྱུང་། ། དེ་ནས་དེ་ལ་བུམ་པའི་ཆུ་བླུགས་ཁྲུས་བྱས་ནས། །
BOཤཱཀྱ་མང་པོ་དག་གིས་དེ་ནི་དབུགས་ཀྱང་ཕྱུང་། ། ས་འཚོ་མ་ཡང་མལ་ནས་ས་ལ་ལྷུང་བར་གྱུར། ། སྐྲ་རྣམས་འབལ་ཞིང་རྒྱན་རྣམས་དག་ཀྱང་བཀྲོལ་བར་གྱུར། ། སྡུག་པ་ཀུན་དང་བྲལ་བ་རིང་པོར་མི་ཐོགས་ཤེས། ། འདྲེན་པས་བདག་ལ་སྔོན་གསུངས་ཀྱེ་མ་ལེགས་པར་གསུངས། ། གཟུགས་ནི་གཟུགས་བཟང་ཤིན་ཏུ་དྲི་མེད་ཡན་ལག་སྤྲས། ། གསལ་ཞིང་རྣམ་དག་འགྲོ་བ་རྣམས་ཀྱི་ ཡིད་འོང་སྡུག ། དཔལ་ཡོན་ལྡན་པ་བསྔགས་པ་ལྷ་མིས་མཆོད་པའི་འོས། ། བདག་ནི་མལ་དུ་བོར་ཏེ་ཁྱོད་ནི་གང་དུ་བཞུད། ། ཡོན་ཏན་མངའ་བའི་བྱང་ཆུབ་སེམས་དཔའ་མ་མཐོང་བར། ། སྐོམ་ཡང་མི་འཚལ་རྒྱགས་པ་རྣམས་ཀྱིས་རྒྱགས་མི་བགྱི། ། ས་ལ་ཉལ་ཞིང་རལ་པ་རྣམས་ཀྱང་ ཐོགས་པར་བགྱི། ། ཁྲུས་བགྱི་སྤངས་ཏེ་བརྟུལ་ཞུགས་དཀའ་ཐུབ་སྤྱད་པར་བགྱི། ། སྐྱེད་མོས་ཚལ་ཀུན་ལོ་མ་མེ་ཏོག་འབྲས་མ་མཆིས། ། རྣམ་དག་སེ་མོ་དོ་ཡང་མུན་རྡུལ་ཕྱག་དར་འདྲ། ། མི་མཆོག་དམ་པ་ཁྱོད་ཀྱིས་སྤངས་པར་གང་གྱུར་པའི། ། གྲོང་ཁྱེར་ཁྱིམ་རྣམས་མཛེས་པ་མ་ ལགས་འབྲོག་དང་མཚུངས། ། ཀྱི་ཧུད་གླུ་དབྱངས་རབ་ཏུ་སྙན་པའི་སྒྲ་སྐད་ཅན། ། ཀྱི་ཧུད་ལྷུག་ལྷུག་པ་ཡི་རྒྱན་ཐོགས་བཙུན་མོའི་འཁོར། །
BOཀྱི་ཧུད་གསེར་གྱི་དྲ་བས་ཁྱབ་པའི་བར་སྣང་ཡང་། ། ཡོན་ཏན་ལྡན་དང་བྲལ་བས་ཕྱིན་ཆད་མི་བལྟའོ། ། སྲུ་མོ་དེ་ཡང་ཤིན་ཏུ་སྡུག་བསྔལ་ཐོབ་གྱུར་ ཅིང་། ། ཤཱཀྱའི་བུ་མོ་མ་ངུ་ཤིག་ཅེས་དབུགས་ཀྱང་འབྱིན། ། ང་ནི་འཇིག་རྟེན་དག་ན་རྒ་ཤི་མཐར་བྱེད་ཅེས། ། མི་མཆོག་དམ་པ་དེས་ནི་སྔོན་ཡང་སྨྲས་པ་ཡིན། ། དྲང་སྲོང་ཆེན་པོ་དགེ་བ་སྟོང་དག་སྤྱད་པ་དེ། ། ནམ་ཕྱེད་ནས་ནི་དཔག་ཚད་དྲུག་ཏུ་སོང་གྱུར་ནས། ། འདུན་པ་དེ་ལ་རྟ་མཆོག་དང་ ནི་རྒྱན་རྣམས་གཏད། ། འདུན་པ་འདི་དག་ཁྱེར་ལ་སེར་སྐྱའི་གྲོང་སོང་ཤིག ། ཡབ་དང་ཡུམ་དག་ལ་ཡང་ང་ཡི་ཚིག་གིས་ནི། ། གཞོན་ནུ་སོང་གིས་སླར་ཞིང་ཐུགས་ངན་མ་མཛད་ཅིག ། བྱང་ཆུབ་སངས་རྒྱས་ནས་ནི་སླར་འདིར་མཆི་བར་བགྱི། ། ཆོས་རྣམས་གསན་ནས་ཐུགས་ཀྱང་ ཞི་བར་འགྱུར་ཞེས་སྨྲོས། ། འདུན་པ་ངུ་བཞིན་འདྲེན་པ་ལ་ནི་སླར་སྨྲས་པ། ། འདུན་པ་ལེགས་ལྡན་བྱང་ཆུབ་སེམས་དཔའ་གར་ཁྲིད་ཅེས། ། མི་མཆོག་གཉེན་གྱི་ཚོགས་རྣམས་བདག་ལ་རྡེག་འགྱུར་གྱིས། ། བདག་ལ་ནུས་པ་མ་མཆིས་སྟོབས་དང་མཐུ་མ་མཆིས། ། བྱང་ཆུབ་སེམས་ དཔས་སླར་སྨྲས་འདུན་པ་མ་འཇིགས་ཤིག ། ང་ཡི་གཉེན་གྱི་ཚོགས་རྣམས་དགའ་བར་གྱུར་ནས་ནི། །
BOཁྱོད་ལ་སྟོན་པའི་འདུ་ཤེས་རྟག་ཏུ་བསྒོམ་གྱུར་ཏེ། ། ང་ལ་བྱམས་པ་བཞིན་དུ་ཁྱོད་ལའང་བྱམས་པར་འགྱུར། ། འདུན་པ་རྟ་མཆོག་དང་ནི་རྒྱན་རྣམས་ཁྱེར་ནས་སུ། ། མི་མཆོག་དམ་ པ་དེ་ཡི་སྐྱེད་མོས་ཚལ་དུ་ཕྱིན། ། སྐྱེད་མོས་ཚལ་གྱི་སྲུངས་མ་དགའ་བའི་ཤུགས་སྐྱེས་ནས། ། ཀུན་ཏུ་དགའ་བའི་སྒྲ་ནི་ཤཱཀྱ་རྣམས་ལ་སྨྲས། ། གཞོན་ནུ་འདི་ཡི་རྟ་མཆོག་དང་ནི་འདུན་པ་ཡང་། ། སྐྱེད་མོས་ཚལ་དུ་ཕྱིན་གྱིས་ཐུགས་ངན་མ་མཛད་ཅིག ། རྒྱལ་པོས་དེ་སྐད་ཐོས་ནས་ ཤཱཀྱས་བསྐོར་ནས་ནི། ། རབ་ཏུ་དགའ་བའི་ཤུགས་སྐྱེས་སྐྱེད་མོས་ཚལ་དུ་ཕྱིན། ། ས་འཚོས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་རིག་ནས། ། ཚིག་དེ་ལ་ནི་ཡིད་མ་ཆེས་ཏེ་དགར་མ་གྱུར། ། གཞོན་ནུ་བྱང་ཆུབ་མ་ཐོབ་བར་དུ་ཕྱིར་འདིར་ཡང་། ། བྱོན་ཅིང་ལྡོག་པར་འགྱུར་བ་དེ་ནི་གནས་ མ་ཡིན། ། རྒྱལ་པོས་རྟ་མཆོག་དང་ནི་འདུན་པ་དེ་མཐོང་ནས། ། ངུད་མོ་བཏབ་སྟེ་ས་ཡི་སྟེང་དུ་འགྱེལ་བར་གྱུར། ། ཀྱི་ཧུད་ངའི་བུ་གླུ་དང་རོལ་མོ་སྒྲ་དབྱངས་མཁས། ། རྒྱལ་སྲིད་ཐམས་ཅད་བོར་ཏེ་ཁྱོད་ནི་གང་དུ་སོང་། ། འདུན་པ་ཁྱོད་ཀྱིས་ང་ལ་འདིར་ནི་ལེགས་པར་སྨྲོས། །
BOབྱང་ཆུབ་ སེམས་དཔའ་གར་སོང་སྦྱོར་བ་ཅི་འདྲ་ཞིག ། སྒོ་ནི་སུ་ཡིས་ཕྱེ་ཞིང་གང་གིས་ཁྲིད་པར་གྱུར། ། ལྷ་ཚོགས་རྣམས་ཀྱིས་དེ་ལ་མཆོད་པ་ཇི་ལྟར་བྱས། ། འདུན་པས་སྨྲས་པ་རྒྱལ་པོའི་དབང་པོ་བདག་ལ་གསོན། ། དགུང་ཕྱེད་གྲོང་ཁྱེར་བྱིས་པ་རྒན་པོ་གཉིད་ལོག་ནས། ། བྱང་ཆུབ་སེམས་དཔའ་ འཇམ་དབྱངས་བདག་ལ་འདི་སྐད་དུ། ། འདུན་པ་རྟ་རྒྱལ་ང་ལ་མྱུར་དུ་བྱིན་ཞེས་གསུང་། ། བདག་གིས་སྐྱེས་པའི་ཚོགས་དང་བུད་མེད་ཚོགས་ཀྱང་བསླང་། ། དེ་དག་ལོག་ཅིང་རབ་ཏུ་ལོག་པས་ཚིག་མ་ཐོས། ། བདག་ནི་ངུ་ཞིང་བདག་གིས་ཆིབས་ཀྱི་རྒྱལ་པོ་ཕུལ། ། ཕན་པ་མཛད་པ་གང་དུ་དགྱེས་པར་གཤེགས་ཞེས་བགྱིས། ། བརྒྱ་བྱིན་གྱིས་ནི་འཁྲུལ་འཁོར་ལྡན་པའི་ཆབ་སྒོ་ཕྱེ། ། འཇིག་རྟེན་སྐྱོང་བ་བཞིས་ནི་ཆིབས་ཀྱི་རྐང་ལག་བཏེག ། དཔའ་བོ་བཅིབས་ནས་སྟོང་གསུམ་ལམ་རྣམས་རབ་ཏུ་གཡོས། ། ནམ་མཁའ་ཤིན་ཏུ་ཡངས་པ་འདི་ལས་ གཤེགས་གྱུར་ཏེ། ། འོད་ནི་རབ་ཏུ་བཏང་བས་མུན་པ་མུན་ནག་བསལ། ། མེ་ཏོག་བབ་ཅིང་སིལ་སྙན་བརྒྱ་དག་སྒྲ་ཡང་བྱུང་། ། ལྷ་དང་དེ་བཞིན་ལྷ་ཡི་བུ་མོ་རྣམས་ཀྱིས་བསྟོད། ། ནམ་མཁའ་ལས་ནི་ལྷ་ཚོགས་རྣམས་ཀྱིས་བསྐོར་ཏེ་གཤེགས། །
BOའདུན་པ་རྟ་མཆོག་དང་ནི་རྒྱན་ རྣམས་ཁྱེར་ནས་སུ། ། དེ་ནི་ངུ་ཞིང་བཙུན་མོའི་འཁོར་དུ་ཕྱིན་པ་དང་། ། ས་འཚོས་འདུན་པ་དེ་དང་རྟ་མཆོག་མཐོང་གྱུར་ནས། ། རབ་ཏུ་བརྒྱལ་བར་གྱུར་ཏེ་ས་ཡི་སྟེང་དུ་སྒྱེལ། ། བུད་མེད་ཚོགས་མང་ཐམས་ཅད་རབ་ཏུ་བརྩོན་པར་ནི། ། ཆུ་དག་བླངས་ཤིང་ཤཱཀྱའི་བུ་མོ་འཁྲུ་བར་བྱེད། ། མྱ་ངན་ རྙེད་པས་འཆི་བའི་དུས་བྱེད་གྱུར་དུ་འོང་། ། ཕངས་པ་གཉིས་དང་བྲལ་བར་འགྱུར་དུ་འོང་སྙམ་བྱེད། ། ཤཱཀྱའི་བུ་མོ་སྡུག་བསྔལ་གྱུར་པ་མཐུ་བསྐྱེད་ནས། ། རྟ་ཡི་རྒྱལ་པོ་རྟ་མཆོག་དེ་ཡི་མགུལ་ནས་འཇུས། ། སྔོན་ཆད་དགའ་བས་རྩེ་བ་དག་ཀྱང་དྲན་བྱས་ནས། ། མྱ་ངན་གྱུར་ཅིང་སྣ་ ཚོགས་ཚིག་ཀྱང་རབ་ཏུ་སྨྲ། ། ཀྱི་ཧུད་བདག་གི་དགའ་སྐྱེད་ཀྱི་ཧུད་བདག་གི་མི་མཆོག་དྲི་མེད་ཟླ་བའི་ཞལ་མངའ་བ། ། ཀྱི་ཧུད་བདག་གི་གཟུགས་མཆོག་གཟུགས་ཅན་ཀྱི་ཧུད་བདག་གི་མཚན་མཆོག་དྲི་མེད་གཟི་བརྗིད་ལྡན། ། ཀྱི་ཧུད་བདག་གི་ཡན་ལག་མ་སྨད་ལེགས་པར་འཁྲུངས་པ་ རིམ་གྱིས་འཕགས་པ་མཉམ་མེད་པ། ། ཀྱི་ཧུད་བདག་གི་ཡོན་ཏན་མཆོག་ལྡན་ལྷ་མིས་མཆོད་པ་ཐུགས་རྗེ་ཆེན་པོ་མཆོག་ལྡན་པ། །
BOཀྱི་ཧུད་བདག་གི་སྟོབས་ལྡན་སྲེད་མེད་བུ་ཡི་མཐུ་དང་ལྡན་པ་དགྲ་ཡི་ཚོགས་བཅོམ་པ། ། ཀྱི་ཧུད་བདག་གི་ཤིན་ཏུ་འཇམ་དབྱངས་ཀ་ལ་པིང་ཀའི་སྒྲ་སྐད་ཚངས་ དབྱངས་སྙན་ལྡན་པ། ། ཀྱི་ཧུད་བདག་གི་གྲགས་པ་མཐའ་ཡས་བསོད་ནམས་བརྒྱས་འཕགས་བསོད་ནམས་རྒྱ་ཆེན་མངའ་བ་པོ། ། ཀྱི་ཧུད་བདག་གི་བསྔགས་པ་མཐའ་ཡས་ཡོན་ཏན་ཚོགས་བརྒྱན་དྲང་སྲོང་ཚོགས་རྣམས་དགའ་མཛད་པ། ། ཀྱི་ཧུད་བདག་གི་ནགས་མཆོག་བུང་བ་སྒྲ་འབྱིན་ ལུམ་བི་ནི་དེར་བལྟམ་པ་ལེགས་བལྟམ་པ། ། ཀྱི་ཧུད་བདག་གི་སྒྲ་གྲགས་ལྷ་མི་རྣམས་ཀྱིས་མངོན་པར་མཆོད་པའི་ཡེ་ཤེས་སྡོང་པོ་ཆེ། ། ཀྱི་ཧུད་བདག་གི་རོ་བྲོ་དམ་པ་བིམ་པའི་སྒྲོས་ཅན་པད་མའི་སྤྱན་མངའ་གསེར་མདོག་འདྲ། ། ཀྱི་ཧུད་བདག་གི་ཤིན་ཏུ་རྣམ་དག་ཚེམས་ལྡན་བ་ཞོ་བ་ མོ་ལྟ་བུའི་ཚེམས་ལྡན་པ། ། ཀྱི་ཧུད་བདག་གི་ཤངས་ལེགས་སྨིན་ལེགས་སྨིན་མཚམས་བར་ན་དྲི་མེད་མཛོད་སྤུ་གནས་པ་པོ། ། ཀྱི་ཧུད་བདག་གི་དཔུང་མགོ་རབ་ཟླུམ་གཞུ་འདྲའི་རྐེད་པ་ཨེ་ནེའི་བྱིན་པ་རྐེད་པ་ཟླུམ། ། ཀྱི་ཧུད་བདག་གི་གླང་པོའི་སྣ་འདྲ་བརླ་ལྡན་ཕྱག་ཞབས་རྣམ་དག་མཛེས་ པའི་སེན་མོ་ཅན། །
BOདེ་ཡི་རྒྱན་རྣམས་འདི་དག་བསོད་ནམས་དག་གིས་བྱས་པ་རྒྱལ་པོ་རབ་ཏུ་དགའ་བྱེད་པ། ། ཀྱི་ཧུད་བདག་གི་གླུ་དང་དབྱངས་སྒྲ་དམ་པ་མེ་ཏོག་བྱུག་པ་བཟང་པོའི་དུས་བཟང་བ། ། ཀྱི་ཧུད་བདག་གི་མེ་ཏོག་སྤོས་རྣམས་གླུ་ལེན་དག་དང་བཙུན་མོའི་འཁོར་ནི་དགའ་བྱེད་པ། ། ཀྱི་ཧུད་བསྔགས་ལྡན་ལེགས་སྐྱེས་ང་ཡི་ཁྱིམ་ཐབ་གྲོགས་པོ་ཡིན་ན་ཁྱོད་ཀྱིས་གང་དུ་ཁྲིད། ། ཀྱི་ཧུད་འདུན་པ་སྙིང་རྗེ་མེད་པ་མི་ཡི་དམ་པ་བཞུད་ཚེ་སྒྲོན་ཅིང་སློང་མ་ཕོད། ། དོ་མོད་གྲོང་ཁྱེར་དམ་པ་འདི་ནས་མི་ཡི་ཁ་ལོ་སྒྱུར་བ་ཐུགས་རྗེ་ལྡན་གཤེགས་ཏེ། ། ཕན་པ་མཛད་པ་འདི་ནི་གཤེགས་ ཞེས་སྐབས་དེར་ཚིག་གཅིག་ཙམ་ཞིག་ཅི་ཡི་ཕྱིར་མ་སྨྲས། ། ཕན་པ་མཛད་པ་ཇི་ལྟར་གཤེགས་ཤིང་རྒྱལ་པོའི་ཕོ་བྲང་འདི་ནས་སུ་ཡི་ཕྱུང་བ་བྱས། ། གང་གི་ཕྱོགས་གཤེགས་ནགས་ཚལ་གེལ་བའི་ལྷ་མོ་དེ་ཡི་གྲོགས་སུ་གྱུར་པ་དཔལ་ཡོན་ལྡན། ། འདུན་པ་ཁོ་མོ་ཤིན་ཏུ་སྡུག་ བསྔལ་གཏེར་བསྟན་ནས་ནི་མིག་ཕྱུང་འདྲ་བས་མིག་བྱིན་ཅིག ། འདུན་པ་རྒྱལ་བ་ཀུན་གྱིས་ཕ་དང་མ་དག་མཆོད་པའི་འོས་ཞེས་རྟག་ཏུ་བསྔགས་མཛད་ན། ། དེ་དག་རྣམས་ཀྱང་སྤངས་ཏེ་བྱུང་ན་བུད་མེད་འདོད་པའི་དགའ་བ་འདི་ལྟ་སྨོས་ཅི་དགོས། །
BOཀྱི་ཧུད་སྡུག་པ་རྣམས་དང་བྲལ་བ་གར་ལ་ ལྟ་བའི་རང་བཞིན་འདྲ་སྟེ་རྟག་མ་ཡིན། ། བྱིས་པ་འདུ་ཤེས་ཀྱིས་བཟུང་ལྟ་བ་ཕྱིན་ཅི་ལོག་པས་སྐྱེ་དང་འཆི་འཕོ་གནས་པར་གྱུར། ། དེ་ཡིས་སྔོན་ཆད་རྒ་ཤི་ལྡན་པའི་འདུས་བྱས་དག་ལ་གྲོགས་པོ་འགའ་ཡང་མེད་ཅེས་བསྟན། ། ཁྱོད་ཀྱི་དགོངས་པ་ཡོངས་སུ་རྫོགས་ ནས་ཤིང་མཆོག་དྲུང་དུ་བྱང་ཆུབ་དམ་པ་མཆོག་ཐོབ་གྱུར། ། རྡུལ་མེད་བྱང་ཆུབ་སངས་རྒྱས་ནས་ནི་གྲོང་ཁྱེར་དམ་པ་འདིར་ནི་སླར་ཡང་གཤེགས་སུ་གསོལ། ། འདུན་པ་དེ་ཡང་མཆོག་ཏུ་ཡིད་མི་དགའ་ཞིང་ས་འཚོ་མ་ཡི་ཚིག་ནི་ཐོས་གྱུར་ནས། ། དེ་ནི་ང་རོ་འཐོན་ཅིང་ཚིག་ཏུ་སྨྲས་པ་ས་ འཚོ་མ་ཁྱོད་བདག་ཚིག་ལེགས་པར་གསོན། ། ནམ་གྱི་གུང་ཐུན་བུད་མེད་ཚོགས་རྣམས་ཐམས་ཅད་རབ་ཏུ་གཉིད་ཀྱིས་ལོག་སྟེ་དབེན་གྱུར་པ། ། དེ་ཡི་ཚེ་ན་བསོད་ནམས་བརྒྱས་འཕགས་དེ་ཡིས་བདག་ལ་བསྔགས་ལྡན་ང་ལ་བྱིན་ཞེས་གསུང་། ། དེ་སྐད་ཚིག་ཐོས་ནས་ནི་དེ་མ་ཐག་ཏུ་ བདག་གིས་ཁྱོད་ནི་གཟིམས་མལ་གཟིམས་ལ་བལྟས། ། དེ་ཚེ་ཁྱོད་ཀྱི་སྡུག་པ་འདི་ནི་གཤེགས་ཀྱིས་ས་འཚོ་བཞེངས་ཞེས་སྒྲ་སྐད་ཆེན་པོ་ཕྱུང་། །
BOལྷ་ཡིས་ཚིག་དེ་བཀག་པར་གྱུར་པས་བུད་མེད་རྣམས་ལས་འགའ་ཙམ་ཞིག་ཀྱང་སད་མ་གྱུར། ། བདག་ནི་རབ་ཏུ་ངུ་ཞིང་རྟ་ཡི་རྒྱལ་ པོ་བརྒྱན་པ་བགྱིས་ནས་མི་མཆོག་དེ་ལ་ཕུལ། ། བསྔགས་ལྡན་དྲག་ཤུལ་ཅན་གྱི་གཟི་ལྡན་སྒྲ་བྱུང་དེ་ཡི་སྒྲ་ནི་རྒྱང་གྲགས་ཙམ་ཏུ་གྲགས། ། འོན་ཀྱང་ལྷ་ཡིས་གཉིད་ཀྱིས་ལོག་པར་བགྱིས་པས་གྲོང་ཁྱེར་པ་ལས་འགའ་ཡང་སད་མ་གྱུར། ། གསེར་དང་དངུལ་དང་ནོར་བུ་རྣམས་ཀྱིས་ གཡོགས་པའི་ས་ལ་བསྔགས་ལྡན་རྐང་ལག་རབ་ཏུ་བརྡབས། ། དེ་ལས་སྙན་དང་འཇིགས་དང་མཛེས་པའི་སྒྲ་བྱུང་འོན་ཀྱང་མི་ལས་འགའ་ཙམ་སད་མ་གྱུར། ། དེ་ཡི་བར་སྐབས་སྐར་མ་རྒྱལ་དང་ལྡན་གྱུར་ཟླ་བ་སྐར་མ་དག་ཀྱང་མཁའ་ལ་གནས། ། མཁའ་ལས་ལྷ་རྣམས་བྱེ་བ་ཐལ་ མོ་སྦྱར་ཏེ་བཏུད་ནས་ཕྱག་ཀྱང་རབ་ཏུ་འཚལ། ། གནོད་སྦྱིན་སྲིན་པོ་ཚོགས་རྣམས་ཉེ་བར་གནས་ཤིང་འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཆེ་ལྡན་བཞིས། ། པད་མའི་ཟེ་བ་ལྟ་བུར་རྣམ་དག་དྲི་མེད་ལག་པས་བསྔགས་ལྡན་གྱི་ནི་རྐང་ལག་བཏེག ། བསོད་ནམས་གཟི་བརྗིད་བརྒྱས་འཕགས་དེ་ཡང་ ཀུ་མུ་ད་དང་པར་ཤ་ལྟ་བུ་དེ་ལ་བཅིབས། ། ས་ནི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཤིང་སངས་རྒྱས་ཞིང་རྣམས་དྲི་མེད་འོད་ཀྱིས་ཁྱབ། །
BOབདེ་སོགས་ཁྱིམ་ཐབ་བརྒྱ་བྱིན་ལྷ་ཡི་གཙོ་བོ་ཉིད་ཀྱིས་དེ་ཚེ་ཆབ་སྒོ་དབྱེ་བ་བགྱིས། ། དེ་ནི་བྱེ་བ་ཁྲག་ཁྲིག་ལྷ་ཡིས་མདུན་དུ་བདར་ཏེ་ལྷ་དང་ཀླུ་ཡིས་མཆོད་ ནས་གཤེགས། ། བསྔགས་ལྡན་གྱིས་ནི་འདུ་ཤེས་ཙམ་གྱིས་དེ་ན་འཇིག་རྟེན་མགོན་པོ་མཁའ་ལས་བཀུར་བར་ཤེས། ། ལྷ་དང་ལྷ་མ་ཡིན་ཚོགས་དབང་པོར་བཅས་པ་དེ་དག་བཅིབས་ཏེ་བདེ་བར་གཤེགས་པ་གཤེགས། ། ལྷ་ཡི་བུ་མོ་གླུ་དབྱངས་མཁས་པ་རྣམས་ཀྱང་བྱང་ཆུབ་ སེམས་དཔའི་ཡོན་ཏན་རབ་བརྗོད་ཅིང་། ། དེ་དག་བསྔགས་ལྡན་ལ་ཡང་སྟོབས་འཐུད་བྱེད་ཅིང་སྙན་ལ་ཡིད་དུ་འོང་བའི་སྒྲ་ཡང་འབྱིན། ། བསྔགས་ལྡན་འཇིག་རྟེན་འདྲེན་པ་མྱུར་བ་མྱུར་བར་ཁྱེར་ལ་སྐྱོ་བ་མི་དགའ་མ་སྐྱེད་ཅིག ། འཇིག་རྟེན་མགོན་པོ་མཉེས་པར་བྱས་ན་ཁྱོད་ལ་འཇིགས་དང་ངན་སོང་ ངན་འགྲོ་མེད་པར་འགྱུར། ། ལྷ་རྣམས་རེ་རེ་ཞིང་ཡང་བདག་ལ་འཇིག་རྟེན་མགོན་པོ་བཅིབས་པར་མངོན་དུ་དགའ་བར་གྱུར། ། ཡུལ་ས་འདི་ན་བྱེ་བ་ལྷ་ཡི་རྐང་པ་དག་གིས་ནོན་པར་མ་གྱུར་ཅུང་ཟད་མེད། ། བསྔགས་ལྡན་ནམ་མཁའི་སྐབས་ན་སྣ་ཚོགས་སྤྲས་ཤིང་མཛེས་པའི་ལམ་གནས་རིན་ ཆེན་སྟེགས་བུ་ནི། །
BOརྣམ་པ་སྣ་ཚོགས་དག་གིས་བརྒྱན་ཅིང་ལྷ་ཡི་བདུག་པ་སྙིང་པོ་མཆོག་བདུག་ས་འདི་ལ་ལྟོས། ། བསྔགས་ལྡན་དགེ་བའི་ལས་འདིས་སུམ་ཅུ་རྩ་གསུམ་ལྷ་གནས་ཤིན་ཏུ་ལེགས་པར་སྤྲུལ་པ་དེར། ། ལྷ་ཡི་བུ་མོས་བསྐོར་ཅིང་མདུན་གྱིས་བལྟས་ལ་ལྷ་ཡི་འདོད་པའི་ དགའ་བས་དགའ་བར་གྱིས། ། ལེགས་པ་ས་འཚོ་མ་ཁྱོད་ཕྱིར་ཞིང་མ་བཤུམས་དགྱེས་པར་མཛོད་ཅིང་མཆོག་ཏུ་དགྱེས་པར་མཛོད། ། མི་མཆོག་བྱང་ཆུབ་བརྙེས་ནས་ལྷ་ཡིས་མདུན་དུ་བདར་བ་རིང་པོར་མི་ཐོགས་གཟིགས་པར་འགྱུར། ། ས་འཚོ་མི་རྣམས་གང་དག་ལེགས་པའི་ལས་ བགྱིས་དེ་དག་རྟག་ཏུ་བཤུམས་པར་བགྱི་མ་ལགས། ། དེ་ནི་བསོད་ནམས་གཟི་བརྗིད་བརྒྱས་འཕགས་ལགས་ཀྱིས་དགྱེས་པར་མཛོད་ལ་བཤུམ་མོ་མ་མཛད་ཅིག ། རྒྱལ་པོ་མངོན་པར་བྱུང་བ་དེ་ན་ལྷ་དང་མིས་མཆོད་པ་ཡི་བཀོད་པ་གང་ལགས་པ། ། བཀོད་པ་དེ་ནི་ས་འཚོ་བདག་ གིས་དགུང་བདུན་བར་དུ་བརྗོད་ཀྱང་རྫོགས་པར་བརྗོད་མི་ནུས། ། ཁྱོད་ཀྱིས་འགྲོ་ལ་ཕན་མཛད་པ་ལ་བསྙེན་བཀུར་མཛད་པས་བརྙེས་མཆོག་བསམ་གྱིས་མི་ཁྱབ་བརྙེས། ། བདག་གིས་བསམས་ན་ཁྱོད་ཀྱང་མི་ཡི་དམ་པ་དེ་ནི་ཅི་འདྲ་དེ་འདྲར་འགྱུར་སྙམ་བགྱིད། ། མངོན་པར་འབྱུང་བའི་ལེའུ་སྟེ་{བཅྭ་,བཅོ་}ལྔ་པའོ། །
BO། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་འདུན་པས་རྒྱལ་པོ་ཟས་གཙང་མ་དང་། ཤཱཀྱའི་བུ་མོ་ས་འཚོ་མ་དང་། བཙུན་མོའི་འཁོར་ཐམས་ཅད་དང་། ཤཱཀྱའི་ཚོགས་ཐམས་ཅད་ཀྱི་མྱ་ངན་བསང་བའི་གཏམ་སྨྲས་སོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལྷའི་བུ་རྔོན་པའི་གཟུགས་ལྟ་བུ་ལ་གོས་ཀ་ཤི་པ་རྣམས་བྱིན་ནས་དེ་ལ་གོས་ངུར་སྨྲིག་རྣམས་ བླངས་ཏེ། ། འཇིག་རྟེན་དང་འཐུན་པར་བྱ་བ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདག་ཉིད་རབ་ཏུ་བྱུང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་བྲམ་ཟེའི་རིགས་ལྡན་གྱི་གནས་ག་ལ་བ་དེར་སོང་བ་དང་། དེས་བྱང་ཆུབ་སེམས་དཔའ་ གནས་པར་བྱ་བ་དང་། ཟས་ལ་འགྲོན་དུ་བོས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་བྲམ་ཟེ་པད་མའི་གནས་སུ་སོང་བ་དང་། དེས་ཀྱང་བྱང་ཆུབ་སེམས་དཔའ་གནས་པར་བྱ་བ་དང་། ཟས་ལ་འགྲོན་དུ་བོས་སོ། ། དེ་ནས་བྲམ་ཟེའི་དྲང་སྲོང་ནམ་གྲུའི་གནས་སུ་སོང་བ་དང་། དེས་ ཀྱང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འགྲོན་དུ་བོས་སོ། །
BOདེ་བཞིན་དུ་གདུལ་བའི་བེ་ཅོན་ཅན་གྱི་བུ་འོད་ལྡན་གྱིས་ཀྱང་བྱང་ཆུབ་སེམས་དཔའ་འགྲོན་དུ་བོས་ཏེ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་རིམ་གྱིས་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་དུ་ཕྱིན་ཏོ། ། དེའི་ཚེ་སྒྱུ་རྩལ་ ཤེས་ཀྱི་བུ་རིང་འཕུར་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་། སློབ་མ་སུམ་བརྒྱ་དང་ལྷན་ཅིག་ཏུ། གྲོང་ཁྱེར་ཡངས་པ་ཅན་དུ་གནས་བཅས་ཤིང་གནས་ཏེ། དེ་སློབ་མ་དག་ལ་ཅིའང་མེད་པའི་སྐྱེ་མཆེད་ཀྱི་བརྟུལ་ཞུགས་དང་འཐུན་པའི་ཆོས་སྟོན་པ་དེས་བྱང་ཆུབ་སེམས་དཔའ་རྒྱང་ རིང་པོ་ནས་འོང་བ་མཐོང་ནས་ངོ་མཚར་དུ་གྱུར་ཏེ་སློབ་མ་རྣམས་ལ་སྨྲས་པ། ཀྱེ་འདིའི་གཟུགས་ལ་ལྟོས་ཤིག ། དེ་དག་གིས་སྨྲས་པ། དེ་བཞིན་དུ་དེ་ལ་བལྟ་བར་བགྱིས་ཏེ་འདི་ནི་ཡ་མཚན་ཆེའོ། ། དགེ་སློང་དག་དེ་ནས་ང་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ག་ལ་བ་དེར་སོང་སྟེ། སྒྱུ་ རྩལ་ཤེས་ཀྱི་བུ་རིང་འཕུར་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ཁྱོད་ལས་བདག་གིས་ཚངས་པར་སྤྱད་པ་སྤྱོད་དོ། ། དེས་སྨྲས་པ།
BOཀྱེ་གཽ་ཏ་མ་དད་པའི་རིགས་ཀྱི་བུས་གང་ལ་སྤྱད་ན་ཚེགས་ཆུང་ངུས་ཀུན་ཤེས་པ་ཐོབ་པར་འགྱུར་བའི་ཆོས་བསྟན་པ་དེ་ལྟ་ བུ་ལ་སྤྱོད་ཅིག ། དགེ་སློང་དག་ངས་འདི་སྙམ་དུ་སེམས་ཏེ། ང་ལ་མོས་པ་ཡང་ཡོད། ང་ལ་བརྩོན་འགྲུས་ཀྱང་ཡོད། དྲན་པ་ཡང་ཡོད། ཏིང་ངེ་འཛིན་ཀྱང་ཡོད། ཤེས་རབ་ཀྱང་ཡོད་ཀྱིས། ཆོས་དེ་ཉིད་ཐོབ་པར་བྱ་བ་དང་། མངོན་དུ་བྱ་བའི་ཕྱིར་བདག་གཅིག་པུ་བག་ཡོད་ པ་དང་། བརྟུན་པ་དང་དབེན་པར་གནས་པར་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ང་གཅིག་པུ་བག་ཡོད་པ་དང་། བརྟུན་པ་དང་། དབེན་པར་གནས་ནས། ཚེགས་ཆུང་ངུས་ཆོས་དེ་ཁོང་དུ་ཆུད་ཅིང་མངོན་དུ་གྱུར་ཏོ། ། དགེ་སློང་དག་དེ་ནས་ང་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ ག་ལ་བ་དེར་སོང་སྟེ། འདི་སྐད་ཅེས་སྨྲས་སོ། ། ཀྱེ་རིང་འཕུར་ཁྱོད་ཀྱིས་ཆོས་འདི་ཙམ་ཞིག་ཁོང་དུ་ཆུད་ཅིང་མངོན་དུ་གྱུར་ཏམ། དེས་སྨྲས་པ། ཀྱེ་གཽ་ཏ་མ་དེ་དེ་བཞིན་ནོ། ། ངས་སྨྲས་པ། ཀྱེ་ཁོ་བོས་ཀྱང་ཆོས་དེ་མངོན་དུ་བྱས་ཤིང་ཁོང་དུ་ཆུད་དོ། ། དེས་སྨྲས་པ། ཀྱེ་གཽ་ཏ་ མ་དེ་བས་ན་ཆོས་གང་ཁོ་བོས་ཤེས་པ་དེ་ཁྱོད་ཀྱིས་ཤེས་ལ་གང་ཁྱོད་ཀྱིས་ཤེས་པ་དེ་ཡང་ཁོ་བོས་ཤེས་ཏེ།
BOདེ་བས་ན་བདག་ཅག་གཉི་གས་སློབ་མའི་ཚོགས་འདི་ལ་བསྟན་ཏོ། ། དགེ་སློང་དག་དེ་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གྱིས་ང་ལ་མཆོད་པ་དམ་པས་མཆོད་དེ། ང་སློབ་མ་ རྣམས་ལ་ཡང་དོན་འཐུན་པར་བྱེད་དུ་བཅུག་གོ། ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། རིང་འཕུར་གྱི་ཆོས་འདི་ནི་ངེས་པར་འབྱུང་བ་མ་ཡིན་ཏེ། དེ་བྱེད་པ་ཡང་དག་པར་སྡུག་བསྔལ་ཟད་པར་ངེས་པར་འབྱུང་བ་མ་ཡིན་གྱིས། བདག་གིས་དེ་ལས་ལྷག་པ་ཞིག་བཙལ་ཞིང་ སྤྱད་དོ་སྙམ་མོ། ། དགེ་སློང་དག་དེ་ནས་ང་ཇི་སྲིད་དགའ་བའི་བར་དུ་གྲོང་ཁྱེར་ཡངས་པ་ཅན་དུ་གནས་ནས། ཡུལ་མ་ག་དྷཱར་ཡུལ་རྒྱུ་ཞིང་ཡུལ་མ་ག་དྷཱའི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་སྟེ། རིའི་རྒྱལ་པོ་སྐྱ་བོ་ག་ལ་བ་དེར་སོང་ནས། རིའི་རྒྱལ་པོ་སྐྱ་བོ་ དེའི་ངོས་ལ་ང་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་བསྲུངས་ཤིང་གནས་སོ། ། དེ་ནས་ང་ནང་པར་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་ཆུ་དྲོན་ཅན་གྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་འགྲོ་བ་དང་། ལྡོག་པ་ དང་། མདུན་དུ་ལྟ་བ་དང་། གཡས་གཡོན་དུ་ལྟ་བ་དང་།
BOབསྐུམ་པ་དང་བརྐྱང་བ་མཛེས་པ་དང་། སྣམ་སྦྱར་དང་། ཐང་བ་དང་། ལྷུང་བཟེད་དང་། ཆོས་གོས་འཛིན་པ་མཛེས་པ་དང་། དབང་པོ་མ་གཡེངས་པ་དང་། སྤྲུལ་པ་བཞིན་དུ་ཡིད་ཕྱི་རོལ་ཏུ་མ་བྱུང་བ་དང་། འབྲུ་ མར་གྱིས་གང་བའི་སྣོད་ཐོགས་པ་བཞིན་གཉའ་ཤིང་གང་ཙམ་དུ་ལྟ་ཞིང་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། ། དེ་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་ང་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཅི་འདི་ཚངས་པ་ཡིན་ནམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འོན་ཏེ་རྣམ་ཐོས་ཀྱི་བུའམ། འོན་ ཏེ་རིའི་ལྷ་འགའ་ཞིག་ཡིན་ནམ་སྙམ་མོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནས་གཟི་བརྗིད་མཐའ་ཡས་དྲི་མེད་ལྡན། ། བྱང་ཆུབ་སེམས་དཔའ་བདག་ཉིད་རབ་བྱུང་སྟེ། ། སེམས་ནི་ཞི་ཞིང་སྤྱོད་ལམ་རབ་དུལ་བར། ། རི་ཡི་རྒྱལ་པོ་སྐྱ་བོའི་ངོས་ལ་གནས། ། བྱང་ཆུབ་སེམས་དཔས་ནམ་ནངས་ ཤེས་ནས་ནི། ། མཆོག་ཏུ་བལྟ་ན་མཛེས་པར་ཤམ་ཐབས་བགོས། ། ལྷུང་བཟེད་ཐོགས་ཏེ་དམའ་བའི་ཡིད་ཀྱིས་སུ། ། དེ་ནི་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཞུགས། ། གསེར་གྱི་ས་ལེ་སྦྲམ་བཞིན་རབ་དུལ་ལ། ། སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས་པ། ། སྐྱེས་པའི་ཚོགས་དང་བུད་ མེད་ཀྱིས་མཐོང་ན། །
BOསུ་ཡང་ལྟ་བས་ངོམས་པར་མི་འགྱུར་རོ། ། སྲང་དག་རིན་ཆེན་གོས་དང་འབྲུས་ཀྱང་བརྒྱན། ། གང་གི་མཐུས་ནི་གྲོང་ཁྱེར་ཀུན་མཛེས་པའི། ། སྔོན་ཆད་མ་མཐོང་སེམས་ཅན་འདི་སུ་ཞེས། ། སྐྱེ་བོ་སེལ་ཅིང་དེ་ཡི་ཕྱི་བཞིན་འབྲང་། ། བུད་མེད་སྟོང་དག་ཁང་པའི་སྟེང་ འདུག་ཅིང་། ། དེ་བཞིན་སྒོ་དང་དེ་བཞིན་སྐར་ཁུང་དང་། ། སྲང་དག་བཀང་སྟེ་ཁྱིམ་ནི་སྟོང་བྱས་ནས། ། དེ་དག་ལས་གཞན་མེད་པར་མི་མཆོག་ལྟ། ། སྐྱེས་བུ་མཆོག་གི་གཟུགས་ལ་ལྟ་བའི་ཚེ། ། ཉོ་དང་འཚོང་བ་དག་ཀྱང་མི་བྱེད་ཅིང་། ། ཆང་དད་ཅན་ཡང་ཆང་ནི་མི་འཐུང་ལ། ། ཁྱིམ་ དང་སྲང་ན་འདུག་པར་མི་དགའོ། ། རིངས་པར་མི་ཞིག་རྒྱལ་པོའི་ཁབ་སོང་སྟེ། ། དེ་དགའ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། ། གྲོང་འདིར་ཚངས་པ་བདག་ཉིད་བསོད་སྙོམས་སྤྱོད། ། ལྷ་ཁྱོད་བརྙེས་པ་དམ་པ་བརྙེས་ཞེས་ཟེར། ། ཁ་ཅིག་བརྒྱ་བྱིན་ལྷ་ཡི་རྒྱལ་ཞེས་ཟེར། ། གཞན་དག་ འཐབ་བྲལ་ལྷ་ཡི་བུ་ཞེས་ཟེར། ། དེ་བཞིན་ཡོངས་སུ་དགའ་ལྡན་འཕྲུལ་དགའ་དང་། ། གཞན་དག་རབ་འཕྲུལ་ལྷ་ཡི་བུ་ཞེས་ཟེར། ། ཁ་ཅིག་ཉི་མ་ཟླ་བ་དེ་བཞིན་དུ། ། སྒྲ་གཅན་སྟོབས་ལྡན་ཐགས་{བཟངས་,བཟང་}རིས་ཞེས་ཟེར། །
BOཁ་ཅིག་དག་ནི་ཚིག་ཀྱང་འདི་སྐད་དུ། ། རི་རྒྱལ་སྐྱ་ལ་ འདུག་པ་འདི་ཡིན་ཟེར། ། རྒྱལ་པོས་ཚིག་ནི་དེ་དག་ཐོས་གྱུར་ནས། ། ཡིད་ནི་མཆོག་ཏུ་དགའ་ཞིང་སྐར་ཁུང་འདུག ། ཤིན་ཏུ་སྦྱངས་པའི་གསེར་ལྟར་དཔལ་འབར་བ། ། བྱང་ཆུབ་སེམས་དཔའ་སེམས་ཅན་མཆོག་མཐོང་ངོ་། ། རྒྱལ་པོ་གཟུགས་ཅན་སྙིང་པོས་མི་དེ་ལ། ། བསོད་ སྙོམས་བྱིན་ལ་གར་སོང་ལྟོས་ཤེས་བསྒོ། ། རི་ཡི་མཆོག་ལ་དེ་ནི་སོང་མཐོང་ནས། ། ཁ་ཅིག་རི་ཡི་ངོས་ལ་དེ་མཆིས་སྨྲས། ། གཟུགས་ཅན་སྙིང་པོས་ནམ་ནངས་ཞེས་ནས་ནི། ། མི་དབང་སྐྱེ་བོ་མང་པོས་ཡོངས་བསྐོར་ཏེ། ། རི་ཡི་རྒྱལ་པོ་སྐྱ་བོའི་དྲུང་དུ་སོང་། ། རི་དེ་དཔལ་ནི་རབ་ཏུ་འབར་ བར་མཐོང་། ། བཞོན་པ་ལས་ནི་བབས་ཏེ་རྐང་གིས་སོང་། ། ཇི་ལྟར་ལྷུན་པོ་བཞིན་དུ་མི་གཡོ་ཞིང་། ། རྩྭ་བཏིང་སྟེང་ན་སྐྱིལ་མོ་ཀྲུང་འདུག་པའི། ། བྱང་ཆུབ་སེམས་དཔའ་མཆོག་ཏུ་གུས་པས་མཐོང་། ། རྒྱལ་པོས་རྐང་པར་མགོ་བོས་ཕྱག་བྱས་ཏེ། ། རྣམ་པ་སྣ་ཚོགས་དག་གི་གཏམ་ བྱས་ནས། ། ཁྱོད་ལ་རྒྱལ་སྲིད་ཀུན་གྱི་ཕྱེད་སྦྱིན་གྱིས། ། འདོད་པའི་ཡོན་ཏན་འདི་སྤྱོད་མ་འཕྱན་སྨྲས། ། བྱང་ཆུབ་སེམས་དཔས་འཇམ་པོའི་ཚིག་སྨྲས་པ། །
BOས་ཡི་བདག་པོ་ཡུན་{རིངས་,རིང་}ཚེ་སྲུངས་ཤིག ། ཁོ་བོས་རྒྱལ་སྲིད་སྡུག་པ་བོར་ནས་སུ། ། རེ་བ་མེད་པར་ཞི་ཕྱིར་རབ་ཏུ་བྱུང་། ། གཞོན་ནུ་ཐོར་བུ་དར་ལ་བབ་དང་ལྡན། ། ལུས་ཀྱི་ཁ་དོག་མཛེས་ཤིང་ཤུགས་ལྡན་ན། ། ནོར་མང་དག་དང་བུད་མེད་ཚོགས་བཞེས་ཏེ། ། བདག་གི་རྒྱལ་སྲིད་འདིར་བཞུགས་འདོད་པ་སྤྱོད། ། མ་ག་དྷཱའི་རྒྱལ་པོས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བདག་ཁྱོད་ མཐོང་བས་མཆོག་ཏུ་དགའ། ། བདག་གི་རྒྱལ་སྲིད་ཀུན་གྱི་གྲོགས་མཛོད་ཅིག ། བདག་ནི་ཁྱོད་ལ་མངའ་འབུལ་འདོད་པ་སྤྱོད། ། ནགས་ཚལ་སྟོང་པ་དག་ཏུ་མ་བཞུགས་ཤིག ། སླན་ཆད་ས་གནས་རྩྭ་སྟེང་མ་བཞུགས་ཤིག ། ཁྱོད་ཀྱི་སྐུ་ནི་མཆོག་ཏུ་རབ་ཏུ་གཞོན། ། བདག་གི་རྒྱལ་སྲིད་འདིར་བཞུགས་འདོད་པ་སྤྱོད། ། བྱང་ཆུབ་སེམས་དཔས་འཇམ་ཞིང་གྱ་གྱུ་མེད། ། དགའ་འགྱུར་ཕན་ཞིང་སྙིང་བརྩེའི་ཚིག་སྨྲས་པ། ། རྒྱལ་པོ་ཁྱོད་ནི་རྟག་ཏུ་བཀྲ་ཤིས་གྱུར། ། ཁོ་བོ་འདོད་པའི་ཡོན་ཏན་མི་འདོད་དོ། ། འདོད་པ་དུག་འདྲ་ཉེས་པ་མཐའ་ ཡས་ལྡན། ། སེམས་ཅན་དམྱལ་དང་{ཡི་དགས་,ཡི་དྭགས་}དུད་འགྲོར་ལྟུང་། ། མཁས་པས་སྨད་ཅིང་འདོད་པས་འཕགས་མ་ཡིན། ། ཁོ་བོས་ངར་སྣབས་རུལ་པ་བཞིན་དུ་བོར། །
BOའདོད་པ་ཤིང་གི་འབྲས་བུ་བཞིན་དུ་ལྟུང་། ། ཇི་ལྟར་སྤྲིན་དང་ཆར་པ་བཞིན་དུ་འགྲོ། ། མི་བརྟན་འགྱུར་ ལ་ཇི་ལྟར་རླུང་བཞིན་འགྲོ། ། དགེ་བ་ཐམས་ཅད་རྣམ་པར་འཐོར་ཞིང་སླུ། ། དེ་བཞིན་འདོད་པ་མི་རྙེད་ཕྱིར་ཡང་གདུང་། ། རྙེད་དུ་ཟིན་ཀྱང་ཆོག་པར་འཛིན་མི་འགྱུར། ། གང་ཚེ་དབང་མེད་མ་རུང་རབ་གྱུར་པ། ། དེ་ཚེ་འདོད་པ་སྡུག་བསྔལ་དྲག་ཆེན་བསྐྱེད། ། རྒྱལ་པོ་ལྷ་ཡི་ འདོད་པ་གང་ཡིན་དང་། ། མི་ཡི་འདོད་པ་བཟང་པོ་གང་ཡིན་པའི། ། འདོད་པ་ཐམས་ཅད་མི་གཅིག་གིས་ཐོབ་ཀྱང་། ། དེ་ལ་ཆོག་པ་མེད་དེ་ཡང་ཚོལ་ལོ། ། རྒྱལ་པོ་གང་དག་ཞི་ཞིང་དུལ་གྱུར་པ། ། འཕགས་པ་ཟག་མེད་ཆོས་ཀྱིས་འདུ་ཤེས་གང་། ། ཤེས་རབ་མཁས་པས་ ཆོག་པ་དེ་ལེགས་ཆོག ། འདོད་པའི་ཡོན་ཏན་ཆོག་པ་ཅུང་ཟད་མེད། ། རྒྱལ་པོ་འདོད་པ་དག་ལ་བསྟེན་བྱས་ཤིང་། ། སྔན་ཆད་འདུས་བྱས་པ་ཡི་མཐའ་མ་མེད། ། ཇི་ལྟར་མི་དག་ལན་ཚྭའི་ཆུ་འཐུངས་བཞིན། ། འདོད་པ་བསྟེན་ན་ཕྱིར་ཞིང་སྲེད་པ་འཕེལ། ། རྒྱལ་པོ་ལུས་ ལ་ཡང་ལྟོས་དེ་མི་བརྟན། ། སྙིང་པོ་མེད་དེ་སྡུག་བསྔལ་འཁྲུལ་འཁོར་བཞིན། ། བུ་ག་དགུ་ཡི་སྒོ་ནས་རྟག་ཏུ་འཛག ། རྒྱལ་པོ་ཁོ་བོ་འདོད་པའི་འདོད་ཆགས་མེད། །
BOཁོ་བོས་འདོད་པ་མང་དང་དེ་བཞིན་དུ། ། བལྟ་ན་སྡུག་པའི་བུད་མེད་སྟོང་བོར་ཏེ། ། མཆོག་ཞི་བྱང་ཆུབ་དམ་པ་ཐོབ་ འདོད་ནས། ། ཁོ་བོ་སྲིད་པ་མི་དགའ་ངེས་པར་འབྱུང་། ། མ་ག་དྷཱ་ཡི་རྒྱལ་པོས་དེར་སྨྲས་པ། ། དགེ་སློང་ཕྱོགས་ནི་གང་དང་གང་ནས་བྱོན། ། གང་དུ་ཁྱོད་སྐྱེས་ཡབ་ཡུམ་གང་ན་བཞུགས། ། རྒྱལ་རིགས་ལགས་སམ་བྲམ་ཟེའམ་རྒྱལ་པོ་ལགས། ། དགེ་སློང་ཁུར་གྱི་འདུ་ཤེས་ མེད་ན་གསུངས། ། བྱང་ཆུབ་སེམས་དཔས་དེ་ལ་འདི་སྐད་སྨྲས། ། རྒྱལ་པོ་ཤཱཀྱ་རྣམས་ཀྱི་སེར་སྐྱའི་གྲོང་། ། མཆོག་ཏུ་འབྱོར་ཅིང་རྒྱས་པ་ཐོས་གྱུར་ཏམ། ། ཁོ་བོའི་ཕ་ཡི་མིང་ནི་ཟས་གཙང་ཡིན། ། ཡོན་ཏན་འདོད་པས་ཁོ་བོ་དེར་རབ་བྱུང་། ། མ་ག་དྷཱ་ཡི་རྒྱལ་པོས་འདི་སྐད་ སྨྲས། ། ཁྱོད་མཐོང་ལེགས་པར་མཐོང་སྟེ་ལེགས་པ་ལགས། ། གང་ལས་ཁྱོད་སྐྱེས་བདག་ཀྱང་དེའི་སློབ་མ། ། འདོད་ཆགས་བྲལ་བ་འདོད་པར་སྤྱན་དྲངས་པ། ། ཐུགས་ནས་བདག་ལ་བཟོད་པ་མཛད་དུ་གསོལ། ། གང་ཚེ་ཁྱོད་ཀྱིས་བྱང་ཆུབ་བརྙེས་གྱུར་ཚེ། ། ཆོས་རྗེས་བདག་ལ་ ཆོས་ཀྱི་བགོ་བཤའ་མཛོད། ། རང་བྱུང་བདག་གི་ཡུལ་ན་བཞུགས་པ་ནི། ། བདག་གིས་མཆོག་ཏུ་རྙེད་པ་རབ་རྙེད་དོ། །
BOདེ་ནས་ཀྱང་ནི་རྐང་པར་ཕྱག་བྱས་ཏེ། ། རྒྱལ་པོས་ཤིན་ཏུ་གུས་པར་བསྐོར་བྱས་ནས། ། མི་དབང་རང་གི་སྐྱེ་བོས་ཡོངས་བསྐོར་ཏེ། ། སླར་ཡང་རྒྱལ་པོའི་ཁབ་ཏུ་ ཞུགས་པར་གྱུར། ། འཇིག་རྟེན་མགོན་པོ་མ་ག་དྷཱ་ཡི་གྲོང་ཞུགས་ཏེ། ། ཇི་སྲིད་འདོད་པར་ཞི་བའི་ཡིད་ཀྱིས་འདུག ། ལྷ་དང་མི་རྣམས་ཀྱི་ནི་དོན་བྱས་ནས། ། མི་དབང་ནཻ་རན་ཛ་ནའི་ཆུ་འགྲམ་སོང་། ། གཟུགས་ཅན་སྙིང་པོ་འོངས་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ། ། ། ། དགེ་སློང་དག་ཡང་དེའི་ཚེ་རངས་བྱེད་ཀྱི་བུ་ལྷག་སྤྱོད་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གནས་བཅས་ནས་སློབ་མའི་ཚོགས་ཆེན་པོ་སློབ་མ་བདུན་བརྒྱ་དང་ལྷན་ཅིག་ཏུ་གནས་ཏེ། དེ་དེ་དག་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བརྟུལ་ཞུགས་དང་འཐུན་པའི་ཆོས་སྟོན་ཏོ། ། དགེ་སློང་ དག་བྱང་ཆུབ་སེམས་དཔའ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཚོགས་དང་ལྡན་པ་ཚོགས་ཅན། ཚོགས་ཀྱི་སློབ་དཔོན། གྲགས་པ་མངོན་པར་འདོད་པ། སྐྱེ་བོ་མང་པོས་མཆོད་པ། མཁས་པ། ཀུན་གྱིས་ཤེས་པ་མཐོང་ངོ་། ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་འདི་ཚོགས་དང་ལྡན་པ། ཚོགས་ཅན། ཚོགས་ཀྱི་སློབ་དཔོན།
BOགྲགས་པ་མངོན་པར་འདོད་པ། སྐྱེ་བོ་མང་པོས་མཆོད་པ། མཁས་པ་ཀུན་གྱིས་ཤེས་པ་ཡིན་ན། གལ་ཏེ་བདག་དེའི་དྲུང་དུ་སོང་སྟེ། བརྟུལ་ཞུགས་དང་དཀའ་ཐུབ་མ་བརྩམས་ན་ནི། འདི་བདག་ལ་ཁྱད་པར་དུ་འཕགས་པའི་འདུ་ཤེས་ཀྱང་མི་སྐྱེད་ལ། མངོན་སུམ་གྱི་ཤེས་པས་ཀྱང་ཤེས་པར་མི་འགྱུར་བ་དང་། འདུས་བྱས་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པའི་བསམ་གཏན་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་ཀྱང་སུན་ཕྱུང་བར་མ་ གྱུར་གྱིས། གང་གིས་ན་དེ་ལ་བསམ་གཏན་གྱི་སྤྱོད་ཡུལ་དག་དང་སྙོམས་པར་འཇུག་པའི་དམིགས་པ་དག་མངོན་སུམ་དུ་འགྱུར་བ་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་དག་ཀྱང་འབྱུང་བ་མ་ཡིན་པར་བསྟན་པར་འགྱུར་བ་དེ་ལྟ་བུའི་ཐབས་ཤིག་བསྟན་པར་བྱའམ། བདག་རངས་ བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་དྲུང་དུ་སོང་སྟེ། བདག་གི་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར་དེའི་སློབ་མར་ཁས་བླངས་ལ། འདུས་བྱས་ཀྱི་ཏིང་ངེ་འཛིན་སྙིང་པོ་མེད་པར་བསྟན་པར་བྱའམ་སྙམ་མོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་དོན་དེའི་དབང་དུ་བྱས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་ག་ལ་བ་དེར་སོང་ནས་ཕྱིན་པ་དང་།
BOརངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་ཁྱོད་ཀྱི་སྟོན་པ་ནི་སུ་ཞིག ། སུས་ཆོས་བསྟན་པ་ཀུན་ཤེས། དེ་སྐད་ཅེས་སྨྲས་པ་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ ཅེས་སྨྲས་སོ། ། གྲོགས་པོ་ཁོ་བོ་ལ་སྟོན་པ་གང་ཡང་མེད་དེ། འོན་ཀྱང་ཁོ་བོ་རང་གིས་འདི་ཡང་དག་པར་ཁོང་དུ་ཆུད་དོ། ། བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་ཅི་ཁོང་དུ་ཆུད། སྨྲས་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་ལམ་མོ། ། བྱང་ ཆུབ་སེམས་དཔས་སྨྲས་པ། བདག་གིས་ཁྱོད་ལས་ཏིང་ངེ་འཛིན་གྱི་ལམ་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ཐོབ་པར་འཚལ་ལོ། ། སྨྲས་པ། དེ་ལྟར་བྱའོ་ཞེས་བྱ་བ་ནས་གདམས་ངག་བྱིན་པའི་བར་དུའོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱོགས་གཅིག་ཏུ་སོང་སྟེ་སྐྱིལ་མོ་ཀྲུང་བཅས་ ནས་འདུག་གོ། ། འདུག་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཁྱད་པར་དང་། ཡེ་ཤེས་ཀྱི་ཁྱད་པར་དང་། སྔོན་སྤྱད་པ་ལེགས་པར་སྤྱད་པའི་འབྲས་བུའི་ཁྱད་པར་དང་། ཏིང་ངེ་འཛིན་ཐམས་ཅད་ལ་འདྲིས་པའི་ཁྱད་པར་དང་།
BOདེ་སེམས་ལ་དབང་སྒྱུར་བའི་ཕྱིར་བསམ་ གཏན་ལ་སོགས་པའི་འཇིག་རྟེན་པའི་སྙོམས་པར་འཇུག་པ་བརྒྱ་སྟོང་ཐམས་ཅད་རྣམ་པ་དང་བཅས། བྱེ་བྲག་དང་བཅས་པར་མངོན་སུམ་དུ་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་དྲན་པ་དང་ཤེས་བཞིན་དུ་སྟན་ལས་ལངས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་ག་ལ་བ་དེར་སོང་ནས་ཕྱིན་པ་ དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལམ་ལས་གོང་ན་གཞན་འགའ་ཞིག་ཡོད་དམ། དེས་སྨྲས་པ། མེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ལྷག་སྤྱོད་འབའ་ཞིག་ལ་དད་ པ་ཡོད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་པ་མ་ཡིན་གྱི། བདག་ལ་ཡང་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་དོ་སྙམ་མོ། ། དེ་ནས་བྱང་ཆུབ་སེམས་དཔས་རངས་བྱེད་ཀྱི་བུ་ལྷག་སྤྱོད་ ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་ཁྱོད་གང་དུ་ངེས་པར་བྱུང་བའི་ཆོས་དེ་ཁོ་བོས་ཀྱང་ཁོང་དུ་ཆུད་དོ། ། དེས་སྨྲས་པ།
BOདེ་བས་ན་འདོང་ཁྱོད་དང་ཁོ་བོས་ཚོགས་འདི་དག་ལ་རྗེས་སུ་བསླབ་བོ་ཞེས་བྱང་ཆུབ་སེམས་དཔའ་དོན་འཐུན་པ་དང་། སློབ་དཔོན་གྱི་གནས་སུ་བཞག་གོ། ། བྱང་ཆུབ་ སེམས་དཔས་སྨྲས་པ། གྲོགས་པོ་ལམ་འདི་ནི་ཡིད་འབྱུང་བར་འགྱུར་བ་མ་ཡིན། འདོད་ཆགས་དང་བྲལ་བར་འགྱུར་བ་མ་ཡིན། འགོག་པར་འགྱུར་བ་མ་ཡིན། ཉེ་བར་ཞི་བར་འགྱུར་བ་མ་ཡིན། མངོན་པར་ཤེས་པར་འགྱུར་བ་མ་ཡིན། རྫོགས་པར་བྱང་ཆུབ་པར་འགྱུར་བ་མ་ཡིན། དགེ་སྦྱོང་ཉིད་དུ་འགྱུར་བ་མ་ཡིན། མྱ་ངན་ལས་འདས་པར་འགྱུར་བ་མ་ཡིན་ནོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལྷག་སྤྱོད་སློབ་མ་དང་བཅས་པ་འདུན་པར་བྱས་ནས། དེ་ཙམ་གྱིས་ཆོག་གོ་ཞེས་བྱ་བ་ནས་ཆོག་པར་བྱས་ཏེ་སོང་བའི་བར་དུའོ། ། དེའི་ ཚེ་ལྔ་སྡེ་བཟང་པོ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་ཚངས་པར་སྤྱད་པ་སྤྱོད་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་འདིའི་ཕྱིར་ཡུན་རིང་པོར་བཙལ་ཅིང་བརྩོན་པར་བྱས་ཀྱང་མཐའ་དང་མུ་ཁོང་དུ་ཆུད་པར་མ་ནུས་ཀྱི། དགེ་སྦྱོང་གཽ་ཏ་མས་ཚེགས་ཆུང་ངུས་ཁོང་དུ་ཆུད་ཅིང་མངོན་དུ་ བྱས་ལ་དེ་དེ་ཡང་མི་འདོད་ཅིང་།
BOདེ་ལས་གོང་དུ་ཚོལ་བ་ལས་ཐེ་ཚོམ་མེད་པར་དེ་ནི་འཇིག་རྟེན་གྱི་སྟོན་པར་འགྱུར་རོ། ། གང་དེས་མངོན་དུ་བྱེད་པར་འགྱུར་བ་དེ་བདག་ཅག་ལ་ཡང་འགེད་པར་འགྱུར་རོ་སྙམ་མོ། ། དེ་ལྟར་དཔྱད་ནས་ལྔ་སྡེ་བཟང་པོས་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་དྲུང་ནས་དོང་སྟེ། བྱང་ཆུབ་སེམས་དཔའི་ཕྱི་བཞིན་འབྲང་ངོ་། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཇི་སྲིད་དགའ་བའི་བར་དུ་རྒྱལ་པོའི་ཁབ་ཏུ་གནས་ནས་ལྔ་སྡེ་བཟང་པོ་དང་ལྷན་ཅིག་ཏུ་ཡུལ་མ་ག་དྷཱར་ཡུལ་རྒྱུ་ཞིང་སོང་སོང་ངོ་། ། ཡང་དེའི་ཚེ་རྒྱལ་པོའི་ཁབ་དང་། རི་ག་ཡཱའི་བར་ན་ཚོགས་གཞན་ དག་ཅིག་དུས་སྟོན་བྱེད་དེ། ཚོགས་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལྔ་སྡེ་བཟང་པོ་དང་ལྷན་ཅིག་ཏུ་གནས་པར་བྱ་བ་དང་། ཟས་ལ་འགྲོན་དུ་བོས་སོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་ཡུལ་མ་ག་དྷཱར་ཡུལ་རྒྱུ་ཞིང་ཡུལ་མ་ག་དྷཱའི་རི་ག་ཡཱ་ག་ལ་བ་དེར་སོང་སྟེ། དེར་ཕྱིན་ པར་གྱུར་ཏོ། ། རི་ག་ཡཱའི་རྩེ་མོ་དེར་བྱང་ཆུབ་སེམས་དཔས་སྤོང་བའི་ཕྱིར་གནས་ཏེ། དེ་དེར་གནས་པའི་ཚེ། སྔོན་མ་ཐོས་པ་དང་། སྔོན་མི་ཤེས་པའི་དཔེ་གསུམ་མངོན་དུ་གྱུར་ཏོ། ། གསུམ་གང་ཞེ་ན།
BOདགེ་སྦྱོང་དང་བྲམ་ཟེ་གང་ལ་ལ་འདོད་པ་དག་ལས་ལུས་དབེན་པར་མི་གནས་འདོད་པ་ དག་ལས་སེམས་དབེན་པར་མི་གནས་ཤིང་། དེ་དག་གི་འདོད་པ་ལ་དགའ་བ་དང་། འདོད་པ་ལ་ཆགས་པ་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་བརྐམ་པ་དང་། འདོད་པ་ལ་ཡོངས་སུ་གདུང་བ་དང་། འདོད་པ་ལ་ཞེན་པ་གང་ཡིན་པ་དེ་ནི་ཉེ་བར་ཞི་བ་མ་ཡིན་ལ། དེ་དག་བདག་ ཉིད་ཀྱིས་གནོད་པ་བྱེད་ཅིང་ལུས་ལ་གདུང་བར་བྱེད་པས། སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་བཟད་པ་ཚ་བ་མྱོང་སྟེ། འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱེད་མི་ནུས་སོ། ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་མེ་འདོད་ལ་ ཤིང་རློན་པའི་གཙུབ་སྟན་དང་། ཤིང་རློན་པའི་གཙུབ་ཤིང་ཐོགས་ལ་ཆུར་བཅུག་སྟེ་གཙུབས་ན་དེས་མེ་ཕྱིན་པར་མི་ནུས་སོ། ། དེ་བཞིན་དུ་དགེ་སྦྱོང་དང་། བྲམ་ཟེ་དེ་དག་འདོད་པ་རྣམས་ལས་ལུས་དབེན་པར་མི་གནས། འདོད་པ་རྣམས་ལས་སེམས་དབེན་པར་མི་གནས་ཏེ། དེ་དག་གི་འདོད་ པ་ལ་དགའ་བ་དང་། འདོད་པ་ལ་སྲེད་པ་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་བརྐམ་པ་དང་། འདོད་པ་ལ་ཡོངས་སུ་གདུང་བ་དང་། འདོད་པ་ལ་བརྒྱལ་བ་དང་།
BOའདོད་པ་ལ་ཞེན་པ་གང་ཡིན་པ་དེ་ནི་ཉེ་བར་ཞི་བ་མ་ཡིན་གྱི། དེ་དག་བདག་ཉིད་ཀྱིས་གནོད་པར་བྱེད་ཅིང་། ལུས་ལ་ གདུང་བར་བྱེད་པས། སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་བཟད་པ་ཚ་བ་མྱོང་མོད་ཀྱི་འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱེད་མི་ནུས་སོ་སྙམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ལ་དཔེ་མངོན་དུ་གྱུར་པ་དང་པོའོ། ། ཡང་ དེ་འདི་སྙམ་དུ་སེམས་ཏེ། གང་དགེ་སྦྱོང་དང་། བྲམ་ཟེ་འདི་དག་འདོད་པ་རྣམས་ལས་ལུས་དང་སེམས་དབེན་པར་གནས་ཀྱང་། དེ་དག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས་མེ་ཚོལ་བ་ཞེས་བྱ་བའི་བར་དུ་ཐམས་ཅད་སྔ་མ་བཞིན་དུ་སྦྱར་ཏེ། དེས་ཤིང་རློན་པའི་གཙུབ་སྟན་ཐོགས་ལ་ ཐང་ལ་བཞག་སྟེ། ཤིང་རློན་པའི་གཙུབ་ཤིང་གིས་གཙུབས་ན་དེས་མེ་ཕྱིན་པར་མི་ནུས་སོ། ། དེ་བཞིན་དུ་གང་དགེ་སྦྱོང་དང་བྲམ་ཟེ་འདི་དག་ཅེས་བྱ་བ་ནས་ཐམས་ཅད་སྔ་མ་བཞིན་དུ་སྦྱར་ཏེ། མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱ་ བར་མི་ནུས་སོ་སྙམ་སྟེ། འདི་ནི་སྔོན་མ་ཐོས་ཤིང་མི་ཤེས་པའི་དཔེ་མངོན་དུ་གྱུར་པ་གཉིས་པའོ། །
BOགཞན་ཡང་གང་དགེ་སྦྱོང་དང་། བྲམ་ཟེ་འདི་དག་འདོད་པ་རྣམས་ལས་ལུས་དང་སེམས་དབེན་པར་གནས་ཤིང་། དེ་དག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས། ཐམས་ཅད་དེ་བཞིན་དུ་ སྦྱར་ཏེ་དེ་དག་གི་དེ་ནི་ཉེ་བར་ཞི་བ་ཡིན་ཏེ། དེ་དག་བདག་ཉིད་ཀྱིས་གནོད་པ་བྱེད་ཅིང་ལུས་ལ་གདུང་བར་བྱེད་པས་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་བཟད་པ་མྱོང་མོད་ཀྱི་འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤེས་མངོན་དུ་མཐོང་བའི་ཁྱད་ པར་མངོན་དུ་བྱ་བར་ནུས་སོ། ། འདི་ལྟ་སྟེ་དཔེར་ན་སྐྱེ་བུ་ཞིག་མེ་འདོད་ཅིང་འོད་འདོད་པ་དང་། འོད་ཚོལ་བར་གྱུར་ལ། དེས་ཤིང་སྐམ་པོའི་གཙུབ་སྟན་དང་། གཙུབ་ཤིང་ཐོགས་ཤིང་ཐང་ལ་བཞག་སྟེ་གཙུབས་ན། དེས་མེ་དབྱུང་བ་དང་འོད་འབར་བར་བྱེད་ནུས་སོ། ། དེ་བཞིན་ དུ་གང་དགེ་སྦྱོང་དང་བྲམ་ཟེ་འདི་དག་ཅེས་བྱ་བ་ནས། ཚོར་བ་མྱོང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། འོན་ཀྱང་དེ་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་ནུས་སོ་སྙམ་སྟེ། འདི་ནི་སྔོན་མ་ཐོས་ཤིང་སྔོན་མི་ཤེས་པའི་དཔེ་ གསུམ་པའོ། །
BOདགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། བདག་ཀྱང་ད་ལྟར་འདོད་པ་རྣམས་ལས་ལུས་དབེན་པར་གནས། འདོད་པ་རྣམས་ལས་སེམས་དབེན་པར་གནས་ལ། བདག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས་ཐམས་ཅད་སྔ་མ་བཞིན་དུ་ སྦྱར་ཏེ། བདག་གི་དེ་ཡང་ཉེ་བར་ཞི་བ་ཡིན་ལ་བདག་ཉིད་ཀྱིས་གནོད་པར་བྱས་ཤིང་ལུས་ལ་གདུང་བར་བྱེད་པས་སྡུག་བསྔལ་ཞེས་བྱ་བ་ནས་ཚོར་བ་མྱོང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ཏེ། འོན་ཀྱང་བདག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་ མངོན་དུ་བྱ་བར་ནུས་སོ་སྙམ་མོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཇི་སྲིད་དགའ་བའི་བར་དུ་ག་ཡཱའི་རིར་ག་ཡཱའི་རྩེ་མོ་ལ་གནས་ཏེ། རྐང་གིས་ཡུལ་རྒྱུ་ཞིང་སྡེ་དཔོན་གྱི་གྲོང་ལྟེང་རྒྱས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དེ་ན་ཀླུང་ནཻ་རན་ཛ་ན་ཆུ་གསལ་བ་འབབ་སྟེགས་བདེ་ བ། ཤིང་དང་ཤིང་གེལ་པ་མཛེས་པ་དག་གིས་བརྒྱན་པ་ཉེ་འཁོར་ན་སྤྱོད་ཡུལ་གྱི་གྲོང་ཡོད་པ་མཐོང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཡིད་ཤིན་ཏུ་དགའ་བར་གྱུར་ནས་འདི་སྙམ་དུ་སེམས་ཏེ། ཨེ་མའོ་ས་ཕྱོགས་འདི་ནི་མཉམ་ཤིང་ཉམས་དགའ་བ།
BOནང་དུ་ཡང་དག་འཇོག་ དང་འཐུན་པ་སྟེ། རིགས་ཀྱི་བུ་སྤོང་བ་དོན་དུ་གཉེར་བ་ལ་ནི་འདིས་ཆོག་གོ། ། བདག་ཀྱང་སྤོང་བ་དོན་དུ་གཉེར་བ་ཡིན་གྱིས་བདག་འདི་ཉིད་དུ་གནས་པར་བྱའོ་སྙམ་མོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་ནི་འཛམ་བུའི་གླིང་འདིར་སྙིགས་མ་ལྔའི་ དུས་ལ་བབ་ཅིང་སེམས་ཅན་རྣམས་དམན་པ་ལ་མོས་པ་དང་། མུ་སྟེགས་ཅན་གྱི་སྡེས་གང་བ་དང་། ལྟ་བ་སྣ་ཚོགས་ལ་ཞུགས་པ་དང་། ལུས་ལ་རིལ་པོར་འཛིན་པ་ལ་ཞེན་པའི་ཚེ་འོངས་ཏེ། བླུན་པོ་དག་གདུང་བས་ཡོངས་སུ་གདུང་བ་རྣམ་པ་སྣ་ཚོགས་ཀྱིས་དག་པ་ཚོལ་ཞིང་སྟོན་པ་འདི་ལྟ་ སྟེ། སྔགས་སྤྱོད་པ་དང་ལག་པ་ལ་ལྡག་པ་དང་། མི་སློང་བ་དང་། མི་སྨྲ་བ་དང་། རྩ་བ་དུ་མ་ཟ་བ་དང་། ཤ་དང་ཉ་མི་ཟ་བ་དང་། དབྱར་མི་འབྱུང་བ་དང་། ཆང་དང་། ཕུབ་མ་དང་། ཆུ་ཡོངས་སུ་སྤངས་པ་དང་། ཁྱིམ་གཅིག་དང་། གསུམ་དང་། ལྔ་དང་བདུན་ནས་ཟས་ལེན་པ་དང་། རྩ་བ་དང་། འབྲས་བུ་དང་། ཉ་ལྕིབས་དང་། རྩྭ་ཀུ་ཤ་དང་། ལོ་མ་དང་། བ་ལང་གི་ལྕི་བ་དང་། བའི་གཅིན་དང་། འོ་ཐུག་དང་། ཞོ་དང་། མར་དང་། བུ་རམ་དང་། མ་བརྟགས་པ་ཟ་ཞིང་འཐུང་བ་དང་། བྱ་ངང་པ་དང་།
BOཕུག་རོན་གྱིས་ཟོས་ཏེ་བོར་བ་བཀྲུས་ཏེ་ཟ་བ་དང་། གྲོང་ དང་དགོན་པས་འཚོ་བ་དང་། བ་ལང་གི་བརྟུལ་ཞུགས་དང་། {རི་དགས་,རི་དྭགས་}དང་། ཁྱི་དང་། ཕག་དང་། སྤྲེའུ་དང་། གླང་པོ་ཆེའི་བརྟུལ་ཞུགས་དང་། འགྲེང་བ་དང་། མི་སྨྲ་བ་དང་། དཔའ་བོའི་ཚུལ་དུ་འདུག་པ་དང་། ཁམ་གཅིག་ཟ་བ་དང་། ཁམ་བདུན་གྱི་བར་དུ་ཟ་བ་དང་། ཟས་ ལན་གཅིག་ཟ་བ་དང་། ཉིན་ཞག་གཅིག་ཟ་བ་དང་། བཞི་དང་ལྔ་དང་དྲུག་གི་སྐབས་སྐབས་སུ་ཟ་བ་དང་། ཟླ་བ་ཕྱེད་དང་། ཟླ་བ་གཅིག་ཟ་བར་བྱེད་པ་དང་། ཟླ་བ་ལ་ལྟ་བ་དང་། བྱ་རྒོད་དང་། འུག་པའི་གཤོག་པ་ཐོགས་པ་དང་། ཤིང་ལེབ་དང་། རྩྭ་མུན་ཛ་དང་། ཟར་མའི་ཤུན་པ་ དང་། རྩྭ་དཱུར་བ་དང་། གྲེས་མ་དང་། རྔ་བལ་གྱི་ལ་བ་དང་། ར་བལ་གྱི་ལ་བ་དང་། སྐྲའི་ལ་བ་དང་། ཀོ་ལྤགས་གྱོན་པ་དང་། གོས་གཤེར་བ་དང་། སྟེགས་བུའི་སྟེང་དང་། ཆུའི་ནང་ན་ཉལ་བ་དང་། ཐལ་བ་དང་། རྡོ་དང་། གྱོ་མོ་དང་། ཤིང་ལེབ་དང་། ཚེར་མ་དང་། རྩྭ་དང་། གཏུན་ཤིང་གི་སྟེང་དུ་ཉལ་བ་དང་། མགོ་ཐུར་དུ་བསྟན་པ་དང་། ཙོག་ཙོག་པོར་འདུག་པ་དང་། ཐང་ལ་ཉལ་བ་དང་། གོས་གཅིག་དང་། གོས་གཉིས་དང་། གསུམ་དང་བཞི་དང་། ལྔ་དང་། དྲུག་དང་། བདུན་དང་།
BOགོས་མང་པོ་སྲེལ་བ་དང་། གཅེར་ བུར་འདུག་པ་དང་། འཁྲུ་བ་དང་། མི་འཁྲུ་བའི་ཆོ་ག་ཅན་དང་། སྐྲ་དང་། སེན་མོ་དང་། ཨག་ཙོམ་རིང་པོར་འཇོག་པ་དང་། རལ་པའི་ཐོར་ཚུགས་འཆང་བ་དང་། རྒྱ་ཤུག་དང་། ཏིལ་དང་། འབྲས་འབྲུ་གཅིག་ཟ་བ་དང་། ཐལ་བ་དང་། སྣག་ཙ་དང་། མེ་ཏོག་སྤྱད་སྤྱད་པ་དང་ རྡུལ་འཐུལ་བ་དང་། རྡུལ་ནག་པོ་དང་། ཕྱག་དར་དང་། རྫབ་ཀྱིས་ལུས་ལ་སྐུད་པ་དང་། བ་སྤུ་དང་། མིའི་ཐོད་པ་དང་། སྐྲ་དང་། སེན་མོ་དང་། ཚལ་བུའི་སྨད་གཡོགས་དང་། རྫབ་དང་། ཀེང་རུས་ཐོགས་པ་དང་། ཆུ་དྲོན་པོ་དང་། འབྲས་ཀྱི་ཁུ་བ་ ལ་བར་བཙགས་པ་དང་། ཁྲུད་མ་འཐུང་བ་དང་། མདག་མ་དང་། ཚོན་རྩི་དང་། གོས་ངུར་སྨྲིག་དང་། ཁར་བ་གསུམ་དང་། མགོ་འདྲེག་པ་དང་། རིལ་བ་དང་། མིའི་ཐོད་པ་དང་། ཁྲིའི་ཟུར་ཤིང་འཆང་བས་བླུན་པོ་རྣམས་དག་པར་ཁོང་དུ་ཆུད་དོ། ། དུ་བ་རྔུབ་པ་དང་། མེ་རྔུབ་པ་དང་། ཉི་མ་ལ་ལྟ་བ་དང་། གདུང་བ་ལྔ་བྱེད་པ་དང་། རྐང་པ་གཅིག་དང་། ལག་པ་གཅིག་བསྟོད་པ་དང་། རྐང་པ་གཅིག་བཙུགས་པ་དང་། གནས་གཅིག་ན་འདུག་པས་དཀའ་ཐུབ་ལ་སོགས་པ་དང་། ཕུབ་མ་ལ་སོགས་པ་དང་། མདག་མ་བསྲེགས་པ་དང་། བུམ་པ་བསྲེགས་པ་དང་། རྡོ་བསྲེགས་པ་དང་།
BOམེ་འབར་བར་འཇུག་པ་དང་། ཟས་མི་ཟ་བ་དང་། མྱ་ངན་དང་། འབབ་སྟེགས་སུ་སོང་སྟེ་ཤི་བས་སྡུག་པའི་འགྲོ་བ་ཚོལ་ལོ། ། རབ་བསྔགས་ཞེས་བྱ་བ་དང་། གཞི་མི་འགྲིབ་པ་ཞེས་བྱ་བ་དང་། གཞི་སྲུང་ཞེས་བྱ་བ་དང་། གཞི་ ཚུགས་ཞེས་བྱ་བ་དང་། སྨོན་ལམ་དང་། བསྟོད་པ་དང་། སྦྱིན་སྲེག་དང་། དབབ་པ་དང་། སྔགས་ཀྱི་བཟླས་བརྗོད་དང་། ཀླག་པ་འཛིན་ཅིང་བྱེད་པས་དག་པར་ཁོང་དུ་ཆུད་དོ། ། བདག་དག་པར་སེམས་ཤིང་དེ་དག་ལ་རྟེན་ཏེ། འདི་ལྟ་སྟེ་ཚངས་པ་དང་། དབང་པོ་དང་། གུ་ལང་དང་། ཁྱབ་འཇུག་དང་། ལྷ་མོ་དང་། གཞོན་ནུ་དང་། མ་མོ་དང་། ཀ་ཏྱའི་བུ་དང་། ཟླ་བ་དང་། ཉི་མ་དང་། རྣམ་ཐོས་ཀྱི་བུ་དང་། ཆུ་ལྷ་དང་། ནོར་ཅན་གྱི་བུ་དང་། ཐ་སྐར་གྱི་བུ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་ འཕྱེ་ཆེན་པོ་དང་། སྲིན་པོ་དང་། འབྱུང་པོ་དང་། གྲུལ་བུམ་དང་། {ཡི་དགས་,ཡི་དྭགས་}དང་། འཁོར་དང་། ཚོགས་དང་། མཚུན་དང་། ཤ་ཟ་དང་། ལྷའི་དྲང་སྲོང་དང་། རྒྱལ་པོའི་དྲང་སྲོང་དང་། ཚངས་པའི་དྲང་སྲོང་དག་ལ་ཕྱག་འཚལ་ཞིང་དེ་དག་ལ་སྙིང་པོར་འདུ་ཤེས་སོ། ། ས་དང་། ཆུ་ དང་། མེ་དང་།
BOརླུང་དང་། ནམ་མཁའ་ལ་ཡང་རྟེན། རི་དང་། རི་སུལ་དང་། ཀླུང་དང་། ཆུ་མིག་དང་། མཚོ་དང་། མཚེའུ་དང་། རྫིང་དང་། རྒྱ་མཚོ་དང་། ལྟེང་ཀ་དང་། ཁྲོན་པ་དང་། རྫིང་བུ་དང་། ཤིང་དང་། ཤིང་གེལ་པ་དང་། འཁྲི་ཤིང་དང་། རྩྭ་དང་། སྡོང་དུམ་དང་། ལྷས་དང་། དུར་ཁྲོད་དང་། བཞི་མདོ་དང་། སུམ་མདོ་དང་། སྲང་དག་ལ་ཡང་རྟེན་ཏོ། ། ཁང་པ་དང་། ཀ་བ་དང་། རྡོ་བ་དང་། ཐོ་བ་དང་། རལ་གྲི་དང་། གཞུ་དང་། དགྲ་སྟ་དང་། མདའ་དང་། མདུང་ཐུང་དང་། རྩེ་གསུམ་པ་དག་ལའང་ཕྱག་འཚལ་ལོ། ། ཞོ་དང་། མར་དང་། ཡུངས་ཀར་དང་། ནས་དང་། ཤིང་བལ་གྱི་ཕྲེང་བ་དང་། རྩྭ་དཱུར་བ་དང་། ནོར་བུ་དང་། གསེར་དང་། དངུལ་ལ་སོགས་པ་ལ་བཀྲ་ཤིས་པར་འཛིན་ཏེ། གཞན་མུ་སྟེགས་ཅན་འདི་དག་འཁོར་བས་འཇིགས་སྐྲག་ནས་རྣམ་པ་དེ་ལྟ་བུ་དག་བྱེད་ཅིང་རྟེན་ཏོ། ། འདི་ན་ཁ་ཅིག་བདག་ཅག་ གི་མཐོ་རིས་དང་ཐར་པ་ཡང་འདི་ལྟ་བུ་དག་ལས་འགྲུབ་པོ་སྙམ་དུ་སེམས་ཏེ། དེ་ལྟར་ལོག་པའི་ལམ་དུ་སོང་བས་སྐྱབས་མ་ཡིན་པ་ལ་སྐྱབས་སུ་འདུ་ཤེས་ཤིང་། བཀྲ་ཤིས་མ་ཡིན་པ་ལ་བཀྲ་ཤིས་པར་འདུ་ཤེས་ལ།
BOདག་པ་མ་ཡིན་པ་ལ་དག་པར་སེམས་ཀྱིས་བདག་གིས་ ཅི་ནས་ཀྱང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་པར་འགྱུར་བ་དང་། སེམས་ཅན་ལས་དང་བྱ་བ་ཆུད་ཟོས་པ་རྣམས་ཀྱི་ལས་དང་བྱ་བ་ཆུད་མི་ཟ་བ་བསྟན་པར་བྱ་བ་དང་། གཟུགས་ན་སྤྱོད་པའི་ལྷ་བསམ་གཏན་སྤྱོད་ཡུལ་པ་རྣམས་ལ་བསམ་གཏན་གྱི་ཁྱད་པར་བསྟན་པས་ འདུན་པར་བྱེད་པ་དེ་ལྟ་བུའི་བརྟུལ་ཞུགས་དང་། དཀའ་ཐུབ་ཀྱི་ཁྱད་པར་བརྩམ་མོ་སྙམ་མོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་དེ་སྙམ་དུ་བསམས་ནས་ལོ་དྲུག་ཏུ་བརྟུལ་ཞུགས་དང་དཀའ་ཐུབ་ཤིན་ཏུ་དྲག་པོ་ཤིན་ཏུ་སྤྱད་པར་དཀའ་བ། ཤིན་ཏུ་བྱ་བར་དཀའ་བའི་དཀའ་བ་སྤྱད་པར་བརྩམས་སོ། ། ཅིའི་ཕྱིར་དཀའ་བ་སྤྱད་པ་ཞེས་བྱ་ཞེ་ན། དེ་ནི་སྤྱད་པར་དཀའ་བ་སྟེ། དེ་བས་ན་དཀའ་བ་སྤྱད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་གང་བསམ་གཏན་མཁའ་ཁྱབ་ལ་སྙོམས་པར་ཞུགས་པ་ མ་གཏོགས་པར་སེམས་ཅན་གྱི་རིས་ན་མིའམ་མི་མ་ཡིན་པ་སུས་ཀྱང་དཀའ་བ་སྤྱད་པ་དེ་ལྟ་བུ་སྤྱོད་པར་ནུས་པ་མེད་དོ། ། ཅིའི་ཕྱིར་མཁའ་ཁྱབ་ཅེས་བྱ་ཞེ་ན། དེ་དང་པོ་ཉིད་དུ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ཚེ། དབུགས་ཕྱི་ནང་དུ་རྒྱུ་བ་ཉེ་བར་འགོག་ཀུན་ ཏུ་འགོག་སྟེ།
BOབསམ་གཏན་དེ་ནི་རྟོག་པ་མེད། རྣམ་པར་རྟོག་པ་མེད། གཡོ་བ་མེད། སེམས་པ་མེད། འགྱུར་བ་མེད་ཅིང་ཐམས་ཅད་དུ་རྗེས་སུ་སོང་བ། ཐམས་ཅད་ལ་མི་རྟེན་པ་སྟེ། བསམ་གཏན་དེ་ལ་སྔོན་སློབ་པའམ། མི་སློབ་པའམ། རང་སངས་རྒྱས་སམ། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སུས་ཀྱང་སྙོམས་པར་མ་ཞུགས་སོ། ། མཁའ་ཞེས་བྱ་བ་ནི་ནམ་མཁའ་སྟེ། ཁྱབ་པར་མི་བྱེད་པ་བྱེད་པ་མེད་པ། རྣམ་པར་མི་འཐོར་བ་སྟེ། དེས་ཐམས་ཅད་ཁྱབ་པར་བྱེད་པས་ན། བསམ་གཏན་དེ་ནམ་མཁའ་དང་མཉམ་པ་སྟེ། དེ་བས་ན་མཁའ་ཁྱབ་ཅེས་བྱའོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་པ་རྣམས་ལ་ངོ་མཚར་ཡང་དག་པར་བསྟན་པར་བྱ་བ་དང་། མུ་སྟེགས་ཅན་རྣམས་ཀྱི་རྒྱགས་པ་གཞིལ་བ་དང་། ཕས་ཀྱི་རྒོལ་བ་རྣམས་ཚར་གཅོད་པ་དང་། ལྷ་རྣམས་འདུན་པར་བྱ་བ་དང་། སེམས་ཅན་ཆད་པ་དང་། རྟག་པར་སྨྲ་བ། ལས་དང་བྱ་བ་ཆུད་ཟོས་པ་རྣམས་ལས་དང་བྱ་བ་ལ་གཟུད་པ་དང་། བསོད་ནམས་ཀྱི་འབྲས་བུ་བརྗོད་པ་དང་། ཡེ་ཤེས་ཀྱི་འབྲས་བུ་ཡང་དག་པར་བསྟན་པ་དང་། བསམ་གཏན་གྱི་ཡན་ལག་རྣམ་པར་དབྱེ་བ་དང་། ལུས་ཀྱི་སྟོབས་དང་། མཐུ་ཡང་དག་པར་བསྟན་པ་དང་། སེམས་ཀྱི་དཔའ་བ་ཡང་དག་པར་བསྐྱེད་པའི་ཕྱིར།
BOབྱི་དོར་མ་བྱས་པའི་ས་ཐ་མལ་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། ། འདུག་ནས་རང་གི་ལུས་སེམས་ཀྱིས་ཚར་བཅད་ཅིང་གཟིར་ཏོ། ། དགེ་སློང་དག་དེ་ནས་ང་དགུན་གྱི་ཚེས་བརྒྱད་པའི་ནུབ་མོ་ དེ་ལྟར་ལུས་ཚར་བཅད་ཅིང་གཟིར་བས། མཆན་ཁུང་ནས་ཀྱང་རྔུལ་བྱུང་སྟེ་ཟགས། དཔྲལ་བ་ནས་ཀྱང་རྔུལ་བྱུང་སྟེ་ཟགས་ནས་ས་ལ་ལྷུང་སྟེ་ཟིལ་པར་ཆགས་ནས་དྲོ་ཞིང་རླངས་པ་བྱུང་ངོ་། ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་སྐྱེས་བུ་ཤིན་ཏུ་ཉམ་ཆུང་བ་ཞིག་མགྲིན་ པ་ནས་བཟུང་སྟེ་བཙིར་བ་དེ་བཞིན་དུ་དགེ་སློང་དག་ལུས་འདི་སེམས་ཀྱིས་ཚར་བཅད་ཅིང་གཟིར་ན་མཆན་ཁུང་ནས་ཀྱང་རྔུལ་བྱུང་ཞིང་ཟགས། དཔྲལ་བ་ནས་ཀྱང་རྔུལ་བྱུང་ཞིང་ཟགས་ནས་ས་ལ་ལྷུང་སྟེ། ཟིལ་པར་ཆགས་ནས་དྲོ་ཞིང་རླངས་པ་བྱུང་ངོ་། ། དགེ་སློང་དག་དེ་ནས་ ངས་འདི་སྙམ་དུ་སེམས་ཏེ། བདག་གིས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ངས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱས་པ་དང་། ཁ་དང་སྣ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པར་གྱུར་ཏེ། རྣ་བའི་བུ་ག་གཉིས་ནས་ སྒྲ་དྲག་པོ་ཆེན་པོ་བྱུང་ངོ་། ། འདི་ལྟ་སྟེ་དཔེར་ན།
BOསྦུད་པ་བུས་པའི་ཚེ་སྒྲ་དྲག་པོ་དང་། སྒྲ་ཆེན་པོ་བྱུང་བ་དེ་བཞིན་དུ་དགེ་སློང་དག་ཁ་དང་སྣ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པར་གྱུར་པ་དང་། རྣ་བའི་བུ་ག་གཉིས་ནས་སྒྲ་དྲག་པོ་དང་། སྒྲ་ཆེན་པོ་བྱུང་ངོ་། ། དགེ་སློང་དག་དེ་ ནས་ངས་འདི་སྙམ་དུ་བསམས་ཏེ་ཡང་བདག་གིས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱའོ་སྙམ་པ་དང་། དེ་ནས་ངའི་ཁ་དང་སྣ་དང་རྣ་བ་འགགས་པར་གྱུར་ཏོ། ། དེ་དག་འགགས་པ་དང་། རླུང་གོང་དུ་མགོའི་ཐོད་པ་ལ་གནོད་པར་གྱུར་ཏོ། ། དགེ་སློང་དག་འདི་ལྟ་སྟེ་དཔེར་ ན་སྐྱེས་བུ་ཞིག་གིས་མདུང་ཐུང་རྟུལ་པོས་མགོའི་ཐོད་པ་ལ་བཏབ་པ་དེ་བཞིན་དུ་དགེ་སློང་དག་ཁ་དང་སྣ་དང་རྣ་བའི་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པ་དང་གོང་དུ་མགོའི་ཐོད་པ་ལ་གནོད་པར་གྱུར་ཏོ། ། དེར་ལྷའི་བུ་གཅིག་གིས་བྱང་ཆུབ་སེམས་དཔའ་ན་བ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། ཀྱེ་མའོ་ཀྱི་ཧུད་གཞོན་ནུ་དོན་གྲུབ་འདི་འཆི་བའི་དུས་བྱས་སོ། ། གཞན་ཞིག་གིས་འདི་སྐད་ཅེས་སྨྲས་སོ། ། འདི་འཆི་བའི་དུས་བྱས་པ་མ་ཡིན་གྱི་དགྲ་བཅོམ་པ་བསམ་གཏན་ལ་གནས་པ་རྣམས་ཀྱི་ཚུལ་ནི་དེ་ལྟ་བུའོ་ཞེས་སྨྲས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ སྨྲས་སོ། །
BOམི་ཡི་དབང་པོ་ཤཱཀྱའི་སྲས་པོ་འདི། ། བརྣག་པ་མ་རྫོགས་དོན་ཀྱང་མ་མཛད་ཅིང་། ། འཇིག་རྟེན་གསུམ་པོ་སྡུག་བསྔལ་མགོན་མེད་པར། ། མཛད་ནས་དགོན་འདིར་གྲོངས་པར་མི་འགྱུར་གྲང་། ། ཀྱི་ཧུད་སེམས་ཅན་སྙིང་པོ་ཐུགས་དམ་བརྟན། ། མགོན་པོས་སྔན་ཆད་བདག་ ཅག་དགའ་ལྡན་དུ། ། དམ་ཆོས་མཆོད་སྦྱིན་ལ་ནི་འགྲོན་དུ་བོས། ། སེམས་ཅན་དག་ཁྱོད་དམ་བཅས་དེ་ག་རེ། ། དེ་ནས་ལྷ་དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སོང་སྟེ་ལྷ་མོ་སྒྱུ་འཕྲུལ་ལ་གཞོན་ནུ་ནི་འཆི་བའི་དུས་བྱས་སོ་ཞེས་དོན་དེ་བརྗོད་དོ། ། དེ་ནས་ལྷ་མོ་སྒྱུ་འཕྲུལ་ལྷའི་བུ་མོའི་ཚོགས་ ཀྱིས་བསྐོར་ནས། ནམ་ཕྱེད་ཙམ་ན་ཀླུང་ནཻ་རན་ཛ་ནའི་འགྲམ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་བ་དང་། དེས་བྱང་ཆུབ་སེམས་དཔའ་ལུས་སྐམས་ཤིང་འཆི་བའི་དུས་བྱས་པ་དང་འདྲ་བ་མཐོང་ངོ་། ། མཐོང་ནས་མཆི་མས་བརྣངས་ཤིང་ངུས་ནས། དེའི་ཚེ་ཚིགས་ སུ་བཅད་པ་འདི་དག་སྨྲས་སོ། ། ལུམ་བི་ནི་ཞེས་བྱ་བའི་ཚལ་དུ་ང་བུ་བཙས་པའི་ཚེ། ། སེང་གེ་བཞིན་དུ་འཛིན་པ་མེད་པར་གོམ་བདུན་ཁྱོད་ཉིད་སོང་། ། ཕྱོགས་བཞིར་བལྟས་ཤིང་འདི་ནི་ང་ཡི་སྐྱེ་བ་ཐ་མ་ཞེས། །
BOཁྱོད་ཀྱིས་ཚིག་སྙན་སྨྲས་པ་དེ་ཡང་ཁྱོད་ལ་ཡོང་མ་རྫོགས། ། འཇིག་རྟེན་ སངས་རྒྱས་འགྱུར་ཞེས་དྲང་སྲོང་ནག་པོས་བསྟན་པ་ཡི། ། དེ་ཡི་ལུང་བསྟན་པ་ཡང་ཉམས་ལ་མི་རྟག་དེས་མ་མཐོང་། ། བུས་ནི་ཡིད་དགའ་འཁོར་ལོས་སྒྱུར་བའི་དཔལ་ཡང་མ་མྱོང་ལ། ། བྱང་ཆུབ་ཀྱང་ནི་རྗེས་སུ་མ་ཐོབ་ཚུལ་དུ་ཤི་བར་གྱུར། ། བུ་ཕྱིར་སུ་ལ་བསྒྲུབ་ཕྱིར་སྡུག་བསྔལ་སུ་ཡི་ གན་དུ་མདུད། ། བདག་གི་བུ་གཅིག་ཅུང་ཟད་གསོན་པའི་སྲོག་ནི་སུ་ཡིས་སྦྱིན། ། བྱང་ཆུབ་སེམས་དཔས་སྨྲས་པ། ཤིན་ཏུ་སྙིང་རྗེ་བར་ནི་ངུ་བྱེད་ཅིང་། ། སྐྲ་ཡང་བཤིག་ལ་མཛེས་པ་རྣམས་བོར་བ། ། ཤིན་ཏུ་བུ་ཡི་སྨྲེ་སྔགས་འདོན་བྱེད་ལ། ། ས་སྟེང་འདུག་ཅིང་འགྲེང་བ་འདི་སུ་ ཞིག། ། ལྷ་མོ་སྒྱུ་འཕྲུལ་གྱིས་སྨྲས་པ། ། བདག་གིས་ཟླ་བ་བཅུ་བར་དུ། ། རྡོ་རྗེ་འདྲ་བ་མངལ་དུ་བཅངས། ། བུ་དེའི་མ་ནི་བདག་ཡིན་ཏེ། ། རབ་ཏུ་སྡུག་བསྔལ་རྣམ་པར་སྨྲེ། ། དེ་ནས་བྱང་ཆུབ་སེམས་དཔའ་མའི་དབུགས་འབྱིན་ཅིང་སྨྲས་པ། བུ་ལ་བྱམས་པ་ཁྱོད་ཀྱི་ངལ་བ་འབྲས་བུ་ ཡོད་པར་བྱས། མ་འཇིགས་ཤིག ། སངས་རྒྱས་པར་བྱ་བའི་ཕྱིར་ཡོངས་སུ་བཏང་བ་ནི་དོན་ཡོད་པ་སྟེ།
BOདྲང་སྲོང་ནག་པོས་བསྟན་པ་ཡང་མངོན་དུ་གསལ་བར་བྱའོ། ། མར་མེ་མཛད་ཀྱིས་ལུང་བསྟན་པ་ཡང་མངོན་དུ་གསལ་བར་བྱའོ། ། ས་ནི་རྣམ་བརྒྱར་འཐོར་བར་འགྱུར་ཡང་སྲིད། ། རིན་ཆེན་རྩེ་མོ་ལྷུན་པོ་ཆུར་འཕྱོ་སྲིད། ། ཉི་ཟླ་སྐར་ཚོགས་ས་ལ་ལྟུང་འགྱུར་སྲིད། ། སོ་སོའི་སྐྱེ་བོ་ཡིན་ཡང་ང་མི་འཆི། ། དེ་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། ། རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང་། ། ལྷ་མོ་སྒྱུ་འཕྲུལ་གྱིས་ཐོས་མ་ཐག་ཏུ་རབ་ཏུ་དགའ་སྟེ་བ་སྤུ་གཡོས་ནས་བྱང་ཆུབ་ སེམས་དཔའ་ལ་མེ་ཏོག་མན་དཱ་ར་བས་གཏོར་ཏེ། ལན་གསུམ་བསྐོར་བ་བྱས་ནས། ལྷའི་སིལ་སྙན་དཀྲོལ་ཞིང་། རང་གི་གནས་ག་ལ་བ་དེར་སོང་ངོ་། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། དགེ་སྦྱོང་དང་བྲམ་ཟེ་གང་དག་ཁ་ཅིག་ཟས་ཆུང་ངུས་དག་པར་སེམས་པ་ཡོད་ཀྱིས། ངས་ཀྱང་ཟས་ཆུང་ངུ་ལ་ནན་ཏན་བྱའོ་སྙམ་མོ། ། དགེ་སློང་དག་ངས་མངོན་པར་ཤེས་ཏེ། ཟས་སུ་རྒྱ་ཤུག་འབྲུ་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པར་ཟོས་སོ། ། དགེ་སློང་དག་ཁྱེད་ཀྱི་བློ་འདི་སྙམ་དུ་དེའི་ཚེའི་རྒྱ་ཤུག་ཆེ་བ་སྙམ་དུ་སེམས་པར་གྱུར་ན་དེ་ལྟར་མི་བལྟ་སྟེ་དེའི་ཚེའི་རྒྱ་ཤུག་ཀྱང་ འདི་ཉིད་ཙམ་མོ། །
BOདགེ་སློང་དག་ངས་ཟས་སུ་རྒྱ་ཤུག་འབྲུ་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པ་ཟོས་པས་ལུས་ཤིན་ཏུ་ཉམ་ཆུང་ཞིང་རིད་པར་གྱུར་ཏོ། ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ལྡུམ་བུ་ཨ་སི་ཏ་ཀའི་ཚིགས་པ་དང་། ཀ་ལི་ཀའི་ཚིགས་པ་ཅི་འདྲ་བར་ངའི་ཡན་ལག་དང་ཉིང་ ལག་རྣམས་ཀྱང་དེ་འདྲ་བར་གྱུར་ཏོ། ། འདི་ལྟ་སྟེ་དཔེར་ན་སྲོག་ཆགས་ཀར་ཀ་ཏ་ཀའི་རྩིབ་ལོགས་ཅི་འདྲ་བར་ངའི་རྩིབ་ལོགས་ཀྱང་དེ་འདྲ་བར་གྱུར་ཏོ། ། འདི་ལྟ་སྟེ་དཔེར་ན་བཞོན་པའི་བྲེས་ཁང་ངམ། གླང་པོའི་བྲེས་ཁང་རྙིང་པ་ངོས་གཉིས་ཞིགས་པ་ནི་གདུང་རྟེན་གྱི་བར་སྣང་ ཞིང་མངོན་ནོ། ། དེ་བཞིན་དུ་ངའི་རྩིབ་ལོགས་གཉིས་ཀ་ནས་ལུས་ཀྱི་ནང་སྣང་ཞིང་མངོན་ནོ། ། འདི་ལྟ་སྟེ་དཔེར་ན་ལན་བུར་བླས་པ་ནི་མཐོན་དམན་དང་མཉམ་པ་དང་མི་མཉམ་པར་གྱུར་ཏོ། ། དེ་བཞིན་དུ་ངའི་སྒལ་ཚིགས་ཀྱང་མཐོན་དམན་དང་མཉམ་པ་དང་མི་ མཉམ་པར་གྱུར་ཏོ། ། འདི་ལྟ་སྟེ་དཔེར་ན་ཀུབ་ཁ་བོ་གཞོན་ནུར་བཅད་པ་ནི་རྙིས་པ་དང་། ཀུན་ཏུ་རྙིས་པ་དང་རྩུམ་རྩུམ་པོར་འགྱུར་རོ། ། དེ་བཞིན་དུ་ངའི་མགོ་ཡང་རྙིས་པ་དང་ཀུན་ཏུ་རྙིས་པ་དང་རྩུམ་རྩུམ་པོར་གྱུར་ཏོ། །
BOའདི་ལྟ་སྟེ་དཔེར་ན་སོས་ཀའི་ཟླ་བ་ཐ་མ་ལ་ཁྲོན་པའི་སྐར་མ་དམའ་ བར་སོང་སྟེ་ཚེགས་ཆེན་པོས་སྣང་བར་འགྱུར་རོ། ། དེ་བཞིན་དུ་ངའི་མིག་གི་འབྲས་བུ་ཡང་ཁུང་དུ་སོང་སྟེ་ཚེགས་ཆེན་པོས་སྣང་བར་གྱུར་ཏོ། ། འདི་ལྟ་སྟེ་དཔེར་ན་ངའི་རྐང་པའམ་རྔ་མོའི་རྐང་པ་ཅི་འདྲ་བར་ངའི་མཆན་ཁུང་དང་ལྟོ་དང་བྲང་ལ་སོགས་པ་ཡང་དེ་འདྲ་བར་གྱུར་ཏོ། ། དགེ་སློང་དག་དེ་ ནས་ང་གང་གི་ཚེ་ལག་པས་ལྟོ་བ་ལ་བྱུག་གོ་སྙམ་ན་སྒལ་ཚིགས་ཉིད་ལ་རེག་གོ། ། ལྡང་ངོ་སྙམ་ནས་ལངས་ན་ཡང་དེ་བཞིན་དུ་སྒུར་པོར་གྱུར་ཏེ་འགྱེལ་ཏོ། ། ཤ་ཐང་སྟེ་ལངས་ནས་རྡུལ་གྱིས་ལུས་ཡོག་པ་ལག་པས་ཕྱིས་པ་དང་། བ་སྤུ་རུལ་བ་ཐམས་ཅད་ལུས་ལས་ལྷགས་སོ། ། གང་ སྔོན་ང་ཁ་དོག་མཛེས་ཤིང་འཇམ་པར་གྱུར་པ་དེ་ཡང་འདི་ལྟར་བདག་ཉིད་སྤོང་བ་རྩུབ་པོར་བཏང་བས་མེད་པར་གྱུར་ཏོ། ། ངའི་སྤྱོད་ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉེན་ཀོར་བ་རྣམས་ཀྱང་ང་ལ་འདི་ལྟར། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་གནག་གོ། ། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་སྔོ་བསངས་སོ། ། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་ཉ་མང་ཀུ་རའི་མདོག་འདྲའོ། །
BOསྔོན་འདིའི་མདོག་མཛེས་པ་གསལ་བར་གྱུར་པ་དེ་ཡང་མེད་པར་གྱུར་ཏོ་སྙམ་དུ་ཤེས་སོ། ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ་བདག་གིས་དེ་བས་ཀྱང་ཟས་ཆུང་ངུ་ལ་ནན་ཏན་བྱའོ་སྙམ་མོ། ། དགེ་སློང་དག་ངས་མངོན་པར་ ཤེས་ཏེ། ངས་ཟས་སུ་འབྲས་འབྲུ་གཅིག་པུ་ཁོ་ན་སྟེ། གཉིས་སུ་མེད་པ་ཟོས་སོ། ། དགེ་སློང་དག་ཁྱོད་འདི་སྙམ་དུ་དེའི་ཚེའི་འབྲས་ཆེ་བ་སྙམ་དུ་སེམས་པར་གྱུར་ན་དེ་ལྟར་མི་བལྟ་སྟེ། དེའི་ཚེ་འབྲས་ཀྱང་འདི་ཉིད་ཙམ་མོ། ། དགེ་སློང་དག་ངས་ཟས་སུ་འབྲས་འབྲུ་གཅིག་ཟོས་པས་ ལུས་མྱུར་དུ་སྔ་མ་བཞིན་དུ་གྱུར་ཏེ། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ཉ་མད་ཀུ་རའི་མདོག་འདྲའོ། ། སྔོན་འདིའི་མདོག་མཛེས་པ་གསལ་བར་གྱུར་པ་དེ་ཡང་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། བདག་གིས་དེ་བས་ཀྱང་ཟས་ཆུང་ངུ་ཉིད་ལ་ནན་ ཏན་བྱའོ་སྙམ་མོ། ། དགེ་སློང་དག་ངས་མངོན་པར་ཤེས་ཏེ། ངས་ཟས་སུ་ཏིལ་འབྲུ་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པ་ཟོས་པ་ནས། དེའི་ཁ་དོག་འཇམ་པོ་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ།
BOདགེ་སྦྱོང་དང་བྲམ་ཟེ་གང་དག་ཁ་ཅིག་ ཟས་མི་ཟ་བས་དག་པར་སེམས་ཏེ། བདག་གིས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ཟས་མི་ཟ་བར་ནན་ཏན་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ཟས་མི་ཟ་བར་འདུག་གོ། ། དགེ་སློང་དག་ངས་ཟས་མ་ཟོས་པས་ལུས་ཤིན་ཏུ་སྐམས་ཤིང་ཉམ་ཆུང་བ་དང་རིད་པར་གྱུར་ཏོ། ། འདི་ལྟ་སྟེ་དཔེར་ན་ ལྡུམ་བུ་ཨ་སི་ཏ་ཀའི་ཚིགས་པ་དང་། ཀ་ལི་ཀའི་ཚིགས་པ་བས་ཀྱང་ཉིས་འགྱུར་དང་། སུམ་འགྱུར་དང་། བཞི་འགྱུར་དང་། ལྔ་འགྱུར་དང་། བཅུ་འགྱུར་གྱིས་ངའི་ཡན་ལག་དང་། ཉིང་ལག་སྐེམས་པར་གྱུར་ཏེ། འདི་ལྟ་སྟེ་རྩིབ་ལོགས་ནི་སྲོག་ཆགས་ཀར་ཀ་ཏ་ཀའི་རྩིབ་ལོགས་ དང་། བཞོན་པའི་བྲེས་ཁང་ལྟ་བུར་གྱུར་ཏོ། ། སྒལ་ཚིགས་ནི་ལན་བུ་བླས་པ་ལྟ་བུར་གྱུར་ཏོ། ། མགོའི་ཐོད་པ་ནི་ཀུ་བ་ཁ་བོ་ལྟ་བུར་གྱུར་ཏོ། ། མིག་གི་འབྲས་བུ་ནི་ཁྲོན་པའི་སྐར་མ་ལྟ་བུར་གྱུར་ཏོ། ། དགེ་སློང་དག་ང་ལེགས་པར་ལྡང་ངོ་སྙམ་ནས་ལུས་ཀྱིས་བསྐྱོད་ན། སྒུར་པོར་གྱུར་ ཏེ་འགྱེལ་ཏོ། ། ཤ་ཐང་སྟེ་ལངས་ནས་རྡུལ་གྱིས་ལུས་ཡོག་པ། ལག་པས་ཕྱིས་པ་དང་། བ་སྤུ་རུལ་པ་ཐམས་ཅད་ལུས་ལས་ལྷགས་སོ། །
BOགང་སྔོན་ང་ཁ་དོག་མཛེས་ཤིང་འཇམ་པར་གྱུར་པ་དེ་ཡང་འདི་ལྟར་བདག་ཉིད་སྤོང་བ་རྩུབ་པོར་བཏང་བའི་ཕྱིར་མེད་པར་གྱུར་ཏོ། ། ངའི་སྤྱོད་ ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉེན་ཀོར་བ་རྣམས་ཀྱང་། འདི་ལྟར་ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་གནག་གོ། ། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་སྔོ་བསངས་སོ། ། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་ཉ་མད་ཀུ་རའི་མདོག་འདྲའོ། ། སྔོན་འདིའི་ཁ་དོག་མཛེས་པ་གསལ་བར་གྱུར་པ་དེ་ཡང་མེད་ པར་གྱུར་ཏོ་སྙམ་དུ་ཤེས་སོ། ། དེའི་ཚེ་རྒྱལ་པོ་ཟས་གཙང་མ་ཡང་ཉིན་རེ་ཞིང་བྱང་ཆུབ་སེམས་དཔའི་དྲུང་དུ་ཕོ་ཉ་གཏོང་ངོ་། ། དགེ་སློང་དག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་དུ་འཇིག་རྟེན་དུ་བྱ་བ་རྨད་དུ་བྱུང་བ་བསྟན་པ་དང་། བྱ་བ་ཉམས་པའི་སེམས་ཅན་རྣམས་ལས་དང་ བྱ་བ་ལ་གཟུད་པ་དང་། བསོད་ནམས་ཀྱི་ཚོགས་རྣམས་བརྗོད་པ་དང་། ཡེ་ཤེས་ཆེན་པོའི་ཡོན་ཏན་བསྟན་པ་དང་། བསམ་གཏན་གྱི་ཡན་ལག་རྣམས་རྣམ་པར་དབྱེ་བའི་ཕྱིར་ཏིལ་འབྲུ་གཅིག་དང་། རྒྱ་ཤུག་འབྲུ་གཅིག་དང་། འབྲས་འབྲུ་གཅིག་གིས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་ བསྟན་ཏེ་ཡིད་དམན་པ་མེད་དོ། །
BOབྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་སྐྱིལ་མོ་ཀྲུང་བཅས་ནས། ཇི་ལྟར་འདུག་པ་བཞིན་དུ་གནས་ཏེ། སྤྱོད་ལམ་ཉམས་པ་མེད་དོ། ། ཉི་མས་བབ་ནས་ཀྱང་གྲིབ་མ་ལ་མ་སོང་ངོ་། ། གྲིབ་མ་ལས་ཀྱང་ཉི་མ་ལ་མ་སོང་ངོ་། ། རླུང་དང་ཉི་མ་དང་ཆར་པའི་ སྐྱབས་མ་བཙལ་ཏོ། ། ཤ་སྦྲང་དང་། སྦྲང་བུ་དང་། སྡིག་སྦྲུལ་མ་བསྐྲད་དོ། ། བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་མ་བོར་རོ། ། བསྐུམ་པ་དང་། སྨྱང་བ་མ་བྱས་སོ། ། གློས་ཕབ་པའམ། ཁས་བུབའམ། གན་རྐྱལ་མ་ཡིན་པར་གནས་པས་གནས་སོ། ། སྤྲིན་ཆེན་ པོ་དང་། ཡུལ་ངན་ཆེན་པོ་དང་། ཆར་པ་དང་། སེར་བ་དང་། སྟོན་དང་། དཔྱིད་དང་། དགུན་གང་ཡིན་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་ལུས་ལ་མ་ཕོག་གོ། ། ཐ་ན་བྱང་ཆུབ་སེམས་དཔས་ལག་པས་ཀྱང་མ་བསྐྱབས་སོ། ། དབང་པོ་ཡང་མ་བཀག་གོ། ། དབང་པོའི་ཡུལ་ཡང་མ་བླངས་ སོ། ། གང་དག་དེར་འོང་བ་གྲོང་གི་གཞོན་ནུའམ། གྲོང་གི་གཞོན་ནུ་མའམ། བ་ལང་རྫིའམ། ཕྱུགས་རྫིའམ། རྩྭ་ཐུན་ནམ། ཤིང་ཐུན་ནམ། ལྕི་ཐུན་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ལ་རྡུལ་ཁྲོད་ཀྱི་འདྲེ་ཡིན་པ་སྙམ་དུ་སེམས་ཤིང་དེ་ལ་རྩེན་ཏེ། དེ་ལས་ས་སྐུད་དོ། །
BOདེར་བྱང་ཆུབ་སེམས་ དཔའ་ལོ་དྲུག་པོ་དེ་དག་གིས་ལུས་ངན་པ་དང་། གོད་པ་དང་རིད་པར་གྱུར་ཏེ། དེའི་རྣ་བ་གཉིས་སུ་རྩྭ་འམ་ཤིང་བལ་བཅུག་ནས་སྣའི་བུ་ག་གཉིས་སུ་འབྱིན་ཏོ། ། སྣའི་བུ་ག་གཉིས་སུ་བཅུག་ནས་རྣ་བའི་བུ་ག་གཉིས་སུ་འབྱིན་ཏོ། ། རྣ་བའི་བུ་ག་གཉིས་སུ་བཅུག་ནས་ཁར་འབྱིན་ཏོ། ། ཁར་ བཅུག་ནས་རྣ་བ་དང་སྣའི་བུ་གང་འབྱིན་ཏོ། ། སྣར་བཅུག་ནས་རྣ་བ་དང་། སྣ་དང་ཁར་འབྱིན་ཏོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་བྱང་ཆུབ་སེམས་དཔའི་ཡོན་ཏན་མངོན་སུམ་དུ་ གྱུར་པ་དེ་དག་ཉིན་མཚན་དུ་གནས་ཤིང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་དོ། ། སྨོན་ལམ་ཡང་འདེབས་སོ། ། དེ་ན་བྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་སྟོན་ཅིང་ལྷ་དང་མི་ཁྲག་ཁྲིག་ཕྲག་བཅུ་གཉིས་ཚང་བ་དག་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཁྱིམ་བྱུང་བ། ། ཡོན་ཏན་དག་དང་ལྡན་པ་དེ། ། སེམས་ཅན་དོན་དང་ཕན་པའི་ཕྱིར། ། ཐབས་དང་ལྡན་པའི་བསམ་པ་སྐྱེས། ། སྙིགས་མ་ལྔ་ཡི་དུས་ཀྱི་ཚེ། །
BOཆོས་དམའ་མོས་པའི་འཇིག་རྟེན་པོ། ། ལས་དང་བྱ་བོར་འཇིག་རྟེན་དུ། ། འཛམ་བུའི་གླིང་འདིར་སྐྱེས་པར་གྱུར། ། མུ་སྟེགས་ཚོགས་ཀྱིས་རབ་ཏུ་གང་། ། ལྟད་མོ་དང་ནི་ལྟས་སུ་ལྟ། ། ལུས་ལ་གནོད་པ་བྱ་བ་བྱེད། ། བྱིས་པ་དེ་དག་དག་པར་སེམས། ། གཡང་ས་མེ་དང་མྱ་ངམ་འཇུག ། སྒྲེན་མོ་ས་དང་ལྕི་བས་སྐུད། ། ལུས་ནི་ཡོངས་སུ་གདུང་བའི་ཕྱིར། ། གདུང་བ་ལྔ་ ལ་བརྩོན་དང་ལྡན། ། ལག་པ་བརྐྱང་སྟེ་རྒྱུ་བ་དང་། ། མི་མཁས་ཁ་ཅིག་ལག་པ་ལྡག ། བུམ་པ་ཁར་གཞོང་ལས་མི་ལེན། ། སྒོ་དང་ཀ་བས་ཆོད་མི་ལེན། ། གང་ན་ཁྱི་ཡོད་པ་ནས་མིན། ། འདུག་ཅེའམ་ཚུར་ཤོག་ཅེས་ལས་མིན། ། ཁྱིམ་ནས་ཁ་ཟས་གཅིག་ལེན་པས། ། བདག་ ནི་དག་པར་འགྱུར་སྙམ་སེམས། ། མར་དང་འབྲུ་མར་བུ་རམ་ཞོ། ། ཉ་དང་ཤ་དང་འོ་མ་སྤོང་། ། ལྡམ་ལྡུམ་སྲེ་ད་པད་མའི་རྩ། ། གཟེགས་དང་བ་ལང་ལྕི་བ་ཟ། ། རྩ་བ་འབྲས་བུ་ལོ་མ་ཟ། ། ཀུ་ཤ་ཚལ་བུ་ལ་བ་ལྤགས། ། སྲེལ་བྱེད་ཁ་ཅིག་སྒྲེན་མོར་རྒྱུ། ། གླེན་པ་འདི་བདེན་གཞན་ {བརྫུན་,རྫུན་}སྙམ། ། ལག་པ་སྒྲེང་བར་བྱེད་པ་དང་། ། སྐྲ་བསྒྲེང་རལ་པ་བསྒྲེང་བ་དག ། ལམ་ལས་རབ་ཏུ་རྣམ་པར་ཉམས། ། ལམ་མིན་གནས་ཤིང་བདེ་འགྲོ་འདོད། །
BOརྩྭ་དང་གཏུན་ཤིང་ཐལ་བར་ཉལ། ། ཚེར་མར་ཉལ་ཞིང་ཙོག་པུར་འདུག ། ཁ་ཅིག་རྐང་པ་གཅིག་པུས་འགྲེང་། ། གདོང་བསྟོད་ཉི་དང་ཟླ་ལ་ལྟ། ། ཆུ་མིག་མཚོ་དང་ལྟེང་ཀ་དང་། ། རྒྱ་མཚོ་ཆུ་བོ་ཉི་ཟླ་དང་། ། ཤིང་དང་རི་ཡི་རྩེ་མོ་དང་། ། རྫ་དང་ས་ལ་ཕྱག་ཀྱང་འཚལ། ། གླེན་པ་དེ་དག་གནོད་མང་གིས། ། ལུས་ནི་ཡོངས་སུ་སྐོམ་པར་བྱེད། ། ལོག་པར་ལྟ་དང་ལྡན་པ་ དག ། མྱུར་དུ་ངན་སོང་རྣམས་སུ་ལྟུང་། ། ང་ནི་དཀའ་ཐུབ་བརྟུལ་ཞུགས་དང་། ། དཀའ་སྤྱད་གང་ཞིག་ལྷ་དང་མིས། ། སྤྱད་པར་ནུས་པ་མ་ཡིན་པའི། ། དཀའ་སྤྱད་དྲག་པོ་རྩོམ་སྙམ་སེམས། ། བསམ་གཏན་གང་ཞིག་རང་རྒྱལ་གྱིས། ། བལྟ་བར་ནུས་པ་མ་ཡིན་པའི། ། རྡོ་རྗེ་ ལྟ་བུར་བརྟན་གནས་པ། ། མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། ། མུ་སྟེགས་བརྟུལ་ཞུགས་ངན་པ་ཡིས། ། དགའ་བའི་ལྷ་མི་འདི་ན་ཡོད། ། དེ་དག་ཡོངས་སུ་སྨིན་བྱའི་ཕྱིར། ། དཀའ་སྤྱད་བརྟུལ་ཞུགས་དྲག་པོ་བརྩམས། ། ས་སྟེང་ཅི་ཡང་མ་བཏིང་བར། ། སྐྱིལ་མོ་ཀྲུང་ ནི་བཅས་ཏེ་འདུག ། རྒྱ་ཤུག་ཏིལ་དང་འབྲས་འབྲུ་གཅིག ། ཟ་བའི་ཆོ་ག་རྣམ་པར་སྟོན། ། དབུགས་དབྱུང་རྔུབ་པ་རྣམ་པར་སྤངས། ། སྟོབས་དང་ལྡན་པ་གཡོ་བ་མེད། །
BOལོ་དྲུག་བར་དུ་བསམ་གཏན་མཆོག ། ནམ་མཁའ་ཁྱབ་ལ་བསམ་གཏན་བྱེད། ། རྟོག་དང་རྣམ་ པར་རྟོག་མེད་པ། ། གཡོ་བ་མེད་ཅིང་སེམས་རྒྱུ་མེད། ། ནམ་མཁའི་ཁམས་སུ་ཁྱབ་པ་ཡི། ། མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། ། དེ་ནི་ཉིན་ལས་གྲིབ་མར་རམ། ། གྲིབ་ལས་ཉི་མར་སོང་མ་བྱས། ། ལྷུན་པོ་ལྟ་བུར་མི་གཡོ་བའི། ། མཁའ་ཁྱབ་བསམ་གཏན་བསམ་ གཏན་བྱེད། ། རླུང་དང་ཆར་དང་ཤ་སྦྲང་དང་། ། སྡིག་སྤྲུལ་སྦྲང་བུ་སྐྱོབ་མི་བྱེད། ། རྣམ་པར་མ་འཁྲུགས་སྤྱོད་པ་ཡིས། ། མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། ། བདག་ཉིད་གཅིག་པུའི་དོན་གྱི་ཕྱིར། ། མཁའ་ཁྱབ་བསམ་གཏན་བྱེད་པ་མིན། ། གཞན་དུ་སྙིང་རྗེ་སེམས་ཀྱིས་ ནི། ། འཇིག་རྟེན་དོན་མང་ཆེད་དུ་བསྒོམ། ། གྲོང་གི་བྱིས་པ་བ་ལང་རྫི། ། ཤིང་ཐུན་དག་དང་རྩྭ་ཐུན་དག། ། དེ་ལ་རྡུལ་ཁྲོད་འདྲེ་སྙམ་སེམས། ། དེ་ལ་ས་ཡིས་སྐུད་བྱེད་ཅིང་། ། མི་གཙང་བ་ཡང་འཐོར་བར་བྱེད། ། དེ་དག་གནོད་པ་མང་བྱེད་ཀྱང་། ། གཡོ་བ་མེད་ཅིང་འཁྲུགས་ མེད་པར། ། མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། ། མཐོ་བ་མེད་ཅིང་དམའ་བ་མེད། ། ལུས་མ་བསྲུངས་པར་ཆོས་མ་རེག ། བཤང་བ་མི་བྱེད་གཅི་མི་བྱེད། ། སྒྲ་ཡིས་མི་འཇིགས་གཞན་མི་ལྟ།
BO། ཤ་དང་ཁྲག་རྣམས་སྐམས་གྱུར་ཏེ། ། ལགས་པ་རྩ་རྒྱུས་རུས་པ་ལུས། ། སྒལ་ཚིགས་དག་ནི་ལྟོ་བར་སྣང་། ། ལན་བུ་བླས་པ་ཅི་བཞིན་ནོ། ། གང་དག་ལྷག་པར་བྱས་ལྷ་དང་། ། ལྷ་མིན་གནོད་སྦྱིན་དྲི་ཟ་ཀླུ། ། ཡོན་ཏན་ལྡན་པ་མངོན་སུམ་བས། ། ཉིན་དང་མཚན་དུ་མཆོད་པ་བྱེད། ། ཇི་ལྟར་མཁའ་འདྲའི་སེམས་ལྡན་འདི། ། མཁའ་ཁྱབ་བསམ་གཏན་བསམ་ གཏན་བྱེད། ། དེ་འདྲར་བདག་ཅག་མྱུར་གྱུར་ཅེས། ། སྨོན་ལམ་དག་ཀྱང་འདེབས་པར་བྱེད། ། སྙིང་རྗེའི་བློ་ཡིས་འཇིག་རྟེན་གྱི། ། དོན་མང་ཕྱིར་བྱེད་མ་གཏོགས་པར། ། བདག་ཕྱིར་མ་ཡིན་བདེ་བློས་མིན། ། བསམ་གཏན་རོ་ནི་མྱང་ཕྱིར་མིན། ། ཕས་ཀྱི་རྒོལ་བ་རབ་ཏུ་བཅོམ། ། མུ་ སྟེགས་བློ་ཉམས་ཟིལ་གྱིས་མནན། ། མགོ་རེག་བྱང་ཆུབ་ག་ལ་ཡོད། ། བྱང་ཆུབ་བསྐལ་མང་རྙེད་དཀའ་ཞེས། ། འོད་སྲུང་ལ་ནི་ཚིག་སྨྲས་པའི། ། ལས་དང་བྱ་བ་རབ་ཏུ་བསྟན། ། སྐྱེ་བོ་དག་ནི་དགའ་བྱའི་ཕྱིར། ། མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། ། ལྷ་མི་ཁྲག་ ཁྲིག་བཅུ་གཉིས་ཚང་། ། ཐེག་པ་གསུམ་ལ་རབ་ཏུ་བཏུལ། ། དེ་ཡི་ཆེད་དུ་བློ་གྲོས་བཟང་། ། མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། ། དཀའ་བ་སྤྱད་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་བདུན་པའོ། ། །
BO། དགེ་སློང་དག་བདུད་སྡིག་ཅན་ཡང་བྱང་ཆུབ་སེམས་ དཔའ་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པ་སྤྱོད་པའི་ཚེ་ཕྱི་བཞིན་འབྲང་སྟེ། གླགས་བལྟས་སྐབས་བཙལ་ཀྱང་ནམ་ཡང་གླགས་ཅུང་ཟད་ཀྱང་མ་རྙེད་དོ། ། དེ་གླགས་མ་རྙེད་ནས་ཡི་ཆད་དེ་ཡིད་ལ་གཅགས་བཞིན་དུ་སོང་ངོ་། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དགོན་པ་ཉམས་ནི་དགའ་བ་དང་། ། ནགས་ ཚལ་གེལ་པ་སྒྲ་མེད་དང་། ། ལྟེང་རྒྱས་ཀྱི་ནི་ཤར་ཕྱོགས་ན། ། ཆུ་ཀླུང་ནཻ་རན་ཛ་ན་དེར། ། སྤོང་བའི་ཕྱིར་ནི་བརྩོན་པར་བྱས། ། རྟག་ཏུ་མཐུ་རྩལ་བརྟན་པ་པོ། ། གྲུབ་དང་བདེ་བ་ཐོབ་བྱའི་ཕྱིར། ། བརྩོན་པས་རབ་ཏུ་རྟུལ་དེ་ལ། ། བདུད་ནི་འཇམ་ཞིང་སྙན་པའི་ཚིག ། སྨྲ་བར་བྱེད་ཅིང་ འོངས་པར་གྱུར། ། ཀྱེ་སྲོག་གཅེས་ཀྱིས་འཚོ་བར་གྱིས། ། གསོན་ན་ཆོས་ནི་སྤྱོད་པར་འགྱུར། ། གསོན་ཚེ་བྱ་བ་གང་ཡོད་པ། ། དེ་དག་བྱས་ན་མྱ་ངན་མེད། ། ཁྱོད་ནི་མདོག་ཉམས་དམན་པར་གྱུར། ། ཁྱོད་ནི་ཤི་ལ་ཐུག་ཅིང་འདུག ། འཆི་བའི་ཆ་ནི་སྟོང་ སྙེད་ཙམ། ། ཆ་གཅིག་ཙམ་ཅིག་གསོན་པར་ཟད། ། སྦྱིན་པ་དག་ནི་རྟག་ཏུ་བྱིན། ། མེ་ཡི་སྦྱིན་སྲེག་སྦྱིན་སྲེག་བྱོས། ། འོན་ཀྱང་བསོད་ནམས་ཆེན་པོར་འགྱུར། །
BOསྤོང་བ་ཡིས་ནི་ཅི་ཞིག་བྱ། ། སྤོང་བའི་ལམ་ནི་སྡུག་བསྔལ་ཏེ། ། སེམས་དུལ་བ་ནི་བྱ་དཀའ་ཞེས། ། དེ་ཚེ་བདུད་ཀྱིས་ དེ་སྐད་ཚིག ། བྱང་ཆུབ་སེམས་དཔའ་དེ་ལ་སྨྲས། ། དེ་སྐད་སྨྲ་བའི་བདུད་དེ་ལ། ། བྱང་ཆུབ་སེམས་དཔས་འདི་སྐད་སྨྲས། ། སྡིག་ཅན་མྱོས་པའི་རྩ་ལག་པོ། ། ཁྱོད་ནི་རང་གི་དོན་ཕྱིར་འོངས། ། ང་ལ་བསོད་ནམས་ཆུད་ཟད་ཀྱང་། ། དོན་དུ་གཉེར་བ་མེད་དོ་བདུད། ། གང་དག་བསོད་ ནམས་དོན་དུ་གཉེར། ། དེ་ལ་དེ་སྐད་སྨྲ་བའི་རིགས། ། འཚོ་བའི་མཐའ་ནི་འཆི་ཡིན་པས། ། མི་འཆི་སྙམ་དུ་ང་མི་སེམས། ། ཚངས་པར་སྤྱོད་ལ་གཞོལ་གྱུར་པས། ། ཕྱིར་ལྡོག་པར་ནི་མི་བྱའོ། ། ཆུ་ཀླུང་དག་གི་ཆུ་རྒྱུན་ཀྱང་། ། རླུང་གིས་རྣམ་པར་སྐེམས་བྱེད་ན། ། སྤངས་པ་ཉིད་ཀྱི་ ཁྲག་ཙམ་ལྟ། ། འདི་ཡིས་ཅི་ཕྱིར་སྐམས་མི་འགྱུར། ། ཁྲག་ནི་སྐམས་པར་གྱུར་པ་དང་། ། དེ་ཡི་འོག་ཏུ་ཤ་སྐམས་འགྱུར། ། ཤ་ནི་ཟད་པར་གྱུར་པ་དང་། ། ཕྱིར་ཞིང་སེམས་ནི་དང་བར་འགྱུར། ། ཕྱིར་ཞིང་འདུན་དང་བརྩོན་འགྲུས་དང་། ། ཏིང་ངེ་འཛིན་ཀྱང་གནས་པར་ འགྱུར། ། ང་ནི་དེ་ལྟར་གནས་པས་ན། ། ཚོར་བ་དམ་པ་ཐོབ་གྱུར་ཀྱང་། ། ལུས་དང་སྲོག་ལ་མི་ལྟ་སྟེ། །
BOསྲན་ཐུབ་དག་པར་གྱུར་ལ་ལྟོས། ། ང་ལ་འདུན་པ་ཡོད་གྱུར་ཅིང་། ། བརྩོན་འགྲུས་དང་ནི་ཤེས་རབ་ཡོད། ། ང་ཡི་བརྩོན་འགྲུས་བསྐྱོད་ནུས་པ། ། འཇིག་རྟེན་དེ་ནི་ངས་མ་ མཐོང་། ། སྲོག་ཆད་ཤི་བ་ཆེས་བླ་སྟེ། ། འཚོ་བ་ངན་པ་དེ་ལྟ་མིན། ། གཡུལ་ངོར་ཤི་བ་ལེགས་པ་སྟེ། ། ཕམ་ནས་གསོན་པ་དེ་ལྟ་མིན། ། སྡར་མ་དཔུང་ལས་མི་རྒྱལ་ཏེ། ། དཔའ་བོ་དཔུང་ལས་རྒྱལ་བར་འགྱུར། ། རྒྱལ་ཡང་དེ་ནི་རློམ་སེམས་མེད། ། བདུད་ཁྱོད་ལས་ནི་མྱུར་རྒྱལ་ བྱ། ། འདོད་པ་ཁྱོད་ཀྱི་དང་པོའི་དཔུང་། ། མི་དགའ་བ་ནི་གཉིས་པ་ཡིན། ། ཁྱོད་ཀྱི་གསུམ་པ་བཀྲེས་དང་སྐོམ། ། སྲེད་པ་དཔུང་ཚོགས་བཞི་པ་ཡིན། ། རྨུགས་དང་གཉིད་ནི་ལྔ་པ་སྟེ། ། འཇིགས་པ་དྲུག་པར་བརྗོད་པ་ཡིན། ། ཁྱོད་ཀྱི་ཐེ་ཚོམ་བདུན་པ་སྟེ། ། ཁྲོ་དང་འཆབ་པ་བརྒྱད་ པ་ཡིན། ། འཐོབ་དང་ཚིགས་བཅད་བཀུར་སྟི་དང་། ། ལོག་པར་གྲགས་པ་གང་ཐོབ་དང་། ། བདག་ལ་སྟོད་པར་བྱེད་པ་དང་། ། གཞན་ལ་སྨོད་པར་བྱེད་པ་དང་། ། དེ་དག་ནག་པོའི་རྩ་ལག་ཏུ། ། ལྷུང་བའི་བདུད་ཀྱི་དཔུང་ཡིན་ནོ། ། དགེ་སྦྱོང་བྲམ་ཟེ་ཁ་ཅིག་ནི། ། འདི་ན་གླགས་ ལྟ་འཁོད་པར་སྣང་། ། ཁྱོད་དཔུང་གང་ཡིན་ལྷར་བཅས་ཀྱིས། །
BOའཇིག་རྟེན་འདི་ནི་རབ་འདུལ་བ། ། སོ་བཏང་མ་བྱས་སྣོད་ཆུས་བཞིན། ། ཤེས་རབ་ཀྱིས་ནི་དེ་དག་གཞིག ། དྲན་པ་ལེགས་པར་ཉེར་བཞག་སྟེ། ། ཤེས་རབ་ལེགས་པར་བསྒོམས་བྱས་ནས། ། ཤེས་བཞིན་དུ་ནི་སྤྱོད་ པར་བྱ། ། བློ་ངན་ཁྱོད་ཀྱིས་ཅི་བྱར་ཡོད། ། དེ་སྐད་ཅེས་སྨྲས་པ་དང་། བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡི་མ་རངས་ནས་ཡིད་ལ་གཅགས་བཞིན་དུ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་དང་བྲམ་ཟེ་གང་དག་ཁ་ཅིག་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན་བདག་ལ་གནོད་པ་བྱེད་པ་དང་། ལུས་ལ་གདུང་བ་བྱེད་དེ། སྡུག་བསྔལ་དྲག་པོ་ཚ་བ་མི་བཟད་པ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་བྱེད་པས་དེ་དག་ཤིན་ཏུ་སྡུག་བསྔལ་བ་མྱོང་ངོ་སྙམ་མོ། ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། སྤྱོད་པ་འདི་དང་བསྒྲུབ་པ་འདིས་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་གང་ཡང་མངོན་དུ་མ་བྱས་ཏེ་འདི་ནི་བྱང་ཆུབ་ཀྱི་ ལམ་མ་ཡིན།
BOལམ་འདི་ནི་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་འཆི་བ་འབྱུང་བ་ནུབ་པར་བྱེད་པ་མ་ཡིན་ཏེ། བྱང་ཆུབ་ཀྱི་ལམ་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་འཆི་བའི་སྡུག་བསྔལ་འབྱུང་བ་ནུབ་པར་བྱེད་པ་གཞན་ཞིག་ཡོད་དོ་སྙམ་མོ། ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། ངས་ ཕའི་སྐྱེད་མོས་ཚལ་དུ་ཤིང་འཛམ་བུའི་གྲིབ་མ་ལ་འདུག་སྟེ། འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་ པོ་ནས་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་དེ་བྱང་ཆུབ་ཀྱི་ལམ་ཡིན་ཏེ་སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་བའི་སྡུག་བསྔལ་འབྱུང་བ་རྣམས་ནུབ་པར་འགྱུར་བ་ཡིན་སྙམ་ནས། དེ་བྱང་ཆུབ་ཀྱི་ལམ་ཡིན་ནོ་སྙམ་སྟེ། ངའི་རྣམ་པར་ཤེས་པ་དེའི་རྗེས་སུ་འབྲང་བར་གྱུར་ཏོ། ། ངས་ འདི་སྙམ་དུ་བསམས་ཏེ། འདི་ལྟར་ཉམ་ཆུང་བར་གྱུར་པས་ནི་ལམ་དེ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་མི་ནུས་སོ། ། གལ་ཏེ་ང་འདི་ལྟར་ལུས་ངན་ཅིང་ཉམ་ཆུང་བཞིན་དུ་མངོན་པར་ཤེས་པ་དང་།
BOཡེ་ཤེས་ཀྱི་སྟོབས་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་སོང་ན་ནི་ངས་ཕྱི་མའི་སྐྱེ་བོ་ལ་སྙིང་བརྩེ་ བ་བྱས་པར་མི་འགྱུར་ཏེ། འདི་ཡང་བྱང་ཆུབ་ཀྱི་ལམ་མ་ཡིན་གྱིས། ངས་ཁ་ཟས་རགས་པ་ཟོས་ལ་ལུས་ཀྱི་མཐུ་སྟོབས་བསྐྱེད་དེ། དེ་ནས་གདོད་བྱང་ཆུབ་ཀྱི་སྙིང་པོར་འགྲོའོ་སྙམ་མོ། ། དགེ་སློང་དག་དེ་ན་ལྷའི་བུ་གང་དག་ང་ལ་མོས་པ་དེ་དག་གིས་ངའི་སེམས་ཀྱི་ཡོངས་སུ་རྟོག་པ་ སེམས་ཀྱིས་ཤེས་ནས། ང་ག་ལ་བ་དེར་འོངས་ཏེ་ང་ལ་འདི་སྐད་ཅེས་སྨྲས་སོ། ། སྐྱེས་བུ་དམ་པ་ཞལ་ཟས་རགས་པ་མ་གསོལ་ཅིག ། བདག་ཅག་གིས་བ་སྤུའི་ཁུང་བུར་མདངས་སྩལ་བར་བགྱིའོ། ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། བདག་ནི་ཟས་མི་བཟའ་བར་བདག་ཉིད་ཀྱིས་ དམ་བཅས་ལ། བདག་གི་སྤྱོད་ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉེན་ཀོར་བ་རྣམས་ཀྱིས་ཀྱང་། འདི་ལྟར་དགེ་སྦྱོང་གཽ་ཏ་མ་ནི་ཟས་མི་ཟ་བ་ཡིན་པར་ཡང་ཤེས་ཏེ། ང་ལ་མོས་པའི་ལྷའི་བུ་འདི་དག་གིས་ངའི་བ་སྤུའི་ཁུང་བུར་མདངས་བཅུག་པར་གྱུར་ན། ངས་ཤིན་ཏུ་{བརྫུན་,རྫུན་}སྨྲས་པར་གྱུར་ ཏོ་སྙམ་སྟེ།
BOདེ་ནས་བྱང་ཆུབ་སེམས་དཔས་{བརྫུན་,རྫུན་}སྨྲ་བ་སྤང་བའི་ཕྱིར་ལྷའི་བུ་དེ་དག་གི་ཚིག་མ་མཉན་པར་ཁ་ཟས་རགས་པ་བཟའ་བར་སེམས་བཏུད་དོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལོ་དྲུག་གི་བར་དུ་བརྟུལ་ཞུགས་དང་དཀའ་ཐུབ་ཉམས་སུ་བླངས་ནས། སྟན་དེ་ལས་ལངས་ ཏེ། ཁ་ཟས་རགས་པ་འདི་ལྟ་སྟེ་བུ་རམ་གྱི་དབུ་བ་དང་། མོན་སྲན་སྡེའུ་ཡི་ཁུ་བཅུད་དང་། ཧ་རེ་ནུ་ཁའི་ཁུ་བཅུད་དང་། ཟན་དང་། འབྲས་ཆན་དང་། འདྲེན་མར་བཟའོ་ཞེས་ཚིག་ཏུ་བརྗོད་དོ། ། དགེ་སློང་དག་དེ་ནས་ལྔ་སྡེ་བཟང་པོ་དག་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མས་ལམ་ འདི་དང་བསྒྲུབ་པ་འདིས་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་གང་ཡང་མངོན་དུ་བྱེད་མ་ནུས་ན་ཁ་ཟས་རགས་པ་འདི་ཟོས་ཏེ། བསོད་ཉམས་ལ་སྦྱོར་བ་དང་ལྡན་པར་གནས་པས་ཅི་ནུས་ཏེ་མི་གསལ་བ་བྱིས་པ་ཡིན་ནོ་སྙམ་དུ་བསམས་ནས་བྱང་ ཆུབ་སེམས་དཔའི་གན་ནས་སོང་སྟེ། གྲོང་ཁྱེར་བཱ་རཱ་ཎ་སཱིར་སོང་ནས་དྲང་སྲོང་ལྷུང་བ་{རི་དགས་,རི་དྭགས་}ཀྱི་ནགས་སུ་གནས་སོ། །
BOདེ་ན་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་དཀའ་བ་སྤྱད་པ་སྤྱོད་པ་ན་གྲོང་པའི་བུ་མོ་གཞོན་ནུ་བཅུས་བལྟ་བ་དང་ཕྱག་བྱ་བའི་ཕྱིར་བསྙེན་བཀུར་བྱས་སོ། ། ལྔ་སྡེ་ བཟང་པོ་དེ་དག་གིས་ཀྱང་རིམ་གྲོ་བྱས་ཤིང་རྒྱ་ཤུག་འབྲུ་གཅིག་དང་། འབྲས་འབྲུ་གཅིག་དང་། ཏིལ་འབྲུ་གཅིག་དབུལ་བ་ཡང་ཕུལ་ལོ། ། གྲོང་པའི་བུ་མོ་བཅུ་ནི་བུ་མོ་སྟོབས་ལྡན་མ་ཞེས་བྱ་བ་དང་། སྟོབས་སྦེད་མ་དང་། ཤིན་ཏུ་སྡུག་དང་། སྡེ་ལས་རྣམ་པར་རྒྱལ་དང་། ཨ་ཏི་ མུག་ཏ་ཀའི་ཕྲེང་བ་ཅན་དང་། མཛེས་མ་དང་། རྫ་བྱེད་མ་དང་། སྐྲ་ལྕང་ལོ་རྒྱས་དང་། རལ་བུ་ཅན་དང་། ལེགས་སྐྱེས་མ་ཞེས་བྱ་བ་སྟེ། གཞོན་ནུ་མ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚོད་མའི་རྣམ་པ་དེ་དག་ཐམས་ཅད་བྱས་ཏེ་ཕུལ་ལོ། ། བྱང་ཆུབ་སེམས་དཔས་ཀྱང་དེ་དག་ཟོས་ ནས་རིམ་གྱིས་སྤྱོད་ཡུལ་གྱི་གྲོང་དུ་བསོད་སྙོམས་སྤྱད་པས་མདོག་དང་། གཟུགས་དང་། སྟོབས་དང་ལྡན་པར་གྱུར་ཏོ། ། དེ་ཚུན་ཆད་བྱང་ཆུབ་སེམས་དཔའ་ལ་དགེ་སྦྱོང་མཛེས་པ། དགེ་སྦྱོང་ཆེན་པོ་ཞེས་འཛེར་ཏོ། ། དགེ་སློང་དག་དེ་ན་བྱང་ཆུབ་སེམས་དཔའ་དང་པོ་ཉིད་དུ་དཀའ་ བ་སྤྱད་པ་སྤྱོད་པ་ན་བྱང་ཆུབ་སེམས་དཔས་བརྟུལ་ཞུགས་དང་།
BOདཀའ་ཐུབ་ཉམས་འོག་ཏུ་ཆུད་པར་བྱ་བ་དང་། ལུས་རྟས་པར་བྱ་བའི་ཕྱིར་གྲོང་པའི་བུ་མོ་ལེགས་སྐྱེས་མས་ཉིན་གཅིག་བཞིན་དུ། བྲམ་ཟེ་བརྒྱད་བརྒྱ་ཟན་བྱིན་ཞིང་འདི་སྐད་དུ་བདག་གི་ཟས་ཟོས་པས་བྱང་ཆུབ་སེམས་ དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག་ཅེས་སྨོན་ལམ་ཡང་བཏབ་བོ། ། དགེ་སློང་དག་ལོ་དྲུག་འདས་ནས། ངས་འདི་སྙམ་དུ་བསམས་ཏེ། གལ་ཏེ་བདག་གིས་འདོམས་ཡོག་འགའ་ཞིག་རྙེད་ན་རེ་སྟེས་སྙམ་ མོ། ། དགེ་སློང་དག་དེའི་ཚེ་གྲོང་པའི་བུ་མོ་ལེགས་སྐྱེས་མའི་བྲན་མོ་གྲུབ་མ་ཞེས་བྱ་བ་ཞིག་ཤི་ནས་དེ་ཤ་ནའི་རས་ཀྱིས་དཀྲིས་ཏེ། དུར་ཁྲོད་དུ་བོར་བར་གྱུར་པའི་ཕྱག་དར་ཁྲོད་པ་དེ་ངས་མཐོང་ནས། ངས་ཕྱག་དར་ཁྲོད་པ་དེ་བླང་བའི་ཕྱིར་རྐང་པ་གཡོན་པས་མནན་ཏེ། དགུས་ནས་ལག་པ་ གཡས་པ་བརྐྱང་པ་དང་། དེ་ནས་ས་བླའི་ལྷས་བར་སྣང་གི་ལྷ་རྣམས་ལ་སྒྲ་བསྒྲགས་པ། གྲོགས་པོ་དག་འདི་ལྟར་རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ཏེ། ཕྱག་དར་ཁྲོད་པ་ལ་སེམས་བཏུད་པ་ངོ་མཚར་ཏེ། གྲོགས་པོ་དག་འདི་ནི་རྨད་དུ་ བྱུང་བའོ། །
BOབར་སྣང་གི་ལྷ་རྣམས་ཀྱིས་ས་བླའི་ལྷ་རྣམས་ཀྱི་སྒྲ་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་སྒྲ་བསྒྲགས་སོ། ། རྒྱལ་ཆེན་བཞིའི་རིས་པས་ཀྱང་སུམ་ཅུ་རྩ་གསུམ་པ་ལའོ། ། སུམ་ཅུ་རྩ་གསུམ་པས་ཀྱང་འཐབ་བྲལ་བ་ལའོ། ། འཐབ་བྲལ་བས་ཀྱང་དགའ་ལྡན་ པ་ལའོ། ། དགའ་ལྡན་པས་ཀྱང་འཕྲུལ་དགའ་བ་ལའོ། ། འཕྲུལ་དགའ་བས་ཀྱང་གཞན་འཕྲུལ་དབང་བྱེད་པ་ལའོ། ། གཞན་འཕྲུལ་དབང་བྱེད་པས་ཀྱང་ཚངས་རིས་པའི་བར་དུའོ། ། སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་གྲོགས་པོ་དག་འདི་ལྟར་རྒྱལ་པོ་ཆེན་པོའི་ རིགས་སུ་སྐྱེས་པ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ཏེ། ཕྱག་དར་ཁྲོད་པ་ལ་སེམས་བཏུད་པ་ངོ་མཚར་ཏེ། འདི་ནི་རྨད་དུ་བྱུང་བའོ་ཞེས་སྒྲ་གཅིག་དང་། བརྗོད་པ་གཅིག་འོག་མིན་གྱི་གནས་ཀྱི་བར་དུ་གྲགས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔས་ཡང་འདི་སྙམ་དུ་བསམས་ཏེ། བདག་གིས་ཕྱག་དར་ཁྲོད་པ་ནི་རྙེད་ན། གལ་ཏེ་ཆུ་ཞིག་རྙེད་ན་རེ་སྟེས་སྙམ་མོ། ། དེ་ནས་དེ་ཉིད་དུ་ལྷས་ལག་པ་ས་ལ་བརྡབས་པ་དང་། དེར་རྫིང་བུ་ཞིག་བྱུང་བར་གྱུར་ཏེ། དེང་སང་དུའང་ལག་པ་བརྡབས་པའི་རྫིང་ཞེས་གྲགས་སོ། །
BOདེ་ནས་ཡང་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམས་ ཏེ། བདག་གིས་ཆུ་ནི་རྙེད་ན། གལ་ཏེ་ཕྱག་དར་ཁྲོད་པ་འདི་བཀྲུ་བའི་རྡོ་ལེབ་ཅིག་རྙེད་ན་རེ་སྟེས་སྙམ་པ་དང་། སྐད་ཅིག་དེ་ཉིད་ལ་བརྒྱ་བྱིན་གྱིས་དེར་རྡོ་ལེབ་བཞག་ནས། དེ་ལ་བྱང་ཆུབ་སེམས་དཔས་ཕྱག་དར་ཁྲོད་པ་དེ་བཀྲུས་སོ། ། དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་ དཔའ་ལ་འདི་སྐད་ཅེས་སྨྲས་སོ། ། སྐྱེས་བུ་དམ་པ་འདི་ཁོ་བོ་ལ་སྩོལ་ཅིག་དང་ཁོ་བོས་བཀྲུའོ། ། དེ་ནས་བྱང་ཆུབ་སེམས་དཔས་རབ་ཏུ་བྱུང་བ་ནི་བདག་ཉིད་ཀྱིས་བྱ་བར་བསྟན་པའི་ཕྱིར་བརྒྱ་བྱིན་ལ་མ་བྱིན་པར་བདག་ཉིད་ཀྱིས་བཀྲུས་སོ། ། དེ་ལུས་ངལ་ཏེ་ཆད་ནས་རྫིང་ནས་འབྱུང་སྙམ་པ་ དང་། བདུད་སྡིག་ཅན་ཕྲག་དོག་གི་ཆོས་དང་ལྡན་པས་རྫིང་བུ་གང་བ་མཐོན་པོ་ཞིག་སྤྲུལ་ཏོ། ། རྫིང་དེའི་འགྲམ་ན་ཤིང་སྒྲུབ་བྱེད་ཅེས་བྱ་བ་ཆེན་པོ་ཞིག་ཡོད་དོ། ། བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་འཐུན་པར་བྱ་བ་དང་། ལྷ་མོ་ལ་ཕན་གདགས་པའི་ཕྱིར་ཤིང་དེའི་ལྷ་མོ་ལ་སྨྲས་པ། ལྷ་ མོ་ཤིང་གི་ཡལ་ག་སྨོད་ཅིག ། དེས་ཀྱང་ཤིང་ཡལ་ག་སྨད་ནས་བྱང་ཆུབ་སེམས་དཔའ་དེ་ལ་འཇུས་ཏེ་བྱུང་ངོ་། །
BOབྱུང་ནས་ཀྱང་ཤིང་སྒྲུབ་བྱེད་དེའི་དྲུང་དུ་ཕྱག་དར་ཁྲོད་པ་ཆོས་གོས་སྣམ་སྦྱར་དུ་བྱས་ནས་དྲུབས་ཏེ། དེང་སང་དུའང་དེ་ཕྱག་དར་ཁྲོད་པ་དྲུབས་པ་ཞེས་མིང་དུ་གྲག་གོ། ། དེ་ནས་གནས་ གཙང་མའི་རིས་ཀྱི་ལྷའི་བུ་འོད་དྲི་མ་མེད་པ་ཞེས་བྱ་བ་དེས། ལྷའི་གོས་ངུར་སྨྲིག་གི་ཚོན་དུ་བཙོས་པ་རུང་བ་དགེ་སྦྱོང་གི་ཚུལ་དང་འཐུན་པ་དག་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། ། བྱང་ཆུབ་སེམས་དཔས་ཀྱང་དེ་དག་བླངས་ཏེ། སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ནས་སྤྱོད་ཡུལ་ གྱི་གྲོང་དུ་ཕྱོགས་པ་དང་། དེ་ན་ལྷ་རྣམས་ཀྱིས་ལྟེང་རྒྱས་ཀྱི་སྡེ་དཔོན་གྱི་གྲོང་ན་དགའ་བྱེད་ཅེས་བྱ་བའི་གྲོང་མི་ཞིག་ཡོད་པའི་བུ་མོ་ལེགས་སྐྱེས་མ་ལ་ནམ་ཕྱེད་ཙམ་ན་སྨྲས་པ། ཁྱོད་ཀྱིས་གང་གི་ཕྱིར་མཆོད་སྦྱིན་བྱས་པ་དེ་བརྟུལ་ཞུགས་དེ་ཉམས་འོག་ཏུ་ཆུད་ནས་དེ་ཁ་ཟས་རགས་པ་བཟང་ པོ་བཟའ་བར་སེམས་ཀྱིས། སྔོན་ཁྱོད་ཀྱིས་བདག་གི་ཟས་ཟོས་ནས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པ་གང་ཡིན་པའི་ཁྱོད་ཀྱི་བྱ་བ་དེ་གྱིས་ཤིག །
BOདགེ་སློང་དག་དེ་ནས་གྲོང་མི་ དགའ་བྱེད་ཀྱི་བུ་མོ་ལེགས་སྐྱེས་མས་ལྷ་དེ་དག་གི་ཚིག་དེ་ཐོས་ནས་མྱུར་བ་མྱུར་བར་བ་སྟོང་གི་འོ་མ་ལན་བདུན་དུ་སྙིང་ཁུར་བྱས་པ་བཟང་པོ་མཆོག་ཏུ་འགྱུར་བ་སྙིང་པོ་ཅན་བླངས་ཏེ། བླངས་ནས་ཀྱང་འོ་མ་དེ་འབྲས་སར་པ་སར་པ་དག་དང་། ཕྲུ་བ་སར་པར་བླུགས་ནས་ཐབ་སར་ བར་བཙུགས་ཏེ། ཁ་ཟས་དེ་སྒྲུབ་བོ། ། དེ་སྒྲུབ་པ་ན་སྔ་ལྟས་འདི་དག་སྣང་སྟེ། འོ་མ་དེའི་ནང་ན་དཔལ་བེའུ་དང་། བཀྲ་ཤིས་པ་དང་། གཡུང་དྲུང་འཁྱིལ་པ་དང་། པད་མ་དང་། སྡོང་རིས་ལ་སོགས་པ་བཀྲ་ཤིས་རྣམས་སྣང་ངོ་། ། དེ་ནས་དེས་འདི་སྙམ་དུ་བསམས་ཏེ། ལྟས་ འདི་ལྟ་བུ་འདི་དག་སྣང་བ་ལས་ན། བྱང་ཆུབ་སེམས་དཔས་ཟས་ཟོས་ནས་བྱང་ཆུབ་འཐོབ་པར་འགྱུར་དུ་ཐེ་ཙོམ་མེད་དོ་སྙམ་པ་དང་། རྒྱ་མཚོ་པ་ཤེས་ཤིང་ཆོ་ག་ཤེས་པའི་མཚན་མཁན་ཕྱོགས་དེར་ཕྱིན་པར་གྱུར་ནས། དེས་ཀྱང་བདུད་རྩི་འཐོབ་པ་ཉིད་དུ་ལུང་བསྟན་ཏོ། ། དེ་ནས་ལེགས་སྐྱེས་ མས་ཐུག་པ་དེ་ཚོས་པ་དང་ཐང་ལ་བཞག་སྟེ། མེ་ཏོག་གིས་གཏོར། སྤོས་ཆུས་གཏོར་ནས་གུས་པར་སྟན་བཏིང་སྟེ། བྲན་མོ་གོང་མ་ཞེས་བྱ་བ་ལ་སྨྲས་པ། གོང་མ་སོང་ལ་བྲམ་ཟེ་བོས་ཤིག །
BOངས་ནི་འོ་ཐུག་སྦྲང་རྩི་ཅན་འདི་བལྟའོ། ། ཇོ་མོ་ལེགས་སོ་ཞེས་དེའི་ལྟར་མཉན་ནས། ཤར་ ཕྱོགས་ལོགས་སུ་སོང་བ་དང་། དེས་བྱང་ཆུབ་སེམས་དཔའ་མཐོང་ངོ་། ། དེ་བཞིན་དུ་ལྷོ་ཕྱོགས་ལོགས་སུ་སོང་ན་ཡང་བྱང་ཆུབ་སེམས་དཔའ་མཐོང་ངོ་། ། དེ་བཞིན་དུ་ནུབ་དང་བྱང་ཕྱོགས་ལོགས་སུ་སོང་ན་ཡང་དེ་དང་དེར་དེས་བྱང་ཆུབ་སེམས་དཔའ་མཐོང་ངོ་། ། དེའི་ཚེ་ན་ གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་གཞན་མུ་སྟེགས་ཅན་ཐམས་ཅད་ཚར་བཅད་པར་གྱུར་པས་འགའ་ཙམ་ཡང་མི་སྣང་ངོ་། ། དེ་ནས་དེ་སླར་ལོག་སྟེ་ཇོ་མོ་ལ་འདི་སྐད་ཅེས་སྨྲས་སོ། ། གང་དང་གང་དུ་མཆིས་ཀྱང་དེ་དང་དེ་ན་དགེ་སྦྱོང་མཛེས་པ་གདའ་བ་ལས། དགེ་སྦྱོང་ངམ་ བྲམ་ཟེ་གཞན་ནི་འགའ་ཡང་མི་གདའོ། ། ལེགས་སྐྱེས་མས་སྨྲས་པ། དེ་ཉིད་བྲམ་ཟེ་ཡིན་ཏེ། དེའི་ཕྱིར་འདི་བརྩམས་ཀྱིས། གོང་མ་སོང་ལ་དེ་ཉིད་བོས་ཤིག ། ཇོ་མོ་ལེགས་སོ་ཞེས་སྨྲས་ཏེ། གོང་མ་སོང་ནས་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་གཏུགས་ཏེ་ལེགས་སྐྱེས་ མ་ཞེས་བགྱི་བས་སྤྱན་འདྲེན་ཏོ་ཞེས་སྨྲས་སོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་གྲོང་པའི་བུ་མོ་ལེགས་སྐྱེས་མའི་ཁྱིམ་དུ་སོང་སྟེ་སྟན་བཏིང་བ་ལ་འདུག་གོ། །
BOདགེ་སློང་དག་དེ་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་སྦྲང་རྩི་ཅན་གྱིས་གསེར་གྱི་སྣོད་ཆེན་པོ་བཀང་སྟེ། བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། ། དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམས་ཏེ། ལེགས་སྐྱེས་མས་ཁ་ཟས་འདི་ལྟ་བུ་འདི་བྱིན་པ་འདི་བདག་གིས་དེང་ཟོས་ཏེ། ཐེ་ཙོམ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་མོ། ། དེ་ནས་ བྱང་ཆུབ་སེམས་དཔས་ཟས་དེ་བླངས་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་འདི་སྐད་ཅེས་སྨྲས་སོ། ། ཆེ་ཞེ་གསེར་གྱི་སྣོད་ཆེན་པོ་འདི་ཇི་ལྟར་བྱ། དེས་སྨྲས་པ། ཁྱོད་སྣོམས་ཤིག ། བྱང་ཆུབ་སེམས་དཔས་སྨྲས་པ། ཁོ་བོ་ལ་ནི་སྣོད་འདི་ལྟ་བུ་མི་དགོས་སོ། ། ལེགས་སྐྱེས་མས་སྨྲས་ པ། ཅི་དགྱེས་སུ་མཛོད་ཅིག ། བདག་ནི་སྣོད་མ་མཆིས་པར་སུ་ལ་ཡང་ཟས་མི་སྩོལ་ཏོ། ། དེ་ནས་བྱང་ཆུབ་སེམས་དཔས་ཟས་དེ་ཐོགས་ཏེ། ལྟེང་རྒྱས་ནས་བྱུང་ནས་དྲོ་ལ་བབ་པ་དང་། ཀླུའི་ཀླུང་ཆུ་བོ་ནཻ་རན་ཛ་ནའི་ངོགས་སུ་སོང་སྟེ། ཟས་དང་ཆོས་གོས་རྣམས་ཕྱོགས་གཅིག་ཏུ་ བཞག་ནས། བྱང་ཆུབ་སེམས་དཔའ་ལུས་བསིལ་བར་བྱ་བའི་ཕྱིར་ཀླུང་ནཻ་རན་ཛ་ནའི་ནང་དུ་ཞུགས་སོ། །
BOདགེ་སློང་དག་བྱང་ཆུབ་སེམས་དཔའ་ཁྲུས་བྱེད་པའི་ཚེ། ལྷའི་བུ་བརྒྱ་སྟོང་དུ་མ་དག་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ཨ་ག་རུ་དང་། ཙན་ དན་གྱི་ཕྱེ་མ་དང་། བྱུག་པ་དག་ཀླུང་དུ་ལྡུགས་ཤིང་ལྷའི་མེ་ཏོག་ཁ་དོག་སྣ་ཚོགས་དག་ཀྱང་ཆུའི་ནང་དུ་འཐོར་རོ། ། དེའི་ཚེ་ཀླུང་ཆེན་པོ་ནཻ་རན་ཛ་ན་ལྷའི་སྤོས་རྣམས་དང་། མེ་ཏོག་རྣམས་ཀྱིས་གང་བར་གྱུར་ཏེ་འབབ་བོ། ། བྱང་ཆུབ་སེམས་དཔའ་སྤོས་ཆུ་གང་གིས་ཁྲུས་བྱས་པར་གྱུར་པ་དེ་ ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་བླངས་ཏེ་མཆོད་རྟེན་དུ་བྱ་བ་དང་། མཆོད་པར་བྱ་བའི་ཕྱིར་རང་རང་གི་གནས་སུ་ཁྱེར་རོ། ། བྱང་ཆུབ་སེམས་དཔའི་སྐྲ་དང་ཨག་ཚོམ་གང་ཡིན་པ་དེ་དག་ཀྱང་གྲོང་པའི་བུ་མོ་ལེགས་སྐྱེས་མས་བཀྲ་ཤིས་པ་ཡིན་ནོ་སྙམ་ནས། མཆོད་རྟེན་དུ་བྱ་ བ་དང་། མཆོད་པར་བྱ་བའི་ཕྱིར་ཁྱེར་རོ། ། བྱང་ཆུབ་སེམས་དཔའ་ཀླུང་ནས་བྱུང་ནས་འདུག་པར་འདོད་དེ་གླིང་ལ་ལྟའོ། ། དེ་ནས་ཀླུང་ནཻ་རན་ཛ་ནའི་ཀླུའི་བུ་མོ་གང་ཡིན་པ་དེ་སའི་འོག་ནས་བྱུང་སྟེ། ཡིད་ལས་བྱུང་བའི་སེང་གེའི་ཁྲི་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས། བྱང་ཆུབ་སེམས་དཔའ་དེ་ལ་འདུག་སྟེ།
BOགྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་སྙིང་བརྩེ་བ་ཉེ་བར་བཟུང་ནས། ཇི་ཙམ་དགོས་པར་འོ་ཐུག་སྦྲང་རྩི་ཅན་དེ་འཐུངས་སོ། ། འཐུངས་ནས་ཀྱང་གསེར་གྱི་སྣོད་ཆེན་པོ་དེ་ལ་མ་ཆགས་པར་ཆུར་བོར་རོ། ། བོར་མ་ཐག་ཏུ་ཀླུའི་རྒྱལ་པོ་རྒྱ་མཚོས་ མཆོད་པའི་འོས་ཡིན་ནོ་ཞེས་དད་པ་དང་གུས་པ་བསྐྱེད་དེ་བླངས་ནས་རང་གི་གནས་སུ་སོང་ངོ་། ། དེ་ནས་མིག་སྟོང་པ་གྲོང་ཁྱེར་འཇིག་པ་ནམ་མཁའ་ལྡིང་གི་གཟུགས་སུ་སྤྲུལ་ནས་ཁ་རྡོ་རྗེའི་མཆུར་བསྒྱུར་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོ་ལས་གསེར་གྱི་སྣོད་ཆེན་པོ་དེ་དབྲོག་ཏུ་བརྒལ་ན་མ་ནུས་ ནས་རང་གི་གཟུགས་ཀྱིས་གུས་པར་བྱས་ཏེ། བསླངས་ནས་མཆོད་རྟེན་དུ་བྱ་བ་དང་། མཆོད་པར་བྱ་བའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁྱེར་རོ། ། ཁྱེར་ནས་ཀྱང་སྣོད་ཆེན་པོའི་དགེ་འདུན་གྱི་དུས་སྟོན་བྱས་ཏེ། དེང་སང་དུའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལོ་གཅིག་བཞིན་དུ་ སྣོད་ཆེན་པོའི་དུས་སྟོན་བྱེད་དོ། ། སེང་གེའི་ཁྲི་དེ་ཡང་ཀླུའི་བུ་མོ་དེ་ཉིད་ཀྱིས་མཆོད་རྟེན་དུ་བྱ་བ་དང་། མཆོད་པར་བྱ་བའི་ཕྱིར་ཁྱེར་རོ། །
BOདགེ་སློང་དག་བྱང་ཆུབ་སེམས་དཔས་ཟས་རགས་པ་ཟོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ ཀྱིས་སྐད་ཅིག་དེ་ཉིད་ལ་ལུས་ལ་སྔ་མའི་ཁ་དོག་བཟང་པོ་རྒྱས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འོད་འདོམ་གང་བ་ཡང་བྱུང་བར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ལོ་དྲུག་བར་དུ་བརྟུལ་ཞུགས་ཉམས་འོག་ཆུད་བྱས་ བཅོམ་ལྡན་བློ་གྲོས་འདི་སྙམ་སེམས། ། གལ་ཏེ་བདག་ནི་འདི་ལྟར་རིད་བཞིན་བསམ་གཏན་མངོན་ཤེས་ཡེ་ཤེས་སྟོབས་ལྡན་པ། ། ཤིང་གི་རྒྱལ་པོའི་དྲུང་དུ་སོང་སྟེ་ཐམས་ཅད་མཁྱེན་ཉིད་འཚང་རྒྱར་བྱ་ན་ནི། ། དེ་དག་ན་ཡང་བདག་གིས་ཕྱི་མའི་སྐྱེ་བོ་དག་ལ་སྙིང་བརྩེ་མ་བྱས་འགྱུར། ། བསོད་ནམས་ངན་ངོན་ཙམ་དང་ལྡན་པའི་ལྷ་མི་འདི་དག་ངན་པས་ཡེ་ཤེས་ཚོལ། ། དེ་དག་ལུས་ནི་ཉམ་ཆུང་གྱུར་ན་བདུད་རྩི་འཚང་རྒྱ་བྱེད་པར་མི་ནུས་པས། ། ཁ་ཟས་རགས་པ་དམ་པ་ཟོས་ཏེ་ལུས་ཀྱི་མཐུ་སྟོབས་བསྐྱེད་པ་བྱས་ན་ནི། ། ཤིང་གི་རྒྱལ་པོའི་དྲུང་དུ་སོང་སྟེ་ཐམས་ཅད་མཁྱེན་ཉིད་འཚང་ རྒྱར་བྱ་བར་བསམས། །
BOགྲོང་པའི་བུ་མོ་སྔོན་ཆད་སྤྱོད་པ་སྤྱད་པ་ལེགས་སྐྱེས་མ་ཞེས་བྱ་བ་དེ། ། འདྲེན་པ་བརྟུལ་ཞུགས་གྲུབ་པར་ཤོག་ཅེས་དེ་ལྟའི་ཡིད་ཀྱིས་རྟག་ཏུ་མཆོད་སྦྱིན་བྱེད། ། དེ་ནི་ལྷ་ཡིས་བསྐུལ་བ་ཐོས་ནས་དེ་ཚེ་འོ་ཐུག་སྦྲང་རྩི་ཅན་བླངས་ཏེ། ། ཀླུང་གི་འགྲམ་དུ་སོང་ནས་ དགའ་བའི་ཡིད་ཀྱིས་ནཻ་རན་ཛ་ནའི་ངོགས་ན་འདུག ། བསྐལ་པ་སྟོང་དུ་སྤྱོད་པ་སྤྱད་ཅིང་དབང་པོ་ཞི་ལ་རབ་ཏུ་ཞི་བ་དེ། ། ལྷ་དང་ཀླུ་ཡི་ཚོགས་དང་དྲང་སྲོང་དག་གིས་བསྐོར་ཏེ་ནཻ་རན་ཛ་ན་ར་འོངས། ། ཕ་རོལ་བརྒལ་ནས་སེམས་ཅན་སྒྲོལ་བ་བློ་གྲོས་ལྡན་པ་ཁྲུས་བྱར་བསམས་ནས་ནི། ། ཐུབ་པ་དག་པ་དྲི་མེད་འཇིག་རྟེན་སྙིང་བརྩེ་ཕྱིར་ནི་ཀླུང་དུ་ཞུགས་ཏེ་འཁྲུ། ། བྱེ་བ་ཕྲག་སྟོང་ལྷ་དག་དགའ་བའི་ཡིད་ཀྱིས་སྤོས་རྣམས་དང་ནི་ཕྱེ་མ་དག ། ཀླུང་དུ་འཐོར་ཞིང་སེམས་ཅན་དམ་པ་བཀྲུ་བའི་དོན་དུ་ཆུ་ལ་གང་བར་བྱེད། ། བྱང་ཆུབ་སེམས་དཔའ་དྲི་མེད་ངེས་པ་བཀྲུས་ཏེ་ངོགས་ན་ འདུག་པར་ཤེས་གྱུར་ནས། ། ལྷ་སྟོང་རབ་ཏུ་དགའ་སྟེ་སེམས་ཅན་དག་པ་བཀྲུས་པའི་ཆུ་དེ་མཆོད་ཕྱིར་ཁྱེར། ། ངུར་སྨྲིག་བཟང་པོ་དྲི་མ་མེད་པའི་གོས་དག་ལྷ་ཡི་བུ་ཡིས་དེ་ལ་བྱིན། །
BOརུང་བ་དག་དང་ཤམ་ཐབས་བགོས་ནས་བཅོམ་ལྡན་འདས་ནི་ཆུ་ཀླུང་ངོགས་ན་འདུག ། ཀླུ་ཡི་བུ་མོ་དགའ་ ཞིང་རབ་ཏུ་མགུ་བའི་ཡིད་ཀྱིས་སེང་གེའི་ཁྲི་ཡང་བཤམས། ། དེ་ལ་འཇིག་རྟེན་དག་གི་མིག་བྱེད་ཡིད་ཀྱང་རབ་ཏུ་ཞི་བ་དེ་འདུག་ནས། ། བློ་གྲོས་ལྡན་པ་ལེགས་སྐྱེས་མ་དེས་གསེར་གྱི་སྣོད་དུ་ཁ་ཟས་བླུགས་ཏེ་བྱིན། ། རྐང་པར་ཕྱག་འཚལ་ནས་ནི་དེ་དག་ཁ་ལོ་སྒྱུར་བ་བདག་གིས་གསོལ་ཞེས་ བྱས། ། བློ་གྲོས་ལྡན་པས་ཇི་ཙམ་དགོས་པར་ཟས་ཀྱང་ཟོས་ནས་སྣོད་ནི་ཆུར་བོར་ཏེ། ། དེ་ནི་གྲོང་ཁྱེར་འཇིག་པ་ལྷ་ཡི་བླ་མས་བདག་གིས་མཆོད་པར་བྱ་ཞེས་ཁྱེར། ། གང་ཚེ་རྒྱལ་བས་ཁ་ཟས་རགས་པ་དམ་པ་ཟོས་པ་དེ་ཡི་སྐད་ཅིག་ལ། ། དེ་ཡི་ལུས་ཀྱི་སྟོབས་དང་གཟི་བརྗིད་དག་དང་དཔལ་ ཡང་སྔ་མཁོ་བཞིན་དུ་གནས། ། ལེགས་སྐྱེས་མ་དང་ལྷ་རྣམས་དག་ལ་ཆོས་གཏམ་བྱས་ནས་དོན་ཀྱང་མང་དུ་བྱས། ། སེང་གེ་ངང་པའི་སྟབས་དང་གླང་པོའི་དབང་པོའི་འགྲོས་ཀྱིས་བྱང་ཆུབ་ཤིང་དྲུང་ཆས། ། ནཻ་རན་ཛ་ནའི་ལེའུ་ཞེས་བྱ་བ་སྟེ། {བཅྭ་,བཅོ་}བརྒྱད་པའོ། ། ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཀླུང་ནཻ་རན་ཛ་ནར་ཁྲུས་བྱས་ཏེ། ཟས་ཟོས་ནས་ལུས་ཀྱི་མཐུ་སྟོབས་བསྐྱེད་དེ།
BOབདུད་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་རྣམ་པ་བཅུ་དྲུག་དང་ལྡན་པའི་ས་ཕྱོགས་ཤིང་གི་རྒྱལ་པོ་བྱང་ཆུབ་ཆེན་པོའི་དྲུང་ག་ལ་བ་དེར་སྐྱེས་བུ་ཆེན་པོའི་སྟབས་གང་ཡིན་ པའི་སྟབས་དེས་སོང་སྟེ། མི་བསྐྱོད་པའི་སྟབས་དང་། དབང་པོའི་མཆོད་སྡོང་ལྟ་བུའི་སྟབས་དང་། རིའི་རྒྱལ་པོ་ལྷུན་པོ་ལྟར་ཤིན་ཏུ་བརྟན་པའི་སྟབས་དང་། མི་དངོམ་པ་མ་ཡིན་པའི་སྟབས་དང་། ཡ་ཡོ་མེད་པའི་སྟབས་དང་། འཚེ་བ་མེད་པའི་སྟབས་དང་། རིངས་པ་མ་ཡིན་པའི་ སྟབས་དང་། སྡོད་པ་མེད་པའི་སྟབས་དང་། འཁྲུགས་པ་མེད་པའི་སྟབས་དང་། འཁྱོར་པ་མེད་པའི་སྟབས་དང་། འདྲུད་པ་མེད་པའི་སྟབས་དང་། ཞུམ་པ་མེད་པའི་སྟབས་དང་། ཧ་ཅང་མི་སྡོད་པའི་སྟབས་དང་། མི་གཡོས་པའི་སྟབས་དང་། རྟབ་རྟབ་པོ་མེད་པའི་སྟབས་དང་། ཚུལ་དུ་ཤིས་པའི་སྟབས་དང་། དྲི་མ་མེད་པའི་སྟབས་དང་། དགེ་བའི་སྟབས་དང་། ཞེ་སྡང་མེད་པའི་སྟབས་དང་། གཏི་མུག་མེད་པའི་སྟབས་དང་། ཆགས་པ་མེད་པའི་སྟབས་དང་། སེང་གེའི་སྟབས་དང་། དད་པའི་རྒྱལ་པོའི་སྟབས་དང་། ཀླུའི་རྒྱལ་པོའི་སྟབས་དང་། སྲེད་མེད་ ཀྱི་བུའི་སྟབས་དང་། ས་ལ་མི་རེག་པའི་སྟབས་དང་།
BOརྩིབས་སྟོང་དང་ལྡན་པའི་འཁོར་ལོའི་རི་མོ་ས་ལ་སྣང་བའི་སྟབས་དང་། སོར་མོ་དྲ་བས་འབྲེལ་ཅིང་སེན་མོ་ཟངས་ལྟ་བུའི་སྟབས་དང་། སོ་སྒྲ་འབྱིན་པའི་སྟབས་དང་། རི་རྡོབ་པའི་སྟབས་དང་། མཐོན་དམན་མཉམ་པར་བྱེད་པའི་ རྐང་མཐིལ་གྱི་སྟབས་དང་། དྲ་བའི་བར་ནས་འོད་དང་འོད་ཟེར་ཕྱུང་ནས་སེམས་ཅན་ལ་རེག་ན་བདེ་འགྲོར་འགྲོ་བའི་སྟབས་དང་། པད་མ་དྲི་མ་མེད་པ་ལ་གོམ་པ་འདོར་བའི་སྟབས་དང་། སྔོན་དགེ་བ་ལེགས་པར་སྤྱད་པའི་འགྲོས་ཀྱི་སྟབས་དང་། སྔོན་གྱི་སངས་རྒྱས་སེང་གེའི་ཁྲི་ལ་བཞུད་པའི་ སྟབས་དང་། རྡོ་རྗེ་ལྟར་བསམ་པ་བརྟན་ཞིང་མི་ཕྱེད་པའི་སྟབས་དང་། ངན་སོང་ངན་འགྲོ་ཐམས་ཅད་གཅོད་པའི་སྟབས་དང་། བདེ་བ་ཐམས་ཅད་སྐྱེད་པའི་སྟབས་དང་། ཐར་པའི་ལམ་སྟོན་པའི་སྟབས་དང་། བདུད་ཀྱི་སྟོབས་སྟོབས་མེད་པར་བྱེད་པའི་སྟབས་དང་། ངན་པའི་ཚོགས་ཅན་གྱི་ ཚོགས་ཕས་ཀྱི་རྒོལ་བ་ཆོས་དང་འཐུན་པས་ཚར་གཅད་པའི་སྟབས་དང་། མུན་པའི་ལིང་ཐོག་དང་། ཉོན་མོངས་པ་སེལ་བའི་སྟབས་དང་། འཁོར་བའི་ཕྱོགས་ཕྱོགས་མེད་པར་བྱེད་པའི་སྟབས་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་།
BOའཇིག་རྟེན་སྐྱོང་བ་ རྣམས་ཟིལ་གྱིས་གནོན་པའི་སྟབས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་ན་དཔའ་བོ་གཅིག་པུའི་སྟབས་དང་། རང་བྱུང་ཟིལ་གྱིས་(མནོན་,གནོན་)པའི་སྟབས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྟབས་དང་། དྲན་པ་དང་བློ་གྲོས་ཀྱི་སྟབས་དང་། བདེ་འགྲོར་འགྲོ་བའི་ སྟབས་དང་། རྒ་བ་དང་འཆི་བ་རབ་ཏུ་ཞི་བར་བྱེད་པའི་སྟབས་དང་། ཞི་བ་རྡུལ་མེད་པ། བདུད་ཀྱི་འཇིགས་པ་མེད་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་སྟབས་ཏེ། དེ་འདྲ་བའི་སྟབས་ཀྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་ཆས་སོ། ། དགེ་སློང་དག་དེ་ལྟར་ཀླུང་ ནཻ་རན་ཛ་ན་དང་། བྱང་ཆུབ་ཀྱི་སྙིང་པོའི་བར་དེར་རླུང་གི་སྤྲིན་གྱི་ལྷའི་བུ་རྣམས་ཀྱིས་ལམ་ཕྱག་དར་བྱས་པར་གྱུར་ཏོ། ། ཆར་སྤྲིན་རྣམས་ཀྱིས་སྤོས་ཆུས་ཆག་ཆག་བཏབ་བོ། ། མེ་ཏོག་ཀྱང་ཆལ་མར་བཀྲམ་མོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཤིང་ཇི་སྙེད་ ཡོད་པ་དེ་དག་ཐམས་ཅད་ཀྱང་ཤིང་བྱང་ཆུབ་ག་ལ་བ་དེ་ལོགས་སུ་རྩེ་མོ་འདུད་པར་གྱུར་ཏོ། །
BOགང་དག་དེའི་ཉིན་པར་བཙས་པའི་བྱིས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལོགས་སུ་མགོ་བསྟན་ཏེ་ཉལ་ལོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རི་རབ་ལ་སོགས་པ་རི་གང་ དག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེ་ལོགས་སུ་འདུད་པར་གྱུར་ཏོ། ། ཀླུང་ནཻ་རན་ཛ་ན་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དེར་འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་ཁ་ཚོན་རྒྱང་གྲགས་ཙམ་ཚུན་ཆད་ཀྱི་ལམ་མངོན་པར་བཀོད་པར་གྱུར་ཏོ། ། ལམ་དེའི་འགྲམ་ གཡས་གཡོས་སུའང་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་འཕང་དུ་ཤིང་ཏ་ལ་བདུན་ཙམ་དུ་མཐོ་བ། སྟེང་དུ་རིན་པོ་ཆེའི་དྲ་བ་བྲེས་པ། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་ལེགས་པར་བརྒྱན་པར་སྤྲུལ་ཏོ། ། མདའ་རྒྱང་གང་ཙམ། མདའ་རྒྱང་གང་ཙམ་གྱི་ ཞིང་རིན་པོ་ཆེ་སྣ་བདུན་གྱི་ཤིང་ཏ་ལ་སྟེགས་བུ་དེ་བས་མཐོ་བ་མངོན་པར་སྤྲུལ་ཏེ། ཤིང་ཏ་ལ་ཐམས་ཅད་རིན་པོ་ཆེ་བརྒྱུས་པས་ཕན་ཚུན་འབྲེལ་བར་འདུག་གོ། ། ཤིང་ཏ་ལ་གཉིས་གཉིས་ཀྱི་བར་དུ་རྫིང་སྤོས་ཆུས་ཡོངས་སུ་གང་བ་གསེར་གྱི་བྱེ་མ་བདལ་བ། མེ་ཏོག་ཨུད་པ་ལ་དང་། པད་ མ་དང་། ཀུ་མུ་ད་དང་།
BOཔད་མ་དཀར་པོ་ལ་སོགས་པས་གང་བ། རིན་པོ་ཆེའི་སྟེགས་བུས་བསྐོར་བ། ནོར་བུ་རིན་པོ་ཆེ་བཻ་དཱུ་རྱས་ཐེམ་སྐས་བརྒྱན་པ། ཆུ་སྲེག་དང་། བྱ་གར་དང་། ངང་པ་དང་། ངུར་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་སྒྲ་འབྱིན་པའི་རྫིང་དག་བྱས་སོ། ། ལམ་དེ་ན་ལྷའི་བུ་མོ་ བརྒྱད་ཁྲི་ནི་སྤོས་ཆུས་ཆག་ཆག་འདེབས་སོ། ། ལྷའི་བུ་མོ་བརྒྱད་ཁྲི་ནི་མེ་ཏོག་སིལ་མ་ལྷའི་དྲི་བསུང་དང་ལྡན་པ་འཐོར་རོ། ། ཤིང་ཏ་ལ་ཐམས་ཅད་ཀྱི་མདུན་ལོགས་སུ་རིན་པོ་ཆེའི་མཁའ་རྟེན་བཞག་གོ། ། རིན་པོ་ཆེའི་མཁའ་རྟེན་ཐམས་ཅད་ལ་ལྷའི་བུ་མོ་ཙན་དན་དང་། ཨ་ག་རུའི་ཕྱེ་མའི་ཕུར་མ་ ཐོགས་པ་དང་། དུས་ཀྱི་རྗེས་སུ་འབྲང་བའི་བདུག་པའི་པོག་ཕོར་ཐོགས་པ་བརྒྱད་ཁྲི་འཁོད་པར་གྱུར་ཏོ། ། རིན་པོ་ཆེའི་མཁའ་རྟེན་ཐམས་ཅད་ལ་ལྷའི་བུ་མོ་ལྷའི་གླུ་དབྱངས་ལེན་པ་ལྔ་ཁྲི་འཁོད་པར་གྱུར་ཏོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཞིང་རྣམས་ནི་རབ་ཏུ་སྐྱོད། འོད་ཟེར་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་འབྱིན། སིལ་སྙན་བརྒྱ་སྟོང་ནི་སྒྲོགས། མེ་ཏོག་མང་པོའི་ཆར་ཆེན་པོ་ནི་འབེབས། གོས་བརྒྱ་སྟོང་གི་གཡབ་མོ་ནི་འདོར། རྔ་བོ་ཆེ་བརྒྱ་སྟོང་ནི་རྡུང་།
BOརྟ་དང་གླང་པོ་ཆེ་དང་། གླང་ཁྱུ་བ་རྣམས་ནི་སྒྲ་འབྱིན། བྱ་ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་དང་། ངང་པ་དང་། ངུར་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་བརྒྱ་སྟོང་ནི་བསྐོར་བ་བྱེད། བཀྲ་ཤིས་བརྒྱ་སྟོང་ནི་འབུལ་ཞིང་ལམ་གྱི་བཀོད་པ་རྣམ་པ་དེ་ལྟ་བུ་དེས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་སོང་ངོ་། ། གང་གི་ནུབ་མོ་བྱང་ཆུབ་ སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པར་གྱུར་པ་དེ་ཉིད་ཀྱི་ནུབ་མོ་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་དབང་སྒྱུར་ཞེས་བྱ་བ་དེས་ཚངས་པའི་འཁོར་ཆེན་པོ་དེ་ལ་བོས་ཏེ། འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་དག་ཤེས་པར་གྱིས་ཤིག ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་མནབས་པ། དམ་བཅས་པ་ཆེན་པོ་མ་བོར་བ། གོ་ཆ་སྲ་བ་མནབས་པ། ཐུགས་ཡོངས་སུ་མི་སྐྱོ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཚར་ཕྱིན་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ། བྱང་ཆུབ་སེམས་དཔའི་ས་ ཐམས་ཅད་ལ་མངའ་དབང་བརྙེས་པ། བྱང་ཆུབ་སེམས་དཔའི་བསམ་པ་ཐམས་ཅད་ཀྱི་བྱ་བ་ཤིན་ཏུ་མཁྱེན་པ།
BOསེམས་ཅན་ཐམས་ཅད་ཀྱི་དབང་པོའི་རྗེས་སུ་ཞུགས་པ། དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལ་ཤིན་ཏུ་ཞུགས་པ་བདུད་ཀྱི་ལས་ཀྱི་ལམ་ཐམས་ཅད་ལས་ཡང་དག་པར་ འདས་པ། དགེ་བའི་རྩ་བ་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་རབ་ཏུ་ཐར་པའི་ལམ་སྟོན་པ། དེད་དཔོན་ཆེན་པོར་གྱུར་པ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་མཛད་པ། སྟོང་གསུམ་ན་དཔའ་བོ་གཅིག་པུར་གྱུར་པ། ཆོས་ཀྱི་སྨན་ཐམས་ཅད་ཡང་དག་པར་བསྒྲུབས་པ། སྨན་པའི་རྒྱལ་པོ་ཆེན་པོ་རྣམ་པར་གྲོལ་བའི་ཐབས་ཐོབ་པ། ཆོས་ཀྱི་རྒྱལ་པོ་ཆེན་པོ་ཤེས་རབ་ཀྱི་འོད་ཆེན་པོ་གཏོང་བ། ཏོག་ཆེན་པོའི་རྒྱལ་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པས་ པད་མ་ཆེན་པོ་ལྟ་བུ། ཆོས་ཐམས་ཅད་ཀྱི་གཟུངས་མ་བསྙེལ་བ། རྒྱ་མཚོ་ཆེན་པོ་དང་འདྲ་བ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བ། མི་གཡོ་བ། མི་བསྐྱོད་པ། རི་རབ་ཆེན་པོ་ལྟ་བུ། ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དཀར་བའི་བློ་དང་ལྡན་པ། ནོར་ བུ་རིན་པོ་ཆེ་ཆེན་པོ་དང་འདྲ་བ། ཆོས་ཐམས་ཅད་ལ་དབང་བསྒྱུར་བ། སེམས་ལས་སུ་རུང་བ།
BOཚངས་པ་ཆེན་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་བདུད་ཀྱི་སྡེ་རབ་ཏུ་འདུལ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་བཞེད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཡོངས་སུ་རྫོགས་པར་མཛད་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། སེང་གེའི་སྒྲ་ཆེན་པོ་བསྒྲག་པ་དང་། ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་པ་ དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་རྣམ་པར་སྦྱང་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཚར་གཅད་པ་དང་། སྔོན་དམ་བཅས་པ་ཡོངས་སུ་རྫོགས་པ་ཀུན་ཏུ་བསྟན་པ་དང་། ཆོས་ཐམས་ཅད་ལ་དབང་ཕྱུག་གི་མངའ་དབང་བརྙེས་པར་མཛད་པའི་ཕྱིར་བྱང་ཆུབ་ ཀྱི་སྙིང་པོར་བཞུད་ཀྱིས། དེ་ལ་གྲོགས་པོ་དག་ཁྱེད་བྱང་ཆུབ་སེམས་དཔའ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་ལས་ཐམས་ཅད་ལ་སྤྲོ་བར་གྱིས་ཤིག ། དེ་ནས་ཚངས་པ་ཆེན་པོ་དབང་སྒྱུར་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། གང་གི་བསོད་ནམས་དག་དང་གཟི་བརྗིད་ དཔལ་གྱིས་བྱམས་དང་སྙིང་རྗེ་དགའ་བ་དང་། །
BOབཏང་སྙོམས་དང་ནི་བསམ་གཏན་དག་དང་དེ་བཞིན་མངོན་ཤེས་ཚངས་པའི་ལམ་སྣང་བ། ། བསྐལ་པ་སྟོང་དུ་སྤྱོད་པ་སྤྱད་པ་དེ་ནི་བྱང་ཆུབ་ཤིང་དྲུང་ཆས་པར་གྱུར། ། ཐུབ་པ་དེ་ལ་བསམ་པའི་བརྟུལ་ཞུགས་སྒྲུབ་པར་བྱེད་པའི་མཆོད་པ་ ལེགས་པར་བྱ། ། དེ་ལ་སྐྱབས་སུ་སོང་ན་ངན་འགྲོའི་འཇིགས་དང་མི་ཕྲད་མི་ཁོམ་མི་འགྱུར་ཏེ། ། ལྷ་ཡི་ནང་དུ་འདོད་པའི་བདེ་བ་རྙེད་ནས་ཚངས་པའི་གནས་ཡངས་འགྲོ་བར་འགྱུར། ། ལོ་དྲུག་བར་དུ་དཀའ་བ་སྤྱད་པ་སྤྱད་ནས་འདི་ནི་བྱང་ཆུབ་ཤིང་དྲུང་བཞུད། ། ཀུན་ཀྱང་ དགའ་ཞིང་རབ་ཏུ་མགུ་བའི་ཡིད་ཀྱིས་དེ་ལ་མཆོད་པ་ལེགས་པར་གྱིས། ། དེ་ནི་སྟོང་གསུམ་རྒྱལ་པོ་དབང་ཕྱུག་དམ་པ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ་སྟེ། ། བརྒྱ་བྱིན་ཚངས་པ་ཉི་ཟླའི་གྲོང་ཁྱེར་དག་ན་དེ་དང་མཉམ་པ་གང་ཡང་མེད། ། གང་བཙས་ཚེ་ན་ཞིང་རྣམས་བྱེ་བ་ཁྲག་ཁྲིག་རྣམ་པ་དྲུག་ཏུ་ གཡོས་གྱུར་པ། ། དེ་ནི་དེ་རིང་བདུད་ཀྱི་དཔུང་ལས་རྒྱལ་བར་མཛད་ཕྱིར་ཤིང་ཆེན་མཆོག་དྲུང་བཞུད། ། གང་གི་སྤྱི་གཙུག་ཚངས་པའི་གནས་འདིར་གནས་ཀྱང་བལྟ་བར་ནུས་པ་མ་ཡིན་ཞིང་། ། གང་གི་སྐུ་ལ་མཚན་རབ་དམ་པ་ལྡན་ཞིང་སུམ་ཅུ་རྩ་གཉིས་ལེགས་བརྒྱན་ལ། །
BOགང་གི་གསུང་འདིར་ ཡིད་དུ་འོང་ཞིང་སྙན་ལ་རྣར་འཐད་ཚངས་དབྱངས་སྒྲ་སྙན་ཅིང་། ། གང་གི་ཐུགས་ནི་རབ་ཞི་ཁྲོ་དང་བྲལ་བ་དེ་ལ་མཆོད་པ་བྱེད་དུ་འདོང་། ། གང་དག་བློ་གྲོས་བརྒྱ་བྱིན་ཚངས་པའི་གནས་སུ་བསམ་གཏན་བདེ་བས་འདའ་བྱ་དང་། ། ཉོན་མོངས་འཆིང་བའི་འཁྲི་ཤིང་ཀུན་དང་དྲ་བ་དེ་དག་གཅོད་པར་བྱེད་ འདོད་དང་། ། གཞན་ལས་མ་ཐོས་པར་ནི་རང་རྒྱལ་བྱང་ཆུབ་ཞི་བ་འཆི་མེད་འཐོབ་འདོད་དང་། ། གལ་ཏེ་ས་གསུམ་དག་ན་སངས་རྒྱས་ཉིད་འདོད་དེ་དག་འདྲེན་པ་མཆོད་པར་གྱིས། ། གང་གིས་རྒྱ་མཚོར་བཅས་པའི་ས་དང་དེ་བཞིན་རིན་པོ་ཆེ་རྣམས་མཐའ་ཡས་དང་། ། ཁང་{བཟངས་,བཟང་}སྐར་ཁུང་བསིལ་ ཁང་མང་ལྡན་པ་དང་ཟུང་དུ་སྦྲེལ་དང་བཞོན་པ་དང་། ། མེ་ཏོག་ཕྲེང་བ་ཤིན་ཏུ་མཛེས་པས་བརྒྱན་པ་སྐྱེད་མོས་ཚལ་གྱིས་རབ་བརྒྱན་དང་། ། རྐང་ལག་མགོ་དང་མིག་རྣམས་ཡོངས་སུ་བཏང་བ་དེ་ནི་བྱང་ཆུབ་སྙིང་པོར་ཞུགས། ། དགེ་སློང་དག་དེ་ལྟར་སྟོང་གསུམ་གྱི་ཚངས་པ་ཆེན་པོ་དེ་སྐད་ཅིག་དེ་ལ་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ཏེ། ལག་མཐིལ་ལྟར་མཉམ་པར་གྱུར་པ། གྱོ་མོ་དང་རྡོ་མེད་པ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་།
BOདུང་དང་། མན་ཤེལ་དང་། བྱུ་རུ་དང་། གསེར་དང་། དངུལ་མང་བ། རྩྭ་སྔོ་ཞིང་འཇམ་ལ་གཡས་སུ་འཁྱིལ་ཅིང་གཡུང་ དྲུང་འཁྱིལ་པ་ཀ་ཙ་ལིན་དི་ཀའི་གོས་ལྟར་རེག་ན་བདེ་བ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པ་འདིར་ཕྱིན་ཏོ། ། དེའི་ཚེ་རྒྱ་མཚོ་ཆེན་པོ་ཐམས་ཅད་ས་ལྟ་བུར་གྱུར་ཀྱང་ཆུ་ན་རྒྱུ་བའི་སེམས་ཅན་རྣམས་ལ་གནོད་པ་ཅུང་ཟད་ཀྱང་མེད་དོ། ། འཇིག་རྟེན་གྱི་ཁམས་དེ་ལྟར་བརྒྱན་པ་ འདི་ཕྱོགས་བཅུའི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཐོང་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ལེགས་པར་བརྒྱན་ཏོ། ། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ལྷའི་དང་མིའི་ལས་ ཤིན་ཏུ་འདས་པའི་མཆོད་པ་བཀོད་པ་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་བརྒྱན་པར་གྱུར་ཏོ། ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་བཀོད་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པས་སངས་རྒྱས་ཀྱི་ཞིང་གཅིག་ལྟ་བུར་སྣང་བར་གྱུར་ཏོ། ། འཇིག་རྟེན་གྱི་བར་དག་དང་། རི་ནག་པོ་དང་། ཁོར་ཡུག་དང་།
BOཁོར་ཡུག་ཆེན་པོ་དག་ཀྱང་མི་སྣང་བར་གྱུར་ཏོ། ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་འོད་ཀྱིས་གསལ་བར་སྣང་ངོ་། ། བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བའི་ལྷའི་བུ་བཅུ་དྲུག་ཡོད་དེ། ། འདི་ལྟ་སྟེ། ལྷའི་བུ་ ཨུད་ཀ་ལི་ཞེས་བྱ་བ་དང་། ལྷའི་བུ་མུད་ཀ་ལི་ཞེས་བྱ་བ་དང་། སྐྱེ་དགུའི་བདག་པོ་དང་། དཔའ་སྟོབས་དང་། དཔུང་རྒྱན་སྟོབས་དང་། རབ་བརྟན་དང་། ས་འཛིན་དང་། སྣང་བྱེད་དང་། དྲི་མ་མེད་དང་། ཆོས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་ཏོག་དང་། འགྲོ་གྲུབ་དང་། མིག་ཐོགས་པ་མེད་ དང་། བཀོད་པ་ཆེན་པོ་དང་། ཚུལ་ཁྲིམས་རྣམ་དག་དྲི་ལྡན་དང་། པད་མའི་འོད་དེ། ལྷའི་བུ་བཅུ་དྲུག་པོ་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བ་དག་སྟེ། ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པ་ཤ་སྟག་གོ། ། དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར་ བྱང་ཆུབ་ཀྱི་སྙིང་པོ་བརྒྱན་ཏེ། དཔག་ཚད་བརྒྱད་ཅུ་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་རིམ་པ་བདུན་གྱིས་ནི་བསྐོར། ཤིང་ཏ་ལའི་ཕྲེང་བ་རིམ་བདུན་དང་། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་རིམ་བདུན་དང་།
BOརིན་པོ་ཆེ་བརྒྱུས་པ་རིམ་པ་བདུན་གྱིས་ནི་བསྐོར། འཛམ་ བུའི་ཆུ་བོའི་གསེར་གྱི་གླེགས་བམ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་དག་དང་། གསེར་གྱི་ཙོང་ཙོང་དག་དང་། འཛམ་བུའི་ཆུ་བོའི་གསེར་གྱི་པད་མ་དག་གིས་ནི་ཁེབས་པར་བྱས། སྙིང་པོ་མཆོག་གི་སྤོས་ཀྱིས་ནི་བདུགས། རིན་པོ་ཆེའི་དྲ་བ་ནི་བྲེས་སོ། ། ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ཐ་དད་པ་དག་ན་ཤིང་སྣ་ཚོགས་མངོན་པར་འཕགས་པ། བཟང་བ་མངོན་དུ་མཆོད་པ། ལྷ་ཡུལ་བ་དང་། མི་ཡུལ་བ་གང་དག་ན་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། ། ཕྱོགས་བཅུ་དག་ན་ཆུ་ནས་སྐྱེ་བ་དང་། ཐང་ལས་སྐྱེ་བའི་ མེ་ཏོག་རྣམ་པ་སྣ་ཚོགས་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐ་དད་པ་དག་ན། བྱང་ཆུབ་སེམས་དཔའ་གང་དག་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་བཀོད་པ་དག་གིས་བྱང་ཆུབ་ཀྱི་ སྙིང་པོ་བརྒྱན་པར་བྱེད་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། །
BOདེ་ལྟར་ལྷའི་བུ་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བ་དག་གིས་བྱང་ཆུབ་ཀྱི་སྙིང་པོར་བཀོད་པ་དེ་འདྲ་བ་དག་སྤྲུལ་པར་གྱུར་ཏེ། དེ་དག་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དག་གིས་མཐོང་ ནས་རང་རང་གི་གནས་ལ་དུར་ཁྲོད་ཙམ་གྱི་འདུ་ཤེས་སྐྱེད་པར་གྱུར་ཏོ། ། བཀོད་པ་དེ་དག་མཐོང་ནས་ཤིན་ཏུ་ངོ་མཚར་ཆེར་འཛིན་ཏེ། ཨེ་མའོ་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པ་བསམ་གྱིས་མི་ཁྱབ་པ་ལེགས་སོ་ཞེས་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་དོ། ། བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་བཞི་ཡོད་དེ་ འདི་ལྟ་སྟེ། འོད་མ་དང་། སྙན་ལྡན་དང་། ཡིད་{བཟངས་,བཟང་}དང་། མདངས་ལྡན་མ་སྟེ། བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་བཞི་པོ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཤིང་རྩ་བ་ཕུན་སུམ་ཚོགས་པ། སྡོང་པོ་ཕུན་སུམ་ཚོགས་པ། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་ཕུན་སུམ་ཚོགས་པ། ཁྲུན་དང་སྦོམས་ཕུན་སུམ་ཚོགས་པ་མཛེས་པ། བལྟ་ན་སྡུག་པ། ཤིན་ཏུ་འགེལ་བ། འཕང་དུ་ཤིང་ཏ་ལ་བདུན་སྲིད་ཙམ་དུ་མཐོ་བ། དེ་དང་འཚམ་པར་འགེལ་བ། བཀྲ་བ། བལྟ་ན་སྡུག་པ། ཡིད་དུ་འོང་བ།
BOརིན་པོ་ཆེ་སྣ་བདུན་ གྱི་སྟེགས་བུ་རིམ་བདུན་གྱིས་བསྐོར་བ། རིན་པོ་ཆེའི་ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་དང་། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་རིམ་པ་བདུན་དང་། རིན་པོ་ཆེ་བརྒྱུས་པའི་ཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་ཅིང་ཕྱི་རིམ་བསྐོར་བ། ཤིང་ཡོངས་འདུ་ས་བརྟོལ་དང་འདྲ་བ། མིག་གིས་བལྟ་ བས་མི་ངོམས་པ་བསྐྱེད་དོ། ། གང་དུ་བྱང་ཆུབ་སེམས་དཔའ་འདུག་ནས་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པའི་ས་ཕྱོགས་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོ་རྗེའི་དཀྱིལ་ཏེ། སྲ་བ། སྙིང་པོ་ཡོད་པ། མི་ཕྱེད་པ། རྡོ་རྗེའི་རང་བཞིན་དུ་གནས་པར་ གྱུར་པའོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ན་ལུས་ལས་རྣམ་པ་འདི་ལྟ་བུའི་འོད་འགྱེད་དེ། འོད་དེས་ངན་སོང་ཐམས་ཅད་ཞི་བར་གྱུར་ཏོ། ། མི་ཁོམ་པ་ཐམས་ཅད་བཅད་པར་གྱུར་ཏོ། ། ངན་འགྲོའི་ཚོར་བ་ཐམས་ཅད་བསྐམས་པར་གྱུར་ཏོ། ། སེམས་ཅན་ གང་དག་དབང་པོ་མ་ཚང་བ་དེ་དག་ནི་དབང་པོ་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཏོ། ། ནད་ཀྱིས་བཏབ་པ་རྣམས་ནི་ནད་སོས་པར་གྱུར་ཏོ། །
BOམི་བདེ་བ་ཐམས་ཅད་ནི་བདེ་བ་ཐོབ་པར་གྱུར་ཏོ། ། འཇིགས་པས་ཉེན་པ་རྣམས་ནི་དབུགས་ཕྱིན་པ་ཐོབ་པར་གྱུར་ཏོ། ། བཅིང་བས་བཅིངས་པ་རྣམས་ ནི་བཅིངས་པ་ལས་གྲོལ་བར་གྱུར་ཏོ། ། སེམས་ཅན་དབུལ་པོ་རྣམས་ནི་ལོངས་སྤྱོད་དང་ལྡན་པར་གྱུར་ཏོ། ། ཉོན་མོངས་པས་གདུངས་པ་རྣམས་ནི་ཡོངས་སུ་གདུང་བ་མེད་པར་གྱུར་ཏོ། ། བཀྲེས་པ་རྣམས་ནི་ལྟོ་འགྲངས་པར་གྱུར་ཏོ། ། སྐོམ་པ་རྣམས་ནི་སྐོམ་པ་མེད་པར་གྱུར་ཏོ། ། སྦྲུམ་མ་རྣམས་ནི་ བདེ་བར་བཙས་པར་གྱུར་ཏོ། ། ཞུམ་པ་ཉམ་ཆུང་བ་རྣམས་ནི་སྟོབས་ཕུན་སུམ་ཚོགས་པར་གྱུར་ཏོ། ། དེའི་ཚེ་སེམས་ཅན་གང་ལ་ཡང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། ཁྲོ་བ་དང་། ཆགས་པ་དང་། ཐ་བ་དང་། གནོད་སེམས་དང་། ཕྲག་དོག་གི་གནོད་པ་མེད་པར་གྱུར་ཏོ། ། དེའི་ཚེ་སེམས་ཅན་གང་ཡང་འཆི་བ་མེད། འཕོ་བ་མེད། སྐྱེ་བ་མེད་དོ། ། དེའི་ཚེ་སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང་། ཕན་པའི་སེམས་དང་ལྡན་ཞིང་གཅིག་ལ་གཅིག་ཕ་མར་འདུ་ཤེས་བསྐྱེད་པར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། མནར་མེད་པ་ལ་ཐུག་པའི་བར། ། དམྱལ་བ་ མི་བཟད་སྣང་བ་ཡི། ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི། ། བདེ་བའི་ཚོར་བ་ཐོབ་པར་འགྱུར།
BO། དུད་འགྲོའི་སྐྱེ་གནས་སེམས་ཅན་རྣམས། ། ཕན་ཚུན་གནོད་བྱེད་ཇི་སྙེད་པ། ། ཐུབ་ཆེན་འོད་ཀྱིས་རེག་པས་ན། ། དེ་དག་བྱམས་པའི་སེམས་ཀྱང་སྐྱེས། ། {ཡི་དགས་,ཡི་དྭགས་}འཇིག་རྟེན་{ཡི་དགས་,ཡི་དྭགས་} རྣམས། ། བཀྲེས་སྐོམ་ཉེན་པ་ཇི་སྙེད་པ། ། བྱང་ཆུབ་སེམས་དཔའི་གཟི་བརྗིད་ཀྱིས། ། དེ་དག་ཟས་སྐོམ་རྙེད་པར་གྱུར། ། མི་ཁོམ་ཐམས་ཅད་ཆད་གྱུར་ཅིང་། ། ངན་འགྲོ་རྣམས་ཀྱང་སྐམས་པར་གྱུར། ། སེམས་ཅན་ཐམས་ཅད་བདེར་གྱུར་ཏེ། ། ལྷ་ཡི་བདེ་བས་རབ་ཏུ་ཚིམ། ། མིག་དང་རྣ་བ་ མེད་པ་དང་། ། གཞན་ཡང་གང་དག་དབང་པོ་ཉམས། ། དེ་དག་དབང་པོ་ཀུན་རྫོགས་ཤིང་། ། ཡན་ལག་ཐམས་ཅད་མཛེས་པར་གྱུར། ། འདོད་ཆགས་ཞེ་སྡང་ལ་སོགས་པའི། ། ཉོན་མོངས་རྣམས་ཀྱིས་སེམས་ཅན་གང་། ། གནོད་གྱུར་དེ་ཚེ་ཉོན་མོངས་ཀུན། ། ཞི་བར་གྱུར་ཏེ་བདེ་དང་ལྡན། ། སྨྱོས་པ་དག་ནི་དྲན་ལྡན་ཞིང་། ། དབུལ་པོ་དག་ཀྱང་ནོར་དང་ལྡན། ། ནད་ཀྱིས་བཏབ་པ་ནད་སོས་ཤིང་། ། བཅིང་བས་བཅིངས་པ་གྲོལ་བར་གྱུར། ། སེར་སྣ་མེད་ཅིང་དགྲ་མེད་དེ། ། གནོད་སེམས་དང་ནི་རྩོད་པ་དག ། ཕན་ཚུན་བྱེད་པ་མེད་གྱུར་ཏེ། ། དེ་ཚེ་བྱམས་པའི་སེམས་སུ་གནས། ། ཕ་དང་ མ་དག་བུ་གཅིག་ལ། །
BOཇི་ལྟར་ཕངས་པར་སེམས་པ་ལྟར། ། དེ་བཞིན་སེམས་ཅན་ཕན་ཚུན་དུ། ། དེ་ཚེ་བུ་ཕངས་བཞིན་དུ་སེམས། ། བྱང་ཆུབ་སེམས་དཔའི་འོད་དྲ་ཡིས། ། ཕྱོགས་བཅུའི་ཕྱོགས་ནི་ཀུན་ཏུ་ཡང་། ། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། ། ཞིང་རྣམས་བསམ་གྱིས་མི་ཁྱབ་ གསལ། ། རི་བོ་ནག་པོ་རྣམས་དང་ནི། ། ཁོར་ཡུག་དག་ཀྱང་མི་སྣང་གྱུར། ། རྒྱ་ཆེན་ཞིང་རྣམས་དེ་དག་ཀུན། ། གཅིག་པོ་ཇི་བཞིན་དེ་ལྟར་སྣང་། ། ལག་མཐིལ་ལྟ་བུར་གྱུར་པ་སྟེ། ། བྱང་ཆུབ་སེམས་དཔའ་མཆོད་པའི་ཕྱིར། ། ཞིང་རྣམས་ཐམས་ཅད་ལེགས་བརྒྱན་པས། ། ཐམས་ཅད་རིན་ ཆེན་ཉིད་དུ་སྣང་། ། བྱང་ཆུབ་སྙིང་པོའི་རིམ་གྲོ་པ། ། ལྷ་ནི་དེ་ལྟར་བཅུ་དྲུག་ཡོད། ། དཔག་ཚད་བརྒྱད་ཅུའི་ས་ཁྱོན་ནང་། ། བྱང་ཆུབ་སྙིང་པོ་བརྒྱན་པར་གྱུར། ། ཞིང་རྣམས་བྱེ་བ་མཐའ་ཡས་ན། ། བཀོད་པ་ཆེན་པོ་གང་ཡོད་པ། ། བྱང་ཆུབ་སེམས་དཔའི་གཟི་བརྗིད་ཀྱིས། ། དེ་དག་ཐམས་ཅད་དེར་ ཡང་སྣང་། ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། ། མིའམ་ཅི་དང་ལྟོ་འཕྱེ་ཆེ། ། རང་རང་གཞལ་མེད་ཁང་རྣམས་ལ། ། དུར་ཁྲོད་ཙམ་དུ་ཤེས་པར་གྱུར། ། འདིར་ནི་བཀོད་པ་དེ་མཐོང་ནས། ། ལྷ་དང་མི་རྣམས་ངོ་མཚར་གྱུར། །
BOབསོད་ནམས་གང་གི་རྒྱུ་འཐུན་འདིར། ། ཕུན་སུམ་འདི་འདྲ་འདི་ལེགས་ འཚར། ། ལུས་དང་ངག་དང་ཡིད་རྣམས་ཀྱིས། ། བརྩོན་པར་བྱེད་པ་མེད་པར་ཡང་། ། དེ་ཡི་ཡིད་ལ་འདོད་པ་དང་། ། བསམ་པ་ཐམས་ཅད་རབ་ཏུ་འགྲུབ། ། ཇི་ལྟར་བསམ་པ་གཞན་དག་ཀྱང་། ། སྔོན་སྤྱོད་ཚེ་ན་རྫོགས་གྱུར་པ། ། ལས་དེའི་རྣམ་པར་སྨིན་པ་ཡིས། ། འདི་འདྲའི་ཕུན་སུམ་ཚོགས་ འདི་བྱུང་། ། བྱང་ཆུབ་ཤིང་གི་ལྷ་མོ་བཞིས། ། ལྷ་ཡི་ཤིང་ནི་ཡོངས་འདུ་བ། ། དེ་བས་ཁྱད་པར་འཕགས་པ་ཡིས། ། བྱང་ཆུབ་སྙིང་པོར་བརྒྱན་པར་བྱས། ། བྱང་ཆུབ་སྙིང་པོའི་བཀོད་པ་གང་། ། ལྷ་ཡིས་མངོན་པར་འདུས་བྱས་པ། ། ཡོན་ཏན་དེ་དག་ཚིག་གིས་ནི། ། ཐམས་ཅད་བརྗོད་པར་ཡོང་ མི་ནུས། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ལུས་ལས་འོད་ཕྱུང་བ་རྣམ་པར་དག་པ། དྲི་མ་མེད་པ། ལུས་དང་སེམས་ཚིམ་པར་བྱེད་ཅིང་དགའ་བསྐྱེད་པ། ཉོན་མོངས་པ་ཐམས་ཅད་སེལ་བ། སེམས་ཅན་ལ་དགའ་བ་དང་། བདེ་བ་དང་། དད་པ་དང་། མཆོག་ཏུ་ དགའ་བ་ཐམས་ཅད་སྐྱེད་པ་དེས་ཀླུའི་རྒྱལ་པོ་ནག་པོའི་གནས་སྣང་བར་བྱས་པར་མཐོང་ནས།
BOདེའི་ཚེ་ཀླུའི་རྒྱལ་པོ་ནག་པོ་རང་གི་འཁོར་གྱི་མདུན་དུ་འདུག་སྟེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། གང་ཕྱིར་བདག་གི་གནས་འདི་གསེར་གྱི་འོད་ཀྱིས་བརྒྱན་པར་ལྷ་དེར་གྱུར་པ་ལས། ། ཇི་ལྟར་ འཁོར་བ་འཇིག་གི་འོད་མཛེས་མཐོང་ཞིང་གསེར་ཞེས་བྱ་བ་མཐོང་བ་དང་། ། ཇི་ལྟར་འོད་སྲུང་ཆོས་ཀྱི་རྒྱལ་པོ་སྐྱོན་མེད་པ་ཡི་དྲི་མེད་འོད་མཐོང་ལྟར། ། མཚན་མཆོག་ལྡན་ཞིང་ཕན་མཛད་ཡེ་ཤེས་འོད་ལྡན་པ་ཞིག་འབྱུང་དུ་ཐེ་ཚོམ་མེད། ། སྔོན་ཆད་ཉེས་པར་བྱས་པའི་ལས་ཀྱིས་བདག་གི་ ཁྱིམ་ནི་ཤིན་ཏུ་མུན་པས་གང་། ། ཁྱིམ་འདི་ན་ནི་ཉི་མ་ཟླ་བ་དག་གིས་རྒྱ་ཆེར་འོད་ཀྱང་ཡོང་མི་སྣང་། ། མེ་དང་ནོར་བུ་དག་དང་དྲི་མེད་གློག་དང་སྐར་མ་རྣམས་ཀྱི་འོད་མི་སྣང་། ། བརྒྱ་བྱིན་འོད་དང་ཚངས་པའི་འོད་དང་ལྷ་མིན་རྣམས་ཀྱི་འོད་ཀྱང་མི་སྣང་ན། ། དེ་རིང་ཁྱིམ་འདིའི་ནང་དུ་ཉི་མའི་འོད་འདྲ་བ་ཡི་ དགེ་བས་མཛེས་གྱུར་ལ། ། སེམས་ཀྱང་དགའ་བསྐྱེད་ཅིང་ལུས་ཀྱང་བདེ་བར་གྱུར་ལ་ལུས་ནི་བསིལ་གྱུར་ཏེ། ། ལུས་ཀྱི་སྟེང་དུ་བྱེ་ཚན་འབབ་པ་དེ་ཡང་བདག་ལ་བསིལ་བར་གྱུར་པ་ལས། ། བསྐལ་པ་བྱེ་བ་མང་པོར་སྤྱད་པ་བྱང་ཆུབ་ཤིང་དྲུང་བཞུད་པར་ཤིན་ཏུ་གསལ། །
BOཀླུ་ཡི་མེ་ཏོག་མཛེས་དང་ བཟང་ལ་དྲི་ཞིམ་གོས་དང་མུ་ཏིག་དོ་ཤལ་དང་། ། རྒྱན་དང་གདུ་བུ་དག་དང་ཕྱེ་མ་རྣམས་དང་བདུག་པ་མཆོག་རྣམས་མྱུར་ཐོགས་ལ། ། གླུ་དབྱངས་དག་དང་རོལ་མོའི་དབྱངས་སྒྲ་སྣ་ཚོགས་གྱིས་ཤིག་རྔ་དང་རྫ་རྔ་བཟང་། ། བརྡུང་ཞིང་འགྲོ་བླ་ཀུན་གྱིས་མཆོད་འོས་ཕན་པ་མཛད་ལ་མཆོད་པ་བྱེད་དུ་འདེང་། ། དེ་ནི་ལངས་ཏེ་ཀླུ་ཡི་བུ་མོ་རྣམས་དང་ལྷན་ཅིག་ཕྱོགས་བཞིར་བལྟས་པ་དང་། ། དེ་ནས་རི་བོ་ལྷུན་པོ་ལྟ་བུར་གཟི་བརྗིད་རྣམས་ཀྱིས་ལེགས་པར་བརྒྱན་པ་ཞིག ། ལྷ་དང་ལྷ་མིན་བྱེ་བ་དག་དང་ཚངས་པའི་དབང་དང་གནོད་སྦྱིན་རྣམས་ཀྱིས་བསྐོར། ། དགའ་བའི་ཡིད་ཀྱིས་དེ་ལ་མཆོད་བྱེད་ཤུལ་ནི་ འདི་ཞེས་སྟོན་ཅིང་འདོང་བ་མཐོང་། ། ཀླུ་ཡི་རྒྱལ་དེ་རབ་ཏུ་དགའ་ཞིང་མགུ་ནས་འཇིག་རྟེན་མཆོག་ལ་མཆོད་བྱས་ཏེ། ། གུས་དང་བཅས་པས་དེ་ཡི་རྐང་པ་གཉིས་ལ་ཕྱག་འཚལ་ཐུབ་པའི་མདུན་དུ་འདུག ། ཀླུ་ཡི་བུ་མོ་རྣམས་ཀྱང་དགའ་ཞིང་མགུ་བའི་ཡིད་ཀྱིས་ཐུབ་ལ་མཆོད་པ་བྱེད། ། མེ་ཏོག་རྣམས་ དང་སྤོས་དང་བྱུག་པ་དག་ཀྱང་འཐོར་ཞིང་སིལ་སྙན་རྣམས་ཀྱང་བྱེད། ། ཀླུ་ཡི་རྒྱལ་པོ་རབ་ཏུ་དགའ་ནས་ཐལ་སྦྱར་ཡང་དག་ཡོན་ཏན་རྣམས་ཀྱིས་བསྟོད། །
BOའདྲེན་པ་འཇིག་རྟེན་དམ་པ་དགུང་ཟླ་ཉ་བའི་ཞལ་འདྲ་མཐོང་བར་གྱུར་པ་ལེགས། ། བདག་གིས་སྔོན་ཆད་དྲང་སྲོང་རྣམས་ཀྱི་མཚན་མ་མཐོང་བ་ ཁྱོད་ཀྱང་དེ་འདྲ་སྟེ། ། དེ་རིང་ཁྱོད་ཀྱིས་བདུད་ཀྱི་དཔུང་རྣམས་བཅོམ་སྟེ་བཞེད་པའི་གོ་འཕང་བརྙེས་པར་འགྱུར། ། གང་གི་དོན་དུ་སྔན་ཆད་དུལ་དང་སྦྱིན་དང་བསྡམས་ཤིང་བདོག་པ་ཀུན་བཏང་ལ། ། གང་གི་དོན་དུ་དུལ་དང་ཚུལ་ཁྲིམས་བྱམས་དང་སྙིང་རྗེ་བ་དང་བཟོད་པ་བསྒོམས། ། གང་གི་དོན་དུ་བརྩོན་ འགྲུས་བརྟན་དང་བསམ་གཏན་དགྱེས་དང་ཤེས་རབ་འབར་མཛད་པ། ། ཁྱོད་ཀྱི་སྨོན་ལམ་དེ་དག་ཐམས་ཅད་རབ་ཏུ་རྫོགས་ནས་དེ་རིང་རྒྱལ་བར་འགྱུར། ། ཇི་ལྟར་ལྗོན་ཤིང་ལོ་མ་མེ་ཏོག་འབྲས་བུར་བཅས་པ་བྱང་ཆུབ་ཤིང་ལ་འདུད། ། ཇི་ལྟར་བུམ་པ་ཆབ་ཀྱིས་གང་བ་སྟོང་དག་ཁྱོད་ལ་བསྐོར་བ་ རབ་བགྱིད་ཅིང་། ། ཇི་ལྟར་ཙ་ཤའི་ཚོགས་རྣམས་རབ་ཏུ་དགའ་སྟེ་སྙན་པའི་སྒྲ་སྐད་འབྱིན་པ་དང་། ། ཇི་ལྟར་ངང་པ་ཁྲུང་ཁྲུང་ཚོགས་ཀྱང་མཁའ་ལ་མཆི་ཞིང་ཚུལ་དུ་ཤིས་ལྡན་པར། ། དང་བའི་ཡིད་ཀྱིས་དྲང་སྲོང་ལ་ནི་བསྐོར་བ་བགྱིད་ལས་དེ་རིང་དགྲ་བཅོམ་འགྱུར། ། ཇི་ལྟར་གསེར་གྱི་ཁ་དོག་ལྟ་ བུར་མཛེས་པའི་འོད་རྣམས་ཞིང་ནི་བརྒྱར་མཆིས་ཏེ།
BO། ཇི་ལྟར་ངན་སོང་མཐའ་དག་ཞི་བར་བགྱིད་ཅིང་སྐྱེ་དགུའི་སྡུག་བསྔལ་ཐར་བགྱིད་དང་། ། ཇི་ལྟར་ཉི་མ་ཟླ་བའི་གནས་ཀྱི་རྒྱུན་ཚད་བསེར་མའང་དལ་བུས་ལྡང་བ་ལས། ། སྲིད་པ་གསུམ་དུ་སྐྱེ་དང་རྒ་བ་ཐར་མཛད་པ་ཡི་དེད་དཔོན་དེ་རིང་འགྱུར། ། ཇི་ལྟར་ལྷ་ རྣམས་འདོད་པའི་དགའ་བ་སྤངས་ཏེ་ཁྱོད་ལ་མཆོད་དུ་ལྷགས་པ་དང་། ། ཚངས་དང་ཚངས་པའི་མདུན་ན་འདོན་དང་ལྷ་རྣམས་བསམ་གཏན་བདེ་བ་སྤངས་པ་དང་། ། གང་ཡང་སྲིད་པ་གསུམ་ན་དབང་ཕྱུག་དམ་པ་མཆིས་པ་ཐམས་ཅད་འདིར་ལྷགས་ལས། ། སྲིད་པ་གསུམ་དུ་སྐྱེ་རྒ་ཐར་བ་མཛད་པའི་སྨན་ པའི་རྒྱལ་པོ་དེ་རིང་བྱོན། ། ཇི་ལྟར་ལྷ་རྣམས་དག་གིས་ཕྱག་དར་བགྱིས་པའི་ཤུལ་དེ་ནས་ནི་ཁྱོད་གཤེགས་ལ། ། བཅོམ་ལྡན་འཁོར་བ་འཇིག་དང་གསེར་ཞེས་བགྱི་དང་འོད་སྲུང་དག་ཀྱང་དེ་ནས་གཤེགས། ། ཇི་ལྟར་པད་མ་བཟང་པོ་དྲི་མ་མ་མཆིས་རྣམ་དག་དོག་ས་བརྟོལ་བྱུང་སྟེ། ། དེ་ལ་སྟོབས་ཆེན་ལྡན་པ་ཞབས་ཀྱི་གོམ་པ་འདོར་ལས་དེ་རིང་དགྲ་བཅོམ་འགྱུར། ། བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མའི་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་བདུད། ། དེ་དག་རྣམས་ཀྱིས་བྱང་ཆུབ་ཤིང་དྲུང་ནས་ནི་ཁྱོད་ལ་བསྐྱོད་པའམ་གཡོས་མ་ནུས། །
BOམཆོད་སྦྱིན་ཁྲག་ཁྲིག་ཕྲག་སྟོང་རྣམ་པ་དུ་མ་གང་གཱ་ ཀླུང་གི་བྱེ་མ་སྙེད། ། ཁྱོད་ཀྱིས་མཛད་ཅིང་འགྲོ་ལ་ཕན་ཕྱིར་སྤྱད་པ་དེས་ན་འདིར་ནི་རྣམ་པར་མཛེས། ། རྒྱུ་སྐར་ཟླ་བར་བཅས་ཤིང་སྐར་མ་ཉི་མར་བཅས་པ་མཁའ་ལས་སར་ལྟུང་གདའ། ། རི་མཆོག་ཆེན་པོ་རང་གི་གནས་ནས་གཡོ་ཞིང་རྒྱ་མཚོ་སྐམས་པར་འགྱུར་ཡང་གདའ། ། སྐྱེས་བུ་མཁས་ པ་ལ་ལས་ཁམས་བཞི་པོ་དག་རེ་རེ་ནས་ནི་སྟོན་ནུས་གདའ། ། ཁྱོད་ནི་ཤིང་གི་རྒྱལ་པོའི་དྲུང་དུ་གཤེགས་ནས་བྱང་ཆུབ་མ་ཐོབ་བཞེངས་མི་གདའ། ། གང་གི་སླད་དུ་ཁ་ལོ་སྒྱུར་བ་མཐོང་ཞིང་མཆོད་བགྱིས་ཡོན་ཏན་བརྗོད་པ་དང་། ། བྱང་ཆུབ་ཏུ་ཡང་སྤྲོ་བས་བདག་གིས་རྙེད་པ་འཕེལ་བ་རྒྱ་ཆེན་རྙེད་ པར་གྱུར། ། བུར་བཅས་བདག་དང་ཀླུ་ཡི་བུ་མོ་ཐམས་ཅད་སྐྱེ་གནས་འདི་ལས་ཐར་གྱུར་ཅིང་། ། གླང་པོ་དྲེགས་པའི་སྟབས་སུ་བཞུད་པ་ཁྱོད་ཀྱི་སྟབས་དེས་བདག་ཅག་མཆི་བར་བགྱི། ། དགེ་སློང་དག་དེ་ལྟར་ཀླུའི་རྒྱལ་པོ་ནག་པོའི་ཆུང་མ་དམ་པ་གསེར་འོད་ཅེས་བྱ་བ་ཀླུའི་བུ་མོ་རིན་པོ་ཆེའི་ གདུགས་སྣ་ཚོགས་ཐོགས་པ་དང་། སིལ་སྙན་སྣ་ཚོགས་ཐོགས་པ་དང་། མུ་ཏིག་གི་དོ་ཤལ་སྣ་ཚོགས་ཐོགས་པ་དང་།
BOནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ་དང་། ལྷའི་དང་མིའི་ཕྲེང་བ་བརྒྱུས་པ་སྣ་ཚོགས་ཐོགས་པ་དང་། པོག་ཕོར་སྣ་ཚོགས་ཐོགས་པ་དང་། སིལ་སྙན་དང་གླུ་ དབྱངས་སྣ་ཚོགས་ལེན་པ་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའི་གན་དུ་འདོང་ཞིང་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་མངོན་པར་གཏོར་ཏེ་ཚིགས་སུ་བཅད་པ་འདི་དག་གིས་ཀྱང་བསྟོད་དོ། ། འཁྲུལ་པ་མི་མངའ་མི་བསྙེངས་མི་འཛེམ་བག་མི་ཚ། ། མ་ཞུམ་མི་ དམན་རབ་ཏུ་དགྱེས་པར་གདུལ་དཀའ་བ། ། མ་ཆགས་མི་སྡང་མ་རྨོངས་བརྐམ་པ་མི་མངའ་བ། ། ཆགས་བྲལ་རྣམ་གྲོལ་དྲང་སྲོང་ཁྱོད་ལ་ཕྱག་འཚལ་ལོ། ། སྨན་པ་ཟུག་རྔུ་བྲལ་བ་གདུལ་བ་འདུལ་མཛད་པ། ། འགྲོ་བ་སྡུག་བསྔལ་རྣམས་ལས་ཐར་མཛད་སྨན་པ་མཆོག ། གནས་དང་སྐྱབས་མ་མཆིས་ ཤིང་དམན་པ་མཁྱེན་ནས་ནི། ། འཇིག་རྟེན་གསུམ་འདིར་གནས་དང་སྐྱབས་སུ་ཁྱོད་བྱུང་ངོ་། ། ཇི་ལྟར་ལྷ་ཚོགས་རབ་ཏུ་དད་ཅིང་དགར་གྱུར་ཏེ། ། མེ་ཏོག་ཆར་པ་ཆེན་པོ་མཁའ་ལས་འབེབས་པ་དང་། ། འདི་དག་ཇི་ལྟར་གོས་ཆེན་འཐོར་བར་བགྱིད་པ་ལས། ། དེ་རིང་རྒྱལ་བར་འགྱུར་གྱིས་རབ་ཏུ་ དགྱེས་པར་མཛོད། ། ཤིང་དབང་དྲུང་དུ་གཤེགས་ལ་བསྙེངས་པ་མི་མངར་བཞུགས། །
BOབདུད་ཀྱི་སྡེ་ལས་རྒྱལ་མཛོད་ཉོན་མོངས་དྲ་བ་དྲོལ། ། སྔོན་གྱི་རྒྱལ་དབང་རྣམས་ཀྱིས་ཇི་ལྟར་སངས་རྒྱས་ལྟར། ། བྱང་ཆུབ་ཞི་བ་དམ་པ་མཆོག་ཏུ་འཚང་རྒྱར་མཛོད། ། ཁྱོད་ཀྱིས་གང་གི་དོན་དུ་བསྐལ་པ་བྱེ་ མང་དུ། ། འགྲོ་བ་སྒྲོལ་བའི་དོན་དུ་དཀའ་བ་སྤྱད་པ་མཛད། ། ཁྱོད་ཀྱིས་དགོངས་པ་རྫོགས་ཏེ་དུས་ལ་ད་བབ་ཀྱིས། ། ཤིང་དབང་དྲུང་དུ་གཤེགས་ཏེ་བྱང་ཆུབ་མཆོག་རེག་མཛོད། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་ཅི་ ཞིག་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སྙམ་མོ། ། དེ་ནས་དེས་ཡང་འདི་སྙམ་དུ་བསམས་ཏེ། རྩྭ་བཏིང་ནས་བཞུགས་སོ་སྙམ་མོ། ། དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་ཚོགས་བརྒྱ་སྟོང་བར་སྣང་ལ་འཁོད་པ་དག་གིས་བྱང་ ཆུབ་སེམས་དཔའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་ཚིག་འདི་སྐད་ཅེས་སྨྲས་སོ། ། དེ་དེ་བཞིན་ནོ། ། སྐྱེས་བུ་དམ་པ་དེ་དེ་བཞིན་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་རྩྭ་བཏིང་བ་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་ རྒྱས་སོ། །
BOདགེ་སློང་དག་བྱང་ཆུབ་སེམས་དཔས་ལམ་གྱི་གཡས་རོལ་ན་རྩྭ་འཚོང་བཀྲ་ཤིས་པ་ཞེས་བྱ་བ་རྩྭ་སྔོ་བ། འཇམ་པ། ཤིན་ཏུ་གཞོན་པ། ཉམས་དགའ་བ། ལྕང་ལོར་འཁྲིལ་བར་འདུག་པ། གཡས་སུ་འཁྱིལ་བ། རྨ་བྱའི་མགྲིན་པ་ལྟ་བུ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་ བདེ་བ། དྲི་རབ་ཏུ་ཞིམ་པ། ཁ་དོག་དང་ལྡན་པ། ཡིད་དུ་འོང་བ་དག་བརྔ་ཞིང་འདུག་པ་མཐོང་ངོ་། ། མཐོང་ནས་ཀྱང་བྱང་ཆུབ་སེམས་དཔས་ལམ་བོར་ཏེ། རྩྭ་འཚོང་བཀྲ་ཤིས་པ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རྩྭ་འཚོང་བཀྲ་ཤིས་པ་ལ་སྙན་པའི་ཚིག་གིས་སྨྲས་ཏེ། ཚིག་ དེ་ནི་ཀུན་ཤེས་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་དང་། རྣམ་པར་གསལ་བ་དང་། མི་ཆོད་པ་དང་། ཆགས་པར་བྱེད་པ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། སྣུམ་པ་དང་། གོ་བར་བྱེད་པ་དང་། སྐུལ་བ་དང་། ཚིམ་པར་བྱེད་པ་དང་། དགའ་བར་བྱེད་པ་ དང་། མི་རྩུབ་པ་དང་། ཤ་ཤ་བོ་མ་ཡིན་པ་དང་། མི་བརླང་བ་དང་། མི་བརྐམ་པ་དང་། འཇམ་པ་དང་། སྙན་པ་དང་། རྣར་བདེ་བ་དང་། ལུས་དང་སེམས་ཤིན་ཏུ་དགའ་བར་བྱེད་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་འཐབ་པ་དང་། རྙོག་པ་སེལ་བ་དང་། ཀ་ལ་པིང་ཀའི་ སྒྲ་སྐད་ལྟ་བུ་དང་།
BOབྱ་ཀུ་ན་ལ་དང་། ཤང་ཤང་ཏེའུ་ལ་སོགས་པ་སྒྲ་འབྱིན་པའི་ང་རོ་ལྟ་བུ་དང་། རྔ་བོ་ཆེ་དང་། གླུ་དབྱངས་ཀྱི་སྒྲ་སྐད་ཀྱི་ང་རོ་དང་ལྡན་པ་དང་། གནོད་པ་མེད་པ་དང་། བདེན་པ་དང་། གསལ་བ་དང་། ཡང་དག་པ་དང་། ཚངས་པའི་སྒྲ་སྐད་བསྒྲགས་པའི་གདངས་ལྟ་བུ་དང་། རྒྱ་མཚོའི་སྒྲའི་ཤུགས་ལྟ་བུ་དང་། རི་རྡོབ་པའི་སྒྲ་ལྟ་བུ་དང་ལྡན་པ་དང་། ལྷའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོས་མངོན་པར་བསྟོད་པ་དང་། ཟབ་པ་དང་། གཏིང་དཔག་དཀའ་བ་དང་། བདུད་ཀྱི་སྟོབས་སྟོབས་མེད་པར་བྱེད་པ་དང་། ཕས་ཀྱི་རྒོལ་བའི་སྨྲ་བ་འཇོམས་པ་དང་། སེང་ གེའི་སྒྲའི་ཤུགས་ལྟ་བུ་དང་། རྟ་དང་གླང་པོ་ཆེའི་སྒྲ་འབྱིན་པའི་ང་རོ་ལྟ་བུ་དང་། ཀླུ་སྒྲ་སྒྲོག་པ་ལྟ་བུ་དང་། འབྲུག་ཟེར་བའི་སྒྲ་ལྟ་བུ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པ་དང་། འདུལ་བའི་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། རྟབ་རྟབ་ པོར་མ་ཡིན་པ་དང་། འཚེ་བ་མེད་པ་དང་། མི་ཤོལ་པ་དང་། འཚམ་པ་དང་། རིགས་པ་དང་། དུས་སུ་སྨྲ་བ་དང་། དུས་ལས་མི་ཡོལ་བ་དང་། ཆོས་བརྒྱ་སྟོང་ལེགས་པར་བརྒྱུས་པ་དང་། མཉེན་པ་དང་། ཐོགས་པ་མེད་པ་དང་།
BOརྒྱུན་ཆད་པ་མེད་པའི་སྤོབས་པ་དང་ལྡན་པ་དང་། སྐད་ཅིག་གིས་སྐད་ཐམས་ཅད་སྒྲོགས་པ་དང་། བསམ་པ་ཐམས་ཅད་ཤེས་པར་བྱེད་པ་དང་། བདེ་བ་ཐམས་ཅད་སྐྱེད་པ་དང་། ཐར་པའི་ལམ་ཡང་དག་པར་སྟོན་པ་དང་། ལམ་གྱི་ཚོགས་སྨྲ་བ་དང་། འཁོར་ལས་མི་འདའ་བ་དང་། འཁོར་ཐམས་ཅད་ཚིམ་པར་བྱེད་པ་དང་། སངས་ རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་འཐུན་པ་སྟེ། བྱང་ཆུབ་སེམས་དཔས་དེ་ལྟ་བུའི་ཚིག་གིས་རྩྭ་འཚོང་བཀྲ་ཤིས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། ། དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། ། དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། ། བྱང་ཆུབ་ དམ་པ་ཞི་བ་རེག་པར་འགྱུར། ། གང་གི་ཆེད་དུ་ང་ཡིས་བསྐལ་སྟོང་དུ། ། སྦྱིན་དང་དུལ་དང་སྡོམ་དང་གཏོང་བྱས་དང་། ། ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་རབ་སྤྱད་པ། ། དེ་ནི་དེ་རིང་ང་ཡིས་ཐོབ་པར་འགྱུར། ། བཟོད་པའི་སྟོབས་དང་དེ་བཞིན་བརྩོན་འགྲུས་སྟོབས། ། བསམ་གཏན་སྟོབས་ དང་དེ་བཞིན་ཤེས་རབ་སྟོབས། ། བསོད་ནམས་དང་ནི་མངོན་ཤེས་རྣམ་ཐར་སྟོབས། ། དེ་ནི་དེ་རིང་ང་ལ་འགྲུབ་པར་འགྱུར། ། ཤེས་རབ་སྟོབས་དང་ཐབས་ཀྱི་སྟོབས་དག་དང་། །
BOརྫུ་འཕྲུལ་དང་ནི་ཆགས་མེད་བྱམས་པའི་སྟོབས། ། སོ་སོ་ཡང་དག་རིག་དང་བདེན་པའི་སྟོབས། ། དེ་ནི་དེ་རིང་ང་ལ་ འགྲུབ་པར་འགྱུར། ། དེ་རིང་ང་ལ་རྩྭ་སྦྱིན་བྱས་ན་ནི། ། ཁྱོད་ལ་བསོད་ནམས་སྟོབས་ནི་མཐའ་ཡས་ཏེ། ། དེ་ནི་ཁྱོད་ཀྱི་ངན་པའི་རྒྱུར་མི་འགྱུར། ། ཁྱོད་ཀྱང་སྟོན་པ་བླ་ན་མེད་པར་འགྱུར། ། བཀྲ་ཤིས་པས་ནི་འདྲེན་པའི་ཚིག་སྙན་རབ་ཏུ་མཛེས་ཐོས་ནས། ། དགའ་ཞིང་མགུ་ལ་ཡིད་རངས་རབ་ཏུ་དགའ་ བའི་ཡིད་ཀྱིས་ནི། ། རྩྭ་འཇམ་གཞོན་ཞིང་བཟང་ལ་རེག་པར་ལྡན་པ་སྤར་གང་ཐོགས། ། མདུན་དུ་འདུག་ནས་རབ་ཏུ་དགའ་བའི་སེམས་ཀྱིས་འདི་སྐད་སྨྲས། ། གལ་ཏེ་རྩྭ་ཡིས་བྱང་ཆུབ་གོ་འཕང་དམ་པ་འཆི་མེད་པ། ། མཆོག་གྱུར་ཞི་བ་བལྟ་དཀའ་སྔོན་གྱི་རྒྱལ་བའི་ལམ་འཐོབ་ན། ། ཡོན་ཏན་ཆེན་ པོའི་རྒྱ་མཚོ་གྲགས་པ་དཔག་མེད་ཁྱོད་བཞེས་ཤིག ། བདག་གིས་གོ་འཕང་དམ་པ་འཆི་མེད་ཐོག་མར་འཚང་རྒྱར་བགྱི། ། བྱང་ཆུབ་སེམས་དཔས་སྨྲས་པ། བརྟུལ་ཞུགས་དཀའ་ཐུབ་རྣམ་མང་བྱ་དཀའ་བསྐལ་མང་མ་སྤྱད་པར། ། བཀྲ་ཤིས་རྩྭ་མཆོག་བཏིང་བས་བྱང་ཆུབ་འདི་ནི་འཐོབ་མི་འགྱུར། ། གང་ཚེ་བློ་གྲོས་ལྡན་པ་ཤེས་རབ་བསོད་ནམས་ཐབས་ཀྱིས་འཕགས། །
BOདེ་ནས་རྒྱལ་བ་ཐུབ་པས་རྡུལ་མེད་འགྱུར་ཞེས་ལུང་སྟོན་ཏོ། ། བཀྲ་ཤིས་གལ་ཏེ་བྱང་ཆུབ་སྐྱེ་བོ་གཞན་ལ་སྦྱིན་ནུས་ན། ། སྲོག་ཆགས་བསྡུ་བ་བྱས་ཏེ་སྦྱིན་པར་ཡིད་གཉིས་ཁྱོད་མ་ཟ། ། གང་ཚེ་ ང་ཡིས་བྱང་ཆུབ་ཐོབ་ཤེས་བདུད་རྩི་རྣམ་པར་དབྱེས། ། ཁྱོད་འོངས་ཆོས་ཀྱི་དམ་པ་ཉོན་དང་རྡུལ་དང་བྲལ་བར་འགྱུར། ། འདྲེན་པས་ཤིན་ཏུ་མཆོག་ཏུ་འཇམ་པའི་རྩ་ནི་སྤར་གང་བླངས། ། སེང་གེ་ངང་པའི་སྟབས་ཀྱིས་ཆས་ནས་ས་ནི་རབ་ཏུ་གཡོས། ། ལྷ་ཀླུ་ཚོགས་རྣམས་ཐལ་མོ་སྦྱར་ཏེ་རབ་ཏུ་ དགའ་ཡིད་ཀྱིས། ། དེང་འདིས་བདུད་དཔུང་བཅོམ་ནས་བདུད་རྩི་རེག་པར་འགྱུར་སྙམ་སེམས། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་ན་ལྷའི་བུ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེང་འདིར་འདུག་ནས་བྱང་ ཆུབ་ཐོབ་པར་འགྱུར་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་སྟེ། བྱང་ཆུབ་ཀྱི་ཤིང་བརྒྱད་ཁྲི་བརྒྱན་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་མེ་ཏོག་གི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་བརྒྱ་པ་ཡང་ཡོད།
BOབྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་སྤོས་ཀྱི་རང་བཞིན་ཅན་ལ་འཕང་དུ་ དཔག་ཚད་སྟོང་པ་ཡང་ཡོད། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་ཙན་དན་གྱི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་འབུམ་པ་ཡང་ཡོད། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་གོས་ཀྱི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་ལྔ་འབུམ་པ་ཡང་ཡོད། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་རིན་པོ་ཆེའི་རང་བཞིན་ཅན་ལ་འཕང་དུ་ དཔག་ཚད་འབུམ་ཕྲག་བཅུ་པ་ཡང་ཡོད། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་པ་ཡང་ཡོད་དོ། ། བྱང་ཆུབ་ཀྱི་ཤིང་དེ་དག་ཐམས་ཅད་ཀྱི་དྲུང་ན་ཡང་ཇི་ལྟར་འདུག་པའི་སེང་གེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ་ བཤམས་པར་གྱུར་ཏོ། ། བྱང་ཆུབ་ཀྱི་ཤིང་ཁ་ཅིག་གི་དྲུང་དུ་ནི་པད་མའི་ཁྲི་སྟན་བཤམས་པར་གྱུར་ཏོ། ། ཁ་ཅིག་གི་དྲུང་དུ་ནི་སྤོས་ཀྱི་ཁྲི་སྟན་ནོ། ། ཁ་ཅིག་གི་དྲུང་དུ་ནི་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཁྲི་སྟན་ནོ། ། བྱང་ཆུབ་སེམས་དཔའ་ནི་རོལ་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ཏེ།
BOབྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རོལ་པ་བཀོད་པ་འདི་ལ་བྱང་ཆུབ་སེམས་དཔའ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་ལུས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་གི་སེང་གེའི་ཁྲི་དེ་དག་ཐམས་ཅད་ལ་འདུག་ པར་ཀུན་ཏུ་སྣང་སྟེ། བྱང་ཆུབ་སེམས་དཔའ་དང་། ལྷའི་བུ་སོ་སོའི་ཡིད་ལ་ཡང་བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཀྱི་སེང་གེའི་ཁྲི་ལ་སྙོམས་པར་ཞུགས་ཤིང་འདུག་གི་གཞན་གྱི་ཁྲི་ལ་ནི་མ་ཡིན་པར་ཤེས་སོ། ། ཇི་ལྟར་དེ་དག་གིས་ཤེས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ རོལ་པ་བཀོད་པ་འདི་ཉིད་ཀྱི་མཐུས་སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་ཐམས་ཅད་དང་། ལྷ་དང་མི་ཐམས་ཅད་དང་། འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་ ཁྲི་ལ་འདུག་པར་མཐོང་ངོ་། ། དེ་ལྟ་མོད་ཀྱི་འོན་ཀྱང་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱི་བློ་གྲོས་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྩྭ་སྤར་གང་ཐོགས་ཏེ།
BOབྱང་ཆུབ་ཀྱི་ཤིང་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བྱང་ཆུབ་ཀྱི་ཤིང་ལ་ལན་བདུན་བསྐོར་བ་བྱས་ཏེ། བདག་ཉིད་ ཀྱིས་རྩྭའི་རྩེ་མོ་ནི་ནང་དུ་བསྟན། རྩ་བ་ནི་ཕྱིར་བསྟན་ནས། རྩྭའི་གདིང་བ་ཀུན་ནས་བཟང་པོ་བཏིང་སྟེ། སེང་གེ་ལྟ་བུ་དང་། དཔའ་བོ་ལྟ་བུ་དང་། སྟོབས་ལྟ་བུ་དང་། བརྟན་པ་ལྟ་བུ་དང་། བརྩོན་འགྲུས་ལྟ་བུ་དང་། མཐུ་ལྟ་བུ་དང་། གླང་པོ་ལྟ་བུ་དང་། དབང་ཕྱུག་ལྟ་བུ་དང་། རང་བྱུང་ལྟ་ བུ་དང་། ཡེ་ཤེས་ཅན་ལྟ་བུ་དང་། བླ་ན་མེད་པ་ལྟ་བུ་དང་། ཁྱད་པར་ལྟ་བུ་དང་། མངོན་པར་འཕགས་པ་ལྟ་བུ་དང་། གྲགས་པ་ལྟ་བུ་དང་། བརྗོད་པ་ལྟ་བུ་དང་། སྦྱིན་པ་ལྟ་བུ་དང་། ཚུལ་ཁྲིམས་ལྟ་བུ་དང་། བཟོད་པ་ལྟ་བུ་དང་། བརྩོན་འགྲུས་ལྟ་བུ་དང་། བསམ་གཏན་ལྟ་བུ་དང་། ཤེས་རབ་ ལྟ་བུ་དང་། ཡེ་ཤེས་ལྟ་བུ་དང་། བསོད་ནམས་ལྟ་བུ་དང་། བདུད་ཕྱིར་རྒོལ་བ་བཅོམ་པ་ལྟ་བུ་དང་། ཚོགས་ལྟ་བུར་སྐྱིལ་མོ་ཀྲུང་བཅས་ནས་རྩྭ་བཏིང་བ་དེ་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས། ལུས་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས་འདི་འདྲ་བའི་ཡི་དམ་བརྟན་པོ་བྱས་སོ། ། སྟན་འདིར་བདག་གི་ལུས་ནི་སྐམས་ཀྱང་རུང་། ། པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་།
BO། བསྐལ་མང་རྙེད་དཀའ་བྱང་ཆུབ་མ་ཐོབ་པར། ། སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། ། བྱང་ཆུབ་ཀྱི་སྙིང་པོར་བཞུད་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་དགུ་པའོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་གསུམ་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང་། འདོད་པ་ན་སྤྱོད་པའི་རིས་དྲུག་གི་ལྷ་རྣམས་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱེད་པ་མི་འབྱུང་གྲང་སྙམ་སྟེ། ཤར་ ཕྱོགས་ལོགས་སུ་གནས་པར་གྱུར་ཏོ། ། དེ་བཞིན་དུ་ལྷོ་དང་ནུབ་དང་། བྱང་ཕྱོགས་ཀྱང་ལྷ་རྣམས་ཀྱིས་ཡོངས་སུ་བསྲུངས་པར་གྱུར་ཏོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སྐུལ་བ་ཞེས་བྱ་བའི་འོད་བྱུང་ནས་འོད་དེས་ཕྱོགས་ བཅུ་ཀུན་ཏུ་གྲངས་མེད་དཔག་ཏུ་མེད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གྱུར་ཏོ། །
BOདེ་ནས་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དྲི་མ་མེད་པར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བ་བཀོད་པ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ ལ་མཆོད་པའི་ལས་ཀྱི་ཕྱིར་དེའི་ཚེ་རྫུ་འཕྲུལ་གྱི་མངོན་པར་འདུ་བྱ་བ་དེ་ལྟ་བུ་བྱས་ཏེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་བྱས་པས་ཕྱོགས་བཅུར་ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་འཁོར་གྱི་ཁྱམས་བཻ་དཱུརྱ་སྔོན་པོ་དག་ལས་བྱས་པ་ཞིག་ཏུ་བསྟན་ཏོ། ། འགྲོ་བ་ལྔར་སྐྱེས་པའི་ སེམས་ཅན་ཐམས་ཅད་ཀྱི་མདུན་དུ་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་བསྟན་ཏོ། ། སེམས་ཅན་དེ་དག་ཀྱང་ཕན་ཚུན་དུ་སོར་མོ་གཅིག་གིས་བྱང་ཆུབ་སེམས་དཔའ་སྟོན་ཅིང་སེམས་ཅན་ཚུལ་དུ་ཤིས་པའི་གཟུགས་འདི་ལྟ་བུ་དང་ལྡན་པ་འདི་སུ་ཞིག ། འདི་ལྟར་རྣམ་པར་མཛེས་ པའི་སེམས་ཅན་འདི་སུ་ཞིག་ཅེས་འཛེར་ཏོ། །
BOསེམས་ཅན་དེ་དག་གི་མདུན་དུ་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྲུལ་ཏེ། དེ་ན་བྱང་ཆུབ་སེམས་དཔའི་གཟུགས་དེ་དག་གིས་ཚིགས་སུ་བཅད་པ་འདི་སྨྲས་སོ། ། ཅི་ཡང་མེད་པའི་འདོད་ཆགས་ཞེ་སྡང་རྙོག་པ་གང་ཡིན་ བག་ཆགས་བཅས་བཏོན་པ། ། གང་གིས་ལུས་ལས་འོད་ཕྱུང་ཕྱོགས་བཅུའི་འོད་རྣམས་ཐམས་ཅད་འོད་ནི་མེད་པར་བྱས། ། གང་གིས་བསོད་ནམས་ཏིང་འཛིན་ཡེ་ཤེས་ཚོགས་ནི་བསྐལ་པ་མང་པོར་ཀུན་སྤེལ་བ། ། ཤཱཀྱ་ཐུབ་པ་ཐུབ་པ་ཆེན་པོ་དམ་པ་འདི་ནི་ཕྱོགས་རྣམས་ཀུན་ཏུ་ མཛེས། ། དེ་ནས་ལྷ་ཕྱོགས་ན་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བཀོད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་གདུགས་བརྩེགས་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་ བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ཆེའི་གདུགས་གཅིག་གིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་ཁྱམས་ དེ་བཀབ་བོ། །
BOདེ་ན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དག་ཕན་ཚུན་འདི་སྐད་འཛེར་ཏེ། གང་གི་ཕྱིར་རིན་པོ་ཆེའི་གདུགས་བཀོད་པ་རྣམ་པ་འདི་ལྟ་བུ་འདི་སྣང་བར་གྱུར་པ་འདི་སུའི་འབྲས་བུ་ཞེས་འཛེར་ཏོ། ། དེ་ནས་རིན་པོ་ཆེའི་གདུགས་དེ་ལས་ཚིགས་སུ་བཅད་པ་འདི་བྱུང་ངོ་། གང་གིས་རིན་པོ་ཆེ་དང་སྤོས་གདུགས་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་དག ། བྱམས་པའི་ཡིད་ཀྱིས་དོ་ཟླ་མེད་པར་བཞུགས་དང་མྱ་ངན་འདས་ལ་ཕུལ། ། དེ་ཡིས་མཚན་མཆོག་ལྡན་པ་ཕན་མཛད་སྲེད་མེད་བུ་ཡི་མཐུ་ལྡན་པ། ། ཡོན་ཏན་མངའ་བ་བྱང་ཆུབ་ཤིང་དྲུང་གཤེགས་པ་དེ་ལ་མཆོད་པ་ བྱས། ། དེ་ནས་ནུབ་ཕྱོགས་ན་དེ་བཞིན་གཤེགས་པ་མེ་ཏོག་གི་ཕྲེང་བ་ནགས་ཚལ་གྱི་ཕྲེང་བ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མེ་ཏོག་ཙམ་པ་ཀའི་ཁ་དོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོའི་དྲ་བ་ཅན་ཞེས་བྱ་བ་འོད་ དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་།
BOབྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ ཆེའི་དྲ་བ་གཅིག་གིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་ཁྱམས་དེ་བཀབ་བོ། ། དེ་ན་ཕྱོགས་བཅུའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དག་ཕན་ཚུན་དུ་འདི་སྐད་འཛེར་ཏེ། འོད་ཀྱི་བཀོད་པ་རྣམ་པ་འདི་ལྟ་བུ་འདི་སུའི་ཡིན་ཞེས་འཛེར་ཏོ། ། དེ་ནས་རིན་པོ་ཆེའི་དྲ་བ་དེ་ལས་ཚིགས་ སུ་བཅད་པ་འདི་བྱུང་ངོ་། ། རིན་ཆེན་འབྱུང་གནས་འཇིག་རྟེན་གསུམ་དགའ་རིན་ཆེན་ཏོག ། རིན་ཆེན་དམ་པ་རིན་ཆེན་གྲགས་པ་དེ་ཆོས་དགྱེས། ། དཀོན་མཆོག་གསུམ་པོ་རྒྱུན་མི་འཆད་པའི་བརྩོན་འགྲུས་བརྙེས། ། བྱང་ཆུབ་མཆོག་བརྙེས་འགྱུར་ཏེ་དེ་ཡི་མཆོད་པ་འདི། ། དེ་ནས་བྱང་ ཕྱོགས་ན་དེ་བཞིན་གཤེགས་པ་ཉི་ཟླ་ཟིལ་དུ་རླག་པར་བྱེད་པའི་འོད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཉི་མ་འཁོར་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་ གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་།
BOབྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་སྙེད་པ་དེ་སྙེད་འཁོར་ གྱི་ཁྱམས་དེར་ཀུན་ཏུ་བསྟན་ཏོ། ། དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་འཛེར་ཏེ། བཀོད་པ་རྣམ་པ་འདི་ལྟ་བུ་འདི་སུའི་ཡིན་ཞེས་འཛེར་ཏོ། ། དེ་ནས་བཀོད་པ་དེ་དག་ཐམས་ཅད་ལས་ཚིགས་སུ་བཅད་པ་འདི་བྱུང་ངོ་། ། གང་གིས་བསོད་ནམས་ཡེ་ཤེས་ཤིན་ཏུ་མང་པོས་ལུས་ནི་རྣམ་ སྦྱངས་ཤིང་། ། གང་གིས་བརྟུལ་ཞུགས་དཀའ་ཐུབ་དག་དང་བདེན་པའི་ཆོས་ཀྱིས་ངག་སྦྱངས་ལ། ། གང་གིས་ཁྲེལ་ཡོད་མོས་པ་བྱམས་དང་དེ་བཞིན་སྙིང་རྗེས་སེམས་སྦྱངས་པ། ། དེ་ནི་ཤིང་རྒྱལ་དྲུང་གཤེགས་ཤཱཀྱ་ཁྱུ་མཆོག་དེ་ལ་མཆོད་པ་བྱེད། །
BOདེ་ནས་ཤར་ལྷོའི་ཕྱོགས་མཚམས་ ན་དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་པོ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱི་འབྱུང་གནས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་བློ་གྲོས་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་འཁོར་གྱི་ཁྱམས་དེར་ཡོན་ཏན་གྱི་བཀོད་པ་ཐམས་ཅད་དང་ལྡན་པའི་ཁང་པ་བརྩེགས་པ་མངོན་པར་སྤྲུལ་ཏེ་ཁང་པ་བརྩེགས་པ་དེ་ ལས་ཚིགས་སུ་བཅད་པ་འདི་བྱུང་ངོ་། ། གང་གི་ཡོན་ཏན་དག་གིས་ལྷ་དང་ལྷ་མིན་དང་། ། གནོད་སྦྱིན་ལྟོ་འཕྱེ་ཆེ་དག་རྟག་ཏུ་ཡོན་ཏན་བགོས། ། ཡོན་ཏན་ཅན་དེ་ཡོན་ཏན་ལྡན་པའི་རྒྱལ་རིགས་སྐྱེས། ། ཡོན་ཏན་རྒྱ་མཚོ་བྱང་ཆུབ་ཤིང་གི་དྲུང་ན་བཞུགས། །
BOདེ་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ ན་དེ་བཞིན་གཤེགས་པ་རིན་ཆེན་སྲོག་ཤིང་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་འབྱུང་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་འབྱུང་བ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་འཁོར་གྱི་ཁྱམས་དེར་རིན་པོ་ཆེའི་མཁའ་རྟེན་གྲངས་མེད་དཔག་ཏུ་མེད་པ་མངོན་པར་སྤྲུལ་ཏེ། རིན་པོ་ཆེའི་མཁའ་རྟེན་དེ་དག་ལས་ཚིགས་སུ་ བཅད་པ་འདི་བྱུང་ངོ་། ། གང་གིས་རྒྱ་མཚོར་བཅས་པའི་ས་དང་དེ་བཞིན་རིན་ཆེན་རྣམ་དག་དང་། ། ཁང་{བཟངས་,བཟང་}སྐར་ཁུང་བསིལ་ཁང་མཆོག་དང་ཟུང་དང་བཞོན་པ་མཁའ་རྟེན་བརྒྱན། ། མེ་ཏོག་ཕྲེང་བ་མཛེས་དང་འདུན་ས་དག་དང་སྐྱེད་མོས་ཚལ་རྣམས་དང་། ། རྐང་པ་ལག་པ་མགོ་དང་ མིག་བཏང་བ་དེ་བྱང་ཆུབ་སྙིང་པོར་འདུག །
BOདེ་ནས་ནུབ་བྱང་གི་ཕྱོགས་མཚམས་ན་དེ་བཞིན་གཤེགས་པ་འབྲུག་སྒྲ་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྤྲིན་དང་ལྡན་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་བརྩེགས་འབྲུག་བསྒྲགས་དབྱངས་ཞེས་བྱ་བ་འོད་དེས་བསྐུལ་ བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་དུས་ཀྱི་རྗེས་སུ་འབྲང་ བའི་ཨ་ག་རུའི་སྤྲིན་མངོན་པར་སྤྲུལ་ཏེ་འཁོར་གྱི་ཁྱམས་དེར་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་མངོན་པར་ཕབ་བོ། ། དུས་ཀྱི་རྗེས་སུ་འབྲང་བའི་སྤྲིན་གྱི་དཀྱིལ་འཁོར་དེ་ལས་ཀྱང་ཚིགས་སུ་བཅད་པ་འདི་བྱུང་ངོ་། ། རིག་དང་རྣམ་པར་གྲོལ་བའི་འོད་ཀྱི་ཆོས་ཀྱི་སྤྲིན་གྱིས་སྲིད་གསུམ་ཐམས་ཅད་ ཁྱབ། ། དམ་ཆོས་འདོད་ཆགས་བྲལ་བ་བདུད་རྩི་མྱ་ངན་འདས་པ་ཐོབ་བྱེད་ཆར་པ་འབེབས། ། འདོད་ཆགས་ཉོན་མོངས་འཆིང་བའི་འཁྲི་ཤིང་ཐམས་ཅད་བག་ཆགས་བཅས་ཏེ་གཅོད་པར་འགྱུར། ། བསམ་གཏན་རྫུ་འཕྲུལ་སྟོབས་དང་དབང་པོའི་མེ་ཏོག་རྒྱས་པ་དད་པར་བྱེད་པ་འབྱིན། །
BOདེ་ནས་བྱང་ཤར་གྱི་ ཕྱོགས་མཚམས་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་མངོན་པར་འཕགས་པ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་གསེར་གྱི་དྲ་བས་ཁེབས་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་དྲ་བས་བརྒྱན་པ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་ སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་དང་། རིན་པོ་ཆེའི་ མཁའ་རྟེན་རྣམས་སུ་བྱང་ཆུབ་སེམས་དཔའི་གཟུགས་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་དག་མངོན་པར་སྤྲུལ་ཏེ། བྱང་ཆུབ་སེམས་དཔའི་གཟུགས་དེ་དག་ཐམས་ཅད་ཀྱང་ལྷ་དང་མིའི་མེ་ཏོག་གི་ཕྲེང་བ་ཐོགས་ཤིང་བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་ལུས་ བཏུད་ནས་མེ་ཏོག་གི་ཕྲེང་བ་སྤྱངས་ཏེ་ཚིགས་སུ་བཅད་པ་འདི་སྨྲས་སོ། ། གང་གིས་སངས་རྒྱས་ཁྲག་ཁྲིག་སྔོན་བསྟོད་ཅིང་། ། གུས་དང་བཅས་པས་དད་པ་ཆེ་བསྐྱེད་ལ། ། ཚངས་པའི་སྒྲ་དབྱངས་སྙན་པའི་ཚིག་སྨྲས་པ། ། བྱང་ཆུབ་སྙིང་པོར་བྱོན་ལ་མགོས་ཕྱག་འཚལ།
BO། དེ་ནས་འོག་ གི་ཕྱོགས་ན་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ཏུ་རྣམ་པར་བལྟས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་ བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་བཻ་དཱུརྱའི་འཁོར་གྱི་ཁྱམས་དེར་འཛམ་བུའི་གླིང་གི་གསེར་གྱི་པད་མ་རྣམས་མངོན་དུ་བྱུང་བར་བསྟན་ཏོ། ། པད་མ་དེ་ དག་གི་སྙིང་པོ་ལ་བུད་མེད་ལུས་ཕྱེད་སྣང་བ། ཁ་དོག་དང་གཟུགས་ཕུན་སུམ་ཚོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྟན་ཏེ། ལག་པ་གཡས་གཡོན་ན་མགུལ་གདུབ་དང་། གདུ་བུ་དང་། དཔུང་རྒྱན་དང་། གསེར་སྐུད་དང་། མུ་ཏིག་གི་དོ་ཤལ་ལ་སོགས་པ་རྒྱན་རྣམ་པ་ མང་པོ་ཐོགས་ཤིང་མེ་ཏོག་དང་དར་གྱི་ལྡ་ལྡི་སྤྱངས་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་ལུས་བཏུད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། ། གང་ཞིག་རྟག་ཏུ་སངས་རྒྱས་ཉན་ཐོས་དང་། །
BOརང་རྒྱལ་དག་དང་བླ་མ་རྣམས་ལ་འདུད། ། ཁྲིམས་ ལྡན་རྟག་དྲན་དགའ་ལ་ང་རྒྱལ་མེད། ། ཡོན་ཏན་ལྡན་པ་དེ་ལ་འདུད་པ་བྱོས། ། དེ་ནས་སྟེང་གི་ཕྱོགས་ན་དེ་བཞིན་གཤེགས་པ་ཚོགས་ཀྱི་དབང་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཚོགས་ཀྱི་དམ་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཅེས་བྱ་བ་འོད་དེས་ བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་ནམ་མཁའི་དཀྱིལ་ན་འདུག་བཞིན་ དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། བདུག་སྤོས་དང་། གོས་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་ཁང་ པ་དང་། རིན་པོ་ཆེ་དང་། ནོར་བུ་དང་། གསེར་དང་། དངུལ་དང་། མུ་ཏིག་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་དང་། ཤིང་ལྗོན་པ་དང་། ལོ་མ་དང་། མེ་ཏོག་དང་།
BOའབྲས་བུ་དང་། ཁྱེའུ་དང་། བུ་མོ་དང་། ལྷ་དང་། ཀླུ་ དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནམ་མཁའི་དཀྱིལ་ནས་ཆར་ཆེན་པོ་མངོན་པར་ ཕབ་སྟེ། ཐམས་ཅད་དགའ་བ་དང་། བདེ་བ་སྐྱེད་ཀྱི་སེམས་ཅན་གང་ལ་ཡང་འཇིགས་པའམ་གནོད་པར་མི་བྱེད་དོ། ། དེ་བཞིན་དུ་སྦྱར་ཏེ་དེ་ལ་འདི་སྐད་ཅེས་བྱའོ། ། ཕྱོགས་བཅུ་དེ་དག་རྣམས་ནས་རྒྱལ་བའི་སྲས་པོ་གང་། ། ཕན་པར་བྱེད་པ་མཆོད་པར་བྱང་ཆུབ་ལྷགས་གྱུར་པ། ། འགྲོ་ལ་ཕན་པ་དེ་དག་རྣམས་ཀྱི་བཀོད་རིམ་དང་། ། རྩལ་དང་རིམ་པ་མཛེས་པ་དག་གི་དཔེ་ཙམ་ཉོན། ། ཁ་ཅིག་དོ་ཤལ་ཁྲག་ཁྲིག་རབ་ཏུ་སྤྱངས་བྱས་ཏེ། ། ནམ་མཁའ་ལས་ནི་འབྲུག་ལྟར་ཤིན་ཏུ་སྒྲོགས་ཤིང་ལྷགས། ། ཁ་ཅིག་མཁའ་ལས་མེ་ཏོག་གཞལ་མེད་ཁང་སྟོན་ཅིང་། ། ཅོད་པན་རིན་ཆེན་ཐོགས་ལ་གཙུག་ཕུད་འཕྱང་ཞིང་ལྷགས། ། ཁ་ཅིག་སྟོང་པ་མཚན་མེད་སྨོན་མེད་མཆོག་བརྗོད་ཅིང་། ། ས་ལས་སེང་གེ་ལྟ་བུར་ཤིན་ཏུ་སྒྲོགས་ཤིང་ལྷགས། །
BOཁ་ཅིག་སྔོན་ཆད་མ་མཐོང་མེ་ཏོག་མཛེས་འཐོར་ཞིང་། ། ཁྱུ་མཆོག་ཅི་འདྲ་དེ་འདྲར་ཤིན་ཏུ་སྒྲོགས་ཤིང་ ལྷགས། ། ཁ་ཅིག་རང་གི་ལུས་ཀྱི་ཁ་དོག་སྟོང་སྟོན་ཅིང་། ། རྨ་བྱ་ལྟ་བུར་མཁའ་ལས་ཤིན་ཏུ་སྒྲོགས་ཤིང་ལྷགས། ། ཁ་ཅིག་བདེ་གཤེགས་སྲས་ཀྱི་ཡོན་ཏན་ཕྲེང་བརྗོད་ཅིང་། ། ཟླ་བ་ལྟ་བུར་མཁའ་ལས་ཤིན་ཏུ་རྒྱས་ཤིང་ལྷགས། ། ཁ་ཅིག་ཉི་མ་ལྟ་བུར་འོད་ཟེར་རབ་འགྱེད་དེ། ། བདུད་ ཀྱི་གནས་རྣམས་ཐམས་ཅད་མོག་མོག་བྱེད་ཅིང་ལྷགས། ། བསོད་ནམས་ཚོགས་བསགས་ཁ་ཅིག་དབང་པོའི་མཆོད་སྡོང་འདྲའི། ། དྲི་མེད་ཏོག་ཐོགས་བྱང་ཆུབ་སྙིང་པོ་དེར་ཡང་ལྷགས། ། ཁ་ཅིག་མཁའ་ལས་ནོར་བུ་རིན་ཆེན་དྲ་བ་འཐོར། ། ཟླ་བ་ཟླ་{བཟངས་,བཟང་}ཐང་སྐྱེས་རྣམ་མཛེས་ མན་དཱ་ར། ། པར་ཤ་ཙམ་པ་ཀ་དང་སྣ་མའི་མེ་ཏོག་ཕྲེང་། ། བྱང་ཆུབ་སེམས་དཔའ་ཤིང་རྒྱལ་དྲུང་ན་བཞུགས་ལ་འཐོར། ། ཁ་ཅིག་རྐང་པ་གཉིས་ཀྱིས་ས་ནི་རབ་བསྐྱོད་ལ། ། ས་བསྐྱོད་ནས་ཀྱང་སྐྱེ་བོ་དགའ་བར་བྱེད་ཅིང་ལྷགས། ། ཁ་ཅིག་རི་བོ་ལྷུན་པོ་ལག་ན་ཐོགས་བྱེད་ལ། ། བར་ སྣང་གནས་ཏེ་མེ་ཏོག་སྐོན་བུ་འཐོར་ཞིང་ལྷགས། ། ཁ་ཅིག་རྒྱ་མཚོ་བཞི་པོ་མགོ་ལ་ཐོགས་ནས་ནི། །
BOས་ལ་སྤོས་ཆུ་འཐོར་ཏེ་ཆག་ཆག་འདེབས་ཤིང་ལྷགས། ། ཁ་ཅིག་རིན་ཆེན་མཆོད་སྡོང་སྣ་ཚོགས་ཐོགས་ནས་ནི། ། རྒྱང་རིང་འདུག་སྟེ་བྱང་ཆུབ་སེམས་དཔའ་སྟོན་ཅིང་ལྷགས། ། ཁ་ཅིག་ཚངས་པ་ལྟ་བུར་ཞི་བའི་གཟུགས་བསྒྱུར་ཏེ། ། ཡིད་ཞི་རབ་ཞི་གནས་ཤིང་བསམ་གཏན་བསམ་གཏན་པ། ། དེ་དག་བ་སྤུ་དག་ལས་བྱམས་དང་སྙིང་རྗེ་དང་། ། དགའ་དང་བཏང་སྙོམས་ཚད་མེད་ཡིད་འོང་སྒྲ་འབྱིན་ལྷགས། ། ཁ་ཅིག་བརྒྱ་བྱིན་ལྷ་ལྟར་སྟོང་ཕྲག་ཁྲག་ཁྲིག་གི ། ལྷ་རྣམས་དག་གིས་མདུན་དུ་བདར་ནས་ལྷགས་གྱུར་ཅིང་། ། དེ་དག་བྱང་ཆུབ་ཤིང་དྲུང་ཕྱིན་ནས་ཐལ་སྦྱར་ཏེ། ། བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་ཆེན་སྣ་ཚོགས་འཐོར། ། ཁ་ཅིག་ཕྱོགས་བཞི་དག་གི་སྐྱོང་བ་ཇི་ལྟ་བར། ། དྲི་ཟ་སྲིན་པོ་མིའམ་ཅི་ཡིས་ཡོངས་བསྐོར་ཏེ། ། གློག་ལྟར་ གསལ་བའི་མེ་ཏོག་ཆར་པ་འབེབས་ཤིང་ལྷགས། ། དྲི་ཟ་མིའམ་ཅི་ཡི་སྐད་ཀྱིས་བརྟན་པ་བསྟོད། ། ཁ་ཅིག་མེ་ཏོག་རྒྱས་པའི་ལྗོན་ཤིང་འབྲས་བུར་བཅས། ། མེ་ཏོག་བཅས་ཤིང་མཆོག་གི་དྲི་ནི་རབ་འབྱིན་ལ། ། ལོ་མར་སངས་རྒྱས་སྲས་པོ་ལུས་ཕྱེད་གནས་ཐོགས་ལྷགས། ། བཏུད་ ནས་ས་ཡི་སྙིང་པོར་མེ་ཏོག་རྣམས་ཀྱང་འཐོར། །
BOཁ་ཅིག་པད་མ་ཨུད་པ་ལ་པད་མ་དཀར་པོ་རྒྱས། ། པད་མའི་སྙིང་པོར་སུམ་ཅུ་རྩ་གཉིས་མཚན་ལྡན་གནས། ། དེ་འདྲར་མེ་ཏོག་རྒྱས་པའི་རྫིང་བུ་ཐོགས་ཏེ་ལྷགས། ། ཆགས་མེད་ཡིད་ལྡན་བྱང་ཆུབ་སེམས་དཔའ་མཁས་ལ་བསྟོད། ། ཁ་ ཅིག་ལྷུན་པོ་ལྟ་བུར་ལུས་ཆེན་བསྒྱུར་ཏེ་ལྷགས། ། བར་སྣང་གནས་ནས་རང་གི་ལུས་ཀྱང་རབ་ཏུ་འདོར། ། བོར་མ་ཐག་ཏུ་མེ་ཏོག་ཕྲེང་བ་རྣམས་སུ་གྱུར། ། སྟོང་གསུམ་དག་གི་རྒྱལ་བའི་ཞིང་རྣམས་ཁེབས་པར་བྱེད། ། ཁ་ཅིག་མིག་གཉིས་སྲེག་པའི་བསྐལ་པ་ལྟ་བུ་དང་། ། དེ་བཞིན་ ཆགས་པ་དང་ནི་འཇིག་པར་སྟོན་ཅིང་ལྷགས། ། དེ་དག་ལུས་ལས་ཆོས་ཀྱི་སྒོ་མོ་མང་གྲག་སྟེ། ། དེ་དག་ཐོས་པས་སེམས་ཅན་ཁྲག་ཁྲིག་སྲེད་པ་སྤོང་། ། ཁ་ཅིག་མཆུ་ནི་བིམ་པ་འདྲ་ལ་བཞིན་མཛེས་ཤིང་། ། ཁ་བཞིན་རྫོགས་ལ་མིའམ་ཅི་འདྲའི་སྒྲ་སྒྲོགས་ལྷགས། ། དོ་ ཤལ་སྣ་ཚོགས་ལེགས་བརྒྱན་བུ་མོ་ཆས་པ་འདྲ། ། དེ་ལ་ལྟ་བས་ལྷ་ཡི་ཚོགས་རྣམས་ངོམས་མི་འགྱུར། ། ཁ་ཅིག་རྡོ་རྗེ་ལྟ་བུར་མི་ཕྱེད་ལུས་ཅན་དེ། ། རྐང་པས་འོག་གི་ཆུ་ཡི་ཕུང་པོ་འབོག་ཅིང་ལྷགས། ། ཉི་མ་འདྲ་ཞིང་ཟླ་ལྟར་བཞིན་རྒྱས་སྣང་བྱེད་ལ། ། འོད་བྱེད་ཉོན་མོངས་སྐྱོན་རྣམས་ བཅོམ་པ་ཁ་ཅིག་ལྷགས། །
BOཁ་ཅིག་རིན་པོ་ཆེས་བརྒྱན་ལག་ན་རིན་ཆེན་ཐོགས། ། ཞིང་མང་བྱེ་བ་སྟོང་དག་ཁེབས་པར་བྱེད་ཅིང་ལྷགས། ། སེམས་ཅན་མང་ལ་ཕན་དང་བདེ་དང་ཚིམ་བྱའི་ཕྱིར། ། རིན་ཆེན་མེ་ཏོག་དམ་པ་དྲི་ཞིམ་ཆར་པ་འབེབས། ། ཁ་ཅིག་གཟུངས་ཆེན་རིན་པོ་ཆེ་ཡི་མཛོད་གྱུར་ ཅིང་། ། བ་སྤུ་རྣམས་ནས་མདོ་སྡེ་ཁྲག་ཁྲིག་རབ་བརྗོད་ལ། ། སྤོབས་པར་ལྡན་ཞིང་བློ་གྲོས་ལྡན་ལ་བློ་མཆོག་ལྡན། ། རྒྱགས་ཞིང་རབ་དྲེགས་སྐྱེ་བོ་རྟོགས་པར་བྱེད་ཅིང་ལྷགས། ། ཁ་ཅིག་རི་བོ་ལྷུན་པོ་རྔ་ལྟར་ཐོགས་ནས་ནི། ། རབ་ཏུ་རྡུང་ཞིང་མཁའ་ལས་ཡིད་འོང་སྒྲ་འབྱིན་ལྷགས། ། དེ་ཡི་ སྒྲ་ནི་ཕྱོགས་བཅུར་བྱེ་བའི་ཞིང་སོང་སྟེ། ། བདུད་རྩི་མ་ཐོབ་སྟོན་པ་དོ་མོད་འཚང་རྒྱར་སྒྲོག ། བྱང་ཆུབ་ཀྱི་སྙིང་པོར་བཀོད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པའོ། ། ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར། བྱང་ཆུབ་སེམས་ དཔའ་དག་གིས་བྱང་ཆུབ་ཀྱི་སྙིང་པོར་བཀོད་པ་རྣམ་པ་དེ་ལྟ་བུ་དེ་དག་མངོན་པར་བྱས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཀྱང་ཕྱོགས་བཅུ་དག་གི་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་།
BOད་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བྱང་ཆུབ་ ཀྱི་སྙིང་པོའི་རྒྱན་བཀོད་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་དེར་ཀུན་ཏུ་བསྟན་ཏོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་འདི་སྙམ་དུ་སེམས་ཏེ། འདོད་པའི་ཁམས་འདིའི་བདག་པོ་དབང་ཕྱུག་དབང་སྒྱུར་བ་བདུད་སྡིག་ཅན་དེ་ལ་ བདག་གིས་མ་སྦྲན་པར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་བདག་གི་མི་ཆས། བདག་གིས་བདུད་སྡིག་ཅན་བསྐུལ་བར་བྱའོ། ། དེ་ལས་རྣམ་པར་རྒྱལ་ན་འདོད་པ་ན་སྤྱོད་པའི་ལྷ་ལ་སོགས་པ་ཐམས་ཅད་ཚར་བཅད་པར་འགྱུར་རོ། ། འོན་ཏང་བདུད་ཀྱི་འཁོར་ན་བདུད་ཀྱི་རིས་ཀྱི་ལྷའི་བུ་སྔོན་དགེ་བའི་རྩ་བ་བསྐྱེད་པ་འཁོད་པ་དག་གིས་ངའི་སེང་གེ་རྣམ་པར་རོལ་པ་མཐོང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ་སྙམ་མོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་དེ་ལྟར་བསམས་ནས་ དེའི་ཚེ་སྨིན་མཚམས་ཀྱི་བར་གྱི་མཛོད་སྤུ་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བའི་འོད་ཟེར་གཅིག་ཕྱུང་སྟེ།
BOའོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱི་བདུད་ཀྱི་གནས་ཐམས་ཅད་སྣང་བར་བྱས་ནས་མོག་མོག་པོར་བྱས་ཏེ་རབ་ ཏུ་གཡོས་པར་བྱས་པར་ཡང་གྱུར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་གྱུར་ཏོ། ། བདུད་སྡིག་ཅན་གྱིས་འོད་དེ་ལས་རྣམ་པ་འདི་ལྟ་བུའི་སྒྲ་འདི་ཡང་ཐོས་སོ། ། སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་ སྤྱད་པ། ། ཟས་གཙང་སྲས་པོས་རྒྱལ་སྲིད་དག་ནི་རབ་སྤངས་ཏེ། ། ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་བྱུང་། ། བྱང་ཆུབ་ཤིང་དྲུང་འོངས་ཀྱིས་དེ་རིང་བསྒྲིམ་པར་གྱིས། ། དེ་ནི་བདག་ཀྱང་རྒལ་ལ་གཞན་ཡང་སྒྲོལ་བར་བྱེད། ། དེ་ནི་བདག་ཉིད་གྲོལ་བས་གཞན་ཡང་གྲོལ་བར་བྱེད། ། དེ་ ནི་བདག་ཀྱང་དབུགས་ཕྱིན་གཞན་དག་དབུགས་ཀྱང་འབྱིན། ། ཡོངས་སུ་མྱ་ངན་འདས་ནས་གཞན་དག་མྱ་ངན་ཟློ། ། ངན་སོང་གསུམ་པོ་མ་ལུས་སྟོངས་པར་བྱེད་པར་འགྱུར། ། ལྷ་མི་རྣམས་ཀྱི་གྲོང་ཁྱེར་གང་བར་བྱེད་པར་འགྱུར། ། ཕན་པ་བྱེད་པ་དེ་ནི་བདུད་རྩི་ཐོབ་གྱུར་ནས། ། བསམ་གཏན་ མངོན་ཤེས་བདུད་རྩི་བདེ་མཆོག་སྦྱིན་པར་འགྱུར། །
BOགང་ཚེ་རང་བྱུང་ཉིད་ཀྱིས་ཆོས་ཆར་མངོན་ཕབ་ཚེ། ། ནག་པོའི་རྩ་ལག་ཁྱོད་ཀྱི་གྲོང་ཁྱེར་སྟོངས་བྱེད་འགྱུར། ། སྟོབས་མེད་པས་ཀྱང་སྟོབས་མེད་འགྱུར་ཏེ་དཔུང་ཉམས་འགྱུར། ། ཕྱོགས་ནི་ཕྱོགས་མིན་ཅི་བྱ་གར་འགྲོ་ཤེས་མི་འགྱུར། ། དགེ་ སློང་དག་དེ་ལྟར་བདུད་སྡིག་ཅན་བསྐུལ་བའི་ཚིགས་སུ་བཅད་པ་འདི་དག་གིས་བསྐུལ་ནས་རྨི་ལམ་རྣམ་པ་སུམ་ཅུ་རྩ་གཉིས་རྨིས་སོ། ། རྣམ་པ་སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། བདག་གི་གནས་མུན་པས་ཁྱབ་པར་རྨིས་པ་དང་། རང་གི་གནས་རྡུལ་གྱིས་ གང་ཞིང་གྱོ་མོ་དང་གསེག་མས་གང་བར་རྨིས་པ་དང་། བདག་ཉིད་སྔངས་སྐྲག་ནས་ཕྱོགས་ཕྱོགས་སུ་འབྲོས་པར་རྨིས་པ་དང་། བདག་ཅོད་པན་དང་བྲལ་ཞིང་རྣ་ཆ་ལྷུང་བར་རྨིས་པ་དང་། བདག་མཆུ་དང་གྲེ་བ་དང་། རྐན་སྐམས་པར་རྨིས་པ་དང་། བདག་སྙིང་ཀུན་ཏུ་གདུངས་པར་རྨིས་པ་ དང་། སྐྱེད་མོས་ཚལ་གྱི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་རྙིས་པར་རྨིས་པ་དང་། རྫིང་རྣམས་སྐམས་ཏེ་ཆུ་མེད་པར་རྨིས་པ་དང་། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ཀ་ལ་པིང་ཀ་དང་། ཀུ་ན་ལ་དང་། ཤང་ཤང་ཏེའུ་ལ་སོགས་པ་བྱའི་ཚོགས་རྣམས་འདབ་གཤོག་ཟེགས་པར་ རྨིས་པ་དང་། རྔ་དང་།
BOདུང་དང་། རྫ་རྔ་དང་། ཁར་རྔ་དང་། རྒྱུད་གཅིག་པ་དང་། པི་བང་དང་། རྒྱུད་གསུམ་པ་དང་། ཕེག་དང་། ཁར་བའི་སིལ་ཁྲོལ་ལ་སོགས་པ་རོལ་མོའི་ཆ་བྱད་རྣམས་ཆག་གྲུགས་ཏེ་ས་ལ་ལྷུང་བར་རྨིས་པ་དང་། འཁོར་སྡུག་པས་ཀྱང་བདུད་སྤངས་ཏེ་ངོ་འཛུམ་ གནག་ཅིང་ཕྱོགས་གཅིག་ཏུ་དོང་ནས་སེམས་ཤིང་འཁོད་པར་རྨིས་པ་དང་། ཆུང་མའི་དམ་པ་ཕྲེང་བ་ཅན་ཡང་མལ་ནས་ས་ལ་ལྷུང་སྟེ་ལག་པ་གཉིས་མགོ་ལ་རྡེབ་པར་རྨིས་པ་དང་། བདུད་ཀྱི་བུ་གང་དག་ཤིན་ཏུ་བརྩོན་འགྲུས་དང་ལྡན་པ་དང་། ཤིན་ཏུ་སྟོབས་དང་ལྡན་པ་དང་། ཤིན་ཏུ་ གཟི་བརྗིད་དང་ལྡན་པ་དང་། ཤིན་ཏུ་ཤེས་རབ་དང་ལྡན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་པ་ལ་ཕྱག་འཚལ་བར་རྨིས་པ་དང་། བདག་གི་བུ་མོ་རྣམས་ཀྱང་ཀྱི་ཧུད་ཡབ། ཀྱི་ཧུད་ཡབ་ཅེས་ཆོ་ངེ་འདོན་པར་རྨིས་པ་དང་། བདག་ལུས་ལ་གོས་དྲི་མ་ ཅན་གྱོན་པར་རྨིས་པ་དང་། བདག་མགོ་རྡུལ་གྱིས་གང་ལ་སྐྱ་བོ་བསེང་བསེང་པོ་དང་། ཉམ་ཆུང་བ་དང་། མདངས་ཉམས་པར་རྨིས་པ་དང་། བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། སྐར་ཁུང་དང་། རྟ་བབས་རྣམས་ཀྱང་རྡུལ་གྱིས་གང་ནས་རྡིབ་པར་རྨིས་པ་དང་།
BOདེའི་སྡེ་དཔོན་ གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། དྲི་ཟའི་བདག་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཨོམས་ཚུགས་བཅས་ཏེ་ངུ་ཞིང་ཆོ་ངེས་བཏབ་ནས་བྱེར་བར་རྨིས་པ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ལྷའི་བདག་པོ་འདི་ལྟ་སྟེ། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་ དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། བརྒྱ་བྱིན་དང་། རབ་འཐབ་བྲལ་དང་། ཡོངས་སུ་དགའ་ལྡན་དང་། རབ་འཕྲུལ་དང་། དབང་སྒྱུར་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བདུད་ལ་མི་གུས་ཤིང་བྱང་ཆུབ་སེམས་དཔའ་ལ་ཕྱོགས་པར་རྨིས་པ་དང་། ཐབ་མོའི་ནང་ན་དེའི་རལ་གྲི་ཤུགས་ནས་མ་ཕྱིན་ཅིང་བདག་མི་ཤིས་པའི་སྒྲ་འབྱིན་པར་རྨིས་པ་དང་། རང་གི་འཁོར་གྱིས་བདག་པོར་བར་རྨིས་པ་དང་། བཀྲ་ཤིས་ཀྱི་བུམ་པ་སྒོར་ལྷུང་བར་རྨིས་པ་དང་། བྲམ་ཟེ་མིས་བྱིན་གྱི་བུ་ཡང་བཀྲ་མི་ཤིས་པའི་སྒྲ་སྒྲོགས་པར་རྨིས་པ་དང་། སྒོ་བ་ཀུན་ ཏུ་དགའ་བྱེད་ཀྱང་ཀུན་ཏུ་མི་དགའ་བའི་སྒྲ་སྒྲོགས་པར་རྨིས་པ་དང་། ནམ་མཁའི་དཀྱིལ་མུན་པས་ཁེབས་པར་རྨིས་པ་དང་། འདོད་པའི་གནས་ན་གནས་པའི་དཔལ་ཡང་ངུ་བར་རྨིས་པ་དང་། བདག་གི་དབང་ཡང་དབང་མེད་པར་གྱུར་པར་རྨིས་པ་དང་།
BOརང་གི་ཕྱོགས་ཀྱང་ཕྱོགས་ མ་ཡིན་པར་རྨིས་པ་དང་། ནོར་བུ་དང་མུ་ཏིག་གི་དྲ་བ་རྣམས་ཀྱང་ཆད་ཅིང་རྣམ་པར་ཆད་ནས་འབྲུལ་བར་རྨིས་པ་དང་། བདུད་ཀྱི་གནས་ཐམས་ཅད་ཀྱང་རབ་ཏུ་གཡོས་པར་རྨིས་པ་དང་། ཤིང་རྣམས་ཀྱང་བཅད་ཅིང་བ་གམ་ཡང་ལྷུང་བར་རྨིས་པ་དང་། བདུད་ཀྱི་སྡེ་བཀོད་པ་ཐམས་ཅད་ ཀྱང་ཁས་སྦུབ་ཏུ་འགྱེལ་བར་རྨིས་པ་སྟེ། དགེ་སློང་དག་དེ་ལྟར་བདུད་སྡིག་ཅན་གྱི་རྨི་ལམ་དུ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་ལྟ་བུ་རྨིས་སོ། ། དེ་སད་པ་དང་། འཇིགས་སྐྲག་སྔངས་ནས་ནང་མི་ཐམས་ཅད་བསོགས་ཏེ། དཔུང་དང་བཅས་པ་དང་། འཁོར་དང་སྡེ་དཔོན་དང་། སྒོ་བ་དང་དེ་ དག་འདུས་པར་རིག་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བདུད་དེས་རྨི་ལམ་དེ་དག་མཐོང་ནས་ཉམ་ཐག་སྟེ། ། སྡེ་དཔོན་བདུད་པོ་སེང་གེ་ཟ་འགྲམ་ཞེས་བྱ་དང་། ། བུ་རྣམས་དག་དང་འཁོར་རྣམས་གང་དག་ཡིན་ལ་སྨྲས། ། ནག་པོའི་རྩ་ལག་དེ་དག་ཀུན་ལ་ཡོངས་སུ་དྲིས། ། ཤཱཀྱའི་ ནང་དུ་སྐྱེས་པ་མཚན་མཆོག་ཡན་ལག་སྤྲས། ། ལོ་དྲུག་བར་དུ་བྱ་དཀའ་བརྟུལ་ཞུགས་དྲག་པོ་སྤྱད། ། བྱང་ཆུབ་ཤིང་དྲུང་འོངས་ཀྱིས་རབ་ཏུ་སྒྲིམས་ཤིག་ཅེས། ། མདང་སུམ་བར་སྣང་ལས་ནི་ཚིགས་བཅད་དེ་སྐད་གྲག །
BOབྱང་ཆུབ་སེམས་དཔའ་དེ་ཉིད་རྣམ་པར་སངས་ རྒྱས་ནས། ། སེམས་ཅན་བྱེ་བ་ཁྲག་ཁྲིག་མང་པོ་རྣམས་རྟོགས་བྱེད། ། གང་ཚེ་བདུད་རྩི་ཐོབ་སྟེ་བསིལ་བའི་དངོས་རེག་ཚེ། ། དེས་ནི་ང་གནས་མ་ལུས་སྟོང་པར་བྱེད་པར་འགྱུར། ། དཔུང་ཆེན་རྣམས་དང་ལྷན་ཅིག་དེར་ནི་རབ་དོང་ལ། ། ཤིང་དབང་དྲུང་འདུག་དགེ་སྦྱོང་གཅིག་དེ་གཞོམ་པར་བྱ། ། ཡན་ལག་བཞི་པའི་སྡེ་རྣམས་མྱུར་དུ་རབ་ཏུ་སྒྲིམས། ། གལ་ཏེ་ང་ལ་སྡུག་སེམས་ཕྱི་ཤོལ་མ་བྱེད་ཅིག ། དགྲ་བཅོམ་རང་སངས་རྒྱས་ཀྱིས་འཇིག་རྟེན་གང་གྱུར་ཀྱང་། ། མྱ་ངན་འདའ་བས་བདག་དཔུང་ཉམ་ཆུང་ཡོང་མི་འགྱུར། ། དེ་ཡང་གཅིག་པུ་རྒྱལ་བ་ཆོས་རྒྱལ་གྱུར་ན་ནི། ། བགྲང་ལས་ འདས་པའི་རྒྱལ་བའི་རིགས་ནི་གཞལ་མི་འཆད། ། དགེ་སློང་དག་དེ་ནས་བདུད་ཀྱི་བུ་དེད་དཔོན་ཞེས་བྱ་བས་བདུད་སྡིག་ཅན་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡབ་ཅིག་ཅི་ནོངས་ཞལ་གྱུར་ཅིང་ནི་ཞལ་མདོག་ཉམས། ། ཐུགས་ཀྱང་འཕར་ལ་ཁྱོད་ཀྱི་ཡན་ལག་ཉིང་ལག་འདར། ། ཁྱོད་ཀྱིས་ཅི་གསན་ཅི་ གཟིགས་མྱུར་དུ་བཀའ་སྩོལ་ཅིག ། ཡང་དག་བསམས་ནས་དེ་བཞིན་སྦྱར་བ་འཚལ་བར་བགྱི། ། ང་རྒྱལ་མེད་བདུད་སྨྲས་པ་བུ་ཅིག་ང་ལ་ཉོན། །
BOངས་ནི་སྡིག་པའི་རྨི་ལམ་ཤིན་ཏུ་མི་བཟད་རྨིས། ། དེ་རིང་འཁོར་འདིར་དེ་ཀུན་མ་ལུས་སྨྲས་ན་ནི། ། ཁྱེད་རྣམས་བརྒྱལ་ཏེ་ས་ལ་རབ་ཏུ་ སྒྱེལ་བར་འགྱུར། ། དེད་དཔོན་གྱིས་སྨྲས་པ། གལ་ཏེ་འཐབ་དུས་བབ་སྟེ་རྒྱལ་ན་ནོངས་མ་མཆིས། ། གལ་ཏེ་དེར་ནི་བཅོམ་པར་གྱུར་ན་ནོངས་དང་བཅས། ། གལ་ཏེ་ཁྱོད་ཀྱི་རྨི་ལམ་དེ་འདྲའི་ལྟས་ལགས་ན། ། བཞག་ན་དགེ་སྟེ་གཡུལ་ངོར་ཡོངས་སུ་བསྟངས་མི་འགྱུར། ། བདུད་ཀྱིས་ སྨྲས་པ། བརྩལ་བ་གྲུབ་པའི་སྐྱེས་བུ་གཡུལ་ངོར་གྲགས་པར་འགྱུར། ། གལ་ཏེ་བརྟན་ལ་བརྟེན་ཏེ་ལེགས་བྱས་བདག་ཅག་རྒྱལ། ། ཁོ་བོ་འཁོར་དང་བཅས་པ་མཐོང་ནས་ལངས་ནས་སུ། ། ཁོ་བོའི་རྐང་པར་མགོས་ཕྱག་མི་འཚལ་དེས་མི་ནུས། ། དེད་དཔོན་གྱིས་སྨྲས་པ། རྒྱ་ཆེན་དཔུང་བདོག་ཀྱང་ནི་ཤིན་ཏུ་མཐུ་ཆུང་སྟེ། ། སྟོབས་ལྡན་དཔའ་བོ་གཅིག་པུ་མཆིས་ན་གཡུལ་ལས་རྒྱལ། ། གལ་ཏེ་སྲིན་བུ་མེ་ཁྱེར་སྟོང་གསུམ་གང་གྱུར་ཀྱང་། ། ཉི་མ་གཅིག་པུའི་ཟིལ་དུ་བརླག་སྟེ་འོད་མི་བགྱིད། ། གཞན་ཡང་གང་ལ་ང་རྒྱལ་གཏི་མུག་མཆིས་ལ་དཔྱོད་མ་མཆིས། ། མཁས་དང་མི་འཐུན་བགྱིད་པ་དེ་ནི་གསོ་མི་ནུས། །
BOདགེ་སློང་དག་དེ་ལྟར་བདུད་སྡིག་ཅན་གྱིས་དེད་དཔོན་གྱི་ཚིག་མཉན་ནས། ཡན་ལག་བཞི་པའི་དཔུང་ཆེན་པོ་སྟོབས་ཆེ་བ། འཐབ་མོ་ལ་དཔའ་བ། འཇིགས་སུ་རུང་བ། སྤུ་ཟིང་ཞེས་བྱེད་ནུས་པ། ལྷ་དང་མི་རྣམས་ཀྱིས་སྔོན་མ་ མཐོང་མ་ཐོས་པ། བཞིན་བསྒྱུར་བ་རྣམ་པ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བསྒྱུར་བའི་རྣམ་པ་དང་ལྡན་པ། རྐང་ལག་སྦྲུལ་བརྒྱ་སྟོང་གིས་དཀྲིས་པ་དང་ལྡན་པ། རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། སྟ་རེ་དང་། རྩེ་གསུམ་ཁ་གདེང་དང་། བོང་བ་དང་། གཏུན་ཤིང་དང་། བེ་ཅོན་དང་། ཞགས་པ་དང་། དབྱུག་ཏོ་དང་། འཁོར་ལོ་དང་། རྡོ་རྗེ་དང་། རྡོ་རྗེ་རྩེ་གཅིག་པ་ཐོགས་པ་དང་། ལུས་ལ་གོ་ཆ་བཟང་པོ་བགོས་པ། མགོ་དང་། རྐང་ལག་དང་། མིག་ལོག་པར་འདུག་པ། མགོ་དང་། མིག་དང་། གདོང་འབར་བ། ལྟོ་དང་རྐང་ལག་ དབྱིབས་མི་སྡུག་པ། བཞིན་གཟི་བརྗིད་དྲག་པོ་དང་ལྡན་པ། ཤིན་ཏུ་བཞིན་བསྒྱུར་ཅིང་སོ་གཙིགས་པ། འཇིགས་སུ་རུང་བར་མཆེ་བ་གཙིགས་པ། ལྕེ་སྟུག་ཅིང་ཞེང་ཆེ་བ་མང་པོ་འཕྱང་བ། ལྕེ་འབར་འབུར་ཅན་རེ་ལྡེ་དང་འདྲ་བ། མིག་མེ་དང་སྦྲུལ་ནག་པོ་དུག་གིས་རྒྱས་པའི་མིག་ལྟར་དམར་བ་དག་ ཆར་བཅུག་སྟེ།
BOདེ་ལ་ཁ་ཅིག་ནི་སྦྲུལ་གདུག་སྐྱུག་པ། ཁ་ཅིག་ནི་ནམ་མཁའ་ལྡིང་གིས་རྒྱ་མཚོ་ནས་ཕྱུང་བ་བཞིན་དུ་ལག་མཐིལ་དུ་སྦྲུལ་གདུག་པ་བཞག་སྟེ་ཟ། ཁ་ཅིག་ནི་མིའི་ཤ་དང་། ཁྲག་དང་། རྐང་ལག་དང་། མགོ་དང་། མཁལ་མ་དང་། ནང་གྲོལ་དང་། ངན་སྐྱུགས་ལ་སོགས་པ་ཟ་ ཁ་ཅིག་ནི་གཟུགས་སྔོ་བསངས་དང་། ཁམ་པ་པོ་དང་། སྔོན་པོ་དང་། དམར་པོ་དང་། སེར་པོར་འདུག་སྟེ། འཇིགས་སུ་རུང་བའི་གཟུགས་སྣ་ཚོགས་ཅན། ཁ་ཅིག་ནི་མིག་ཞིགས་པ་དང་། མིག་ཁྲོན་པ་ལྟ་བུ་དང་། མིག་ཕྱུང་བ་ལྟ་བུ་དང་། མིག་འབར་བ་དང་། མིག་བཟུར་བ། མི་སྡུག་ པ། ཁ་ཅིག་ནི་མིག་ལོག་པ་དང་། འབར་བ་དང་། མི་སྡུག་པ། ཁ་ཅིག་ནི་རི་འབར་བ་ཐོགས་ཏེ། འགྱིང་ཞིང་རི་གཞན་ལ་ཞོན་ཏེ་འོང་། ཁ་ཅིག་ནི་ཤིང་རྩ་ཐོན་བྱས་ཏེ་བྱང་ཆུབ་སེམས་དཔའི་ལོགས་སུ་རྒྱུག་ཅིང་འོང་། ཁ་ཅིག་གི་རྣ་བ་ནི་ཕག་རྣ་ལྟ་བུ་དང་། ཞིབ་མ་ལྟ་བུ་ དང་། གླང་པོའི་རྣ་བ་ལྟ་བུ་དང་། འཕྱང་བ་དང་། ཕག་རྣ་ལྟ་བུར་འདུག་པ། ཁ་ཅིག་ནི་རྣ་བ་མེད་པ། ཁ་ཅིག་ནི་ཀེང་རུས་མང་པོ་སྤྲུལ་ནས་ལུས་རིད་ཅིང་གསུས་པ་ཆེ་ལ་སྣ་ཞོམ་པ། གསུས་པ་བུམ་པ་ལྟ་བུར་འདུག་པ། རྐང་པ་མགོའི་ཐོད་པ་ལྟར་འདུག་པ། པགས་པ་དང་།
BOཤ་དང་ ཁྲག་སྐམས་པ། རྣ་བ་དང་། སྣ་དང་། རྐང་ལག་དང་། མིག་དང་། མགོ་བཅད་པ། ཁ་ཅིག་ནི་ཁྲག་འཐུང་འདོད་པས་གཅིག་ལ་གཅིག་མགོ་གཅོད་པ། ཁ་ཅིག་ནི་སྒྲ་ཤ་ཤ་པོ་དང་། སྒྲ་མི་སྙན་པ་དང་། འཇིགས་སུ་རུང་བ་དང་། སྒྲ་རྩུབ་པ་དང་ལྡན་པ། ཧུ་ཧུ་ཞེས་བྱ་བ་དང་། མཆི་ ཞེས་བྱ་བ་དང་། ཧུ་ལུ་ཧུ་ལུ་ཞེས་བྱ་བའི་སྒྲ་འབྱིན་པ་དང་། སྤྱུགས་པ་ལེན་པ་དང་། དགེ་སྦྱོང་གཽ་ཏ་མ་འདི་ཤིང་དང་ཆོས་ཏེ་འོན་ཅིག་ཅེས་ཟེར་བ་དང་། འོར་ཅིག་ཅེས་ཟེར་བ་དང་། རྒྱོབ་ཅིག་ཅེས་ཟེར་བ་དང་། རབ་ཏུ་རྒྱོབ་ཅིག་ཅེས་ཟེར་བ་དང་། ཆིངས་ཤིག་ཅེས་ཟེར་བ་དང་། ཟུང་ཤིག་ཅེས་ ཟེར་བ་དང་། ཆོད་ཅིག་ཅེས་ཟེར་བ་དང་། གཏུབས་ཤིག་ཅེས་ཟེར་བ་དང་། གཏོགས་ཤིག་ཅེས་ཟེར་བ་དང་། བབ་བབ་ཏུ་འོར་ཅིག་ཅེས་ཟེར་བ་དག་གོ། ། ཁ་ཅིག་ནི་ཝ་དང་། ཅེ་སྤྱང་དང་། ཕག་དང་། བོང་བུ་དང་། བ་ལང་དང་། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། རྐྱང་དང་། མ་ཧེ་དང་། རི་བོང་དང་། གཡག་དང་། བསེ་དང་། {རི་དགས་,རི་དྭགས་}ལྡང་སྐོ་སྐ་ལ་སོགས་པའི་ཁ་གདོང་སྣ་ཚོགས་འཇིགས་སུ་རུང་བ་སྔངས་པར་བྱེད་པ། མི་སྡུག་པ་དང་ལྡན་པ་དག་གོ། ། ཁ་ཅིག་ནི་སེང་གེ་དང་། སྟག་དང་། ཕག་རྒོད་དང་།
BOདྲེད་དང་། སྤྲེའུ་དང་། གཟིག་དང་། བྱི་ལ་དང་། ར་ དང་། ལུག་དང་། སྦྲུལ་དང་། ནེའུ་ལེ་དང་། ཉ་དང་། ཆུ་སྲིན་དང་། ཆུ་སྲིན་བྱིས་པ་གསོད་དང་། རུས་སྦལ་དང་། བྱ་རོག་དང་། བྱ་རྒོད་དང་། འུག་པ་དང་། ནམ་མཁའ་ལྡིང་ལྟ་བུའི་ལུས་དང་ལྡན་པ་དག་གོ། ། ཁ་ཅིག་ནི་གཟུགས་མི་སྡུག་པ་དག་གོ། ། ཁ་ཅིག་ནི་མགོ་གཅིག་པ་དང་། མགོ་ གཉིས་པ་ནས་མགོ་བརྒྱ་སྟོང་གི་བར་དང་ལྡན་པ་དག་གོ། ། ཁ་ཅིག་ནི་མགོ་མེད་པའོ། ། ཁ་ཅིག་ནི་ལག་པ་གཅིག་པ་ནས་ལག་པ་བརྒྱ་སྟོང་གི་བར་དང་ལྡན་པ་དག་གོ། ། ཁ་ཅིག་ནི་ལག་པ་མེད་པ་དག་གོ། ། ཁ་ཅིག་ནི་རྐང་པ་གཅིག་པ་ནས་རྐང་པ་བརྒྱ་སྟོང་གི་བར་དང་ལྡན་པ་དག་གོ། ། ཁ་ཅིག་ ནི་རྐང་པ་མེད་པ་དག་གོ། ། ཁ་ཅིག་ནི་རྣ་བ་དང་། ཁ་དང་། སྣ་དང་། མིག་དང་། ལྟེ་བའི་ཁུང་བུ་ནས་སྦྲུལ་གདུག་པ་འབྱིན་ཏོ། ཁ་ཅིག་ནི་རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། རྩེ་གསུམ་ཁ་གདེང་དང་། དགྲ་སྟ་དང་། འཁོར་ལོ་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་ པ་དང་། རྡོ་རྗེ་དང་། བོང་བ་དང་། མཚོན་རྩེ་གཅིག་པ་ལ་སོགས་པ་མཚོན་ཆ་སྣ་ཚོགས་གསོར་ཞིང་གར་བྱེད་ལ། བྱང་ཆུབ་སེམས་དཔའ་ལ་སྡིགས་མོ་བྱེད་དོ། །
BOཁ་ཅིག་ནི་མིའི་སོར་མོ་བཅད་ནས་ཕྲེང་བར་བརྒྱུས་ཏེ་ཐོགས་སོ། ། ཁ་ཅིག་ནི་ཀེང་རུས་དང་། ཐོད་པ་དག་ཕྲེང་བ་ལྟ་བུར་ བརྒྱུས་ཏེ་ཐོགས་སོ། ། ཁ་ཅིག་ནི་ལུས་སྦྲུལ་གདུག་པས་དཀྲིས་སོ། ། ཁ་ཅིག་ནི་མགོ་ལ་ཞུགས་ལིང་མེ་ཅན་ཐོགས་ཏེ། གླང་པོ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། མ་ཧེ་ལ་ཞོན་ནོ། ། ཁ་ཅིག་ནི་སྤྱིའུ་ཚུགས་སུ་འདུག་ལ་ཁབ་ལྟ་བུའི་སྤུ་ཅན་དག་གོ། ། ཁ་ཅིག་ ནི་བ་ལང་དང་། བོང་བུ་དང་། ཕག་རྒོད་དང་། ནེའུ་ལེ་དང་། ར་དང་། ལུག་དང་། བྱི་ལ་དང་། སྤྲེའུ་དང་། སྤྱང་ཀི་དང་། ཅེ་སྤྱང་གི་སྤུ་ལྟ་བུ་དང་ལྡན་ལ། སྦྲུལ་གདུག་པ་སྐྱུག་ཅིང་ལྕགས་ཀྱི་ཐུ་ལུམ་མིད་པ་དང་། མེ་འབྱིན་པ་དང་། ལྕགས་དང་། ཟངས་འབར་བའི་ཆར་འབེབས་ པ་དང་། ལྕེ་འབེབས་པ་དང་། རྡོ་རྗེའི་ལྕེ་འབེབས་པ་དང་། ལྕགས་ཀྱི་བྱེ་མཚན་མོའི་ཆར་འབེབས་པ་དང་། སྤྲིན་ནག་པོ་བསྡུས་ཏེ་རླུང་གི་ཆར་འབེབས་པ་དང་། མདའི་སྤྲིན་བསྡུས་ཏེ་ཆར་དུ་འབེབས་པ་དང་། མུན་གནག་སྟོན་པ་དང་། སྒྲ་འབྱིན་ཅིང་བྱང་ཆུབ་སེམས་དཔའི་ལོགས་སུ་ རྒྱུག་པ་དག་གོ། ། ཁ་ཅིག་ནི་ཞགས་པ་སྐོར་བ་དང་། རི་ཆེན་པོ་རྙིལ་བར་བྱེད་པ་དང་།
BOརྒྱ་མཚོ་ཆེན་པོ་འཁྲུགས་པར་བྱེད་པ་དང་། རི་ཆེན་པོ་ལས་མཆོང་བ་དང་། རིའི་རྒྱལ་པོ་ལྷུན་པོ་སྒུལ་བ་དང་། རྒྱུག་པ་དང་། འབྲོས་པ་དང་། ཡན་ལག་དང་། ཉིང་ལག་འཐོར་བ་དང་། ལུས་སྐོར་བ་དང་ གད་མོ་ཆེར་རྒོད་པ་དང་། བྲང་རྡུང་བ་དང་། བྲང་ལ་རྡེབ་པ་དང་། མགོ་གསིག་པ་དང་། མགོ་འབར་ཞིང་སྐྲ་གྱེན་དུ་འགྲེང་བ་དང་། ཕན་ཚུན་ཤུགས་ཕྱུང་སྟེ་རྒྱུག་ཅིང་ཝའི་མིག་ལྟ་བུས་བྱང་ཆུབ་སེམས་དཔའ་ལ་འཇིགས་པར་བྱེད་དོ། ། བུད་མེད་རྒན་མོ་དག་ཀྱང་ངུ་ཞིང་ བྱང་ཆུབ་སེམས་དཔའི་གན་དུ་ལྷགས་ཏེ། འདི་སྐད་དུ་ཀྱི་ཧུད་བུ། ཀྱི་ཧུད་ངའི་བུ། ལོངས་ཤིག ། ལོངས་ལ་མྱུར་དུ་བྲོས་ཤིག་ཅེས་འཛེར་ཏོ། ། སྲིན་མོའི་གཟུགས་དང་། ཤ་ཟ་མོའི་གཟུགས་དང་། {ཡི་དགས་,ཡི་དྭགས་}ལོང་བ། ཐེང་པོ། རྐེ་བ། བཀྲེས་པས་རིད་པ། ལག་པ་བསྒྲེང་ བ། ཁ་གཅུས་པ་དག་ཀྱང་ངུ་ཞིང་འཇིགས་པ་སྟོན་ཏེ། སྔངས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའི་མདུན་ན་རྒྱུག་གོ། ། བདུད་ཀྱི་དཔུང་འདུས་པ་རྣམ་པ་དེ་ལྟ་བུ་དེས་དཔག་ཚད་བརྒྱད་ཅུ་ཁོར་ཁོར་ཡུག་ཏུ་གང་བར་གྱུར་ཏོ། །
BOབདུད་གཅིག་གི་ཇི་ལྟ་བ་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་བྱེ་བ་ཕྲག་ བརྒྱར་གཏོགས་པའི་བདུད་སྡིག་ཅན་རྣམས་ཀྱི་དཔུང་དག་གིས་ཐད་ཀ་དང་། སྟེང་གང་བར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གནོད་སྦྱིན་གྲུལ་བུམ་ལྟོ་འཕྱེ་ཆེན་པོའི་གཟུགས། ། སྲིན་པོ་{ཡི་དགས་,ཡི་དྭགས་}ཤ་ཟའི་གཟུགས་དང་བཅས། ། འཇིག་རྟེན་མི་སྡུག་དྲག་གཟུགས་ཇི་སྙེད་པ། ། ཐམས་ ཅད་སྒྱུ་ཡིས་དེར་ནི་སྤྲུལ་པ་བྱས། ། མགོ་གཅིག་མགོ་གཉིས་མགོ་གསུམ་ལྡན་པ་ནས། ། མགོ་སྟོང་བར་དུ་ལྡན་བཞིན་གནོད་སྦྱིན་མང་། ། ལག་གཅིག་ལག་གཉིས་ལག་གསུམ་ལྡན་པ་ནས། ། ལག་སྟོང་བར་དུ་ལྡན་པ་རབ་ཏུ་མང་། ། རྐང་གཅིག་རྐང་གཉིས་རྐང་གསུམ་ལྡན་པ་ནས། ། རྐང་སྟོང་བར་དུ་ལྡན་པ་གཞན་ཡང་མང་། ། ཁ་བཞིན་སྔོ་ལ་ལུས་ནི་སེར་བ་དང་། ། ཁ་བཞིན་སེར་ལ་ལུས་ནི་སྔོ་བ་དང་། ། ཁ་བཞིན་དཀར་ལ་ལུས་ནི་གནག་པ་དང་། ། ཁ་བཞིན་གནག་ལ་ལུས་ནི་དཀར་བ་དང་། ། ཁ་བཞིན་གཞན་ལ་ལུས་ཀྱང་གཞན་པ་དང་། ། དེ་འདྲའི་ཕྱག་བརྙན་དག་གི་ དཔུང་རྣམས་ལྷགས། ། སྟག་དང་སྦྲུལ་དང་ཕག་གི་གདོང་ཅན་དང་། ། གླང་པོ་རྟ་དང་བོང་བུ་རྔ་མོའི་གདོང་། ། སྤྲེའུ་དང་སེང་གེ་དྲེད་ཀྱི་གདོང་ཅན་དང་། །
BOདེ་འདྲའི་ཁ་གདོང་ལྡན་པའི་དཔུང་རྣམས་ལྷགས། ། རལ་པ་བརྫེས་ལ་འཇིགས་པའི་གནོད་སྦྱིན་མང་། ། ལུག་མགོ་རུས་པ་འབར་འབུར་ ལྦ་བ་ཅན། ། ལུས་ནི་མི་ཡི་ཁྲག་གིས་རབ་ཏུ་སྦགས། ། གནོད་སྦྱིན་དེ་འདྲ་བ་དག་དེར་ཡང་ལྷགས། ། རྐང་པ་དག་ནི་དགོ་བའི་རྐང་པ་འདྲ། ། མིག་གི་འབྲས་བུ་སྤྲེའུའི་མིག་དང་མཚུངས། ། མཆེ་བ་དག་ནི་གླང་པོའི་མཆེ་བ་འདྲ། ། ཁ་གདོང་དེ་འདྲའི་དཔུང་རྣམས་དེར་ཡང་ལྷགས། ། ལུས་ཀྱི་དབྱིབས་ནི་ཆུ་སྲིན་འདྲ་བ་སྟེ། ། མིག་གི་འབྲས་བུ་གཉིས་ནི་རབ་ཏུ་འབར། ། རྣ་བ་དག་ནི་ར་ཡི་རྣ་བ་འདྲ། ། ཁ་གདོང་དེ་འདྲའི་དཔུང་རྣམས་དེར་ཡང་ལྷགས། ། ཁ་ཅིག་དག་ནི་ལག་ན་དབྱིག་པ་ཐོགས། ། ཐོ་བ་མདུང་ཐུང་རྩེ་གསུམ་ལག་ན་ཐོགས། ། ཁ་ཅིག་རི་བོ་ལྷུན་པོ་ལག་ན་ ཐོགས། ། འཇིགས་སུ་རུང་བའི་གཟུགས་ཅན་གནོད་སྦྱིན་ལྷགས། ། གཤོལ་ཐོགས་འཁོར་ལོ་ཐོགས་ཤིང་མིག་སྒྱུར་དང་། ། རི་རྩེ་ཆེན་པོ་ལག་ན་ཐོགས་པ་དང་། ། རླུང་དང་རྡོ་དང་གནམ་ལྕགས་རབ་འབེབས་ཤིང་། ། གནོད་སྦྱིན་འཇིགས་སུ་རུང་བ་དེར་ཡང་ལྷགས། ། རླུང་ནི་རབ་ཏུ་གཏོང་ ཞིང་ཆར་ཡང་འབེབས། ། བརྒྱ་ཕྲག་སྟོང་གི་གློག་ཀྱང་རབ་ཏུ་འབྱིན། །
BOའབྲུག་གི་སྒྲ་ཡང་སྒྲོག་ཅིང་ཤིང་ལྗོན་སྒྱེལ། ། བྱང་ཆུབ་ཤིང་གི་ལོ་མ་ཙམ་མི་གཡོ། ། ཆར་པ་རབ་ཏུ་འབེབས་ཤིང་རླུང་ཡང་གཏོང་། ། ཆུ་བོ་འབེབས་ཤིང་ཆུ་ཡིས་ས་ཡང་གང་། ། དེ་ལྟར་འཇིགས་སུ་རུང་བ་མཚན་ མོ་བྱུང་། ། དེ་ཡི་ནུབ་མོ་སེམས་མེད་ཤིང་ཡང་སྒྱེལ། ། ཐམས་ཅད་དབྱིབས་མི་སྡུག་ཅིང་གཟུགས་མི་སྡུག ། འཇིགས་པའི་གཟུགས་ལྡན་དེ་དག་མཐོང་ནས་ཀྱང་། ། ཡོན་ཏན་མཚན་དང་གཟི་བརྗིད་ལྡན་པ་པོ། ། ལྷུན་པོ་ལྟ་བུར་སེམས་ནི་གཡོ་བ་མེད། ། སྒྱུ་མ་འདྲ་ཞིང་རྨི་ལམ་མཚུངས་པ་དང་། ། སྤྲིན་དང་འདྲ་བར་ཆོས་རྣམས་ཀུན་ལ་རྟོག ། དེ་ལྟར་ཆོས་ཀྱི་ཚུལ་ལ་རྟོག་པས་ན། ། ལེགས་གནས་བསམ་གཏན་བྱེད་ཅིང་ཆོས་ལ་གནས། ། གང་ཞིག་ང་དང་ང་ཡི་སྙམ་སེམས་ཤིང་། ། དངོས་དང་ལུས་ལ་ཡང་དག་མངོན་ཞེན་པ། ། མི་མཁས་འཛིན་པར་གནས་དེས་མཐོང་ནས་ནི། ། འཇིགས་པར་གྱུར་ཅིང་བདག་ཀྱང་རབ་ཏུ་མྱོས། ། ཤཱཀྱའི་སྲས་པོས་ཆོས་རྣམས་རྟེན་བྱུང་བ། ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། ། ནམ་མཁའ་ལྟ་བུའི་སེམས་དང་རབ་ཏུ་ལྡན། ། དཔུང་བཅས་གཡོ་སྒྱུ་མཐོང་ཡང་མྱོས་པ་མེད། །
BOདགེ་སློང་དག་དེ་ལྟར་བདུད་སྡིག་ཅན་གྱི་བུ་སྟོང་པོ་དེ་དག་ གི་ནང་ནས་དེད་དཔོན་ལ་སོགས་པ་བདུད་ཀྱི་བུ་གང་དག་བྱང་ཆུབ་སེམས་དཔའ་ལ་མངོན་པར་དད་པ་དེ་དག་ནི་བདུད་ཀྱི་གཡས་རོལ་ཏུ་འཁོད་པར་གྱུར་ཏོ། ། གང་དག་བདུད་ཀྱི་ཕྱོགས་བྱེད་པ་དེ་དག་ནི་བདུད་སྡིག་ཅན་གྱི་གཡོན་རོལ་ཏུ་འཁོད་པར་གྱུར་ཏོ། ། དེ་ན་བདུད་སྡིག་ ཅན་གྱིས་རང་གི་བུ་དེ་དག་ལ་སྨྲས་པ། ཡུ་བུ་ཅག་ཅི་འདྲ་བའི་དཔུང་གིས་བྱང་ཆུབ་སེམས་དཔའ་གདུལ་བར་བྱ། དེ་ན་གཡས་རོལ་ནས་བདུད་ཀྱི་བུ་དེད་དཔོན་ཞེས་བྱ་བས་ཕ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཀླུ་ཡི་དབང་པོ་གཉིད་ལོག་སློང་འདོད་དང་། ། གླང་པོའི་དབང་པོ་གཉིད་ལོག་ སློང་འདོད་དང་། ། {རི་དགས་,རི་དྭགས་}རྒྱལ་པོ་གཉིད་ལོག་སློང་འདོད་པ། ། དེ་ནི་མི་དབང་ལེགས་གནས་སློང་བར་འདོད། ། གཡོན་རོལ་ནས་བདུད་ཀྱི་བུ་བློ་གྲོས་ངན་པ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། ། བལྟས་པ་ཙམ་གྱིས་སྙིང་ཡང་རབ་ཏུ་འགས་འགྱུར་ལ། ། འཇིག་རྟེན་དག་ན་སྙིང་པོ་ལྡན་ པའི་ཤིང་ཆེན་འགས། ། བདག་གི་ལྟ་བས་ཕོག་ན་འགྲོ་བ་འཆིས་ཕོག་ལྟར། ། འཚོ་བར་འགྱུར་བའི་མཐུ་ནི་དེ་ལ་ག་ལ་མཆིས། །
BOགཡས་རོལ་ནས་དབྱངས་སྙན་ཅེས་བྱ་བས་སྨྲས་པ། བལྟས་པ་ཙམ་གྱིས་ཤིང་ཡང་འགས་ན་མི་རྣམས་ལ། ། བདག་བསྒྲིམ་ཅི་དགོས་ཞེས་སྨྲས་སྙིང་པོ་ག་ ལ་ཡོད། ། གལ་ཏེ་བལྟས་པས་རི་བོ་ལྷུན་པོ་འཇིག་འགྱུར་ཡང་། ། དེ་ཡི་མདུན་དུ་ཁྱོད་ནི་མིག་འབྱེད་ཡོང་མི་ནུས། ། གཞན་ཡང་མི་གང་རྒྱ་མཚོ་ལག་པ་གཉིས་ཀྱིས་རྒལ་འདོད་ཅིང་། ། དེ་ཡི་ཆུ་ནི་བརྔུབས་ཏེ་འཐུང་བར་ནུས་འགྱུར་གྱི། ། དེ་ཡི་ཁ་བཞིན་དྲི་མ་མེད་ལ་མངོན་སུམ་དུ། ། ལྟ་བ་དེ་ནི་དེ་བས་སྡུག་བསྔལ་ཆེ་ཞེས་སྨྲས། ། གཡོན་རོལ་ནས་ལག་བརྒྱ་བ་ཞེས་བྱ་བས་སྨྲས་པ། བདག་གི་ལུས་འདི་ལག་པ་བརྒྱ་མཆིས་པ། ། གཅིག་གིས་ཀྱང་ནི་མདའ་བརྒྱ་འཕང་བགྱིས་ཏེ། ། དགེ་སྦྱོང་དེ་ཡི་ལུས་ནི་དབུག་པར་བགྱི། ། ཡབ་ཅིག་བདེར་འགྱུར་མ་ཤོལ་ཁྱོད་གཤེགས་ ཤིག ། གཡས་རོལ་ནས་བློ་བཟང་པོ་ཞེས་བྱ་བས་སྨྲས་པ། བ་སྤུ་རྣམས་ཀྱང་ཅི་ཕྱིར་ལག་པ་མིན། ། ལག་པ་བརྒྱ་དང་ཁྱད་པར་ཅི་ཞིག་ཡོད། ། ལག་པ་རེ་རེར་དེ་ལྟར་མདུང་ཡོད་ཀྱང་། ། དེ་དག་གིས་ཀྱང་དེ་ལ་ཅི་མི་ནུས། ། ཅིའི་ཕྱིར་ཞེ་ན། དེས་ནི་འཇིག་རྟེན་འདས་པའི་བྱམས་པ་བསྒོམས། ། བྱམས་ལྡན་ཐུབ་པ་དེ་ཡི་སྐུ་ལ་ནི། ། དུག་དང་མཚོན་དང་མེ་ཡིས་མི་ཚུགས་ཏེ།
BO། མཚོན་ཆ་འཕངས་པ་ཐམས་ཅད་མེ་ཏོག་འགྱུར། ། གཞན་ཡང་མཁའ་དང་ས་དང་ཆུ་ལ་སྟོབས་ལྡན་གང་། ། མིའམ་གནོད་སྦྱིན་རལ་གྲི་དགྲ་སྟ་ཐོགས། ། མི་དབང་བཟོད་པའི་སྟོབས་ལྡན་དེ་དྲུང་ཕྱིན། ། སྟོབས་ ཆེན་སྟོབས་ལྡན་དེ་ཀུན་སྟོབས་ཆུང་འགྱུར། ། གཡོན་རོལ་ནས་གཟི་བརྗིད་དྲག་ཤུལ་ཅན་ཞེས་བྱ་བས་སྨྲས་པ། བདག་ནི་དེ་ཡི་ལུས་བཟང་གི། ། ཁོང་དུ་ཞུགས་ཏེ་བསྲེག་པར་བགྱི། ། འབྲོག་གི་མེ་ལྟར་ཆུང་ངུ་ཡིས། ། རྐང་དང་བཅས་པའི་ཤིང་ཡང་བསྐམ། ། གཡས་རོལ་ནས་མི་{བཟངས་,བཟང་} ཀྱིས་སྨྲས་པ། ཁྱོད་ནི་རི་རབ་ས་ཡི་ནང་ཞུགས་ཏེ། ། ཐམས་ཅད་མ་ལུས་བསྲེག་པར་ནུས་གྱུར་ཀྱང་། ། ཁྱོད་དང་འདྲ་བ་གང་གཱའི་བྱེ་སྙེད་ཀྱིས། ། རྡོ་རྗེའི་ཐུགས་ལྡན་དེ་ནི་བསྲེག་མི་ནུས། ། གཞན་ཡང་རི་བོ་ཐམས་ཅད་འགུལ་ཡང་སྲིད། ། རྒྱ་མཚོ་ཆེན་པོ་ཟད་ཀྱང་སྲིད། ། ཉི་ཟླ་ས་ལ་ལྷུང་ཡང་ སྲིད། ། ས་ནི་ཞུ་བར་འགྱུར་ཡང་སྲིད། ། འཇིག་རྟེན་དོན་དུ་རྩོམ་མཛད་པ། ། ཐུགས་དམ་ངེས་པར་མཛད་པ་པོ། ། བྱང་ཆུབ་དམ་པ་མ་ཐོབ་པར། ། ཤིང་ཆེན་དྲུང་ནས་བཞེངས་མི་སྲིད། ། གཡོན་རོལ་ནས་ལག་{རིངས་ཀྱིས་,རིང་གིས་}བསྒྱིངས་ཏེ་སྨྲས་པ། ཁྱོད་ཀྱི་གནས་འདིར་མཆིས་བཞིན་དུ། །
BOབདག་གིས་སུག་པས་ཉི་མ་དང་། ། ཟླ་བ་སྐར་མ་རྣམས་ཀྱི་གནས། ། ཐམས་ཅད་རབ་ཏུ་མཉེ་བར་བགྱི། ། རྒྱ་མཚོ་ཆེན་པོ་བཞི་པོ་ལས། ། ཚུལ་དུ་ཤིས་པར་ཆབ་ཀྱང་བླང་། ། ཡབ་ཅིག་དགེ་སྦྱོང་དེ་བཟུང་སྟེ། ། རྒྱ་མཚོའི་ཕ་རོལ་དོར་བར་བགྱི། ། ཡབ་ཅིག་དཔུང་འདི་གཞག་ཏུ་གསོལ། ། ཁྱོད་ནི་ཐུགས་ངན་ཆེ་མ་མཛད། ། བྱང་ཆུབ་ཤིང་དེ་དྲུངས་ཕྱུང་སྟེ། ། སུག་པས་ཕྱོགས་ཕྱོགས་གཏོར་བར་བགྱིད། ། གཡས་རོལ་ནས་དད་པ་ཐོབ་པས་སྨྲས་པ། གལ་ཏེ་ཁྱོད་ནི་དྲེགས་བསྒྱིངས་ཏེ། ། ལྷ་དང་ལྷ་མིན་དྲི་ཟར་བཅས། ། ས་དང་རི་དང་རྒྱ་མཚོར་བཅས། ། དེ་དག་ལག་པས་ ཕྱིར་རློག་ཀྱང་། ། ཁྱོད་དང་འདྲ་བ་སྟོང་ཕྲག་ནི། ། གང་གཱའི་བྱེ་མ་སྙེད་རྣམས་ཀྱིས། ། བྱང་ཆུབ་སེམས་དཔའ་ཤེས་རབ་ཅན། ། དེ་ཡི་བ་སྤུ་གཡོས་མི་ནུས། ། གཡོན་རོལ་ནས་འཇིགས་བྱེད་ཀྱིས་སྨྲས་པ། ། དཔུང་གི་ནང་ན་བཞུགས་བཞིན་དུ། ། ཡབ་ཁྱོད་ཅི་སླད་རབ་ཏུ་བསྙེངས། ། དེ་ ལ་དཔུང་གྲོགས་ག་ལ་མཆིས། ། ཅི་སླད་ཁྱོད་འདིར་དེ་ལ་བསྙེངས། ། གཡས་རོལ་ནས་བློ་གྲོས་རྩེ་གཅིག་གིས་སྨྲས་པ། འཇིག་རྟེན་དག་ན་ཉི་ཟླ་དཔུང་མ་མཆིས། ། འཁོར་ལོས་སྒྱུར་དང་སེང་གེ་དཔུང་མ་མཆིས། །
BOབྱང་ཆུབ་སེམས་དཔའ་འདི་ནི་དཔུང་མ་མཆིས། ། འོན་ཀྱང་གཅིག་པུས་བདུད་ནི་གཞོམ་པར་སྤྱོད། ། གཡོན་རོལ་ནས་གླགས་ལྟས་སྨྲས་པ། མདུང་ཐུང་རྩེ་གསུམ་དབྱུག་ཏོ་རལ་གྲི་རྟ། ། གླང་པོ་ཤིང་རྟ་རྐང་ཏང་མ་མཆིས་པ། ། དགེ་སྦྱོང་གཅིག་པུ་མཆིས་པ་དེ་བདག་གིས། ། དོ་མོད་དགུམ་གྱིས་ཅུང་ཟད་མ་བསྙེངས་ཡབ། ། གཡས་རོལ་ ནས་བསོད་ནམས་བརྒྱན་གྱིས་སྨྲས་པ། སྲེད་མེད་བུ་ལྟར་མི་ཕྱེད་མི་ཤིགས་སྐུ་དང་ལྡན། ། བཟོད་སྟོབས་གོ་མནབས་བརྩོན་འགྲུས་བརྟན་པའི་རལ་གྲི་མདའ། ། རྣམ་པར་ཐར་གསུམ་བཞོན་པ་ཤེས་རབ་གཞུ་ལགས་ཡབ། ། བསོད་ནམས་སྟོབས་ཀྱིས་དེ་ནི་བདུད་ཀྱི་དཔུང་ལས་རྒྱལ། ། གཡོན་ རོལ་ནས་ཕྱིར་མི་ལྡོག་པས་སྨྲས་པ། འབྲོག་མེ་རྩྭ་ལ་ཚིག་པ་ཕྱིར་མི་ལྡོག ། ལོབས་པས་འཕངས་པའི་མདའ་ཡང་ཕྱིར་མི་ལྡོག ། མཁའ་ལས་རྡོ་རྗེ་འབབ་པ་ཕྱིར་མི་ལྡོག ། ཤཱཀྱའི་བུ་ལས་མ་རྒྱལ་བདག་གནས་མེད། ། གཡས་རོལ་ནས་ཆོས་འདོད་ཀྱིས་སྨྲས་པ། གཤེར་བའི་རྩྭ་དང་ ཕྲད་ན་མེ་ཡང་ལྡོག ། བྲག་གི་རྩེ་མོར་བབ་ན་མདའ་ཡང་ལྡོག ། རྡོ་རྗེ་སར་བབ་དེ་ནས་གང་དུ་འགྲོ། ། ཞི་བ་བདུད་རྩི་མ་ཐོབ་དེ་མི་ལྡོག ། ཅིའི་ཕྱིར་ཞེ་ན།
BOཡབ་ཅིག་བར་སྣང་ལ་ནི་རི་མོ་བྲི་བར་ནུས་ཀྱང་གདའ། ། སེམས་ཅན་ཇི་སྙེད་ཀུན་གྱི་སེམས་ནི་གཅིག་བསྡུར་ནུས་ཀྱང་གདའ། ། ཡབ་ ཅིག་ཉི་ཟླ་རླུང་ནི་ཞགས་པས་བཅིང་དུ་ནུས་ཀྱང་གདའ། ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སྙིང་པོ་ལས་ནི་བསྐྱོད་མི་ནུས། ། གཡོན་རོལ་ནས་ཉེ་བར་མ་ཞི་བས་སྨྲས་པ། ལྟ་བའི་གདུག་པ་ཆེན་པོས་ལྷུན་པོ་བསྲེག་པར་བགྱི། ། རྒྱ་མཚོ་ཆེན་པོ་རྣམས་ཀྱི་ཆབ་ཀྱང་བསྐམ་པར་བགྱི། ། བདག་གིས་དོ་མོད་དེ་གཉིས་ཐལ་བར་བརླག་པར་བགྱི། ། ཡབ་ཅིག་བྱང་ཆུབ་དང་ནི་དགེ་སྦྱོང་གཟིགས་སུ་གསོལ། ། གཡས་རོལ་ནས་དོན་གྲུབ་ཀྱིས་སྨྲས་པ། གལ་ཏེ་དུག་གིས་འདི་ཀུན་གང་གྱུར་ལ། ། སྟོང་གསུམ་དམ་པ་རབ་ཏུ་འབར་གྱུར་ཀྱང་། ། ཡོན་ཏན་འབྱུང་གནས་ཀྱིས་ ནི་གཟིགས་ཙམ་གྱིས། ། དུག་ནི་དུག་མ་ཡིན་པར་རབ་ཏུ་འགྱུར། ། སྲིད་པ་གསུམ་ན་གདུག་པ་དྲག་པོ་ནི། ། འདོད་ཆགས་ཞེ་སྡང་དེ་བཞིན་གཏི་མུག་སྟེ། ། དེ་དག་དེ་ཡི་སྐུ་དང་ཐུགས་ལ་མེད། ། མཁའ་ལ་རྫབ་དང་རྡུལ་ནི་མེད་པ་བཞིན། ། སྐུ་དང་གསུང་དང་ཐུགས་ཀྱང་རབ་ཏུ་དག ། སེམས་ཅན་ཀུན་ལ་བྱམས་པའི་ཐུགས་དང་ལྡན། ། དེ་ལ་མཚོན་དང་དུག་གིས་ཡོང་མི་ཚུགས། །
BOདེ་བས་ཡབ་ཅིག་ཐམས་ཅད་བཟློག་ཏུ་གསོལ། ། གཡོན་རོལ་ནས་དགའ་བ་ཆགས་པས་སྨྲས་པ། བདག་གིས་སིལ་སྙན་སྟོང་དག་རབ་བགྱིས་ཏེ། ། ལྷ་ཡི་བུ་མོ་བརྒྱན་པ་བྱེ་སྟོང་གིས། ། ཆགས་པར་བགྱིས་ཏེ་གྲོང་ཁྱེར་མཆོག་ཏུ་བཀྲི། ། འདོད་ལ་དགའ་བར་ཁྱོད་ཀྱི་དབང་དུ་བགྱི། ། གཡས་རོལ་ནས་ཆོས་དགས་སྨྲས་པ། དེ་འདིར་རྟག་ཏུ་ཆོས་ལ་དགྱེས་པས་དགྱེས། ། བསམ་གཏན་དགྱེས་ཤིང་བདུད་རྩི་དོན་ལ་དགྱེས། ། སེམས་ཅན་ཐར་བར་མཛད་དང་བྱམས་ལ་དགྱེས། ། འདོད་ ཆགས་དགའ་ལ་དེ་ནི་དགྱེས་མི་མཛད། ། གཡོན་རོལ་ནས་རླུང་གི་ཤུགས་ཞེས་བྱ་བས་སྨྲས་པ། བདག་གི་ཤུགས་ཀྱིས་ཉི་ཟླ་མིད་བགྱིས་ལ། ། ནམ་མཁའ་ལས་ནི་རླུང་ཡང་རབ་གཏང་ཞིང་། ། ཡབ་ཅིག་དོ་མོད་དགེ་སྦྱོང་བཟུང་ནས་ནི། ། རླུང་གིས་ཕུབ་མ་བཞིན་དུ་གཏོར་བར་བགྱི། ། གཡས་ རོལ་ནས་བདུད་ཀྱི་བུ་བློ་གྲོས་མི་གཡོ་བ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། ། ཇི་ལྟར་ཁྱོད་ཀྱི་ཤུགས་མགྱོགས་དྲག་པ་ལྟར། ། གལ་ཏེ་ལྷ་དང་མི་རྣམས་དེ་འདྲར་གྱུར། ། དེ་དག་ཐམས་ཅད་གཅིག་ཏུ་འདུས་པས་ཀྱང་། ། ཟླ་མེད་གང་ཟག་དེ་ལ་གནོད་མི་ནུས། ། གཡོན་རོལ་ནས་ཚངས་པའི་བློ་ གྲོས་ཀྱིས་སྨྲས་པ།
BOདེ་འདྲའི་དྲག་པོ་ཕལ་ཆེར་གྱུར་ཀྱང་ནི། ། ཁྱོད་ཀྱི་ང་རྒྱལ་ཅུང་ཟད་འཇོམས་མི་ནུས། ། བགྱི་བ་ཐམས་ཅད་མང་པོས་འགྲུབ་ལགས་ན། ། གཅིག་པུས་ཁྱོད་ལ་ཅི་བགྱི་སྨོས་ཅི་འཚལ། ། གཡས་རོལ་ནས་སེང་གེའི་བློ་གྲོས་ཀྱིས་སྨྲས་པ། ས་ལ་སེང་གེ་ཁྱུས་འཁོད་སྔོན་མ་ བྱུང་། ། ལྟ་བའི་གདུག་པ་དག་ཀྱང་ཁྱུས་མི་འཁོད། ། གཟི་ལྡན་བདེན་པ་ཕ་རོལ་གནོན་པ་པོ། ། སྐྱེས་བུ་ཁྱུ་མཆོག་རྣམས་ཀྱང་ཁྱུས་མི་འཁོད། ། གཡོན་རོལ་ནས་ཐམས་ཅད་དུ་གདོལ་པ་ཞེས་བྱ་བས་སྨྲས་པ། ཇི་ལྟར་ཁྱོད་ཀྱི་སྲས་པོ་བརྩོན་འགྲུས་དང་། ། ཤུགས་དང་སྟོབས་དང་ལྡན་པ་སྒྲ་ སྒྲོགས་པ། ། ཚིག་འབར་དེ་འདྲ་ཡབ་ཀྱིས་སྔོན་གསན་ཏམ། ། མྱུར་དུ་དགེ་སྦྱོང་དེ་ནི་གཞོམ་དུ་བཞུད། ། གཡས་རོལ་ནས་སེང་གེ་སྒྲ་སྒྲོགས་ཞེས་བྱ་བས་སྨྲས་པ། ནགས་ཚལ་དག་གི་ཁྲོད་ན་ཝ་མང་པོས། ། སེང་གེ་མེད་པ་དེ་ན་སྒྲ་ཡང་སྒྲོགས། ། སེང་གེས་སྒྲ་བསྒྲགས་ འཇིགས་པ་ཐོས་པ་དང་། ། སྐྲག་ནས་ཕྱོགས་ཕྱོགས་དག་ཏུ་རབ་ཏུ་འབྲོས། ། དེ་ལྟར་བདུད་བུ་མི་མཁས་འདི་དག་ཀྱང་། ། མི་མཆོག་གསུང་ནི་མ་ཐོས་དེ་བར་དུ། ། དེ་དག་སྤྱི་བརྟོལ་བྱེད་ཅིང་བྱུང་རྒྱལ་སྨྲ། །
BOམི་ཡི་སེང་གེས་གསུང་བསྒྲགས་འབྲོས་པར་འགྱུར། ། གཡོན་རོལ་ནས་ཉེས་པར་ བསམ་པ་སེམས་པས་སྨྲས་པ། བདག་གིས་གང་བསམས་མྱུར་དུ་འདིར་འགྲུབ་ན། ། དེ་ནི་ཅི་སླད་དཔུང་ཚོགས་འདི་མི་ལྟ། ། གང་ཕྱིར་ལངས་ཏེ་མྱུར་དུ་མི་འབྲོས་པས། ། དེ་ནི་གླེན་པ་ཆོ་ག་མ་འཚལ་བ། ། གཡས་རོལ་ནས་དོན་ལེགས་པར་བསམ་པ་སེམས་པ་ཞེས་བྱ་བས་སྨྲས་པ། དེ་ནི་མི་ གླེན་ཕ་རོལ་གནོན་པ་སྟེ། ། ཁྱེད་ཅག་གླེན་ཞིང་ཤིན་ཏུ་མ་བསྡམས་པ། ། ཁྱེད་ཀྱིས་དེ་ཡི་མཐུ་རྩལ་ཡོང་མི་ཤེས། ། དེ་ཡི་ཤེས་རབ་སྟོབས་ཀྱིས་ཐམས་ཅད་ཕམ། ། བདུད་ཀྱི་བུ་ནི་གང་གཱའི་བྱེ་མ་སྙེད། ། ཁྱེད་ཅག་རྣམས་ཀྱིས་དེ་འདྲའི་མཐུ་རྩལ་ཅན། ། དེ་ཡི་བ་སྤུ་གཅིག་ཀྱང་གཡོས་མི་ནུས། ། གསད་པར་བསམས་པ་མི་འགྲུབ་སྨོས་ཅི་དགོས། ། ཁྱོད་ནི་དེ་ལ་ཡིད་ཀྱིས་གནོད་མ་སེམས། ། གུས་དང་བཅས་པར་དད་པའི་སེམས་སུ་གྱིས། ། འདི་ནི་སྲིད་གསུམ་རྒྱལ་པོར་གྱུར་པས་ན། ། འཐབ་མོ་མ་བྱེད་པར་ནི་སླར་ལོག་ཤིག ། དེ་བཞིན་དུ་སྦྱར་ཏེ་དེ་ལྟར་བདུད་ཀྱི་བུ་དཀར་པོའི་ཕྱོགས་པ་ དང་ནག་པོའི་ཕྱོགས་པ་སྟོང་དུ་ཚང་བ་དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་བདུད་སྡིག་ཅན་ལ་ཚིགས་སུ་བཅད་དེ་སྨྲས་སོ། །
BOདེ་ནས་བདུད་སྡིག་ཅན་གྱི་སྡེ་དཔོན་སྡེ་བཟང་པོ་ཞེས་བྱ་བ་དེས་བདུད་སྡིག་ཅན་ལ་ཚིགས་སུ་བཅད་དེ་སྨྲས་པ། ། གང་དག་ཁྱོད་ཀྱི་རྗེས་འབྲང་བརྒྱ་བྱིན་དང་། ། སྐྱོང་དང་ མིའམ་ཅི་ཡི་ཚོགས་རྣམས་དང་། ། ལྷ་མིན་དབང་དང་མཁའ་ལྡིང་དབང་པོ་རྣམས། ། ཐལ་མོ་སྦྱར་ཏེ་དེ་ལ་ཕྱག་འཚལ་ན། ། ཁྱོད་ཀྱི་རྗེས་སུ་འབྲང་བ་མ་ལགས་པ། ། ཚངས་པ་འོད་གསལ་ལྷ་ཡི་བུ་རྣམས་དང་། ། གནས་གཙང་རིས་ཀྱི་ལྷ་རྣམས་དེ་དག་ཀུན། ། དེ་ལ་ཕྱག་ འཚལ་བ་ནི་སྨོས་ཅི་འཚལ། ། ཁྱོད་ཀྱི་སྲས་པོ་ཤེས་རབ་ཅན། ། སྟོབས་དང་ལྡན་ཞིང་ཡིད་གཞུངས་པ། ། དེ་དག་བྱང་ཆུབ་སེམས་དཔའ་ལ། ། སྙིང་དང་འཐུན་གྱུར་ཕྱག་འཚལ་ལོ། ། དཔག་ཚད་བརྒྱད་ཅུར་ཁྱབ་པ་ཡི། ། གནོད་སྦྱིན་ལ་སོགས་བདུད་དཔུང་འདི། ། ཕལ་ཆེར་རབ་ཏུ་དང་ ཡིད་ཀྱིས། ། ཀུན་ཀྱང་ཉེས་པ་མེད་ལ་ལྟ། ། འཇིགས་སུ་རུང་ཞིང་དྲག་བསྒྱུར་བ། ། དཔུང་ཚོགས་མི་བཟད་འདི་གཟིགས་ནས། ། ངོ་མཚར་མ་གྱུར་ཞུམ་མི་མངའ། ། ངེས་པར་དོ་མོད་འདི་རྒྱལ་འགྱུར། ། གང་ན་དཔུང་འདི་གནས་པ་དེར། ། ཝ་དང་འུག་པ་སྒྲ་འབྱིན་ལ། ། བྱ་རོག་བོང་བུ་ སྒྲ་འབྱིན་པས། ། མྱུར་དུ་སླར་ནི་ལྡོག་པའི་རིགས། ། བྱང་ཆུབ་སྙིང་པོར་གཟིགས་སུ་གསོལ།
BO། པ་ཏ་ཀུན་ཏ་ངང་པ་དང་། ། ཁུ་བྱུག་རྨ་བྱ་མངོན་སྐོར་བས། ། ངེས་པར་དོ་མོད་འདི་རྒྱལ་འགྱུར། ། གང་ན་དཔུང་འདི་གནས་པ་དེར། ། རྡུལ་དང་སྣག་ཙའི་ཆར་འབབ་ལ། ། ས་དཀྱིལ་མེ་ཏོག་ཆར་ འབབ་པས། ། བདག་གི་ཚིག་བཞིན་ལྡོག་པའི་རིགས། ། གང་ན་དཔུང་འདི་གནས་པ་དེ། ། ཤང་ཤོང་གྱུར་ཅིང་ཚེར་མས་གང་། ། ས་དཀྱིལ་དྲི་མེད་གསེར་གྱུར་པས། ། ཤེས་རབ་ཅན་དག་ལྡོག་པའི་རིགས། ། གལ་ཏེ་མི་འདོད་སྔར་རྨིས་པའི། ། རྨི་ལམ་དེ་དག་མངོན་སུམ་འགྱུར། ། དྲང་ སྲོང་རྣམས་ཀྱི་ཡུལ་བརླག་པ། ། དེ་བཞིན་དཔུང་འདི་ཐལ་བར་རློག ། རྒྱལ་པོ་འགྲོ་བ་དྲང་སྲོང་མཆོག ། ཚངས་པས་བྱིན་གྱིས་ཁྲོས་བྱས་པས། ། དན་ད་ཀ་ཡི་ནགས་ཚལ་ཚིག ། ལོ་མང་ཞིག་ཏུ་རྩྭ་མ་སྐྱེས། ། དྲང་སྲོང་བརྟུལ་ཞུགས་སྤྱོད་པ་པོ། ། དཀའ་ཐུབ་ལྡན་པའི་འཇིག་རྟེན་ན། ། ཇི་སྙེད་ འཁོད་པ་ཀུན་གྱི་མཆོག ། འབྱུང་པོ་ཀུན་ལ་མི་འཚེ་འདི། ། གང་གི་ལུས་ལ་མཚན་རབ་འབར། ། ཁྱིམ་ནས་ཀྱང་ནི་བྱུང་བ་དེར། ། ཉོན་མོངས་ཕམ་བྱས་འཚང་རྒྱ་ཞེས། ། ཁྱོད་ཀྱིས་སྔོན་ཆད་མ་གསན་ནམ། ། རྒྱལ་སྲས་རྣམས་ཀྱིས་མཆོད་དོན་དུ། ། འབྱོར་པ་འདི་འདྲ་འདི་དག་སྤྲུལ། ། དེ་བས་ ངེས་པར་སེམས་ཅན་མཆོག །
BOསྦྱིན་བསྲེག་དམ་པ་ལེན་པར་འགྱུར། ། འདི་ཡི་མཛོད་སྤུ་དྲི་མེད་པ། ། བྱེ་བ་ཁྲག་ཁྲིག་ཞིང་དུ་མཛེས། ། དེ་ཡིས་བདག་ཅག་མོག་མོག་བགྱིས། ། བདུད་དཔུང་ངེས་བཅོམ་གདོན་མི་འཚལ། ། སྲིད་པའི་རྩེ་གནས་ལྷ་རྣམས་ཀྱིས། ། དེ་ཡི་སྤྱི་གཙུག་བལྟར་མི་ནུས། ། ངེས་ པར་གཞན་གྱིས་མ་བསྟན་པར། ། ཐམས་ཅད་མཁྱེན་ཉིད་ཐོབ་པར་འགྱུར། ། ཇི་ལྟར་ལྷུན་པོ་ཁོར་ཡུག་དང་། ། ཉི་ཟླ་བརྒྱ་བྱིན་ཚངས་པ་དང་། ། ཤིང་ལྗོན་རྣམས་དང་རི་མཆོག་ཀུན། ། ས་དཀྱིལ་ཕྱག་འཚལ་བགྱིད་ལས་ན། ། བསོད་ནམས་སྟོབས་ཅན་ཤེས་རབ་སྟོབས། ། ཡེ་ཤེས་སྟོབས་ ཅན་བཟོད་པའི་སྟོབས། ། བརྩོན་འགྲུས་སྟོབས་དང་ལྡན་པ་དེ། ། བདུད་ཕྱོགས་སྟོབས་མེད་མཛད་པར་ངེས། ། གླང་པོས་སོ་མ་བཏང་སྣོད་དང་། ། སེང་གེས་ཇི་ལྟར་ཝ་བཅོམ་དང་། ། ཉི་མས་སྲིན་བུ་མེ་ཁྱེར་ལྟར། ། བདེ་བར་གཤེགས་པས་དཔུང་བཅོམ་འགྱུར། ། ཚིག་དེ་སྐད་ཐོས་པ་དང་བདུད་ཀྱི་བུ་ གཞན་ཞིག་ཤིན་ཏུ་ཁྲོས་ནས་མིག་དམར་པོར་གྱུར་ཏེ་སྨྲས་པ། ཁྱོད་ནི་གཅིག་པུ་དེ་ཡི་བསྔགས་པ་དག ། ཤིན་ཏུ་དཔག་ཏུ་མེད་པར་རྗོད་བྱེད་ན། ། གཅིག་པུ་དེས་ནི་ཅི་ཞིག་བྱ་བར་ནུས། ། འཇིགས་སུ་རུང་བའི་དཔུང་ཆེན་མ་མཐོང་ངམ། །
BOདེ་ནས་གཡས་རོལ་ནས་བདུད་ཀྱི་བུ་བདུད་རབ་ཏུ་འཇོམས་པ་ཞེས་བྱ་ བས་སྨྲས་པ། འཇིག་རྟེན་ཉི་ཟླ་སེང་གེ་དང་། ། འཁོར་ལོས་སྒྱུར་ལ་གྲོགས་བྱེད་མེད། ། བྱང་ཆུབ་བཞུགས་ནས་ངེས་པ་ཡི། ། བྱང་ཆུབ་སེམས་དཔའ་གྲོགས་མི་དགོས། ། དེ་ནས་བྱང་ཆུབ་སེམས་དཔས་བདུད་མཐུ་ཆུང་བར་བྱ་བའི་ཕྱིར་གང་མཐོང་བས་བདག་གི་དཔུང་བྱང་ཆུབ་སེམས་དཔའི་ཁའི་ནང་དུ་ ཞུགས་སོ་སྙམ་དུ་སེམས་ཤིང་བདུད་བྲོས་པར་གྱུར་པ་དང་། བྲོས་ནས་ཀྱང་ཅི་ཡང་མ་ཡིན་ནོ་སྙམ་ནས་ཡང་སླར་ལོག་སྟེ། འཁོར་དང་བཅས་པས་མཚོན་ཆ་རྣམ་པ་སྣ་ཚོགས་བྱང་ཆུབ་སེམས་དཔའི་སྟེང་དུ་འཕེན་ཅིང་། རི་རབ་ཙམ་གྱི་རི་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྟེང་དུ་འཕངས་པ་དང་། མེ་ ཏོག་གི་བླ་རེ་དང་། གཞལ་མེད་ཁང་དུ་གྱུར་ཏེ་གནས་པ་དང་། གང་དག་མིག་གདུག་པ་དང་། མྱུར་དུ་གདུག་པ་དང་། དབུགས་གདུག་པ་རྣམས་མེ་ལྕེ་གཏོང་བའི་མེའི་དཀྱིལ་འཁོར་དེ་ཡང་བྱང་ཆུབ་སེམས་དཔའ་ལ་འོད་ཀྱི་དཀྱིལ་འཁོར་ལྟ་བུར་གནས་པར་བྱ་བའི་ཕྱིར་པད་མ་འདབ་མ་བརྒྱ་པ་ རྒྱས་པ་ལྟ་བུའི་བཞིན་བསྐྱོད་དོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔས་ལག་པ་གཡས་པས་མགོ་ལ་བྱུགས་པ་དང་།
BOབདུད་ཀྱིས་བྱང་ཆུབ་སེམས་དཔའི་ལག་ན་རལ་གྲི་ཐོགས་པར་མཐོང་ནས་ལྷོ་ཕྱོགས་སུ་བྲོས་པ་དང་ཅི་ཡང་མ་ཡིན་ནོ་སྙམ་ནས་ཡང་སླར་ལོག་གོ། ། སླར་ལོག་ནས་ཀྱང་བྱང་ཆུབ་ སེམས་དཔའི་སྟེང་དུ་མཚོན་ཆ་རྣམ་པ་སྣ་ཚོགས་རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། དགྲ་སྟ་དང་། བོང་བ་དང་། གཏུན་ཤིང་དང་། རྡོ་རྗེ་རྩེ་གཅིག་པ་དང་། དབྱུག་ཏོ་དང་། འཁོར་ལོ་དང་། ཐོ་བ་དང་། ཤིང་དྲུངས་ཕྱུང་དང་། ཕ་བོང་དང་། ཞགས་པ་དང་། ལྕགས་ཀྱི་ཐུ་ལུམ་ ཤིན་ཏུ་འཇིགས་པ་དུ་མ་འཕེན་ཏེ། དེ་དག་ཀྱང་འཕངས་མ་ཐག་ཏུ་མེ་ཏོག་གི་ཕྲེང་བ་དང་། མེ་ཏོག་གི་བླ་རེར་གྱུར་ཏེ་གནས་སོ། ། མེ་ཏོག་སིལ་མར་ཡང་གྱུར་ནས་ས་ལ་འཐོར་བ་དང་། ཕྲེང་བའི་ཆུན་པོར་ཡང་འཕྱང་བས་བྱང་ཆུབ་ཀྱི་ཤིང་བརྒྱན་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའི་བཀོད་པ་འབྱོར་པ་ དེ་དག་མཐོང་ནས་བདུད་སྡིག་ཅན་ཕྲག་དོག་དང་སེར་སྣས་སེམས་ལ་གནོད་དེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཀྱེ་རྒྱལ་བུ་གཞོན་ནུ་བཞེངས། བཞེངས། རྒྱལ་སྲིད་ལ་སྤྱོད་ཅིག ། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཁྱོད་ཀྱིས་ཐར་པ་ག་ལ་འཐོབ། ། དེ་ནས་བྱང་ཆུབ་སེམས་དཔས་བརྟན་ལ་ཟབ་ ཅིང་རྒྱ་ཆེ་བ་དང་།
BOའཇམ་ཞིང་སྙན་པའི་ཚིག་གིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། ། སྡིག་ཅན་ཁྱོད་ཀྱིས་ནི་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་ཐོབ་ཏུ་ཟད་དོ། ། ངས་ནི་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གཏན་པ་མེད་པའི་མཆོད་སྦྱིན་བྱས་སོ། ། ལག་པ་དང་། རྐང་པ་དང་། མིག་དང་། མགོ་དག་ཀྱང་བཅད་ཅིང་སློང་བ་རྣམས་ལ་བྱིན་ནོ། ། སེམས་ཅན་རྣམས་ཐར་བར་བྱ་བའི་ཕྱིར་ཁྱིམ་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། གོས་དང་། འཆག་ས་དང་། སྐྱེད་མོས་ཚལ་རྣམ་པ་དུ་མ་དག་ཀྱང་སློང་བ་རྣམས་ལ་བྱིན་ནོ། ། དེ་ནས་བདུད་སྡིག་ ཅན་གྱིས་ཚིགས་སུ་བཅད་དེ་བྱང་ཆུབ་སེམས་དཔའ་ལ་སླར་སྨྲས་པ། སྔོན་ཆད་ཁོ་བོས་མཆོད་སྦྱིན་ཁ་ན་མ་ཐོ་མེད། ། གཏན་པ་མེད་པ་བྱས་པ་ཁྱོད་འདིར་དཔང་དུ་ཡོད། ། ཁྱོད་ལ་འདི་ན་དཔང་པོ་གང་ཡང་ཡོད་མིན་པས། ། སྨྲས་ཀྱང་ཕན་པ་ཅི་ཡོད་ཁྱོད་ནི་ཕམ་པར་གྱུར། ། བྱང་ཆུབ་སེམས་དཔས་ སྨྲས་པ། སྡིག་ཅན་ས་འདི་ནི་ངའི་དཔང་ཡིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔས་བདུད་སྡིག་ཅན་དང་བདུད་ཀྱི་འཁོར་ལ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བའི་སེམས་ཀྱིས་ཁྱབ་པར་བྱས་ནས།
BOསེང་གེ་ལྟར་མི་འཇིགས་མི་སྐྲག་ལ་བག་ཚ་བ་མེད་ཅིང་མི་དམན་ལ་མ་ཞུམ་པ་དང་། མ་འཁྲུགས་ པ་དང་། མ་རྙོགས་པ་དང་། འཇིགས་པ་དང་། སྤུ་ཟིང་ཞེས་བྱེད་པ་མེད་པར་ལག་མཐིལ་ན་དུང་དང་། རྒྱལ་མཚན་དང་། ཉ་དང་། བུམ་པ་དང་། བཀྲ་ཤིས་པ་དང་། ལྕགས་ཀྱུ་དང་། འཁོར་ལོའི་མཚན་མ་ཡོད་པ། སོར་མོ་བར་དྲ་བས་འབྲེལ་བ། སེན་མོ་ ཤིན་ཏུ་མཛེས་ཤིང་ཟངས་ཀྱི་མདོག་ལྟར་འདུག་པས་བརྒྱན་པ། འཇམ་ཞིང་མཉེན་ལ་ཤིན་ཏུ་གཞོན་པ། བསྐལ་པ་དཔག་ཏུ་མེད་པར་དགེ་བའི་རྩ་བའི་ཚོགས་བསགས་པས་གྲུབ་པའི་ལག་པ་གཡས་པས་ལུས་ཐམས་ཅད་ལ་བྱུགས་ནས་ཚུལ་དུ་ཤིས་པར་ས་ལ་བརྡབས་ཏེ་དེའི་ཚེ་ ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། ། རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། ། འདི་ནི་བདག་གི་དཔང་སྟེ་བདག་{བརྫུན་,རྫུན་}མེད། ། འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག ། བྱང་ཆུབ་སེམས་དཔས་ས་ཆེན་པོ་འདི་ལ་རེག་མ་ཐག་ཏུ་རྣམ་པ་ དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། ། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། ། འདི་ལྟ་སྟེ་དཔེར་ན།
BOཡུལ་མ་ག་དྷཱའི་བརྡབ་ཁར་སྒྲ་འབྱུང་ཞིང་སྒྲ་རྒྱུན་རིང་བ་དེ་བཞིན་དུ་ས་ཆེན་པོ་འདི་ཡང་བྱང་ཆུབ་སེམས་དཔའི་ལག་པས་བསྣུན་མ་ཐག་ཏུ་ སྒྲ་བྱུང་ཞིང་སྒྲ་རྒྱུན་རིང་དུ་བྱུང་ངོ་། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་བཞི་པ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སའི་ལྷ་མོ་བརྟན་མ་ཞེས་བྱ་བ་སའི་ལྷ་མོའི་འཁོར་བྱེ་བ་ཕྲག་བརྒྱ་དང་ལྡན་པ་ གང་ཡིན་པ་དེས་ས་ཆེན་པོ་ཐམས་ཅད་གཡོས་པར་བྱས་ནས། བྱང་ཆུབ་སེམས་དཔའ་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ས་བརྟོལ་ཏེ། ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱེད་ཕྱུང་ནས་བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་ལུས་བཏུད་དེ་ཐལ་མོ་སྦྱར་ནས། བྱང་ཆུབ་སེམས་དཔའ་ ལ་འདི་སྐད་ཅེས་སྨྲས་སོ། ། དེ་དེ་བཞིན་ནོ། ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། ། ཁྱོད་ཀྱིས་ཇི་སྐད་གསུངས་པ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། ། དེ་ལྟ་ལགས་མོད་ཀྱི། འོན་གྱིས་ཀྱང་བཅོམ་ལྡན་འདས་ཉིད་ལྷ་དང་བཅས་པའི་འཇིག་རྟེན་གྱི་དབང་དུ་གྱུར་པ་དང་། ཚད་མར་གྱུར་པ་དམ་ པ་ལགས་སོ། ། སའི་ལྷ་མོ་ཆེན་མོ་བརྟན་མས་དེ་སྐད་ཅེས་སྨྲས་ནས།
BOརྣམ་པ་དུ་མར་བདུད་སྡིག་ཅན་གྱི་གླགས་ནི་མེད་པར་བྱས། བྱང་ཆུབ་སེམས་དཔའ་ལ་ནི་བསྟོད་དེ། རང་གི་མཐུ་རྣམ་པ་མང་པོ་བསྟན་ནས་འཁོར་དང་བཅས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། གཡོན་ཅན་དཔུང་བཅས་ས་སྒྲ་ དེ་ཐོས་ནས། ། ནགས་སུ་སེང་གེས་སྒྲ་བསྒྲགས་ཝས་ཐོས་དང་། ། བྱ་རོག་རྡོ་འཕངས་མོད་ལ་འབྱེར་བ་བཞིན། ། སྔངས་སྐྲག་སྙིང་གས་ཐམས་ཅད་རབ་ཏུ་བྱེར། ། དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡི་མ་རངས་ལ་སྐྱེངས་བཞིན་དུ་ང་རྒྱལ་གྱི་ཟིལ་གྱིས་ནོན་པས་མ་སོང་ལ་ཕྱིར་ ཡང་མ་ལོག་ཅིང་བྲོས་ཀྱང་མ་བྲོས་ཏེ་ཕྱིར་བལྟས་ནས་ཡང་དཔུང་རྣམས་ལ་སྨྲས་པ། ཁྱེད་ལྷན་ཅིག་འདུས་ཏེ་ཅུང་ཟད་ཅིག་སྡོད་ཅིག ། རྣམ་པ་འདི་ལྟ་བུའི་སེམས་ཅན་རིན་པོ་ཆེ་གློ་བུར་དུ་ཆུད་མི་གཟན་པར་ཁོ་བོས་རྗེས་སུ་འཆགས་པས་འདི་བསླང་བར་ནུས་སམ་མི་ནུས་སད་པར་བྱའོ། ། དེ་ནས་ བདུད་སྡིག་ཅན་གྱིས་རང་གི་བུ་མོ་རྣམས་ལ་སྨྲས་པ། བུ་མོ་ཁྱེད་དེང་སྟེ་བྱང་ཆུབ་ཀྱི་སྙིང་པོར་སོང་ལ་བྱང་ཆུབ་སེམས་དཔའ་འདོད་ཆགས་དང་བཅས་པའམ། འོན་ཏེ་འདོད་ཆགས་མེད། ཅི་གཏི་མུག་ཅན་ནམ། འོན་ཏེ་ཤེས་རབ་ཅན། ཅི་ལྡོངས་པ་ཞིག་གམ། འོན་ཏེ་ཕྱོགས་ཤེས་པ་ཞིག་གམ།
BOའོན་ ཏེ་དཔུང་གཉེན་མེད་པ་ཞིག་གམ། དམན་པ་ཞིག་གམ་བརྟན་པ་ཞིག་ཡིན་པ་བགོམས་ཤིག ། ཚིག་དེ་ཐོས་ནས་བདུད་ཀྱི་བུ་མོ་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའི་མདུན་དུ་འཁོད་དེ། བུད་མེད་ཀྱི་སྒྱུ་རྣམ་པ་སུམ་ཅུ་ རྩ་གཉིས་ཉེ་བར་བསྟན་ཏོ། ། རྣམ་པ་སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། དེའི་ནང་ནས་ཁ་ཅིག་ནི་བཞིན་ཕྱེད་འགེབས་པ་དང་། ཁ་ཅིག་ནི་ནུ་མ་མཁྲང་ཞིང་འབུར་བ་སྟོན་པ་དང་། ཁ་ཅིག་ནི་ཅུང་ཟད་འཛུམ་པས་སོའི་ཕྲེང་བ་སྟོན་པ་དང་། ཁ་ཅིག་ནི་ལག་པ་བརྐྱང་སྟེ་བྱ་རྨྱངས་བྱེད་ ཅིང་མཆན་ཁུང་སྟོན་པ་དང་། ཁ་ཅིག་ནི་ཤིང་ཐོག་བིམ་པ་ལྟར་དམར་བའི་མཆུ་སྟོན་པ་དང་། ཁ་ཅིག་ནི་མིག་ཕྱེད་བཙུམས་ཏེ་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་། བལྟས་ནས་མྱུར་བ་མྱུར་བར་འཛུམས་པ་དང་། ཁ་ཅིག་ནི་ནུ་མ་ཕྱེད་གཡོགས་ཏེ་སྟོན་པ་དང་། ཁ་ཅིག་ནི་གོས་སྙིལ་བར་བྱས་ ཏེ། གསེར་གྱི་ཕག་སྐ་དང་བཅས་པའི་རྐེད་པ་སྟོན་པ་དང་། ཁ་ཅིག་ནི་གོས་དུ་ཀུ་ལ་སྲབ་མོ་གྱོན་ཏེ། གསེར་གྱི་ཕག་སྐ་དང་བཅས་པའི་རྐེད་པ་སྟོན་པ་དང་། ཁ་ཅིག་ནི་རྐང་གདུབ་སྒྲ་སིལ་སིལ་འབྱིན་པ་དང་།
BOཁ་ཅིག་ནི་ནུ་མའི་བར་ནས་ཕྲེང་བ་གཅིག་ཉེ་བར་སྟོན་ པ་དང་། ཁ་ཅིག་ནི་བརླ་ཕྱེད་ཙམ་བརྫེས་པ་ཉེ་བར་སྟོན་པ་དང་། ཁ་ཅིག་ནི་མགོ་དང་ཕྲག་པ་དག་ལ་བྱ་འདབ་སྦེད་དང་། ནེ་ཙོ་དང་། རི་སྐེགས་འདུག་པར་ཉེ་བར་སྟོན་པ་དང་། ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་མིག་ཟུར་གྱིས་ལྟ་བ་དང་། ཁ་ཅིག་ནི་གོས་ལེགས་པར་བགོས་ཀྱང་ བགོ་མ་ལེགས་པ་ལྟ་བུར་བཅོས་པ་དང་། ཁ་ཅིག་ནི་རྐེད་པ་དང་། གསེར་གྱི་ཕག་སྐ་སྐྱོད་པ་དང་། ཁ་ཅིག་ནི་འཁྲུལ་བ་ལྟར་འཆོས་ཤིང་སྒེག་སྟེ་ཕན་ཚུན་འཆག་པ་དང་། ཁ་ཅིག་ནི་གར་བྱེད་པ་དང་། ཁ་ཅིག་ནི་གླུ་ལེན་པ་དང་། ཁ་ཅིག་ནི་བསྒེགས་ཤིང་ངོ་ཚ་བ་ལྟར་ཡང་འཆོས་ པ་དང་། ཁ་ཅིག་ནི་ཆུ་ཤིང་རླུང་གིས་བསྐྱོད་པ་ལྟར་བརླ་སྒུལ་བ་དང་། ཁ་ཅིག་ནི་བརྗིད་པའི་སྒྲ་འབྱིན་པ་དང་། ཁ་ཅིག་ནི་སེང་རས་བགོས་ཏེ་གསེར་གྱི་ཕག་སྐ་དྲིལ་བུ་ཅན་བཅིངས་ནས་དགོད་ཅིང་འཆག་པ་དང་། ཁ་ཅིག་ནི་གོས་དང་རྒྱན་རྣམས་ས་ལ་འདོར་ཞིང་ངོ་ཚ་བ་ལྟར་སླར་ཡང་ལེན་ པ་དང་། ཁ་ཅིག་ནི་གསང་བ་དང་། གསལ་བའི་རྒྱན་ཐམས་ཅད་ཉེ་བར་སྟོན་པ་དང་། ཁ་ཅིག་ནི་ལག་པ་སྤོས་ཀྱིས་བསྐུས་པ་སྟོན་པ་དང་། ཁ་ཅིག་ནི་མཁུར་བ་བསྐུས་ཤིང་རྣ་ཆ་ཡང་སྟོན་པ་དང་།
BOཁ་ཅིག་ནི་མགོ་ཡང་གཡོགས་ཤིང་བཞིན་ཡང་གཡོགས་ལ་སྐད་ཅིག་ཙམ་ གྱིས་སྟོན་པ་དང་། ཁ་ཅིག་ནི་སྔོན་རྒོད་རྒོད་པ་དང་། དགའ་དགའ་བ་དང་། རྩེ་རྩེ་བ་ཕན་ཚུན་དྲན་པར་བྱེད་ཅིང་ཡང་ངོ་ཚ་བ་ལྟར་འདུག་པ་དང་། ཁ་ཅིག་ནི་གཞོན་ནུའི་གཟུགས་དང་། བུ་མ་བཙས་པའི་གཟུགས་དང་། ན་ཆུང་ཚད་ལ་བབ་པའི་གཟུགས་སྟོན་པ་དང་། ཁ་ཅིག་ ནི་འདོད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ལ་སྒུགས་པ་དང་། ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་མེ་ཏོག་སིལ་མས་འཐོར་བ་དག་སྟེ། བྱང་ཆུབ་སེམས་དཔའི་མདུན་དུ་འདུག་ནས་བྱང་ཆུབ་སེམས་དཔའི་བསམ་པ་ལ་རྟོག་ཅིང་གདོང་དུ་ཡང་བལྟ་སྟེ། འདི་ཅི་ཆགས་པའི་དབང་ པོས་བལྟ་འམ་འོན་ཏེ་མིག་རྒྱང་རིང་དུ་བལྟ་འམ། གཡོའམ་མི་གཡོ་ཞེས་བལྟས་ན། བྱང་ཆུབ་སེམས་དཔའི་བཞིན་དག་ཅིང་དྲི་མ་མེད་ལ་སྒྲ་གཅན་ལས་ཐར་བའི་ཟླ་བའི་དཀྱིལ་འཁོར་ལྟ་བུར་འདུག་པ་དང་། ཉི་མ་ཐོག་མ་ཤར་བ་ལྟ་བུ་དང་། གསེར་གྱི་མཆོད་སྡོང་ལྟ་བུ་དང་། པད་མ་འདབ་མ་སྟོང་པ་རྒྱས་པ་ལྟ་བུ་དང་། གཏོར་བར་བྱ་བ་གཏོར་བའི་མེ་ལྟ་བུ་དང་། ལྷུན་པོ་ལྟར་མི་གཡོ་བ་དང་། ཁོར་ཡུག་ལྟར་མངོན་པར་འཕགས་པ་དང་། དབང་པོ་ཤིན་ཏུ་བསྲུངས་པ་དང་།
BOགླང་པོ་ལྟར་སེམས་ཤིན་ཏུ་དུལ་བར་མཐོང་ངོ་། ། དེ་ནས་བདུད་ཀྱི་བུ་མོ་ དེ་དག་གིས་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཆགས་པར་བྱ་བའི་ཕྱིར་གླུ་དང་གར་དུ་སྦྱར་བའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། དུས་ཀྱི་དམ་པ་སོས་ཀ་བཟང་ལ་བབ། ། ཞུགས་ཤིང་མེ་ཏོག་རྒྱས་ཀྱིས་དགྱེས་པར་རོལ། ། ཁྱོད་ཀྱི་གཟུགས་ནི་གཟུགས་བཟང་མཛེས་པ་སྟེ། ། མཚན་གྱིས་སྤྲས་པའི་དབང་དུ་བདག་ཅག་འགྱུར། ། བདག་ཅག་སྐྱེས་པ་ལེགས་སྐྱེས་དབྱིབས་ལེགས་ཏེ། ། ལྷ་མི་བདེ་བའི་རྐྱེན་དུ་བདག་ཅག་བྱུང་། ། བྱང་ཆུབ་རྙེད་དཀས་ཐུགས་ནི་སླར་སྒྱུར་ལ། ། མྱུར་དུ་བཞེངས་ཏེ་དར་ལ་བབ་པ་སྤྱོད། ། ཁྱོད་ཀྱི་ཆེད་དུ་ཆས་ནས་རབ་ཏུ་བརྒྱན་ཏེ་ལྷགས་ གྱུར་པ། ། ལྷ་ཡི་བུ་མོ་ལེགས་པར་བརྒྱན་པ་འདི་དག་རྣམས་ལ་གཟིགས། ། གཟུགས་འདི་བལྟས་ནས་ཤིང་རུལ་ལྟ་བུར་སྲོག་ཙམ་ལུས་པ་ཡང་། ། ཆགས་པར་འགྱུར་ན་ཆགས་པས་དགའ་བ་སུ་ཞིག་ཆགས་མི་འགྱུར། ། སྐྲ་འཇམ་ཤིན་ཏུ་དྲི་ཞིམ་དྲི་དང་ལྡན། ། ཅོད་པན་རྣ་ཆ་འདབ་ རིས་བཞིན་རྒྱས་ལ། ། དཔྲལ་བ་ལེགས་ཤིང་ལེགས་བྱུགས་བཞིན་དང་ལྡན། ། པད་མ་རྒྱས་པ་ལྟ་བུར་མིག་ཡངས་ལེགས། ། ཁ་བཞིན་ཟླ་བ་ཉ་བ་ལྟ་བུ་སྟེ། །
BOཤིང་ཏོག་བིམ་པ་སྨིན་འདྲའི་མཆུ་དང་ལྡན། ། དུང་དང་ཀུན་ད་ཁ་བ་དཀར་སོ་ལྡན། ། སྡུག་པ་དགའ་ལ་ཆགས་པ་ རྣམས་ལ་གཟིགས། ། ནུ་མ་ཤིན་ཏུ་མཁྲང་ཞིང་རྒྱས་ལ་འབུར། ། ལྟོ་བའི་རྐེད་ན་གཉེར་གསུམ་ཤིན་ཏུ་མཛེས། ། རྐེད་པ་འཁོར་ས་ལྟ་བུར་ཡངས་ཤིང་མཛེས། ། ན་ཆུང་ཤིན་ཏུ་མཛེས་ལ་མགོན་པོ་གཟིགས། ། གླང་པོའི་སྣ་འདྲ་བ་ཡི་བརླ་ལྡན་ཞིང་། ། ལག་པ་གདུ་བུས་ཆལ་ པར་གང་བ་ཅན། ། རྐེད་པ་གསེར་གྱི་ཕག་སྐ་རབ་མཛེས་བརྒྱན། ། ཁྱོད་ཀྱི་བྲན་མོ་འདི་ལ་མགོན་པོ་གཟིགས། ། ངང་པའི་སྟབས་ལྡན་དལ་གྱིས་མཆི་བགྱིད་པ། ། འཇམ་ཞིང་ཡིད་འོང་འདོད་ལྡན་མཛེས་སྨྲ་བ། ། རྣམ་པ་འདི་ལྟར་ཤིན་ཏུ་ལེགས་བརྒྱན་ལ། ། ལྷ་ ཡི་དགའ་བ་རྣམས་ལ་ཤིན་ཏུ་མཁས། ། གླུ་དང་རོལ་མོའི་དབྱངས་སྒྲ་གར་རབ་བསླབས། ། དགའ་བའི་ཆེད་དུ་མཛེས་པའི་གཟུགས་ཅན་སྐྱེས། ། འདོད་ལ་རབ་དགའ་གལ་ཏེ་མི་བཞེད་ན། ། འཇིག་རྟེན་དག་ན་ཁྱོད་ནི་ཤིན་ཏུ་བསླུས། ། མི་གླེན་ནོར་གྱི་བདེ་བ་མི་ཤེས་འགའ། ། གཏེར་ མཐོང་ནས་ནི་འབྲོས་པར་བགྱིད་པ་ལྟར། ། ཁྱོད་ཀྱང་འདོད་ཆགས་མི་མཁྱེན་རང་ལྷགས་པ། ། ན་ཆུང་རྣམས་ལ་མི་སྤྱོད་དེ་དང་འདྲ། །
BOདགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་མིག་མི་འཛུམས་པར་འཛུམ་དམུལ་ཏེ། བཞིན་གྱི་འཛུམ་ཕྱུང་ཞིང་། དབང་པོ་རྣམ་པར་མ་འཁྲུགས་པ་དང་། ལུས་མ་བཅོས་པ་དང་། བརྗིད་པ་དང་། མ་ཆགས་པ་དང་། མི་སྡང་བ་དང་། མ་རྨོངས་པ་དང་། རིའི་དབང་པོ་ལྟར་མི་གཡོ་བ་དང་། མ་ཞུམ་པ་དང་། མ་གྱུར་པ་དང་། འཛེམ་པ་མེད་པ། བློ་ཤིན་ཏུ་ལེགས་པར་གནས་པ་དང་། ཉོན་མོངས་པ་རྣམས་ཤིན་ཏུ་སྤངས་པའི་ཕྱིར་ རང་གི་ཁ་ན་ལས་པའི་ཡེ་ཤེས་ཀྱི་སྒོ་དང་། འཇམ་ཞིང་སྙན་པའི་ཚིག་དང་། ཚངས་པ་ལས་ལྷག་པའི་ང་རོ་དང་། བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་དང་། སྙན་པ་དང་། ཡིད་དུ་འོང་བས་བདུད་ཀྱི་བུ་མོ་དེ་དག་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། འདོད་པ་སྡུག་བསྔལ་མང་པོ་ {སྩོགས་,སོགས་}ཤིང་སྡུག་བསྔལ་རྩ་བ་སྟེ། ། མི་མཁས་རྣམས་ལ་བསམ་གཏན་རྫུ་འཕྲུལ་དཀའ་ཐུབ་ཉམས་པར་བྱེད། ། བུད་མེད་འདོད་པའི་ཡོན་ཏན་ཆོག་པ་མེད་ཅེས་མཁས་པས་སྨྲས། ། ང་ནི་མི་མཁས་རྣམས་ལ་ཤེས་རབ་ཆོག་པར་བྱེད་པར་འགྱུར། ། འདོད་པ་བསྟེན་ན་སྲིད་པ་ཕྱིར་ཞིང་རྣམ་ པར་འཕེལ་འགྱུར་ཏེ། ། དཔེར་ན་མི་འགའ་ལ་ལ་ཚྭ་ཆུ་འཐུངས་པར་གྱུར་པ་བཞིན། ། དེ་ལ་ཞུགས་པ་བདག་གི་དོན་མིན་གཞན་གྱི་དོན་ཀྱང་མིན།
BO། ང་ནི་བདག་གི་དོན་དང་གཞན་གྱི་དོན་ལ་སྤྲོ་བ་ཡིན། ། ཁྱོད་ཀྱི་གཟུགས་ནི་ཆུ་བུར་དག་དང་དབུ་བ་མཚུངས་ཤིང་འདྲ། ། སྒྱུ་མའི་ཚོན་ ལྟར་རང་གི་བློ་ཡིས་རྣམ་པར་བསྒྲུབས་པ་སྟེ། ། རྨི་ལམ་དག་ན་རྩེ་བ་ལྟ་བུར་མི་བརྟན་མི་རྟག་ཀྱང་། ། བྱིས་པ་མི་མཁས་རྣམས་ཀྱི་སེམས་ནི་རྟག་ཏུ་རྨོངས་པར་བྱེད། ། མིག་ནི་ཆུ་ཡི་ཆུ་བུར་མཚུངས་ཤིང་འདྲ་སྟེ་པགས་པས་གཡོགས། ། ཁྲག་བརླང་མཁྲང་ཞིང་འབུར་བ་དཔེར་ན་ནད་ ཀྱི་འབྲས་དང་མཚུངས། ། ལྟོ་ནི་གཅིན་དང་ཕྱི་ས་སོགས་ཏེ་ཤིན་ཏུ་མི་གཙང་བ། ། སྡུག་བསྔལ་འཁྲུལ་འཁོར་ལས་དང་ཉོན་མོངས་པ་ལས་ཡང་དག་བྱུང་། ། བྱིས་པའི་བློ་ཅན་དག་ནི་རྨོངས་གྱུར་ཕྱིན་ཅི་ལོག་པ་ཡིས། ། ལུས་གང་ལ་ནི་སྡུག་པར་རྟོག་པ་མཁས་པ་དེ་ལྟ་མིན། ། སྡུག་བསྔལ་རྩ་བར་གྱུར་པའི་འཁོར་བར་ཡུན་རིང་འཁོར་བྱེད་ན། ། སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མི་བཟད་མང་པོ་མྱོང་། ། རྐེད་པ་ནས་ནི་རབ་ཏུ་ཡིད་མི་འོང་བའི་དྲི་ཅན་འཛག ། བརླ་དང་བྱིན་པ་རྐང་པ་དག་ནི་འཁྲུལ་འཁོར་ལྟ་བུར་གནས། ། ང་ཡིས་ཁྱེད་ལ་ཡང་དག་ བརྟགས་ན་སྒྱུ་མ་ཇི་བཞིན་ཏེ། ། ཕྱིན་ཅི་ལོག་གི་རྒྱུ་དང་རྐྱེན་ལས་བྱུང་བར་གྱུར་པ་ཡིན། །
BOའཕགས་པའི་ཡེ་ཤེས་ལམ་ལས་གོལ་བ་ཕྱིན་ཅི་ལོག་གྱུར་པ། ། མེ་དང་དུག་གི་ལོ་མ་འདྲ་ཞིང་སྦྲུལ་ཆེན་ཁྲོས་འདྲ་བ། ། འདོད་པའི་ཡོན་ཏན་ཡོན་ཏན་མིན་ཞིང་ཡོན་ཏན་ཉམས་མཐོང་ན། ། དེ་ལ་བྱིས་པ་བདེ་བའི་འདུ་ཤེས་སྐྱེད་ཅིང་བརྒྱལ་བར་གྱུར། ། མི་གང་འདོད་པས་བུད་མེད་རྣམས་ཀྱི་ཁོལ་པོར་གྱུར་པ་དང་། ། གང་ཞིག་ཆོས་ཀྱི་དགའ་བ་བོར་ཏེ་འདོད་པས་དགའ་བྱེད་ཅིང་། ། དགའ་ལ་བརྐམ་པ་དེ་ནི་ཚུལ་ཁྲིམས་ལམ་ལས་གོལ་གྱུར་ཅིང་། ། བསམ་གཏན་ལམ་གོལ་ བློ་ཉམས་ཡེ་ཤེས་ལས་ནི་རབ་རིང་གནས། ། ང་ནི་འདོད་ཆགས་ཞེ་སྡང་ལྷན་ཅིག་གནས་པ་མ་ཡིན་ཏེ། ། རྟག་དང་སྡུག་དང་བདག་དང་ལྷན་ཅིག་གནས་པར་བྱེད་མ་ཡིན། ། མི་དགའ་བ་དང་དགའ་དང་ལྷན་ཅིག་གནས་པ་མ་ཡིན་ལ། ། ང་ཡི་སེམས་ནི་རབ་ཏུ་གྲོལ་ཏེ་མཁའ་ལ་རླུང་དང་ འདྲ། ། གལ་ཏེ་ཁྱེད་འདྲའི་འགྲོ་བ་ཀུན་གྱིས་འདིར་ནི་གང་གྱུར་ལ། ། བསྐལ་པར་དེ་དག་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་ཀྱང་ནི། ། ང་ལ་ཐ་བ་མེད་ཅིང་ཆགས་མེད་གཏི་མུག་མི་འགྱུར་ཏེ། ། རྒྱལ་བ་རྣམས་ཀྱི་ཐུགས་ནི་ནམ་མཁའ་མཚུངས་ཤིང་འདྲ་ཕྱིར་རོ། ། ལྷ་དང་ལྷ་མོ་ཤིན་ཏུ་དྲི་མེད་ ལ། ། ཁྲག་དང་རུས་པ་མེད་ཅིང་རབ་བཟང་བ། །
BOདེ་དག་ཀུན་ཀྱང་འཇིགས་པ་ཆེར་གནས་ཏེ། ། རྟག་དངོས་བྲལ་ཞིང་ཐེར་ཟུག་མེད་ཕྱིར་རོ། ། དེ་ནས་བདུད་ཀྱི་བུ་མོ་བུད་མེད་ཀྱི་སྒྱུ་རྣམས་ཤིན་ཏུ་བསླབས་པ་དེ་དག་དེ་བས་ཀྱང་ཆེར་འདོད་ཆགས་དང་། རྒྱགས་པ་དང་། དྲེགས་ པ་བསྐྱེད་དེ། སྟེག་པ་བསྟན་ནས་ལུས་རྣམས་བརྒྱན་ཏེ། བུད་མེད་ཀྱི་གཡོ་ཉེ་བར་བསྟན་ནས་བྱང་ཆུབ་སེམས་དཔའ་ལ་རྔོད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། བུ་མོའི་ནང་ན་གཅེས་མཆོག་སྲེད་དང་དགའ་དང་དགའ་ཅན་ལྷན་ཅིག་ཏུ། ། བདུད་ཀྱིས་བཏང་བ་ཤིན་ཏུ་ཚུལ་དུ་ཤིས་པར་རིངས་པར་ ལྷགས་གྱུར་ཏེ། ། ཤིང་གི་ལྕུག་མ་གཞོན་ནུ་ལོ་མར་བཅས་པ་རླུང་གིས་བསྐྱོད་པ་བཞིན། ། གར་བྱེད་ཅིང་ནི་རྒྱལ་པོའི་སྲས་པོ་ཤིང་དྲུང་འདུག་ལ་རྔོད་པར་བྱེད། ། དུས་ཀྱི་ནང་ན་དམ་པ་མཆོག་ཏུ་བགྱི་བ་སོས་ཀའི་དུས་འདི་སྟེ། ། སྐྱེས་པ་དག་དང་བུད་མེད་དགའ་བར་བགྱིད་ཅིང་མུན་པ་རྡུལ་ཡང་ བཅོམ། ། ཁུ་བྱུག་དང་ནི་ངང་པ་རྨ་བྱ་སྒྲ་འབྱིན་བྱ་ཚོགས་རྣམས་ཀྱིས་གང་། ། འདོད་པའི་ཡོན་ཏན་དགའ་བ་མྱོང་བར་བགྱི་བའི་དུས་ལ་ད་བབ་བོ། ། བསྐལ་པ་སྟོང་དུ་ཚུལ་ཁྲིམས་དགའ་ཞིང་བརྟུལ་ཞུགས་དཀའ་ཐུབ་སྤྱད་གྱུར་པ། །
BOརི་ཡི་རྒྱལ་པོ་ལྟ་བུར་མི་གཡོ་ཉི་མ་ཤར་མ་ཐག་པའི་གཟུགས། ། འབྲུག་ བསྒྲགས་ལྟ་བུར་སྒྲ་སྙན་{རི་དགས་,རི་དྭགས་}དབང་པོ་སྒྲ་བསྒྲགས་འདྲ་བ་པོ། ། འགྲོ་ལ་ཕན་པ་བྱེད་པ་དེ་ཡིས་དོན་དང་ལྡན་པའི་ཚིག་སྨྲས་པ། ། འདོད་པ་རྩོད་དང་དགྲ་དང་འཐབ་དང་ཉོན་མོངས་བཅས་དང་འཇིགས་བྱེད་པ། ། བྱིས་པའི་སྐྱེ་བོས་ཉེ་བར་བསྟེན་གྱི་མཁས་པའི་སྐྱེ་བོས་རྟག་སྤངས་པ། ། གང་དུ་ བདེ་གཤེགས་རྣམས་ཀྱིས་བདུད་རྩི་བརྙེས་པའི་དུས་ལ་བབ་གྱུར་གྱིས། ། དོ་མོད་བདུད་ལས་རྒྱལ་ཏེ་སྟོབས་བཅུ་རྣམས་དང་ལྡན་པ་དགྲ་བཅོམ་འགྱུར། ། སྒྱུ་རྣམས་བསྟན་ནས་སྨྲས་པ་ཞལ་རས་པད་མ་འདྲ་བ་གསན་དུ་གསོལ། ། ཁྱོད་ནི་རྒྱལ་པོ་དབང་ཕྱུག་དམ་པ་ས་བདག་སྟོབས་དང་ལྡན་པར་ འགྱུར། ། བུད་མེད་དམ་པའི་ཚོགས་ཀྱིས་སིལ་སྙན་སྟོང་དག་རབ་ཏུ་བགྱིད་འགྱུར་ན། ། ཐུབ་པའི་ཆ་བྱད་ཀྱིས་ནི་ཅི་བགྱིས་སྤོངས་ལ་དགའ་བ་བསྟེན་དུ་གསོལ། ། བྱང་ཆུབ་སེམས་དཔས་སྨྲས་པ། ང་ནི་སྲིད་པ་གསུམ་ན་དབང་ཕྱུག་ལྷ་དང་མི་རྣམས་ཀྱིས་མཆོད་ལ། ། ཆོས་ཀྱི་འཁོར་ལོས་འགྲོ་ ཞིང་སྟོབས་བཅུའི་སྟོབས་དང་ལྡན་པའི་རྒྱལ་པོར་འགྱུར། །
BOསློབ་དང་མི་སློབ་བུ་རྣམས་ཁྲག་ཁྲིག་རྟག་ཏུ་འདུད་པ་མངོན་དུ་བྱེད། ། ཆོས་ཀྱི་དགའ་བས་དགའ་ཡི་ཡུལ་ལ་ང་ཡི་ཡིད་ནི་དགའ་མ་ཡིན། ། དེ་དག་གིས་སྨྲས་པ། རེ་ཤིག་དར་ལ་བབ་པ་མ་ཡོལ་དང་པོ་ཐོར་བུར་གྱུར་པ་དང་། ། ཁྱོད་ནི་རེ་ཤིག་སྙུན་གྱིས་མ་བཏབ་མི་ཤིས་བགྲེས་པར་མ་གྱུར་དང་། ། ཇི་སྲིད་དར་ལ་བབ་ཅིང་བདག་ཅག་གྲོགས་ཀྱང་དར་ལ་བབ་གྱུར་པ། ། དེ་སྲིད་བར་དུ་འཛུམ་པའི་ཞལ་གྱིས་འདོད་པའི་དགའ་བ་སྤྱད་དུ་གསོལ། ། བྱང་ཆུབ་སེམས་དཔས་སྨྲས་པ། ཇི་སྲིད་དོ་མོད་དལ་བ་དམ་པ་འཆི་མེད་དཀོན་ པ་རྙེད་པ་དང་། ། ཇི་སྲིད་ལྷ་དང་ལྷ་མིན་གྲོང་ཁྱེར་མི་ཁོམ་སྡུག་བསྔལ་སྤངས་པ་དང་། ། ཇི་སྲིད་རྒ་དང་ན་དང་འཆི་བའི་དགྲ་ཡིས་དཀྲུགས་པར་མ་གྱུར་པ། ། དེ་སྲིད་ང་ནི་འཇིགས་མེད་གྲོང་ཁྱེར་འགྲོ་བའི་ལམ་མཆོག་བསྒོམ་པར་བྱ། ། དེ་དག་གིས་སྨྲས་པ། ལྷ་ཡི་གནས་ན་སུམ་ཅུ་རྩ་གསུམ་ བདག་པོ་ལྷ་མོས་བསྐོར་བ་དང་། ། འཐབ་བྲལ་འཐབ་བྲལ་རབ་དང་དགའ་ལྡན་རབ་དང་བདུད་ཀྱི་གྲོང་ཁྱེར་ན། ། ལྷ་མཆོག་བསྟོད་པ་བཞིན་དུ་བུད་མེད་དབང་དུ་གྱུར་ནས་འདོད་དགའ་ལ། ། རོལ་ཅིང་སྤྱོད་ལ་བདག་ཅག་རྣམས་དང་ལྷན་ཅིག་དགྱེས་པ་རྒྱ་ཆེན་མཛོད། །
BOབྱང་ཆུབ་སེམས་དཔས་ སྨྲས་པ། འདོད་པ་རྩྭ་རྩེའི་ཟིལ་ཐིགས་བཞིན་དུ་མྱུར་ལ་སྟོན་ཀའི་སྤྲིན་དང་མཚུངས། ། ཀླུ་ཡི་བུ་མོ་ཁྲོ་བ་ལྟ་བུར་ཤིན་ཏུ་འཇིགས་པར་བྱེད་པ་ཡིན། ། བརྒྱ་བྱིན་འཐབ་བྲལ་རབ་ལྷ་དགའ་ལྡན་པ་དག་བདུད་ཀྱི་དབང་དུ་སོང་། ། འཕགས་མིན་རྣམས་ཀྱིས་འདོད་པ་སྡུག་བསྔལ་ལྡན་པ་འདི་ལ་སུ་ ཞིག་དགའ། ། དེ་དག་གིས་སྨྲས་པ། ཤིང་མཆོག་འདི་དག་ལོ་མ་གཞོན་དང་ལྡན་ཞིང་མེ་ཏོག་རྒྱས་གྱུར་ལ། ། ཤང་ཤང་ཏེའུ་དང་ཁུ་བྱུག་སྒྲ་འབྱིན་བུང་བ་སྒྲ་འབྱིན་ལྡན་པ་གཟིགས། ། ས་ལས་རྩྭ་འཁྲུངས་རབ་སྔོ་འཇམ་ཞིང་སྣུམ་ལ་ལྕང་ལོ་ཅན་མཆིས་པ། ། ནགས་མཆོག་མི་ཅི་ཚོགས་ ཀྱིས་བསྟེན་པར་ན་ཆུང་རྣམས་དང་དགྱེས་པར་མཛོད། ། བྱང་ཆུབ་སེམས་དཔས་སྨྲས་པ། ལོ་མར་བཅས་པའི་ཤིང་རྣམས་འདི་དག་དུས་ཀྱི་དབང་གིས་མེ་ཏོག་རྒྱས། ། བུང་བ་དག་ཀྱང་བཀྲེས་དང་སྐོམ་པས་ཉེན་ནས་མེ་ཏོག་རྣམས་སུ་ལྷགས། ། གང་ཞིག་དུས་ན་ས་ལས་སྐྱེས་པ་རྣམས་ཀྱང་ ཉི་མས་སྐམས་པར་འགྱུར། ། ང་འདིར་སྔོན་གྱི་རྒྱལ་བ་རྣམས་ཀྱིས་སྤྱད་པ་བདུད་རྩི་ངེས་པར་སྤྱད། ། བདུད་ཀྱི་བུ་མོ་རྣམས་ཀྱིས་སྨྲས་པ། ཟླ་འདྲའི་ཞལ་མངའ་གཟིགས་ཤིག་པད་མ་སར་པ་འདྲ་བའི་ཁ་བཞིན་ཅན། །
BOསྙན་ཅིང་ཡིད་དུ་འོང་བའི་ཚིག་ལྡན་ སོ་ནི་དངུལ་དང་ཁ་བ་འདྲ། ། འདི་འདྲ་ལྷ་ཡི་གནས་ན་དཀོན་ན་མི་ཡི་གནས་ནག་ལ་མཆིས། ། གང་དག་ལྷ་མཆོག་རྣམས་ཀྱིས་རྟག་ཏུ་འདོད་པར་བགྱི་བ་ཁྱོད་ཀྱིས་བརྙེས། ། བྱང་ཆུབ་སེམས་དཔས་སྨྲས་པ། ལུས་ནི་ངན་སྐྱུགས་མི་གཙང་སྲིན་བུའི་རིགས་ཀྱིས་གང་བ་ཤིག་ཤིག་ པོ། ། མྱུར་དུ་འགྱེས་ཤིང་འཇིག་པ་བདེ་བ་མ་ཡིན་རྣམས་དང་ལྡན་པར་མཐོང་། ། རྒྱུ་བར་བཅས་དང་མི་རྒྱུ་བ་ཡི་འགྲོ་ལ་བདེ་བ་མཆོག་བྱེད་པ། ། གོ་འཕང་འཆི་འཕོ་མེད་པ་སྐྱེ་བོ་མཁས་པས་མཆོད་པ་དེ་ཐོབ་བྱ། ། དེ་དག་འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་མྱོང་བར་གྱུར་པ་སྟེ། ། རྐང་ གདུབ་གསེར་གྱི་ཕག་སྐ་འཁྲོལ་ཞིང་གོས་ཀྱང་ཤིག་ཤིག་བྱས་ནས་ནི། ། འདོད་པའི་མདའ་ཡིས་ཕོག་པ་རྒྱགས་པ་འཛུམ་ཞིང་འདི་སྐད་སྨྲས། ། ཇོ་ཇོ་ཁྱོད་ལ་ནོངས་པ་ཅི་ཞིག་བགྱིས་ན་འདི་དག་བསྟེན་མི་བགྱི། ། སྲིད་པ་ཀུན་གྱིས་ཉེས་པ་རིག་ནས་རྡུལ་དང་བྲལ་བས་འདི་སྐད་སྨྲས། ། འདོད་པ་རལ་གྲི་མདུང་ཐུང་རྩེ་གསུམ་སྦྲང་རྩི་ཅན་གྱི་སྤུ་གྲི་འདྲ། ། སྦྲུལ་གྱི་མགོ་དང་མེ་མུར་འདྲ་བར་ངས་འདིར་རབ་ཏུ་རིག་པས་ན། །
BOབུད་མེད་ཡོན་ཏན་འཕྲོག་པས་དེ་ཕྱིར་ང་ཡིས་བུད་མེད་ཚོགས་རྣམས་སྤངས། ། བུད་མེད་ཡོན་ཏན་རྣམ་པ་མང་པོ་ཁྲག་ཁྲིག་བྱེ་བ་དེ་དག་གིས། ། གང་གི་ཚེ་ན་ གླང་པོའི་ཕྲུ་གུའི་སྟབས་ཅན་དེ་བརྗོད་མ་ནུས་ཚེ། ། ངོ་ཚ་སྐྱེངས་ནས་ཐུབ་པའི་རྐང་པ་གཉིས་ལ་རབ་ཏུ་ཕྱག་འཚལ་ཏེ། ། དགའ་ཞིང་མགུ་བ་བསྐྱེད་ནས་ཕན་པ་བྱེད་པ་དེ་ལ་བསྟོད་པ་བྱས། ། པད་མ་དྲི་མ་མེད་པའི་སྙིང་པོ་འདྲ་ཞིང་སྟོན་ཟླ་ལྟ་བུའི་ཞལ། ། མར་གྱིས་སྦྱིན་བསྲེག་ བགྱིས་པའི་འོད་འཕྲོ་མེ་འདྲ་གསེར་གྱི་རི་འདྲ་བ། ། སྲིད་པ་བརྒྱ་ནས་སྤྱད་ཅིང་དགོངས་དང་སྨོན་ལམ་བཏབ་པ་གྲུབ་གྱུར་ཅིག ། བདག་ཉིད་རྒལ་ནས་སྡུག་བསྔལ་དག་དང་ལྡན་པའི་འགྲོ་བ་བསྒྲལ་དུ་གསོལ། ། དེ་དག་རྣམས་ཀྱིས་དོང་ཀའི་ཤིང་དང་ཙམ་པ་ཀ་འདྲ་རྣམ་མང་ བསྟོད། ། མཆོག་ཏུ་གྱུར་པའི་རི་ལྟར་མི་གཡོ་བ་ལ་བསྐོར་བ་བྱས་ནས་ནི། ། སོང་སྟེ་ཕ་ཡི་རྐང་ལ་མགོ་བོས་ཕྱག་འཚལ་འདི་སྐད་ཚིག་ཀྱང་སྨྲས། ། ཡབ་ཅིག་ལྷ་དང་མི་ཡི་བླ་མ་དེ་ལ་ཁོང་ཁྲོ་སྤངས་ན་ལེགས། ། བཞིན་ནི་འཛུམ་པར་གྱུར་ནས་པད་མའི་འདབ་མ་འདྲ་བའི་མིག་གིས་ ལྟ། ། དེ་ནི་ཆགས་པས་སྐྱེ་བོ་མི་ལྟ་དེ་ལ་ཁྲོ་གཉེར་མཆིས་མ་ལགས། །
BOལྷུན་པོ་གཡོ་ཞིང་རྒྱ་མཚོ་སྐམས་ལ་ཉི་ཟླ་ལྟུང་བར་འགྱུར་ཡང་གདའ། ། སྲིད་པ་གསུམ་གྱི་ཉེས་མཐོང་དེ་ནི་བུད་མེད་རྣམས་ཀྱི་དབང་མི་འགྱུར། ། དེ་ནས་བདུད་སྡིག་ཅན་གྱིས་ཚིག་དེ་སྐད་ཐོས་ནས་དེ་བས་ཀྱང་ ཆེར་སྡུག་བསྔལ་ཞིང་ཡིད་མི་བདེ་ལ། ཡི་མ་རངས་ཤིང་ཚིག་པ་ཟ་བའི་ཡིད་ཀྱིས་རང་གི་བུ་མོ་དེ་དག་ལ་སྨྲས་པ། ཀྱེ་མི་ཤེས་ཤིང་གླེན་ཏེ། ཁྱེད་ཀྱི་གཟུགས་དང་ད་རོད་མ་མཐོང་ངམ། ། ཇི་ལྟར་གྱུར་ན་དེ་བྱང་ཆུབ་ཀྱི་སྙིང་པོ་ལས་བསླང་བར་མ་ནུས། དེ་ནས་བདུད་ཀྱི་བུ་མོ་དེ་དག་ གིས་རང་གི་ཕ་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། སྙན་ཅིང་འཇམ་པོར་སྨྲ་ཡང་ཆགས་པ་མ་མཆིས་ཏེ། ། གསང་བ་ཆེན་པོ་ལྟ་ཡང་སྡང་བ་མཆིས་མ་ལགས། ། སྤྱོད་ལམ་དག་དང་སྤྱོད་པ་ལྟ་ཡང་རྨོངས་མ་མཆིས། ། ལུས་རྣམས་ཐམས་ཅད་རྟོགས་ཀྱང་བསམ་པ་ཤིན་ཏུ་ ཟབ། ། བུད་མེད་ནོངས་པ་རྒྱ་ཆེན་ཐེ་ཚོམ་མ་མཆིས་རྟོགས། ། འདོད་ལས་དབེན་པའི་ཡིད་ལྡན་འདོད་ཆགས་ཆགས་མ་མཆིས། ། གང་ཞིག་དེ་ཡི་སེམས་དང་སྤྱོད་པ་ཡོངས་འཚལ་བ། ། ལྷ་ཡུལ་མི་ཡུལ་འདི་ན་ལྷ་མི་དེ་མ་མཆིས། ། དེ་ལ་བུད་མེད་སྒྱུ་རྣམས་གང་ལགས་ བསྟན་ན་ཡབ། ། ཆགས་བཅས་གང་ལགས་དེ་ཡི་སྙིང་ཞུ་འགྱུར་རིགས་ན། །
BOདེ་དག་མཐོང་ཡང་དེ་ཡི་སེམས་ནི་གཅིག་མ་གཡོས། ། རི་དབང་རྒྱལ་པོ་བཞིན་དུ་དེ་ནི་མི་གཡོ་གཡོ་མ་མཆིས། ། བསོད་ནམས་གཟི་བརྗིད་བརྒྱས་བལྟམ་ཡོན་ཏན་གཟི་བརྗིད་རྫོགས། ། བསྐལ་པ་བྱེ་བ་མང་པོར་ཚུལ་ཁྲིམས་བརྟུལ་ཞུགས་སྤྱད། ། ལྷ་དང་ཚངས་པ་སེམས་ཅན་གཟི་བརྗིད་རྣམ་དག་དགེ ། དེ་དག་དེ་ཡི་རྐང་པར་མགོས་གཏུགས་ཕྱག་ཀྱང་འཚལ། ། སྡེ་དང་བཅས་པའི་བདུད་རྣམས་བཅོམ་ནས་སྔོན་ཆད་ཀྱི། ། རྒྱལ་བས་བཞེད་པ་བྱང་ཆུབ་དམ་པ་ འཐོབ་འགྱུར་ངེས། ། ཡབ་ཅིག་བདག་ཅག་གཡུལ་ངོར་འཐབ་པ་མི་འཚལ་ཏེ། ། སྟོབས་ལྡན་དག་དང་འཐབ་པར་སྦྱོར་འདི་ཚེགས་རབ་ཆེ། ། ཡབ་ཅིག་མཁའ་ལ་ནོར་བུ་རིན་ཆེན་གཙུག་ཕུད་ཅན། ། རྫོགས་པའི་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་གུས་ པར་གནས། ། རིན་ཆེན་འབྱུང་གནས་ཡན་ལག་མེ་ཏོག་ཕྲེང་བས་བརྒྱན། ། སྟོབས་བཅུ་མངའ་བས་མཆོད་ཕྱིར་འདིར་བཏང་རྣམས་ལ་གཟིགས། ། གང་དག་སེམས་པ་མ་མཆིས་གང་དག་སེམས་མ་མཆིས། ། ཤིང་རི་ལྷ་དབང་གནོད་སྦྱིན་མཁའ་ལྡིང་དབང་པོ་དག ། ཡོན་ཏན་རི་བོར་ མངོན་པར་འདུད་ཅིང་ཕྱོགས་པ་ལས། ། ཡབ་ཅིག་དོ་མོད་སླར་ལོག་ན་ནི་ལེགས་པ་འདྲ། ། གཞན་ཡང་གང་གི་ཕ་མཐར་མི་ཕྱིན་དེར་ནི་རྐྱལ་མི་བགྱི། །
BOགང་ཞིག་རྩ་ནས་མི་ཕྱིན་དེ་ནི་བརྐོ་མི་བགྱི། ། གང་ལ་བཟོད་པ་ཡང་གསོལ་དེ་ནི་དཀྲུག་མི་བགྱི། ། གང་གིས་ཡིད་མི་བདེ་བར་ འགྱུར་བ་དེ་མི་བགྱི། ། དགེ་སློང་དག་དེ་ནས་དེའི་ཚེ་ཤིང་གི་ལྷ་མོ་བརྒྱད་ལ་འདི་ལྟ་སྟེ། དཔལ་ལྡན་དང་། འཕེལ་མོ་དང་། དཀའ་ཐུབ་དང་། དགེ་མ་དང་། མཁས་མ་དང་། མདངས་སྟོབས་དང་། བདེན་སྨྲ་དང་། ལྡན་མ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ཡང་ དག་པར་མཆོད་ནས་དཔལ་རྣམ་པ་བཅུ་དྲུག་གིས་བྱང་ཆུབ་སེམས་དཔའ་འཕེལ་བར་བྱེད། མངོན་དུ་སྟོད་པར་བྱེད་དེ། སེམས་ཅན་དམ་པ་ཁྱོད་ནི་དགུང་ཟླ་ཡར་གྱི་ངོ་ལྟར་མཛེས་པའོ། ། བློ་རྣམ་པར་དམ་པ་ཁྱོད་ནི་གདུགས་དང་པོ་ཤར་བ་ལྟར་ལྷང་ངེ་བའོ། ། སེམས་ཅན་དམ་པ་ ཁྱོད་ནི་ཆབ་ཀྱི་ནང་ན་པད་མ་ལྟར་རབ་ཏུ་རྒྱས་པའོ། ། སེམས་ཅན་དམ་པ་ཁྱོད་ནི་ནགས་དང་ནགས་འདབ་ན་རྒྱུ་བའི་སེང་གེ་ལྟར་སྒྲོགས་པའོ། ། སེམས་ཅན་དམ་པ་ཁྱོད་ནི་རྒྱ་མཚོའི་དབུས་ན་རིའི་རྒྱལ་པོ་ལྟར་མཛེས་པའོ། ། སེམས་ཅན་དམ་པ་ཁྱོད་ནི་ཁོར་ཡུག་གི་རི་ལྟར་མངོན་པར་ འཕགས་པའོ། ། སེམས་ཅན་དམ་པ་ཁྱོད་ནི་རྒྱ་མཚོ་ལྟར་རིན་པོ་ཆེས་བལྟམས་ཤིང་གཏིང་དཔག་དཀའ་བའོ། །
BOའཇིག་རྟེན་གྱི་མགོན་པོ་ཁྱོད་ནི་ནམ་མཁའ་ལྟར་ཐུག་པ་མ་མཆིས་ཤིང་ཐུགས་ཀྱི་རྒྱ་ཆེ་བའོ། ། སེམས་ཅན་རྣམ་པར་དག་པ་ཁྱོད་ནི་དོག་ས་ལྟར་སེམས་ཅན་ཐམས་ཅད་ ཀྱི་འཚོ་བར་གྱུར་ཅིང་ཐུགས་ཤིན་ཏུ་བརྟན་པའོ། ། སེམས་ཅན་དམ་པ་ཁྱོད་ནི་མཚོ་མ་དྲོས་པ་ལྟར་རྟག་ཏུ་དང་ཞིང་ཐུགས་རྙོག་པ་མི་མངའ་བའོ། ། སེམས་ཅན་དམ་པ་ཁྱོད་ནི་རླུང་མར་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྟག་ཏུ་མི་ཆགས་ཤིང་ཐུགས་གནས་མ་མཆིས་པའོ། སེམས་ ཅན་དམ་པ་ཁྱོད་ནི་གཟི་བརྗིད་ཀྱི་རྒྱལ་པོ་ལྟར་རློམ་སེམས་ཅན་ཐམས་ཅད་སྤངས་ཤིང་བསྙེན་པར་དཀའ་བའོ། ། སེམས་ཅན་དམ་པ་ཁྱོད་ནི་སྲེད་མེད་ཀྱི་བུ་ལྟར་ཐུལ་བར་དཀའ་ཞིང་སྟོབས་དང་ལྡན་པའོ། ། འཇིག་རྟེན་གྱི་མགོན་པོ་ཁྱོད་ནི་བྱང་ཆུབ་ཀྱི་སྙིང་པོ་ལས་མི་བཞེངས་པས་དམ་ བཅས་པ་བརྟན་པའོ། ། སེམས་ཅན་དམ་པ་ཁྱོད་ནི་དབང་པོའི་ལག་གིས་འཕངས་པའི་རྡོ་རྗེ་ལྟར་སླར་མི་ལྡོག་པའོ། ། སེམས་ཅན་དམ་པ་ཁྱོད་ནི་རིང་པོར་མི་ཐོགས་པར་སྟོབས་བཅུ་དང་ལྡན་པར་བྱོན་པས་བརྙེས་པ་ལེགས་པར་བརྙེས་པའོ། །
BOདགེ་སློང་དག་དེ་ལྟར་བྱང་ཆུབ་ཀྱི་ཤིང་གི་ལྷ་ མོ་རྣམས་ཀྱིས་དཔལ་རྣམ་པ་བཅུ་དྲུག་གིས་བྱང་ཆུབ་སེམས་དཔའ་འཕེལ་བར་བྱེད་དོ། ། དགེ་སློང་དག་དེ་ན་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་ཉམས་དམས་པར་བྱེད་དེ། རྣམ་པ་བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྡིག་ཅན་ཁྱོད་ནི་ཁྲུང་ཁྲུང་རྒན་ པོ་ལྟར་སེམས་ཁོང་དུ་ཆུད་ཅིང་དམས་པའོ། ། སྡིག་ཅན་ཁྱོད་ནི་གླང་པོ་རྒན་པོ་འདམ་དུ་བྱིང་བ་ལྟར་ཉམ་ཆུང་བའོ། ། སྡིག་ཅན་ཁྱོད་ནི་དཔའ་བོར་ཁས་འཆེས་པ་ཕམ་པ་ལྟར་གཅིག་པུར་གྱུར་པའོ། ། སྡིག་ཅན་ཁྱོད་ནི་ནད་ཀྱིས་ཉེན་པ་འབྲོག་ཏུ་བོར་བ་ལྟར་གཉིས་སུ་མེད་པའོ། ། སྡིག་ཅན་ཁྱོད་ནི་གླང་བུ་ཁལ་གྱིས་ཉོན་མོངས་པ་ལྟར་སྟོབས་མེད་པའོ། ། སྡིག་ཅན་ཁྱོད་ནི་ཤིང་རླུང་གིས་བཏབ་པ་ལྟར་སྒྱེལ་བའོ། ། སྡིག་ཅན་ཁྱོད་ནི་འདྲོན་པ་ལམ་སྟོར་བ་ལྟར་ལམ་ངན་པར་གནས་པའོ། ། སྡིག་ཅན་ཁྱོད་ནི་མི་དབུལ་པོ་བུ་ལོན་ཅན་ལྟར་དམན་པ་བས་ཀྱང་དམན་ པའོ། ། སྡིག་ཅན་ཁྱོད་ནི་བྱ་རོག་བྱུང་རྒྱལ་བ་ལྟར་མུ་ཅོར་སྨྲ་བའོ། ། སྡིག་ཅན་ཁྱོད་ནི་མ་དུལ་བ་བྱས་པ་མི་གཟོ་བ་ལྟར་ང་རྒྱལ་གྱིས་ཟིལ་གྱིས་ནོན་པའོ། །
BOསྡིག་ཅན་ཁྱོད་ནི་སེང་གེའི་སྒྲས་ཝ་འབྲོས་པ་ལྟར་དེང་འབྲོས་པར་འགྱུར་བའོ། ། སྡིག་ཅན་ཁྱོད་ནི་རྣམ་པར་འཐོར་རླུང་གིས་ གཏོར་བའི་བྱ་བཞིན་དུ་དེང་འདར་བར་འགྱུར་བའོ། ། སྡིག་ཅན་ཁྱོད་ནི་སྤྲང་པོ་བསོད་ནམས་ཟད་པ་ལྟར་དུས་མི་ཤེས་པའོ། ། སྡིག་ཅན་ཁྱོད་ནི་སྣོད་ཆག་པ་རྡུལ་གྱིས་གང་བ་ལྟར་དེང་རྣམ་པར་སྤང་བར་འགྱུར་བའོ། ། སྡིག་ཅན་ཁྱོད་ནི་སྔགས་ལ་དཔའ་བ་སྦྲུལ་ལ་བབ་པ་ལྟར་དེང་ཚར་ ཆོད་པར་འགྱུར་བའོ། ། སྡིག་ཅན་ཁྱོད་ནི་མི་རྐང་ལག་བཅད་པ་ལྟར་སྟོབས་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བའོ། ། དགེ་སློང་དག་དེ་ལྟར་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་སྡིག་ཅན་ཉམ་སྨད་པ་བྱས་སོ། ། དགེ་སློང་དག་དེ་ལ་བྱང་ཆུབ་ཀྱི་བསྙེན་བཀུར་བའི་ལྷ་རྣམས་ཀྱིས་རྣམ་ པ་བཅུ་དྲུག་གིས་བདུད་སྡིག་ཅན་ཟློག་པར་བྱེད་དེ། བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྡིག་ཅན་ཁྱོད་ནི་དཔའ་བོས་ཕ་རོལ་གྱི་སྡེ་བཅོམ་པ་ལྟར་བྱང་ཆུབ་སེམས་དཔས་དོ་མོད་ཕམ་པར་བྱས་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་གྱད་སྟོབས་ཆུང་ངུ་ལ་གྱད་སྟོབས་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ ཚར་བཅད་པར་འགྱུར་རོ། །
BOསྡིག་ཅན་ཁྱོད་ནི་སྲིན་བུ་མེ་ཁྱེར་ལ་ཉི་མའི་དཀྱིལ་འཁོར་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཟིལ་གྱིས་ནོན་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་ཕུབ་མ་སྤར་བ་གང་ལ་རླུང་མར་བཏབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་གཏོར་བར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་ཝ་ལ་སེང་གེ་བབ་པ་ ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྔངས་པར་བྱས་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་ཤིང་སཱ་ལ་ཆེན་པོ་རྩ་བ་ནས་བཅད་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྒྱེལ་བར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་མི་མཛའ་བའི་གྲོང་ཁྱེར་ལ་རྒྱལ་པོ་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་བརླག་པར་འགྱུར་ རོ། ། སྡིག་ཅན་ཁྱོད་ནི་བ་རྗེས་ཀྱི་ཆུ་ལ་ཉི་ཚན་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཡོངས་སུ་ཟད་པར་བྱས་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་མི་གཡོན་ཅན་གསད་པར་བྱ་བ་ཤོར་བ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་འབྲོས་པར་བྱེད་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་མེའི་ཚ་བས་བུང་ བའི་ཁྱུ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་མགོ་འཁོར་བར་བྱེད་པར་འགྱུར་རོ། །
BOསྡིག་ཅན་ཁྱོད་ནི་ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་ཉམས་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་མྱ་ངན་བྱེད་དུ་བཅུག་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་ཁྲུང་ཁྲུང་རྒན་པོ་འདབ་མ་བྲེགས་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སེམས་ཁོང་དུ་ བཅུག་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་འབྲོག་དགོན་པར་ལམ་རྒྱགས་ཆད་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཕོངས་པར་བྱས་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་རྒྱ་མཚོ་ཆེན་པོར་གྲུ་ཞིག་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྨྲེ་སྔགས་འདོན་དུ་བཅུག་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་སྲེག་པའི་ བསྐལ་པས་རྩྭ་དང་ནགས་ཚལ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་རྙིས་པར་བྱས་པར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་རིའི་རྩེ་མོ་ལ་རྡོ་རྗེ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་(བརྙིལ་,བསྙིལ་)བར་འགྱུར་རོ་ཞེས་བྱ་བའོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་ཀྱི་བསྙེན་བཀུར་བའི་ལྷའི་བུ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་ བདུད་སྡིག་ཅན་ཟློག་པར་བྱེད་ཀྱང་བདུད་སྡིག་ཅན་ཕྱིར་མ་ལོག་གོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་ཡི་ཚོགས་ཀྱིས་ཡང་དག་བསྐུལ་བ་ཐོས་ཀྱང་བདུད་ནི་ཕྱིར་ལོག་མ་གྱུར་ཏེ། །
BOསློངས་ཤིག་རྒྱོབ་ཤིག་འདི་ནི་བརླག་པར་གྱིས་ཤིག་སྲོག་ཀྱང་སྦྱིན་པར་མ་བྱེད་ཅིག ། འདི་ནི་རང་ཉིད་རྒྱལ་ནས་ང་ཡི་ཡུལ་ནས་ གཞན་ཡང་སྒྲོལ་བར་བྱེད་པར་འགྱུར། ། ལངས་ཏེ་བྲོས་པ་མ་གཏོགས་དགེ་སྦྱོང་འདི་ལ་ཐར་གཞན་ཅུང་ཟད་མེད་ཅེས་སྨྲས། ། བྱང་ཆུབ་སེམས་དཔས་སྨྲས་པ། རི་ཡི་རྒྱལ་པོ་ལྷུན་པོ་གནས་ནས་གཡོ་སྲིད་འགྲོ་བ་ཐམས་ཅད་མེད་འགྱུར་སྲིད། ། སྐར་མའི་ཚོགས་རྣམས་ཐམས་ཅད་ཟླ་བ་བཅས་པར་ མཁའ་ལས་ས་ལ་ལྟུང་ཡང་སྲིད། ། སེམས་ཅན་ཀུན་གྱི་བསམ་པ་གཅིག་བྱེད་འགྱུར་སྲིད་རྒྱ་མཚོ་ཆེན་པོ་སྐམ་སྲིད་ཀྱི། ། ང་འདྲ་ཤིང་གི་རྒྱལ་པོའི་དྲུང་ན་འདུག་པ་ལ་ནི་གཡོ་བ་ཡོང་མི་སྲིད། ། བདུད་ཀྱིས་སྨྲས་པ། ཁོ་བོ་འདོད་པའི་དབང་ཕྱུག་འཇིག་རྟེན་འདི་ཀུན་དབང་། ། ལྷ་དང་ལྷ་མིན་ཚོགས་བཅས་ མི་དང་དུད་འགྲོ་རྣམས། ། ཁོ་བོས་ཁྱབ་སྟེ་ཐམས་ཅད་ཁོ་བོའི་དབང་དུ་འགྱུར། ། ཁོ་བོའི་ཡུལ་ན་འདུག་པ་ལོངས་ལ་ཚིག་བཞིན་གྱིས། ། བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་འདོད་དབང་ཁྱོད་ཡིན་གསལ་བར་ཁྱོད་དབང་མིན། ། ཡང་དག་ང་ལྟོས་ང་ཡང་ཆོས་ཀྱི་དབང་ཕྱུག་ཡིན། ། གལ་ཏེ་ངན་ འགྲོར་མི་འགྲོ་ཁྱོད་ནི་འདོད་དབང་ཕྱུག །
BOདབང་མེད་ཁྱོད་ནི་ལྟ་བཞིན་བྱང་ཆུབ་ངས་ཐོབ་འགྱུར། ། བདུད་ཀྱིས་སྨྲས་པ། དགེ་སྦྱོང་བདག་ཉིད་གཅིག་པུ་དགོན་པར་ཅི་ཞིག་བྱེད། ། ཁྱོད་ཀྱིས་གང་བཙལ་དེ་དང་ཕྲད་པར་སླ་མ་ཡིན། ། རབ་འགྲོ་ཤེས་ལྡན་ལ་སོགས་དཀའ་ཐུབ་རབ་བསྒྲིམས་ཀྱང་། ། གོ་ འཕང་མཆོག་དེ་མ་ཐོབ་མིར་གྱུར་ཁྱོད་ཅི་སྨོས། ། བྱང་ཆུབ་སེམས་དཔས་སྨྲས་པ། ཁྲོ་བའི་ཟིལ་ནོན་བློ་དང་ལྷ་ཡུལ་འདོད་པ་དང་། ། བདག་ལ་རྟག་དང་མི་རྟག་སྙམ་དུ་གནས་པ་དང་། ། ཡུལ་དུ་འགྲོ་བས་གནས་པ་ཐར་སྙམ་གནས་པ་ཡི། ། དྲང་སྲོང་མི་ཤེས་སྔོན་དུ་འགྲོ་བས་དཀའ་ ཐུབ་སྤྱད། ། དེ་དག་ཡང་དག་དོན་དང་བྲལ་ཞིང་སྐྱེས་བུ་སྨྲ། ། ཁྱབ་དང་ཕྱོགས་གཅིག་ཆེས་དང་ཁ་ཅིག་རྟག་ཅེས་སྨྲ། ། ལུས་ཅན་ལུས་མིན་ཡོན་ཏན་མིན་དང་ཡོན་ཏན་ཅན། ། བྱེད་པ་པོ་དང་བྱེད་པོ་མིན་ཞེས་གཞན་དག་འཛེར། ། སྟན་འདིར་འདུག་སྟེ་ང་རྒྱལ་བཅོམ་པས་སྡེ་དཔུང་བཅས། ། ཁྱོད་ཕམ་བྱས་ཏེ་ བྱང་ཆུབ་རྡུལ་མེད་དེང་ཐོབ་ནས། ། འགྲོ་བ་འདི་ལ་འབྱུང་དང་བྱུང་དང་མྱ་ངན་འདས། ། སྡུག་བསྔལ་ཞི་བ་བསིལ་བའི་དངོས་པོ་བསྟན་པར་བྱ། །
BOབདུད་ནི་ཁྲོས་ཤིང་འཁྲུགས་ཏེ་ཚིག་པ་ཟོས་ནས་མདུན་དུ་རྩུབ་པའི་ཚིག་ཏུ་སྨྲས་པ་དགེ་སྦྱོང་འདི་ཟུང་ཤིག ། གཅིག་པུ་དགོན་པར་བོར་བར་གྱུར་པ་འདི་ནི་ང་ཡི་མདུན་ནས་ ཟུང་ལ་སོང་སྟེ་མྱུར་དུ་དབང་དུ་གྱིས། ། ང་ཡི་ཁྱིམ་དུ་མྱུར་དུ་སོང་ལ་ཤིང་སྒྲོག་དང་ནི་ལྕགས་སྒྲོག་ཕྲུགས་སུ་ཆུག་སྟེ་སྒོ་བ་བྱེད་དུ་ཆུག ། སྡུག་བསྔལ་ཉེན་ནས་ཀུ་ཅོ་རྣམ་པ་མང་པོ་འདོན་ཅིང་ལྷ་ཡི་ཁོལ་པོ་ཡིན་པར་བདག་གིས་བདག་མཐོང་བྱོས། ། བྱང་ཆུབ་སེམས་དཔས་སྨྲས་པ། ནམ་མཁའ་ལ་ནི་རི་མོ་ རྣམ་པ་སྣ་ཚོགས་ཆ་ཆ་རིས་རིས་ཕྱེ་སྟེ་སོ་སོར་བྲི་བར་ནུས་ཀྱང་སྲིད། ། ཕྱོགས་དང་ཕྱོགས་མཚམས་འགྲོ་བའི་ཤུགས་ཅན་རླུང་ནི་མི་ཡིས་རབ་ཏུ་བསྒྲིམས་ཏེ་ཞགས་པས་བཅིང་དུ་ནུས་ཀྱང་སྲིད། ། ཉི་མ་ཟླ་བ་མུན་པ་རབ་རིབ་མེད་བྱེད་མཁའ་ལས་ས་ལ་ལྟུང་བར་བྱེད་པ་ནུས་སྲིད་ཀྱི། ། ཁྱོད་དང་འདྲ་བ་རབ་ཏུ་མང་ པོ་བགྲང་ལས་འདས་པ་དག་གིས་ཤིང་དྲུང་ནས་ནི་ང་བསྐྱོད་ནུས་མི་འགྱུར། ། བདུད་དཔུང་སྟོབས་དང་ལྡན་པ་ལངས་ཏེ་ཧ་ཞེས་ཟེར། ། དུང་དང་རྔ་དང་རྫ་རྔ་མཆོག་གི་སྒྲ་འབྱིན་ལངས། ། བདུད་དཔུང་ཤིན་ཏུ་འཇིགས་པ་འདི་དག་མཐོང་ནས་ནི། །
BOཀྱི་ཧུད་བུ་སྡུག་ཁྱོད་ཅིས་མ་རུང་གྱུར་ཅེས་ཟེར། ། འཛམ་ ཀླུང་གསེར་དང་ཙམ་པའི་སྙིང་པོ་འདྲ་བར་སེར། ། ཤིན་ཏུ་གཞོན་ནུ་ལྷ་མིས་བསྟོད་ཅིང་མཆོད་པའི་འོས། ། ཁྱོད་དེང་གཡུལ་ངོ་ཆེན་པོར་རབ་ཏུ་བརླག་འགྱུར་ཏེ། ། དབང་པོས་ལྷ་མིན་ལྟ་བུར་བདུད་ཀྱི་དབང་དུ་འགྱུར། ། ཚངས་པའི་དབྱངས་དང་ཀ་ལ་པིང་ཀའི་སྒྲ་སྐད་ཀྱིས། ། བདེ་བར་གཤེགས་པས་གནོད་ སྦྱིན་སྲིན་ཚོགས་དེ་ལ་སྨྲས། ། མི་མཁས་གང་ཞིག་ནམ་མཁའ་སྐྲག་པར་བྱེད་འདོད་པ། ། དེ་ནི་ཤིང་མཆོག་དྲུང་ནས་ང་འདྲ་སློང་བར་འདོད། ། གང་ཞིག་སྟོང་གསུམ་ཆེན་པོ་བཤིག་ནས་རྡུལ་འགྲང་དང་། ། གང་ཞིག་བ་སྤུ་ཡིས་ནི་རྒྱ་མཚོ་ཆུ་འབྱིན་དང་། ། སྐད་ཅིག་གིས་ནི་རྡོ་རྗེའི་རང་བཞིན་རི་འཐོར་བ། ། དེས་ཀྱང་ཤིང་དྲུང་འདུག་པ་ང་ལ་འཚེ་མི་ནུས། ། བདུད་ཁྲོས་སེམས་ཀྱིས་གཉའ་ཤིང་གང་གིས་བར་ཙམ་འདུག ། ཤུབས་ནས་ཕྱུང་བའི་རལ་གྲི་རྣོན་པོ་ལག་ན་ཐོགས། ། དགེ་སྦྱོང་མྱུར་ལོངས་ང་ཡིས་བསམ་པ་བཞིན་དུ་སོང་། ། འོད་མའི་མྱུ་གུ་སྔོ་ལྟར་དོ་མོད་བཅད་ད་རེ། ། བྱང་ཆུབ་སེམས་དཔས་ སྨྲས་པ། གལ་ཏེ་སྟོང་གསུམ་ས་རྣམས་འདི་དག་ཐམས་ཅད་བདུད་ཀྱིས་རབ་ཏུ་གང་གྱུར་ལ། །
BOཀུན་གྱི་ལག་ན་རི་བོ་ལྷུན་པོ་མཆོག་འདྲ་བ་ཡི་རལ་གྲི་ཐོགས་གྱུར་ཀྱང་། ། དེ་དག་ང་ཡི་བ་སྤུ་བསྐྱོད་པར་མི་ནུས་ང་ལ་གནོད་བྱེད་སྨོས་ཅི་དགོས། ། སུན་འབྱིན་མ་{རིངས་,རིང་}ཤིག་དང་དེའུ་རེ་བཏགས་ཏེ་ང་ཡིས་བརྟན་པོར་དྲན་པར་བྱ། ། རྔ་ མོ་བ་ལང་གླང་ཆེན་མགོ་དང་འཇིགས་མིག་དང་། ། མྱུར་གདུག་སྦྲུལ་དང་མིག་གདུག་མི་བཟད་འདྲ་བ་དག ། མེ་འབར་ཁ་དོག་རྩེ་མོར་བཅས་པའི་རི་འཕེན་ཅིང་། ། རྩ་བར་བཅས་པའི་ཤིང་དང་ཟངས་དང་ལྕགས་རྣམས་འཕེན། ། སྤྲིན་ལྟར་ལངས་ཏེ་ཕྱོགས་བཞི་དག་ཏུ་སྒྲ་སྒྲོག་ཅིང་། ། རྡོ་རྗེའི་ལྕེ་དང་ལྕགས་ ཀྱི་ཐུ་ལུམ་ཆར་པ་འབེབས། ། རལ་གྲི་མདུང་ཐུང་རྣོ་དང་དགྲ་སྟ་དུག་ཅན་འབེབས། ། ས་ནི་རྟོལ་བར་བྱེད་ཅིང་ཤིང་དག་རབ་ཏུ་འཇོམས། ། ཁ་ཅིག་ལག་པ་བརྒྱ་དག་གིས་ནི་མདའ་བརྒྱ་འཕེན། ། ཁ་ནས་མྱུར་དུ་གདུག་པའི་སྦྲུལ་དང་མེ་ཡང་འཐོར། ། ཆུ་སྐྱེས་ཆུ་སྲིན་ལ་སོགས་པ་དག་མཚོ་ནས་ལེན། ། ཁ་ ཅིག་ནམ་མཁའ་ལྡིང་དུ་བསྒྱུར་ནས་ཀླུ་ཡང་འཕེན། ། ཁ་ཅིག་ཁྲོས་ནས་ལྕགས་ཀྱི་ཐུ་ལུམ་རི་རབ་ཙམ། ། མེ་འབར་ཁ་དོག་རྩེ་མོར་བཅས་པ་རྣམས་ཀྱང་འཕེན། ། ས་ལ་ལྷགས་ནས་ས་ནི་རབ་ཏུ་འཁྲུགས་པར་བྱེད། །
BOའོག་གི་ཆུ་ཡི་ཕུང་པོའི་ཆུ་ཡང་རྣམ་པར་འཁྲུག ། ཁ་ཅིག་དེ་ཡི་མདུན་དང་དེ་བཞིན་རྒྱབ་ཏུ་ མཆོང་། ། ཀྱེ་མ་བུ་ཞེས་གཡས་དང་དེ་བཞིན་གཡོན་དུ་མཆོང་། ། རྐང་པ་ལག་པ་ལོག་པར་འདུག་ཅིང་མགོ་འབར་ལ། ། གློག་ལྟར་རབ་ཏུ་འབར་བར་མིག་ནས་མངོན་དུ་འབྱིན། ། བདུད་ཀྱི་དཔུང་ནི་བསྒྱུར་བ་མི་སྡུག་བྱས་མཐོང་ནས། ། སེམས་ཅན་དག་པ་སྒྱུ་མ་བྱས་པ་ཇི་བཞིན་རྟོག ། འདི་ལ་བདུད་མེད་ སྟོབས་མེད་འགྲོ་མེད་བདག་ཀྱང་མེད། ། ཆུ་ཟླའི་ཚུལ་འདྲ་བ་ཡི་འཇིག་རྟེན་གསུམ་པོ་འཁོར། ། མིག་དང་སྐྱེས་པ་བུད་མེད་མེད་ཅིང་བདག་གི་མེད། ། རྣ་བ་སྣ་དང་དེ་བཞིན་ལྕེ་དང་དེ་བཞིན་ལུས། ། ཆོས་འདི་བྱེད་པ་པོ་དང་ཚོར་བ་པོ་དང་བྲལ། ། བརྟེན་ནས་སྐྱེས་ཏེ་ནང་ཡང་སྟོང་ཞིང་ཕྱི་ཡང་སྟོང་། ། བདེན་ ཚིག་གང་གིས་འདིར་ཆོས་ཤིན་ཏུ་སྟོང་ཞེ་ན། ། འདུལ་འཐུན་གནོད་སྦྱིན་དེས་པ་གང་ཡིན་དེ་དག་གིས། ། ལག་པའི་མཚོན་ཆ་མེ་ཏོག་ཕྲེང་བར་མཐོང་གྱུར་ཅེས། ། རྟག་ཏུ་བདེན་སྨྲས་དེ་ཡིས་བདེན་པའི་ཚིག་བྱས་ཏེ། ། དེ་ཡིས་ལག་མཐིལ་གཡོན་པ་དྲ་བ་མཆོག་སྤྲས་པ། ། སེན་མོ་ཟངས་མདོག་རབ་མཛེས་རྩིབས་སྟོང་འཁོར་ལོ་ ཅན། །
BOའཛམ་ཀླུང་གསེར་འབར་དང་འདྲ་བསོད་ནམས་དགེས་བསྟེན་པས། ། ཚུལ་དུ་ཤིས་པར་མགོ་ནས་རྐང་པའི་བར་དུ་བྱུགས། ། མཁའ་ལས་གློག་འདྲ་བར་ནི་ལག་པ་བརྐྱང་བྱས་ནས། ། ཚིག་ཏུ་སྨྲས་པས་འདི་ང་ཡི་དཔང་ཡིན་ཏེ། ། ངས་ནི་སྔོན་ཆད་མཆོད་སྦྱིན་ཁྲག་ཁྲིག་སྣ་ཚོགས་བྱས། ། སློང་ལ་མི་སྦྱིན་སྙམ་སྟེ་དོན་མེད་ གཞར་མ་བྱིན། ། ཆུ་དང་མེ་དང་རླུང་ནི་ང་ཡི་དབང་ཡིན་ཏེ། ། ཚངས་པ་སྐྱེ་དགུ་བདག་དང་སྐར་བཅས་ཉི་ཟླ་དང་། ། གང་དག་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་དང་། ། བདག་ཁྲིམས་བརྟུལ་ཞུགས་བྱང་ཆུབ་ཡན་ལག་འཕགས་པ་དཔང་། ། སྦྱིན་དང་ཚུལ་ཁྲིམས་དེ་བཞིན་བཟོད་པ་ང་ཡི་དཔང་། ། བརྩོན་འགྲུས་དེ་ བཞིན་བསམ་གཏན་དེ་ལྟར་ཤེས་རབ་དང་། ། ཚད་མེད་བཞི་དང་དེ་བཞིན་མངོན་ཤེས་ང་ཡི་དཔང་། ། རིམ་གྱིས་བྱང་ཆུབ་སྤྱོད་པ་ཐམས་ཅད་ང་ཡི་དཔང་། ། ཕྱོགས་བཅུའི་འཇིག་རྟེན་སེམས་ཅན་མཐའ་དག་ཇི་སྙེད་པ། ། དེ་དག་རྣམས་ཀྱི་བསོད་ནམས་ཚུལ་ཁྲིམས་ཡེ་ཤེས་དང་། ། གཏན་པ་མེད་པའི་མཆོད་སྦྱིན་བྱས་པ་བསྡོམས་ ཀྱང་ནི། ། དེ་དག་ང་ཡི་བ་སྤུའི་བརྒྱ་ཡི་ཆར་མི་ཕོད། ། དེ་ཡིས་ཚུལ་དུ་ཤིས་པར་ལག་པ་ས་ལ་བརྡབས། །
BOཁར་བའི་སྣོད་ལྟར་ས་འདི་སྒྲ་ཡང་བྱུང་བར་གྱུར། ། བདུད་ཀྱི་སྒྲ་ཐོས་ནས་ནི་ས་ལ་སྒྱེལ་གྱུར་ཏེ། ། ནག་པོའི་རྩ་ལག་རྒྱོབ་ཤིག་ཟུང་ཤིག་སྒྲ་ཡང་ཐོས། ། ལུས་ལས་རྔུལ་བྱུང་གཟི་བརྗིད་ཉམས་ཤིང་བཞིན་མདོག་གྱུར། ། རྒ་བས་བཅོམ་པར་བདུད་དེ་ཉིད་ཀྱིས་མཐོང་བར་གྱུར། ། བྲང་རྡུང་ཆོ་ངེ་འདོན་ཅིང་འཇིགས་ཉེན་མགོན་ཡང་མེད། ། བདུད་ཀྱི་ཡིད་འཁྲུལ་གྱུར་ཅིང་སེམས་ནི་མྱོས་པར་གྱུར། ། གླང་པོ་རྟ་དང་བཞོན་པ་ཤིང་རྟ་ས་ལ་ལྷུང་། ། སྲིན་པོ་གྲུལ་བུམ་དག་དང་ཤ་ཟ་སྔངས་ཤིང་རྒྱུག ། མགོ་རྨོངས་ལམ་མི་རྙེད་ཅིང་གནས་མེད་སྐྱབས་ཀྱང་མེད། ། རླུང་བཏབ་ནགས་མེས་བྱས་ལྟར་བལྟས་ནས་སོང་བར་གྱུར། ། ཕ་མ་བུ་དང་སྲིང་མོ་དེ་བཞིན་ཕུ་ནུ་དག ། གང་ན་མཐོང་ཞིང་གང་དུ་དོང་ཞེས་འདྲི་བར་བྱེད། ། དེ་ཡི་རྐྱེན་གྱིས་དེ་དག་ཕན་ཚུན་འཐབ་ཅིང་རྩོད། ། བདག་ནི་སྡུག་བསྔལ་གྱུར་ཏེ་འཚོ་བའི་སྐབས་ཀྱང་མེད། ། བདུད་དཔུང་རྒྱ་ཆེ་མང་བ་མི་འཁྲུགས་སྙེད་པོ་དེ། ། ཐམས་ ཅད་རྣམ་པར་འཐོར་ཅིང་ཐ་དགུར་གྱེས་གྱུར་ཏེ། ། ཞག་བདུན་འདས་ཀྱི་བར་དུ་ཕན་ཚུན་ཕྲད་མ་གྱུར། ། མཐོང་ནས་སྨྲས་པ་གལ་ཏེ་གསོན་ན་དགའ་ཞེས་འཛེར། །
BOཤིང་གི་ལྷ་མོས་དེ་ཚེ་དེ་ལ་སྙིང་རྗེ་བྱས། ། ཆུ་ཡི་བུམ་པ་ཐོགས་ཏེ་ནག་པོའི་རྩ་ལག་གཏོར། ། མྱུར་དུ་ལོངས་ལ་ཕྱི་ཤོལ་མ་བྱེད་སྐྱེན་དུ་སོང་། ། བླ་མའི་ཚིག་མ་མཉན་ པས་དེ་ལྟར་གྱུར་པ་ཡིན། ། བདུད་ཀྱིས་སྨྲས་པ། བདག་གི་བུ་ཡི་སྙན་ཚིག་ཕན་པ་མ་མཉན་ཏེ། ། སེམས་ཅན་ཤིན་ཏུ་དག་ལ་ཉེས་པ་བྱས་པས་ན། ། སྡུག་བསྔལ་འཇིགས་ཕོངས་མྱ་ངན་བརླག་དང་བརྙས་པ་དང་། ། ཅིར་མི་རུང་བའི་སྒྲ་དང་དམན་ཉིད་བདག་གིས་ཐོབ། ། ལྷ་མོས་སྨྲས་པ། མི་མཁས་གང་ཞིག་ཉེས་པ་མེད་ལ་ ཉེས་བྱེད་པ། ། དེ་ནི་ཉེས་དང་སྡུག་བསྔལ་བ་དང་ཕོངས་པ་དང་། ། ཅིར་མི་རུང་ཞེས་བྱ་བའི་སྒྲ་དང་དམན་ཉིད་དང་། ། གསད་དང་བཅིང་དང་ཉེས་པ་དུ་མ་རྙེད་པར་འགྱུར། ། ལྷ་དང་ལྷ་མིན་མཁའ་ལྡིང་མི་ཅི་སྲིན་པོའི་དབང་། ། ཚངས་པ་བརྒྱ་བྱིན་གཞན་འཕྲུལ་འོག་མིན་བཅས་པ་དག ། འདི་ལྟར་ཁྱོད་ཀྱིས་འདི་འདྲའི་བདུད་ཀྱི་ དཔུང་བཅོམ་པས། ། འཇིག་རྟེན་དཔའ་བོ་རྒྱལ་ཞེས་དེ་ཡིས་རྒྱལ་བ་བརྗོད། རྒྱན་ཕྲེང་ཆུན་པོ་ཟླ་བ་གདུགས་དང་རྒྱལ་མཚན་བ་དན་འབུལ། ། མེ་ཏོག་ཨ་ག་རུ་དང་རྒྱ་སྤོས་ཙན་དན་ཕྱེ་ཆར་འབེབས། ། སིལ་སྙན་དག་ཀྱང་རབ་ཏུ་དཀྲོལ་བ་བྱེད་ཅིང་ཚིག་བརྗོད་པ། །
BOདཔའ་བོ་དགྲ་ཚོགས་རྒྱལ་རྣམས་ཁྱོད་ལ་དགབ་པ་མཛད་པར་ འགྱུར། ། སྟན་མཆོག་འདིར་ནི་བྱམས་པས་གཡོན་ཅན་བདུད་ཀྱི་ཕྱོགས། ། རྒྱ་ཆེན་ཕམ་མཛད་དཔའ་བོ་དོ་མོད་བྱང་ཆུབ་བརྙེས། ། སྟོབས་བཅུ་མ་འདྲེས་སོ་སོ་ཡང་དག་རིག་པ་དང་། ། སངས་རྒྱས་ཡུལ་རྣམས་ཐམས་ཅད་དོ་མོད་བརྙེས་པར་འགྱུར། ། བདུད་གདུལ་ཆེད་དུ་འདིར་ ནི་གཡུལ་ངོར་རབ་ཏུ་ཞུགས། ། རྫོགས་པའི་བྱང་ཆུབ་སེམས་དཔའི་སྟོབས་རྩལ་སུས་མཐོང་བ། ། བྱེ་བ་སུམ་ཅུ་དྲུག་དང་ཁྲག་ཁྲིག་ཉི་ཤུ་བཞི། ། དེ་དག་སངས་རྒྱས་བྱང་ཆུབ་མཆོག་ཏུ་ཡིད་ཀྱིས་སྨོན། ། བདུད་བཏུལ་བའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་གཅིག་པའོ། ། ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ། དགྲ་བཏུལ་བ། གཡུལ་ངོར་གཡུལ་ལས་རྣམ་པར་རྒྱལ་བ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་ དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། ། དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ།
BOསེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་ མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། ། དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྙོམས་པར་ཞུགས་པའི་སེམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ནམ་གྱི་ཆ་སྟོད་ལ་ལྷའི་མིག་ལས་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱ་བའི་ཕྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དོ། །
BOདེ་ནས་བྱང་ཆུབ་སེམས་དཔའ་ ལྷའི་མིག་ཡོངས་སུ་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བཟང་པོ་དང་། ངན་པ་རྣམས་མཐོང་ངོ་། ། ལས་ཇི་ལྟ་བ་བཞིན་དུ་འགྲོ་བའི་སེམས་ཅན་རྣམས་ཀྱང་རབ་ཏུ་ཤེས་ཏེ། ཀྱེ་མ་སེམས་ཅན་ འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་ པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དག་གོ། ། སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་དག་སྟེ། དེ་དག་ཡང་དག་ པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་བ་དག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །
BOདེ་ལྟར་ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་ བཟང་པོ་དང་། ཁ་དོག་ངན་པ་དང་། བདེ་འགྲོར་སོང་བ་དང་། ངན་འགྲོར་སོང་བ་དང་། ངན་པ་དང་། བཟང་པོ་དག་དང་། ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་རྣམས་མཐོང་ངོ་། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ནམ་གྱི་ཆ་སྟོད་ལ་རིག་པ་མངོན་སུམ་དུ་བྱེད་དོ། ། མུན་པ་སེལ་ ཏོ། ། སྣང་བ་བསྐྱེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྙོམས་པར་ཞུགས་པའི་སེམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ ནམ་གྱི་གུང་ཐུན་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱ་བའི་ཕྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དོ། ། དེ་བདག་དང་སེམས་ཅན་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་དང་། གཉིས་དང་། གསུམ་ དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། སྐྱེ་བ་ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་།
BOསྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བྱེ་བ་དང་། སྐྱེ་བ་བྱེ་བ་ཕྲག་བརྒྱ་དང་། སྐྱེ་བ་བྱེ་བ་ཕྲག་སྟོང་དང་། སྐྱེ་བ་བྱེ་བ་བརྒྱ་སྟོང་ དང་། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། སྐྱེ་བ་བྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་བྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ནས། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་ འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་དག་ཀྱང་རྗེས་སུ་དྲན་ནོ། ། བདག་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་གྱུར་ཏེ། མིང་འདི་ཞེས་བྱ་བར་གྱུར་ཏོ། ། རུས་ནི་འདི་ཞེས་བྱའོ། ། རིགས་ནི་འདི་ཞེས་བྱའོ། ། ཁ་དོག་ནི་འདི་ལྟ་བུའོ། ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ ཟའོ། ། ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ་བོ། ། ཡུན་ནི་འདི་སྲིད་ཅིག་གནས་གནས་སོ། ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ་། ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་སྐྱེས་སོ། ། དེ་ནས་ཤི་འཕོས་ནས་ཀྱང་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་སྐྱེས་སོ། །
BOདེ་ནས་ཤི་འཕོས་ ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པར་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྙོམས་པར་ཞུགས་པའི་སེམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ནམ་ཚོད་ཙམ་ན་སྡུག་བསྔལ་དང་། ཀུན་འབྱུང་བ་ནུབ་པར་བྱ་བ་དང་། ཟག་པ་ཟད་པ་ཤེས་པ་མཐོང་བའི་རིག་ པ་མངོན་དུ་བྱ་བའི་ཕྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དེ། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཇིག་རྟེན་འདི་ནི་འདི་ལྟ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། འཆི་འཕོ་བ་དང་། སྐྱེ་བས་སྡུག་བསྔལ་བར་གྱུར་པ་ཡིན་ན། འོན་ཀྱང་རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་ པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་ལས་འབྱུང་བར་བྱ་བ་མི་ཤེས་ཏེ། ཨེ་མའོ་རྒ་བ་དང་། ན་བ་དང་།
BOའཆི་བ་ལ་སོགས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་ཐམས་ཅད་ཟད་པར་བྱ་བར་ཤེས་ན་ཅི་མ་རུང་སྙམ་ནས། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་རྒ་བ་དང་འཆི་བ་བྱུང་། རྒ་བ་དང་འཆི་བའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྐྱེ་བ་ཡོད་པས་རྒ་ཤི་བྱུང་སྟེ། རྒ་ཤིའི་རྐྱེན་ནི་སྐྱེ་བ་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྐྱེ་བ་བྱུང་། སྐྱེ་བའི་རྐྱེན་ནི་གང་ཡིན་ སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྲིད་པ་ཡོད་པས་སྐྱེ་བ་བྱུང་སྟེ། སྐྱེ་བའི་རྐྱེན་ནི་སྲིད་པ་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྲིད་པ་བྱུང་། སྲིད་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། ལེན་པ་ཡོད་པས་སྲིད་པ་བྱུང་སྟེ། སྲིད་པའི་རྐྱེན་ནི་ལེན་པ་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་ལེན་པ་བྱུང་། ལེན་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྲེད་པ་ཡོད་པས་ལེན་པ་བྱུང་སྟེ། ལེན་པའི་རྐྱེན་ ནི་སྲེད་པ་ཡིན་ནོ་སྙམ་མོ།
BO། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྲེད་པ་བྱུང་། སྲེད་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། ཚོར་བ་ཡོད་པས་སྲེད་པ་བྱུང་སྟེ། སྲེད་པའི་རྐྱེན་ནི་ཚོར་བ་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་ཚོར་བ་བྱུང་། ཚོར་བའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། རེག་པ་ཡོད་པས་ཚོར་བ་བྱུང་སྟེ། ཚོར་བའི་རྐྱེན་ནི་རེག་པ་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ ཡོད་པས་རེག་པ་བྱུང་། རེག་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྐྱེ་མཆེད་དྲུག་ཡོད་པས་རེག་པ་བྱུང་སྟེ། རེག་པའི་རྐྱེན་ནི་སྐྱེ་མཆེད་དྲུག་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྐྱེ་མཆེད་དྲུག་བྱུང་། སྐྱེ་ མཆེད་དྲུག་གི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་སེམས་ཏེ། མིང་དང་གཟུགས་ཡོད་པས་སྐྱེ་མཆེད་དྲུག་བྱུང་སྟེ། སྐྱེ་མཆེད་དྲུག་གི་རྐྱེན་ནི་མིང་དང་གཟུགས་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ།
BOགང་ཡོད་པས་མིང་དང་གཟུགས་བྱུང་། མིང་ དང་གཟུགས་ཀྱི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། རྣམ་པར་ཤེས་པ་ཡོད་པས་མིང་དང་གཟུགས་བྱུང་སྟེ། མིང་དང་གཟུགས་ཀྱི་རྐྱེན་ནི་རྣམ་པར་ཤེས་པ་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་རྣམ་པར་ཤེས་པ་བྱུང་། རྣམ་པར་ཤེས་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། འདུ་བྱེད་ཡོད་པས་རྣམ་པར་ཤེས་པ་བྱུང་སྟེ། རྣམ་པར་ཤེས་པའི་རྐྱེན་ནི་འདུ་བྱེད་ཡིན་ནོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་འདུ་བྱེད་བྱུང་། འདུ་བྱེད་ཀྱི་རྐྱེན་ནི་གང་ཡིན་ སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། མ་རིག་པ་ཡོད་པས་འདུ་བྱེད་བྱུང་སྟེ། འདུ་བྱེད་ཀྱི་རྐྱེན་ནི་མ་རིག་པ་ཡིན་ནོ་སྙམ་མོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་ གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག ། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ།
BOརེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་ སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འབྱུང་བར་འགྱུར་རོ་སྙམ་མོ། ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཀུན་འབྱུང་ཀུན་འབྱུང་ཞེས་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་ པས་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ། ། སྣང་བ་བྱུང་ངོ་། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་རྒ་ཤི་མེད་པར་འགྱུར། གང་འགགས་པས་རྒ་ ཤི་འགག་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྐྱེ་བ་མེད་ན་རྒ་ཤི་མེད་པར་འགྱུར་ཏེ། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་སྐྱེ་བ་མེད་པར་འགྱུར། གང་འགགས་པས་སྐྱེ་བ་འགག་སྙམ་ནས།
BOདེས་ འདི་སྙམ་དུ་བསམས་ཏེ། སྲིད་པ་མེད་ན་སྐྱེ་བ་མེད་པར་འགྱུར་ཏེ། སྲིད་པ་འགགས་པས་སྐྱེ་བ་འགག་གོ་སྙམ་མོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདུ་བྱེད་མེད་པར་འགྱུར། གང་འགགས་པས་འདུ་བྱེད་འགག་སྙམ་པའི་ བར་དུའོ། ། དེས་འདི་སྙམ་དུ་བསམས་ཏེ། མ་རིག་པ་མེད་པས་འདུ་བྱེད་མེད་པར་འགྱུར་ཏེ། མ་རིག་པ་འགགས་པས་འདུ་བྱེད་འགག་གོ། ། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་གོ་ཞེས་བྱ་བ་ནས། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འགག་པར་འགྱུར་རོ་སྙམ་པའི་བར་དུའོ། ། དགེ་སློང་དག་དེ་ལྟར་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་པས་ བྱང་ཆུབ་སེམས་དཔའི་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ། ། སྣང་བ་བྱུང་ངོ་། །
BOདགེ་སློང་དག་ངས་དེའི་ཚེ་འདི་ནི་ཟག་པ་སྡུག་བསྔལ་ལོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདི་ནི་ཟག་པའི་ ཀུན་འབྱུང་བའོ། ། འདི་ནི་ཟག་པ་འགོག་པའོ། ། འདི་ནི་ཟག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདི་ནི་འདོད་པའི་ཟག་པའོ། ། འདི་ནི་སྲེད་པའི་ཟག་པའོ། ། འདི་ནི་མ་རིག་པའི་ཟག་པའོ། ། འདི་ནི་ལྟ་བའི་ཟག་པའོ། ། འདིར་ཟག་པ་མ་ ལུས་པར་འགག་གོ། ། འདིར་ཟག་པ་མ་ལུས་པར་མི་སྣང་བར་འགྱུར་ཞིང་ནུབ་པར་འགྱུར་རོ། ། འདི་ནི་མ་རིག་པའོ། ། འདི་ནི་མ་རིག་པའི་ཀུན་འབྱུང་བའོ། ། འདི་ནི་མ་རིག་པ་འགོག་པའོ། ། འདི་ནི་མ་རིག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདིར་མ་རིག་པ་མ་ལུས་པར་མི་སྣང་བར་འགྱུར་ཏེ་ནུབ་པར་འགྱུར་རོ་ཞེས་བྱ་བར་དེ་བཞིན་དུ་སྦྱར་རོ། ། འདི་དག་ནི་འདུ་བྱེད་རྣམས་སོ། ། འདི་ནི་འདུ་བྱེད་ཀྱི་ཀུན་འབྱུང་བའོ། ། འདི་ནི་འདུ་བྱེད་འགོག་པའོ། ། འདི་ནི་འདུ་བྱེད་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ ཤེས་སོ། ། འདི་ནི་རྣམ་པར་ཤེས་པའོ། ། འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །
BOའདི་ནི་རྣམ་པར་ཤེས་པ་འགོག་པའོ། ། འདི་ནི་རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདི་ནི་མིང་དང་གཟུགས་སོ། ། འདི་ནི་མིང་དང་ གཟུགས་ཀྱི་ཀུན་འབྱུང་བའོ། ། འདི་ནི་མིང་དང་གཟུགས་འགོག་པའོ། ། འདི་ནི་མིང་དང་གཟུགས་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདི་ནི་སྐྱེ་མཆེད་དྲུག་གོ། ། འདི་ནི་སྐྱེ་མཆེད་དྲུག་གི་ཀུན་འབྱུང་བའོ། ། འདི་ནི་སྐྱེ་མཆེད་དྲུག་འགོག་པའོ། ། འདི་ནི་སྐྱེ་མཆེད་ དྲུག་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདི་ནི་རེག་པའོ། ། འདི་ནི་རེག་པའི་ཀུན་འབྱུང་བའོ། ། འདི་ནི་རེག་པ་འགོག་པའོ། ། འདི་ནི་རེག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདི་ནི་ཚོར་བའོ། ། འདི་ནི་ཚོར་ བའི་ཀུན་འབྱུང་བའོ། ། འདི་ནི་ཚོར་བ་འགོག་པའོ། ། འདི་ནི་ཚོར་བ་འགོག་པར་འགྲོ་བའི་ལམ་མོ། ། འདི་ནི་སྲེད་པའོ། ། འདི་ནི་སྲེད་པའི་ཀུན་འབྱུང་བའོ། ། འདི་ནི་སྲེད་པ་འགོག་པའོ། ། འདི་ནི་སྲེད་པ་འགོག་པར་འགྲོ་བའི་ལམ་མོ། ། འདི་ནི་ལེན་པའོ། །
BOའདི་ནི་ལེན་པའི་ཀུན་འབྱུང་བའོ། ། འདི་ནི་ལེན་པ་འགོག་པའོ། ། འདི་ནི་ལེན་པ་འགོག་པར་འགྲོ་བའི་ལམ་མོ། ། འདི་ནི་སྲིད་པའོ། ། འདི་ནི་སྲིད་པའི་ཀུན་འབྱུང་བའོ། ། འདི་ནི་སྲིད་པ་འགོག་པའོ། ། འདི་ནི་སྲིད་པ་འགོག་པར་འགྲོ་བའི་ལམ་མོ། ། འདི་ནི་སྐྱེ་བའོ། ། འདི་ནི་སྐྱེ་བའི་ཀུན་འབྱུང་བའོ། ། འདི་ནི་སྐྱེ་བ་འགོག་པའོ། ། འདི་ནི་སྐྱེ་བ་འགོག་པར་འགྲོ་བའི་ལམ་མོ། ། འདི་ནི་རྒ་བའོ། ། འདི་ནི་རྒ་བའི་ཀུན་འབྱུང་བའོ། ། འདི་ནི་རྒ་བ་འགོག་པའོ། ། འདི་ནི་རྒ་བ་འགོག་པར་འགྲོ་བའི་ལམ་མོ། ། འདི་ནི་འཆི་བའོ། ། འདི་ནི་འཆི་བའི་ཀུན་འབྱུང་བའོ། ། འདི་ནི་འཆི་བ་འགོག་པའོ། ། འདི་ནི་འཆི་བ་འགོག་པར་ འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདི་དག་ནི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འབྱུང་བར་འགྱུར་བ་ནས། འགོག་པར་འགྱུར་ རོ་ཞེས་བྱ་བའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། འདི་ནི་སྡུག་བསྔལ་ལོ། ། འདི་ནི་སྡུག་བསྔལ་གྱི་ཀུན་འབྱུང་བའོ། །
BOའདི་ནི་སྡུག་བསྔལ་འགོག་པའོ། ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་ དཔས་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ནམ་ཚོད་ཙམ་ན་སྐྱེས་བུ་དང་། སྐྱེས་བུ་དམ་པ་དང་། སྐྱེས་བུ་མཆོག་དང་། སྐྱེས་བུ་ཆེན་པོ་དང་། སྐྱེས་བུ་ཁྱུ་མཆོག་དང་། སྐྱེས་བུ་གླང་པོ་དང་། སྐྱེས་བུ་སེང་གེ་དང་། སྐྱེས་བུ་སྐྱེས་མཆོག་དང་། སྐྱེས་བུ་དཔའ་བོ་དང་། སྐྱེས་བུ་རྟུལ་ ཕོད་དང་། སྐྱེས་བུ་ཅང་ཤེས་དང་། སྐྱེས་བུ་པད་མ་དང་། སྐྱེས་བུ་པད་མ་དཀར་པོ་དང་། སྐྱེས་བུ་ལྗིད་ཁྱེར་བ་དང་། སྐྱེས་བུ་ཁ་ལོ་སྒྱུར་བ་བླ་ན་མེད་པས་འཕགས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་དང་། ཁོང་དུ་ཆུད་པར་བྱ་བ་དང་། ཐོབ་པར་བྱ་བ་དང་། བལྟ་བར་བྱ་བ་དང་། མངོན་དུ་བྱ་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རིག་པ་གསུམ་ཐོབ་བོ། ། དགེ་སློང་དག་དེ་ནས་ལྷའི་བུ་རྣམས་ཀྱིས་སྨྲས་པ།
BOགྲོགས་པོ་དག་ བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཀྱིས་མེ་ཏོག་གཏོར་ཅིག་ཅེས་བྱས་སོ། ། དེ་ནས་ལྷའི་བུ་གང་དག་སྔོན་གྱི་སངས་རྒྱས་མཐོང་བ་དེ་དག་འདུས་ནས་དེ་དག་གིས་དེ་དག་ལ་སྨྲས་པ། གྲོགས་པོ་དག་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྡ་ མཛད་ཅིང་བརྡ་མངོན་པར་སྤྲུལ་པ་མཛད་ཀྱིས། བཅོམ་ལྡན་འདས་ཀྱིས་བརྡ་མཛད་ཀྱི་བར་དུ་མེ་ཏོག་མ་གཏོར་ཅིག ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ལྷའི་བུ་དེ་དག་ཡིད་གཉིས་སུ་གྱུར་པར་མཁྱེན་ནས། ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། དེར་ བཞུགས་ནས་ལམ་གྱི་རྒྱུན་ནི་ཆད་དོ། ། རྡུལ་ནི་ཉེ་བར་ཞིའོ། ། ཟག་པ་ནི་སྐམས་ཏེ་ཡང་མི་ཟག་གོ། ། ལམ་ནི་ཆད་དེ་ཡང་མི་འཇུག་གོ། ། འདི་ནི་སྡུག་བསྔལ་གྱི་མཐའ་ཞེས་བྱའོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། ། དེ་ནས་ལྷའི་བུ་དེ་དག་གིས་དེ་བཞིན་གཤེགས་པ་ལ་ལྷའི་མེ་ ཏོག་གིས་གཏོར་ཏེ། དེ་ནས་ལྷའི་མེ་ཏོག་པུས་མོ་ནུབ་ཙམ་དུ་བཀྲམ་པར་གྱུར་ཏོ། ། དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མུན་པ་མུན་ནག་དང་ནི་བྲལ། སྲེད་པ་ནི་རྣམ་པར་སྦྱངས། ལྟ་བ་ནི་བཟློག །
BOཉོན་མོངས་པ་རྣམས་ནི་རྣམ་ པར་དཀྲུགས། ཟུག་རྔུ་ནི་ཕྱུང་། མདུད་པ་ནི་བཀྲོལ། ང་རྒྱལ་གྱི་རྒྱལ་མཚན་ནི་བསྙལ། ཆོས་ཀྱི་རྒྱལ་མཚན་ནི་བསྒྲེང་། བག་ལ་ཉལ་རྣམས་ནི་བཏོན། ཆོས་ཀྱི་དེ་བཞིན་ཉིད་ནི་མཁྱེན། ཡང་དག་པའི་མཐའ་ནི་ཐུགས་སུ་ཆུད། ཆོས་ཀྱི་དབྱིངས་ནི་ཡོངས་སུ་མཁྱེན། སེམས་ཅན་གྱི་ ཁམས་ནི་རྣམ་པར་བཀོད། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་བསྔགས། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་སྨད། མ་ངེས་པའི་ཕུང་པོ་ནི་ཡོངས་སུ་བཟུང་། སེམས་ཅན་གྱི་དབང་པོ་རྣམས་ལ་ནི་རྣམ་པར་གཟིགས། སེམས་ཅན་གྱི་སྤྱོད་པ་ནི་ཡོངས་སུ་མཁྱེན། སེམས་ཅན་གྱི་ ནད་གསོ་བ་ནི་ཐུགས་སུ་ཆུད། བདུད་རྩིའི་སྨན་སྦྱར་བ་ནི་གྲུབ། སྨན་པའི་རྒྱལ་པོར་ནི་བྱུང་། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་ཐར་བར་མཛད་པ་པོར་ནི་གྱུར། མྱ་ངན་ལས་འདས་པའི་བདེ་བ་ལ་འཇོག་པ་པོར་ནི་གྱུར། དེ་བཞིན་གཤེགས་པའི་སྙིང་པོ། དེ་བཞིན་གཤེགས་པའི་ཆོས་ཀྱི་ རྒྱལ་པོའི་ཁྲི་ཆེན་པོ་ལ་ནི་བཞུགས། རྣམ་པར་གྲོལ་བའི་ཐབས་ནི་བརྙེས། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ནི་ཞུགས། སངས་རྒྱས་ཐམས་ཅད་དང་ཡང་དག་པར་ནི་འདྲེས།
BOཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པ་ལས་དབྱེར་མེད་པར་ནི་གྱུར་ཏོ། ། དགེ་སློང་དག་དེ་བཞིན་གཤེགས་པ་ངས་ འདིར་ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་མཐར་ཕྱུང་ངོ་ཞེས་ཞག་བདུན་པ་དང་པོ་ལ་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་ན་བཞུགས་སོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་{བཅྭ་,བཅོ་}ལྔ་པ། དགེ་སློང་དག་བྱང་ཆུབ་སེམས་ དཔས་ཐམས་ཅད་མཁྱེན་པ་ཉིད་ཐོབ་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་མཆོག་ཏུ་བདེ་བ་དང་ལྡན་པར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བ་ཆེན་པོས་སྣང་བར་བྱས་ནས། འཇིག་ རྟེན་གྱི་བར་སྡིག་པ་སྡིག་པས་ཁྱབ་པ་མུན་ནག་ཅེས་བྱ་བ་སྔ་མ་བཞིན་ནོ། ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། ། ལྡེག ། རབ་ཏུ་ལྡེག། ། ཀུན་ཏུ་རབ་ཏུ་ལྡེག་གོ ། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། ། འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། ། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ།
BOཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ལེགས་སོ་ ཞེས་བྱ་བ་བྱིན་ཏེ། ཆོས་ཀྱི་དགབ་པ་དག་ཀྱང་སྐུར་རོ། ། ཆོས་ཀྱི་དགབ་པ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་རིན་པོ་ཆེའི་གདུགས་གཅིག་གིས་ཁེབས་པར་གྱུར་ཏེ། རིན་པོ་ཆེའི་གདུགས་དེ་ལས་ཀྱང་རྣམ་པ་འདི་ལྟ་བུའི་འོད་ཟེར་གྱི་དྲ་བ་བྱུང་སྟེ། དེ་དག་གིས་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་སྣང་བར་བྱས་ནས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷའི་བུ་རྣམས་ཀྱང་ཀུན་དགའ་བའི་སྒྲ་རྗོད་པར་གྱུར་ཏེ། སེམས་ཅན་མཁས་པའི་པད་མ་ཡེ་ཤེས་ཀྱི་མཚོ་ལས་བྱུང་བ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མ་གོས་པ་བྱུང་ངོ་། ། ཐུགས་རྗེ་ཆེན་པོའི་སྤྲིན་ཡང་དག་པར་འཕགས་ཏེ། ཆོས་ཀྱི་དབྱིངས་ཀྱི་གནས་ཁྱབ་པར་མཛད་ནས། འདུལ་བའི་སྐྱེ་བོའི་སྨན་གྱི་ཆོས་ཀྱི་ཆར། དགེ་བའི་རྩ་བའི་ས་བོན་ཐམས་ཅད་ཀྱི་མྱུ་གུ་སྐྱེད་པ། དད་པའི་མྱུ་གུ་རྣམས་རྣམ་པར་འཕེལ་བར་བྱེད་པ།
BOརྣམ་པར་གྲོལ་བའི་འབྲས་བུ་རྣམས་འབྱིན་ པར་བྱེད་པའི་ཆར་འབེབས་པར་འགྱུར་རོ་ཞེས་འཛེར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སྐྱེས་བུ་སེང་གེ་དེ་ཡིས་དཔུང་བཅས་བདུད་བཏུལ་ཏེ། ། སྟོན་པས་བསམ་གཏན་བདེ་བ་མངོན་དུ་མཛད་ནས་ནི། ། གང་ཚེ་སྟོབས་བཅུས་རིག་པ་གསུམ་པོ་མཉེས་གྱུར་ཚེ། ། ཕྱོགས་བཅུའི་སངས་རྒྱས་ཞིང་མང་བྱེ་བ་ གཡོས་པར་གྱུར། ། ཆོས་འདོད་བྱང་ཆུབ་སེམས་དཔའ་གང་དག་ཡོངས་ལྷགས་པ། ། ཞབས་ལ་གཏུགས་ཏེ་འདི་སྐད་ཚིག་སྨྲས་མ་མཉེལ་ཏམ། ། བདག་ཅག་མངོན་སུམ་ཅི་འདྲ་ཤིན་ཏུ་འཇིགས་དཔུང་དེ། ། ཤེས་རབ་བསོད་ནམས་སྟོབས་དང་བརྩོན་འགྲུས་སྟོབས་ཀྱིས་བཅོམ། ། ཁྲག་ཁྲིག་ཞིང་ ནས་སངས་རྒྱས་རྣམས་ཀྱིས་གདུགས་རྣམས་བསྐུར། ། དེས་པ་སྐྱེས་བུ་ཆེན་པོ་བདུད་ཀྱི་སྡེ་རྣམས་བཏུལ། ། ཁྱེད་ཀྱིས་གནས་མཆོག་འཆི་མེད་མྱ་ངན་མེད་པ་བརྙེས། ། སྲིད་པ་གསུམ་དུ་དམ་ཆོས་ཆར་པ་མྱུར་དུ་ཕོབ། ། ཕྱོགས་བཅུའི་སེམས་ཅན་སྙིང་པོ་རྣམས་ཀྱིས་ཕྱག་བརྐྱང་སྟེ། ། ཀ་ལ་ པིང་ཀའི་སྒྲ་ཡི་གསུང་དུ་བརྗོད་པ་ནི། ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། ། དཔེར་ན་མར་དང་མར་གྱི་སྙིང་ཁུ་མཚུངས་འདྲ་བཞིན། །
BOདགེ་སློང་དག་དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་མོ་དག་གིས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་མངོན་པར་ཤེས་པ་བརྙེས་པ་ དང་། ། བརྣག་པ་ཡོངས་སུ་རྫོགས་པ་དང་། གཡུལ་ལས་རྣམ་པར་རྒྱལ་བ་དང་། བདུད་ཕྱིར་རྒོལ་བ་ཕམ་པར་མཛད་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་དང་། དཔའ་བ་དང་། རྒྱལ་བ་འཕགས་པ་དང་། སྐྱེས་བུ་དང་། སྐྱེས་བུ་ཆེན་པོ་དང་། སྨན་པའི་མཆོག་དང་། ཟུག་རྔུ་ འབྱིན་པ་ཆེན་པོ་དང་། སེང་གེ་ལྟར་མི་བསྙེངས་ཤིང་སྤུ་ཟིང་ཞེས་བྱེད་པ་མི་མངའ་བ་དང་། གླང་པོ་ལྟར་ཐུགས་ཤིན་ཏུ་དུལ་བ་དང་། དྲི་མ་གསུམ་སྤངས་པས་དྲི་མ་མི་མངའ་བ་དང་། རིག་པ་གསུམ་བརྙེས་པས་མཁྱེན་པ་པོ་དང་། ཆུ་བོ་བཞི་ལས་བརྒལ་བས་ཕ་རོལ་ཏུ་བྱོན་པ་དང་། རིན་པོ་ཆེའི་གདུགས་ གཅིག་འཛིན་པས་རྒྱལ་རིགས་སུ་གྱུར་པ་དང་། སྡིག་པའི་ཆོས་སྤངས་པས་འཇིག་རྟེན་གསུམ་གྱི་བྲམ་ཟེར་གྱུར་པ་དང་། མ་རིག་པའི་སྒོ་ངའི་སྦུབས་བཅོམ་པས་དགེ་སློང་དུ་གྱུར་པ་དང་། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པས་དགེ་སྦྱོང་དུ་གྱུར་པ་དང་། ཉོན་མོངས་པ་བསལ་བས་ གཙང་སྦྲ་ཅན་དུ་གྱུར་པ་དང་། རྒྱལ་མཚན་མ་བསྙལ་བས་དཔའ་བ་དང་།
BOསྟོབས་བཅུ་མངའ་བའི་ཤིན་ཏུ་སྟོབས་དང་ལྡན་པ་དང་། རིན་པོ་ཆེའི་འབྱུང་གནས་ལྟར་ཆོས་རིན་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་རིག་ནས་བྱང་ཆུབ་ཀྱི་སྙིང་པོ་ལོགས་སུ་ཕྱོགས་ཏེ་ཚིགས་སུ་བཅད་པ་འདི་དག་གིས་ མངོན་པར་བསྟོད་དོ། ། འདི་ནི་ཤིང་གི་རྒྱལ་དྲུང་དུ། ། བདུད་སྡེ་མངོན་དུ་ཕམ་མཛད་ནས། ། རི་རབ་ལྟ་བུར་མི་གཡོ་བཞུགས། ། བསྙེངས་པ་མི་མངའ་འབྲོས་མི་མཛད། ། འདིས་ནི་བསྐལ་པ་བྱེ་མང་དུ། ། སྦྱིན་དང་དུལ་དང་སྡོམ་པ་ཡིས། ། བྱང་ཆུབ་དམ་པ་ཡང་དག་བསྒྲུབས། ། དེས་ན་འདིར་ནི་ དོ་མོད་མཛེས། ། བྱང་ཆུབ་དམ་པ་ཚོལ་བ་ན། ། འདི་ཡིས་བསྐལ་པ་བྱེ་མང་དུ། ། ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་ཀྱིས། ། བརྒྱ་བྱིན་ཚངས་པ་ཟིལ་དུ་བརླག ། འདི་ཡིས་བསྐལ་པ་བྱེ་མང་དུ། ། བཟོད་པའི་སྟོབས་ཀྱི་གོ་མནབས་ཏེ། ། སྡུག་བསྔལ་རྣམས་ནི་དང་དུ་བླངས། ། དེས་ན་གསེར་མདོག་ འོད་དང་ལྡན། ། འདི་ཡིས་བསྐལ་པ་བྱེ་མང་དུ། ། བརྩོན་འགྲུས་སྟོབས་དང་རྩལ་གྱིས་ནི། ། གཞན་དག་ཕྱིར་བསྙིལ་མཛད་མཛད་དེ། ། དེས་ན་བདུད་ཀྱི་སྡེ་ལས་རྒྱལ། ། འདི་ཡིས་བསྐལ་པ་བྱེ་མང་དུ། ། བསམ་གཏན་མངོན་ཤེས་ཡེ་ཤེས་ཀྱིས། ། ཐུབ་པའི་དབང་པོ་ཡང་དག་མཆོད། །
BOདེས་ན་དོ་མོད་འདི་ལ་ མཆོད། ། འདི་ཡིས་བསྐལ་པ་བྱེ་མང་དུ། ། ཤེས་རབ་དང་ནི་གསན་པ་བསགས། ། སེམས་ཅན་བྱེ་བ་ཕན་ཡང་བཏགས། ། དེས་ན་བྱང་ཆུབ་མྱུར་དུ་བརྙེས། ། འདི་ནི་ཕུང་པོའི་བདུད་ལས་རྒྱལ། ། འཆི་བདག་ཉོན་མོངས་བདུད་ལས་རྒྱལ། ། འདི་ནི་ལྷ་ཡི་བདུད་ལས་རྒྱལ། ། དེས་འདི་མྱ་ངན་མི་འདའོ། ། འདི་ནི་ཤིན་ཏུ་ལྷ་ཡི་ལྷ། ། ལྷ་རྣམས་ཀྱིས་ཀྱང་མཆོད་པའི་ཆ། ། འཇིག་རྟེན་གསུམ་ན་མཆོད་པའི་འོས། ། བསོད་ནམས་དོན་དུ་གཉེར་བའི་ཞིང་། ། འཆི་མེད་འབྲས་བུ་སྦྱིན་མཛད་པ། ། འདི་ནི་སྦྱིན་གནས་དམ་པ་སྟེ། ། འདི་ལ་སྦྱིན་པ་བཏང་ན་དེ། ། བྱང་ཆུབ་དམ་པ་ཐོབ་བར་དུ། ། བར་མ་དོར་ ནི་ཆུད་མི་ཟ། ། འདི་ཡི་མཛོད་སྤུ་མཛེས་པ་ཡིས། ། ཞིང་མང་བྱེ་བ་གསལ་བར་བགྱིད། ། ཉི་ཟླ་དག་ཀྱང་ཟིལ་དུ་རླག ། སེམས་ཅན་རྣམས་ལ་སྣང་བར་གྱུར། ། འདི་ཡི་གཟུགས་ནི་གཟུགས་མཛེས་ཏེ། ། གཟུགས་ཀྱི་དམ་པ་ལེགས་པའི་གཟུགས། ། མཚན་མཆོག་མངའ་ཞིང་ཕན་པ་བཞེད། ། འཇིག་རྟེན་གསུམ་ན་མཆོད་པའི་འོས། ། འདི་སྤྱན་ཤིན་ཏུ་རྣམ་དག་སྟེ། ། ཞིང་རྣམས་དང་ནི་སེམས་ཅན་ཚོགས། ། སེམས་དང་ལྡན་དང་སེམས་མེད་པ། ། མང་པོ་དག་ལ་རང་བྱུང་གཟིགས། །
BOའདི་སྙན་ཤིན་ཏུ་རྣམ་དག་སྟེ། ། ལྷ་ཡི་དག་དང་མི་ཡི་དང་། ། རྒྱལ་བ་རྣམས་ཀྱི་ཆོས་ཀྱི་དང་། ། མཐའ་ཡས་པ་ཡི་སྒྲ་རྣམས་གསན། ། འདི་ཡི་ལྗགས་ནི་ཡངས་པ་སྟེ། ། ཀ་ལ་པིང་ཀ་འཇམ་པའི་དབྱངས། ། འཆི་མེད་རབ་ཏུ་ཞིར་འགྲོ་བའི། ། ཆོས་ནི་འདི་ལས་བདག་ཅག་མཉན། ། བདུད་ཀྱི་སྡེ་རྣམས་གཟིགས་གྱུར་ཀྱང་། ། དེ་ཡི་ཐུགས་ནི་འཁྲུགས་མི་མངའ། ། ལྷ་ཡི་ཚོགས་རྣམས་ གཟིགས་གྱུར་ཀྱང་། ། ཤིན་ཏུ་ཐུགས་གཞུངས་དགྱེས་མི་མངའ། ། འདི་ཡིས་མཚོན་དང་མདའ་རྣམས་ཀྱིས། ། བདུད་ཀྱི་སྡེ་ལས་རྒྱལ་མ་ལགས། ། བདེན་པ་བརྟུལ་ཞུགས་དཀའ་ཐུབ་ཀྱིས། ། སྡང་བའི་གྱད་ལས་འདི་རྒྱལ་ལོ། ། གདན་ལས་མ་བསྐྱོད་བཞིན་དུ་ནི། ། དེ་ཡི་སྐུ་ལ་གནོད་ མ་བྱུང་། ། དེ་ཡི་སྐབས་སུ་བྱམས་མི་མངའ། ། ཞེ་སྡང་གྱུར་པའང་མ་ལགས་སོ། ། གང་དག་ཁྱོད་ལས་ཆོས་ཐོས་ནས། ། སྒྲུབ་པ་བགྱིད་པར་འཚལ་བ་ཡི། ། ལྷ་དང་མི་རྣམས་དེ་དག་ནི། ། རྙེད་པ་ལེགས་པར་རྙེད་པ་ལགས། ། རྒྱལ་བ་བསོད་ནམས་གཟི་མངའ་བ། ། ཁྱོད་ལ་བསྟོད་པའི་བསོད་ནམས་ ཀྱིས། ། མི་ཡི་ཟླ་བ་ཁྱོད་འདྲ་བར། ། ཀུན་ཀྱང་མྱུར་དུ་འགྱུར་བར་ཤོག ། སྐྱེས་བུ་ཁྱུ་མཆོག་འདྲེན་པས་བྱང་ཆུབ་སངས་རྒྱས་ནས། །
BOཁྲག་ཁྲིག་ཞིང་རྣམས་བསྐྱོད་ཅིང་བདུད་ཀྱང་ཕམ་མཛད་དེ། ། ཚངས་པའི་དབྱངས་དང་ཀ་ལ་པིང་ཀའི་སྒྲ་སྐད་ཀྱིས། ། འདྲེན་པས་ཐོག་མར་ཚིགས་སུ་བཅད་པ་འདི་ གསུངས་སོ། ། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ། བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། ། མྱ་ངན་འདས་པ་ཞི་བ་བསིལ་བའི་དངོས་པོ་ཐོབ། ། དེ་བས་བསོད་ནམས་བྱ་བས་ཆོག་པར་ སུ་ཞིག་འཛིན། ། བདུད་རྩི་ཆོས་མཉན་པས་ཀྱང་ཆོག་པར་སུ་ཞིག་འཛིན། ། སྐྱེ་བོ་མེད་པའི་ནགས་གནས་ཆོག་པར་སུ་ཞིག་འཛིན། ། སེམས་ཅན་དོན་བྱ་བས་ཀྱང་ཆོག་པར་སུ་ཞིག་འཛིན། ། བྱང་ཆུབ་སེམས་དཔས་ལག་པ་བརྐྱང་སྟེ་ཚིག་བརྗོད་པ། ། མཆོད་པ་བྱས་ཀྱིས་རང་རང་དག་གི་ཞིང་དུ་དེང་། ། ཀུན་གྱིས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ནས། ། སྣ་ཚོགས་བཀོད་པས་རང་རང་དག་གི་ཞིང་དུ་དོང་། ། དཔུང་རྣམས་ཕན་ཚུན་ཆེན་པོ་བྱུང་བ་དེ་གཟིགས་ནས། ། བདེ་བར་གཤེགས་པ་ཚུལ་དུ་ཤིས་པར་རྣམ་པར་རོལ། ། དཔུང་བཅས་བདུད་ལས་རྒྱལ་ཏེ་བདུད་རྩི་རེག་ཤོག་ཅེས། ། སེམས་ཅན་རྣམས་ཀྱིས་མཚུངས་མེད་སེམས་ཀྱིས་བྱང་ཆུབ་སྨོན། །
BOདགེ་སློང་དག་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་གདན་ལ་བཞུགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས། སྐད་ཅིག་དེ་ལ་སངས་རྒྱས་ཀྱི་རྣམ་པར་རོལ་པ་དཔག་ཏུ་མེད་པ་མཛད་དེ། དེ་དག་ནི་བསྐལ་པར་ཡང་ བསྟན་པར་སླ་བ་མ་ཡིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ས་ནི་ལག་མཐིལ་ལྟ་བུར་མཉམ་པར་གནས་པར་གྱུར། འདབ་མ་བརྒྱ་པ་རྒྱས་པ་འོད་དང་ལྡན་པ་བྱུང་། ལྷ་རྣམས་བརྒྱ་སྟོང་བྱང་ཆུབ་སྙིང་པོར་རབ་ཏུ་འདུད། ། སེང་གེ་སྒྲ་ཡི་མཚན་མ་དང་པོ་འདི་འདིར་མཐོང་། ། སྟོང་གསུམ་ཤིང་བརྒྱ་དག་དང་རི་རྣམས་དུ་མ་ དང་། རི་ཡི་རྒྱལ་པོ་ལྷུན་པོ་བྱང་ཆུབ་སྙིང་པོར་འདུད། ། སྟོབས་བཅུའི་གན་དུ་སོང་སྟེ་བརྒྱ་བྱིན་ཚངས་པ་འདུད། ། འདི་ཡང་མི་ཡི་སེང་གེ་བྱང་ཆུབ་སྙིང་པོར་རོལ། ། སྐུ་ལས་འོད་ཟེར་བརྒྱ་སྟོང་དག་ནི་རབ་བཀྱེ་སྟེ། ། རྒྱལ་བའི་ཞིང་མཆོག་ཁྱབ་ནས་ངན་སོང་གསུམ་པོ་ཞི། ། དེ་ནས་སྐད་ཅིག་ཡུད་ཙམ་ མི་ཁོམ་སྐམས་པར་གྱུར། ། སེམས་ཅན་གང་ལའང་ཐ་བ་རྒྱགས་སྡང་གནོད་པ་མེད། ། འདི་ཡང་མི་ཡི་སེང་གེ་གདན་ལ་བཞུགས་པའི་རོལ། ། ཉི་ཟླ་ནོར་བུ་མེ་དང་གློག་དང་ལྷ་ཡི་འོད། ། འོད་དང་ལྡན་པའི་རླབས་ཀྱིས་ཟིལ་མནན་ལམ་མེ་མིན།
BO། འགྲོ་བ་གང་གིས་ཀྱང་ནི་སྟོན་པའི་གཙུག་མི་མཐོང་། ། འདི་ཡང་མི་ཡི་སེང་གེ་གདན་ལ་བཞུགས་པའི་རོལ། ། ཕྱག་གི་མཐིལ་གྱིས་རེག་ནས་ས་ཡང་རྣམ་དྲུག་གཡོས། ། དེ་ཡི་བདུད་ཀྱི་སྡེ་རྣམས་ཤིང་བལ་བཞིན་དུ་དཀྲུགས། ། བདུད་ནི་མདའ་ཐོགས་ས་ལ་རི་མོ་གང་འདྲི་བ། ། འདི་ཡང་མི་ཡི་སེང་གེ་གདན་ལ་རོལ་པ་ལགས། ། མངོན་པར་ རྫོགས་པར་བྱང་ཆུབ་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཉིས་པའོ། ། ། ། དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་བསྐོར་བ་བྱས་ཏེ། ལྷའི་ཙན་དན་གྱི་ཕྱེ་མའི་ཆར་མངོན་པར་ཕབ་ནས། ཚུལ་དང་འཐུན་པའི་ ཚིགས་སུ་བཅད་པ་འདི་དག་གིས་བསྟོད་དོ། ། འཇིག་རྟེན་གསལ་བར་མཛད་པ་བྱུང་། ། འཇིག་རྟེན་མགོན་པོ་འོད་མཛད་པ། ། འཇིག་རྟེན་ལྡོངས་པར་གྱུར་པ་ལ། ། ཉོན་མོངས་སྤངས་པ་མིག་སྦྱིན་པ། ། ཁྱོད་ནི་གཡུལ་ལས་རྣམ་པར་རྒྱལ། ། བསོད་ནམས་དག་གིས་དགོངས་པ་རྫོགས། ། དཀར་པོའི་ ཆོས་རྣམས་ཀུན་དུ་རྫོགས། ། ཁྱོད་ནི་འགྲོ་བ་ཚིམ་མཛད་འགྱུར། ། སྡིག་པ་མི་མངའ་འདམ་ལས་རྒལ། ། གཽ་ཏ་མ་ནི་ཐང་ལ་བཞུགས། ། སེམས་ཅན་གཞན་དག་རླུང་ཆེན་གྱིས། །
BOཁྱེར་བ་རྣམས་ཀྱང་སྒྲོལ་བར་འགྱུར། ། ཤེས་རབ་ཆེན་པོ་ཁྱོད་འཕགས་ཏེ། ། འཇིག་རྟེན་དག་ན་ཟླ་མ་མཆིས། ། འཇིག་རྟེན་ཆོས་ཀྱིས་ཁྱོད་མི་གོས། ། ཆབ་ན་མཆིས་པའི་པད་མ་བཞིན། ། འཇིག་རྟེན་རིང་ནས་གཉིད་ལོག་འདི། ། མུན་པའི་ཕུང་པོས་གཏིབས་པ་ལ། ། ཁྱོད་ནི་ཤེས་རབ་སྒྲོན་མེ་ཡིས། ། རབ་ཏུ་སད་པར་མཛད་པ་སྤྱོད། ། འཚོ་བའི་འཇིག་རྟེན་རིང་ནས་ནི། ། ཉོན་མོངས་ནད་ཀྱིས་གཟིར་བ་ལ། ། ནད་རྣམས་ཀུན་ལས་ཐར་མཛད་པ། ། སྨན་པའི་རྒྱལ་པོ་ཡང་དག་བྱུང་། ། འཇིག་རྟེན་མགོན་པོ་ཁྱོད་བྱུང་བས། ། མི་ཁོམ་རྣམས་ནི་སྟོངས་པར་འགྱུར། ། ལྷ་རྣམས་དང་ནི་མི་དག་ཀྱང་། ། བདེ་བ་རྣམས་དང་ལྡན་པར་འགྱུར། ། སྐྱེས་བུ་ཁྱུ་མཆོག་དེས་པ་ཁྱོད། ། ལྟ་བར་གང་དག་འདོང་བགྱིད་པ། ། དེ་ དག་བསྐལ་པ་སྟོང་རྣམས་སུ། ། ནམ་ཡང་ངན་འགྲོར་མཆི་མི་འགྱུར། ། གང་དག་ཆོས་ཉན་འགྱུར་བ་རྣམས། ། དེ་དག་མཁས་ཤིང་ནད་མེད་དང་། ། ཟག་དང་ཕུང་པོ་ཟད་པ་དང་། ། འཇིགས་པ་མེད་པ་རྣམས་སུ་འགྱུར། ། ཉོན་མོངས་བཅིངས་པ་བཅད་ནས་ནི། ། ཀུན་ཀྱང་ལེན་པ་མ་མཆིས་པར། ། མྱུར་ དུ་རབ་ཏུ་གྲོལ་འགྱུར་ཏེ། ། དགེ་བ་མཆོག་གི་འབྲས་བུ་འཐོབ། ། དེ་དག་འཇིག་རྟེན་སྦྱིན་གནས་ཏེ། །
BOསྦྱིན་པ་རྣམས་ནི་བླང་བའི་འོས། ། དེ་དག་ཡོན་ཕུལ་མི་ཆུང་སྟེ། ། ཀུན་ཀྱང་མྱ་ངན་འདས་རྒྱུ་ལགས། ། དགེ་སློང་དག་དེ་ལྟར་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་ མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་འོད་གསལ་གྱི་ལྷའི་བུ་རྣམས་ཀྱིས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་ དང་། རྒྱལ་མཚན་དང་། བ་དན་རྣམ་པ་སྣ་ཚོགས་རྣམས་ཀྱིས་ཆོ་ག་བཞིན་དུ་མཆོད་ནས་ལན་གསུམ་བསྐོར་བ་བྱས་ཏེ། ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཐུབ་པ་ཐུགས་ཟབ་གསུང་ནི་ཤིན་ཏུ་སྙན། ། ཐུབ་མཆོག་ཚངས་དབྱངས་གླུ་ལྟར་གསུང་སྙན་མཆོག ། བྱང་ཆུབ་རབ་ མཆོག་ཤིན་ཏུ་དམ་པ་བརྙེས། ། དབྱངས་ཀུན་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། ། ཁྱོད་སྐྱབས་ཁྱོད་གླིང་ཁྱོད་ནི་དཔུང་གཉེན་ཏེ། ། ཁྱོད་ནི་འཇིག་རྟེན་མགོན་པོ་བྱམས་ཐུགས་མཛད། ། ཁྱོད་ནི་སྨན་པའི་དམ་པ་ཟུག་རྔུ་འབྱིན། ། གསོ་བ་ཕན་མཛད་ཁྱོད་ནི་དམ་པ་མཆོག ། མར་མེ་མཛད་པ་གཟིགས་ མ་ཐག་ཏུ་ཁྱོད། །
BOབྱམས་དང་ཐུགས་རྗེའི་སྤྲིན་གྱི་དྲ་བ་བསྒྲུབས། ། མགོན་པོ་བདུད་རྩིའི་རྒྱུན་གྱི་ཆར་ཕོབ་ལ། ། ལྷ་མི་རྣམས་ཀྱི་གདུང་བ་ཞི་བར་མཛོད། ། ཁྱོད་ནི་སྲིད་གསུམ་མི་གོས་པད་མ་འདྲ། ། ཁྱོད་ནི་མི་གཡོ་མི་བསྐྱོད་ལྷུན་པོ་འདྲ། ། ཁྱོད་ནི་ཐུགས་དམ་མི་གཡོ་རྡོ་རྗེ་བཞིན། ། ཡོན་ཏན་མཆོག་ ཀུན་མངའ་སྟེ་ཟླ་བ་འདྲ། ། དགེ་སློང་དག་དེ་ལྟར་འོད་གསལ་བའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་ལྷའི་བུ་རབ་ཚངས་པ་ལ་སོགས་པ་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་དེ་ བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ལ་ནོར་བུ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་སྤྲས་པའི་རིན་པོ་ཆེའི་དྲ་བས་བཀབ་སྟེ་ལན་གསུམ་བསྐོར་བ་བྱས་ནས་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། དགེ་བ་དྲི་མེད་ཤེས་རབ་འོད་དང་གཟི་བརྗིད་ལྡན། ། མཚན་གྱི་དམ་པ་སུམ་ཅུ་རྩ་གཉིས་མཆོག་མངའ་བ། ། དྲན་དང་ལྡན་ཞིང་བློ་གྲོས་ལྡན་པ་ཡེ་ཤེས་མངའ། ། མཉེལ་བ་མི་མངའ་ཁྱོད་ལ་མགོ་བོས་ཕྱག་འཚལ་ལོ། །
BOདྲི་གསུམ་དྲི་མི་མངའ་བ་དྲི་མེད་དྲི་མ་བྲལ། ། འཇིག་རྟེན་གསུམ་དུ་གྲགས་ཤིང་རིག་པ་གསུམ་བརྙེས་པ། ། རྣམ་པར་ཐར་པ་ དམ་པ་གསུམ་གྱི་མིག་སྦྱིན་པ། ། སྤྱན་གསུམ་དྲི་མ་མི་མངའ་ཁྱོད་ལ་ཕྱག་འཚལ་ལོ། ། དུས་ངན་རྙོག་པ་བསལ་ཞིང་རབ་ཏུ་ཞི་ཐུགས་ལྡན། ། ཐུགས་བརྩེ་ཐུགས་རྗེས་འཕགས་པ་འགྲོ་བའི་དོན་མཛད་པ། ། ཐུབ་པ་དགྱེས་པས་འཕགས་པ་ཐུགས་ནི་རབ་ཞི་བ། ། ཁྱོད་ནི་ཡིད་གཉིས་གྲོལ་བར་མཛད་ པ་བཏང་སྙོམས་དགྱེས། ། བརྟུལ་ཞུགས་དཀའ་ཐུབ་འཕགས་པ་འགྲོ་བའི་དོན་མཛད་པ། ། རང་སྤྱོད་རྣམ་པར་དག་ཅིང་སྤྱོད་པའི་ཕ་རོལ་བྱོན། ། བདེན་པ་བཞི་པོ་སྟོན་པ་རྣམ་ཐར་དགྱེས་པ་པོ། ། གྲོལ་བར་གྱུར་ནས་འགྲོ་བ་གཞན་ཡང་གྲོལ་མཛད་པ། སྟོབས་དང་བརྩོན་འགྲུས་ལྡན་པའི་བདུད་པོ་འདིར་ ལྷགས་པ། ། ཤེས་རབ་བརྩོན་འགྲུས་དེ་བཞིན་བྱམས་པས་ཕམ་མཛད་ནས། ། ཁྱོད་ཀྱིས་གོ་འཕང་དམ་པ་འཆི་བ་མེད་པ་བརྙེས། ། གཡོན་ཅན་དཔུང་རྣམས་བཅོམ་པ་ཁྱོད་ལ་ཕྱག་འཚལ་ལོ། ། དགེ་སློང་དག་དེ་ལྟར་ལྷའི་བུ་རབ་ཚངས་པ་ལ་སོགས་པ་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་ པ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ།
BOདེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་བདུད་ཀྱི་བུ་དཀར་པོའི་ཕྱོགས་པ་དེ་དག་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། རིན་པོ་ཆེའི་གདུགས་དང་། བླ་རེ་ཆེན་ པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་མངོན་པར་བཀབ་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཁྱོད་སྟོབས་ཤིན་ཏུ་རྒྱ་ཆེ་བ་དང་བདུད་དཔུང་དྲག་པོ་བདག་ཅག་མངོན་སུམ་སྟེ། ། བདུད་དཔུང་རབ་འཇིགས་ཆེན་པོ་དེ་ཡང་ཁྱོད་ཀྱིས་ སྐད་ཅིག་གཅིག་ལ་ཕམ་པར་མཛད། ། ཁྱོད་ནི་བཞེངས་པར་མ་གྱུར་སྐུ་ཡང་མི་གཡོ་གསུང་ཡང་བརྗོད་པ་མ་མཛད་དེ། ། ཐུབ་པ་དོན་ཀུན་འགྲུབ་པ་འཇིག་རྟེན་གསུམ་གྱིས་མཆོད་པ་ཁྱོད་ལ་བདག་ཕྱག་འཚལ། ། བདུད་ཀྱི་བུ་མོ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་གང་གཱའི་བྱེ་མ་སྙེད། ། དེ་དག་རྣམས་ཀྱིས་བྱང་ ཆུབ་ཤིང་མཆོག་དྲུང་ནས་ཁྱོད་ནི་བསྐྱོད་ཅིང་གཡོ་མ་ནུས། ། མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་གང་གཱའི་བྱེ་མ་སྙེད་མཛད་དེ། ། བྱང་ཆུབ་ཤིང་དྲུང་བཞུགས་པ་དེས་ན་དེ་རིང་ཁྱོད་ནི་རྣམ་པར་མཛེས་པ་ལགས། །
BOབྱང་ཆུབ་སྤྱད་པ་དམ་པ་སྤྱོད་མཛད་ཚེ་ན་ཤིན་ཏུ་སྡུག་པའི་བཙུན་མོ་དང་། ། ཕངས་པའི་སྲས་ དང་བྲན་ཕོ་བྲན་མོ་དེ་བཞིན་སྐྱེད་མོས་ཚལ་དང་གྲོང་ཁྱེར་དང་། ། ཡུལ་འཁོར་གྲོང་རྡལ་དག་དང་རྒྱལ་སྲིད་རྣམས་དང་བཙུན་མོའི་འཁོར་དང་གླང་པོ་དང་། ། དབུ་དང་སྤྱན་དང་ལྗགས་དང་དེ་བཞིན་ཞབས་བཏང་དེས་ན་དེ་རིང་རྣམ་པར་མཛེས། ། ང་ནི་སངས་རྒྱས་འགྱུར་ཏེ་བསམ་གཏན་རྫུ་འཕྲུལ་བློ་ཡི་གོ་བགོས་ ནས། ། སེམས་ཅན་བྱེ་བ་ཁྲག་ཁྲིག་མང་པོ་སྡུག་བསྔལ་རྒྱ་མཚོས་ཁྱེར་བར་གྱུར་པ་རྣམས། ། དམ་ཆོས་གྲུ་ཡིས་ཉིད་ཀྱིས་བསྒྲལ་བར་བྱ་ཞེས་ཁྱོད་ཀྱིས་ལན་མང་གསུང་བརྗོད་པ། ། ཁྱོད་ཀྱིས་སྨོན་ལམ་དེ་ནི་གྲུབ་ལགས་སྲོག་ཆགས་རྣམས་ཀྱང་སྒྲོལ་བར་མཛད་པར་འགྱུར། ། སྨྲ་བའི་ཁྱུ་མཆོག་ འཇིག་རྟེན་མིག་སྦྱིན་མཛད་པ་ཁྱོད་ལ་བསྟོད་པའི་བསོད་ནམས་དེ། ། བདག་ཅག་ཐམས་ཅད་དགའ་མགུ་ཡིད་གྱུར་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་འདེབས། ། སངས་རྒྱས་རྣམས་ཀྱིས་རབ་བསྔགས་བྱང་ཆུབ་དམ་པ་མཚུངས་མེད་ཡང་དག་བསྒྲུབས་ནས་ནི། ། དེ་ལྟར་བདུད་སྡེ་འཁོར་དེ་བཅོམ་ ནས་ཐམས་ཅད་མཁྱེན་ཉིད་འཚང་རྒྱར་འགྱུར་བར་ཤོག །
BOདགེ་སློང་དག་དེ་ལྟར་བདུད་ཀྱི་བུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་ལྷའི་བུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་བརྒྱ་ སྟོང་དུ་མས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར་ནས་དེ་བཞིན་གཤེགས་པ་ལ་འཛམ་བུ་ཀླུང་གི་གསེར་གྱི་པད་མ་དག་གིས་མངོན་པར་གཏོར་ཏེ། སྤྱན་སྔ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། གསུང་ནི་དཔྱས་མ་མཆིས་ཤིང་མ་འཁྲུལ་རྣམ་པར་མ་འཁྲུགས་པ། ། མུན་རྡུལ་ བྲལ་ཞིང་འཆི་མེད་རྟོགས་པར་ཐུགས་སུ་ཆུད་པར་གྱུར། ། ལྷ་ཡུལ་མི་ཡུལ་པ་ཡི་དཔལ་དང་བགྱི་བ་གཞལ་མེད་འོས། ། རབ་ཏུ་འབར་བའི་བློ་གྲོས་ལྡན་ལ་མགོ་བོས་ཕྱག་འཚལ་ལོ། ། དཀའ་བ་མཛད་པ་ཉོན་མོངས་སྤོང་བ་རྡུལ་དང་དྲི་མ་སེལ། ། ཤིན་ཏུ་དགའ་བའི་གསུང་གིས་ལྷ་དང་མི་རྣམས་ དགའ་བར་མཛོད། ། སྐུ་མཆོག་འོད་ཟེར་རྒྱས་པ་དྲི་མ་ཤིན་ཏུ་མི་མངའ་བས། ། ལྷ་དང་མི་ཡི་བདག་པོ་བཞིན་དུ་འགྲོ་བ་འདི་ལས་རྒྱལ། ། ཕ་རོལ་ཚོགས་རྣམས་རབ་ཏུ་འཇོམས་པ་གཞན་གྱི་སྤྱོད་མཁས་པ། ། ལྷ་དང་མི་ཡི་སྲིད་པར་དགའ་བ་གཞན་གྱི་བློ་སེལ་བ། །
BOཤིན་ཏུ་མཁས་པ་བློ་ ལྡན་གཞན་གྱི་སྤྱོད་པ་རྣམ་པར་ཕྱེ། ། སྟོབས་བཅུ་མངའ་བ་གཤེགས་པའི་ལམ་འདིར་རྣམ་པར་རྒྱུ་བ་མཛོད། ། སྲིད་པ་འཛིན་དང་སྡུག་བསྔལ་ལོག་འཛིན་རྒྱ་ཆེན་འདོར་སེལ་ཏེ། ། ལྷ་མི་བློ་གྲོས་འདུལ་བ་ཇི་ལྟ་བཞིན་དུ་འདུལ་བ་མཛོད། ། ཟླ་བ་བཞིན་དུ་མཁའ་ལས་ཕྱོགས་བཞི་དག་ཏུ་རྣམ་རྒྱུ་བ། ། སྲིད་པ་གསུམ་འདིར་རྨད་བྱུང་མིག་དང་དཔུང་གཉེན་གྱུར་པར་ཤོག ། ལྷ་དང་མི་ཡི་སྲིད་པ་དགའ་ཡང་ཡུལ་ལ་འཁྲུལ་མི་མངའ། ། འདོད་པའི་དགའ་དང་བྲལ་ཞིང་དགེ་བའི་དགའ་ལ་དགྱེས་པ་པོ། ། འཁོར་ལ་སྒྲོགས་པ་འཇིག་རྟེན་གསུམ་ན་ཁྱོད་དང་མཚུངས་མ་མཆིས། ། ཁྱོད་འདིར་འགྲོ་བ་ རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་ལགས། ། དགེ་སློང་དག་དེ་ལྟར་ལྷའི་བུ་དབང་སྒྱུར་ལ་སོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་ ལྷའི་བུ་རབ་འཕྲུལ་རབ་འཕྲུལ་གྱི་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ།
BOདེ་བཞིན་གཤེགས་པ་ལ་དར་གྱི་ལྡ་ལྡིས་གཡོགས་ནས་སྤྱན་སྔ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། དྲི་མ་རྣམ་གསུམ་སྤངས་པས་ཁྱོད་ནི་ཆོས་ཀྱི་སྣང་བ་ཡང་དག་འཕགས། ། གཏི་མུག་ དང་ནི་ལྟ་དང་མ་རིག་འཇོམས་པ་མཛེས་དང་དཔལ་གྱིས་རྒྱས། ། ལོག་པའི་ལམ་ལ་དགའ་བའི་སྐྱེ་བོ་འདི་དག་འཆི་མེད་འགོད་མཛད་པ། ། འཇིག་རྟེན་འདིར་བྱུང་མཆོད་རྟེན་ལྷ་ཡུལ་བ་དང་མི་ཡུལ་བས་མཆོད་པ། ། ཁྱོད་ནི་གསོ་བའི་སྨན་པ་མཁས་པ་བདུད་རྩི་བདེ་བ་སྦྱིན་པ་པོ། ། ལྟ་དང་ཉོན་མོངས་པ་ དང་མ་རིག་བསགས་པ་སྔོན་གྱི་བག་ལ་ཉལ། ། ལུས་ཅན་རྣམས་ཀྱི་ནད་ཀུན་སྔོན་གྱི་རྒྱལ་བའི་ལམ་གྱིས་སེལ་བ་སྟེ། ། དེ་བས་སྨན་པ་དམ་པ་འདྲེན་པ་ཁྱོད་ནི་ས་ལ་རྣམ་པར་རྒྱུ། ། ཉི་ཟླའི་འོད་དང་སྐར་མ་རྣམས་དང་མེ་དང་དེ་བཞིན་ནོར་བུ་དང་། ། བརྒྱ་བྱིན་ཚངས་པའི་འོད་རྣམས་དཔལ་སྡུག་སྤྱན་སྔར་ ལམ་མེ་མ་ལགས་ཏེ། ། ཤེས་རབ་སྣང་བ་མཛད་དང་འོད་མཛད་འོད་དང་དཔལ་གྱིས་རབ་ཏུ་རྒྱས། ། ཁྱོད་ཀྱི་ཡེ་ཤེས་རྨད་བྱུང་མངོན་སུམ་གྱུར་པས་མགོ་བོས་ཕྱག་འཚལ་ལོ། ། རྣམ་པར་འདྲེན་པ་སྙན་པའི་གསུང་ལྡན་བདེན་དང་བདེན་མིན་གསུང་བ་དང་། །
BOདུལ་བ་ཐུགས་ཞི་དབང་པོ་ཐུལ་བ་རབ་ཏུ་ ཞི་བའི་ཐུགས་ལྡན་པ། ། སྟོན་པ་ལྷ་དང་མི་ཡི་འཁོར་ལ་བསྟན་པར་བགྱི་བ་སྟོན་མཛད་པ། ། ཤཱཀྱ་ཐུབ་པ་མི་ཡི་ཁྱུ་མཆོག་ལྷ་མིས་མཆོད་ལ་ཕྱག་འཚལ་ལོ། ། ཡེ་ཤེས་མངའ་བ་ཡེ་ཤེས་བཀའ་མཆིད་མཆོག་ཅན་སྲིད་གསུམ་གོ་མཛད་པ། ། དྲི་མ་གསུམ་བསལ་རིག་པ་གསུམ་དང་རྣམ་ པར་ཐར་གསུམ་སྟོན་པ་པོ། ། ཐུབ་པ་བློ་གྲོས་ཇི་ལྟར་གདུལ་བ་སྐལ་དང་སྐལ་མེད་རབ་མཁྱེན་པ། ། སྟོང་གསུམ་རྨད་དུ་བྱུང་བ་ལྷ་མིས་མཆོད་པ་ཁྱོད་ལ་ཕྱག་འཚལ་ལོ། ། དགེ་སློང་དག་དེ་ལྟར་ལྷའི་བུ་རབ་འཕྲུལ་འཁོར་དང་བཅས་པས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་ལྷའི་བུ་ཡོངས་སུ་དགའ་ལྡན་དགའ་ལྡན་རིས་ཀྱི་ལྷའི་བུ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་གོས་ཀྱི་དྲ་བ་ཆེན་པོས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་ མངོན་པར་བཀབ་སྟེ། སྤྱན་སྔ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཁྱོད་ནི་དགའ་ལྡན་གནས་ན་བཞུགས་ཚེ་དེར་ནི་ཁྱོད་ཀྱིས་རྒྱ་ཆེན་ཆོས་ཀྱང་བཤད། །
BOཁྱོད་ཀྱིས་བསྟན་པ་དེ་ནི་ད་དུང་ལྷ་ཡི་བུ་རྣམས་ཆོས་སྤྱོད་རྒྱུན་མི་འཆད། ། ཁྱོད་ལ་བལྟ་བས་ངོམས་པར་མི་འགྱུར་ཆོས་མཉན་ པས་ཀྱང་ངོམས་པ་རྙེད་མི་འགྱུར། ། ཡོན་ཏན་རྒྱ་མཚོ་འཇིག་རྟེན་སྒྲོན་མ་ཁྱོད་ལ་མགོ་དང་ཡིད་ཀྱིས་ཕྱག་འཚལ་ལོ། ། ཁྱོད་ནི་དགའ་ལྡན་གནས་ནས་འཕོས་ཏེ་དེ་ཚེ་ཁྱོད་ཀྱིས་མི་ཁོམ་ཐམས་ཅད་སྦྱངས། ། གང་ཚེ་བྱང་ཆུབ་ཤིང་དྲུང་བཞུགས་ཚེ་འགྲོ་བ་ཀུན་གྱི་ཉོན་མོངས་རབ་ཏུ་ཞི། ། གང་གི་ ཆེད་དུ་རྒྱ་ཆེན་བྱང་ཆུབ་བཙལ་བ་བརྙེས་ཏེ་བདུད་ཀྱང་ཕམ་པར་མཛད། ། ཁྱོད་ཀྱི་སྨོན་ལམ་དེ་ནི་རབ་ཏུ་རྫོགས་ཀྱིས་འཁོར་ལོ་རྒྱ་ཆེན་མྱུར་དུ་སྐོར། ། ཆོས་འཚལ་བ་དག་ཆོས་མཉན་བགྱི་ཞེས་ཏེ། ། སྲོག་ཆགས་སྟོང་ཕྲག་མང་པོ་སྡོད་ཅིང་མཆིས། ། འཁོར་ལོ་རྒྱ་ཆེན་མྱུར་དུ་བསྐོར་དུ་གསོལ། ། སྲོག་ཆགས་སྟོང་རྣམས་སྲིད་ལས་བསྒྲལ་དུ་གསོལ། ། དགེ་སློང་དག་དེ་ལྟར་ལྷའི་བུ་ཡོངས་སུ་དགའ་ལྡན་འཁོར་དང་བཅས་པས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འདུག་གོ། །
BOདེ་ནས་ལྷའི་རབ་ འཐབ་བྲལ་ལ་སོགས་པ་འཐབ་བྲལ་གྱི་ལྷ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུགས་པ་སྣ་ཚོགས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མཆོད་དེ། སྤྱན་སྔ་ནས་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་ འདི་དག་གིས་མངོན་པར་བསྟོད་དོ། ། ཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་ཀྱིས། ། ཁྱོད་དང་མཚུངས་པ་མ་མཆིས་ག་ལ་ལྷག ། མོས་དང་རྣམ་པར་གྲོལ་ལ་མཁས་པ་པོ། ། དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ། བྱང་ཆུབ་སྙིང་པོར་ལྷ་ཡིས་གང་བགྱིས་པ། ། བཀོད་པ་ མཛེས་པ་དེ་དག་མཐོང་ལགས་ཏེ། ། ཇི་ལྟར་ཁྱོད་ལ་ལྷ་དང་མིས་མཆོད་པ། ། དེ་ནི་གཞན་གང་ལ་ཡང་འོས་མ་ལགས། ། ཁྱོད་བྱུང་དོན་མ་མཆིས་པ་མ་ལགས་ཏེ། ། གང་གི་དོན་དུ་དཀའ་བ་མང་པོ་སྤྱད། ། ཤིན་ཏུ་གཡོན་ཅན་སྡེ་དང་བཅས་ལས་རྒྱལ། ། ཁྱོད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ བརྙེས། ། ཕྱོགས་བཅུ་དག་ཏུ་སྣང་བ་མཛད་པར་གྱུར། ། ཤེས་རབ་སྒྲོན་མས་འཇིག་རྟེན་གསུམ་པོ་གསལ། ། ཁྱོད་ནི་རབ་རིབ་སེལ་བར་འགྱུར་བ་སྟེ། ། འགྲོ་ལ་བླ་ན་མེད་པའི་མིག་སྦྱིན་པ། ། ཁྱོད་ལ་བསྟོད་པ་བསྐལ་པར་བརྗོད་ཀྱང་ནི། །
BOཁྱོད་ཀྱི་བ་སྤུའི་ཁུང་བུ་མཐའ་མ་མཆིས། ། ཡོན་ཏན་རྒྱ་མཚོ་འཇིག་རྟེན་རྣམ་པར་གྲགས། ། དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ། ། དེ་ལྟར་ལྷའི་བུ་རབ་འཐབ་བྲལ་ལ་སོགས་པ་འཐབ་བྲལ་གྱི་ལྷའི་བུ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ ཞིང་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་རྣམས་དང་ལྷན་ཅིག་ཏུ་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་བཀོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་ནས་ཚིགས་ སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཐུབ་པ་མ་འཁྲུལ་ཁ་ན་མ་ཐོ་མི་མངའ་རྟག་ཏུ་ལེགས་བཞུགས་ལྷུན་པོ་འདྲ། ། ཕྱོགས་བཅུ་དག་ཏུ་ཡེ་ཤེས་འོད་གྲགས་བསོད་ནམས་དག་དང་གཟི་བརྗིད་ལྡན་པ་པོ། ། ཐུབ་པ་ཁྱོད་ཀྱིས་སྔོན་ཆད་སངས་རྒྱས་བརྒྱ་ཕྲག་མཐའ་ཡས་ཡང་དག་ མཆོད་པ་མཛད། ། དེ་ཡི་ཡུལ་དེ་ཡིས་ནི་བྱང་ཆུབ་ཤིང་དྲུང་བདུད་ཀྱི་སྡེ་ལས་རྒྱལ་བར་གྱུར། ། ཚུལ་ཁྲིམས་དང་ནི་ཐོས་དང་ཏིང་འཛིན་ཤེས་རབ་འབྱུང་གནས་ཡེ་ཤེས་རྒྱལ་མཚན་ཏོག །
BOརྒ་ཤི་འཇོམས་པར་མཛད་པ་སྨན་པ་དམ་པ་འཇིག་རྟེན་དག་ལ་མིག་སྦྱིན་པ། ། ཐུབ་པ་དྲི་མ་གསུམ་ དང་ཐ་བ་སྤངས་ཤིང་དབང་པོ་ཞི་ལ་ཐུགས་ཞི་བ། ། ཤཱཀྱ་ཁྱུ་མཆོག་འགྲོ་བ་དག་གི་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་སྐྱབས་སུ་མཆི། ། ཁྱོད་ཀྱིས་བརྩོན་འགྲུས་མཐུ་ཡིས་འཕགས་པའི་བྱང་ཆུབ་སྤྱོད་པ་མཐའ་ཡས་གྱུར་ལགས་ཏེ། ། ཤེས་རབ་སྟོབས་དང་ཐབས་དང་བྱམས་པའི་སྟོབས་དང་བསོད་ནམས་ སྟོབས་རྣམས་དང་། ། སྟོབས་རྣམས་དེ་དག་བཅོམ་ལྡན་འདས་ཁྱོད་བྱང་ཆུབ་བཞུགས་པའི་ཚེ་ན་མཐའ་ཡས་ཏེ། ། སྟོབས་དང་ལྡན་པ་དེ་རིང་བྱང་ཆུབ་སྙིང་པོར་བཞུགས་ནས་སྟོབས་བཅུ་མངའ་བར་གྱུར། ། དཔུང་ཚོགས་མཐའ་ཡས་མཐོང་ནས་དགེ་སྦྱོང་རྒྱལ་པོ་བྱང་ཆུབ་སྙིང་པོར་བཞུགས་པ་ དེ། ། ཉམས་པར་མི་འགྱུར་གྲང་ཞེས་ལྷ་རྣམས་ཐམས་ཅད་རབ་ཏུ་སྔངས་ཤིང་སྐྲག་པར་གྱུར། ། ཁྱོད་ནི་འབྱུང་པོ་རྣམས་ཀྱིས་བསྙེངས་པར་མ་གྱུར་སྐུ་ཡང་གཡོ་བ་མི་མངའ་སྟེ། ། ཁུར་ལྕི་ཕྱག་གིས་བརྡབས་ནས་ཀུན་ཏུ་གཡོས་ཏེ་བདུད་ཀྱི་སྡེ་ལས་རྒྱལ་བར་གྱུར། ། ཇི་ལྟར་སྔ་མ་རྣམས་ ཀྱིས་སེང་གེའི་ཁྲི་ལ་བྱང་ཆུབ་དམ་པ་བརྙེས་གྱུར་པ། །
BOདེ་ལྟར་ཁྱོད་ཀྱིས་རྗེས་སུ་སངས་རྒྱས་མཚུངས་ཤིང་མཉམ་སྟེ་གཞན་དུ་གྱུར་མ་ལགས། ། ཡིད་ཀྱང་མཉམ་ཞིང་སེམས་ཀྱང་མཉམ་སྟེ་ཁྱོད་བདག་ཉིད་ཀྱིས་ཐམས་ཅད་མཁྱེན་ཉིད་བརྙེས། ། དེས་ན་ཁྱོད་ནི་འཇིག་རྟེན་དམ་པ་རང་བྱུང་འགྲོ་ བ་རྣམས་ཀྱི་བསོད་ནམས་ཞིང་། ། དགེ་སློང་དག་དེ་ལྟར་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་རྒྱལ་ པོ་ཆེན་པོ་བཞི་པོ་དག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། མེ་ཏོག་ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། བར་ཤི་ཀ་དང་། དྷ་ནུས་ཀ་རིའི་ཕྲེང་བ་དང་། ཆུན་པོ་ཐོགས་ཏེ། ལྷའི་བུ་ མོ་བརྒྱ་སྟོང་གིས་བསྐོར་ནས་ལྷའི་གླུ་དབྱངས་ལེན་པས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཤིན་ཏུ་གསུང་སྙན་དབྱངས་ནི་ཡིད་དུ་མཆི། ། ཟླ་ལྟར་རབ་ཏུ་ཞི་མཛད་ཐུགས་དང་བ། །
BOའཛུམ་པའི་ཞལ་ ལྡན་ལྗགས་ནི་རབ་ཡངས་པ། ། ཐུབ་མཆོག་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། ། ལྷ་མི་རྣམས་ཀྱི་སྙན་ཅིང་དགར་འགྱུར་བ། ། སྒྲ་སྐད་གང་དག་འཇིག་རྟེན་མཆིས་པ་ཀུན། ། ཁྱོད་ཀྱི་འཇམ་པའི་གསུང་ནི་ཕྱུང་བས་ན། ། མི་ཡི་སྒྲ་སྐད་ཐམས་ཅད་ཟིལ་གྱིས་ནོན། ། འདོད་ ཆགས་ཞེ་སྡང་གཏི་མུག་ཉོན་མོངས་ཞི། ། མི་མིན་དགའ་བ་རྣམ་པར་དག་པ་སྐྱེད། ། རྙོག་པ་མ་མཆིས་སྙིང་གིས་ཆོས་ཐོས་ནས། ། དེ་ཀུན་འཕགས་པའི་རྣམ་པར་གྲོལ་བ་ཐོབ། ། ཁྱོད་ནི་མི་མཁས་རྣམས་ལ་བརྙས་མི་མཛད། ། མཁས་པའི་རྒྱགས་པས་ནམས་ཀྱང་རྒྱགས་མ་གྱུར། ། ཁྱོད་ནི་འགྱིང་བ་མི་མངའ་ཞུམ་མི་མངའ། ། རྒྱ་མཚོའི་དབུས་ནས་རི་མཆོག་འཕགས་པ་བཞིན། ། དེ་འདྲའི་སེམས་ཅན་འཇིག་རྟེན་བྱུང་བས་ན། ། མི་རྣམས་འདིར་ནི་རྙེད་པ་ལེགས་པར་རྙེད། ། པད་མ་དཔལ་ལྟར་ནོར་རྣམས་སྦྱིན་པ་པོ། ། དེ་ལྟར་འཇིག་རྟེན་ཀུན་ལ་མཆོད་ སྦྱིན་མཛད། ། དེ་ལྟར་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །
BOདེ་ནས་བར་སྣང་གི་ ལྷ་རྣམས་དེ་བཞིན་གཤེགས་པའི་དྲུང་དུ་ལྷགས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མཆོད་པའི་ལས་ཀྱི་ཕྱིར་བར་སྣང་ཐམས་ཅད་རིན་པོ་ཆེའི་དྲ་བ་དང་། དྲིལ་བུ་གཡེར་ཀའི་དྲ་བ་དང་། རིན་པོ་ཆེའི་གདུགས་རྣམས་དང་། རིན་པོ་ཆེའི་བ་དན་རྣམས་དང་། རིན་པོ་ཆེ་དང་དར་གྱི་ལྡ་ལྡི་དང་། རིན་པོ་ཆེའི་མེ་ཏོག་རྣ་རྒྱན་དང་། མུ་ཏིག་གི་ཆུན་ཁོར་དང་། མེ་ཏོག་གི་ལྡ་ལྡི་སྣ་ཚོགས་རྣམས་ལུས་ཕྱེད་ཕྱུང་བའི་ལྷ་རྣམས་ཀྱིས་བཟུང་བ་དང་། ཟླ་གམ་རྣམས་ཀྱིས་ལེགས་པར་བརྒྱན་ནས་དེ་བཞིན་གཤེགས་པ་ལ་ཕུལ་ལོ། ། ཕུལ་ནས་ཀྱང་སྤྱན་སྔ་ནས་ཚིགས་སུ་བཅད་པ་འདི་དག་གིས་ མངོན་པར་བསྟོད་དོ། ། ཐུབ་པ་མཁས་ལ་བདག་ཅག་མཆིས་ནས་ནི། ། འགྲོ་བའི་སྤྱོད་ཀུན་ཇི་བཞིན་གསལ་བལྟས་ཤིང་། ། སེམས་ཅན་དག་པ་ཁྱོད་ཀྱི་སྤྱོད་བལྟས་ན། ། དེ་ལྟར་ཁྱོད་ཀྱི་ཐུགས་གཅིག་འཁྲུལ་མ་མཐོང་། ། མཆོད་ཕྱིར་བྱང་ཆུབ་སེམས་དཔའ་གང་ལྷགས་པ། ། མི་ཡི་འདྲེན་པ་དེ་དག་ནམ་མཁའ་ཁྱབ། ། འདི་ལྟར་དེ་དག་ནམ་མཁའི་ལུས་ལགས་པས། ། གཞལ་མེད་ཁང་རྣམས་ལ་ཡང་གནོད་མ་མཆིས། ། བར་སྣང་ནས་ནི་མེ་ཏོག་ཆར་བབ་པ། ། སྟོང་ཆེན་བྱུར་བུར་རབ་ཏུ་གང་གྱུར་པ། །
BOདེ་དག་མ་ལུས་ཁྱོད་ཀྱི་སྐུར་བབ་ཀྱང་། ། འབབ་ཆུ་ རྒྱ་མཚོར་བབ་པ་བཞིན་དུ་གྱུར། ། གདུགས་དང་མེ་ཏོག་རྣ་རྒྱན་མེ་ཏོག་ཕྲེང་། ། མེ་ཏོག་ཙམ་པ་ཀ་ཡི་ལྡ་ལྡི་དང་། ། རྒྱན་ཕྲེང་ཟླ་བ་ཟླ་གམ་རྣམས་ཀྱང་འཐོར། ། ལྷ་ཡིས་གཏོར་ཀྱང་འདྲེས་པར་གྱུར་མ་མཆིས། ། བར་སྣང་ཐམས་ཅད་ལྷ་ཡིས་གང་གྱུར་ཏེ། ། འདི་ལ་སྐྲ་ཙམ་གཞག་ པའི་གནས་མ་མཆིས། ། རྐང་གཉིས་མཆོག་ལ་མཆོད་པ་བགྱིད་ཀྱང་ནི། ། ཁྱོད་ལ་རྒྱགས་པའམ་ངོ་མཚར་འགྱུར་མི་མངའ། ། དེ་ལྟར་བར་སྣང་གི་ལྷ་རྣམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་ འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་ས་བླའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ས་གཞི་ཐམས་ཅད་ལེགས་པར་ཕྱགས་ཏེ་བྱུགས་ནས་སྤོས་ཆུས་ཆག་ཆག་བཏབ་སྟེ། མེ་ཏོག་གིས་ཆལ་བར་བཀང་ནས་རས་བཅོས་བུ་སྣ་ཚོགས་ཀྱི་བླ་རེ་བྲེས་ཏེ་དེ་བཞིན་ གཤེགས་པ་ལ་ཕུལ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། སྟོང་གསུམ་རྡོ་རྗེ་ལྟ་བུར་མི་ཤིགས་གནས་པར་གྱུར། ། ང་འདིར་པགས་པ་ཤ་དང་རུས་པ་རྐང་སྐམས་ཀྱང་། །
BOབྱང་ཆུབ་མ་རེག་ང་ནི་འདི་ནས་མི་ལྡང་ཞེས། ། རྡོ་རྗེའི་གནས་ཀྱིས་དེ་ནི་བྱང་ཆུབ་སྙིང་པོར་ བཞུགས། ། གལ་ཏེ་མི་ཡི་སེང་གེ་ཁྱོད་ཀྱིས་སྟོང་གསུམ་ཀུན། ། བྱིན་གྱིས་མ་བརླབས་ན་ནི་གང་དག་རྐང་མཐིལ་གྱིས། ། བྱེ་བའི་ཞིང་རྣམས་བསྐྱོད་པ་དེ་ལྟར་ཤུགས་ཆེ་བ། ། བྱང་ཆུབ་སེམས་དཔའ་ལྷགས་ཚེ་མ་ལུས་ཞིག་པར་འགྱུར། ། ས་ཕྱོགས་གང་དུ་སེམས་ཅན་དམ་པ་འཆག་པ་ ནི། ། ས་ཡི་ལྷ་ཡིས་རྙེད་པ་རྒྱ་ཆེན་ལེགས་པར་རྙེད། ། འཇིག་རྟེན་རྡུལ་རྣམས་ཇི་སྙེད་ཁྱོད་ཀྱིས་སྣང་བར་མཛད། ། སྟོང་གསུམ་མཆོད་རྟེན་གྱུར་ན་ཁྱོད་སྐུ་སྨོས་ཅི་འཚལ། ། འོག་གི་ཆུ་ཡི་ཕུང་པོ་བརྒྱ་སྟོང་ཇི་སྙེད་དང་། ། ས་ཡི་སྟེང་ན་འགྲོ་བའི་འཚོ་བ་ཇི་སྙེད་པ། ། སྟོང་གསུམ་ས་རྣམས་ ཐམས་ཅད་བདག་ཅག་གཟུང་བར་བགྱི། ། ཁྱོད་ལ་ཀུན་འབུལ་ཇི་ལྟར་བཞེད་བཞིན་སྤྱད་དུ་གསོལ། ། གང་དུ་ཁྱོད་ནི་བཞུགས་སམ་འཆག་གམ་མནལ་བ་དང་། ། གཽ་ཏམ་བདེ་བར་གཤེགས་པའི་སྲས་པོ་ཉན་ཐོས་གང་། ། ཆོས་གཏམ་སྨྲ་དང་གང་ཡང་དེ་དག་མཉན་པ་དང་། ། དགེ་བའི་རྩ་བ་ཐམས་ ཅད་བྱང་ཆུབ་ཕྱིར་བསྔོའོ། །
BOདེ་ལྟར་ས་བླའི་ལྷ་རྣམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། ། མངོན་པར་བསྟོད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་ གསུམ་པའོ། ། ། ། དགེ་སློང་དག་དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ལྷ་རྣམས་ཀྱིས་བསྟོད་ཅིང་སྐྱིལ་མོ་ཀྲུང་མ་བཤིག ། སྤྱན་མི་འཛུམས་པར་ཤིང་གི་རྒྱལ་པོ་ལ་གཟིགས་ཤིང་བསམ་གཏན་དང་དགའ་བའི་ཟས་ཀྱི་ བདེ་བ་མྱོང་བར་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཞག་བདུན་འདས་པར་གྱུར་ཏོ། ། དེ་ནས་ཞག་བདུན་འདས་པ་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་སྤོས་ཆུའི་བུམ་པ་ཁྲི་ཐོགས་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེར་ལྷགས་སོ། ། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་སྤོས་ཆུའི་བུམ་པ་ཁྲི་ ཐོགས་ཏེ། ། དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་ཀྱི་ཤིང་དང་། དེ་བཞིན་གཤེགས་པ་ལ་སྤོས་ཆུས་བཀྲུས་སོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་།
BOལྟོ་འཕྱེ་ཆེན་པོ་བགྲང་བ་ལས་ འདས་པ་དག་གིས་དེ་བཞིན་གཤེགས་པའི་སྐུ་ལ་ཕོག་པའི་སྤོས་ཆུ་དེས་རང་རང་གི་ལུས་ལ་བསྐུས་སོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དོ། ། ལྷའི་བུ་ལ་སོགས་པ་དེ་དག་རང་རང་གི་གནས་སུ་ཕྱིན་ཀྱང་སྤོས་ཆུ་དེ་དང་མ་བྲལ་བར་གྱུར་ཏེ། སྤོས་ གཞན་ལ་འདོད་པ་མི་སྐྱེད་དོ། ། དེ་དག་དེ་བཞིན་གཤེགས་པ་ལ་གུས་པར་ཡིད་ལ་བྱ་བ་ལས་སྐྱེས་པའི་དགའ་བ་དང་། མཆོག་ཏུ་དགའ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དགེ་སློང་དག་དེ་ནས་ལྷའི་བུ་ཀུན་ནས་མེ་ཏོག་ཅེས་བྱ་བ་ འཁོར་དེ་ཉིད་དུ་འདུས་པར་གྱུར་པ་དེས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་ཏེ། ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཏིང་ངེ་འཛིན་གང་དང་ལྡན་པས་དེ་བཞིན་གཤེགས་པ་ལ་དགུང་བདུན་དུ་སྐྱིལ་མོ་ཀྲུང་མ་བཤིག་པར་ བཞུགས་པའི་ཏིང་ངེ་འཛིན་དེའི་མིང་ཅི་ཞེས་བགྱི། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དེས་ལྷའི་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
BOལྷའི་བུ་ཏིང་ངེ་འཛིན་འདིའི་མིང་ནི་དགའ་བའི་ཟས་བཀོད་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་འདི་དང་ལྡན་པས་དེ་བཞིན་གཤེགས་ པ་ཞག་བདུན་དུ་སྐྱིལ་མོ་ཀྲུང་མ་བཤིག་པར་བཞུགས་སོ། ། དགེ་སློང་དག་དེ་ནས་ལྷའི་བུ་ཀུན་ནས་མེ་ཏོག་གིས་དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཞབས་ནི་འཁོར་ལོས་ཁྱབ་པ་པོ། ། པད་འདབ་རྡུལ་མེད་སྟོང་གཟི་ལྡན། ། ལྷ་ཡི་ཅོད་པན་ཞབས་ གཏུགས་པ། ། དཔལ་སྟུག་ཞབས་ལ་ཕྱག་འཚལ་ལོ། ། བདེ་གཤེགས་ཞབས་ལ་ཕྱག་འཚལ་ནས། ། དེ་ཚེ་ལྷ་བུ་དེ་སེམས་དགའ། ། ལྷ་མིན་རབ་ཏུ་ཞི་བྱེད་པ། ། ཡིད་གཉིས་སེལ་བའི་ཚིག་འདི་སྨྲས། ། ཤཱཀྱའི་རིགས་ལ་དགྱེས་སྐྱེད་པ། ། ཆགས་སྡང་གཏི་མུག་མཐར་འབྱིན་ པ། ། ཞུས་པ་རྣམས་ཀྱང་མཐར་འབྱིན་པ། ། ལྷ་མིའི་དོགས་པ་བསལ་དུ་གསོལ། ། དཔག་མེད་ཐམས་ཅད་མཁྱེན་པ་ཉིད། ། སངས་རྒྱས་སྟོབས་བཅུ་ཅི་སླད་དུ། ། རྒྱལ་བ་དོག་སའི་སྙིང་པོར་ནི། ། དགུང་བདུན་སྐྱིལ་མོ་ཀྲུང་མ་བཤིག ། འདབ་བརྒྱ་རྒྱས་པའི་སྤྱན་མངའ་བ། ། ཅི་ཞིག་ གཟིགས་ན་དགུང་བདུན་དུ། ། མི་ཡི་སེང་གེ་རྣམ་དག་སྤྱན། ། སྤྱན་མི་འཛུམས་པར་གཟིགས་པ་མཛད། ། གང་གིས་ཤིང་རྒྱལ་དྲུང་དུ་ནི། །
BOསྐྱིལ་ཀྲུང་མ་བཤིག་དགུང་བདུན་བཞུགས། ། སྨོན་ལམ་འདི་ནི་ཁྱོད་ཀྱི་འམ། ། སྨྲ་བའི་སེང་གེ་ཀུན་གྱི་ལགས། ། ཚེམས་ནི་མཉམ་ཞིང་རྣམ་དག་ པ། ། སྟོབས་བཅུའི་ཞལ་ནི་དྲི་རབ་གདའ། ། མ་ནོར་ལེགས་པར་བཀའ་སྩོལ་ཏེ། ། ལྷ་དང་མི་རྣམས་དགའ་བར་མཛོད། ། ཟླ་འདྲའི་ཞལ་གྱིས་བཀའ་སྩལ་པ། ། ངས་བཤད་ལྷ་ཡི་བུ་ཉོན་ཅིག ། ངས་ནི་དྲིས་པ་དེ་ཡི་ལན། ། ཅུང་ཟད་ཙམ་ཞིག་བཤད་པར་བྱ། ། དཔེར་ན་རྒྱལ་པོ་ ཕྱོགས་གང་དུ། ། གཉེན་གྱི་ཚོགས་ཀྱིས་དབང་བསྐུར་བ། ། ཞག་བདུན་བར་དུ་ས་ཕྱོགས་དེ། ། མི་འདོར་རྒྱལ་པོའི་ཆོས་ཉིད་དོ། ། དེ་བཞིན་སྟོབས་བཅུ་མངའ་བ་ཡང་། ། གང་ཚེ་སྨོན་རྫོགས་དབང་བསྐུར་བ། ། ས་ཡི་སྙིང་པོར་ཞག་བདུན་དུ། ། རྒྱལ་བ་སྐྱིལ་མོ་ཀྲུང་མི་འཇིག ། དཔེར་ ན་དཔའ་བོ་དགྲ་ཚོགས་རྣམས། ། མ་ལུས་ཕམ་བྱས་ལྟ་བ་ལྟར། ། བྱང་ཆུབ་སྙིང་པོར་སངས་རྒྱས་ཀྱང་། ། ཉོན་མོངས་བཅོམ་ནས་གཟིགས་པ་མཛད། ། གཏི་མུག་བྱུང་བའི་འདོད་དང་ཁྲོ། ། དེ་དག་འགྲོ་བའི་དགྲ་འདྲ་སྟེ། ། ཆོམ་པོ་ཆས་ནི་བཟང་འདྲ་བ། ། དེ་དག་མ་ལུས་ངས་འདིར་ བཤིག ། ངས་འདིར་ང་རྒྱལ་རྣམ་དགུ་དང་། ། གནས་མེད་རློམ་སེམས་རབ་ཏུ་བཅོམ། ། ཟག་པ་ཐམས་ཅད་རབ་ཏུ་སྤངས། །
BOང་ཡི་ཡེ་ཤེས་དམ་པ་སྐྱེས། ། ངས་འདིར་སྲེད་པའི་སྲིད་རྒྱུ་དང་། ། མ་རིག་བྱ་མིན་བྱེད་པ་དེ། ། བག་ཉལ་བཅས་རྩ་དྲ་བ་རྣམས། ། ཡེ་ཤེས་ གསལ་བའི་མེ་ཡིས་བསྲེགས། ། ངས་འདིར་ང་དང་ང་ཡི་དང་། ། ཉེས་ཞགས་རིང་འགྲོ་རྩ་ཟུག་པ། ། སྒྲིབ་པའི་མདུད་པ་དམ་པོ་དེ། ། ཡེ་ཤེས་མཚོན་གྱིས་བཅད་པར་གྱུར། ། ངས་འདིར་རིང་ནས་ངའི་ལྡན་པ། ། སླུ་བ་ཐ་མ་རྣམ་འཇིག་པ། ། ལེན་པར་བཅས་པའི་ཕུང་པོ་དེ། ། ཡེ་ ཤེས་ཀྱིས་ནི་ཡོངས་སུ་ཤེས། ། གཉིས་སུ་རྨོངས་པ་ལོག་འཛིན་པ། ། ཐ་མར་དམྱལ་འགྱུར་དེ་དག་རྣམས། ། ངས་འདིར་མ་ལུས་བསལ་བྱས་ཏེ། ། ཕྱིན་ཆད་ནམ་ཡང་སྐྱེར་མི་འགྱུར། ། ངས་འདིར་དགེ་བའི་རྩ་བ་ཡི། ། མེ་ཡིས་སྒྲིབ་པའི་ནགས་ཚལ་བསྲེགས། ། ཕྱིན་ཅི་ལོག་ ནི་རྣམ་བཞི་ཡང་། ། ང་ཡིས་མ་ལུས་ངེས་པར་བསྲེགས། ། འདུ་ཤེས་སྐུད་པས་བརྒྱུས་པ་ཡི། ། རྣམ་རྟོག་ཕྲེང་བ་གནོད་བྱེད་པ། ། ངས་འདིར་བྱང་ཆུབ་ཡན་ལག་གི། ། ཕྲེང་བ་སྣ་ཚོགས་རྣམས་ཀྱིས་བཟློག ། བགྲོད་དཀའ་དྲུག་ཅུ་རྩ་ལྔ་དང་། ། གཏི་མུག་སུམ་ཅུ་དྲི་མ་ཅན། ། སྡིག་པ་ དག་ནི་བཞི་བཅུ་ངས། ། ས་ཡི་སྙིང་པོ་འདིར་བསལ་ཏེ། ། ས་ཡི་སྙིང་པོར་འདུག་ནས་ངས། །
BOསྡོམ་པ་མ་ཡིན་བཅུ་དྲུག་དང་། ། ཁམས་ནི་རྣམ་པ་{བཅྭ་,བཅོ་}བརྒྱད་དང་། ། ཁྱབ་པ་ཉི་ཤུ་རྩ་ལྔ་བསལ། ། ཉོན་མོངས་ཆུ་བོ་ཉི་ཤུ་དང་། ། འགྲོ་བ་འཇིགས་པ་ཉི་ཤུ་བརྒྱད། ། བརྩོན་འགྲུས་མཐུ་དང་བརྟུལ་ བ་ཡིས། ། ང་འདིར་དེ་དག་ཤིན་ཏུ་འདས། ། དེ་བཞིན་སངས་རྒྱས་བསྒྱིངས་སྒྲོག་པ། ། ལྔ་བརྒྱ་ངས་འདིར་ཡང་དག་རྟོགས། ། བརྒྱ་ཕྲག་སྟོང་དུ་ཚང་བ་ཡི། ། ཆོས་རྣམས་ང་ཡིས་ཡང་དག་རྟོགས། ། ངས་འདིར་བག་ཉལ་མ་ལུས་པ། ། དགུ་བཅུ་རྩ་བརྒྱད་རྩར་བཅས་མཐའ། ། ཀུན་ ནས་ལྡང་བའི་ལོ་མ་རྣམས། ། ཡེ་ཤེས་མེ་ཡིས་ངེས་པར་བསྲེགས། ། དོགས་དང་ཡིད་གཉིས་ཀུན་འབྱུང་བ། ། ལྟ་བའི་ཆུ་ཡིས་གང་གྱུར་པ། ། མི་དགེ་ངོགས་ཅན་སྲེད་པའི་ཀླུང་། ། ཤུགས་དྲག་ཡེ་ཤེས་ཉི་མས་བསྐམས། ། ཚུལ་འཆོས་པ་དང་ཁ་གསག་སྤངས། ། སྒྱུ་དང་སེར་སྣ་ཕྲག་དོག་ སྡང་། ། ཉོན་མོངས་དགོན་པ་{དིང་,དེང་}འདིར་བཅད། ། འདུལ་བའི་མེ་ཡིས་རབ་ཏུ་བསྲེགས། ། འདིར་ནི་རྩོད་པའི་རྩ་བ་དེ། ། ངན་འགྲོ་ཉམ་ངར་འདྲེན་བྱེད་པ། ། འཕགས་ལ་སྐུར་པ་འདེབས་པའི་ཚིག ། ཡེ་ཤེས་མཆོག་གི་སྨན་གྱིས་བསྐྱུགས། ། ངས་འདིར་ཡེ་ཤེས་ཡོན་ཏན་དང་། ། ཏིང་འཛིན་ ཐོབ་ནས་ངུ་བ་དང་། །
BOཆོ་ངེ་འདོན་དང་མྱ་ངན་དང་། ། སྨྲེ་བ་མ་ལུས་མཐའ་མར་ཕྱིན། ། ངས་འདིར་བདེན་ཚུལ་ཏིང་ངེ་འཛིན། ། ཐོབ་ནས་ཆུ་བོ་སྦྱོར་བ་དང་། ། མདུད་པ་མྱ་ངན་ཟུག་རྔུ་དང་། ། རྒྱགས་དང་བག་མེད་ཀུན་ལས་རྒྱལ། ། ངས་འདིར་ཉོན་མོངས་གཟིངས་པ་ཡི། ། སྲིད་ པའི་ལྗོན་ཤིང་རྟོག་རྩ་བརྟན། ། དྲན་པའི་སྟ་རེས་མ་ལུས་པར། ། བཅད་ནས་ཡེ་ཤེས་མེ་ཡིས་བསྲེགས། ། ངས་འདིར་ང་སྙམ་ང་རྒྱལ་ཏེ། ། ཁམས་གསུམ་དབང་བྱེད་སྟོབས་ཆེ་བ། ། གཡོན་ཅན་ཡེ་ཤེས་རལ་གྲིས་བཅོམ། ། ལྷ་མིན་དབང་ལ་དབང་པོ་བཞིན། ། དྲ་བ་མ་ ལུས་སུམ་ཅུ་དྲུག ། འཇུག་པ་ས་ཡི་སྙིང་པོ་འདིར། ། ཤེས་རབ་རལ་གྲི་སྟོབས་ལྡན་པས། ། བཅད་ནས་ཡེ་ཤེས་མེ་ཡིས་བསྲེགས། ། ཉོན་མོངས་རྩ་བ་བག་ཉལ་བཅས། ། སྡུག་བསྔལ་མྱ་ངན་འབྱུང་དེ་དག ། ངས་འདིར་ཤེས་རབ་དམ་པ་ཡི། ། ཐོང་ལྕགས་ཀྱིས་ནི་མ་ ལུས་བཏོན། ། རང་བཞིན་གྱིས་དག་སེམས་ཅན་གྱི། ། ཤེས་རབ་མིག་འདིར་ང་ཡིས་སྦྱངས། ། ཡེ་ཤེས་མིག་སྨན་ཆེན་པོ་ཡིས། ། གཏི་མུག་ལིང་ཏོག་རྒྱ་ཆེན་བསལ། ། འབྱུང་ཁམས་བཞི་པོ་རྒྱགས་པ་ཡི། ། ཆུ་སྲིན་གྱིས་དཀྲུགས་སྲེད་ཡངས་པ། ། སྲིད་པའི་རྒྱ་མཚོ་དྲན་པ་ དང་། ། ཞི་གནས་ཉི་མའི་འོད་ཀྱིས་བསྐམས། །
BOངས་འདིར་ཡུལ་གྱི་ཤིང་གི་ཚོགས། ། རྣམ་རྟོག་དུད་འཐུལ་ཆགས་ཆེན་མེ། ། རབ་ཏུ་འབར་བ་རྣམ་ཐར་ཆུ། ། བསིལ་བའི་ཁུ་བས་བསད་པར་གྱུར། ། ངས་འདིར་བག་ལ་ཉལ་བའི་སྤྲིན། ། རོ་མྱང་གློག་འདྲ་རྣམ་རྟོག་འབྲུག ། བརྩོན་འགྲུས་སྟོབས་ཀྱི་རླུང་ཤུགས་ཀྱིས། ། འདས་ཏེ་ཀུན་དུ་གཏོར་བར་གྱུར། ། ངས་འདིར་དྲན་པ་དྲི་མེད་པའི། ། ཏིང་འཛིན་ཐོབ་ནས་སེམས་སྤྱོད་དགྲ། ། སྲིད་པའི་ཁོན་རྒྱུད་མ་ལུས་པར། ། ཤེས་རབ་རལ་གྲིའི་སྟོབས་ཀྱིས་བཅད། ། ངས་འདིར་རྒྱལ་མཚན་མཆོག་འཆང་ བ། ། ཤིང་རྟ་གླང་པོ་རྟས་མཐོ་བ། ། གཟུགས་བསྒྱུར་བདུད་དཔུང་བརྩོན་པའི་སྡེ། ། བྱམས་པ་ཐོབ་ནས་རྣམ་པར་བཅོམ། ། མི་སྡུག་ཏིང་ངེ་འཛིན་ཐོབ་ནས། ། ངས་འདིར་དབང་པོ་དྲུག་གི་རྟ། ། འདོད་པའི་ཡོན་ཏན་ལྔས་རྟས་པ། ། རྟག་ཏུ་རྒྱགས་ཡན་མ་ལུས་ བཏགས། ། སྨོན་མེད་ཏིང་ངེ་འཛིན་ཐོབ་ནས། ། ངས་འདིར་རྗེས་སུ་ཆགས་པ་དང་། ། ཁོང་ཁྲོ་བ་དང་འཐབ་པ་དང་། ། རྩོད་སྤང་མ་ལུས་མཐའ་མར་ཕྱིན། ། སྟོང་པའི་ཏིང་ངེ་འཛིན་ཐོབ་ནས། ། ངས་འདིར་ཕྱི་དང་ནང་དག་གི། ། རློམ་སེམས་ཀུན་དང་རྟོག་པ་དང་། ། རྣམ་པར་རྟོག་པ་ ཡོངས་སུ་ཟད། ། མཚན་མེད་ཏིང་ངེ་འཛིན་ཐོབ་ནས། །
BOལྷ་མི་སྲིད་པའི་རྩེར་ཐུག་པའི། ། བདེ་བ་ཐམས་ཅད་མ་ལུས་པར། ། ང་ཡིས་འདིར་ནི་ཡོངས་སུ་བཏང་། ། ངས་འདིར་རྣམ་ཐར་གསུམ་ཐོབ་ནས། ། ངས་འདིར་ཤེས་རབ་སྟོབས་ཀྱིས་ནི། ། སྲིད་པ་དག་གི་འཆིང་བ་ཀུན། ། མ་ལུས་ཀུན་ལས་གྲོལ་བར་གྱུར། ། ངས་འདིར་རྒྱུ་མཐོང་གྱུར་ནས་ནི། ། རྟག་དང་མི་རྟག་འདུ་ཤེས་དང་། ། བདག་དང་བདག་མེད་བདེ་སྡུག་བསྔལ། ། རྒྱུ་ཡི་འདུ་ཤེས་གསུམ་ལས་རྒྱལ། ། ངས་འདིར་ལས་ཀྱི་རྣམ་པ་དང་། ། སྐྱེ་མཆེད་དྲུག་རྩ་ཀུན་འབྱུང་ལས། ། བྱུང་བ་ཐམས་ཅད་ ཤིང་དབང་དྲུང་། ། མི་རྟག་པ་ཡིས་བསྣུན་ཏེ་བཅད། ། ངས་འདིར་ཡེ་ཤེས་ཉི་མ་ཡིས། ། གཏི་མུག་མུན་པའི་རྙོག་པ་དང་། ། ལྟ་གྱུར་རྒྱགས་དང་ཁྲོས་གང་བ། ། ཡུན་རིང་མུན་པ་བསལ་སྣང་བྱས། ། ངས་འདིར་བརྩོན་འགྲུས་སྟོབས་ཀྱི་གྲུས། ། འདོད་དང་ཆགས་པའི་ཆུ་སྲིན་ཅན། ། ངར་འཛིན་ལྟ་ངན་སྲེད་རླབས་ཆུ། ། འཁོར་བའི་རྒྱ་མཚོ་ཆེ་ལས་རྒལ། ། གང་རྟོགས་ཆགས་དང་གཏི་མུག་དང་། ། སེམས་ཀྱི་རྣམ་པར་རྟོག་བསྲེགས་ཏེ། ། ཕྱེ་ལེབ་ནགས་མེར་ལྷུང་འདྲ་བ། ། ངས་འདིར་དེ་ནི་རྗེས་སུ་རྟོགས། ། ང་འདིར་རིང་ནས་སོང་བ་ཡི། ། བསྐལ་པ་དཔག་ མེད་བྱེ་ཁྲག་ཁྲིག །
BOའཁོར་བའི་ལམ་གྱིས་ཉོན་མོངས་པ། ། གདུང་བ་མེད་ནས་ངལ་ཡང་སོས། ། འཇིག་རྟེན་ཕན་ཕྱིར་རྒ་ཤི་དང་། ། མྱ་ངན་སྡུག་བསྔལ་མཐར་ཕྱིན་པ། ། ཕས་རྒོལ་ཀུན་གྱིས་མ་ཐོབ་པ། ། བདུད་རྩི་དེ་ནི་ངས་འདིར་རྟོགས། ། སྲེད་ལས་བྱུང་བའི་སྐྱེ་མཆེད་ཀྱིས། ། སྡུག་བསྔལ་ཕུང་པོས་སྡུག་བསྔལ་བ། ། ཕྱིས་མི་འབྱུང་བ་འཇིགས་མེད་ཀྱི། ། གྲོང་ཁྱེར་འདིར་ནི་ངས་ཕྱིན་ཏོ། ། ངས་འདིར་ནང་གི་དགྲ་ཆེན་པོ། ། ཁྱབ་པ་དེ་དག་རྗེས་སུ་རྟོགས། ། རྟོགས་ནས་རབ་ཏུ་བསྲེགས་ཏེ་ངས། ། དེ་དག་ཡང་བྱུང་གནས་མེད་བྱས། ། བདུད་རྩིའི་དོན་དུ་བསྐལ་པ་ ནི། ། བྱེ་བ་ཁྲག་ཁྲིག་རང་གི་ཤ། ། མིག་དང་རིན་ཆེན་མང་བཏང་བ། ། དེ་འདིར་ང་ཡིས་རྗེས་སུ་རྟོགས། ། སྔོན་གྱི་རྒྱལ་བ་དཔག་མེད་པས། ། གང་སངས་རྒྱས་དེ་ངས་འདིར་རྟོགས། ། གང་གི་སྙན་པ་ཉམས་དགའ་བ། ། སྒྲ་ནི་འཇིག་རྟེན་རྣམས་སུ་གྲགས། ། རྟེན་ནས་བྱུང་བའི་འགྲོ་བ་སྟོང་། ། སེམས་ཀྱི་སྐད་ཅིག་གཅིག་ལ་འཇིག ། སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་འདྲ། ། དེ་འདིར་ང་ཡིས་རྗེས་སུ་རྟོགས། ། གང་གིས་ལག་པའི་མཐིལ་དུ་ནི། ། ཤིང་ཏོག་བཞག་བཞིན་འཇིག་རྟེན་ཁམས། ། ཐམས་ཅད་མཐོང་བའི་མིག་མཆོག་དེ། །
BOང་ཡིས་འདིར་ནི་དག་པར་བྱས། ། སྔོན་གྱི་ གནས་ནི་ངས་འདིར་དྲན། ། རིག་པ་གསུམ་ཡང་ཐོབ་པར་གྱུར། ། བསྐལ་པ་ཁྲག་ཁྲིག་དཔག་མེད་པ། ། གཉིད་ཀྱིས་ལོག་ལས་སད་བཞིན་དྲན། ། ལྷ་མི་ནོར་ཞིང་འདུ་ཤེས་ལོག ། ཕྱིན་ཅི་ལོག་གྱུར་གང་འབར་བ། ། དེ་ཡང་དེ་བཞིན་མ་ནོར་བར། ། ངས་འདིར་བདུད་རྩིའི་ སྙིང་ཁུ་འཐུངས། ། གང་གི་དོན་དུ་སྟོབས་བཅུ་པོ། ། སེམས་ཅན་ཀུན་ལ་བྱམས་པ་བསྒོམས། ། བྱམས་པའི་སྟོབས་ཀྱིས་རྒྱལ་གྱུར་ནས། ། ངས་འདིར་བདུད་རྩིའི་སྙིང་ཁུ་འཐུངས། ། གང་གི་དོན་དུ་སྟོབས་བཅུ་པོ། ། སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམས། ། སྙིང་རྗེའི་སྟོབས་ ཀྱིས་རྒྱལ་གྱུར་ནས། ། ངས་འདིར་བདུད་རྩིའི་སྙིང་ཁུ་འཐུངས། ། གང་གི་དོན་དུ་སྟོབས་བཅུ་པོ། ། སེམས་ཅན་ཀུན་ལ་དགའ་བ་བསྒོམས། ། དགའ་བའི་སྟོབས་ཀྱིས་རྒྱལ་གྱུར་ནས། ། ངས་འདིར་བདུད་རྩིའི་སྙིང་ཁུ་འཐུངས། ། གང་གི་དོན་དུ་སྟོབས་བཅུ་པོ། ། བསྐལ་པ་ཁྲག་ ཁྲིག་བཏང་སྙོམས་བསྒོམས། ། བཏང་སྙོམས་འདི་ཡི་སྟོབས་ཀྱིས་རྒྱལ། ། ངས་འདིར་བདུད་རྩིའི་སྙིང་ཁུ་འཐུངས། ། སྟོབས་བཅུ་གང་གཱའི་བྱེ་མ་བས། ། རབ་ཏུ་མང་བས་གང་གསོལ་པ། ། སྔོན་རྒྱལ་སེང་གེས་སྔོན་གསོལ་པ། །
BOབདུད་རྩིའི་སྙིང་ཁུ་ངས་འདིར་འཐུངས། ། རྒ་ཤི་མཐའ་ མར་མ་ཕྱིན་པར། ། སྐྱིལ་མོ་ཀྲུང་ནི་མི་གཞིག་ཅེས། ། སྡེར་བཅས་པ་ཡི་བདུད་མདུན་འདིར། ། ང་ཡིས་ཚིག་ནི་གང་སྨྲས་པ། ། ཡེ་ཤེས་རྡོ་རྗེ་བརྟན་འབར་བས། ། ང་ཡིས་མ་རིག་པ་ཡང་བཅོམ། ། སྟོབས་བཅུ་ཉིད་ནི་ཐོབ་པར་གྱུར། ། དེ་ལྟ་བས་ན་སྐྱིལ་ཀྲུང་གཞིག ། ང་ ཡིས་དགྲ་བཅོམ་ཉིད་ཐོབ་སྟེ། ། ང་ཡི་ཟག་པ་མ་ལུས་ཟད། ། བདུད་ཀྱི་སྡེ་ཡང་བཅོམ་པར་གྱུར། ། དེ་ལྟ་བས་ན་སྐྱིལ་ཀྲུང་གཞིག ། སྒྲིབ་པ་ལྔ་ཡི་སྒོ་གླེགས་རྣམས། ། ང་ཡིས་འདིར་ནི་ཐམས་ཅད་བཅག ། སྲིད་པའི་ཁྲི་ཤིང་རྣམས་ཀྱང་བཅད། ། ང་འདིར་སྐྱིལ་མོ་ཀྲུང་གཞིག་གོ། ། དེ་ནས་ མི་ཡི་ཟླ་བ་དེ། ། དལ་གྱིས་གདན་ལས་བཞེངས་ནས་སུ། ། དབང་བསྐུར་ཆེན་པོ་བཞེས་ནས་ནི། ། སེང་གེའི་གདན་ལ་བཞུགས་པར་གྱུར། ། ལྷ་ཚོགས་རྣམས་ཀྱིས་རིན་ཆེན་སྣོད། ། སྟེང་ནས་སྤོས་ཆུ་སྣ་ཚོགས་ཀྱིས། ། སྟོབས་བཅུ་ཡོན་ཏན་མཐར་ཕྱིན་པ། ། འཇིག་རྟེན་རྩ་ལག་སྐུ་ ཡང་བསིལ། ། བྱེ་བ་ཁྲག་ཁྲིག་ལྷ་རྣམས་དག ། ལྷ་མོ་ཁྲག་ཁྲིག་ལྷན་ཅིག་ཏུ། ། ཀུན་ནས་རོལ་མོ་སྟོང་དག་གིས། ། མཆོད་པ་གཞལ་དུ་མེད་པ་བྱེད། ། དེ་ལྟར་ལྷ་ཡི་བུ་དག་ནི། །
BOས་ཡི་སྙིང་པོ་ཞག་བདུན་དུ། ། རྒྱལ་བའི་སྐྱིལ་ཀྲུང་མ་བཤིག་པ། ། རྒྱུར་བཅས་རྐྱེན་བཅས་ གཞི་དང་བཅས། ། དགེ་སློང་དག་དེ་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ངས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ངས་འདིར་ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་ མཐར་ཕྱུང་ངོ་ཞེས་ཞག་བདུན་པ་དང་པོ་ལ་གདན་དེ་ཉིད་ལ་བཞུགས་སོ། ། ཞག་བདུན་པ་གཉིས་པའི་ཚེ་ནི་དེ་བཞིན་གཤེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་རྒྱང་རིང་དུ་འཆགས་པས་འཆག་གོ། ། ཞག་བདུན་པ་གསུམ་པའི་ཚེ་ནི་དེ་བཞིན་གཤེགས་ པ་ངས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་མཐར་ཕྱུང་ངོ་ཞེས་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམས་པར་གཟིགས་སོ། ། ཞག་བདུན་པ་བཞི་པའི་ཚེ་ནི་ དེ་བཞིན་གཤེགས་པ་ཤར་གྱི་རྒྱ་མཚོ་ནས་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བའི་འཆགས་པས་འཆག་གོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
BOབམ་པོ་བཅུ་དྲུག་པ། དེ་ནས་བདུད་སྡིག་ཅན་དེ་བཞིན་གཤེགས་པ་ག་ལ་ བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ད་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་ལགས་ཀྱིས། ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་གསོལ། ། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་ འདའ་བར་གསོལ། ། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྡིག་ཅན་ངའི་དགེ་སློང་གནས་བརྟན་གནས་བརྟན། དུལ་བ། གསལ་བ། བྱང་བ། བག་ཚ་བ་མེད་པ། མང་དུ་ཐོས་པ། ཆོས་ཀྱི་རྗེས་སུ་ འཐུན་པའི་ཆོས་ལ་ཞུགས་པ། བདག་ཉིད་སློབ་དཔོན་དུ་སྒྲོགས་པ་དང་། ཕས་ཀྱི་རྒོལ་བ་བྱུང་བ་རྣམས་ཆོས་དང་འཐུན་པས་ཚར་བཅད་དེ་དད་པར་བྱས་ནས་ཆོ་འཕྲུལ་དང་བཅས་པའི་ཆོས་སྟོན་པར་ནུས་པ་དག་མ་བྱུང་གི་བར་དེ་སྲིད་དུ་ང་ཡོངས་སུ་མྱ་ངན་ལས་མི་འདའོ། ། སྡིག་ཅན་ ངས་འཇིག་རྟེན་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྒྲ་བཞག་པར་མ་གྱུར་པ་དང་།
BOབྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མ་གྱུར་གྱི་བར་དེ་སྲིད་དུ་ང་ཡོངས་སུ་མྱ་ངན་ལས་མི་འདའོ། ། སྡིག་ཅན་ངའི་ འཁོར་བཞི་པོ་དུལ་བ། གསལ་བ། བྱང་བ། བག་ཚ་བ་མེད་པ་ནས་ཆོ་འཕྲུལ་དང་བཅས་པའི་ཆོས་སྟོན་པའི་བར་དུ་ནུས་པ་དག་བྱུང་བ་མ་གྱུར་གྱི་བར་དེ་སྲིད་དུ་ང་ཡོངས་སུ་མྱ་ངན་ལས་མི་འདའོ། ། དེ་ནས་བདུད་སྡིག་ཅན་གྱིས་ཚིག་དེ་སྐད་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཕྱོགས་ གཅིག་ཏུ་སོང་ནས་འདུག་སྟེ་མགོ་སྨད་ནས་མདས་ས་ལ་རི་མོ་འདྲི་ཞིང་བདག་གི་ཡུལ་ལས་འདས་སོ་སྙམ་དུ་སེམས་པར་གྱུར་ཏོ། ། དེ་ནས་བདུད་ཀྱི་བུ་མོ་དགའ་མ་དང་། མི་དགའ་མ་དང་། སྲེད་མ་གསུམ་གྱིས་བདུད་སྡིག་ཅན་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡབ་ཅིག་ཇི་ལྟར་ཐུགས་ མི་དགྱེས། ། མི་གང་ལགས་པ་བཀའ་སྩོལ་དང་། ། འདོད་ཆགས་ཞགས་པས་དེ་བཅིངས་ནས། ། གླང་པོ་བཞིན་དུ་དགུག་པར་བགྱི། ། བཀུག་ནས་དེ་ནི་མྱུར་དུ་ཡང་། ། ཁྱོད་ཀྱི་དབང་དུ་འགྱུར་བར་བགྱི། ། དེ་ལ་ཐུགས་ངན་འོ་བརྒྱལ་འོར། ། དགྱེས་པ་རྒྱ་ཆེན་བརྙེས་པར་ འགྱུར། ། བདུད་ཀྱིས་སྨྲས་པ། འཇིག་རྟེན་དགྲ་བཅོམ་བདེ་བར་གཤེགས། །
BOའདོད་ཆགས་དབང་དུ་དེ་མི་འགྲོ། ། ང་ཡི་ཡུལ་ལས་ཤིན་ཏུ་འདས། ། དེ་བས་ང་ནི་མྱ་ངན་ཆེ། ། དེ་ནས་དེ་དག་གིས་དེ་བཞིན་གཤེགས་པའི་མཐུ་བྱང་ཆུབ་སེམས་དཔའི་མཛད་པ་སྔ་ནས་ཀྱང་ཤེས་མོད་ཀྱི། བུད་མེད་ཀྱིས་མི་བརྟན་པས་ཕའི་ཚིག་མ་མཉན་ཏེ། བུ་ཅིག་བཙས་ཙམ་གྱི་ན་ཚོད་ཀྱིས་དར་ལ་བབ་པར་སྒྱུར་ནས། མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར། དེ་བཞིན་གཤེགས་པའི་གན་དུ་དོང་བ་དང་། དེ་བཞིན་གཤེགས་པས་དེ་དག་ཡིད་ལ་མ་མཛད་པར་དེ་དག་རྒ་བས་འཁོགས་ པར་བྱིན་གྱིས་བརླབས་སོ། ། དེ་ནས་དེ་དག་ཕའི་གན་དུ་སོང་སྟེ། ། འདི་སྐད་ཅེས་སྨྲས་སོ། ། དེ་ནི་ཆགས་པས་མི་བཀྲི་སྟེ། ། ང་ཡི་ཡུལ་ལས་ཤིན་ཏུ་འདས། ། དེ་བས་མྱ་ངན་ང་ཆེ་ཞེས། ། ཡབ་ཀྱིས་བདག་ཅག་གསུངས་པ་མད། ། གཽ་ཏ་མ་ནི་བརླག་པའི་ཕྱིར། ། བདག་ཅག་རྣམས་ཀྱིས་ གང་སྤྲུལ་པ། ། གཟུགས་ལ་གལ་ཏེ་དེ་ལྟ་ན། ། དེ་ཡི་དེ་སྙིང་འགས་པར་འགྱུར། ། ཡབ་བདག་ཅག་གི་ལུས་རྒ་བས་འཁོགས་པ་འདི་མ་མཆིས་པར་མཛད་དུ་གསོལ། ། བདུད་ཀྱིས་སྨྲས་པ། གང་ཞིག་སངས་རྒྱས་བྱིན་གྱིས་བརླབས་ནི་གཞན་དུ་སྒྱུར་བར་བྱེད་ནུས་པ། ། རྒྱུ་དང་མི་རྒྱུ་ དག་གི་འཇིག་རྟེན་དག་ན་མི་དེ་ངས་མ་མཐོང་། །
BOམྱུར་དུ་སོང་སྟེ་ཐུབ་པ་དེ་ལས་རང་བྱས་ཉེས་པ་ཤོགས་ཤིག་དང་། ། དེ་ནི་ཁྱོད་ཀྱིས་བསམ་པ་བཞིན་དུ་སྔོན་གྱི་ལུས་སུ་སྒྱུར་བར་འགྱུར། དེ་ནས་དེ་དག་དོང་སྟེ་བདག་ཅག་གིས་བཅོམ་ལྡན་འདས་ལ་སྐུ་བརྙས་བགྱི་བར་བསམས་པས། བཅོམ་ལྡན་ འདས་ཇི་ལྟར་བྱིས་པ་རྣམས་དང་། ཇི་ལྟར་གླེན་པ་རྣམས་དང་། ཇི་ལྟར་མི་གསལ་བ་མི་མཁས་ཤིང་མ་འཚལ་བ་རྣམས་ལྟར་བདག་ཅག་ནོངས་པ་ཅན་དུ་གཟུང་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་ནོངས་པ་ཅན་དུ་གཟུང་དུ་གསོལ། ཞེས་དེ་བཞིན་གཤེགས་པ་ལ་བཟོད་པར་གསོལ་ ཏོ། ། དེ་ནས་དེ་བཞིན་གཤེགས་པས་དེ་དག་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། ། སེན་མོས་རི་ལ་བྲུ་བ་དང་། ། སོ་ཡིས་ལྕགས་ནི་བཅའ་བ་དང་། ། མགོ་ཡིས་རི་ནི་དབུག་པ་དང་། ། གཏིང་མི་དཔོགས་ལ་དཔོག་པར་འདོད། ། དེ་ལྟ་བས་ན་བུ་མོ་ཁྱེད། ། ཉེས་པ་ཅན་དུ་ངས་གཟུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། གང་ཉེས་པ་ལ་ཉེས་པར་མཐོང་ནས་འཆགས་ཤིང་ཕྱིན་ཆད་ཀྱང་སྡོམ་པར་བྱེད་པ་དེ་ནི་འཕགས་པའི་ཆོས་འདུལ་བ་ལ་འཕེལ་བར་འགྱུར་རོ། ། དགེ་སློང་དག་ཞག་བདུན་པ་ལྔ་པ་ལ་ཞག་བདུན་ཡུལ་ངན་ཆེན་པོ་བྱུང་བའི་ཚེ་ན། དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་བཏང་བཟུང་ གི་གནས་ན་བཞུགས་སོ།
BO། དེ་ནས་ཀླུའི་རྒྱལ་པོ་བཏང་བཟུང་བཅོམ་ལྡན་འདས་ཀྱི་སྐུ་ལ་གྲང་བ་དང་རླུང་གིས་ཕོག་ཏུ་འོང་ཞེས་རང་གི་གནས་ནས་བྱུང་སྟེ། ལུས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་ལན་བདུན་དུ་དཀྲིས་ནས་མགོའི་གདེངས་ཀ་རྣམས་ཀྱིས་བཀབ་བོ། ། བཅོམ་ལྡན་འདས་ཀྱི་ སྐུ་ལ་གྲང་བ་དང་རླུང་གིས་ཕོག་ཏུ་འོང་ངོ་ཞེས་ཤར་ཕྱོགས་ནས་ཀྱང་ཀླུའི་རྒྱལ་པོ་གཞན་མང་དུ་ལྷགས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་ལུས་རྣམས་ཀྱིས་ལན་བདུན་དུ་དཀྲིས་ནས་མགོའི་གདེངས་ཀ་རྣམས་ཀྱིས་བཀབ་བོ། ། ཤར་ཕྱོགས་ནས་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་ལ་ གྲང་བ་དང་རླུང་གིས་ཕོག་ཏུ་འོང་ངོ་ཞེས་ལྷོ་དང་ནུབ་དང་བྱང་ཕྱོགས་ནས་ཀྱང་ཀླུའི་རྒྱལ་པོ་རྣམས་ལྷགས་ནས་དེ་བཞིན་གཤེགས་པའི་སྐུ་ལ་ལུས་རྣམས་ཀྱིས་ལན་བདུན་དུ་དཀྲིས་ཏེ་མགོའི་གདེངས་ཀ་རྣམས་ཀྱིས་བཀབ་བོ། ། ཀླུའི་རྒྱལ་པོའི་ཕུང་པོ་དེ་ནི་རིའི་དབང་པོ་ལྷུན་པོ་ལྟར་མཐོན་ པོར་གནས་པར་གྱུར་ཏོ། ། ཀླུའི་རྒྱལ་པོ་དེ་དག་གིས་ཀྱང་ཇི་ལྟར་ཉིན་བདུན་མཚན་བདུན་དུ་དེ་བཞིན་གཤེགས་པའི་སྐུ་དེ་ལ་རེག་པར་གྱུར་པ་དེ་ལྟ་བུའི་བདེ་བ་དེ་དག་གིས་སྔོན་ནམ་ཡང་མ་རྙེད་དོ། །
BOདེ་ནས་ཞག་བདུན་འདས་ནས་ཀླུའི་རྒྱལ་པོ་དེ་དག་གིས་ཡུལ་ངན་མེད་པར་ཤེས་ཏེ། དེ་བཞིན་ གཤེགས་པའི་སྐུ་ལས་ལུས་བཀྲོལ་ནས། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། རང་རང་གི་གནས་སུ་དོང་ངོ་། ། ཀླུའི་རྒྱལ་པོ་བཏང་བཟུང་ཡང་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་ བ་བྱས་ནས་རང་གི་གནས་སུ་ཞུགས་སོ། ། ཞག་བདུན་པ་དྲུག་པའི་ཚེ་ནི་དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་ནས་ཤིང་ནྱ་གྲོ་དྷ་ར་སྐྱོང་གི་དྲུང་དུ་བཞུད་དོ། ། ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་དང་ཤིང་ནྱ་གྲོ་དྷ་ར་སྐྱོང་གི་བར་དུ་རླུང་ནཻ་རན་ཛ་ནའི་ངོགས་སུ་སྤྱོད་པ་པ་དང་། ཀུན་ཏུ་ རྒྱུ་དང་། ཉན་ཐོས་རྒན་པོ་དང་། གཽ་ཏ་མ་དང་། གཅེར་བུ་པ་དང་། ཀུན་དུ་འཚོ་བ་པ་ལ་སོགས་པས་དེ་བཞིན་གཤེགས་པ་མཐོང་ནས། བཅོམ་ལྡན་འདས་གཽ་ཏ་མས་ཞག་བདུན་པ་ཡུལ་ངན་ཆེན་པོའི་དུས་འདི་བདེ་བས་བདེ་བར་འདས་པར་བྱས་སམ་ཞེས་འཛེར་ཏོ། ། དགེ་སློང་དག་དེ་ནས་དེ་བཞིན་ གཤེགས་པས་དེའི་ཚེ་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ། ། ཆོས་ཐོས་པ་དང་མཐོང་བ་དང་། ། དབེན་པར་དགའ་བ་བདེ་བ་ཡིན། །
BOསྲོག་ཆགས་འབྱུང་པོ་རྣམས་ལ་བསྡམས། ། གནོད་པ་མི་བྱེད་འཇིག་རྟེན་བདེ། ། སྡིག་པ་རྣམས་ལས་རབ་འདས་པ། ། འདོད་ཆགས་བྲལ་བ་འཇིག་རྟེན་ བདེ། ། ང་སྙམ་ང་རྒྱལ་གང་འདུལ་བ། ། དེ་ནི་མཆོག་ཏུ་བདེ་བ་ཡིན། ། དགེ་སློང་དག་དེ་བཞིན་གཤེགས་པས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱི་འཇིག་རྟེན་ཀུན་ དུ་འབར་ཞིང་རབ་ཏུ་འབར་བར་གཟིགས་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ། ། སྒྲ་རེག་རོ་དང་གཟུགས་དང་དྲི་རྣམས་ཀྱིས། ། འཇིག་རྟེན་འདི་ནི་ཀུན་དུ་གདུངས་པར་གྱུར། ། སྲིད་པས་འཇིགས་ཀྱང་སྲིད་པའི་སྲེད་པ་ཡིས། ། ཕྱིར་ཞིང་སྲེད་པ་ཚོལ་བར་བྱེད་པ་ ཡིན། ། ཞག་བདུན་པ་བདུན་པའི་ཚེ་ནི་དེ་བཞིན་གཤེགས་པ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་སོ། ། དེའི་ཚེ་བྱང་ཕྱོགས་པའི་ཚོང་པ་ག་གོན་དང་བཟང་པོ་ཞེས་བྱ་བ་མཁས་པ་གསལ་བ་སྤུན་གཉིས་རྙེད་པ་ཆེན་པོ་རྙེད་ནས། ཟོང་རྣམ་པ་མང་པོ་ཐོགས་ཏེ། འགྲོན་པ་ཕལ་པོ་ཆེ་དང་།
BOཤིང་རྟ་ཤིན་ཏུ་ གང་བ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་དོང་ངོ་། ། དེ་གཉིས་ལ་གླང་བུ་ཅང་ཤེས་ལེགས་སྐྱེས་དང་གྲགས་པ་ཞེས་བྱ་བ་གཉིས་ཡོད་དོ། ། དེ་གཉིས་ལ་ཐོགས་པའི་འཇིགས་པ་མེད་དེ་གང་དུ་གླང་བུ་གཞན་མི་ཐར་བ་དེར་དེ་གཉིས་གཏོང་ངོ་། ། གང་དུ་མདུན་རོལ་ན་འཇིགས་པ་ཡོད་ པ་དེར་དེ་གཉིས་ཕུར་པ་ལ་བཏགས་པ་བཞིན་དུ་འདུག་གོ། ། དེ་གཉིས་ལ་ལྕག་གིས་མི་འཇུའི་མེ་ཏོག་ཨུད་པ་ལ་སྤར་གང་ངམ། སྣ་མའི་མེ་ཏོག་གི་ཕྲེང་བས་དེ་གཉིས་དེད་དོ། ། ཤིང་སྒྲོལ་རྒྱུ་དང་ཉེ་བ་ཞིག་ཏུ་ཤིང་འོ་མ་ཅན་གྱི་ནགས་ན་གནས་པའི་ལྷ་མོས་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ པས། དེ་དག་གི་ཤིང་རྟ་དེ་དག་ཐམས་ཅད་མི་འགྲོ་སྟེ། འབྲེང་པ་ལ་སོགས་པ་ཤིང་རྟའི་ཆ་རྐྱེན་ཐམས་ཅད་ཀྱང་ཆད་གྲུགས་སོ། ། ཤིང་རྟའི་འཕང་ལོ་རྣམས་ཀྱང་ལྟེ་བ་ལ་ཐུག་པར་སའི་ནང་དུ་ནུབ་སྟེ། ཐམས་ཅད་ཀྱིས་རབ་ཏུ་བསྒྲིམས་ཀྱང་ཤིང་རྟ་དེ་དག་འགྲོ་བར་མ་གྱུར་ནས། ཁ་ཅིག་ ངོ་མཚར་དང་སྐྲག་པར་གྱུར་ཏེ། ཤིང་རྟ་འདི་དག་ཐང་ལ་ཡང་ཐོགས་པར་གྱུར་པ་འདི་ལ་རྒྱུ་ནི་ཅི་ཞིག་ཡོད། འདིའི་འགྱུར་བ་ནི་ཅི་ཞིག་ཡིན་སྙམ་ནས།
BOདེ་དག་གིས་གླང་བུ་ལེགས་སྐྱེས་དང་གྲགས་པ་དེ་གཉིས་འདྲེན་དུ་བཅུག་སྟེ། མེ་ཏོག་ཨུད་པ་ལ་སྤར་གང་དང་། སྣ་མའི་མེ་ཏོག་གི་ཕྲེང་ བས་བདས་ཀྱང་འགྲོ་བར་མ་གྱུར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་འདི་གཉིས་ཀྱང་མི་འགྲོ་བ་ལས་མདུན་ན་འཇིགས་པ་འགའ་ཞིག་འབྱུང་དུ་གདོན་མི་ཟའོ་སྙམ་ནས། དེ་དག་གིས་ས་འཁྲུ་བ་རྟ་པ་དག་སྔར་བཏང་ངོ་། ། ས་འཁྲུ་བ་རྟ་པ་རྣམས་སླར་ལོག་ནས་འཇིགས་པ་ཅི་ཡང་ མེད་ཅེས་སྨྲས་སོ། ། ལྷ་མོ་དེས་ཀྱང་རང་གི་གཟུགས་བསྟན་ནས་མ་འཇིགས་ཤིག་ཅེས་དབུགས་ཕྱུང་ངོ་། ། གླང་བུ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཤིང་རྟ་དྲངས་པ་དང་། དེ་དག་གིས་དེ་བཞིན་གཤེགས་པ་མེ་ལྟར་རབ་ཏུ་འབར་བ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་ རྩ་གཉིས་ཀྱི་མཚན་གྱིས་ལེགས་པར་བརྒྱན་པ། ཉི་མ་ཤར་ནས་རིང་པོར་མ་ལོན་པ་ལྟ་བུ་དཔལ་གྱིས་འབར་བ་མཐོང་ངོ་། ། མཐོང་ནས་ཀྱང་དེ་དག་ངོ་མཚར་དུ་གྱུར་ཏེ། འདི་ནི་ཅི་ཞིག་ཚངས་པ་འདིར་ཕྱིན་ཏམ། འོན་ཏེ་ལྷའི་དབང་པོ་བརྒྱ་བྱིན་ནམ། འོན་ཏེ་རྣམ་ཐོས་ཀྱི་བུའམ། འོན་ཏེ་ཉི་མ་དང་ཟླ་བའམ། འོན་ཏེ་རིའི་ལྷ་འགའ་ཞིག་གམ། རླུང་གི་ལྷ་འགའ་ཞིག་སྙམ་མོ། །
BOདེ་ནས་དེ་བཞིན་གཤེགས་པས་ན་བཟའ་ངུར་སྨྲིག་རྣམས་བསྟན་ཏོ། ། དེ་ནས་དེ་དག་གིས་ངུར་སྨྲིག་བགོས་པ་འདི་ནི་རབ་ཏུ་བྱུང་བ་ཡིན་གྱིས་བདག་ཅག་འཇིགས་པ་མེད་དོ་ཞེས་སྨྲས་ཏེ། ། དེ་དག་ དད་པ་ཐོབ་ནས་ཡང་ཕན་ཚུན་དུ་སྨྲས་པ། རབ་ཏུ་བྱུང་བ་འདི་ནི་དུས་སུ་ཟ་བ་ཡིན་ན། ཅུང་ཟད་ཅི་ཡོད། སྨྲས་པ། སྦྲང་རྩི་དང་། སྐྱོ་མ་དང་། བུ་རམ་ཤིང་བཤུས་པ་ཡོད་དོ། ། དེ་དག་གིས་སྦྲང་རྩི་དང་། སྐྱོ་མ་དང་། བུ་རམ་ཤིང་བཤུས་པ་ཁྱེར་ནས། དེ་བཞིན་གཤེགས་པ་ག་ ལ་བ་དེར་དོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་དེ་དག་གིས་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་ ལ་ཐུགས་བརྩེ་བར་དགོངས་ཏེ་སྤྱན་གཟིགས་འདི་བཞེས་སུ་གསོལ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། བདག་གིས་ལག་པས་འདི་བླངས་ན་ནི་མ་ལེགས་ན་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྣོད་ཇི་ལྟ་བུས་བཞེས་སྙམ་ནས་མཁྱེན་ པ་འཇུག་པར་གྱུར་ཏོ། །
BOདགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པའི་སྐབས་ཀྱི་དུས་ལ་བབ་པར་རིག་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་བཞི་གསེར་གྱི་ལྷུང་བཟེད་བཞི་ཐོགས་ཏེ། ལྷགས་ནས་དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་ བར་དགོངས་ཏེ། གསེར་གྱི་ལྷུང་བཟེད་བཞི་པོ་འདི་དག་བཞེས་སུ་གསོལ་ཞེས་ཕུལ་ལོ། ། དེ་དག་དགེ་སྦྱོང་གི་ཆ་མ་ཡིན་པར་དགོངས་ནས། དེ་བཞིན་གཤེགས་པས་མ་བཞེས་སོ། ། དེ་བཞིན་དུ་དངུལ་གྱི་བཞི་དང་། བཻ་དཱུརྱའི་དང་། ཤེལ་དང་། སྤུག་དང་། རྡོའི་སྙིང་པོ་ལས་བྱས་པ་བཞི་ བཞི་དང་། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་ལྷུང་བཟེད་བཞི་ཐོགས་ཏེ། དེ་བཞིན་གཤེགས་པ་ལ་ཕུལ་ན་ཡང་དགེ་སྦྱོང་གི་ཆ་མ་ཡིན་པར་དགོངས་ཏེ། དེ་བཞིན་གཤེགས་པས་མ་བཞེས་སོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཡང་འདི་སྙམ་དུ་དགོངས་ཏེ། སྔོན་གྱི་ དེ་བཞིན་གཤེགས་པ་རྣམས་ཀྱིས་ལྷུང་བཟེད་རྣམ་པ་ཅི་འདྲ་བ་དག་གིས་བཞེས་སྙམ་དགོངས་ན། རྡོའི་ལྷུང་བཟེད་རྣམས་ཀྱིས་བཞེས་པར་མཁྱེན་ནས། དེ་བཞིན་གཤེགས་པས་དེ་ལྟ་བུའི་ཐུགས་བསྐྱེད་པ་དང་། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་རྒྱལ་པོ་ཆེན་པོ་གཞན་གསུམ་ལ་ སྨྲས་པ།
BOགྲོགས་པོ་དག་སྔོན་པོའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བདག་ལ་རྡོའི་ལྷུང་བཟེད་བཞི་བྱིན་པ་དང་། དེ་ལ་བདག་གིས་འདི་སྙམ་དུ་བསམས་ཏེ། ། འདི་སྤྱད་པར་བྱའོ་སྙམ་པ་དང་། དེ་ནས་སྔོན་པོའི་རིས་ཀྱི་ལྷའི་བུ་རྣམ་པར་སྣང་བྱེད་ཅེས་བྱ་བ་དེས་བདག་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་སྣོད་ འདི་དག་སྤྱད་པར་མ་བྱ་བར། ། འདི་དག་ཆོངས་ཤིག་མཆོད་རྟེན་གྲགས་པར་འགྱུར། ། ཤཱཀྱ་ཐུབ་ཅེས་བྱ་བའི་རྒྱལ་བ་འབྱུང་། ། དེ་ལ་ལྷུང་བཟེད་འདི་དག་དབུལ་བ་གྱིས། ། གྲོགས་པོ་དག་གིས་ཤཱཀྱ་ཐུབ་པ་ལ། ། སྣོད་དབུལ་བ་ཡི་དུས་དང་ཚོད་ལ་བབ། ། གླུ་དབྱངས་དག་དང་སིལ་སྙན་སྒྲ་ ཕྱུང་སྟེ། ། མཆོད་པ་བྱས་ནས་ལྷུང་བཟེད་དབུལ་བར་བྱ། ། སྣོད་དེ་ཆོས་ཀྱི་རང་བཞིན་མི་ཤིགས་པ། ། སྣོད་འདི་རྡོ་བའི་རང་བཞིན་བཞེས་སུ་རུང་། ། གཞན་གྱིས་བླང་བར་བཟོད་པ་མ་ཡིན་གྱིས། ། ད་ནི་བདག་ཅག་དེ་དག་ལེན་དུ་འདོང་། ། དེ་ནས་རྒྱལ་པོ་ཆེན་པོ་བཞིས་རང་གི་ གཉེན་དང་འཁོར་དུ་བཅས་ཏེ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ལེན་ཅིང་རང་རང་གི་ལག་ཏུ་ལྷུང་བཟེད་དེ་དག་ཐོགས་ནས།
BOདེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་ པ་ལ་མཆོད་པ་བྱས་ཏེ། ལྷུང་བཟེད་དེ་དག་ལྷའི་མེ་ཏོག་གིས་བཀང་ནས་དེ་བཞིན་གཤེགས་པ་ལ་ཕུལ་ལོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། རྒྱལ་པོ་ཆེན་པོ་དད་པ་དང་ལྡན་པ་བཞི་པོ་འདི་དག་གིས་བདག་ལ་རྡོའི་ལྷུང་བཟེད་བཞི་ཕུལ་ན། བདག་ལ་ ནི་བཞིར་མི་རུང་ལ། ཇི་སྟེ་གཅིག་གི་བླངས་ན་ནི་གསུམ་ཡང་མི་དགའ་བར་འགྱུར་ན། ། བདག་གིས་ལྷུང་བཟེད་བཞི་པོ་འདི་དག་བླངས་ཏེ་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབ་བོ་སྙམ་མོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཕྱག་གཡས་པ་བརྐྱང་སྟེ། རྒྱལ་པོ་ཆེན་པོ་རྣམ་ ཐོས་ཀྱི་བུ་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། བདེ་བར་གཤེགས་ལ་ལྷུང་བཟེད་ཕུལ་ཅིག་དང་། ། ཁྱོད་ནི་ཐེག་པ་མཆོག་གི་སྣོད་དུ་འགྱུར། ། ང་འདྲ་དག་ལ་ལྷུང་བཟེད་ཕུལ་བ་ནི། ། དྲན་དང་བློ་གྲོས་ནམས་ཀྱང་ཉམས་མི་འགྱུར། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ ཐུགས་བརྩེ་བར་དགོངས་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལས་ལྷུང་བཟེད་བཞེས་སོ། ། བཞེས་ནས་ཀྱང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ།
BOགང་ཞིག་དེ་བཞིན་གཤེགས་ལ་ལྷུང་བཟེད་ཕུལ། ། ནམས་ཀྱང་དྲན་དང་ཤེས་རབ་ ཉམས་མི་འགྱུར། ། བསིལ་དངོས་གོ་འཕང་སངས་རྒྱས་ཐོབ་བར་དུ། ། བདེ་བས་བདེ་བར་དུས་རྣམས་ཟད་པར་བྱེད། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལས་ལྷུང་བཟེད་བཞེས་སོ། ། བཞེས་ནས་ ཀྱང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། རྣམ་པར་དག་སེམས་དེ་བཞིན་གཤེགས་པ་ལ། ། ཁྱོད་ཀྱིས་ཡོངས་དག་ལྷུང་བཟེད་ཕུལ་ཅིག་དང་། ། ཁྱོད་ཀྱི་སེམས་ནི་མྱུར་དུ་དག་པར་འགྱུར། ། ལྷ་མི་འཇིག་རྟེན་དག་ན་བསྔགས་པར་འོས། ། དགེ་ སློང་དག་དེ་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལས་ལྷུང་བཟེད་བཞེས་སོ། ། བཞེས་ནས་ཀྱང་རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། ། སྐྱོན་མེད་སེམས་དང་དད་པས་སྐྱོན་མེད་སྣོད། ། དེ་བཞིན་གཤེགས་པ་ ཚུལ་ཁྲིམས་སྐྱོན་མེད་ཅིང་། ། ཚུལ་སྐྱོན་མེད་ལ་རབ་ཏུ་ཕུལ་ཅིག་དང་། ། ཁྱོད་ཀྱི་སྦྱིན་པ་བསོད་ནམས་སྐྱོན་མེད་འགྱུར། ། དགེ་སློང་དག་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ། །
BOརྒྱལ་པོ་ཆེན་པོ་མིག་མི་བཟང་ལས་ལྷུང་བཟེད་བཞེས་སོ། ། བཞེས་ནས་ཀྱང་ མོས་པའི་སྟོབས་ཀྱི་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ཏེ། དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ང་ཡིས་སྔོན་གྱི་སྲིད་པར་སྣོད་ཀྱི་རྣམས། ། བཟང་བྱས་འབྲས་བུས་རབ་ཏུ་བཀང་སྟེ་བྱིན། ། དེ་ནས་ལྷུང་བཟེད་དབྱིབས་ལེགས་བཞི་པོ་འདི། ། རྫུ་འཕྲུལ་ཆེན་པོའི་ལྷ་ བཞི་རྣམས་ཀྱིས་བྱིན། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ། བརྟན་པ་དམ་པའི་དོན་དེ་དགོངས་པ་དེ། ། ཞག་བདུན་བྱང་ཆུབ་ཤིང་མཆོག་གཟིགས་ནས་ནི། ། སེང་གེའི་སྟབས་འདྲ་མི་ཡི་སེང་གེ་དེ། ། ས་ནི་རྣམ་པ་དྲུག་ཏུ་བསྐྱོད་ནས་བཞེངས། ། གླང་པོའི་དབང་ལྟར་ཀུན་ཏུ་དལ་གྱིས་ གཤེགས། ། རིམ་གྱིས་སྒྲོལ་རྒྱུའི་ཤིང་གི་དྲུང་བྱོན་ནས། ། ལྷུན་པོ་ལྟ་བུར་གཡོ་བ་མི་མངའ་བཞུགས། ། ཐུབ་པ་བསམ་གཏན་ཏིང་ངེ་འཛིན་རྣམས་དགོངས། ། དེ་ཡི་ཚེ་ན་ག་གོན་བཟང་པོ་སྤུན། ། གཉིས་དང་ཚོང་པའི་ཚོགས་དང་ཤིང་རྟ་ནི། ། ནོར་གྱིས་གང་བ་དག་དང་ལྷན་ཅིག་ ཏུ། ། སཱ་ལའི་མེ་ཏོག་ནགས་ཚལ་རྒྱས་པར་ཞུགས། ། དྲང་སྲོང་ཆེན་པོའི་གཟི་ཡིས་སྐད་ཅིག་ཏུ། ། སྲོག་ཤིང་ཐུག་པར་འཕང་ལོ་ས་ནང་ནུབ། །
BOདེ་དག་དེ་འདྲ་བ་ཡི་གནས་མཐོང་ནས། ། ཚོང་པའི་ཚོགས་ནི་འཇིགས་པ་ཆེན་པོ་སྐྱེས། ། དེ་དག་རལ་གྲི་མདའ་དང་མདུང་ཐུང་ ཐོགས། ། ནགས་ན་{རི་དགས་,རི་དྭགས་}བཞིན་དུ་སུ་ཞེས་ཚོལ། ། སྤྲིན་མེད་འོད་ཟེར་སྟོང་ལྡན་འདྲ་བའི་རྒྱལ། ། ཞལ་རས་སྟོན་གྱི་ཟླ་བ་འདྲ་བ་མཐོང་། ། ཁྲོ་བ་སྤངས་ཤིང་རྒྱགས་པ་བསལ་ནས་སུ། ། མགོ་བོས་ཕྱག་འཚལ་འདི་ནི་སུ་ཞེས་དཔྱོད། ། མཁའ་ལས་ལྷ་ཡིས་འདི་སྐད་ཚིག་ སྨྲས་ཏེ། ། འདི་ནི་སངས་རྒྱས་འཇིག་རྟེན་ཕན་དོན་མཛད། ། ཉིན་བདུན་མཚན་བདུན་བཟའ་དང་བཏུང་བ་དག ། ཐུགས་རྗེའི་བདག་ཉིད་འདི་ནི་མ་གསོལ་ཏོ། ། གལ་ཏེ་བདག་གི་ཉོན་མོངས་ཞི་འདོད་ན། ། སྐུ་དང་ཐུགས་བསྒོམས་འདི་ལ་བཤོས་གསོལ་ཅིག ། དེ་དག་གིས་ནི་ སྒྲ་སྙན་དེ་ཐོས་ནས། ། རྒྱལ་ལ་ཕྱག་འཚལ་བསྐོར་བ་བྱས་ནས་ནི། ། དགའ་ནས་དེ་དག་གྲོགས་དང་ལྷན་ཅིག་ཏུ། ། རྒྱལ་བ་བཤོས་གསོལ་བར་ནི་གྲོས་བཅད་དོ། ། དགེ་སློང་དག་དེའི་ཚེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱི་བའི་ཁྱུ་མཐའ་འཁོབ་ཀྱི་འོར་ཞིག་ན་གནས་སོ། ། དེ་ནས་དེའི་ ཚེ་བ་དེ་དག་བཞོས་ནས་མར་གྱི་སྙིང་ཁུ་བྱུང་བར་གྱུར་ཏོ། ། དེ་ནས་བ་ལང་རྫི་དེ་དག་གིས་མར་གྱི་སྙིང་ཁུ་དེ་ཁྱེར་ནས།
BOཚོང་པ་ག་གོན་དང་བཟང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་དག་གིས་ཚུལ་སྨོས་ཏེ། བཙུན་པ་དག་མཁྱེན་པར་མཛད་དུ་གསོལ། ཁྱེད་ཀྱི་བ་ཐམས་ཅད་ནི་བཞོས་ ན། མར་གྱི་སྙིང་ཁུ་བྱུང་ན་འདི་ཅི་དགེ་བ་ཞིག་ལགས་སམ། འོན་ཏེ་མ་ལགས། དེ་ན་བྲམ་ཟེ་ཟས་ལ་བརྐམ་པའི་རང་བཞིན་ཅན་དག་འདི་སྐད་ཅེས་འདི་ནི་དགེ་བ་མ་ཡིན་ཏེ། བྲམ་ཟེ་རྣམས་ལ་མཆོད་སྦྱིན་ཆེན་པོ་བྱ་དགོས་སོ་ཞེས་འཛེར་ཏོ། ། དགེ་སློང་དག་དེའི་ཚེ་ཚོང་པ་ག་ གོན་དང་བཟང་པོ་དག་གི་ཚེ་རབས་སྔ་མའི་སྣག་གི་གཉེན་མཚམས་བྲམ་ཟེ་རྨ་བྱ་ཞེས་བྱ་བ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་པ་དེས་བྲམ་ཟེའི་གཟུགས་སུ་སྤྲུལ་ནས། ཚོང་པ་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། ། ཁྱོད་ཀྱིས་སྔོན་ནི་སྨོན་བཏབ་པ། ། བྱང་ཆུབ་བརྙེས་ ནས་དེ་བཞིན་གཤེགས། ། བདག་ཅག་རྣམས་ཀྱི་བཤོས་གསོལ་ཏེ། ། ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག ། སྨོན་ལམ་དེ་ནི་རྫོགས་ཟིན་གྱིས། ། བྱང་ཆུབ་བརྙེས་པ་དེ་བཞིན་གཤེགས། ། དེ་ལ་ཞལ་ཟས་ཕུལ་ཅིག་དང་། ། གསོལ་ནས་འཁོར་ལོ་བསྐོར་བར་འགྱུར། ། ཁྱེད་ ཀྱི་བ་མར་སྙིང་ཁུ་བྱུང་། ། ཤིན་ཏུ་བཀྲ་ཤིས་སྐར་མ་བཟང་། ། དྲང་སྲོང་ཆེན་པོ་དེ་ཡི་ནི། །
BOབསོད་ནམས་ལས་ཀྱི་མཐུ་འདིའོ། ། དེ་ལྟར་ཚོང་པ་བསྐུལ་ནས་ནི། ། རྨ་བྱ་རང་གི་གནས་སུ་སོང་། ། ག་གོན་ཞེས་ནི་བྱ་ལ་སོགས། ། ཐམས་ཅད་ཡིད་ནི་མགུ་བར་གྱུར། ། བ་སྟོང་འོ་མ་ཇི་སྙེད་ ཡོད་པ་དག ། དེ་ཀུན་མ་ལུས་པར་ནི་བསྡུས་ནས་སུ། ། དེ་ཡི་སྟེང་ནས་པྲིས་མ་བཞམ་བྱས་ཏེ། ། དེ་དག་རབ་ཏུ་གུས་པར་ཞལ་ཟས་སྦྱོར། ། རིན་ཆེན་གཞོང་པ་ཚིམ་བྱེད་ཅེས་བྱ་བ། ། སྲང་གཅིག་ལ་ཡང་འབུམ་ཕྲག་གཅིག་རི་བ། ། གཙང་མར་རབ་བཀྲུས་དྲི་མ་མེད་བྱས་ནས། ། ཞལ་ ཟས་ཀྱིས་ནི་ཁ་ད་ཆད་དུ་བཀང་། ། སྦྲང་རྩི་དང་ནི་རིན་ཆེན་གཞོང་ཐོགས་ཏེ། ། སྒྲོལ་རྒྱུའི་ཤིང་གི་དྲུང་སོང་སྟོན་པ་ལ། ། བཙུན་པ་བཞེས་ཏེ་བདག་ཅག་སྨན་ཡང་ཐོགས། ། ཞལ་ཟས་གྱ་ནོམ་པ་འདི་མན་བས་སུ་གསོལ། ། སྤུན་གཉིས་པོ་ལ་ཐུགས་བརྩེ་མཛད་པ་དང་། ། བྱང་ཆུབ་ ཞུགས་པའི་སྔོན་གྱི་བསམ་མཁྱེན་ནས། ། སྟོན་པ་བཞེས་པ་མཛད་དེ་ཞལ་ཟས་གསོལ། ། གསོལ་ནས་གཞོང་པ་ནམ་མཁའི་དཀྱིལ་དུ་བོར། ། ལྷ་ཡི་བུ་ཕོ་རབ་ཚངས་ཞེས་བྱ་བ། ། དེ་ཡིས་རིན་ཆེན་གཞོང་པ་མཆོག་དེ་བླངས། ། དེས་དེ་ད་དུང་ཚངས་པའི་འཇིག་རྟེན་ན། ། ལྷ་ གཞན་གྲོགས་དང་ལྷན་ཅིག་མཆོད་པ་བྱེད། །
BOདེ་ནས་དེའི་ཚེ་དེ་བཞིན་གཤེགས་པས་ཚོང་པ་ག་གོན་དང་བཟང་པོ་དེ་དག་ལ་འདི་དག་གིས་རབ་ཏུ་དགའ་བར་མཛད་དོ། ། ལྷ་ཡི་བཀྲ་ཤིས་དོན་སྒྲུབ་ཅིང་། ། ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། ། ཁྱེད་ཀྱི་དོན་རྣམས་གྲུབ་གྱུར་ཅིག ། ཐམས་ཅད་མྱུར་དུ་འཐུན་པར་ཤོག ། ཕྲེང་བ་མགོ་ལ་འདུག་པ་ལྟར། ། ལག་པ་གཡས་ན་དཔལ་ཡོད་ཤོག ། གཡོན་ནའང་དཔལ་ནི་གནས་གྱུར་ཅིག ། ཡན་ལག་ཀུན་ནའང་དཔལ་ཡོད་ཤོག ། ཚོང་པ་དག་ནི་ནོར་ཚོལ་ཞིང་། ། ཕྱོགས་བཅུ་དག་ཏུ་འགྲོ་བ་རྣམས། ། རྙེད་པ་ ཆེན་པོ་རྙེད་གྱུར་ཅིང་། ། དེ་དག་བདེ་བ་སྐྱིད་པར་ཤོག ། དགོས་པ་ལ་ལ་གང་གི་ཕྱིར། ། ཤར་ཕྱོགས་སུ་ནི་འགྲོ་བ་ན། ། གང་དག་ཕྱོགས་དེར་གནས་པ་ཡི། ། རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག ། སྨིན་དྲུག་དང་ནི་སྣར་མ་དང་། ། མགོ་དང་ལག་དང་ནབ་སོ་དང་། ། རྒྱལ་དང་སྐག་ཅེས་བྱ་ བ་སྟེ། ། དེ་དག་རྣམས་ནི་ཤར་ཕྱོགས་པ། ། རྒྱུ་སྐར་བདུན་པོ་དེ་དག་ནི། ། འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། ། ཤར་ཕྱོགས་ལོགས་ན་ཡོད་ཅེས་བསྟན། ། དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། ། དེ་དག་བདག་པོ་རྒྱལ་པོ་ནི། ། ཡུལ་འཁོར་སྲུང་ཞེས་གྲགས་པ་སྟེ། ། དེ་ནི་དྲི་ཟ་ཀུན་གྱི་ བདག །
BOཉི་མ་ལྷན་ཅིག་སྲུང་བར་ཤོག ། དེ་ལ་བུ་ནི་མང་ཡོད་ལ། ། མཁས་ཤིང་མིང་ཡང་འཐུན་པ་སྟེ། ། དགུ་བཅུ་རྩ་གཅིག་ཟད་པར་ཡང་། ། དབང་པོ་ཞེས་བྱ་སྟོབས་པོ་ཆེ། ། དེ་རྣམས་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་གྱུར་ཅིག ། ཤར་ཕྱོགས་ལོགས་ཀྱི་ ཕྱོགས་ཆ་ན། ། ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། ། རྒྱལ་དང་རྣམ་པར་རྒྱལ་མ་དང་། ། དོན་གྲུབ་མ་དང་མི་འཕམ་དང་། ། དགའ་མཆོག་མ་དང་དགའ་སྡེ་དང་། ། དགའ་ཅན་མ་དང་དགའ་འཕེལ་མ། ། དེ་དག་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་བར་ཤོག ། ཤར་ཕྱོགས་ ལོགས་ཀྱི་ཕྱོགས་ཆ་ན། ། གཞི་འཛིན་ཞེས་བྱའི་མཆོད་རྟེན་ཡོད། ། རྒྱལ་བ་སྐྱོབ་པ་དགྲ་བཅོམ་པ། ། དེ་རྣམས་ཀྱིས་ནི་བཞུགས་ཤིང་མཁྱེན། ། དེ་ཡང་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་གྱུར་ཅིག ། ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག ། ཁྱེད་ཅག་སྡིག་པར་ མ་གྱུར་ཅིག ། ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། ། ནོར་རྣམས་རྙེད་དེ་ལྡོག་པར་ཤོག ། དགོས་པ་ལ་ལ་གང་གི་ཕྱིར། ། ལྷོ་ཕྱོགས་སུ་ནི་འགྲོ་བ་ན། ། གང་དག་ཕྱོགས་དེར་གནས་པ་ཡི། ། རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག ། མཆུ་དང་གྲེ་དང་དབོ་དང་ནི། །
BOམེ་བཞི་ནག་པ་ལྔ་པ་ ཡིན། ། ས་རི་དང་ནི་ས་ག་སྟེ། ། དེ་དག་རྣམས་ནི་ལྷོ་ཕྱོགས་པ། ། རྒྱུ་སྐར་བདུན་པོ་དེ་དག་ནི། ། འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། ། ལྷོ་ཕྱོགས་ལོགས་ན་ཡོད་ཅེས་བསྟན། ། དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། ། དེ་དག་བདག་པོ་རྒྱལ་པོ་ནི། ། འཕགས་སྐྱེས་པོ་ཞེས་བྱ་བར་ བརྗོད། ། དེ་ནི་གྲུལ་བུམ་ཀུན་གྱི་བདག ། གཤིན་རྗེ་ལྷན་ཅིག་སྲུང་བར་ཤོག ། དེ་ལ་བུ་ནི་མང་ཡོད་ལ། ། མཁས་ཤིང་མིང་ཡང་འཐུན་པ་སྟེ། ། དགུ་བཅུ་རྩ་གཅིག་ཟད་པར་ཡང་། ། དབང་པོ་ཞེས་བྱ་སྟོབས་པོ་ཆེ། ། དེ་རྣམས་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་ སྐྱོང་གྱུར་ཅིག ། ལྷོ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། ། ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། ། དཔལ་ལྡན་མ་དང་གྲགས་ལྡན་མ། ། གྲགས་པ་འཐོབ་དང་གྲགས་འཛིན་དང་། ། ལེགས་པར་ལངས་དང་རབ་སྔ་དང་། ། ལེགས་པར་སད་དང་བདེ་སྒྲུབ་མ། ། དེ་དག་ཁྱེད་ལ་ནད་མེད་ ཅིང་། ། ཤིས་པར་ལྷག་པར་སྐྱོང་བར་ཤོག ། ལྷོ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། ། པད་མ་ཞེས་བྱའི་མཆོད་རྟེན་ཡོད། ། རྟག་ཏུ་གཟི་བརྗིད་ཀྱིས་ཀྱང་འབར། ། རྟག་ཏུ་ཐམས་ཅད་གསལ་བྱེད་པ། ། དེ་ཡང་ཁྱེད་ལ་ནད་མེད་ཅིང་། །
BOཤིས་པར་ལྷག་པར་སྐྱོང་གྱུར་ཅིག ། ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག ། ཁྱེད་ཅག་སྡིག་པར་མ་གྱུར་ཅིག ། ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། ། ནོར་རྣམས་རྙེད་དེ་ལྡོག་པར་ཤོག ། དགོས་པ་ལ་ལ་གང་གི་ཕྱིར། ། ནུབ་ཕྱོགས་སུ་ནི་འགྲོ་བ་ན། ། གང་དག་ཕྱོགས་དེར་གནས་པ་ཡི། ། རྒྱུ་སྐར་ཁྱེད་ལ་སྐྱོང་ གྱུར་ཅིག ། ལྷ་མཚམས་དང་ནི་སྣྲོན་དང་ཡང་། ། བརྩོན་འགྲུས་བརྟན་ལྡན་སྣྲུམས་དང་ནི། ། ཆུ་སྟོད་ཆུ་སྨད་བྱི་བཞིན་དང་། ། གྲོ་བཞིན་དེ་ནི་བདུན་པ་ཡིན། ། དེ་དག་རྣམས་ནི་ནུབ་ཕྱོགས་པ། ། རྒྱུ་སྐར་བདུན་པོ་དེ་དག་ནི། ། འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། ། ནུབ་ ཕྱོགས་ལོགས་ན་ཡོད་ཅེས་བསྟན། ། དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། ། དེ་དག་བདག་པོ་རྒྱལ་པོ་ནི། ། མིག་མི་བཟང་ཞེས་བྱ་བར་ཤེས། ། དེ་ནི་ཀླུ་རྣམས་ཀུན་གྱི་བདག ། ཆུ་ལྷ་ལྷན་ཅིག་སྲུང་བར་ཤོག ། དེ་ལ་བུ་ནི་མང་ཡོད་ལ། ། མཁས་ཤིང་མིང་ཡང་འཐུན་པ་སྟེ། ། དགུ་བཅུ་རྩ་གཅིག་ཟད་པར་ཡང་། ། དབང་པོ་ཞེས་བྱ་སྟོབས་པོ་ཆེ། ། དེ་དག་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་གྱུར་ཅིག ། ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། ། ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །
BOརྣ་ཆ་སྐྲ་འདྲེས་མ་དང་ནི། ། པད་མ་དཀར་དང་སྐྱ་རེང་དང་། ། ཆ་མེད་གཅིག་དང་དགུ་པ་དང་། ། རོལ་དང་གནག་དང་སྟབས་མྱུར་སྲིད། ། དེ་དག་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་བར་ཤོག ། ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། ། ནུབ་ཅེས་བྱ་བའི་རི་བོ་ཡོད། ། ཉི་མ་ཟླ་བ་རྣམས་ཀྱང་གནས། ། ནུབ་པའང་ཁྱེད་ལ་ནོར་ སྦྱིན་གྱུར། ། དེ་ཡང་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་གྱུར་ཅིག ། ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག ། ཁྱེད་ཅག་སྡིག་པར་མ་གྱུར་ཅིག ། ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། ། ནོར་རྣམས་རྙེད་དེ་ལྡོག་པར་ཤོག ། དགོས་པ་ལ་ལ་གང་གི་ཕྱིར། ། བྱང་ ཕྱོགས་སུ་ནི་འགྲོ་བ་ན། ། གང་དག་ཕྱོགས་དེར་གནས་པ་ཡི། ། རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག ། མོན་གྲུ་དང་ནི་མོན་གྲེ་དང་། ། ཁྲུམས་སྟོད་དང་ཡང་ཁྲུམས་སྨད་དང་། ། ནམ་གྲུ་དང་ནི་ཐ་སྐར་དང་། ། བྲ་ཉེ་སྟེ་ནི་བདུན་པ་ཡིན། ། རྒྱུ་སྐར་བདུན་པོ་དེ་དག་ནི། ། འཇིག་རྟེན་ སྐྱོང་བ་གྲགས་ལྡན་པ། ། བྱང་ཕྱོགས་ལོགས་ན་ཡོད་ཅེས་བསྟན། ། དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། ། དེ་དག་བདག་པོ་རྒྱལ་པོ་ནི། ། མི་ལ་ཞོན་པ་ལུས་ངན་པོ། །
BOགནོད་སྦྱིན་ཀུན་གྱི་བདག་པོ་སྟེ། ། ནོར་{བཟངས་,བཟང་}ལྷན་ཅིག་སྲུང་བར་ཤོག ། དེ་ལ་བུ་ནི་མང་ཡོད་ལ། ། མཁས་ཤིང་མིང་ཡང་འཐུན་པ་སྟེ། ། དགུ་བཅུ་རྩ་གཅིག་ཟད་པར་ཡང་། ། དབང་པོ་ཞེས་བྱ་སྟོབས་པོ་ཆེ། ། དེ་དག་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་གྱུར་ཅིག ། བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། ། ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། ། རབ་ཆགས་ལྷ་མོ་སྟོང་ ལྷ་མོ། ། ས་དང་དེ་བཞིན་པད་མ་ཅན། ། རྒྱལ་པོ་ཆེ་ལ་ཉེར་གནས་དང་། ། རེ་དང་ཁྲེལ་ཡོད་དཔལ་ལྡན་མ། ། དེ་དག་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་བར་ཤོག ། བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། ། སྤོས་ངད་ལྡང་བའི་རི་བོ་ཡོད། ། གནོད་སྦྱིན་ འབྱུང་པོ་རྣམས་ཀྱི་གནས། ། རྩེ་མོ་སྣ་ཚོགས་བལྟ་ན་སྡུག ། དེ་ཡང་ཁྱེད་ལ་ནད་མེད་ཅིང་། ། ཤིས་པར་ལྷག་པར་སྐྱོང་གྱུར་ཅིག ། ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག ། ཁྱེད་ཅག་སྡིག་པར་མ་གྱུར་ཅིག ། ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། ། ནོར་རྣམས་ རྙེད་དེ་ལྡོག་པར་ཤོག ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། ། ཕྱོགས་བཞི་དག་ན་བདུན་བདུན་གནས། ། ལྷ་ཡི་བུ་མོ་སུམ་ཅུ་གཉིས། ། ཕྱོགས་བཞི་དག་ན་བརྒྱད་བརྒྱད་གནས། །
BOདགེ་སྦྱོང་བརྒྱད་དང་བྲམ་ཟེ་བརྒྱད། ། ཡུལ་རྣམས་ན་ནི་གྲོང་རྡལ་བརྒྱད། ། དབང་པོར་བཅས་པའི་ལྷ་བརྒྱད་ རྣམས། ། དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། ། ཁྱེད་ཅག་འགྲོ་ནའང་བཀྲ་ཤིས་གྱུར། ། ལྡོག་པ་ན་ཡང་བཀྲ་ཤིས་ཤོག ། གཉེན་ལ་ལྟ་བ་བཀྲ་ཤིས་གྱུར། ། གཉེན་གྱིས་བལྟ་བའང་བཀྲ་ཤིས་ཤོག ། དབང་བཅས་གནོད་སྦྱིན་རྒྱ་ཆེན་དང་། ། དགྲ་བཅོམ་པ་དག་སྙིང་བརྩེ་ བས། ། ཐམས་ཅད་དུ་ནི་བཀྲ་ཤིས་དང་། ། བདུད་རྩི་ཤིས་པ་ཐོབ་པར་ཤོག ། ཚངས་པ་དང་ནི་དེ་བཞིན་ནོར་རྒྱས་དང་། ། ཟག་པ་མེད་པ་རྣམ་པར་གྲོལ་རྣམས་དང་། ། ཀླུ་དང་གནོད་སྦྱིན་རྟག་ཏུ་སྙིང་བརྩེས་བསྲུང་། ། སྟོན་བརྒྱར་མཚུངས་པར་ཚེ་ནི་སྐྱོང་བར་ཤོག ། རྣམ་འདྲེན་ཟླ་ མེད་འཇིག་རྟེན་མགོན་པོ་ཡིས། ། དེ་དག་འཐུན་པར་སྦྱིན་པའི་བསྔགས་པ་གསུངས། ། ཁྱེད་རྣམས་ཀྱི་ནི་དགེ་བའི་ལས་འདི་ཡིས། ། སྦྲང་རྩི་འབྱུང་ཞེས་བྱ་བའི་རྒྱལ་བར་འགྱུར། ། འཇིག་རྟེན་རྣམ་པར་འདྲེན་པ་རྒྱལ་བ་ཡིས། ། ལུང་བསྟན་ཆགས་མེད་འདི་ནི་དང་པོ་ཡིན། ། ཕྱིན་ཆད་ བྱང་ཆུབ་སེམས་དཔའ་མཐའ་ཡས་མང་། ། གང་དག་ལུང་བསྟན་དེ་དག་ཕྱིར་མི་ལྡོག ། རྒྱལ་བས་ལུང་བསྟན་པ་ནི་འདི་ཐོས་ནས། །
BOསེམས་ནི་མགུ་ཞིང་མཆོག་ཏུ་དགའ་གྱུར་ཏེ། ། དེ་དག་སྤུན་དང་གྲོགས་དང་ལྷན་ཅིག་ཏུ། ། དེ་དག་སངས་རྒྱས་ཆོས་ལ་སྐྱབས་སུ་དོང་། ། ག་གོན་དང་བཟང་ པོའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་བཞི་པའོ། ། ། ། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་ཤིང་སྒྲོལ་རྒྱུའི་དྲུང་ན་བཞུགས་པ་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་གཅིག་པུ་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་བཞག་ནས་འཇིག་རྟེན་དང་འཐུན་པར་ མཛད་པའི་ཕྱིར་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་ངས་ཐོབ་ཅིང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་འདི་ནི་ཟབ་པ། ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བ། གྱ་ནོམ་པ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་པ་རྟོག་གེའི་སྤྱོད་པ་མ་ཡིན་པ། འཕགས་པ་མཁས་ པ་དང་མཛངས་པས་རིག་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་བོར་བ་ཀུན་ཏུ་རིག་པ། ངེས་པར་རིག་པ། ཚོར་བ་ཐམས་ཅད་འགོག་པ། དོན་དམ་པ། ཀུན་གཞི་མེད་པ། བསིལ་བའི་དངོས་པོ། ལེན་པ་མེད་པ། ཉེ་བར་ལེན་པ་མེད་པ། རྣམ་པར་རིག་པ་མ་ཡིན་པ། རྣམ་པར་ རིག་པར་བྱ་བ་མ་ཡིན་པ། འདུས་མ་བྱས་པ་ཡུལ་དྲུག་ལས་ཤིན་ཏུ་འདས་པ། མི་རྟོག་པ་རྣམ་པར་མི་རྟོག་པ། བརྗོད་དུ་མེད་པ་སྒྲ་མེད་པ།
BOསྒྲས་བརྗོད་དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། དམིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཞི་གནས་ཀྱི་ ལམ་གྱིས་ཆོད་པ། སྟོང་པ་ཉིད་དམིགས་སུ་མེད་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པ་སྟེ། གལ་ཏེ་བདག་གིས་ཆོས་འདི་གཞན་དག་ལ་བསྟན་ལ། གལ་ཏེ་དེ་དག་གིས་མ་ཤེས་ན། དེ་ནི་བདག་ངལ་བ་དང་། ལོག་པར་བརྩལ་བ་དང་། ཆོས་བསྟན་པ་དོན་མེད་པར་འགྱུར་གྱི། བདག་སྙིང་ལས་ཆུང་ངུར་ཁ་རོག་པར་གནས་པར་བྱ་སྙམ་མོ། ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ཆོས་ནི་བདག་གིས་ཐོབ་པར་གྱུར། ། བདག་གིས་བསྟན་ ཀྱང་གཞན་གྱིས་མི་ཤེས་ཏེ། ། མི་སྨྲར་ནགས་འདབས་གནས་པར་བྱ་བ་སྙམ། ། ཚིག་བྲལ་ངག་གི་ལམ་གྱིས་མི་གོས་པ། ། དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། ། སེམས་དང་ཡིད་ཀྱིས་རྒྱུ་བ་རབ་གྲོལ་བ། ། མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། ། དོན་ཚུལ་འདི་ནི་ ཡི་གེ་རྣམས་ཀྱིས་སུ། ། ཤེས་པར་མི་ནུས་མཛངས་པས་རིག་པ་ཡིན། ། སྔོན་གྱི་རྒྱལ་ལ་ལྷག་བྱས་སེམས་ཅན་རྣམས། ། དེ་དག་ཆོས་འདི་ཐོས་ན་ཡིད་ཆེས་འགྱུར། ། འདི་ན་ཆོས་ནི་གང་ཡང་ཡོད་མིན་ཏེ། །
BOཡོད་མེད་གང་ཡིན་དེ་ནི་ཡོད་མ་ཡིན། ། གང་གིས་རྒྱུ་དང་བྱ་བ་བརྒྱུད་ ཤེས་པ། ། དེ་ལ་ཡོད་པའམ་མེད་པ་ཡོད་མ་ཡིན། ། བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་ནི། ། སྔོན་གྱི་རྒྱལ་བའི་གན་ནས་བདག་གིས་སྤྱད། ། འོན་ཀྱང་གང་ན་བདག་དང་སེམས་ཅན་དང་། ། སྲོག་མེད་བཟོད་པ་དེ་ནི་བདག་མ་ཐོབ། ། གང་ཚེ་འདི་ན་སྐྱེ་འཆི་གང་མེད་པ། ། ཆོས་འདི་ཐམས་ཅད་རང་བཞིན་བདག་མེད་པའི། ། བཟོད་འདི་བདག་གིས་ཐོབ་པ་དེ་ཡི་ཚེ། ། སངས་རྒྱས་མར་མེ་མཛད་ཀྱིས་བདག་ལུང་བསྟན། ། འཇིག་རྟེན་ཀུན་ལ་སྙིང་རྗེ་མཐའ་ཡས་ང་། ། གཞན་གྱིས་གསོལ་བ་བཏབ་ལ་ང་མི་སྡོད། ། སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། ། དེ་ཡིས་ གསོལ་བ་བཏབ་ན་འཁོར་ལོ་བསྐོར། ། གལ་ཏེ་ཚངས་པས་ང་ཡི་རྐང་པར་གཏུགས། ། རྣམ་པ་བཟང་པོ་འཚལ་འགྱུར་སེམས་ཅན་མཆིས། ། རྡུལ་བྲལ་གྱ་ནོམ་ཆོས་ཤོད་གསོལ་བཏབ་ན། ། དེ་ལྟས་ང་ཡི་ཆོས་འདི་གཟུང་འོས་འགྱུར། ། དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པས་ དེའི་ཚེ་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་འགྱུར་བའི་འོད་ཕྱུང་ངོ་། །
BOདེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་ཆེན་པོ་གཙུག་ཕུད་ཅན་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པའི་ ཐུགས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ཏེ། བཅོམ་ལྡན་འདས་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་ཅིང་ཆོས་མི་སྟོན་པར་ཤེས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་སོང་ལ་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་གོར་མ་ཆག་སྙམ་མོ། ། དེ་ནས་ཚངས་ པ་གཙུག་ཕུད་ཅན་གྱིས་དེའི་ཚེ། དེ་མ་ཡིན་པ་ཚངས་རིས་ཀྱི་ལྷའི་བུ་གཞན་དག་ལ་སྨྲས་པ། གྲོགས་པོ་དག་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། འདི་ལྟར་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ ཐུགས་བཏུད་པས། ཀྱེ་མ་འཇིག་རྟེན་འདི་ནི་མ་རུང་ངོ་། ། གྲོགས་པོ་དག་ཀྱེ་མ་འཇིག་རྟེན་འདི་ནི་རྣམ་པར་མ་རུང་ངོ་། ། བདག་ཅག་དོང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་གོར་མ་ཆག་གོ། ། དགེ་སློང་ དག་དེ་ནས་ཚངས་པ་ཆེན་པོ་གཙུག་ཕུད་ཅན་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་བསྐོར་ཏེ།
BOམདུན་དུ་བདར་ནས་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ལ་འདི་ སྐད་ཅེས་གསོལ་ཏོ། ། འདི་ལྟར་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་པས་ཀྱེ་མའོ་བཅོམ་ལྡན་འདས་འཇིག་རྟེན་འདི་ནི་མ་རུང་ངོ་། ། ཀྱེ་མའོ་བཅོམ་ལྡན་འདས་ འཇིག་རྟེན་འདི་ནི་རབ་ཏུ་མ་རུང་ངོ་། ། སེམས་ཅན་རྣམ་པ་བཟང་པོ་གོ་སླ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བར་རྔོ་ཐོགས་པ། སྐལ་བ་དང་ལྡན་པ། ནུས་པ་དང་ལྡན་པ་དག་མཆིས་ཏེ། དེ་ལྟ་ལགས་པས་བཅོམ་ལྡན་འདས་ཆོས་ལེགས་པར་བསྟན་དུ་གསོལ། བདེ་ བར་གཤེགས་པ་ཆོས་བསྟན་དུ་གསོལ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། ། ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་འགྱེད་མཛད་དེ། ། ཡེ་ཤེས་ཟེར་གྱིས་མི་ཡི་པད་མ་ཁ་འབྱེད་པ། ། སྨྲ་བའི་ཉི་མ་དེ་རིང་ཅི་སླད་ བཏང་སྙོམས་བཞུགས། ། འཕགས་པའི་ནོར་ལ་སེམས་ཅན་དག་ནི་འགྲོན་གཉེར་ཏེ། །
BOསྲོག་ཆགས་བྱེ་བ་མང་པོ་དབུགས་ཕྱུང་མཛད་ནས་ནི། ། གང་སླད་མི་གསུང་འགྲོ་ལ་བཏང་སྙོམས་མཛད་པ་འདི། ། འཇིག་རྟེན་རྩ་ལག་ཁྱོད་ལ་རིགས་པ་མ་ལགས་སོ། ། ཆོས་ཀྱི་དམ་པའི་རྔ་བོ་ཆེ་ནི་ བརྡུང་དུ་གསོལ། ། དམ་པའི་ཆོས་ཀྱི་དུང་ནི་མྱུར་དུ་བུད་དུ་གསོལ། ། ཆོས་ཀྱི་མཆོད་སྡོང་ཆེན་པོ་བསྒྲེང་བར་མཛད་དུ་གསོལ། ། ཆོས་ཀྱི་མར་མེ་ཆེན་པོ་འབར་བར་མཛད་དུ་གསོལ། ། ཆོས་ཆུ་མཆོག་གི་ཆར་པ་རབ་ཏུ་དབབ་ཏུ་གསོལ། ། སྲིད་པའི་རྒྱ་མཚོར་གནས་པ་འདི་དག་བསྒྲལ་ དུ་གསོལ། ། ནད་ཆེན་ཉོན་མོངས་འདི་དག་ཐར་བར་མཛད་དུ་གསོལ། ། ཉོན་མོངས་མེས་གདུངས་རབ་ཏུ་ཞི་བར་མཛད་དུ་གསོལ། ། བདེ་བ་ཤིས་པ་རིམས་མེད་མྱ་ངན་མེད་གྱུར་པ། ། ཞི་བའི་ལམ་ནི་ཁྱོད་ཀྱིས་ངེས་པར་བསྟན་དུ་གསོལ། ། མྱ་ངན་འདས་པའི་ལམ་དུ་མི་འགྲོ་མགོན་ མེད་པ། ། ལོག་པའི་ལམ་དུ་གནས་ལ་མགོན་པོ་ཐུགས་རྗེ་མཛོད། ། རྣམ་པར་ཐར་པའི་སྒོ་རྣམས་རབ་ཏུ་དབྱེ་བར་གསོལ། ། ཆོས་ཚུལ་འཁྲུག་པ་མ་མཆིས་དེ་ནི་གཟུང་དུ་གསོལ། ། སྐྱེ་བོ་དམུས་ལོང་དུ་ནི་གྱུར་པ་དེ་དག་ལ། ། མགོན་པོ་ཁྱོད་ཀྱིས་ཆོས་མིག་དམ་པ་སྦྱང་དུ་ གསོལ། ། མི་ཡི་ཟླ་བ་མགོན་པོ་ཁྱོད་ནི་མ་གཏོགས་པར། །
BOའཇིག་རྟེན་དག་གི་སྐྱེ་དང་རྒ་བ་སེལ་བགྱིད་པ། ། ཚངས་པའི་འཇིག་རྟེན་དང་ནི་ལྷ་ཡི་འཇིག་རྟེན་དང་། ། གནོད་སྦྱིན་དྲི་ཟ་མི་ཡི་འཇིག་རྟེན་ན་མ་མཆིས། ། ལྷ་རྣམས་ཐམས་ཅད་ལྟག་པར་སྤྱད་པར་བགྱིས་ནས་ནི། ། བདག་ནི་ ཆོས་རྒྱལ་ཁྱོད་ལ་གསོལ་བ་འདེབས་པ་ལགས། ། བསོད་ནམས་འདི་ཡིས་བདག་ཀྱང་རབ་ཏུ་མྱུར་བར་ནི། ། ཆོས་ཀྱི་འཁོར་ལོ་དམ་པ་རབ་ཏུ་སྐོར་གྱུར་ཅིག ། དགེ་སློང་དག་དེ་བཞིན་གཤེགས་པས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྗེས་སུ་གཟུང་བའི་ཕྱིར། ཐུགས་བརྩེ་ བར་དགོངས་ཏེ། ཚངས་པ་ཆེན་པོ་གཙུག་པུད་ཅན་ལ་ཅང་མི་གསུང་བས་གནང་ངོ་། ། དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པས་ཅང་མི་གསུང་བས་གནང་བར་རིག་ནས། ལྷའི་ཙན་དན་གྱི་ཕྱེ་མ་དང་། ཨ་ག་རུའི་ཕྱེ་མས་དེ་བཞིན་གཤེགས་པ་ལ་མངོན་པར་ གཏོར་ནས་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཆོས་ལ་འཇིག་རྟེན་གུས་པ་བསྐྱེད་པ་དང་། ཚངས་པ་ཆེན་པོ་གཙུག་པུད་ཅན་ཡང་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་བསྐུལ་བས་དགེ་བའི་རྩ་བ་རྣམ་པར་ སྤེལ་བ་དང་།
BOཆོས་ཀྱང་ཤིན་ཏུ་ཟབ་པའི་ཕྱིར་ཡང་གཅིག་པུ་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་བཞག་ནས། ཐུགས་ལ་འདི་ལྟ་བུར་རྣམ་པར་རྟོག་པར་གྱུར་ཏེ། བདག་གིས་ཆོས་ཟབ་པ། ཕྲ་བ། གསལ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་པ། རྟོག་གེའི་ སྤྱོད་ཡུལ་མ་ཡིན་པ། མཁས་པ་དང་མཛངས་པས་རིག་པ། འཇིག་རྟེན་ཐམས་ཅད་དང་མི་འཐུན་པ། མཐོང་བར་དཀའ་བ། ཕུང་པོ་ཐམས་ཅད་བོར་བ། འདུ་བྱེད་ཐམས་ཅད་ཉེ་བར་ཞི་བ། ཞི་གནས་ཀྱི་ལམ་གྱིས་ཆད་པ། སྟོང་པ་ཉིད་དམིགས་སུ་མེད་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བདག་གིས་ཆོས་འདི་བསྟན་ལ། གཞན་གྱིས་འདི་ཁོང་དུ་མ་ཆུད་ན་དེ་ནི་བདག་ལ་ཤིན་ཏུ་ཐོ་བཙམས་པར་འགྱུར་གྱིས་བདག་སྙིང་ལས་ཆུང་ངུར་གནས་པས་གནས་པར་བྱ་ གོར་མ་ཆག་སྙམ་མོ། ། དགེ་སློང་དག་དེ་ནས་སངས་རྒྱས་ཀྱི་མཐུས། ཚངས་པ་ཆེན་པོ་གཙུག་ཕུད་ཅན་གྱིས་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྣམ་པར་རྟོག་པ་དེ་ལྟ་བུ་དེ་སེམས་ཀྱིས་ཤེས་ནས། ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་ སྐད་ཅེས་སྨྲས་སོ། ། ཀཽ་ཤི་ཀ་ཤེས་པར་གྱིས་ཤིག །
BOདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་དེ། ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་མི་ སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་པས། ཀཽ་ཤི་ཀ་ཀྱེ་མའོ་འཇིག་རྟེན་འདི་ནི་མ་རུང་བར་འགྱུར་རོ། ། ཀཽ་ཤི་ཀ་ཀྱེ་མའོ་འཇིག་རྟེན་འདི་ནི་རྣམ་པར་མ་རུང་བར་འགྱུར་རོ། ། ཀྱེ་མའོ་འཇིག་རྟེན་འདི་ནི་མ་རིག་པའི་མུན་པ་ཆེན་པོར་བཅུག་པར་འགྱུར་ན། བདག་ཅག་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་དུ་ཅིའི་ཕྱིར་མི་འདོང་། དེ་ཅིའི་ཕྱིར་ཞེ་ན། མ་བསྐུལ་བར་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་མི་སྐོར་བའི་ཕྱིར་རོ། ། གྲོགས་པོ་ལེགས་སོ་ཞེས་ཏེ། བརྒྱ་བྱིན་དང་། ཚངས་ པ་དང་། ས་བླའི་ལྷ་རྣམས་དང་། བར་སྣང་བ་རྣམས་དང་། རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། འོད་གསལ་དང་། འབྲས་བུ་ཆེ་དང་། དགེ་རྒྱས་དང་།
BOགནས་ གཙང་མའི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་རབ་ཏུ་མང་པོ་ཁ་དོག་མངོན་པར་འཕགས་པ་དག་ནམ་སྲོས་པ་དང་། ལྷའི་ཁ་དོག་དང་། ལྷའི་སྣང་བས་ཤིང་སྒྲོལ་རྒྱུའི་དྲུང་ཉེ་ཚེ་སྣང་བར་བྱས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ། ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། ། ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ ལགས། ། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། ། འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་ཅང་མི་གསུང་བར་བཞུགས་སོ། ། དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་ སྨྲས་སོ། ། ཀཽ་ཤི་ཀ་ཇི་ལྟར་ཁྱོད་ཀྱིས་བསྐུལ་བ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་མི་གདབ་བོ། །
BOདེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ ང་ས་ལ་བཙུགས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པས་གསོལ་བ། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། ། འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། ། ཀུན་ཏུ་འཚལ་བར་ འགྱུར་བ་མཆིས་ལགས་ཀྱིས། ། ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། ། དགེ་སློང་དག་དེ་སྐད་ཅེས་གསོལ་བ་དང་། དེ་བཞིན་གཤེགས་པས་ཚངས་པ་ཆེན་པོ་གཙུག་པུད་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཚངས་པ་ངས་ཆོས་ཟབ་པ་ཕྲ་བ། གསལ་བ་འདི་མངོན་པར་ རྫོགས་པར་སངས་རྒྱས་ཞེས་བྱ་བ་ནས། དེ་ནི་བདག་ལ་ཤིན་ཏུ་ཐོ་བཙམས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྦྱར་རོ་ཚངས་པ་ཚིགས་སུ་བཅད་པ་འདི་དག་ང་ལ་རྒྱུན་དུ་སྣང་མོད་ཀྱི། ངའི་ལམ་རྒྱུན་ལས་བཟློག་པར་འགྲོ་བ་ཟབ་པ། མཐོང་བར་དཀའ་བ་དེ་ནི་འདོད་ཆགས་ཀྱིས་ལྡོངས་པ་ དག་གིས་མི་མཐོང་སྟེ། དེ་ལྟ་བས་ན་བསྟན་ཀྱང་མི་ཕན་ནོ། ། སྐྱེ་དགུ་འདོད་པ་རྣམས་ལ་བཅིངས། ། རྒྱུན་གྱིས་རབ་ཏུ་བདས་པ་ཡིན། ། ངས་འདི་ཚེགས་ནི་ཆེན་པོས་རྙེད། ། དེ་ལྟ་བས་ན་བསྟན་མི་ཕན།
BO། དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་དང་། ལྷའི་དབང་ པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ཅང་མི་གསུང་བར་གྱུར་པར་རིག་ནས། ལྷའི་བུ་དེ་དག་དང་ལྷན་ཅིག་ཏུ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། ལན་གསུམ་གྱི་བར་དུ་དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་དོ། ། དགེ་སློང་དག་དེའི་ཚེ་ཡུལ་མ་ག་དྷཱའི་ མི་རྣམས་ལ་སྡིག་པ་མི་དགེ་བའི་ལྟ་བར་གྱུར་པ་འདི་ལྟ་བུ་དག་བྱུང་བར་གྱུར་ཏེ། འདི་ལྟ་སྟེ། ཁ་ཅིག་ནི་འདི་སྐད་དུ་རླུང་ལྡང་བར་མི་འགྱུར་རོ་ཞེས་འཛེར་རོ། ། ཁ་ཅིག་ནི་འདི་སྐད་དུ་མེ་འབར་བར་མི་འགྱུར་རོ་ཞེས་འཛེར་རོ། ། ཁ་ཅིག་ནི་འདི་སྐད་དུ་ཆར་འབབ་པར་མི་འགྱུར་རོ་ཞེས་འཛེར་རོ། ། ཁ་ཅིག་ནི་ཆུ་འབབ་པར་མི་འགྱུར་རོ་ཞེས་འཛེར་རོ། ། ཁ་ཅིག་ནི་ལོ་ཏོག་སྐྱེ་བར་མི་འགྱུར་རོ་ཞེས་འཛེར་རོ། ། ཁ་ཅིག་ནི་བྱ་རྣམས་ནམ་མཁའ་ལ་འཕུར་བར་མི་འགྱུར་རོ་ཞེས་འཛེར་རོ། ། ཁ་ཅིག་ནི་སྦྲུམ་མ་རྣམས་ནད་མེད་པར་བཙའ་བར་མི་འགྱུར་རོ་ཞེས་འཛེར་རོ། །
BOདགེ་སློང་དག་དེ་ནས་ ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྣམ་པར་རྟོག་པ་དེ་ལྟ་བུ་དེ་ཡང་ཤེས། ཡུལ་མ་ག་དྷཱའི་མི་རྣམས་ཀྱི་ལྟ་བར་གྱུར་པ་དེ་དག་ཀྱང་རིག་ནས། ནམ་སྲོས་པ་དང་། ཁ་དོག་མངོན་པར་འཕགས་པ་དང་། ལྷའི་སྣང་བས་ཤིང་སྒྲོལ་རྒྱུའི་དྲུང་ཐམས་ ཅད་སྣང་བར་བྱས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་ མོ་སྦྱར་བ་བཏུད་ནས། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པ་གསོལ་པ། མ་ག་དྷཱར་ནི་སྔོན་ཆོས་མ་དག་པ། ། དྲི་མར་བཅས་པར་སེམས་པའི་སྨྲ་བ་བྱུང་། ། དེ་སླད་ཐུབ་པ་བདུད་རྩིའི་སྒོ་དབྱེ་གསོལ། ། དྲི་མེད་སངས་རྒྱས་ཆོས་ནི་ཉན་ཅིང་མཆིས། ། ཁྱོད་ནི་རང་གི་དགོས་མཛད་ རང་དབང་གྱུར། ། སྡུག་བསྔལ་མངོན་པར་འདུ་བྱེད་དྲི་མ་སྤངས། ། ཁྱོད་ཀྱི་དགེ་བ་འཕེལ་དང་འགྲིབ་མ་མཆིས། ། ཁྱོད་འདིར་ཆོས་མཆོག་ཕ་རོལ་བྱོན་པར་གྱུར། ། ཐུབ་པ་ཁྱོད་འདྲ་འཇིག་རྟེན་འདིར་མ་མཆིས། ། དྲང་སྲོང་ཆེ་ཁྱོད་ལྷག་པ་ག་ལ་མཆིས། །
BOསྲིད་གསུམ་འདི་ན་རྣམ་པར་ལྷང་ ངེ་སྟེ། ། ལྷ་མིན་གནས་ན་མཆིས་པའི་རི་བོ་འདྲ། ། སྡུག་བསྔལ་སྐྱེ་བོ་ཐུགས་རྗེ་ཆེ་བསྐྱེད་གསོལ། ། ཁྱོད་འདྲ་ནམ་ཡང་བཏང་སྙོམས་མཛད་མི་རིགས། ། ཁྱོད་ནི་མི་འཇིགས་སྟོབས་དང་ཡང་དག་ལྡན། ། ཁྱོད་ནི་སྐྱེ་བོ་རབ་ཏུ་སྒྲོལ་བར་སྤྱོད། ། ལྷ་དང་དགེ་སྦྱོང་བྲམ་ཟེར་བཅས་པ་ ཀུན། ། སྐྱེ་དགུ་འདི་དག་རིང་ནས་ཟུག་རྔུར་བཅས། ། ནད་རིམས་མ་མཆིས་ནད་མ་མཆིས་གྱུར་ཅིག ། འདི་ན་དེ་དག་སྐྱབས་ནི་གཞན་མ་མཆིས། ། ཆོས་དེ་རྒྱལ་བས་ཐུགས་སུ་ཆུད་གྱུར་ཏེ། ། ཇི་ལྟ་བཞིན་དུ་མི་ཉུང་སྟོན་འགྱུར་ཞེས། ། དགེ་བའི་སེམས་ཀྱིས་བདུད་རྩི་དོན་གཉེར་ཞིང་། ། ལྷ་ དང་མི་རྣམས་ཁྱོད་ཕྱིར་རིང་ནས་འབྲང་། ། དེ་སླད་མཐུ་རྩལ་བཟང་པོ་ཁྱོད་ལ་གསོལ། ། རིང་ནས་ལམ་ལས་ཉམས་པའི་སེམས་ཅན་ཐུལ། ། མ་ཐོས་དོན་རྣམས་རབ་ཏུ་ཐོས་པར་འཚལ། ། ཤིན་ཏུ་ཉམ་ཆུང་རྟས་པར་འཚལ་དང་འདྲ། ། རབ་ཏུ་སྐམ་པའི་ས་ལ་སྤྲིན་ལྟ་བུར། ། འདྲེན་ པ་ཆོས་ཀྱི་ཆར་པས་ཚིམ་པར་མཛོད། ། རིང་ནས་ཉམས་པའི་མི་རྣམས་སྲིད་པ་ན། ། ལྟ་ངན་ཐིབས་པོ་ཚེར་མར་བཅས་པར་རྒྱུ། ། གང་བསྒོམས་ན་ནི་བདུད་རྩི་ཐོབ་འགྱུར་བ། །
BOཚེར་མ་མ་མཆིས་དྲང་ལམ་དེ་བསྟན་གསོལ། ། ལོང་བ་གཡང་ལྷུང་འདྲེན་པ་མ་མཆིས་པ། ། འདི་ ན་དེ་དག་གཞན་གྱིས་དྲང་མི་ནུས། ། བློ་ལྡན་ཁྱུ་མཆོག་ཁྱོད་ནི་མོས་བསྐྱེད་དེ། ། གཡང་ས་ཆེན་པོར་ལྷུང་བ་གདོན་དུ་གསོལ། ། ཐུབ་པ་ཁྱོད་དང་རིང་ནས་རྟག་མི་མཇལ། ། ཨུ་དུམ་བཱ་རའི་མེ་ཏོག་བརྒྱ་ལམ་ལྟར། ། འདྲེན་པ་རྒྱལ་བ་དག་ནི་ས་ལ་འབྱུང་། ། མགོན་པོ་དལ་རྙེད་ སེམས་ཅན་དགྲོལ་དུ་གསོལ། ། རང་རྒལ་ནས་ནི་བསྒྲལ་བར་བྱའོ་ཞེས། ། སྔོན་སྲིད་ཁྱོད་ཀྱི་དགོངས་པ་འདི་འབྱུང་ངོ་། ། ད་ལྟར་ཁྱོད་ནི་ཕ་རོལ་བྱོན་པར་ངེས། ། བདེན་པའི་མཐུ་རྩལ་ཐུགས་དམ་མད་པར་མཛོད། ། ཐུབ་པ་ཆོས་ཀྱི་སྒྲོན་མས་མུན་པ་སོལ། ། དེ་བཞིན་ གཤེགས་པའི་རྒྱལ་མཚན་ཁྱོད་ཀྱིས་སྒྲེང་། ། སྙན་པའི་གསུང་བརྗོད་པ་ཡི་དུས་ལ་བབ། ། རྔ་སྒྲ་{རི་དགས་,རི་དྭགས་}དབང་ལྟར་བསྒྲག་ཏུ་གསོལ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ལ་གཟིགས་ན། སེམས་ཅན་ དམན་པ་དང་། འབྲིང་དང་། གྱ་ནོམ་དང་། མཐོ་བ་དང་། དམའ་བ་དང་། བར་མ་དང་། རྣམ་པ་བཟང་པོ་དང་། རྣམ་པར་སྦྱང་སླ་བ་དང་། རྣམ་པ་ངན་པ་དང་། །
BOརྣམ་པར་སྦྱང་དཀའ་བ་དང་། ཟུར་ཙམ་གྱིས་གོ་བ་དང་། ཚིག་ལྷུར་ལེན་པ་དང་། སེམས་ཅན་གྱི་ཕུང་པོ་ གསུམ་སྟེ། གཅིག་ནི་ལོག་པ་ཉིད་དུ་ངེས་པ་དང་། གཅིག་ནི་ཡང་དག་པ་ཉིད་དུ་ངེས་པ་དང་། གཅིག་ནི་མ་ངེས་པ་གཟིགས་སོ། ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མི་ཞིག་རྫིང་གི་འགྲམ་ན་འདུག་པས་པད་མ་ཁ་ཅིག་ནི་ཆུའི་ནང་ནས་འཐོན། ཁ་ཅིག་ནི་ཆུ་དང་མཉམ། ཁ་ ཅིག་ནི་ཆུ་ལས་འཕགས་པ་དག་མཐོང་ངོ་། ། དགེ་སློང་དག་དེ་བཞིན་དུ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ན་སེམས་ཅན་ཕུང་པོ་གསུམ་དུ་རྣམ་པར་གནས་པ་དག་གཟིགས་སོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་ སྙམ་དུ་དགོངས་ཏེ། ངས་ཆོས་བསྟན་ཀྱང་རུང་། མ་བསྟན་ཀྱང་རུང་སྟེ། གང་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་འདི་ནི་ཆོས་འདི་ཤེས་པར་མི་འགྱུར་རོ། ། ངས་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ། གང་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་འདི་ནི་ཆོས་འདི་ཤེས་པར་འགྱུར་ རོ། ། མ་ངེས་པའི་ཕུང་པོ་གང་ཡིན་པ་འདི་ནི་གལ་ཏེ་ཆོས་བསྟན་ན་ནི་ཤེས་པར་འགྱུར། ཇི་སྟེ་ཆོས་མ་བསྟན་ན་ནི་ཤེས་པར་མི་འགྱུར་རོ་སྙམ་མོ། །
BOདགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་མ་ངེས་པའི་ཕུང་པོར་རྣམ་པར་གནས་པའི་སེམས་ཅན་རྣམས་ལས་བརྩམས་ཏེ་ཐུགས་ རྗེ་ཆེན་པོ་བསྐྱེད་དོ། ། དེ་ནས་དེ་བཞིན་གཤེགས་པས་བདག་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་འདིའི་དབང་དུ་མཛད་དེ། ཚངས་པ་ཆེན་པོ་གཙུག་ཕུད་ཅན་གྱིས་བསྐུལ་བ་ཡང་མཁྱེན་ནས། ཚངས་པ་ཆེན་པོ་གཙུག་པུད་ཅན་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། ། ཚངས་པ་མ་ག་དྷཱ་ཡི་སེམས་ཅན་གང་། ། རྣ་བ་ལྡན་ཞིང་དད་དང་ལྡན་གྱུར་ལ། ། མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པས། ། དེ་དག་ལ་ནི་བདུད་རྩིའི་སྒོ་ཕྱེའོ། ། དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པས་གནང་བར་རིག་ནས་ཚིམ་ཞིང་མགུ་ལ་ ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། དགེ་སློང་དག་དེ་ནས་དེའི་ཚེ་ས་བླའི་ལྷ་རྣམས་ཀྱིས་བར་སྣང་གི་ལྷ་རྣམས་ལ་ཚིག་ཏུ་བརྗོད་ཅིང་སྒྲ་བསྒྲགས་པ། གྲོགས་པོ་དག་དོ་མོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་སྟེ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་།
BOསྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ ཀྱི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། ། ཀྱེ་གྲོགས་པོ་དག་ལྷ་མ་ཡིན་གྱི་རིས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ། ། ལྷའི་རིས་ནི་ཡོངས་སུ་རྫོགས་པར་འགྱུར་རོ། ། འཇིག་རྟེན་ན་སེམས་ཅན་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། དེ་ལྟར་བར་སྣང་གི་ལྷ་རྣམས་ ཀྱིས་ས་བླའི་ལྷ་རྣམས་ལས་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་སྒྲར་བརྗོད་དོ། ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ལའོ། ། དེ་དག་གིས་ཀྱང་ ཚངས་རིས་ཀྱི་ལྷ་རྣམས་ལ་ཚིག་ཏུ་བརྗོད་ཅིང་སྒྲ་བསྒྲགས་ཏེ། གྲོགས་པོ་དག་དོ་མོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་སྟེ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་ རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །
BOཀྱེ་གྲོགས་པོ་དག་ལྷ་མ་ཡིན་གྱི་རིས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ། ། ལྷའི་རིས་ནི་ཡོངས་སུ་འཕེལ་བར་འགྱུར་རོ། ། འཇིག་རྟེན་ན་སེམས་ཅན་མང་པོ་ཡོངས་སུ་མྱ་ངན་ ལས་འདའ་བར་འགྱུར་རོ། ། དགེ་སློང་དག་དེ་ལྟར་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་ས་བླའི་ལྷ་རྣམས་ནས་བཟུང་སྟེ། ཚངས་རིས་ཀྱི་ལྷའི་བར་མན་ཆད་དུ་གྲོགས་པོ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོ་མོད་ཆོས་ ཀྱི་འཁོར་ལོ་བསྐོར་བར་གནང་སྟེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྒྲ་སྐད་གཅིག་མངོན་དུ་བྱུང་བར་གྱུར་ཏོ། ། དགེ་སློང་དག་དེ་ནས་བྱང་ཆུབ་ཀྱི་ཤིང་གི་ལྷ་ཆོས་སྲེད་ཅེས་བྱ་བ་དང་། ཆོས་འདོད་དང་། ཆོས་ཀྱི་བློ་གྲོས་དང་། ཆོས་སྤྱོད་དང་། བྱང་ཆུབ་ཀྱི་ཤིང་གི་ལྷ་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་ པའི་ཞབས་གཉིས་ལ་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པས་ལྷ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་ དགས་ཀྱི་ནགས་སུའོ། ། དེ་དག་གིས་གསོལ་པ།
BOབཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ཎ་སཱི་ནི་སྐྱེ་བོའི་ཚོགས་ཆུང་བ་ལགས། {རི་དགས་,རི་དྭགས་}ཀྱི་ནགས་ནི་ཞུགས་ཤིང་གི་གྲིབ་མ་ཆུང་བ་ལགས་ཏེ། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགྱེས་པ། མི་དང་སྐྱེ་བོ་མང་པོས་གང་བ། སྐྱེད་མོས་ཚལ་དང་། ནགས་དང་ནགས་འདབས་ཀྱིས་བརྒྱན་པ། གཞན་དག་ཀྱང་མཆིས་ན། བཅོམ་ལྡན་འདས་དེ་དག་ཅིག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ། དེ་བཞིན་གཤེགས་པས་བཀའ་སྩལ་པ། བཞིན་{བཟངས་,བཟང་} དག་དེ་སྐད་མ་ཟེར་ཅིག ། དེ་ཅིའི་ཕྱིར་ཞེ་ན། དེར་ནི་ང་ཡིས་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་དྲུག་ཅུ་བྱས། ། དེར་ནི་སངས་རྒྱས་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དེ་དག་མཆོད། ། བཱ་རཱ་ཎ་སཱི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། ། ས་དེ་ལྷ་དང་ཀླུ་ཡིས་མངོན་བསྟོད་རྟག་ཏུ་ཆོས་ནི་ མངོན་པར་གཞོལ། ། ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན། ། དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། ། ཞི་ཞིང་ཉེར་ཞི་བསམ་གཏན་མངོན་གྱུར་རྟག་ཏུ་{རི་དགས་,རི་དྭགས་}རྣམས་ཀྱིས་བསྟེན། །
BOདེ་ཕྱིར་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ ལོ་དམ་པ་བསྐོར། ། བསྐུལ་བའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་ལྔ་པའོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་བདུན་པ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་བྱ་བ་མཛད་པ། བྱེད་པ་མཛད་པ། བཅིངས་པ་ཐམས་ཅད་ཡང་དག་པར་ཆད་པ། ཉོན་མོངས་པ་ཐམས་ཅད་བསལ་བ། དྲི་མ་དང་ཉོན་མོངས་པ་སྦྱངས་པ། བདུད་ཕྱིར་རྒོལ་བ་བཅོམ་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚུལ་གྱི་རྗེས་སུ་ཞུགས་པ། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ། སྟོབས་བཅུ་ དང་ལྡན་པ། མི་འཇིགས་པ་བཞི་བརྙེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་རབ་ཏུ་རྫོགས་པ། སྤྱན་ལྔ་དང་ལྡན་པ། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མི་མངའ་བས་འཇིག་རྟེན་ཐམས་ཅད་ལ་གཟིགས་ནས་འདི་སྙམ་དུ་དགོངས་ཏེ། ངས་ཐམས་ཅད་ཀྱི་ཐོག་མར་གང་ལ་ཡང་ཆོས་བསྟན་ པར་བྱ། སེམས་ཅན་དག་པ། རྣམ་པ་བཟང་བ། གདུལ་སླ་བ། གོ་སླ་བ། སྦྱང་སླ་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པ། གང་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བ། གང་དག་ལ་བདག་གིས་ཐོག་མར་ཆོས་ བསྟན་པར་བྱ།
BOགང་ལ་ཆོས་འདི་བསྟན་ནས་ཀྱང་ཤེས་པར་འགྱུར་ཞིང་ཐོ་འཚམ་པར་མི་འགྱུར་བ་ནི་གང་ཡིན་སྙམ་མོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་ནི་དག་པ། རྣམ་པ་བཟང་བ། གདུལ་སླ་བ། གོ་སླ་བ། སྦྱང་སླ་བ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པ་སྟེ། དེ་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བའོ། ། དེ་ནི་ཉན་ཐོས་རྣམས་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བརྟུལ་ཞུགས་དང་འཐུན་པར་ཆོས་སྟོན་པ་ཡིན་ན། དེ་ད་ལྟར་ག་ལ་ འདུག་སྙམ་དགོངས་པ་དང་། དེ་འཆི་བའི་དུས་བྱས་ནས་དེང་དུ་ཞག་བདུན་ལོན་པར་མཁྱེན་ཏོ། ། ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། རངས་བྱེད་ ཀྱི་བུ་ལྷག་སྤྱོད་གུམ་ནས་དེང་དུ་དགུང་བདུན་ལགས་སོ། ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། ཨེ་མ་རངས་བྱེད་ཀྱི་བུ་ལྷག་སྤྱོད་དེ་ཆོས་ཤིན་ཏུ་བཟང་པོ་འདི་ལྟ་བུ་འདི་མ་ཐོས་པར་ཤི་བའི་དུས་བྱས་པ་ནི་ཆེར་ཉམས་སོ། །
BOགལ་ཏེ་དེས་ཆོས་འདི་ཐོས་ན་ཤེས་པར་འགྱུར་ཏེ། དེ་ལ་ བདག་གིས་ཐོག་མར་ཆོས་བསྟན་པར་བྱ་ཞིང་དེ་ཡང་བདག་ལ་ཐོ་འཚམས་པར་མི་འགྱུར་རོ་སྙམ་མོ། ། དགེ་སློང་དག་དེ་བཞིན་གཤེགས་པས་ཡང་འདི་སྙམ་དུ་དགོངས་ཏེ། སེམས་ཅན་དག་པ་གདུལ་སླ་བ་ཞེས་བྱ་བ་ནས། ངའི་ཆོས་བསྟན་པ་ཐོ་འཚམ་པར་མི་འགྱུར་བ་ཞེས་བྱ་བའི་བར་དུ་སྔ་ མ་བཞིན་ཏེ། དེ་ལྟ་བུ་གཞན་སུ་ཡོད་སྙམ་མོ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ནི་དག་པ་ཞེས་བྱ་བ་ནས། ངའི་ཆོས་བསྟན་པ་ཐོ་འཚམ་པར་མི་འགྱུར་ཞེས་བྱ་བའི་བར་དུ་སྟེ། དེ་ད་ལྟར་ག་ལ་འདུག་སྙམ་དགོངས་ན། དེ་ཡང་འཆི་ བའི་དུས་བྱས་ནས་དེང་དུ་ཞག་གསུམ་ལོན་པར་མཁྱེན་ཏོ། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་དོན་དེ་དེ་བཞིན་གཤེགས་པ་ལ་གསོལ་ཏེ། ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། ། བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གུམ་ནས་དེང་དུ་དགུང་ གསུམ་ལགས་སོ། ། དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ།
BOཨེ་མ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དེ་ཆོས་ཤིན་ཏུ་བཟང་པོ་འདི་ལྟ་བུ་འདི་མ་ཐོས་པར་ཤི་བ་ནི་ཆེར་ཉམས་སོ་སྙམ་མོ། ། དགེ་སློང་དག་དེ་བཞིན་གཤེགས་པས་ཡང་འདི་སྙམ་དུ་དགོངས་ཏེ། སེམས་ཅན་དག་པ་ རྣམ་པ་བཟང་བ་ཞེས་བྱ་བ་ནས་ངའི་ཆོས་བསྟན་པ་ཐོ་འཚམ་པར་མི་འགྱུར་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེ་ལྟ་བུ་གཞན་སུ་ཡོད་སྙམ་མོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་འདི་སྙམ་དུ་དགོངས་ཏེ། ལྔ་སྡེ་བཟང་པོ་རྣམས་ནི་དག་པ། རྣམ་པ་བཟང་བ། གདུལ་སླ་བ། གོ་སླ་ བ། རྣམ་པར་སྦྱང་སླ་བ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པ་སྟེ། དེ་དག་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བའོ། ། ང་དཀའ་བ་སྤྱད་པ་སྤྱོད་པ་ན་ཡང་དེ་དག་གིས་བསྙེན་བཀུར་བྱས་པར་གྱུར་ཏེ། དེ་དག་ངས་ཆོས་བསྟན་ན་ ཤེས་པར་འགྱུར་ཞིང་། ང་ལ་ཐོ་འཚམ་པར་མི་འགྱུར་རོ་སྙམ་མོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། བདག་གིས་ལྔ་སྡེ་བཟང་པོ་རྣམས་ལ་ཐོག་མར་ཆོས་བསྟན་པར་བྱ་གོར་མ་ཆག་སྙམ་མོ། ། དགེ་སློང་དག་དེ་ནས་ཡང་དེ་བཞིན་གཤེགས་པ་འདི་ སྙམ་དུ་དགོངས་ཏེ།
BOལྔ་སྡེ་བཟང་པོ་དག་ད་ལྟར་གང་ན་འཁོད་སྙམ་མོ། ། དེ་ནས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ན་ལྔ་སྡེ་བཟང་པོ་དག་གྲོང་ཁྱེར་བཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་{རི་དགས་,རི་དྭགས་}ཀྱི་ནགས་ན་འཁོད་ པར་གཟིགས་སོ། ། གཟིགས་ནས་ཀྱང་དེ་བཞིན་གཤེགས་པས་འདི་སྙམ་དུ་དགོངས་ཏེ། བདག་གིས་ལྔ་སྡེ་བཟང་པོ་རྣམས་ལ་ཐམས་ཅད་ཀྱི་ཐོག་མར་ཆོས་བསྟན་པར་བྱ་གོར་མ་ཆག་གོ། ། དེ་དག་གིས་ངས་ཐམས་ཅད་ཀྱི་ཐོག་མར་ཆོས་བསྟན་པ་ཀུན་ཤེས་པར་འགྱུར་རོ་སྙམ་མོ། ། དགེ་ སློང་དག་དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སྤྱད་པ་དང་ལྡན་པ་ཆོས་དཀར་པོ་རྣམས་ཤིན་ཏུ་ཡོངས་སུ་བསྡུས་པ། ཐར་པའི་ལམ་ལ་མངོན་དུ་ཕྱོགས་པ། བགེགས་དང་བྲལ་བ་དག་གོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་དེ་སྙམ་དུ་དགོངས་ནས་བྱང་ཆུབ་ཀྱི་སྙིང་པོ་ལས་བཞེངས་ ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཤེགས་ནས། མཐར་གྱིས་ཡུལ་མ་ག་དྷཱར་རྒྱུ་ཞིང་ཡུལ་གསལ་ལྡན་དུ་གཤེགས་སོ། ། དེ་ནས་རི་ག་ཡཱ་དང་།
BOབྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཀུན་དུ་འཚོ་བ་པ་གཞན་ཞིག་གིས་དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་ གཤེགས་པ་མཐོང་ངོ་། ། མཐོང་ནས་ཀྱང་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ཕྱོགས་གཅིག་ཏུ་འདུག་གོ། ། དགེ་སློང་དག་ཕྱོགས་གཅིག་ཏུ་འདུག་ནས་ཀྱང་ཀུན་ཏུ་འཚོ་བ་པ་དེ་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ ནས་འདི་སྐད་ཅེས་གསོལ་ཏོ། ། ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ནི་ཤིན་ཏུ་གསལ་ལོ། ། ཁྱོད་ཀྱི་པགས་པའི་མདོག་ནི་སེར་པོར་གདའ་ཞིང་ཡོངས་སུ་དག་ལ་ཡོངས་སུ་བྱང་བ་སྟེ། འདི་ལྟ་སྟེ་དཔེར་ན། སྟོན་ཀ་རྒྱ་ཤུག་ཁ་དོག་རྩ་སེར་ཞིང་འོད་གསལ་ཏེ། སེར་པོར་གདའ་བ་དེ་ བཞིན་དུ་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ཡོངས་སུ་དག་ཅིང་། ཞལ་གྱི་དཀྱིལ་འཁོར་ཡང་ཡོངས་སུ་དག་ལ་ཡོངས་སུ་བྱང་བའོ། ། འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་འབྲས་བུ་སྨིན་པ་རྩ་བ་ནས་ཆད་མ་ཐག་པའི་རྩ་བ་ལོགས་སེར་པོར་གདའ་བ་ལགས་ཏེ། ཡོངས་སུ་དག་ཅིང་ཡོངས་སུ་བྱང་བ་དེ་ བཞིན་དུ་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ནི་ཡོངས་སུ་དག་ལ། ཞལ་གྱི་དཀྱིལ་འཁོར་ནི་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བའོ། །
BOའདི་ལྟ་སྟེ་དཔེར་ན། འཛམ་བུའི་ཆུ་བོའི་གསེར་གྱི་མགུལ་རྒྱན་ཐབ་ནས་ཕྱུང་སྟེ། མགར་བའི་བུ་མཁས་པས་ལེགས་པར་ཡོངས་སུ་སྦྱང་བ་བགྱིས་པ། ལ་ བ་དུར་ཀའི་ནང་དུ་སྩལ་ན། ཁ་དོག་དང་ལྡན་པར་འགྱུར་ཏེ། ཡོངས་སུ་དག་ཅིང་ཡོངས་སུ་བྱང་ལ། སེར་པོར་གདའ་ཞིང་འོད་གསལ་བར་འགྱུར་རོ། ། དེ་བཞིན་དུ་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ནི་ཤིན་ཏུ་གསལ། པགས་པའི་མདོག་ནི་ཡོངས་སུ་དག་ཞལ་གྱི་དཀྱིལ་འཁོར་ནི་ཡོངས་སུ་ བྱང་བ་ལགས་སོ། ། ཚེ་དང་ལྡན་པ་གཽ་ཏ་མ་སུ་ལས་ཚངས་པར་སྤྱད་པ་སྤྱོད། དགེ་སློང་དག་དེ་སྐད་ཅེས་གསོལ་བ་དང་། དེ་བཞིན་གཤེགས་པས་ཀུན་ཏུ་འཚོ་བ་པ་དེ་ལ་ཚིགས་སུ་བཅད་པས་སླར་བཀའ་སྩལ་པ། ང་ལ་སློབ་དཔོན་གང་ཡང་མེད། ། ང་དང་འདྲ་བ་ཡོད་མ་ཡིན། ། ང་ནི་གཅིག་པུ་རྫོགས་སངས་རྒྱས། ། བསིལ་གྱུར་ཟག་པ་མེད་པ་ཡིན། ། དེས་སྨྲས་པ། གཽ་ཏ་མ་བདག་ཉིད་དགྲ་བཅོམ་པར་ཞལ་གྱིས་འཆེའམ། དེ་བཞིན་གཤེགས་པས་བཀའ་སྩལ་པ། ང་ཉིད་འཇིག་རྟེན་དགྲ་བཅོམ་པ། ། ང་ནི་སྟོན་པ་བླ་ན་མེད། ། ལྷ་དང་ལྷ་མིན་དྲི་ ཟར་བཅས། ། ང་ཡི་དོ་ཟླ་གང་ཟག་མེད། ། དེས་སྨྲས་པ། གཽ་ཏ་མ་བདག་ཉིད་རྒྱལ་བ་ལགས་པར་ཞལ་གྱིས་འཆེའམ། དེ་བཞིན་གཤེགས་པས་བཀའ་སྩལ་པ། །
BOགང་དག་ཟག་པ་ཟད་བརྙེས་པ། ། ང་འདྲ་རྒྱལ་བར་ཤེས་པར་བྱ། ། ང་ནི་སྡིག་པའི་ཆོས་ལས་རྒྱལ། ། དེ་བས་ ཉེ་འགྲོ་ང་རྒྱལ་ཡིན། ། དེས་སྨྲས་པ། ཚེ་དང་ལྡན་པ་གཽ་ཏ་མ་དགར་བཞུད། ། དེ་བཞིན་གཤེགས་པས་བཀའ་སྩལ་པ། ། ང་ནི་བཱ་རཱ་ཎ་སཱིར་འགྲོ། ། གྲོང་ཁྱེར་གསལ་ལྡན་སོང་ནས་ནི། ། ལོང་བ་ལྟ་བུའི་འཇིག་རྟེན་ལ། ། མཚུངས་པ་མེད་པའི་འོད་བྱའོ། ། ང་ནི་བཱ་རཱ་ཎ་སཱིར་འགྲོ། ། གྲོང་ཁྱེར་གསལ་ལྡན་སོང་ནས་ནི། ། འོན་པ་ལྟ་བུའི་འཇིག་རྟེན་ལ། ། བདུད་རྩིའི་རྔ་ཆེན་བརྡུང་བར་བྱ། ། ང་ནི་བཱ་རཱ་ཎ་སཱིར་འགྲོ། ། གྲོང་ཁྱེར་གསལ་ལྡན་སོང་ནས་ནི། ། འཇིག་རྟེན་དུ་ནི་མ་བསྐོར་བའི། ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། ། ཀུན་དུ་འཚོ་བ་པ་དེས་གཽ་ཏ་མ་དེ་བཞིན་དུ་ འགྱུར་རོ། ། དེ་བཞིན་དུ་འགྱུར་རོ་ཞེས་སྨྲས་ཏེ། ལྷོ་ཕྱོགས་ལོགས་སུ་སོང་ངོ་། ། དེ་བཞིན་གཤེགས་པ་ནི་བྱང་ཕྱོགས་ལོགས་སུ་བཞུད་དོ། ། དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པ་རི་ག་ཡཱའི་ཀླུའི་རྒྱལ་པོ་ཤིན་ཏུ་བལྟ་མཛེས་ཀྱིས་བཞུགས་སུ་གསོལ་བ་དང་། བཤོས་ གསོལ་བར་སྤྱན་དྲངས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཉེ་གནས་སུ་གཤེགས་སོ། །
BOདེ་ནས་ཀྱང་ལྟེང་རྒྱས་ལྟར་གཤེགས་སོ། ། དེ་ནས་ཀྱང་ཙན་ད་ལྟར་གཤེགས་སོ། ། དེ་ནས་གྲོང་ཁྱེར་ཁ་ལོ་སྒྱུར་དུ་གཤེགས་སོ། ། དགེ་སློང་དག་དེ་དག་ཏུ་ཡང་ཁྱིམ་བདག་རྣམས་ཀྱིས་དེ་བཞིན་ གཤེགས་པ་བཞུགས་སུ་གསོལ་བ་དང་། བཤོས་གསོལ་བར་སྤྱན་དྲངས་ཏེ། མཐར་གྱིས་ཀླུང་ཆེན་པོ་གང་གཱའི་འགྲམ་དུ་གཤེགས་སོ། ། དགེ་སློང་དག་དེའི་ཚེ་ཀླུང་ཆེན་པོ་གང་གཱ་ཤིན་ཏུ་བྲུག་སྟེ། མུ་དང་མཉམ་པར་འབབ་བོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་ཕ་རོལ་ཏུ་ གཤེགས་པའི་ཕྱིར། མཉན་པའི་གན་དུ་གཤེགས་པ་དང་། དེས་གསོལ་པ། གཽ་ཏ་མ་གྲུ་བཙས་སྩལ་དུ་གསོལ། གྲོགས་པོ་ང་ལ་གྲུ་བཙས་མེད་དོ་ཞེས་བཀའ་སྩལ་ནས། དེ་བཞིན་གཤེགས་པ་ནམ་མཁའ་ལས་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་གཤེགས་སོ། ། དེ་ནས་མཉན་པ་དེས་དེ་མཐོང་ནས་སྦྱིན་གནས་རྣམ་པ་འདི་ལྟ་བུ་འདི་བདག་གིས་མ་བསྒྲལ་ཏོ་ཞེས་ཤིན་ཏུ་འགྱོད་དེ། ཀྱི་ཧུད་མཚར་བྱས་སོ་ཞེས་སྨྲས་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། ། དེ་ནས་མཉན་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཇོ་བོ་དགེ་སྦྱོང་གཽ་ཏ་མ་ལ་གྲུ་བཙས་སྩལ་བར་གསོལ་ན། གྲུ་བཙས་མེད་དོ་ཞེས་གསུངས་ཏེ།
BOནམ་མཁའ་ལས་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་གཤེགས་སོ་ཞེས་དེའི་ལོ་རྒྱུས་བསྙད་དོ། ། དེ་སྐད་ཐོས་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཕྱིན་ཆད་རབ་ཏུ་བྱུང་བ་ཐམས་ཅད་ལ་གྲུ་བཙས་མི་དབབ་པར་བྱས་སོ། ། དགེ་སློང་དག་དེ་ལྟར་ དེ་བཞིན་གཤེགས་པ་མཐར་གྱིས་ཡུལ་རྒྱུ་བ་རྒྱུ་ཞིང་གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱི་ག་ལ་བ་དེར་གཤེགས་སོ། ། གཤེགས་ནས་ནང་པར་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱིར་བསོད་སྙོམས་ཀྱི་ཕྱིར་གཤེགས་ཏེ། དེར་བསོད་སྙོམས་ཀྱི་ ཕྱིར་གཤེགས་ནས། བསོད་སྙོམས་ཀྱི་ཞལ་ཟས་མཇུག་ཏུ་གསོལ་ཏེ། ཟས་ཀྱི་བྱ་བ་བྱས་ནས་དྲང་སྲོང་ལྷུང་བ་{རི་དགས་,རི་དྭགས་}ཀྱི་ནགས་ག་ལ་བ་དང་། ལྔ་སྡེ་བཟང་པོ་ག་ལ་བ་དེར་གཤེགས་པ་དང་། ལྔ་སྡེ་བཟང་པོ་དག་གིས་དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་། ། མཐོང་ནས་ཀྱང་འདི་སྐད་དུ་ཚེ་དང་ལྡན་པ་དག་དགེ་སྦྱོང་གཽ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་འདི་འོངས་ཏེ། འདིས་སྔོན་གྱི་དཀའ་བ་སྤྱད་པ་དེས་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ།
BOའཕགས་པའི་ཡེ་ཤེས་མཐོང་བའི་ཁྱད་པར་ཅུང་ཟད་ཀྱང་མངོན་སུམ་དུ་བྱེད་མ་ནུས་ ནས། ད་ལྟར་ཁ་ཟས་རགས་པ་ཟ་ཞིང་བསོད་སྙོམས་ལ་སྦྱོར་བ་དང་ལྡན་པར་གནས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷོད་པ་མང་དུ་ཟ་བ། འདི་ལ་སྐལ་བ་མེད་ཀྱིས་གང་གིས་ཀྱང་འདི་བསུ་བར་མི་བྱའོ། ། ལྡང་བར་མི་བྱའོ། ། ཆོས་གོས་དང་ལྷུང་བཟེད་བླང་བར་མི་བྱའོ། ། སྟན་དང་ཡོངས་ སུ་སྤྱད་པར་འོས་པའི་བཏུང་བ་དང་། རྐང་པ་གཞག་པ་ཡང་སྦྱིན་པར་མི་བྱའོ། ། སྟན་ལྷག་པ་གཞན་ནི་མ་གཏོགས་ཏེ། ཚེ་དང་ལྡན་པ་གཽ་ཏ་མ་སྟན་ལྷག་པ་གཞན་འདི་དག་ཡོད་ཀྱིས་ཇི་སྟེ་འདོད་ན་འདུག་ཤིག་པར་བརྗོད་དོ་ཞེས་འོག་ཁྲིམས་བཅས་སོ། ། ཚེ་དང་ལྡན་པ་ཀུན་ཤེས་ ཀཽཎྜི་ནྱས་སེམས་ཀྱིས་ནི་ཁས་མ་བླངས་ཏེ་ཚིག་གིས་ནི་མི་རུང་ཞེས་མ་བྱས་སོ། ། དགེ་སློང་དག་དེ་བཞིན་གཤེགས་པ་ཇི་ལྟ་ཇི་ལྟར་ལྔ་སྡེ་བཟང་པོ་ག་ལ་བ་དེར་གཤེགས་པ་དེ་ལྟ་དེ་ལྟར་དེ་དག་རང་རང་གི་སྟན་ལ་མི་དགའ་ཞིང་ལྡང་འདོད་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་འདབ་ཆགས་བྱ་སྐོན་པར་ བཅུག་པར་གྱུར་ལ། སྐོན་པ་དེའི་འོག་ནས་མེས་བདུགས་ན། དེ་མེས་གདུངས་པས་མྱུར་བ་མྱུར་བར་འཕར་བར་འདོད་ཅིང་འཕུར་འདོད་པ་དེ་བཞིན་དུ།
BOདེ་བཞིན་གཤེགས་པ་ཇི་ལྟ་ཇི་ལྟར་ལྔ་སྡེ་བཟང་པོ་དག་གི་གན་དུ་གཤེགས་པ་དེ་ལྟ་དེ་ལྟར་ལྔ་སྡེ་བཟང་པོ་དག་རང་རང་གི་སྟན་ལ་མི་ དགའ་ཞིང་ལྡང་འདོད་པར་གྱུར་ཏོ། ། དེ་ཅིའི་ཕྱིར་ཞེ་ན། གང་དག་དེ་བཞིན་གཤེགས་པ་མཐོང་ནས་སྟན་ལས་མི་ལྡང་བའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་གང་ཡང་མེད་དོ། ། དེ་བཞིན་གཤེགས་པ་ཇི་ལྟ་ཇི་ལྟར་ལྔ་སྡེ་བཟང་པོ་དག་གི་གན་དུ་གཤེགས་པ་དེ་ལྟ་དེ་ལྟར་ལྔ་སྡེ་ བཟང་པོ་དག་གིས་དེ་བཞིན་གཤེགས་པའི་དཔལ་དང་གཟི་བརྗིད་མ་བཟོད་ནས་སྟན་གྱི་སྟེང་ན་འདར་ཞིང་ཀུན་གྱི་ས་འོག་ཁྲིམས་ཞིག་སྟེ། སྟན་ལས་ལངས་ནས་ལ་ལ་ནི་རིམ་གྲོ་བྱེད། ལ་ལས་ནི་བསུ་སྟེ་ན་བཟའ་ཆོས་གོས་དང་ལྷུང་བཟེད་བླངས། ལ་ལས་ནི་གདན་བཏིང་། ལ་ལས་ནི་ཞབས་གཞག་པ་བཤམས། ལ་ལས་ནི་ཞབས་བཀྲུ་བའི་ཆུ་བཤམས་ཏེ། འདི་སྐད་ཅེས་ཀྱང་གསོལ་ཏོ། ། ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་ལེགས་པར་བྱོན་ཏོ། ། གདན་བཏིང་བ་འདི་ལ་བཞུགས་སུ་གསོལ། དགེ་སློང་དག་དེ་བཞིན་གཤེགས་པ་གདན་བཏིང་བ་ལ་ བཞུགས་ནས།
BOལྔ་སྡེ་བཟང་པོ་དག་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བར་བྱ་བ་དང་ཡང་དག་པར་ཆགས་པར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་དེ་བཞིན་གཤེགས་པ་ལ་ལྔ་སྡེ་བཟང་ པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། ། ཚེ་དང་ལྡན་པ་གཽ་ཏ་མའི་དབང་པོ་རྣམས་ནི་རབ་ཏུ་གསལ་ལོ། ། པགས་པའི་མདོག་ནི་ཡོངས་སུ་དག་གོ། ། ཞེས་བྱ་བ་ཐམས་ཅད་སྔ་མ་བཞིན་ནོ། ། ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་ལ་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པའི་ཡེ་ཤེས་ མཐོང་བའི་ཁྱད་པར་{ཆུང་ཟད་,ཅུང་ཟད་}མངོན་སུམ་དུ་མཛད་པ་ལྟ་མངའ་འམ། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པས་ལྔ་སྡེ་བཟང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དགེ་སློང་དག་ཁྱེད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་རྗོད་ཅིག ། ཁྱེད་ལ་ཡུན་རིང་ པོར་གནོད་པ་དང་མི་ཕན་པ་དང་། མི་བདེ་བར་གྱུར་ཏ་རེ། དགེ་སློང་དག་ངས་ནི་བདུད་རྩི་དང་འཆི་བ་མེད་པར་འགྲོ་བའི་ལམ་མངོན་དུ་བྱས་སོ། ། དགེ་སློང་དག་ང་ནི་སངས་རྒྱས་སོ། ། ཐམས་ཅད་མཁྱེན་པའོ། ། ཐམས་ཅད་གཟིགས་པའོ། ། བསིལ་བར་གྱུར་པའོ། ། ཟག་པ་ཟད་ པའོ། །
BOཆོས་ཐམས་ཅད་ལ་དབང་བའོ། ། དགེ་སློང་དག་ངས་ཁྱེད་ལ་ཆོས་བཤད་ཀྱིས་ཚུར་ཤོག ། ཉོན་ཅིག ། ནན་ཏན་གྱིས་ཤིག ། རྣ་བ་ལྷོགས་ཤིག་དང་། ངས་གདམས་ཤིང་རྗེས་སུ་བསྟན་ཏོ། ། ངས་ཇི་ནས་ཡང་དག་པར་བཤད་ཅིང་ཡང་དག་པར་རྗེས་སུ་བསྟན་ན། ཁྱེད་ཀྱང་ ཟག་པ་རྣམས་ཟད་ནས་ཟག་པ་ཟད་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་དུ་བྱས་ཏེ་ཉེ་བར་བསྒྲུབས་ནས། བདག་གི་སྐྱེ་བ་ཟད་དོ། ། ཚངས་པར་སྤྱོད་པ་བསྙེན་ཏོ། ། བྱ་བ་བྱས་སོ། ། འདི་ལས་སྲིད་པ་ གཞན་མི་ཤེས་སོ། ། ཞེས་ཤེས་པར་འགྱུར་རོ། ། དགེ་སློང་དག་ཁྱེད་ཚེ་དང་ལྡན་པ་དག་དགེ་སྦྱོང་གཽ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་འདི་འོངས་ཏེ་ཞེས་བྱ་བ་ནས་ཇི་སྟེ་འདོད་ན་འདུག་ཤིག་ཅེས་བྱ་བའི་བར་ཐམས་ཅད་སྔ་མ་བཞིན་ཏེ། དེ་སྙམ་དུ་མ་བསམས་སམ། དགེ་སློང་ དག་དེ་སྐད་ཅེས་མ་ཟེར་ཅིག་ཅེས་བཀའ་སྩལ་པ་དང་། དེ་དག་མུ་སྟེགས་ཅན་གྱི་རྟགས་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་གང་ཅི་ཡོད་པ་དེ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་མེད་པར་གྱུར་ཏེ། ཆོས་གོས་གསུམ་དང་ལྷུང་བཟེད་དང་ལྡན་པར་གྱུར་ཅིང་། སྐྲ་ཡང་བྲེགས་པར་གྱུར་ཏེ།
BOའདི་ལྟ་སྟེ་ དཔེར་ན། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་དང་འདྲ་བར་གྱུར་ཏོ། ། དེ་ཉིད་ཀྱིས་དེ་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་གྱུར་ཏོ། ། དགེ་སློང་དག་དེ་ནས་དེའི་ཚེ་དགེ་སློང་ལྔ་པོས་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ཏེ། ཉེས་པ་ བཤགས་ནས་དེ་བཞིན་གཤེགས་པ་ལ་སྟོན་པའི་འདུ་ཤེས་དང་། ཕངས་པར་བསམས་པ་དང་། དད་པ་དང་། གུས་པ་སྐྱེད་དེ། གུས་པ་བསྐྱེད་ནས་ཀྱང་རྫིང་ཁེབས་པར་དེ་བཞིན་གཤེགས་པའི་སྐུ་བསིལ་ཞིང་ཡོངས་སུ་སྦྱང་བའི་ལས་བྱེད་དོ། ། དགེ་སློང་དག་དེ་བཞིན་གཤེགས་པ་སྐུ་བསིལ་ ཏེ་བྱུང་ནས་འདི་སྙམ་དུ་དགོངས་ཏེ། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར། སྙམ་པ་དང་། དགེ་སློང་དག་ས་ཕྱོགས་གང་དུ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་པའི་ས་ཕྱོགས་དེར་རིན་པོ་ཆེ་སྣ་ བདུན་གྱི་ཁྲི་སྟོང་བྱུང་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་གུས་པར་མཛད་པའི་ཕྱིར།
BOཁྲི་གསུམ་ལ་བསྐོར་བ་མཛད་ནས་སེང་གེ་ལྟར་བག་ཚ་བ་མི་མངའ་བར་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། ། དགེ་སློང་ལྔ་པོས་ཀྱང་དེ་ བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་འཁོད་དོ། ། དགེ་སློང་དག་དེ་ནས་དེའི་ཚེ་དེ་བཞིན་གཤེགས་པས་སྐུ་ལས་རྣམ་པ་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ ཆེན་པོས་ཁྱབ་པར་གྱུར་ནས། སྣང་བ་དེས་འཇིག་རྟེན་གྱི་ཁམས་ཀྱི་བར་སྡིག་པ་སྡིག་པས་ཁྱབ་པ་མུན་པ་མུན་ནག་ཏུ་གྱུར་པ། གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ་འདི་གཉིས་ཀྱི་འོད་ཀྱིས་འོད་དང་ཁ་དོག་གིས་ཁ་དོག་དང་། གཟི་བརྗིད་ཀྱིས་ གཟི་བརྗིད་ལམ་མེར་མ་གྱུར་པ། ལྷང་ངེར་མ་གྱུར་པ་གང་ཡིན་པ་དེ་ན་སེམས་ཅན་གང་དག་སྐྱེས་པ་རང་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེར་ཡང་དེའི་ཚེ་སྣང་བ་ཆེན་པོ་རྒྱ་ཆེར་བྱུང་བར་གྱུར་ཏོ། ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་སྣང་བ་དེས་གསལ་བར་གྱུར་མ་ཐག་ཏུ་གཅིག་ གིས་གཅིག་མཐོང་ཞིང་གཅིག་གིས་གཅིག་ཤེས་ཏེ།
BOའདི་སྐད་ཅེས་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ། ། ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ་ཞེས་འཛེར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་དང་ལྟས་ཆེན་པོ་བཅོ་བརྒྱད་དུ་ གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། ། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། ། ལྡེག་རབ་ཏུ་ལྡེག ། ཀུན་ཏུ་རབ་ཏུ་ལྡེག་གོ། ། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། ། འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། ། ཆེམ་ ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། ། མཐའ་དམའ་ན་དབུས་མཐོ་བར་གྱུར་ཏོ། ། དབུས་དམའ་ན་མཐའ་མཐོ་བར་གྱུར་ཏོ། ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ་བར་གྱུར་ཏོ། ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ་བར་གྱུར་ཏོ། ། བྱང་ཕྱོགས་དམའ་ན་ལྷོ་ ཕྱོགས་མཐོ་བར་གྱུར་ཏོ། ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ་བར་གྱུར་ཏོ། ། དེའི་ཚེ་དགའ་བར་འགྱུར་བ་དང་། ཚིམ་པར་འགྱུར་བ་དང་། མགུ་བར་འགྱུར་བ་དང་། དང་བར་འགྱུར་བ་དང་། བརྟག་པར་བྱ་བ་དང་། རབ་ཏུ་སིམ་པར་འགྱུར་བ་དང་། བསྔགས་པར་བྱ་བ་དང་། བསྔགས་པ་ཟླ་མེད་པ་དང་།
BOངོམས་པར་མི་འགྱུར་བ་དང་། མི་འཐུན་པ་མེད་པ་དང་། སྐྲག་པར་མི་འགྱུར་བའི་སྒྲ་དག་ཀྱང་གྲག་སྟེ། སྐད་ཅིག་དེ་ལ་སེམས་ཅན་གང་ལ་ཡང་རྣམ་པར་འཚེ་བའམ། འཇིགས་པའམ་སྡང་བའམ་བག་ཚ་བ་མེད་པར་གྱུར་ཏོ། ། སྐད་ཅིག་དེ་ལ་ཉི་མ་དང་། ཟླ་བ་ དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་ཀྱང་མི་སྣང་ངོ་། ། སེམས་ཅན་དམྱལ་བ་པ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་སྡུག་བསྔལ་རྣམས་དང་བྲལ་ཞིང་བདེ་བ་ཐམས་ཅད་དང་ལྡན་ པར་གྱུར་ཏོ། ། སེམས་ཅན་གང་ལ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲག་དོག་དང་། སེར་སྣ་དང་། ང་རྒྱལ་དང་། འཆབ་པ་དང་། རྒྱགས་པ་དང་། ཁྲོ་བ་དང་། གནོད་སེམས་དང་། ཡོངས་སུ་གདུང་བའི་གནོད་པ་མེད་དེ་སྐད་ཅིག་དེ་ལ་སེམས་ཅན་ཐམས་ཅད་ གཅིག་ལ་གཅིག་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། ཕ་མ་ཙམ་དུ་འདུ་ཤེས་པར་གྱུར་ཏོ། ། འོད་བཀོད་པ་དེ་ལས་ཚིགས་སུ་བཅད་པ་འདི་དག་ཀྱང་བྱུང་ངོ་། ། དགའ་ལྡན་རིས་ནས་ཤི་འཕོས་གང་། ། ཡུམ་གྱི་ལྷུམས་སུ་ཞུགས་པར་གྱུར། ། ལུམ་བི་ནི་ཡི་ཚལ་བལྟམ་ནས། །
BOབདེ་བ་སོགས་པའི་ཁྱོ་ཡིས་བླངས། ། གང་ཞིག་སེང་གེའི་རྩལ་སྟབས་ཀྱིས། ། མ་རྨོངས་གོམ་པ་བདུན་བོར་ནས། ། ང་ནི་འཇིག་རྟེན་གཙོ་བོ་ཞེས། ། ཚངས་པའི་དབྱངས་ཀྱིས་གསུང་ཕྱུང་ངོ་། ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ། གླིང་བཞི་བཏང་སྟེ་རབ་ཏུ་བྱུང་། ། དཀའ་ཐུབ་དཀའ་ བ་སྤྱད་ནས་ནི། ། ས་ཡི་སྙིང་པོ་ག་ལར་གཤེགས། ། དཔུང་དང་བཅས་པའི་བདུད་བཅོམ་ནས། ། འཇིག་རྟེན་ཕན་ཕྱིར་བྱང་ཆུབ་བརྙེས། ། བཱ་རཱ་ཎ་སཱིར་གཤེགས་ནས་ནི། ། ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། ། དེ་ལ་ཚངས་པ་ལྷར་བཅས་པས། ། མཉམ་པའི་འཁོར་ལོ་བསྐོར་ཞེས་ བསྐུལ། ། འཇིག་རྟེན་ཐུགས་རྗེས་བསྐྱེད་ནས་སུ། ། ཐུབ་པ་ཡིས་ནི་སྣང་བ་མཛད། ། དེ་ནི་ཐུགས་དམ་བརྟན་པ་སྟེ། ། བཱ་རཱ་ཎ་སཱིར་{རི་དགས་,རི་དྭགས་}ནགས། ། གཤེགས་ཏེ་འཁོར་ལོ་བླ་མེད་པ། ། ཤིན་ཏུ་རྨད་བྱུང་དཔལ་ལྡན་བསྐོར། ། རྒྱལ་བས་བསྐལ་པ་ཁྲག་ཁྲིག་བསྒྲུབས། ། ཆོས་དེ་ཉན་པར་ གང་འདོད་པ། ། དེ་ནི་རིངས་པར་ལ་གོར་དུ། ། ཆོས་མཉན་པ་ཡི་ཕྱིར་ཤོག་ཤིག ། མི་དང་སངས་རྒྱས་འབྱུང་རྙེད་དཀའ། ། དད་པ་འང་ཤིན་ཏུ་རྙེད་པར་དཀའ། ། མི་ཁོམ་བརྒྱད་སྤངས་རྙེད་པར་དཀའ། ། ཆོས་ཉན་པ་ནི་གཙོ་བོ་ཡིན། །
BOསངས་རྒྱས་འབྱུང་དང་དལ་བ་དང་། ། དད་དང་ ཆོས་མཉན་དམ་པ་དང་། ། དེ་དག་ཐམས་ཅད་ད་རྙེད་ཀྱིས། ། བག་མེད་མ་ལུས་རྣམ་པར་སྤོངས། ། གལ་ཏེ་བསྐལ་པ་ཁྲག་ཁྲིག་ཏུ། ། ཆོས་ཐོས་མི་འགྱུར་སྲིད་པ་དེ། ། ཁྱོད་ཀྱིས་དེ་རིང་རྙེད་ཟིན་གྱིས། བག་མེད་མ་ལུས་རྣམ་པར་སྤོངས། ། འདྲེན་པ་བདུད་རྩིའི་འཁོར་ལོ་ནི། ། སྐོར་བ་ མཛད་ཀྱིས་ཀུན་མྱུར་ཤོག ། ས་བླའི་ལྷ་ཚོགས་ཚངས་པའི་བར། ། དེ་དག་རྣམས་ལ་དེ་སྐད་བསྐུལ། ། སྒྲ་ཆེན་གྱིས་ནི་ལྷ་བསྐུལ་ནས། ། སྐད་ཅིག་དེ་ལ་ཐམས་ཅད་ཀྱིས། ། ལྷ་ཡི་འབྱོར་པ་བོར་ནས་ནི། ། དེ་དག་སངས་རྒྱས་གན་དུ་ལྷགས། ། དགེ་སློང་དག་དེ་ལྟར་ས་བླའི་ལྷ་རྣམས་ཀྱིས་ གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་{རི་དགས་,རི་དྭགས་}ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དེ་བཞིན་གཤེགས་པའི་འཁོར་གྱི་ཁྱམས་ཆེན་པོ་བཀྲ་བ། བལྟ་ན་སྡུག་པ། ཡངས་པ་རྒྱ་ཆེ་བ། ཆུ་ཞེང་དུ་དཔག་ཚད་བདུན་བརྒྱ་ཡོད་པ་སྤྲུལ་ཏེ། ལྷ་རྣམས་ཀྱིས་སྟེང་གི་ནམ་མཁའི་དཀྱིལ་ དུ་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེས་ལེགས་པར་བརྒྱན་པར་གྱུར་ཏོ། ། འདོད་པ་ན་སྤྱོད་པ་དང་།
BOགཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་སེང་གེའི་ཁྲི་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པ་ལ་ཕུལ་ཏེ། བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཤིང་འདི་ལ་ བཞུགས་ནས་དོ་མོད་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་གསོལ་ཏོ། ། དགེ་སློང་དག་དེ་ནས་དེའི་ཚེ་ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་དང་། ཕྱོགས་བཅུ་ཀུན་ནས་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་དང་ལྡན་པ་བྱེ་བ་ཕྲག་མང་པོ་ལྷགས་ ཏེ། དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གང་དག་ཡོད་པའི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། དེ་དག་མ་ཡིན་པ་གཞན་དབང་ཆེ་བ། དབང་ ཆེ་བར་གྲགས་པའི་ལྷའི་བུ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་ལ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་ དང་།
BOབདེ་བའི་སླད་དུ་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བདེ་བར་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བཅོམ་ལྡན་འདས་ཆོས་ཀྱི་མཆོད་སྦྱིན་མཛད་དུ་གསོལ། ཆོས་ཀྱི་ཆར་ཆེན་པོ་དབབ་ཏུ་གསོལ། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་དུ་གསོལ། ཆོས་ཀྱི་དུང་ཆེན་པོ་འབུད་དུ་གསོལ། ཆོས་ཀྱི་རྔ་ཆེན་པོ་བརྡུང་དུ་གསོལ། ཞེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སྟོང་གསུམ་འདི་ནས་ཚངས་པ་ལྷ་དབང་སྐྱོང་བ་མང་པོ་དག ། དོང་ནས་རྒྱལ་བའི་ཞབས་ལ་གཏུགས་ཏེ་ཚིག་ཏུ་སྨྲས་པ་ནི། ། ང་ནི་གཙོ་ བོ་དམ་པ་སྐྱེ་དགུའི་སྡུག་བསྔལ་ཟད་བྱ་ཞེས། ། ཐུབ་ཆེན་ཁྱོད་ཀྱིས་གསུང་བརྗོད་སྔོན་གྱི་ཐུགས་དམ་དགོངས་པར་མཛོད། ། ཐུབ་ཁྱོད་ཤིང་དབང་དྲུང་དུ་བཞུགས་ནས་སྡེར་བཅས་བདུད་བཏུལ་ཏེ། ། བྱང་ཆུབ་དམ་པ་ཞི་བ་སངས་རྒྱས་ཉོན་མོངས་སྡོང་པོ་བསྒྱེལ། ། བསྐལ་པ་བརྒྱ་ནས་ དགོངས་པའི་དགོངས་པ་མ་ལུས་རྫོགས་ལགས་ཀྱིས། ། མགོན་མ་མཆིས་པའི་སྐྱེ་བོ་གཟིགས་ཏེ་འཁོར་ལོ་མཆོག་བསྐོར་གསོལ། ། བདེ་བར་གཤེགས་པའི་འོད་ཀྱིས་ཞིང་སྟོང་ཕྲག་བརྒྱ་སྣང་བར་བགྱིས། །
BOསངས་རྒྱས་སྲས་པོ་བརྒྱ་ཕྲག་མང་པོ་རྫུ་འཕྲུལ་སྟོབས་ཀྱིས་མཆིས། ། བདེ་བར་ གཤེགས་ལ་མཆོད་པ་ཆེན་པོ་རྣམ་པ་མང་བགྱིས་ནས། ། ཡང་དག་ཡོན་ཏན་དེ་བཞིན་གཤེགས་བསྟོད་ཐུགས་རྗེ་ཅན་ལ་བསྐུལ། ། ཐུགས་རྗེ་སྤྲིན་དང་ཤེས་རབ་གློག་དང་ལྷག་མཐོང་རླུང་དང་འདྲ། ། བསྐལ་པ་སྟོང་དུ་འགྲོ་བ་ཐམས་ཅད་འགྲོན་གཉེར་འབྲུག་བསྒྲགས་ཏེ། ། ཡན་ལག་བརྒྱད་ལམ་ ཆར་གྱི་རྒྱུན་གྱིས་སྐོམ་པ་ཞི་བར་མཛོད། ། དབང་པོ་སྟོབས་དང་བསམ་གཏན་རྣམ་ཐར་ལོ་ཏོག་ནགས་འཕེལ་མཛོད། ། བསྐལ་པ་སྟོང་མང་སྟོང་པ་ལེགས་བསླབས་དེ་བཞིན་ཉིད་ལ་བཞུགས། ། ཆོས་ལས་བྱུང་བའི་སྨན་བསྒྲུབས་སེམས་ཅན་རྣམས་ཀྱི་སྤྱོད་པ་མཁྱེན། ། ཉོན་མོངས་ཚོགས་ཀྱི་ནད་བརྒྱས་ གཙེས་པའི་སྐྱེ་བོ་འདི་དག་ལ། ། རྒྱལ་བ་སྨན་པ་འཁོར་ལོ་དམ་པ་བསྐོར་ཏེ་ཐར་མཛད་གསོལ། ། ཁྱོད་ཀྱིས་རིང་ནས་ཕ་རོལ་ཕྱིན་པ་དྲུག་གི་མཛོད་འཕེལ་མཛད། ། མཚུངས་མེད་མི་གཡོ་གྱ་ནོམ་ཆོས་ཀྱི་ནོར་ནི་ལེགས་པར་བསགས། ། སྐྱེ་དགུ་མགོན་མེད་དབུལ་ པོ་འདྲེན་མེད་འདི་དག་ཀུན་གཟིགས་ནས། ། ནོར་བདུན་བགོ་བཤའ་མཛོད་ཅིག་འདྲེན་པ་འཁོར་ལོ་བསྐོར་བར་གསོལ། །
BOརྒྱལ་བ་བྱང་ཆུབ་བཙལ་ཕྱིར་ནོར་འབྲུ་དབྱིག་དང་གསེར་རྣམས་དང་། ། གོས་བཟང་མེ་ཏོག་བདུག་པ་བྱུག་པ་ཕྱེ་མ་དམ་པ་དང་། ། ཕོ་བྲང་མཆོག་དང་བཙུན་མོའི་ འཁོར་དང་རྒྱལ་སྲིད་ཕངས་པའི་སྲས། ། དགྱེས་བཞིན་བཏང་བས་དེ་སངས་རྒྱས་ཀྱིས་འཁོར་ལོ་མཆོག་བསྐོར་གསོལ། ། དེ་བཞིན་ཚུལ་ཁྲིམས་མ་ཉམས་མ་འདྲེས་བསྐལ་པ་བརྒྱར་ཡང་བསྲུངས། ། རྟག་ཏུ་བཟོད་པ་ལེགས་བསྒོམས་ཁྱོད་ནི་བརྩོན་འགྲུས་མ་ཞུམ་གྱུར། ། ཐུབ་པ་བསམ་ གཏན་མཆོག་དང་མངོན་ཤེས་ཤེས་རབ་ལྷག་མཐོང་ལྡན། ། དགོངས་པ་ཡོངས་རྫོགས་རིམས་ནད་མ་མཆིས་འཁོར་ལོ་མཆོག་བསྐོར་གསོལ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་དེའི་ཚེ་ཆོས་ ཀྱི་འཁོར་ལོ་ལྷའི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། རིན་པོ་ཆེ་ཐམས་ཅད་ཀྱིས་མཛེས་པར་བྱས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཀོད་པ་རྩིབས་སྟོང་དང་ལྡན་པ། འོད་ཟེར་སྟོང་ཕྲག་དང་ལྡན་པ། ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ། མེ་ཏོག་གི་ལྡ་ལྡི་དང་བཅས་པ། ། གསེར་གྱི་དྲ་བ་དང་བཅས་པ། དྲིལ་བུ་གཡེར་ཀ་དང་བཅས་པ།
BOསྤོས་ཀྱི་ལག་རིས་དང་བཅས་པ། བུམ་པ་གང་བ་དང་བཅས་པ། གཡུང་དྲུང་འཁྱིལ་བ་དང་བཅས་པ། བཀྲ་ཤིས་ཀྱི་བརྒྱན་པ་དང་བཅས་པ། ལྷའི་གོས་ཚོན་སྣ་ཚོགས་སུ་བཅོས་པས་ མཛེས་པར་བྱས་པ། ལྷའི་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པས་བྱུགས་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། སྔོན་གྱི་སྨོན་ལམ་གྱིས་བསྒྲུབས་པ། བྱང་ཆུབ་སེམས་དཔའི་བསམ་པས་རྣམ་པར་སྦྱངས་པ། དེ་བཞིན་གཤེགས་པ་ལ་མཆོད་པའི་ འོས་སུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་མ་འཁྲུགས་པ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གཞེས་ཤིང་སྔོན་ཡང་བསྐོར་བ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ དེ་བཞིན་གཤེགས་པ་ལ་ཕུལ་ལོ། ། ཕུལ་ནས་ཀྱང་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པ་འདི་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་དོ། ། མི་ཡི་སེང་གེ་སེང་གེ་ཁྱོད་ནི་སངས་རྒྱས་འགྱུར་རོ་ཞེས། ། གང་ཚེ་མར་མེ་མཛད་ཀྱིས་སེམས་ཅན་དག་པ་ལུང་བསྟན་པ། ། དེ་ཚེ་བདག་ གིས་སྨོན་ལམ་རྣམ་པ་འདི་འདྲ་འདི་བཏབ་སྟེ། །
BOརྫོགས་པའི་བྱང་ཆུབ་བརྙེས་ནས་བདག་གིས་ཆོས་བཤད་བསྐུལ་ཞེས་བགྱིས། ། ཕྱོགས་བཅུ་དག་ནས་སེམས་ཅན་དམ་པ་གང་དག་འདིར་ལྷགས་པ། ། དེ་དག་ཐམས་ཅད་འཇུག་པས་བགྲང་བར་ནུས་པ་མ་ལགས་ཏེ། ། བཏུད་ཅིང་ཐལ་ མོ་སྦྱར་ནས་ཞབས་གཉིས་ལ་ནི་གཏུགས་ནས་སུ། ། ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར་ཤཱཀྱའི་རིགས་ལ་དགྱེས་པ་བསྐུལ། ། བྱང་ཆུབ་སྙིང་པོར་ལྷ་རྣམས་ཀྱིས་ནི་བཀོད་པ་གང་བགྱིས་དང་། ། རྒྱལ་བའི་སྲས་པོ་ཀུན་གྱིས་བཀོད་པ་གང་དག་བགྱིས་པ་རྣམས། ། འབྱོར་པ་དེ་ཀུན་ཆོས་ཀྱི་ འཁོར་ལོ་བསྐོར་ཕྱིར་འདིར་བཤམས་ཏེ། ། བསྐལ་པ་ཡོངས་སུ་རྫོགས་པར་བརྗོད་ཀྱང་བས་པར་འགྱུར་མ་ལགས། ། སྟོང་གསུམ་འཇིག་རྟེན་དག་གི་ནམ་མཁའ་ལྷ་ཡི་ཚོགས་ཀྱིས་བལྟམས། ། དོག་སའི་སྟེང་ཡང་ལྷ་མིན་མིའམ་ཅི་དང་མི་ཡིས་བལྟམས། ། ཡུད་ཙམ་དེ་ལ་ལུད་པའི་ སྒྲ་ཡང་གྲགས་པར་མ་གྱུར་ཏེ། ། ཐམས་ཅད་རབ་ཏུ་དང་བའི་ཡིད་ཀྱིས་རྒྱལ་ལ་མངོན་དུ་བལྟ། ། དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པ་ནམ་གྱི་ཆ་སྟོད་ཀྱི་ཐུན་ལ་ནི་ཅང་མི་གསུང་བས་ཟད་པར་མཛད་དོ། ། ནམ་གྱི་གུང་ཐུན་ལ་ནི་ཡང་དག་པར་ཆགས་པར་འགྱུར་བའི་གཏམ་ གསུང་ངོ་། །
BOནམ་གྱི་ཆ་སྨད་ཀྱི་ཐུན་ལ་ནི་ལྔ་སྡེ་བཟང་པོ་རྣམས་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བའི་འཇུག་པར་བྱ་བ་མ་ཡིན་པ་སྟེ། གང་འདོད་པ་རྣམས་ལ་བསོད་ཉམས་སུ་སྦྱོར་བ། དམན་པ། གྲོང་བའི་ཆ། སོ་སོའི་སྐྱེ་བོ་ པ། འཕགས་པ་ལ་མི་མཁོ་བ། གནོད་པ་དང་ལྡན་པ། ཕྱི་མ་ལ་ཚངས་པར་སྤྱོད་པར་མི་འགྱུར་བ། ཡིད་འབྱུང་བར་མི་འགྱུར་བ། འདོད་ཆགས་དང་བྲལ་བར་མི་འགྱུར་བ། ། འགོག་པར་མི་འགྱུར་བ། མངོན་པར་ཤེས་པར་མི་འགྱུར་བ། རྫོགས་པའི་བྱང་ ཆུབ་ཏུ་མི་འགྱུར་བ། མྱ་ངན་ལས་འདའ་བར་མི་འགྱུར་བ་དང་། གང་ཡང་དབུ་མའི་ལམ་མ་ཡིན་པ། ལུས་ངལ་བར་སྦྱོར་བ། སྡུག་བསྔལ་བ། གནོད་པ་དང་ལྡན་པ། ཚེ་འདི་ལ་ཡང་སྡུག་བསྔལ་ལ། ཕྱི་མ་ལ་ཡང་སྡུག་བསྔལ་རྣམ་པར་སྨིན་པ་སྟེ། དགེ་སློང་དག་མཐའ་ གཉིས་པོ་འདི་དག་སྤངས་ནས་དབུ་མའི་ལམ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཆོས་སྟོན་ཏེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་ དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །
BOདགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་དག་སྟེ། བཞི་གང་ཞེ་ན། སྡུག་བསྔལ་བ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ། ། དེ་ལ་ སྡུག་བསྔལ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། གང་ཡང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ། ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་ཏེ། འདི་ནི་སྡུག་བསྔལ་ ཞེས་བྱའོ། ། དེ་ལ་སྡུག་བསྔལ་ཀུན་འབྱུང་བ་གང་ཞེ་ན། གང་འདི་ཡང་འབྱུང་བའི་སྲེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་སྟེ། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཞེས་བྱའོ། ། དེ་ལ་སྡུག་བསྔལ་འགོག་པ་གང་ཞེ་ན། གང་ཡང་འབྱུང་བ་དེའི་སྲེད་པ་ དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་དང་། སྐྱེད་པ་དང་། སྒྲུབ་པ་འདི་ཉིད་ལ་འདོད་ཆགས་མ་ལུས་པ་དང་བྲལ་བ་དང་། འགོག་པ་འདི་ནི་སྡུག་བསྔལ་འགོག་པའོ། ། དེ་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གང་ཞེ་ན།
BOའཕགས་པའི་ལམ་ཡན་ ལག་བརྒྱད་པ་འདི་ཉིད་དེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ནས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་སྟེ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱའོ། ། དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་དག་ཅེས་བྱའོ། ། དགེ་སློང་དག་ངས་ སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ལོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ། ། སྣང་བ་བྱུང་ངོ་། ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་ རྣམས་ལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ། ། སྣང་བ་བྱུང་ངོ་། ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་ སྡུག་བསྔལ་འགོག་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ། ། སྣང་བ་བྱུང་ངོ་། །
BOདགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་འགོག་པར་འགྲོ་ བའི་ལམ་མོ་ཞེས་བྱ་བ་ནས་སྣང་བ་བྱུང་ངོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། ། དགེ་སློང་དག་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནས་སྣང་བ་བྱུང་ངོ་། ། ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འདི་ སྤང་བར་བྱའོ་ཞེས་བྱ་བ་ནས་སྣང་བའི་བར་དུ་ཐམས་ཅད་སྔ་མ་བཞིན་ནོ། ། དགེ་སློང་དག་སྡུག་བསྔལ་འགོག་པ་འདི་མངོན་དུ་བྱའོ་ཞེས་བྱ་བ་ནས་སྣང་བའི་བར་དུ་སྔ་མ་བཞིན་ནོ། ། དགེ་སློང་དག་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འདི་བསྒོམ་པར་བྱའོ་ཞེས་བྱ་བ་ནས་སྣང་བ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འདི་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འདི་སྤངས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། །
BOདགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་ བསྔལ་འགོག་པ་འདི་མངོན་དུ་བྱས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འདི་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས། ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ། ། སྣང་བ་བྱུང་ངོ་། ། དགེ་སློང་དག་དེ་ལྟར་ངས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་འདི་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་ཇི་སྲིད་དུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཡེ་ཤེས་མཐོང་བ་མ་སྐྱེས་པ་དེ་སྲིད་དུ་དགེ་སློང་ དག་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཁས་མ་འཆེས་ཏེ་ང་ལ་ཡེ་ཤེས་མཐོང་བ་མ་སྐྱེས་སོ། ། དགེ་སློང་དག་གང་ཚུན་ཆད་ངས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཡེ་ཤེས་ མཐོང་བ་སྐྱེས་ནས་ངས་སེམས་རྣམ་པར་གྲོལ་བ་དང་།
BOཤེས་རབ་རྣམ་པར་གྲོལ་བ་མི་འཁྲུགས་པ་མངོན་དུ་བྱས་པ་དེ་ཚུན་ཆད་དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཁས་འཆེས་ཏེ། ངའི་ཡེ་ཤེས་མཐོང་བ་ཡང་སྐྱེས་སོ། ། ངའི་སྐྱེ་བ་ ཟད་དོ། ། ཚངས་པར་སྤྱད་པ་བསྙེན་ཏོ། ། བྱ་བ་བྱས་སོ། ། འདི་ལ་སྲིད་པ་གཞན་མི་ཤེས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནི་ཚངས་དབྱངས་མིའམ་ཅི་ཡི་སྐད་ཀྱིས་གསུང་། ། ཡན་ལག་ཁྲག་ཁྲིག་སྟོང་འཕགས་བསྐལ་པ་བྱེ་མང་དུ། ། རྟག་ཏུ་བདེན་པ་ཤིན་ཏུ་བསྒོམས་པས་རང་བྱུང་བ། ། ཤཱཀྱ་ ཐུབ་པས་ཀཽཎྜི་ནྱ་ལ་བཀའ་སྩལ་པ། ། མིག་དང་རྣ་བ་སྣ་ནི་མི་རྟག་མི་བརྟན་ཏེ། ། ལྕེ་དང་ལུས་དང་ཡིད་ཀྱང་སྡུག་བསྔལ་བདག་མེད་སྟོང་། ། བེམས་པོ་རང་བཞིན་རྩྭ་དང་རྩིག་པ་ལྟར་མི་གཡོ། ། འདི་ལ་བདག་མེད་མིང་དང་སྲོག་ཀྱང་ཡོད་མ་ཡིན། ། ཆོས་འདི་ཐམས་ཅད་རྒྱུ་ལ་བརྟེན་ནས་བྱུང་བ་སྟེ། ། མཐའ་དང་མཐའ་མེད་ལྟ་དང་བྲལ་ཞིང་ནམ་མཁའ་འདྲ། ། བྱེད་པ་པོ་མེད་དེ་བཞིན་ཚོར་བ་པོ་ཡང་མེད། ། དགེ་དང་མི་དགེ་བྱས་པའི་ལས་ནི་ཆུད་མི་ཟ། ། ཕུང་པོ་རྣམས་ལ་བརྟེན་ནས་འདི་ལྟར་སྡུག་བསྔལ་འབྱུང་། །
BOསྲེད་པ་ཆུ་ཡིས་རྣམ་པར་འཕེལ་ནས་འབྱུང་བར་འགྱུར། ། ལམ་གྱིས་ཆོས་རྣམས་ མཉམ་པ་ཉིད་དུ་རྣམ་མཐོང་ནས། ། ཤིན་ཏུ་ཟད་ཅིང་བྱང་བའི་ཆོས་ཉིད་ཀྱིས་ནི་འགགས། ། ཀུན་རྟོག་རྟོག་པས་བསྐྱེད་པའི་ཚུལ་བཞིན་མ་ཡིན་པས། ། མ་རིག་བྱུང་སྟེ་འདི་ལ་འབྱུང་བྱེད་གང་ཡང་མེད། ། འདུ་བྱེད་རྒྱུ་ཡང་འབྱིན་ཏེ་འཕོ་བ་ཡོད་མ་ཡིན། ། འཕོ་བར་འགྱུར་ལ་བརྟེན་ཏེ་རྣམ་པར་ཤེས་པ་ འབྱུང་། ། རྣམ་པར་ཤེས་ལས་དེ་ལྟར་མིང་དང་གཟུགས་ཀྱང་འབྱུང་། ། མིང་དང་གཟུགས་ལས་དབང་པོ་དྲུག་ནི་ཡང་དག་འབྱུང་། ། དབང་པོ་དེ་དག་འདུས་པ་ལ་ནི་རེག་ཅེས་བརྗོད། ། རེག་པ་ལས་ནི་ཚོར་བ་རྣམ་གསུམ་འབྱུང་བར་འགྱུར། ། {ཆུང་ཟད་,ཅུང་ཟད་}ཚོར་བ་གང་ཡིན་དེ་ཀུན་སྲེད་པར་བཤད། ། སྲེད་པས་ལས་ནི་སྡུག་བསྔལ་ཕུང་པོ་ཐམས་ཅད་འབྱུང་། ། ཉེ་བར་ལེན་པ་ལས་ནི་སྲིད་པ་ཐམས་ཅད་འབྱུང་། ། སྲིད་པའི་རྐྱེན་གྱིས་དེ་ཡི་སྐྱེ་བ་འབྱུང་བར་འགྱུར། ། སྐྱེ་བའི་གཞི་ལས་རྒ་དང་ན་དང་སྡུག་བསྔལ་འགྱུར། ། སྲིད་པའི་དྲ་བ་འདི་ནི་སྐྱེ་བའི་རྣམ་པ་མང་། ། དེ་ལྟར་འགྲོ་བ་འདི་རྣམས་ཐམས་ ཅད་རྐྱེན་བྱུང་ཉིད། ། བདག་གམ་གང་ཟག་འཕོ་བ་པོ་ནི་གང་ཡང་མེད། །
BOགང་ན་རྟོག་དང་རྣམ་རྟོག་མེད་དེ་ཚུལ་བཞིན་བརྗོད། ། ཚུལ་བཞིན་གང་ན་ཡོད་དེར་མ་རིག་གང་ཡང་མེད། ། གང་ན་མ་རིག་པ་ནི་འགགས་པར་གྱུར་དེ་ན། ། སྲིད་པའི་ཡན་ལག་ཀུན་ཟད་བྱུང་ཞིང་ཟད་ནས་འགགས། དེ་ལྟར་རྐྱེན་འདི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད། ། དེས་ན་རང་བྱུང་བདག་ཉིད་བདག་ལ་ལུང་སྟོན་ཏོ། ། རྒྱུ་རྣམས་རྟོགས་པ་སངས་རྒྱས་ཡིན་པ་མ་གཏོགས་པར། ། ཕུང་པོ་སྐྱེ་མཆེད་ཁམས་རྣམས་སངས་རྒྱས་ཡིན་མི་སྨྲ། ། འདི་ལ་ཕ་རོལ་མུ་སྟེགས་ཅན་རྟེན་གནས་མེད་དེ། ། ཆོས་སྦྱོར་འདི་འདྲ་འདི་ལ་རབ་ཏུ་རྩོད་པ་སྟོང་། ། ཡང་དག་མངོན་སངས་རྒྱས་ལས་སྤྱད་ཅིང་རབ་དག་པ། ། སེམས་ཅན་དེ་དག་ཆོས་འདི་ཤེས་པའི་སྐལ་བ་ཡོད། ། དེ་ལྟར་རྣམ་པ་བཅུ་གཉིས་ཀྱིས། ། ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། ། ཀཽཎྜི་ནྱས་ནི་ཀུན་ཤེས་ཏེ། ། དཀོན་མཆོག་གསུམ་ནི་ མངོན་དུ་གྲུབ། ། སངས་རྒྱས་ཆོས་དང་དགེ་འདུན་ནི། ། དེ་དག་དཀོན་མཆོག་གསུམ་ཡིན་ཏེ། ། ཚངས་པའི་གྲོང་ཁྱེར་གནས་ཀྱི་བར། ། གཅིག་ནས་གཅིག་ཏུ་སྒྲ་སོང་བ། ། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། ། རྡུལ་མེད་འཁོར་ལོ་རབ་ཏུ་བསྐོར། ། གང་དག་འཇིག་རྟེན་རབ་དཀོན་པ། །
BOདཀོན་མཆོག་གསུམ་ནི་བྱུང་བར་གྱུར། ། ཀཽཎྜི་ནྱ་ལ་སོགས་པ་དག ། དགེ་སློང་དག་ནི་ལྔ་པོ་དང་། ། ལྷ་ནི་བྱེ་བ་དྲུག་ཅུ་རྣམས། ། ཆོས་ཀྱི་མིག་ནི་རྣམ་པར་སྦྱངས། ། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། ། གཟུགས་ཀྱི་ཁམས་ན་འཁོད་པའི་ལྷ། ། གཞན་ཡང་བྱེ་བ་བརྒྱད་ཅུ་པོ། ། དེ་ དག་མིག་ནི་རྣམ་པར་སྦྱངས། ། བརྒྱད་ཁྲི་བཞི་སྟོང་མི་ཡི་རྣམས། ། གང་དག་ལྷགས་པ་དེ་དག་ཀྱང་། ། མིག་ནི་རྣམ་པར་སྦྱངས་གྱུར་ཏེ། ། ཐམས་ཅད་ངན་པར་འགྲོ་ལས་གྲོལ། ། སྐད་ཅིག་དེ་ལ་ཕྱོགས་བཅུ་མཐའ་ཡས་པར་ནི་སངས་རྒྱས་གསུང་སོང་སྟེ། ། སྟོབས་བཅུ་ཤཱཀྱའི་ཁྱུ་མཆོག་ འདི་ནི་དྲང་སྲོང་ལྷུང་བར་གཤེགས་ནས་སུ། ། བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་དམ་པ་གཞན་མིན་བསྐོར་ཏོ་ཞེས། ། གསུང་སྙན་ཡིད་དུ་འོང་ཞིང་དགེ་བ་བར་སྣང་ཀུན་ཏུ་གྲགས་པར་གྱུར། ། ཕྱོགས་བཅུ་དག་ན་སངས་རྒྱས་གང་དག་ཇི་སྙེད་ཐམས་ཅད་མི་གསུང་གྱུར། ། ཐུབ་པ་དེ་དག་རྣམས་ཀྱི་རིམ་གྲོ་ པ་དག་ཀུན་གྱིས་རྒྱལ་བ་ལ། ། སྒྲ་གསན་ནས་ནི་ཅི་སླད་སྟོབས་བཅུས་ཆོས་ཀྱི་བཀའ་མཆིད་རྒྱུན་ཀྱང་བཀུམ། ། ཅི་ཡི་སླད་དུ་མི་གསུང་བཞུགས་པར་གྱུར་པ་མྱུར་དུ་ལེགས་པར་གསུངས། །
BOསྔོན་གྱི་སྲིད་པ་བརྒྱར་ནི་བརྩོན་འགྲུས་སྟོབས་ཀྱིས་བྱང་ཆུབ་བསྒྲུབས་ནས་སུ། ། བྱང་ཆུབ་སེམས་དཔའ་ བརྒྱ་སྟོང་ཕྲག་མང་རྣམས་ཀྱང་ཕྱིར་ནི་བསྙིལ་བ་མཛད། ། དེས་ན་ཕན་པ་མཛད་པས་ཤིན་ཏུ་སྦྱངས་པས་བྱང་ཆུབ་ཤིས་པ་བརྙེས། ། འཁོར་ལོ་གསུམ་དུ་བསྐོར་བ་རབ་ཏུ་བསྐོར་བས་དེས་ནི་མི་གསུང་གྱུར། ། ཐུབ་པ་དེ་དག་རྣམས་ཀྱི་གསུང་འདི་ཐོས་ནས་སེམས་ཅན་བྱེ་བ་བརྒྱ། ། བྱམས་པའི་ སྟོབས་བསྐྱེད་ནས་ནི་བྱང་ཆུབ་དམ་པ་ཤིས་པར་ཡང་དག་ཞུགས། ། བདག་ཅག་རྣམས་ཀྱང་ཐུབ་པ་དེ་ལས་བརྩོན་འགྲུས་མཐུས་འཕགས་རྗེས་བསླབས་ཏེ། ། འཇིག་རྟེན་ལ་ནི་འཇིག་རྟེན་མཆོག་གི་ཆོས་མིག་སྦྱིན་པར་མྱུར་གྱུར་ཅིག ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པར་འཕྲུལ་བའི་ཕྱོགས་ཉན་པར་འཚལ་ བ་ལགས་ན། དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་རྣམ་པ་ཇི་ལྟ་བུ་ཞིག་བསྐོར་བ།
BOདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཆོས་ ཀྱི་འཁོར་ལོ་དེ་ནི་གཏིང་མི་དམིགས་པའི་ཕྱིར་ཟབ་པའོ། ། འཁོར་ལོ་དེ་ནི་གཉིས་དང་བྲལ་བའི་ཕྱིར་མཐོང་བར་དཀའ་བའོ། ། འཁོར་ལོ་དེ་ནི་ཡིད་ལ་བྱེད་པས་ཡིད་ལ་བྱ་བ་མ་ཡིན་པའི་ཕྱིར། ཁོང་དུ་ཆུད་པར་དཀའ་བའོ། ། འཁོར་ལོ་དེ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་མཉམ་པ་ཉིད་དུ་ རྟོགས་པའི་ཕྱིར། རྣམ་པར་ཤེས་པར་དཀའ་བའོ། ། འཁོར་ལོ་དེ་ནི་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པའི་ཕྱིར། རྙོག་པ་མེད་པའོ། ། འཁོར་ལོ་དེ་ནི་དཔེ་གཞག་པ་དང་བྲལ་བའི་ཕྱིར་ཕྲ་བའོ། ། འཁོར་ལོ་དེ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ཐོབ་པའི་ཕྱིར་སྙིང་པོའོ། ། འཁོར་ལོ་དེ་ནི་སྔོན་གྱི་ མཐར་མ་བྱུང་བའི་ཕྱིར་མི་ཕྱེད་པའོ། ། འཁོར་ལོ་དེ་ནི་སྤྲོས་པའི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་སྤྲོས་པ་མེད་པའོ། ། འཁོར་ལོ་དེ་ནི་ཤིན་ཏུ་མཐར་ཐུག་པའི་ཕྱིར་མི་འཁྲུགས་པའོ། ། འཁོར་ལོ་དེ་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །
BOབྱམས་པ་ ཆོས་ཀྱི་འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོ་ཉིད་ཀུན་ཏུ་བསྟན་པ་འཇིག་པའི་འཁོར་ལོའོ། ། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པའི་འཁོར་ལོའོ། ། ཀུན་གཞི་མེད་པའི་འཁོར་ལོའོ། ། རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པའི་ ཆོས་ཀྱི་ཚུལ་ལ་རྟོགས་པའི་འཁོར་ལོའོ། ། སྟོང་པ་ཉིད་ཀྱི་འཁོར་ལོའོ། ། མཚན་མ་མེད་པའི་འཁོར་ལོའོ། ། སྨོན་པ་མེད་པའི་འཁོར་ལོའོ། ། མངོན་པར་འདུ་བྱ་བ་མེད་པའི་འཁོར་ལོའོ། ། དབེན་པའི་འཁོར་ལོའོ། ། འདོད་ཆགས་དང་བྲལ་བའི་འཁོར་ལོའོ། ། འགོག་པའི་ འཁོར་ལོའོ། ། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་འཁོར་ལོའོ། ། ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་འཁོར་ལོའོ། ། ཡང་དག་པའི་མཐའ་རྣམ་པར་མི་འཁྲུགས་པའི་འཁོར་ལོའོ། ། ཆགས་པ་མེད་ཅིང་སྒྲིབས་པ་མེད་པའི་འཁོར་ལོའོ། ། རྟེན་པ་ལ་འཇུག་ཅིང་གཉིས་སུ་ལྟ་བ་ ལས་ཡང་དག་པར་འདའ་བའི་འཁོར་ལོའོ། ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་རྣམ་པར་མི་འཁྲུགས་པའི་འཁོར་ལོའོ། ། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་རྒྱུན་མི་གཅོད་པའི་འཁོར་ལོའོ། །
BOའཇུག་པ་མེད་ཅིང་མངོན་པར་གྲུབ་པ་མེད་པའི་འཁོར་ལོའོ། ། ཤིན་ཏུ་དམིགས་སུ་མེད་པའི་འཁོར་ལོའོ། ། བླང་བ་མེད་པ་དང་དོར་བ་མེད་པའི་འཁོར་ལོའོ། ། བརྗོད་དུ་མེད་པའི་འཁོར་ལོའོ། ། རང་བཞིན་གྱིས་ཇི་ལྟ་བ་བཞིན་གྱི་འཁོར་ལོའོ། ། ཡུལ་གཅིག་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་འཁོར་ལོའོ། ། སེམས་ཅན་འདུལ་བའི་ཕྱིར་ ཕྱད་པར་བྱིན་གྱིས་རློབ་ཅིང་ལྡོག་པ་མེད་པའི་འཁོར་ལོའོ། ། གཉིས་སུ་མེད་ཅིང་སྒྲོ་བཏགས་པ་མེད་པ་དོན་དམ་པའི་ཚུལ་ལ་འཇུག་པའི་འཁོར་ལོའོ། ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་འཁོར་ལོའོ། ། འཁོར་ལོ་དེ་ནི་ཚད་ཐམས་ཅད་ལས་ཤིན་ཏུ་འདས་པས་དཔག་ཏུ་མེད་པའོ། ། འཁོར་ལོ་དེ་ནི་གྲངས་ཐམས་ཅད་དང་བྲལ་བས་གྲངས་མེད་པའོ། ། འཁོར་ལོ་དེ་ནི་སེམས་ཀྱི་ལམ་ལས་ཡང་དག་པར་འདས་པས་བསམ་གྱིས་མི་ཁྱབ་པའོ། ། འཁོར་ལོ་དེ་ནི་གཞལ་བ་དང་བྲལ་བས་མཚུངས་པ་མེད་པའོ། ། འཁོར་ལོ་དེ་ནི་སྒྲ་སྐད་ཀྱི་ཚིག་གི་ལམ་ཐམས་ཅད་དང་བྲལ་བས་ བརྗོད་དུ་མེད་པ་སྟེ། ཚད་མེད་པ། དཔེ་མེད་པ། དཔེ་དང་བྲལ་བ། ནམ་མཁའ་དང་མཚུངས་ཤིང་འདྲ་བ། ཆད་པ་མེད་པ། རྟག་པ་མེད་པ། རྟེན་པ་ལ་འཇུག་པ་དང་མི་འགལ་བ། ཞི་བ། ཤིན་ཏུ་ཉེ་བར་ཞི་བ།
BOདེ་ཁོ་ན། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ། གཞན་ དུ་མི་འགྱུར་བ། སེམས་ཅན་ཐམས་ཅད་ཀྱི་སྒྲར་བརྗོད་པ། བདུད་རྣམས་ཚར་གཅོད་པ། མུ་སྟེགས་ཅན་རྣམས་ཕམ་པར་བྱེད་པ། འཁོར་བའི་ཡུལ་ལས་འདའ་བ། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ། འཕགས་པའི་གང་ཟག་རྣམས་ཀྱིས་ཡོངས་སུ་ཤེས་པ། རང་སངས་རྒྱས་ རྣམས་ཀྱིས་རྟོགས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བཟུང་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅོ་བརྒྱད་པ་སྟེ་ཐ་མ། བྱམས་པ་དེ་ བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་རྣམ་པ་འདི་ལྟ་བུ་བསྐོར་ཏེ། དེ་བསྐོར་བས་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པའོ་ཞེས་བྱའོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། ། རང་བྱུང་ཞེས་བྱའོ། ། ཆོས་ཀྱི་རྗེ་ཞེས་བྱའོ། ། འདྲེན་པ་ཞེས་བྱའོ། ། རྣམ་པར་འདྲེན་པ་ཞེས་ བྱའོ། ། ཡོངས་སུ་འདྲེན་པ་ཞེས་བྱའོ། ། དེད་དཔོན་ཞེས་བྱའོ། ། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱའོ། ། ཆོས་ཀྱི་དབང་ཕྱུག་ཅེས་བྱའོ། ། ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། ། ཆོས་ཀྱི་སྦྱིན་བདག་ཅེས་བྱའོ། །
BOམཆོད་སྦྱིན་རྗེ་ཞེས་བྱའོ། ། མཆོད་སྦྱིན་ལེགས་པར་མཛད་པ་ཞེས་ བྱའོ། ། བརྟུལ་ཞུགས་གྲུབ་པ་ཞེས་བྱའོ། ། དགོངས་པ་རྫོགས་པ་ཞེས་བྱའོ། ། འཆད་པ་པོ་ཞེས་བྱའོ། ། དབུགས་འབྱིན་པ་ཞེས་བྱའོ། ། བདེ་བ་མཛད་པ་ཞེས་བྱའོ། ། དཔའ་བོ་ཞེས་བྱའོ། ། ཉོན་མོངས་པ་སྤོང་བ་ཞེས་བྱའོ། ། གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱའོ། ། གདུགས་ དང་རྒྱལ་མཚན་དང་བ་དན་བསྒྲེང་བ་ཞེས་བྱའོ། ། སྣང་བ་མཛད་པ་ཞེས་བྱའོ། ། འོད་མཛད་པ་ཞེས་བྱའོ། ། མུན་པ་སེལ་བ་ཞེས་བྱའོ། ། སྒྲོན་མ་འཛིན་པ་ཞེས་བྱའོ། ། སྨན་པའི་རྒྱལ་པོ་ཆེན་པོ་ཞེས་བྱའོ། ། ཡང་དག་པའི་གསོ་བ་མཛད་པ་ཞེས་བྱའོ། ། ཟུག་རྔུ་འབྱིན་པ་ཆེན་པོ་ཞེས་ བྱའོ། ། ཡེ་ཤེས་གཟིགས་པ་རབ་རིབ་མི་མངའ་བ་ཞེས་བྱའོ། ། ཀུན་ཏུ་གཟིགས་པ་ཞེས་བྱའོ། ། ཀུན་ཏུ་རྣམ་པར་གཟིགས་པ་ཞེས་བྱའོ། ། ཀུན་ནས་སྤྱན་ཅེས་བྱའོ། ། ཀུན་ནས་འོད་ཅེས་བྱའོ། ། ཀུན་ཏུ་སྣང་བ་ཞེས་བྱའོ། ། ཀུན་ནས་སྒོ་ཞེས་བྱའོ། ། ཀུན་ཏུ་བཟང་པོ་ཞེས་བྱའོ། ། ཀུན་ཏུ་མཛེས་པ་ཞེས་བྱའོ། ། གནས་པ་མེད་ལ་བླང་བ་མེད་ཅིང་དོར་བ་མེད་པ་ཞེས་བྱའོ། ། མཐོ་བར་སེམས་པ་དང་། དམའ་བར་སེམས་པ་མེད་པའི་ཕྱིར་ས་དང་མཚུངས་པ་ཞེས་བྱའོ། །
BOརབ་ཏུ་མི་གཡོས་པའི་ཕྱིར་རིའི་དབང་པོ་དང་འདྲ་བ་ཞེས་བྱའོ། ། ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར། འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཞེས་བྱའོ། ། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཕྱིར། སྤྱི་གཙུག་བལྟར་མི་མཐོང་བ་ཞེས་བྱའོ། ། ཟབ་ཅིང་གཏིང་དཔག་དཀའ་བའི་ཕྱིར་རྒྱ་མཚོ་དང་མཚུངས་པ་ཞེས་བྱའོ། ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་རྫོགས་པའི་ཕྱིར་ ཆོས་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། ། གནས་པ་མེད་པའི་ཕྱིར་རླུང་དང་མཚུངས་པ་ཞེས་བྱའོ། ། ཆགས་པ་མེད་ཅིང་བཅིངས་པ་མེད་ལ་གྲོལ་བ་མེད་པའི་སེམས་དང་ལྡན་པའི་ཕྱིར་བློ་ཆགས་པ་མེད་པ་ཞེས་བྱའོ། ། ཆོས་ཐམས་ཅད་ངེས་པར་རྟོགས་པའི་ཕྱིར་ཕྱིར་མི་ལྡོག་པའི་ ཆོས་ཞེས་བྱའོ། ། བསྙེན་པར་དཀའ་ཞིང་རློམ་སེམས་ཐམས་ཅད་སྤངས་ཏེ་ཉོན་མོངས་པ་ཐམས་ཅད་སྲེག་པར་གནས་པའི་ཕྱིར་མེ་དང་མཚུངས་པ་ཞེས་བྱའོ། ། ཀུན་ཏུ་རྟོག་པ་རྙོག་པ་མེད་ཅིང་སྐུ་དང་ཐུགས་དྲི་མ་མེད་ལ་སྡིག་པ་བསལ་བའི་ཕྱིར་ཆུ་དང་མཚུངས་པ་ཞེས་བྱའོ། ། ཡེ་ཤེས་ཡུལ་ ལ་ཆགས་པ་མེད་པ་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུང་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་དང་། །
BOམངོན་པར་ཤེས་པ་བརྙེས་པའི་ཕྱིར་ནམ་མཁའ་དང་མཚུངས་པ་ཞེས་བྱའོ། ། སྒྲིབ་པའི་ཆོས་ཐམས་ཅད་ཤིན་ཏུ་སྤངས་པའི་ཕྱིར་སྒྲིབ་པ་མེད་པའི་ཡེ་ཤེས་དང་རྣམ་པར་ཐར་པ་ལ་གནས་ པ་ཞེས་བྱའོ། ། ནམ་མཁའ་དང་མཚུངས་པར་མིག་གི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སོང་བའི་སྐུ་དང་ལྡན་པ་ཞེས་བྱའོ། ། འཇིག་རྟེན་གྱི་ཡུལ་ཐམས་ཅད་ཀྱིས་ཉོན་མོངས་པ་མེད་པའི་ཕྱིར་སེམས་ཅན་གྱི་མཆོག་ཅེས་བྱའོ། ། སེམས་ཅན་ཆགས་པ་མེད་པ་ ཞེས་བྱའོ། ། བློ་ཚད་མེད་པ་ཞེས་བྱའོ། ། འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་ཞེས་བྱའོ། ། འཇིག་རྟེན་གྱི་སློབ་དཔོན་ཞེས་བྱའོ། ། འཇིག་རྟེན་གྱི་མཆོད་རྟེན་ཞེས་བྱའོ། ། འཇིག་རྟེན་ན་མངོན་པར་འཕགས་པ་ཞེས་བྱའོ། ། འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པ་ཞེས་བྱའོ། ། འཇིག་རྟེན་གྱི་ མགོན་པོ་ཞེས་བྱའོ། ། འཇིག་རྟེན་གྱི་གཙོ་བོ་ཞེས་བྱའོ། ། འཇིག་རྟེན་གྱི་ཕུལ་ཞེས་བྱའོ། ། འཇིག་རྟེན་གྱི་དབང་ཕྱུག་ཅེས་བྱའོ། ། འཇིག་རྟེན་གྱི་མཆོད་པ་ཞེས་བྱའོ། ། འཇིག་རྟེན་གྱི་དཔུང་གཉེན་ཞེས་བྱའོ། ། འཇིག་རྟེན་གྱི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། ། འཇིག་རྟེན་གྱི་སྒྲོན་མ་ཞེས་བྱའོ། །
BOའཇིག་རྟེན་ལས་འདས་པ་ཞེས་བྱའོ། ། འཇིག་རྟེན་གྱི་བླ་མ་ཞེས་བྱའོ། ། འཇིག་རྟེན་གྱི་དོན་མཛད་པ་ཞེས་བྱའོ། ། འཇིག་རྟེན་དང་འཐུན་པར་མཛད་པ་ཞེས་བྱའོ། ། འཇིག་རྟེན་མཁྱེན་པ་ཞེས་བྱའོ། ། འཇིག་རྟེན་གྱི་བདག་པོ་བརྙེས་པ་ཞེས་བྱའོ། ། སྦྱིན་གནས་ཆེན་པོ་ཞེས་བྱའོ། ། མཆོད་པའི་ འོས་ཞེས་བྱའོ། ། བསོད་ནམས་ཀྱི་ཞིང་ཆེན་པོ་ཞེས་བྱའོ། ། སེམས་ཅན་ཆེན་པོ་ཞེས་བྱའོ། ། སེམས་ཅན་དམ་པ་ཞེས་བྱའོ། ། སེམས་ཅན་མཆོག་ཅེས་བྱའོ། ། སེམས་ཅན་རབ་མཆོག་ཅེས་བྱའོ། ། སེམས་ཅན་བླ་མ་ཞེས་བྱའོ། ། སེམས་ཅན་གོང་ན་མེད་པ་ཞེས་བྱའོ། ། སེམས་ཅན་མཉམ་པ་མེད་ པ་ཞེས་བྱའོ། ། སེམས་ཅན་འདྲ་བ་མེད་པ་ཞེས་བྱའོ། ། རྟག་ཏུ་མཉམ་པར་བཞག་པ་ཞེས་བྱའོ། ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པ་ཞེས་བྱའོ། ། ལམ་བརྙེས་པ་ཞེས་བྱའོ། ། ལམ་སྟོན་པ་ཞེས་བྱའོ། ། ལམ་མཚོན་པ་ཞེས་བྱའོ། ། ལམ་ལ་ཤིན་ཏུ་གནས་པ་ཞེས་བྱའོ། ། བདུད་ཀྱི་ཡུལ་ལས་ཡང་དག་པར་འདས་པ་ཞེས་བྱའོ། ། བདུད་ཀྱི་དཀྱིལ་འཁོར་འཇོམས་པར་མཛད་པ་ཞེས་བྱའོ། ། རྒ་ཤི་མི་མངའ་བས་བསིལ་བའི་དངོས་པོ་བརྙེས་པ་ཞེས་བྱའོ། ། མུན་པ་མུན་ནག་དང་བྲལ་བ་ཞེས་བྱའོ། །
BOཐེ་ཙོམ་དང་བྲལ་བ་ཞེས་བྱའོ། ། དོགས་པ་དང་བྲལ་བ་ཞེས་ བྱའོ། ། ཉོན་མོངས་པ་དང་བྲལ་བ་ཞེས་བྱའོ། ། སོམ་ཉི་བཏུལ་བ་ཞེས་བྱའོ། ། ཡིད་གཉིས་ཡང་དག་པར་བཅོམ་པ་ཞེས་བྱའོ། ། ཆགས་པ་དང་བྲལ་བ་ཞེས་བྱའོ། ། རྣམ་པར་གྲོལ་བ་ཞེས་བྱའོ། ། རྣམ་པར་དག་པ་ཞེས་བྱའོ། ། འདོད་ཆགས་དང་བྲལ་བ་ཞེས་བྱའོ། ། ཞེ་སྡང་དང་ བྲལ་བ་ཞེས་བྱའོ། ། གཏི་མུག་དང་བྲལ་བ་ཞེས་བྱའོ། ། ཟག་པ་ཟད་པ་ཞེས་བྱའོ། ། ཉོན་མོངས་པ་མི་མངའ་བ་ཞེས་བྱའོ། ། དབང་དང་ལྡན་པར་གྱུར་པ་ཞེས་བྱའོ། ། ཐུགས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། ། ཅང་མཁྱེན་པ་ཞེས་ བྱའོ། ། གླང་པོ་ཆེན་པོ་ཞེས་བྱའོ། ། བྱ་བ་མཛད་པ་ཞེས་བྱའོ། ། བྱེད་པ་མཛད་པ་ཞེས་བྱའོ། ། ཁུར་བོར་བ་ཞེས་བྱའོ། ། རང་གི་དོན་རྗེས་སུ་བརྙེས་པ་ཞེས་བྱའོ། ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་བྱའོ། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱའོ། ། སེམས་ཀྱི་ དབང་དམ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། ། སྦྱིན་པའི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། ། ཚུལ་ཁྲིམས་ཀྱིས་མངོན་པར་འཕགས་པ་ཞེས་བྱའོ། །
BOབཟོད་པའི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། ། བརྩོན་འགྲུས་ཀྱིས་མངོན་པར་འཕགས་པ་ཞེས་བྱའོ། ། བསམ་གཏན་དང་མངོན་པར་ཤེས་པ་ བརྙེས་པ་ཞེས་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། ། སྨོན་ལམ་གྲུབ་པ་ཞེས་བྱའོ། ། བྱམས་པ་ཆེན་པོ་ལ་གནས་པ་ཞེས་བྱའོ། ། སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱའོ། ། དགའ་བ་ཆེན་པོ་ལ་གནས་པ་ཞེས་བྱའོ། ། བཏང་སྙོམས་ཆེན་པོ་ལ་གནས་པ་ཞེས་བྱའོ། ། སེམས་ཅན་བསྡུ་བ་ལ་བརྩོན་པ་ཞེས་བྱའོ། ། སྒྲིབ་པ་མེད་པའི་སོ་སོ་ཡང་དག་པར་རིག་པ་བརྙེས་པ་ཞེས་བྱའོ། ། རྟོན་པར་གྱུར་པ་ཞེས་བྱའོ། ། བསོད་ནམས་ཆེན་པོ་ཞེས་བྱའོ། ། ཡེ་ཤེས་ཆེན་པོ་དང་ལྡན་པ་ཞེས་བྱའོ། ། དྲན་པ་དང་བློ་གྲོས་དང་རྟོགས་པ་དང་བློ་ཕུན་སུམ་ཚོགས་པ་ཞེས་ བྱའོ། ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཞི་གནས་དང་། ལྷག་མཐོང་གིས་སྣང་བ་བརྙེས་པ་ཞེས་བྱའོ། ། འཁོར་བའི་རྒྱ་མཚོ་ལས་རྒལ་བ་ཞེས་བྱའོ། ། ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། ། ཐང་ལ་བྱོན་པ་ཞེས་བྱའོ། ། བདེ་བ་བརྙེས་པ་ཞེས་བྱའོ། ། མི་བསྙེངས་པ་བརྙེས་པ་ཞེས་བྱའོ།
BO། ཉོན་མོངས་པའི་ཚེར་མ་དཀྲུགས་པ་ཞེས་བྱའོ། ། སྐྱེས་བུ་ཞེས་བྱའོ། ། སྐྱེས་བུ་ཆེན་པོ་ཞེས་བྱའོ། ། སྐྱེས་བུ་སེང་གེ་ཞེས་བྱའོ། ། འཇིགས་པ་དང་ སྤུ་ཟིང་ཞེས་བྱེད་པ་མི་མངའ་བ་ཞེས་བྱའོ། ། གླང་པོ་ཞེས་བྱའོ། ། དྲི་མ་མེད་པ་ཞེས་བྱའོ། ། དྲི་མ་གསུམ་སྤངས་པ་ཞེས་བྱའོ། ། རིག་པ་པོ་ཞེས་བྱའོ། ། རིག་པ་གསུམ་བརྙེས་པ་ཞེས་བྱའོ། ། ཆུ་བོ་བཞི་ལས་རྒལ་བ་ཞེས་བྱའོ། ། རིན་པོ་ཆེའི་གདུགས་འཛིན་པ་གཅིག་པུར་ གྱུར་པའི་ཕྱིར་རྒྱལ་རིགས་ཞེས་བྱའོ། ། སྡིག་པའི་ཆོས་སྤངས་པའི་ཕྱིར་བྲམ་ཟེ་ཞེས་བྱའོ། ། མ་རིག་པའི་སྒོ་ངའི་སྦུབས་བཅོམ་པའི་ཕྱིར་དགེ་སློང་ཞེས་བྱའོ། ། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དགེ་སྦྱོང་ཞེས་བྱའོ། ། ཉོན་མོངས་པ་གཟིགས་པའི་ཕྱིར་གཙང་སྦྲ་ ཅན་ཞེས་བྱའོ། ། སྟོབས་དང་ལྡན་པ་ཞེས་བྱའོ། ། སྟོབས་བཅུ་མངའ་བ་ཞེས་བྱའོ། ། བཅོམ་ལྡན་འདས་ཞེས་བྱའོ། ། སྐུ་བསྒོམས་པ་ཞེས་བྱའོ། ། རྒྱལ་པོའི་ཡང་རྒྱལ་པོ་ཞེས་བྱའོ། ། ཆོས་ཀྱི་རྒྱལ་པོ་ཞེས་བྱའོ། ། ཆོས་ཀྱི་འཁོར་ལོ་མཆོག་དམ་པ་བསྐོར་ཞིང་རྗེས་སུ་སྟོན་པ་ཞེས་ བྱའོ། ། མི་འཁྲུགས་པའི་ཆོས་སྟོན་པ་ཞེས་བྱའོ། །
BOཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་བྱའོ། ། ཆགས་པ་མེད་པའི་ཡེ་ཤེས་ཆེན་པོ་དྲི་མ་མེད་ཅིང་རྣམ་པར་གྲོལ་བའི་གོ་འཕང་གི་ཐབས་བརྙེས་པ་ཞེས་བྱའོ། ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེ་དང་ལྡན་པ་ཞེས་བྱའོ། ། ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་ཁྱད་པར་བརྙེས་པ་ཞེས་བྱའོ། ། བློན་པོ་འཕགས་པའི་ཉན་ཐོས་ཐམས་ཅད་ཀྱིས་ཞལ་གྱི་དཀྱིལ་འཁོར་དུ་བལྟས་པ་ཞེས་བྱའོ། ། སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ཅན་ཞེས་བྱའོ། ། གདུལ་བ་ཤིན་ཏུ་བཏུལ་བ་ཞེས་བྱའོ། ། བྱང་ཆུབ་ སེམས་དཔའ་ལེགས་པར་ལུང་བསྟན་པ་ཞེས་བྱའོ། ། རྣམ་ཐོས་ཀྱི་བུ་དང་འདྲ་བ་ཞེས་བྱའོ། ། འཕགས་པའི་ནོར་བདུན་གྱི་མཛོད་བྱིན་པ་ཞེས་བྱའོ། ། ལྷུག་པར་གཏོང་བ་ཞེས་བྱའོ། ། བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་ཞེས་བྱའོ། ། རེ་བ་ཐམས་ཅད་སྦྱིན་པ་ཞེས་བྱའོ། ། འཇིག་ རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བས་རྗེས་སུ་སྐྱོང་བ་ཞེས་བྱའོ། ། དབང་པོ་དང་མཚུངས་པ་ཞེས་བྱའོ། ། ཡེ་ཤེས་མཆོག་གི་རྡོ་རྗེ་འཆང་བ་ཞེས་བྱའོ། ། ཀུན་ནས་སྤྱན་ཞེས་བྱའོ། ། ཆོས་ཐམས་ཅད་ལ་སྒྲིབ་པ་མི་མངའ་བར་གཟིགས་པ་ཞེས་བྱའོ། །
BOཡེ་ཤེས་ཀྱིས་ཀུན་ཏུ་རྣམ་པར་འཕྲུལ་པ་ ཞེས་བྱའོ། ། ཆོས་ཀྱི་གར་གྱི་རྒྱུད་རྒྱ་ཆེན་པོ་སྟོན་པ་ལ་ཞུགས་པ་ཞེས་བྱའོ། ། ཟླ་བ་དང་མཚུངས་པ་ཞེས་བྱའོ། ། འགྲོ་བ་ཐམས་ཅད་ཀྱིས་བལྟ་བས་མི་ངོམས་པ་ཞེས་བྱའོ། ། འོད་རྣམ་པར་དག་ཅིང་ཀུན་དུ་ཡངས་པ་ཞེས་བྱའོ། ། དགའ་བ་དང་མཆོག་ཏུ་དགའ་བར་མཛད་པའི་འོད་ཅེས་བྱའོ། ། སེམས་ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་ཤིང་གཟིགས་པར་སྣང་བ་ཞེས་བྱའོ། ། འགྲོ་བ་ཐམས་ཅད་ཀྱི་སེམས་དང་བསམ་པའི་སྣོད་ཇི་ལྟ་བ་བཞིན་དུ་སྣང་བ་བརྙེས་པ་ཞེས་བྱའོ། ། བཀོད་པ་ཆེན་པོ་ཞེས་བྱའོ། ། སློབ་པ་དང་མི་སློབ་པའི་སྐར་མའི་ཚོགས་ཀྱི་འཁོར་ཅན་ཞེས་བྱའོ། ། ཉི་མའི་ དཀྱིལ་འཁོར་དང་མཚུངས་པ་ཞེས་བྱའོ། ། མུན་པ་མུན་ནག་བསལ་བ་ཞེས་བྱའོ། ། ཏོག་ཆེན་པོ་དང་ལྡན་པའི་རྒྱལ་པོ་ཞེས་བྱའོ། ། འོད་ཟེར་ཚད་མེད་ཅིང་མཐའ་ཡས་པ་ཞེས་བྱའོ། ། སྣང་བ་ཆེན་པོ་ཀུན་ཏུ་སྟོན་པ་ཞེས་བྱའོ། ། དྲིས་པ་ཐམས་ཅད་ལུང་བསྟན་པ་སྟོན་པ་ལ་རྨོངས་པ་མི་མངའ་ བ་ཞེས་བྱའོ། ། མ་རིག་པའི་མུན་པ་ཆེན་པོ་འཇོམས་པར་མཛད་པ་ཞེས་བྱའོ། ། ཡེ་ཤེས་ཀྱི་སྣང་བ་ཆེན་པོས་རྣམ་པར་གཟིགས་པའི་བློ་དང་ལྡན་པ་ཞེས་བྱའོ། །
BOརྣམ་པར་མི་རྟོག་པ་ཞེས་བྱའོ། ། བྱམས་པ་དང་སྙིང་བརྩེ་བ་དང་། སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ལ་འོད་ཟེར་མཉམ་པར་གཏོང་ཞིང་ ཡུལ་ཚད་མེད་པ་ཞེས་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་རྙེད་པར་དཀའ་ལ་བལྟ་དཀའ་བའི་དཀྱིལ་འཁོར་ཅན་ཞེས་བྱའོ། ། ཚངས་པ་དང་མཚུངས་པ་ཞེས་བྱའོ། ། རབ་ཏུ་ཞི་བའི་སྤྱོད་ལམ་དང་ལྡན་པ་ཞེས་བྱའོ། ། སྤྱོད་ལམ་དང་སྤྱོད་པའི་ཁྱད་པར་ཐམས་ཅད་དང་ལྡན་པ་ཞེས་བྱའོ། ། གཟུགས་དམ་པ་མངའ་བ་ཞེས་བྱའོ། ། བལྟ་བས་མི་ངོམས་པ་ཞེས་བྱའོ། ། དབང་པོ་ཞི་བ་ཞེས་བྱའོ། ། ཡིད་ཞི་བ་ཞེས་བྱའོ། ། ཞི་གནས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཞེས་བྱའོ། ། ཞི་གནས་དམ་པ་བརྙེས་པ་ཞེས་བྱའོ། ། དུལ་བ་དང་ཞི་གནས་མཆོག་བརྙེས་པ་ཞེས་བྱའོ། ། ཞི་གནས་ དང་ལྷག་མཐོང་གི་ཚོགས་ཡོངས་སུ་རྫོགས་པ་ཞེས་བྱའོ། ། སྦས་པ་དང་། དབང་པོ་ཐུལ་བ་དང་། གླང་པོ་ལྟར་ཤིན་ཏུ་དུལ་བ་དང་། མཚོ་ལྟར་རྙོག་པ་མེད་ཅིང་དང་བ་ཞེས་བྱའོ། ། ཉོན་མོངས་པའི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ལེགས་པར་སྤངས་པ་ཞེས་བྱའོ། ། སྐྱེས་བུ་ཆེན་པོའི་མཚན་སུམ་ ཅུ་རྩ་གཉིས་དང་ལྡན་པ་ཞེས་བྱའོ། ། སྐྱེས་བུ་མཆོག་ཅེས་བྱའོ། །
BOདཔེ་བྱད་བཟང་པོ་བརྒྱད་ཅུའི་འཁོར་སྣ་ཚོགས་ཀྱིས་སྐུ་སྤྲས་པ་ཞེས་བྱའོ། ། སྐྱེས་བུ་ཁྱུ་མཆོག་ཅེས་བྱའོ། ། སྟོབས་བཅུ་དང་ལྡན་པ་ཞེས་བྱའོ། ། མི་འཇིགས་པ་བཞི་བརྙེས་པ་ཞེས་བྱའོ། ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ བླ་ན་མེད་པ་ཞེས་བྱའོ། ། སྟོན་པ་ཞེས་བྱའོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པ་ཞེས་བྱའོ། ། སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་ཀྱི་མཐའ་མ་སྨད་པ་ཞེས་བྱའོ། ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱིར་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཡེ་ཤེས་ཀྱི་དཀྱིལ་ འཁོར་མངའ་བ་ཞེས་བྱའོ། ། རྟེན་ཅིང་འབྲེལ་བར་འབྱུང་བ་མཉམ་པ་ཉིད་དུ་མངོན་པར་ཐུགས་སུ་ཆུད་པའི་ཕྱིར་སྟོང་པ་ཉིད་ལ་གནས་པ་ཞེས་བྱའོ། ། དོན་དམ་པའི་བདེན་པའི་ཚུལ་རབ་ཏུ་རྟོགས་པའི་ཕྱིར་མཚན་མ་མེད་པ་ལ་གནས་པ་ཞེས་བྱའོ། ། འཇུག་པ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་སྨོན་པ་མེད་པ་ ལ་གནས་པ་ཞེས་བྱའོ། ། འདུ་བྱེད་ཐམས་ཅད་ཀྱི་རྒྱུན་བཅད་པའི་ཕྱིར། མངོན་པར་འདུ་མཛད་པ་མི་མངའ་བ་ཞེས་བྱའོ། ། ཡང་དག་པའི་མཐའི་ཡེ་ཤེས་ཀྱི་ཡུལ་རྣམ་པར་མི་འཁྲུགས་པའི་ཕྱིར། ། ཡང་དག་པར་གསུང་བ་ཞེས་བྱའོ། །
BOདེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཚན་ཉིད་ཤེས་པའི་ ཡུལ་ཡིན་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་དང་། ། གཞན་མ་ཡིན་པ་གསུང་བ་ཞེས་བྱའོ། ། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། ཆུ་ཟླ་དང་། བྲག་ཅ་དང་། མིག་ཡོར་དང་མཚུངས་པར་གནས་པའི་ཕྱིར་ཉོན་མོངས་པ་མེད་པའི་ཆོས་ཤིན་ཏུ་རྟོགས་པ་ཞེས་བྱའོ། ། ཡོངས་སུ་མྱ་ ངན་ལས་འདས་པའི་རྒྱུ་སྐྱེད་པའི་ཕྱིར་མཐོང་བ་དང་ཐོས་པ་དོན་ཡོད་པ་ཞེས་བྱའོ། ། སེམས་ཅན་གདུལ་བར་བཏུལ་བའི་རྩལ་དང་ལྡན་པའི་ཕྱིར་གོམ་པ་འདོར་བ་དོན་ཡོད་པ་ཞེས་བྱའོ། ། མ་རིག་པ་དང་སྲིད་པའི་སྲེད་པ་ཡང་དག་པར་བཅད་པའི་ཕྱིར་འོབས་ལས་རྒལ་བ་ཞེས་བྱའོ། ། ངེས་པར་འབྱིན་ པའི་ལམ་ལེགས་པར་བསྟན་པའི་ཕྱིར་ཟམ་པ་བཏགས་པ་ཞེས་བྱའོ། ། བདུད་ཀྱི་ཡུལ་དང་སྤྱོད་པ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་བདུད་དང་ཉོན་མོངས་པའི་ཕྱིར་རྒོལ་བ་ལས་རྒྱལ་བ་ཞེས་བྱའོ། ། འདོད་པའི་ཁམས་ལས་ཡང་དག་པར་འདས་པའི་ཕྱིར་འདོད་པའི་འདམ་ལས་རྒལ་བ་ཞེས་བྱའོ། ། གཟུགས་ཀྱི་ཁམས་ལས་ཡང་དག་པར་འདས་པའི་ཕྱིར་ང་རྒྱལ་གྱི་རྒྱལ་མཚན་བསྙལ་བ་ཞེས་བྱའོ། །
BOགཟུགས་མེད་པའི་ཁམས་ལས་ཡང་དག་པར་འདས་པའི་ཕྱིར་ཤེས་རབ་ཀྱི་རྒྱལ་མཚན་བསྒྲེང་བ་ཞེས་བྱའོ། ། ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་ལྡན་པའི་ཕྱིར་འཇིག་རྟེན་གྱི་ཡུལ་ཐམས་ཅད་ ལས་ཡང་དག་པར་འདས་པ་ཞེས་བྱའོ། ། ཡོན་ཏན་རིན་པོ་ཆེའི་ཡེ་ཤེས་ཀྱི་མེ་ཏོག་མཐའ་ཡས་པ་ཤིན་ཏུ་རྒྱས་ཤིང་རྣམ་པར་གྲོལ་བའི་འབྲས་བུ་ཤིན་ཏུ་ཕུན་སུམ་ཚོགས་པའི་ཕྱིར་སྡོང་པོ་ཆེན་པོ་ཞེས་བྱའོ། ། འབྱུང་བ་དང་མཐོང་བ་རྙེད་པར་དཀའ་བའི་ཕྱིར་ཨུ་དུམ་བཱ་རའི་མེ་ཏོག་དང་མཚུངས་པ་ཞེས་ བྱའོ། ། ཚུལ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བའི་བསམ་པ་ཤིན་ཏུ་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དང་མཚུངས་པ་ཞེས་བྱའོ། ། ཡུན་རིང་པོ་ནས་གཏོང་བ་དང་ཚུལ་ཁྲིམས་དང་དཀའ་ཐུབ་དང་བརྟུལ་ཞུགས་དང་། ཚངས་པར་སྤྱོད་པ་བརྟན་པོར་ ཡང་དག་པར་བླངས་པས་མི་གཡོ་ཞིང་མི་སྐྱོད་པའི་ཕྱིར། ཞབས་ཤིན་ཏུ་གནས་པ་ཞེས་བྱའོ། ། ཡུན་རིང་པོ་ནས་ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བླ་མ་དང་། སྦྱིན་གནས་རྣམས་དང་། ཆོས་དང་ལྡན་པ་ཡོངས་སུ་སྐྱོང་བ་དང་། སྐྱབས་སུ་ལྷགས་པ་རྣམས་ཡོངས་སུ་མི་གཏོང་ བའི་ཕྱིར། །
BOཞབས་ཀྱི་མཐིལ་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པ་དང་། འཁོར་ལོ་རྩིབས་སྟོང་དང་ལྡན་པ་སྣ་ཚོགས་ཀྱི་མཚན་དང་ལྡན་པ་ཞེས་བྱའོ། ། ཡུན་རིང་པོ་ནས་སྲོག་གཅོད་པ་སྤངས་པའི་ཕྱིར་ཞབས་ཀྱི་རྟིང་པ་ཡངས་པ་ཞེས་བྱའོ། ། ཡུན་རིང་པོ་ནས་སེམས་ཅན་གཞན་སྲོག་གཅོད་པ་སྤང་བ་ཡང་དག་པར་ འཛིན་དུ་འཇུག་པའི་ཕྱིར་ཕྱག་གི་སོར་མོ་རིང་བ་ཞེས་བྱའོ། ། ཡུན་རིང་པོ་ནས་སྲོག་གཅོད་པ་སྤང་བའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་མཛད་པ་དང་། སྐྱེ་བོ་མང་པོའི་སྐྱབས་མཛད་པའི་ཕྱིར། སྐུ་ཆེ་ཞིང་དྲང་བ་ཞེས་བྱའོ། ། ཡུན་རིང་པོ་ནས་ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བླ་མ་དང་། སྦྱིན་གནས་ལ་བསྙེན་བཀུར་དང་ཡོངས་སུ་སྤྱད་པ་བྱེད་ཅིང་བཀྲུ་བ་དང་། བྱུག་པ་དང་། མར་དང་། འབྲུ་མར་གྱིས་སྐུད་ཅིང་ལག་དར་ཏེ་ལུས་ལ་སྤྱད་པ་བྱེད་པས་ཡོངས་སུ་མི་སྐྱོ་བའི་ཕྱིར། ཕྱག་དང་ཞབས་འཇམ་ཞིང་མཉེན་པ་ཞེས་བྱའོ། ། བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱེད་པ་དང་། དོན་འཐུན་པའི་དྲ་བས་སེམས་ཅན་བསྡུ་བ་ལ་མཁས་པ་ལེགས་པར་བསླབས་པའི་ཕྱིར་ཕྱག་དང་ཞབས་དྲ་བས་འབྲེལ་བ་ཞེས་བྱའོ། །
BOཡུན་རིང་པོ་ནས་གོང་ནས་གོང་དུ་དགེ་བའི་རྩ་བ་ཤིན་ཏུ་ཁྱད་པར་དུ་འཕགས་པ་ལ་ལྷག་པར་དམིགས་པའི་ཕྱིར་ཞབས་མཐོ་བ་ཞེས་བྱའོ། ། ཡུན་ རིང་པོ་ནས་ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བླ་མ་དང་། སྦྱིན་གནས་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྐོར་བ་བྱེད་པ་དང་། ལུས་ཀྱི་ལས་དང་། གུས་པར་ཆོས་ཉན་ཅིང་སྤུ་ཟིང་ཞེས་བྱེད་པ་དང་། སེམས་ཅན་གཞན་ཡང་དག་པར་དགའ་བར་བྱེད་པ་དང་། ཆོས་སྟོན་པ་ལ་ སྦྱོར་བའི་ཕྱིར་ཡན་ལག་གི་སྤུ་གྱེན་དུ་གཡས་སུ་འཁྱིལ་བར་མངོན་པར་གྲུབ་པ་ཞེས་བྱའོ། ། ཡུན་རིང་པོ་ནས་བསྟི་སྟང་དུ་བྱས་ཏེ། ཆོས་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། ཤེས་པར་བྱེད་པ་དང་། དོན་དང་ཚིག་རྣམ་པར་ངེས་པར་རྟོག་པ་ལ་མཁས་པས་རྒ་བ་དང་། ན་བ་དང་། འཆི་བ་ ལ་མངོན་དུ་ཕྱོགས་པའི་སེམས་ཅན་ཐམས་ཅད་ལ་སྐྱབས་སུ་འགྲོ་བ་སྦྱིན་པ་དང་། བསྟི་སྟང་དུ་བྱས་ཏེ་ཆོས་སྟོན་ཅིང་མི་བརྙས་པའི་བློ་དང་ལྡན་པའི་ཕྱིར་བྱིན་པ་{རི་དགས་,རི་དྭགས་}ཨེ་ན་ཡའི་ལྟ་བུ་ཞེས་བྱ་བའོ། ། ཡུན་རིང་པོ་ནས་དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་།
BOདེ་ལས་གཞན་པ་ཚངས་པ་མཚུངས་པར་སྤྱོད་ པ་རྣམས་ལ་ཚངས་པར་སྤྱོད་པའི་རྗེས་སུ་གཟུང་བའི་ཡོ་བྱད་ཐམས་ཅད་སྦྱིན་པ་དང་། སྒྲེན་མོ་རྣམས་ལ་གོས་སྦྱིན་པ་དང་། གཞན་གྱི་ཆུང་མ་ལ་མི་འཕྱོ་བ་དང་། ཚངས་པར་སྤྱོད་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་རྗེས་སུ་བསྲུང་བ་བརྟན་པོར་ཡང་ དག་པར་བླངས་པའི་ཕྱིར་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཞེས་བྱའོ། ། ཡུན་རིང་པོ་ནས་ལག་པ་དང་རྐང་པ་སྦོམ་པ་དང་། སེམས་ཅན་ལ་མི་འཚེ་བར་སྦྱོར་བ་དང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་བྱམས་པ་དང་ལྡན་པའི་ཕྱིར་ཕྱག་རིང་བ་ཞེས་བྱའོ། ། ཡུན་རིང་པོ་ནས་ ཟས་ཀྱི་ཚོད་ཤེས་པ་དང་ཉུང་ངུ་ཟ་བ་དང་། ལྟོ་སྡོམ་པ་དང་། ནད་པ་ལ་སྨན་སྦྱིན་པ་དང་། སྐྱེ་བོ་དམན་པ་ལ་མི་བརྙས་པ་དང་། མགོན་མེད་པ་ཁྱད་དུ་མི་གསོད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་འཆོས་པ་དང་། མཆོད་རྟེན་རྩིག་པ་དང་། འཇིགས་པས་ཉེན་པའི་སེམས་ཅན་རྣམས་ ལ་མི་འཇིགས་པ་སྦྱིན་པའི་ཕྱིར་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཞེས་བྱའོ། ། ཡུན་རིང་པོ་ནས་ཕ་མ་དང་། བྲམ་ཟེ་དང་། དགེ་སྦྱོང་དང་། བླ་མ་དང་།
BOསྦྱིན་གནས་རྣམས་ལ་བཀྲུ་བ་དང་། བསྐུ་བ་དང་། མར་དང་། འབྲུ་མར་གྱིས་སྐུད་པ་དང་། གྲང་བའི་དུས་ན་ནི་ཆུ་དྲོན་པོ་དང་ཚ་བའི་དུས་ན་ནི་ཆུ་གྲང་ བ་དང་། བསིལ་གྲིབ་དང་དུས་ཀྱི་བདེ་བའི་ལོངས་སྤྱོད་སྦྱིན་པ་དང་། ཤིང་བལ་འཇམ་པོ་ལྟར་རེག་ན་བདེ་ཞིང་འཇམ་པའི་རས་ལེགས་པར་བཏིང་བའི་མལ་ཆ་སྦྱིན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཀྱི་འབྲུ་མར་འཐོར་བ་དང་། དར་ཕྲ་མོའི་རྒྱལ་མཚན་དང་། བ་དན་དང་། སྲད་བུ་འབུལ་ བའི་ཕྱིར་སྐུའི་པགས་པ་འཇམ་ཞིང་མཉེན་ལ་སྲབ་པ་ཞེས་བྱའོ། ། ཡུན་རིང་པོ་ནས་སེམས་ཅན་ལ་ཁོང་ཁྲོ་བ་མེད་པ་དང་། བྱམས་པ་བསྒོམས་པ་ལ་སྦྱོར་བ་དང་། བཟོད་པ་དང་དེས་པ་ལ་སེམས་ཅན་གཞན་དག་འཛུད་པ་དང་། ཁོན་དུ་འཛིན་པ་མེད་ཅིང་གནོད་སེམས་མེད་པའི་ཡོན་ཏན་ གྱི་བསྔགས་པ་བརྗོད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ལ་གསེར་གྱི་རྒྱན་དང་། གསེར་གྱི་མེ་ཏོག་དང་། གསེར་གྱི་ཕྱེ་མ་འཐོར་བ་དང་། གསེར་གྱི་ཁ་དོག་ལྟ་བུའི་དར་གྱི་བ་དན་དང་། རྒྱལ་མཚན་དང་། རྒྱན་དང་། གསེར་གྱི་སྣོད་དང་། གསེར་གྱི་ཁ་དོག་ལྟ་བུའི་གོས་འབུལ་བའི་ཕྱིར།
BOཔགས་པའི་མདོག་གསེར་གྱི་ཁ་དོག་ལྟ་བུ་ཞེས་བྱའོ། ། ཡུན་རིང་པོ་ནས་མཁས་པའི་གན་དུ་འགྲོ་ཞིང་དགེ་བ་དང་མི་དགེ་བ་གང་ཡིན་ཞེས་འདྲི་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་དང་། ། ངན་པ་དང་། འབྲིང་དང་། གྱ་ནོམ་པའི་ཆོས་ཡོངས་སུ་འདྲི་བ་དང་། དེའི་དོན་དཔྱད་པ་དང་། ཡོངས་སུ་འཇལ་བ་ལ་རྨོངས་པ་མེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྲིན་བུ་ཀི་ཏ་དང་། ལུ་ཏའི་ཚད་དང་། བ་རྒྱ་དང་། མེ་ཏོག་རྙིང་པ་དང་། རྩྭ་སྣ་ཚོགས་དང་། ཕྱག་དར་ཡོད་པ་སེལ་བར་སྦྱོར་བའི་ཕྱིར་སྤུ་རེ་རེ་ནས་སྐྱེས་པ་ཞེས་བྱའོ། ། ཡུན་རིང་པོ་ནས་ཕ་མ་དང་། གཙོ་བོ་དང་། དམ་པ་དང་། མཆོད་པའི་འོས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཕོངས་པ་དང་། སློང་ བ་ལ་{སྩོགས་,སོགས་}པ་འོངས་པ་དག་ལ་བསྟི་སྟང་དུ་བྱས་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཟས་དང་། སྐོམ་དང་། མལ་ཆ་དང་། སྨན་དང་། གོས་དང་། གནས་དང་། མར་མེ་དང་། འཚོ་བའི་ཡོ་བྱད་རུང་བ་སྦྱོར་བ་དང་། ཁྲོན་པ་དང་། རྫིང་ཆུ་བསིལ་བས་གང་བ་དག ། སྐྱེ་བོ་མང་པོའི་ ལོངས་སྤྱོད་དུ་སྦྱིན་པའི་ཕྱིར་བདུན་མཐོ་བ་ཞེས་བྱའོ། །
BOཡུན་རིང་པོ་ནས་ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བླ་མ་དང་། སྦྱིན་གནས་ལ་འདུད་པ་དང་། རབ་ཏུ་འདུད་པ་དང་། གསོང་པོར་སྨྲ་བ་དང་། མི་འཇིགས་པ་སྦྱིན་པ་དང་། ཉམ་ཆུང་བ་ལ་མི་བརྙས་པ་དང་། སྐྱབས་ སུ་སོང་བ་ཡོངས་སུ་མི་གཏོང་བ་བརྟན་པོར་ཡང་དག་པར་བླངས་པ་ཡོངས་སུ་མི་གཏོང་བའི་ཕྱིར། རོ་སྟོད་སེང་གེ་འདྲ་བ་ཞེས་བྱའོ། ། ཡུན་རིང་པོ་ནས་རང་གི་ཉེས་པ་ལ་ཡོངས་སུ་འཇལ་བ་དང་། གཞན་གྱི་འཁྲུལ་པ་དང་། གཞན་གྱི་སྐྱོན་ལ་ཉེས་པར་མི་ལྟ་བ་དང་། རྩོད་པའི་རྩ་བ་དང་། གཞན་འབྱེད་པར་བྱེད་པའི་བརྗོད་པ་ཡོངས་སུ་སྤོང་བ་དང་། གསང་ཚིག་ལེགས་པར་འདོར་བ་དང་། ངག་གི་ལས་ཀྱི་མཐའ་ལེགས་པར་བསྲུངས་པའི་ཕྱིར། ཐལ་གོང་རྒྱས་པ་ཞེས་བྱའོ། ། ཡུན་རིང་པོ་ནས་ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བླ་མ་དང་། སྦྱིན་གནས་ རྣམས་ལ་ལྡང་བ་དང་། བསུ་བ་དང་། གསོང་པོར་སྨྲ་བ་དང་། བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པས་རྩོད་པར་འདོད་པའི་སེམས་ཅན་ཚར་གཅོད་པ་དང་། རང་གི་ཆོས་འདུལ་བ་དང་འཐུན་པར་ཡང་དག་པར་འཇུག་པ་དང་། རྒྱལ་པོ་དང་བློན་པོ་ལ་སོགས་པ་དགེ་བའི་ལས་ ཀྱི་ལམ་ལ་འགོད་པ་དང་། སྒོམ་དུ་འཇུག་པ་དང་།
BOདེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་འཛིན་པ་དང་། ཀུན་ཏུ་འཛིན་པ་དང་། དགེ་བའི་སྤྱོད་པ་ཐམས་ཅད་ཡང་དག་པར་འཛིན་དུ་འཇུག་པའི་སྔོན་དུ་འགྲོ་བའི་ཕྱིར། དཔུང་མགོ་ཤིན་ཏུ་ཟླུམ་པ་ཞེས་བྱའོ། ། ཡུན་ རིང་པོ་ནས་སློང་བའི་བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། སྙན་པར་སྨྲ་བ་དང་། ལྷགས་པ་རྣམས་ལ་ཡང་མི་བརྙས་ཤིང་སྤ་གོང་བར་མི་བྱེད་པ་དང་། མི་སྐྱོ་བ་དང་། ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྦྱིན་ པ་ཡོངས་སུ་གཏོང་བ། བརྟན་པོར་ཡང་དག་པར་བླངས་པ་མི་འདོར་བའི་ཕྱིར། འགྲམ་པ་སེང་གེའི་འདྲ་བ་ཞེས་བྱའོ། ། ཡུན་རིང་པོ་ནས་ཕྲ་མའི་ཚིག་ཡོངས་སུ་སྤོང་བ་དང་། དབྱེན་གྱི་གསང་ཚིག་མི་འཛིན་པ་དང་། འདུམ་པར་བསྡུམས་བྱེད་འདོད་པ་དང་། འདུམ་པ་རྣམས་ དབྱེ་བར་མི་སེམས་པ་དང་། ཕྲ་མའི་ཚིག་ལ་སྨོད་པ་དང་། འདུམ་པ་བསྡུམས་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པར་སྦྱོར་བའི་ཕྱིར། ཚེམས་བཞི་བཅུ་མཉམ་པ་ཞེས་བྱའོ། ། ཡུན་རིང་པོ་ནས་ནག་པོའི་ཕྱོགས་ཡོངས་སུ་སྤོང་བ་དང་། དཀར་པོའི་ཕྱོགས་དགེ་བའི་རྩ་བ་ སོགས་པ་དང་།
BOལས་གནག་ཅིང་རྣམ་པར་སྨིན་པ་ཡང་གནག་པ་ཡོངས་སུ་སྤོང་བ་དང་། ལས་དཀར་ཞིང་རྣམ་པར་སྨིན་པ་ཡང་དཀར་བ་བསྔགས་པ་དང་། འོ་མ་དང་སྦྱར་བའི་ཟས་དང་། གོས་དཀར་པོ་སྦྱིན་པ་དང་། དེ་བཞིན་གཤེགས་པའི་རྟེན་རྣམས་ལ་རྡོ་ཐལ་འོ་མ་དང་བསྲེས་ པ་པིར་གྱིས་སྐུད་པ་དང་། མེ་ཏོག་སུ་མ་ན་དང་། བཱར་ཤི་ཀ་དང་། དྷ་ནུ་སྐ་རིའི་ཕྲེང་བ་བརྒྱུས་པའི་མེ་ཏོག་གི་ཆུན་པོ་དང་། མེ་ཏོག་ཁ་དོག་དཀར་པོ་སྦྱིན་པའི་ཕྱིར། ཚེམས་ཤིན་ཏུ་དཀར་བ་ཞེས་བྱའོ། ། ཡུན་རིང་པོ་ནས་འཕྱ་བ་དང་། འཐིང་བ་རྣམ་པར་སྤོང་བ་དང་། ཀུན་དགའ་བར་བྱེད་པ་དང་། ཚིག་སྲུང་བ་དང་། ཀུན་དགའ་བར་བྱེད་པའི་ཚིག་བརྗོད་པ་དང་། གཞན་གྱི་འཁྲུལ་པ་དང་། གཞན་གྱི་སྐྱོན་མི་ཚོལ་བ་དང་སེམས་ཅན་ཐམས་ཅད་ལ་སེམས་འཐུན་པར་ཡང་དག་པར་འཛིན་དུ་འཇུག་པ་དང་། མཉམ་པར་སྦྱོར་བ་དང་། མཉམ་པར་ ཆོས་སྟོན་པ་བརྟན་པོར་ཡང་དག་པར་བླངས་པ་ཡོངས་སུ་མི་འདོར་བའི་ཕྱིར། ཚེམས་ཐགས་བཟང་བ་ཞེས་བྱའོ། ། ཡུན་རིང་པོ་ནས་སེམས་ཅན་ཐམས་ཅད་ལ་རྣམ་པར་མི་འཚེ་བ་དང་། རྣམ་པར་ཐོ་མི་འཚམ་པ་དང་། ནད་སྣ་ཚོགས་ཀྱིས་ཐེབས་པ་ལ་རིམ་གྲོ་བྱེད་པ་དང་། ནད་པ་ལ་ སྨན་བྱིན་པ་དང་།
BOའདྲོན་པ་རྣམས་ལ་རོ་བྲོ་བ་ཐམས་ཅད་སྦྱིན་པས་ཡོངས་སུ་མི་སྐྱོ་བའི་ཕྱིར། རོ་བྲོ་བ་མཆོག་དང་ལྡན་པ་ཞེས་བྱའོ། ། ཡུན་རིང་པོ་ནས་{བརྫུན་,རྫུན་}དང་། ཚིག་རྩུབ་པོ་དང་། བརླང་པོ་དང་། གཡོ་དང་། གཞན་ལ་གནོད་པ་དང་། གཞན་འཁྲུག་པར་བྱེད་པ་ དང་། མི་སྙན་པ་དང་། གཞན་གྱི་མཚང་འདྲུ་བའི་ཚིག་ཡོངས་སུ་སྤོང་བ་དང་། བྱམས་པ་དང་སྙིང་རྗེ་ལ་སྦྱོར་བ་དང་། དགའ་བ་དང་། མཆོག་ཏུ་དགའ་བར་བྱེད་པ་དང་། འཇམ་པ་དང་། སྙན་པ་དང་། མཉེན་པ་དང་། སྙིང་དུ་འཐད་པ་དང་། སེམས་ཅན་གྱི་དབང་པོ་ཚིམ་ པར་བྱེད་པ་དང་། ཡང་དག་པའི་ངག་ལ་ཡང་དག་པར་སྦྱོར་བའི་ཕྱིར། ཚངས་པའི་དབྱངས་ལྟ་བུ་ཞེས་བྱའོ། ། ཡུན་རིང་པོ་ནས་ཕ་མ་ལ་བྱ་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་མིག་ཏུ་སྦྱོར་བ་དང་། བུ་གཅིག་པ་ལ་བྱ་བ་བཞིན་དུ་སློང་བ་ལ་བྱམས་པ་ དང་། སྙིང་རྗེ་སྔོན་དུ་འགྲོ་བས་ལྟ་བ་དང་། སྤ་གོང་བར་མི་བྱེད་པ་དང་། དད་པའི་དབང་པོས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མིག་མི་འཛུམས་པར་ལྟ་བ་དང་།
BOསེམས་ཅན་གཞན་དེ་བཞིན་གཤེགས་པ་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་བརྟན་པོར་ཡང་དག་པར་བླངས་པའི་ཕྱིར་སྤྱན་ མཐོན་ཏིང་དུ་འདུག་པ་ཞེས་བྱའོ། ། ཡུན་རིང་པོ་ནས་བློ་གྲོས་དམན་པ་དང་། སེམས་པ་དམན་པ་རྣམ་པར་སྤོང་བ་དང་། རྒྱ་ཆེན་པོ་དང་། རླབས་པོ་ཆེ་ལ་མོས་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བླ་ན་མེད་པའི་ཆོས་ལ་མོས་པའི་སེམས་ཅན་ཡང་དག་པར་འཛུད་པ་དང་། ཁྲོ་གཉེར་ གྱི་བཞིན་རྣམ་པར་སྤོང་བ་དང་། འཛུམ་པའི་བཞིན་དང་ལྡན་པ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་གན་དུ་འགྲོ་ཞིང་མངོན་དུ་ཕྱོགས་པའི་སྔོན་དུ་འགྲོ་བས་དགེ་བའི་རྩ་བ་ཐམས་ཅད་སོགས་པ་ལས་ཕྱིར་མི་ལྡོག་པའི་ཕྱིར་སྤྱན་གྱི་རྫི་མ་བའི་འདྲ་བ་ཞེས་བྱའོ། ། ཡུན་རིང་པོ་ ནས་ཚིག་གི་སྐྱོན་ཐམས་ཅད་རྣམ་པར་སྤོང་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཆོས་སྨྲ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་བསྔགས་པ་ཚད་མེད་པར་བརྗོད་པ་དང་། དེ་བཞིན་གཤེགས་པའི་མདོ་སྡེ་ཡི་གེར་འདྲི་བ་དང་། ཀློག་པ་དང་། འདོན་པ་དང་། རྣམ་པར་ཤེས་པར་བྱེད་པ་ དང་། ཆོས་དེ་དག་གི་དོན་དང་། ཚིག་རབ་ཏུ་དབྱེ་བ་སེམས་ཅན་གཞན་ལ་གོ་བར་བྱེད་པ་ལ་མཁས་པའི་ཕྱིར། ལྗགས་ཡངས་པ་ཞེས་བྱའོ། །
BOཡུན་རིང་པོ་ནས་ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བླ་མ་དང་། སྦྱིན་གནས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་དང་། རབ་ ཏུ་བྱུང་བ་ལ་ཕྱག་འཚལ་བ་དང་། གསོང་པོར་སྨྲ་བ་དང་། དབུ་སྐྲ་སྦེད་པ་དང་། སྟེང་དུ་སྤོས་ཀྱི་འབྲུ་མར་འཐོར་བ་དང་། སློང་བ་ཐམས་ཅད་ལ་ཕྱེ་མ་དང་། ཕྲེང་བ་བརྒྱུས་པ་དང་། མགོ་རྒྱན་སྦྱིན་པའི་ཕྱིར། དབུ་གཙུག་ཏོར་དང་ལྡན་ཞིང་སྤྱི་གཙུག་བལྟར་མི་མཐོང་བ་ཞེས་བྱའོ། ། ཡུན་ རིང་པོ་ནས་གཏན་པ་མེད་པའི་མཆོད་སྦྱིན་ཐམས་ཅད་བྱེད་པ་དང་། སེམས་ཅན་ཐམས་ཅད་དགེ་བ་ཡང་དག་པར་ལེན་དུ་འཛུད་པ་དང་། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་དང་འགལ་བར་མི་བྱེད་པ་དང་། ཆོས་སྨྲ་བ་རྣམས་ཀྱིས་མངགས་ཏེ་ཕྱོགས་རྣམས་སུ་འགྲོ་བ་དང་འོངས་ པས་ཡོངས་སུ་མི་སྐྱོ་བ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་དང་། ཕ་མ་དང་། བླ་མ་དང་། སྦྱིན་གནས་ཐམས་ཅད་ལ་རིམ་གྲོ་བྱ་བར་སྤོས་སྣ་ཚོགས་ཀྱི་འབྲུ་མར་དང་། མར་དང་། སྒྲོན་མ་དང་། མར་མེ་རྣམས་ཀྱིས་ མུན་པ་མུན་ནག་སེལ་བ་དང་།
BOདེ་བཞིན་གཤེགས་པའི་སྐུ་གཟུགས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མཛེས་པར་བྱེད་དུ་འཇུག་པ་དང་། འོ་མ་ལྟ་བུའི་མཛོད་སྤུས་བརྒྱན་པ་བྱེད་པ་དང་། སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་དུ་འཇུག་པས། དགེ་བའི་ཚོགས་ཁྱད་ པར་དུ་གྱུར་པའི་ཕྱིར། སྨིན་མཚམས་ཀྱི་མཛོད་སྤུ་མཛེས་པར་སྐྱེས་ཤིང་། གཡས་སུ་འཁྱིལ་ལ་འབར་ཞིང་། ཁ་དོག་རྣམ་པར་དག་པ་སྣང་བ་དང་ལྡན་པ་ཞེས་བྱའོ། ། སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་དང་ལྡན་པའི་ཕྱིར། མཐུ་ཆེན་པོ་བརྙེས་པ་ཞེས་བྱའོ། ། བདུད་བྱེ་བ་ཕྲག་བརྒྱ་ཐུལ་བའི་ སྟོབས་དང་ལྡན་པའི་ཕྱིར། སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་དང་ལྡན་པ་ཞེས་བྱའོ། ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པའི་ཕྱིར། ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བ་ཞེས་བྱའོ། ། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་མཁས་པ་དང་། དམན་པ་ཉི་ཚེ་བའི་ཐེག་པ་རྣམ་པར་ སྤོང་བ་དང་ཐེག་པ་ཆེན་པོའི་ཡོན་ཏན་ཡང་དག་པར་སྒྲུབ་པའི་སྟོབས་དང་ལྡན་པས། སྟོབས་དེ་ལ་སྦྱོར་བ་ཆོག་མི་ཤེས་པའི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཞེས་བྱའོ། ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ ལས་ཡང་དག་པར་བླངས་པའི་རྒྱུ་དང་།
BOརྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་མཁས་པ་དང་། དམན་པ་ཉི་ཚེ་བའི་ཐེག་པ་རྣམ་པར་སྤོང་བ་དང་། ཐེག་པ་ཆེན་པོའི་ཡོན་ཏན་ཡང་དག་པར་སྒྲུབ་པའི་སྟོབས་དང་ལྡན་པས་སྟོབས་ལ་སྦྱོར་བས་ཆོག་ མི་ཤེས་པ་ཞེས་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ཡང་དག་པར་བླངས་པའི་རྒྱུ་དང་། རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། ཁམས་ དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་ལ་འཇུག་པ་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་བརྩོན་འགྲུས་ཀྱི་རིམ་པ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། མོས་པ་དུ་མ་དང་། མོས་པ་སྣ་ཚོགས་དང་། མོས་པ་མ་ལུས་པ་དང་། རྣམ་པར་གྲོལ་ བ་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར། ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་ལ་འཇུག་པ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར། མོས་པ་དུ་མ་དང་། མོས་པ་སྣ་ཚོགས་དང་།
BOམོས་པ་མ་ལུས་པ་ ཐམས་ཅད་དང་། རྣམ་པར་གྲོལ་བ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་པ་ཐམས་ཅད་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། སྔོན་གྱི་གནས་རྣམ་པ་དུ་མ་མཁྱེན་པ་ཆགས་པ་མི་མངའ་བའི་སྟོབས་དང་ལྡན་པའི་ཕྱིར། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ དང་། རྣམ་པར་གཞག་པ་ཐམས་ཅད་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། གཟུགས་མ་ལུས་པ་ཐམས་ཅད་སྒྲིབ་པ་མེད་པར་གཟིགས་པའི་ལྷའི་སྤྱན་གྱི་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར། སྔོན་གྱི་གནས་རྣམ་པ་དུ་མ་དྲན་པ་མཁྱེན་པ་ཆགས་པ་མི་མངའ་བའི་སྟོབས་དང་ལྡན་པ་ཞེས་ བྱའོ། ། བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པ་ཐམས་ཅད་དང་། ཟག་པ་ཐམས་ཅད་མ་ལུས་པར་ཟད་པ་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར།
BOགཟུགས་མ་ལུས་པ་ཐམས་ཅད་སྒྲིབ་པ་མེད་པར་གཟིགས་པའི་ལྷའི་སྤྱན་གྱིས་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། ཆོས་ཐམས་ཅད་མ་ལུས་པར་ མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཟིལ་གྱིས་མི་ནོན་པའི་དམ་བཅས་པའི་མི་འཇིགས་པ་བརྙེས་པའི་ཕྱིར། བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པ་ཐམས་ཅད་དང་། ཟག་པ་ཐམས་ཅད་མ་ལུས་པར་ཟད་པ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། ཀུན་ནས་ཉོན་མོངས་པ་ཐམས་ཅད་མྱ་ངན་ལས་འདས་པའི་བར་དུ་གཅོད་པའི་ཆོས་སུ་བསྟན་ཏེ། དེར་དམ་བཅས་པ་ལ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་ཤིགས་པའི་དམ་བཅས་པ་མི་འཇིགས་པ་བརྙེས་པའི་ཕྱིར། ཆོས་ཐམས་ཅད་མ་ལུས་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་ བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཟིལ་གྱིས་མི་ནོན་པའི་དམ་བཅས་པའི་མི་འཇིགས་པ་བརྙེས་པ་ཞེས་བྱའོ། ། ངེས་པར་འབྱུང་བའི་ལམ་བསྒྲུབས་ན་མྱ་ངན་ལས་འདས་པ་རྙེད་པར་འགྱུར་རོ་ཞེས་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྒལ་དུ་མེད་པའི་དམ་བཅས་ པའི་མི་འཇིགས་པ་བརྙེས་པའི་ཕྱིར།
BOཀུན་ནས་ཉོན་མོངས་པ་ཐམས་ཅད་མྱ་ངན་ལས་འདས་པའི་བར་དུ་གཅོད་པའི་ཆོས་སུ་བསྟན་ཏེ། དེར་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་ཤིགས་པའི་དམ་བཅས་པའི་མི་འཇིགས་པ་བརྙེས་པ་ཞེས་བྱའོ། ། ཟག་པ་ཐམས་ཅད་སྤངས་པར་མཁྱེན་ པར་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་ཟློགས་པའི་དམ་བཅས་པའི་མི་འཇིགས་པ་བརྙེས་པའི་ཕྱིར། ངེས་པར་འབྱུང་བའི་ལམ་བསྒྲུབས་ན། མྱ་ངན་ལས་འདས་པ་བརྙེས་པར་འགྱུར་རོ་ཞེས་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྒལ་དུ་མེད་པའི་དམ་བཅས་པའི་ མི་འཇིགས་པ་བརྙེས་པ་ཞེས་བྱའོ། ། ཚིག་མ་འཁྲུལ་བས་ཆོས་སྟོན་པའི་ཕྱིར། ཟག་པ་ཐམས་ཅད་སྤངས་པ་མཁྱེན་པར་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་ཟློགས་པའི་དམ་བཅས་པའི་མི་འཇིགས་པ་བརྙེས་པ་ཞེས་བྱའོ། ། སྒྲ་མེད་པ་དང་། བརྗོད་དུ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ ཐུགས་སུ་ཆུད་པའི་ཕྱིར། ཚིག་མ་འཁྲུལ་བའི་ཆོས་སྟོན་པ་ཞེས་བྱའོ། ། བྲལ་བ་མེད་པའི་ཕྱིར་སྒྲ་མེད་པ་དང་། བརྗོད་དུ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཐུགས་སུ་ཆུད་པ་ཞེས་བྱའོ། །
BOསེམས་ཅན་ཐམས་ཅད་ཀྱི་སྒྲ་ཚད་མེད་པ་སངས་རྒྱས་ཀྱི་སྒྲ་སྐད་དུ་བྱིན་གྱིས་རློབ་ནུས་པའི་ཕྱིར། བྲལ་བ་མེད་པ་ཞེས་བྱའོ། ། བསྙེལ་བ་མི་མངའ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སྒྲ་ཚད་མེད་པ་སངས་རྒྱས་ཀྱི་ཆོས་ཀྱི་སྒྲ་སྐད་དུ་བྱིན་གྱིས་རློབ་ནུས་པ་ཞེས་བྱའོ། ། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་བསྙེལ་བ་མི་མངའ་བ་ཞེས་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པར་བཞག་པ་བས་ཤིན་ཏུ་མཉམ་པར་ བཞག་པའི་ཕྱིར། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བ་ཞེས་བྱའོ། ། སོ་སོར་མ་བརྟགས་པའི་བཏང་སྙོམས་ཅན་གྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པར་བཞག་པ་བས། ཤིན་ཏུ་མཉམ་པར་བཞག་པ་ཞེས་བྱའོ། ། མོས་པའི་འདུ་བྱེད་ཀྱི་ཏིང་ངེ་འཛིན་ལས་ཡོངས་སུ་མ་ཉམས་ པའི་ཕྱིར། སོ་སོར་མ་བརྟགས་པའི་བཏང་སྙོམས་ཅན་ཞེས་བྱའོ། ། བརྩོན་འགྲུས་ཀྱི་འདུ་བྱེད་ཀྱི་ཏིང་ངེ་འཛིན་གྱིས་རྒྱུན་མི་འཆད་ཅིང་བརྩོན་འགྲུས་ལས་ཡོངས་སུ་མ་ཉམས་པའི་ཕྱིར། མོས་པའི་འདུ་བྱེད་ཀྱི་ཏིང་ངེ་འཛིན་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། ། དྲན་པ་ལས་ཡོངས་སུ་མ་ཉམས་ པའི་ཕྱིར། བརྩོན་འགྲུས་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། །
BOཤེས་རབ་ལས་ཡོངས་སུ་མ་ཉམས་པའི་ཕྱིར། དྲན་པ་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། ། རྣམ་པར་གྲོལ་བ་ལས་ཡོངས་སུ་མ་ཉམས་པའི་ཕྱིར། ཤེས་རབ་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་ཡོངས་སུ་མ་ཉམས་ པའི་ཕྱིར། རྣམ་པར་གྲོལ་བ་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། ། ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པའི་ཕྱིར། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། ། འདས་པ་དང་། མ་འོངས་ པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་དང་ལྡན་པའི་ཕྱིར། ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པ་ཞེས་བྱའོ། ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་བརྙེས་པའི་ཕྱིར། དུས་གསུམ་ལ་མ་ ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་དང་ལྡན་པ་ཞེས་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་པ་ལ་མཁས་པ་རྒྱུན་མི་འཆད་པའི་ཕྱིར། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་བརྙེས་པ་ཞེས་བྱའོ། །
BOསོ་སོར་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་པ་ལ་མཁས་པ་ རྒྱུན་མི་འཆད་པ་ཞེས་བྱའོ། ། དབྱངས་ཀྱི་ཡན་ལག་ཐམས་ཅད་ཀྱི་དཀྱིལ་འཁོར་དམ་པ་ཕ་རོལ་ཏུ་ཕྱིན་པའི་ཕྱིར། སོ་སོར་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པ་ཞེས་བྱའོ། ། སྒྲ་ཐམས་ཅད་ཀྱི་བྲག་ཅ་འབྱིན་པ་ལ་མཁས་པ་བརྙེས་པའི་ཕྱིར། དབྱངས་ཀྱི་ཡན་ལག་ཐམས་ཅད་ཀྱི་དཀྱིལ་འཁོར་དམ་པའི་ཕ་རོལ་ཏུ་ཕྱིན་ པ་ཞེས་བྱའོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྐད་དང་ལྡན་པ་ཞེས་བྱའོ། ། ཚངས་པའི་སྒྲ་དབྱངས་བསྒྲགས་པའི་དབྱངས་ལྟ་བུ་ཞེས་བྱའོ། ། ཀ་ལ་པིང་ཀའི་སྒྲ་སྐད་ལྟ་བུ་ཞེས་བྱའོ། ། རྔ་བོ་ཆེ་དང་། གླུ་དབྱངས་ཀྱི་སྒྲ་སྐད་ལྟ་བུ་ ཞེས་བྱའོ། ། སའི་སྒྲའི་ང་རོའི་སྒྲ་ལྟ་བུ་ཞེས་བྱའོ། ། ཀླུའི་རྒྱལ་པོ་རྒྱ་མཚོས་འབྲུག་སྒྲ་བསྒྲགས་པའི་སྒྲ་སྐད་ལྟ་བུ་ཞེས་བྱའོ། ། སེང་གེ་དང་། ཁྱུ་མཆོག་ཏུ་གྱུར་པ་བསྒྱིངས་པའི་སྒྲ་སྐད་ལྟ་བུ་ཞེས་བྱའོ། །
BOསེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་བསྒྲགས་པ་དང་འཐུན་པར་སྒྲོགས་པས་ཚིམ་པར་བྱེད་ པའི་སྒྲ་དང་ལྡན་པ་ཞེས་བྱའོ། ། ཆགས་པ་མེད་ཅིང་སྒྲིབ་པ་མེད་པར་འཁོར་གྱི་དཀྱིལ་འཁོར་དགའ་བར་བྱེད་པའི་སྒྲ་དང་ལྡན་པ་ཞེས་བྱའོ། ། སྐད་ཅིག་ལས་སྐད་ཐམས་ཅད་གོ་བར་བྱེད་པའི་སྒྲ་དང་ལྡན་པ་ཞེས་བྱའོ། ། ཚངས་པའི་དབང་པོས་མཆོད་པ་ཞེས་བྱའོ། ། ལྷའི་དབང་པོས་བསྟི་སྟང་དུ་བྱས་པ་ཞེས་བྱའོ། ། ཀླུའི་དབང་པོས་ཕྱག་བྱས་པ་ཞེས་བྱའོ། ། གནོད་སྦྱིན་གྱི་དབང་པོས་ཞལ་དུ་བལྟས་པ་ཞེས་བྱའོ། ། དྲི་ཟའི་དབང་པོས་ཉེ་བར་གླུ་བླངས་པ་ཞེས་བྱའོ། ། སྲིན་པོའི་དབང་པོས་དབང་པོ་དང་བས་མིག་མི་འཛུམས་པར་བལྟས་པ་ཞེས་བྱའོ། ། ལྷ་མ་ཡིན་གྱི་དབང་པོས་མངོན་པར་བཏུད་པ་ཞེས་བྱའོ། ། ནམ་ མཁའ་ལྡིང་གི་དབང་པོས་རྣམ་པར་མ་གཙེས་པར་བལྟས་པ་ཞེས་བྱའོ། ། མིའམ་ཅིའི་དབང་པོས་མངོན་པར་བསྟོད་པ་ཞེས་བྱའོ། ། ལྟོ་འཕྱེ་ཆེན་པོའི་དབང་པོས་བལྟ་འདོད་པ་ཞེས་བྱའོ། ། མིའི་དབང་པོས་མངོན་དུ་ཡང་དག་པར་མཆོད་པ་ཞེས་བྱའོ། ། དགྲ་བཅོམ་པའི་ཚོགས་མང་པོས་བསྟེན་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་འཛིན་དུ་འཇུག་པ་དང་། ཡང་དག་པར་གཟེངས་སྟོད་པ་དང་།
BOཡང་དག་པར་དགའ་བར་མཛད་པ་ཞེས་བྱའོ། ། ཟང་ཟིང་མེད་པར་ཆོས་སྟོན་པ་ཞེས་བྱའོ། ། ཚིག་དང་། ཚིག་འབྲུ་ཉམས་པ་མེད་པར་འབྲས་བུ་ཡོད་པའི་ཆོས་སྟོན་པ་ཞེས་བྱའོ། ། དུས་ ལས་མི་ཡོལ་བར་ཆོས་སྟོན་པ་ཞེས་བྱའོ། ། བྱམས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པའི་ཕྱོགས་ལ་འཇུག་པ་ཅུང་ཟད་ཙམ་ཞིག་མདོར་བསྟན་དུ་ཟད་དེ། བྱམས་པ་རྒྱས་པར་བྱ་བ་ནི་དེ་བཞིན་གཤེགས་པས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བསྟན་ པ་འདིའི་མཐར་མི་ཕྱིན་ཏོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། ཟབ་ཅིང་བལྟ་དཀའ་ཕྲ་བ་ཡི། ། ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། ། དེ་ལ་ཕ་རོལ་མུ་སྟེགས་ཅན། ། ཀུན་དང་བདུད་ཀྱིས་མི་ཆུད་དོ། ། ཀུན་གཞི་མེད་ཅིང་སྤྲོས་མེད་པ། ། སྐྱེ་བ་མེད་ ཅིང་འབྱུང་མེད་ལ། ། དབེན་ཞིང་རང་བཞིན་སྟོང་པ་ཡི། ། ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏོ། ། བླང་བ་མེད་ཅིང་དོར་མེད་ལ། ། མཚན་མ་མེད་ཅིང་མཚན་ཉིད་མེད། ། མཉམ་པ་ཉིད་ཀྱི་ཆོས་བསྟན་པའི། ། འཁོར་ལོ་སངས་རྒྱས་ཀྱིས་བསྐོར་ཏོ། ། ཇི་ལྟར་སྒྱུ་མ་སྨིག་རྒྱུ་དང་། ། རྨི་ལམ་བྲག་ཅ་ཆུ་ཟླ་ དང་། །
BOདེ་དག་འདྲ་བའི་འཁོར་ལོ་ནི། ། འཇིག་རྟེན་མགོན་པོས་རབ་བསྐོར་ཏོ། ། རྟེན་པའི་ཆོས་ལ་འཇུག་བྱེད་པ། ། ཆད་མིན་རྟག་པ་མ་ཡིན་པ། ། ལྟ་བ་ཐམས་ཅད་ཆད་པ་ནི། ། ཆོས་ཀྱི་འཁོར་ལོ་ཡིན་ཞེས་བརྗོད། ། རྟག་ཏུ་ནམ་མཁའ་མཚུངས་འདྲ་ཞིང་། ། རྣམ་པར་མི་རྟོག་འོད་ གསལ་བ། ། མཐའ་དང་དབུང་མེད་བསྟན་པ་ནི། ། ཆོས་ཀྱི་འཁོར་ལོར་འདིར་བརྗོད་དོ། ། ཡོད་དང་མེད་ལས་རྣམ་གྲོལ་ཞིང་། ། བདག་དང་བདག་མེད་རྣམ་སྤངས་ལ། ། རང་བཞིན་མ་སྐྱེས་བསྟན་པ་ནི། ། ཆོས་ཀྱི་འཁོར་ལོར་འདིར་བརྗོད་དོ། ། ཡང་དག་མཐའ་ནི་མཐའ་མིན་པ། ། དེ་བཞིན་ ཉིད་ལ་དེ་བཞིན་ཉིད། ། གཉིས་སུ་མེད་པའི་ཆོས་བསྟན་པ། ། ཆོས་ཀྱི་འཁོར་ལོར་བརྗོད་པ་ཡིན། ། མིག་ནི་ངོ་བོ་ཉིད་ཀྱིས་སྟོང་། ། དེ་བཞིན་སྣ་དང་རྣ་བ་དང་། ། ལྕེ་དང་ལུས་དང་སེམས་ཀྱང་ནི། ། སྟོང་པའི་བདག་ཉིད་གཡོ་བ་མེད། ། འདི་ལྟ་བུ་ཡི་འཁོར་ལོ་འདི། ། ཆོས་ཀྱི་འཁོར་ལོ་ ཞེས་བརྗོད་དེ། ། སེམས་ཅན་མི་མཁས་རྟོགས་བྱེད་པས། ། དེས་ན་སངས་རྒྱས་ཞེས་བརྗོད་དོ། ། ཆོས་ཀྱི་མཚན་ཉིད་རང་བཞིན་འདི། ། གཞན་གྱིས་བསྟན་པ་མེད་པར་ནི། ། ང་བདག་ཉིད་ཀྱིས་སངས་རྒྱས་ཏེ། ། དེས་ན་རང་བྱུང་མིག་དང་ལྡན། །
BOཆོས་རྣམས་ཀུན་ལ་དབང་བརྙེས་ པས། ། ཆོས་ཀྱི་རྗེ་ཞེས་བརྗོད་པ་ཡིན། ། ཆོས་ལ་ཚུལ་དང་ཚུལ་མིན་མཁྱེན། ། དེས་ན་འདྲེན་པར་བརྗོད་པ་ཡིན། ། ཇི་ལྟར་འདུལ་བར་འགྱུར་བ་ལ། ། སྐྱེ་བོ་དཔག་ཏུ་མེད་བཏུལ་ཏེ། ། འདུལ་བའི་ཕ་རོལ་ཕྱིན་པར་གྱུར། ། དེས་ན་རྣམ་པར་འདྲེན་ཅེས་བརྗོད། ། སེམས་ ཅན་གང་དག་ལམ་ལས་ཉམས། ། དེ་དག་རྣམས་ལ་ལམ་མཆོག་བསྟན། ། ཕ་རོལ་གྱི་ནི་འགྲམ་དུ་བཀྲི། ། དེ་ཕྱིར་ང་ནི་རྣམ་པར་འདྲེན། ། བསྡུ་བའི་དངོས་པོ་ཤེས་པ་ཡིས། ། སྐྱེ་བོ་དག་ནི་ངས་བསྡུས་ཏེ། ། འཁོར་བའི་འབྲོག་ལས་རྒལ་བས་ན། ། དེས་ན་ང་ནི་དེད་དཔོན་ཡིན། ། ཆོས་རྣམས་ཀུན་ལ་དབང་སྒྱུར་ཏེ། ། དེས་ན་རྒྱལ་བ་ཆོས་ལ་མངའ། ། ཆོས་ཀྱི་འཁོར་ལོ་རབ་བསྐོར་བས། ། ཆོས་ཀྱི་རྒྱལ་པོར་བརྗོད་པ་ཡིན། ། ཆོས་ཀྱི་སྦྱིན་བདག་སྟོན་པ་ཡིན། ། ཆོས་ཀྱི་བདག་པོ་བླ་ན་མེད། ། མཆོད་སྦྱིན་ལེགས་མཛད་དོན་གྲུབ་པ། ། དགོངས་པ་ རྫོགས་པ་བཀྲ་ཤིས་གྲུབ། ། དབུགས་འབྱིན་མཛད་པ་དེ་གཟིགས་པ། ། དཔའ་བོ་ཉོན་མོངས་ཆེན་པོ་སྤོང་། ། གཡུལ་རྣམས་ཀུན་ལས་རྒྱལ་གྱུར་པ། ། གྲོལ་བའི་སྐྱེས་བུ་ཐར་མཛད་པ། ། འཇིག་རྟེན་གྱི་ནི་སྣང་གྱུར་པ། །
BOཤེས་རབ་ཡེ་ཤེས་འོད་མཛད་པ། ། མི་ཤེས་མུན་པ་ འཇོམས་པ་པོ། ། སྒྲོན་མ་འཛིན་པ་འོད་ཆེན་ལྡན། ། ཡེ་ཤེས་ཆེ་ལྡན་སྨན་པ་ཆེ། ། ཉོན་མོངས་པ་ལས་གསོ་མཛད་པ། ། སེམས་ཅན་ཉོན་མོངས་ཟུགས་རྣམས་ལ། ། ཟུག་རྔུ་འབྱིན་པ་བླ་ན་མེད། ། མཚན་རྣམས་ཐམས་ཅད་ཕུན་སུམ་ཚོགས། ། དཔེ་བྱད་བཟང་པོ་ཀུན་གྱིས་ མཛེས། ། སྐུ་ཡིས་ཀུན་ཏུ་བཟང་བ་སྟེ། ། དམན་པ་རྣམས་དང་འཐུན་པར་མཛད། ། སྟོབས་བཅུའི་སྟོབས་དང་ཤིན་ཏུ་ལྡན། ། བསྙེངས་པ་མི་མངའ་མི་བསྙེངས་པ། ། མ་འདྲེས་རྣམ་པ་{བཅྭ་,བཅོ་}བརྒྱད་ཀྱིས། ། ཐུབ་པ་ཆེན་པོ་ཐེག་པ་མཆོག ། ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། ། འདི་ནི་མདོ་ཙམ་བཤད་ པ་ཡིན། ། དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས། ། འདི་ནི་ཅུང་ཟད་བརྗོད་པར་ཟད། ། སངས་རྒྱས་ཡེ་ཤེས་མཐའ་ཡས་ཏེ། ། ནམ་མཁའ་རྒྱ་ཆེ་མཉམ་པ་བཞིན། ། བསྐལ་པ་ཟད་པར་བརྗོད་ཀྱང་ནི། ། སངས་རྒྱས་ཡོན་ཏན་མི་ཟད་དོ། ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་ རྩ་དྲུག་པའོ། ། ། ། དེ་ནས་ལྷའི་བུ་གང་དག་གིས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་བཤད་པར་གསོལ་བ་བཏབ་པར་གྱུར་པ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་བོ་དང་།
BOརབ་དགའ་དང་། ཙན་དན་དང་། མཆོད་པ་དང་། ཞི་བ་ དང་། ། རབ་ཏུ་ཞི་བ་དང་། དུལ་བའི་དབང་ཕྱུག་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་ཁྲི་བརྒྱད་སྟོང་དང་། གང་ཡང་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། འདུས་པར་གྱུར་པ་དེ་ལ་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་ བུ་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་རྒྱ་ཆེར་རོལ་པ་ཞེས་བྱ་བའི་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་རྩེན་པ། སངས་རྒྱས་ཀྱི་ཡུལ་ལ་རོལ་པ་ལ་འཇུག་པ་འདི་ནི་བདག་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པས་གསུངས་པ་སྟེ། དེ་ཁྱེད་ཀྱིས་ལོང་ཤིག ། ཟུང་ཤིག ། ལྷོགས་ཤིག ། འཁོར་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག ། དེ་ལྟར་ན་ངའི་ཆོས་ཀྱི་ཚུལ་འདི་རྒྱས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དག་གིས། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྩོན་འགྲུས་ཤིན་ཏུ་བརྟན་པ་རྩོམ་པར་འགྱུར་རོ། ། རྒྱ་ཆེན་པོ་ ལ་མོས་པའི་སེམས་ཅན་རྣམས་ནི་ཆོས་ཆེན་པོའི་ཆར་པའི་ཤུགས་སྐྱེད་པར་འགྱུར་རོ། །
BOབདུད་ཀྱི་ཕྱོགས་ཀྱང་ཚར་གཅོད་པར་འགྱུར་རོ། ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་གླགས་མི་རྙེད་པར་འགྱུར་རོ། ། ཁྱེད་ཀྱིས་ཆོས་བཤད་པར་བསྐུལ་བའི་དགེ་བའི་རྩ་བ་ཡང་དོན་ཆེན་པོ་དང་། འབྲས་བུ་ཆེན་ པོ་དང་། ཕན་ཡོན་ཆེན་པོར་འགྱུར་རོ། ། གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཐལ་མོ་སྦྱོར་བར་འགྱུར་བ་དེ་མཆོག་གི་ཆོས་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། གཟུགས་མཆོག་ཐོབ་པར་འགྱུར་བ་དང་། སྟོབས་མཆོག་ཐོབ་པར་འགྱུར་བ་ དང་། གཡོག་འཁོར་མཆོག་ཐོབ་པར་འགྱུར་བ་དང་། སྤོབས་པ་མཆོག་ཐོབ་པར་འགྱུར་བ་དང་། འབྱུང་བ་མཆོག་ཐོབ་པར་འགྱུར་བ་དང་། སེམས་ཡོངས་སུ་དག་པ་མཆོག་ཐོབ་པར་འགྱུར་བ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་མཆོག་ཐོབ་པར་འགྱུར་བ་དང་། ཤེས་རབ་ཀྱི་སྣང་བ་མཆོག་ཐོབ་ པར་འགྱུར་བ་སྟེ། མཆོག་གི་ཆོས་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ། ། གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་སྟོན་པར་འདོད་པའི་ཆོས་སྨྲ་བ་ལ་ཆོས་ཀྱི་སྟན་འདིང་ན། སྟན་བཏིང་མ་ཐག་ཏུ་དེ་སྟན་བརྒྱད་འཐོབ་པར་ཤེས་པར་བྱ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ།
BOཚོང་དཔོན་གྱི་སྟན་འཐོབ་པ་དང་། ཁྱིམ་བདག་གི་སྟན་འཐོབ་པ་དང་། འཁོར་ལོས་སྒྱུར་བའི་སྟན་འཐོབ་པ་དང་། བརྒྱ་བྱིན་གྱི་སྟན་འཐོབ་པ་དང་། དབང་སྒྱུར་གྱི་སྟན་འཐོབ་པ་དང་། ཚངས་པའི་སྟན་འཐོབ་པ་དང་། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་བའི་བྱང་ཆུབ་སེམས་དཔར་ གྱུར་པ་ཕྱིར་མི་ལྡོག་པ། བདུད་ཕྱིར་རྒོལ་བ་བཅོམ་པའི་སེང་གེའི་ཁྲི་འཐོབ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྲི་སྟན་འཐོབ་པར་ཤེས་པར་བྱ་སྟེ། སྟན་བརྒྱད་པོ་དེ་དག་འཐོབ་ པར་ཤེས་པར་བྱའོ། ། གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་འཆད་པའི་ཆོས་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པ་དེ་དག་གི་ལས་ཡོངས་སུ་དག་པ་བརྒྱད་འཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བདེན་པའི་རྗེས་སུ་འབྲང་བའི་ངག་གི་ལས་ཡོངས་སུ་དག་ པས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། འཁོར་ཟིལ་གྱིས་གནོན་པས་གཟུང་བར་འོས་པའི་ཚིག་དང་འགལ་བར་མི་བྱེད་པས། བླང་བར་འོས་པའི་ཚིག་དང་། མི་བརླང་བས་སྙན་ཅིང་འཇམ་པའི་ཚིག་དང་།
BOལུས་དང་སེམས་ཚིམ་པར་བྱེད་པས་ཀ་ལ་པིང་ཀའི་སྒྲ་སྐད་ལྟ་བུ་དང་། སེམས་ཅན་ སྡུད་པས་ཚིག་སྙན་པ་དང་། སྒྲ་ཐམས་ཅད་ཟིལ་གྱིས་ནོན་པས་ཚངས་པའི་སྒྲ་ལྟ་བུ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་སེང་གེ་བསྒྱིངས་པའི་སྒྲ་ལྟ་བུ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཚིམ་པར་བྱེད་པས་སངས་རྒྱས་ཀྱི་གསུང་སྟེ། ངག་གི་ལས་ཡོངས་ སུ་དག་པ་བརྒྱད་པོ་དེ་དག་ཐོབ་པར་འགྱུར་རོ། ། གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྲིས་ཏེ་འཆང་ངམ། ཀློག་གམ། བསྟི་སྟང་དུ་བྱེད་དམ། བཙུན་པར་བྱེད་དམ། རིམ་གྲོ་བྱེད་དམ། མཆོད་པ་བྱེད་དམ། སེར་སྣ་མེད་པའི་སེམས་ཀྱིས་ཆོས་ཀྱི་ རྣམ་གྲངས་འདིའི་བསྔགས་པ་ཕྱོགས་བཞིར་རྗོད་པ་དང་། ཚུར་ཤོག་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་བྲིས་ཤིག ། ཆོངས་ཤིག ། ལྷོགས་ཤིག ། སོམས་ཤིག ། ཁ་ཏོན་གྱིས་ཤིག་ཅེས་རྗོད་པར་བྱེད་པ་དེ་གཏེར་ཆེན་པོ་བརྒྱད་འཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བརྗེད་པ་ མེད་པས་དྲན་པའི་གཏེར་དང་། བློས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང་།
BOམདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང་། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་ སྤོབས་པའི་གཏེར་དང་། དམ་པའི་ཆོས་ཡོངས་སུ་སྲུང་བས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་ཀྱི་སེམས་ཀྱི་གཏེར་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པས་སྒྲུབ་པའི་གཏེར་ཏེ། གཏེར་ཆེན་པོ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ། ། གྲོགས་པོ་དག་གང་ལ་ལ་ཞིག་གིས་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བསྟན་ཏེ། འཆད་པ་དེ་ཚོགས་བརྒྱད་ཡོངས་སུ་རྫོགས་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སེར་སྣའི་སེམས་མེད་པས་སྦྱིན་པའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་ དང་། དགེ་བའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས། ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཆགས་པ་མེད་པའི་ཤེས་རབ་ཡང་དག་པར་སྒྲུབ་པའི་ཕྱིར། ཐོས་པའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཏིང་ངེ་འཛིན་ དང་སྙོམས་པར་འཇུག་པ་ཐམས་ཅད་མངོན་དུ་བྱ་བའི་ཕྱིར།
BOཞི་གནས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། རིག་པ་གསུམ་གྱིས་རིག་པ་རབ་ཏུ་རྫོགས་པར་བྱ་བའི་ཕྱིར། ལྷག་མཐོང་གི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། མཚན་དང་། དཔེ་ བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་སྦྱང་བའི་ཕྱིར། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་ཚིམ་པར་བྱ་བའི་ཕྱིར། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། ཚོགས་བརྒྱད་པོ་དེ་དག་ཡོངས་སུ་རྫོགས་པར་འགྱུར་རོ། གྲོགས་པོ་དག་གང་ལ་ལ་ཞིག་འདི་ལྟ་བུའི་སེམས་དང་ལྡན་ ཏེ། འདི་ལྟ་སྟེ། ཇི་ལྟར་སེམས་ཅན་འདི་དག་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོབ་པར་འགྱུར་སྙམ་ནས། རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་པར་བྱེད་ན། དེ་དགེ་བའི་རྩ་བ་འདིས་བསོད་ནམས་ཆེན་པོ་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་ གང་ཞེ་ན། འདི་ལྟ་སྟེ།
BOའཁོར་ལོས་སྒྱུར་བའི་རྒྱལ་པོ་འཐོབ་པར་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་དང་པོའོ། ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བདག་པོ་བྱེད་པར་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་གཉིས་པའོ། ། ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་བ་འདི་ནི་ བསོད་ནམས་ཆེན་པོ་གསུམ་པའོ། ། ལྷའི་བུ་རབ་འཐབ་བྲལ་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་བཞི་པའོ། ། ཡོངས་སུ་དགའ་ལྡན་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་ལྔ་པའོ། ། རབ་འཕྲུལ་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་དྲུག་པའོ། ། ལྷའི་རྒྱལ་པོ་དབང་སྒྱུར་ དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་བདུན་པའོ། ། ཚངས་པ་ཆེན་པོའི་ཚངས་པར་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་བརྒྱད་པའོ། ། ཐ་མར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས། དགེ་བའི་ ཆོས་ཐམས་ཅད་དང་ལྡན་པར་ཡང་འགྱུར་ཏེ། བསོད་ནམས་ཆེན་པོ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ། ། གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་ན་རྣ་བ་བླགས་ཏེ། ཉན་པར་འགྱུར་བ་དེ་སེམས་དྲི་མ་མེད་པ་བརྒྱད་འཐོབ་པར་འགྱུར་ ཏེ། བརྒྱད་གང་ཞེ་ན།
BOའདི་ལྟ་སྟེ། ཞེ་སྡང་ཐམས་ཅད་གཞོམ་པའི་ཕྱིར། བྱམས་པ་ཐོབ་པར་འགྱུར་བ་དང་། རྣམ་པར་འཚེ་བ་ཐམས་ཅད་དོར་བའི་ཕྱིར། སྙིང་རྗེ་ཐོབ་པར་འགྱུར་བ་དང་། མི་དགའ་བ་ཐམས་ཅད་བསལ་བའི་ཕྱིར། དགའ་བ་ཐོབ་པར་འགྱུར་བ་ དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དོར་བའི་ཕྱིར། བཏང་སྙོམས་ཐོབ་པར་འགྱུར་བ་དང་། འདོད་པའི་ཁམས་ཐམས་ཅད་ལ་དབང་བསྒྱུར་བར་བྱ་བའི་ཕྱིར། བསམ་གཏན་བཞི་ཐོབ་པར་འགྱུར་བ་དང་། སེམས་ལ་དབང་བསྒྱུར་བར་བྱ་བའི་ཕྱིར། གཟུགས་མེད་པའི་ སྙོམས་པར་འཇུག་པ་བཞི་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བ་དང་འོང་བར་བྱ་བའི་ཕྱིར། མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་བ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་ དག་པར་གཞོམ་པ་ཐོབ་པར་འགྱུར་བ་སྟེ། སེམས་དྲི་མ་མེད་པ་བརྒྱད་པོ་དེ་དག་ཐོབ་པར་འགྱུར་རོ། ། གྲོགས་པོ་དག་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་སམ། འཆག་ས་འམ།
BOགཙུག་ལག་ཁང་གང་དུ་རྒྱ་ཆེར་རོལ་པའི་ཆོས་ཀྱི་ རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེར་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་འཇིགས་པ་བརྒྱད་འབྱུང་བར་མི་འགྱུར་རོ། ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང་། ཆོམ་རྐུན་གྱིས་དཀྲུགས་པའི་འཇིགས་པ་འབྱུང་བར་ མི་འགྱུར་བ་དང་། སྦྲུལ་གྱིས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང་། མུ་གེའི་དགོན་པས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང་། ཕན་ཚུན་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་ འགྱུར་བ་དང་། ལྷས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང་། ཀླུས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང་། གནོད་སྦྱིན་ལ་སོགས་པས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང་། གཙེ་བ་ཐམས་ཅད་ཀྱིས་དཀྲུགས་པའི་འཇིགས་པ་འབྱུང་ བར་མི་འགྱུར་བ་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་གྲོགས་པོ་དག་འཇིགས་པ་བརྒྱད་པོ་དེ་དག་འབྱུང་བར་མི་འགྱུར་རོ། །
BOགྲོགས་པོ་དག་མདོར་ན་གལ་ཏེ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྐལ་པར་བཞུགས་ལ་ཉིན་མཚན་དུ་རྒྱུན་མི་འཆད་པར་ཆོས་ཀྱི་རྣམ་གྲངས་འདིའི་ བསྔགས་པ་བརྗོད་ཀྱང་ཆོས་ཀྱི་རྣམ་གྲངས་འདིའི་བསྔགས་པ་མཐར་ཐུག་པར་ཡང་མི་འགྱུར་ལ། དེ་བཞིན་གཤེགས་པའི་སྤོབས་པ་ཡང་ཟད་པར་མི་འགྱུར་རོ། ། གྲོགས་པོ་དག་ཇི་ལྟར་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཚད་མེད་ཅིང་ཐུག་པ་མེད་པ་དེ་བཞིན་དུ་གྲོགས་པོ་དག་གང་ཆོས་རྒྱ་ཆེན་པོ་འདི་ལྟ་བུ་འདི་སེམས་ཅན་འདི་དག་གིས་ཇི་ལྟར་ཐོབ་པར་འགྱུར་སྙམ་པའི་སེམས་འདིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཡི་གེར་འདྲི་བའམ། ཡི་ གེར་འདྲིར་འཇུག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཁོར་གྱི་ནང་དུ་རྒྱ་ཆེར་ཡང་དག་པར་སྟོན་པར་འགྱུར་བ་དེ་དག་གིས་བསོད་ནམས་ཀྱང་ཐུག་པ་མེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ།
BOགྲོགས་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབས་པ་འདི་ཁྱེད་ཀྱི་ལག་ཏུ་གཏད་དེ། ཡོངས་སུ་གཏད་པའི་མཆོག་གིས་གཏད་དོ། ། ཁྱེད་བདག་ཉིད་ ཀྱིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག ། དེ་སྐད་ཅེས་བཀའ་སྩལ་ནས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡོངས་སུ་གཏད་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་བཀའ་སྩལ་ཏོ། ། སངས་རྒྱས་གཟིགས་པས་སེམས་ཅན་གང་དག་ངས་མཐོང་བ། ། དེ་དག་ཤཱ་རིའི་བུ་འདྲར་དགྲ་བཅོམ་པར་གྱུར་ལ། ། གལ་ཏེ་ལ་ལས་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། ། བསྐལ་པ་བྱེ་བར་དེ་དག་རྣམས་ལའང་མཆོད་བྱེད་ལ། ། གང་ཞིག་ཉིན་ཞག་གཅིག་ཏུ་རབ་ཏུ་དགའ་བ་ཡིས། ། རང་སངས་ རྒྱས་རྣམས་ལ་ནི་ཕྲེང་བ་དེ་བཞིན་དུ། ། གཞན་ཡང་རྣམ་པ་མཆོག་རྣམས་ཀྱིས་ནི་མཆོད་བྱེད་ན། ། དེ་བས་བསོད་ནམས་བྱས་པ་འདི་ནི་ཁྱད་པར་འཕགས། ། གལ་ཏེ་སེམས་ཅན་ཐམས་ཅད་རང་རྒྱལ་ཐོབ་གྱུར་ལ། ། དེ་དག་རྣམས་ལ་གང་ཞིག་འདིར་ནི་བག་ཡོད་པར། ། བསྐལ་པ་དུ་མར་ ཟས་དང་སྐོམ་དང་བགོ་བ་དང་། །
BOམེ་ཏོག་སྤོས་དང་བྱུག་པ་རྣམས་ཀྱིས་མཆོད་བྱེད་ལ། ། གང་ཞིག་གིས་ནི་དེ་བཞིན་གཤེགས་པ་གཅིག་ཅིག་ལ། ། ལན་ཅིག་ཕྱག་འཚལ་བྱེད་ཅིང་དང་བའི་སེམས་ཀྱིས་ནི། ། དགྲ་བཅོམ་པ་ལ་ཕྱག་འཚལ་ལོ་ཞེས་ཚིག་བརྗོད་ན། ། དེ་ བས་བསོད་ནམས་འདི་ནི་ཤིན་ཏུ་ཆེས་མཆོག་གོ། ། གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་གྱུར་ལ། ། དེ་དག་རྣམས་ལ་གང་ཞིག་སྔར་བཞིན་མཆོད་བྱེད་ཅིང་། ། ལྷ་ཡི་མེ་ཏོག་རྣམས་དང་མི་ཡི་མཆོག་རྣམས་དང་། ། རྣམ་པ་མང་པོས་བསྐལ་པ་དུ་མར་མཆོད་བྱེད་ལ། ། གང་ཞིག་ དམ་པའི་ཆོས་ནི་རྣམ་པར་འཇིག་པའི་ཚེ། ། རང་གི་ལུས་དང་དེ་བཞིན་སྲོག་ཀྱང་བཏང་ནས་ནི། ། ཞག་གཅིག་བར་དུ་མདོ་སྡེ་འདི་ནི་འཛིན་བྱེད་ན། ། བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས་པར་འགྱུར། ། གང་ཞིག་རྣམ་པར་འདྲེན་པ་རྣམས་དང་རང་རྒྱལ་དང་། ། དེ་བཞིན་ ཉན་ཐོས་རྣམས་ལ་མཆོད་པ་བྱེད་འདོད་པ། ། དེ་ཡིས་བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད་བྱས་ཏེ། ། མདོ་སྡེ་འདི་ནི་རྟག་པར་རབ་ཏུ་གཟུང་བར་བྱ། ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་བྱུང་གང་ཡིན་པ། ། འདི་ནི་ལེགས་པར་བཤད་པ་ཀུན་གྱི་རྒྱལ་པོ་ཡིན། ། མདོ་སྡེ་དཀོན་ མཆོག་འདི་ནི་གང་ན་གནས་འགྱུར་བ། །
BOདེ་ཡི་ཁྱིམ་དུ་དེ་བཞིན་གཤེགས་པ་རྟག་ཏུ་གནས། ། གང་གིས་མདོ་འདི་ཕ་རོལ་དག་ལ་བྱིན་པ་དང་། ། ཚིག་གཅིག་བརྗོད་པ་དེ་ཡང་བསྐལ་པ་བྱེ་བར་ནི། ། ཚིག་འབྲུ་རྣམས་ལས་མི་ཉམས་དོན་ལས་ཉམས་མི་འགྱུར། ། སྤོབས་ པ་དགེ་བ་མཐའ་ཡས་པ་དག་འཐོབ་པར་འགྱུར། ། གང་ཞིག་ཆོས་འདི་ཐོས་ནས་རབ་ཏུ་སྒྲུབ་བྱེད་པ། ། དེ་ནི་མི་ཡི་འདྲེན་པ་མ་གཏོགས་འོག་ཏུ་ནི། ། དེ་འདྲ་བ་ཡི་སེམས་ཅན་གང་ཡང་ཡོད་མ་ཡིན། ། དེ་ནི་རྒྱ་མཚོ་ལྟ་བུར་ཟད་མི་ཤེས་པར་འགྱུར། ། བཅོམ་ལྡན་འདས་ ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། འོད་སྲུང་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་ཐམས་ཅད་དང་། ཚེ་དང་ལྡན་ པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། མཇུག་སྡུད་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་བདུན་པའོ། ། ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ་རྫོགས་{སྷོ,སོ}། ། ། །
BOརྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་བར་མ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ། ། །