The Hundred and Eight Names of Jambhala

འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ།

The Hundred and Eight Names of Jambhala

འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ།

BO
༄༅༅། ། རྒྱ་གར་སྐད་དུ། ། ཨཱརྱ་ཛམྦྷ་ལ་ནཱ་མ་ཨཥྚ་ཤ་ཏ་ཀ ། བོད་སྐད་དུ། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། འཕགས་པ་གནོད་འཛིན་ལ་ ཕྱག་འཚལ་ལོ། ། དེ་ནས་གནོད་སྦྱིན་འབྲོག་གནས་པོ། ། གསེར་དག་གིས་ནི་ལེགས་པར་བརྒྱན། ། རིན་ཆེན་གྱིས་ནི་རབ་མཛེས་ཤིང་། ། མེ་ནི་རབ་ཏུ་འབར་འདྲ་བ། ། ལྕང་ལོ་ཅན་དུ་ཞུགས་ནས་ཀྱང་། ། གསང་བདག་རྡོ་རྗེ་འཆང་བ་ཡི། ། ཞབས་གཉིས་ལ་ནི་ རབ་འཇུས་ནས། ། ཤིན་ཏུ་མཉམ་གཞག་དྲིས་པ་ནི། ། བཅོམ་ལྡན་གནོད་འཛིན་རྒྱལ་དབང་པོ། ། གསང་སྔགས་ཚོགས་ནི་ཀུན་གྱི་བདག ། རིག་སྔགས་འཆང་རྣམས་ཀུན་གྱིས་མཆོད། ། ལྷ་དང་ལྷ་མིན་ཕྱག་བྱས་པ། ། མ་རུངས་འདུལ་ལ་བརྩོན་པ་པོ། ། བྱང་ཆུབ་ སེམས་དཔའི་ཡོན་ཏན་ལྡན། ། མགོན་པོ་སེམས་ཅན་ཀུན་དོན་མཛད། ། སངས་རྒྱས་ཀུན་གྱི་གསང་བ་འཛིན། ། སེམས་ཅན་རྣམས་ལ་ཕན་འདོད་པས། སྙིང་རྗེས་ནོན་པའི་ཡིད་ཀྱིས་སུ། ། ཡང་དག་རྫོགས་པའི་བྱང་ཆུབ་ཕྱིར། ། བདག་གིས་ཀྱང་ནི་སེམས་བསྐྱེད་དེ། ། མི་རྣམས་ནོར་ནི་ཉུང་བ་དང་། ། བསོད་ནམས་ཆུང་ཞིང་དབང་ཆུང་བ། ། མཐོང་ནས་སྡུག་བསྔལ་ཆེན་པོ་ཡིས། ། རབ་ཏུ་གཟིར་ཏོ་གསང་བའི་བདག །
BO
དེ་ནས་གནོད་འཛིན་གྱིས་སྨྲས་ནས། ། བཅོམ་ལྡན་གསང་བ་གསང་བའི་བདག ། སྙིང་རྗེས་ནོན་ཏེ་སྨྲས་པ་ནི། ། ལེགས་པར་ཉོན་ཅིག་གསང་བ་པ། ། མགོན་པོ་གནོད་འཛིན་དཔལ་དང་ལྡན། ། སེམས་ཅན་ཀུན་གྱི་དོན་བྱེད་པ། ། དབུལ་བའི་ཉོན་མོངས་སེལ་བ་བོ། ། ནོར་རོ་ཅོག་གི་དབང་ཕྱུག་གི། ། མཚན་བརྒྱ་རྩ་བརྒྱད་བསོད་ནམས་ལྡན། ། དབུལ་བའི་ཉེས་སྡིག་སེལ་བྱེད་པ། ། གང་གཱའི་བྱེ་མའི་གྲངས་སྙེད་ཀྱིས། ། རྒྱལ་མཆོག་རྣམས་ཀྱིས་སྔོན་གསུངས་པ། ། འོད་ཟེར་བརྒྱ་པ་ཞེས་པ་ཡི། ། ཞིང་ན་སངས་རྒྱས་ཉི་མའི་ཞལ། ། ཆོས་སྟོན་པ་ན་བདག་གིས་ཀྱང་། ། དེ་ནི་རང་གིས་སྔོན་ཐོས་ཏེ། ། དབུལ་བ་སེལ་ཅིང་བསོད་ནམས་ལྡན། ། དེ་ནི་བདག་ གི་ཤེས་རབ་ཀྱིས། ། སེམས་ཅན་ཀུན་དོན་བརྩོན་པ་པོ། ། ཁྱོད་ལ་ལེགས་པར་བསྟན་པར་བྱ། ། ཁྱོད་ནི་མཉམ་གཞག་རབ་ཏུ་ཉོན། ། འཕགས་པ་ལྷ་དང་ལྷ་མིན་བླ། ། ཤེས་རབ་ལྡན་ཞིང་ཆོས་ལ་གུས། ། སྙིང་བརྩེའི་བདག་ཉིད་བཟོད་ལྡན་བརྟན། ། དབང་པོ་ཞི་བ་ དབང་པོ་ཐུལ། ། དགེ་བས་སྡིག་འཇོམས་ཤེས་ཉེན་ཅན། ། དེས་ཤིང་དོན་ཀུན་སྒྲུབ་པ་པོ། ། མི་གནོད་མི་སླུ་དཔལ་དང་ལྡན། ། མཛོད་བདག་གཞན་གྱིས་མི་ཐུབ་པ། །
BO
དཀོན་མཆོག་གསུམ་གྱི་སྐྱབས་གཅིག་པ། ། སངས་རྒྱས་ཀུན་གྱིས་གཟིགས་པ་པོ། ། གཏེར་རྣམས་ སྐྱོང་བ་གཟི་བརྗིད་ཅན། ། རྟག་སྦྱིན་ནོར་ནི་འཕེལ་བྱེད་པ། ། རིན་ཆེན་འབྱུང་གནས་སྐྱེ་བོ་འདུལ། ། ཆུ་ཡི་བདག་པོ་ཆུ་འབེབས་པ། ། གནོད་སྦྱིན་ཆུ་སྤྱོད་བདག་ཉིད་ཅན། ། གཏེར་དོན་ཉེ་བར་སྟོན་པ་པོ། ། གསེར་གྱི་རི་བོ་ལྷུན་པོ་སྟེ། ། དབུལ་བའི་གདོན་ལས་ཐར་བྱེད་པ། ། དབང་པོ་ཉེ་དབང་འགྲོ་བའི་མགོན། ། ཆུ་ཡི་དབང་པོ་སྤྲིན་མདོག་ཅན། ། འཇིག་རྟེན་མིག་དང་འཇིག་རྟེན་བླ། ། ཉི་མ་ཟླ་བ་ཐེར་ཟུག་པ། ། ནོར་ཆེན་རྒྱལ་པོ་ཆེན་པོ་སྟེ། ། ལག་ན་ནེའུ་ལེ་རབ་གནས་པ། ། གཞོན་ནུ་སེང་གེ་ཏོག་ཅན་ཏེ། ། གནོད་སྦྱིན་ཆེན་པོ་རྫུ་འཕྲུལ་ཆེ། ། ཚིག་ གི་བདག་པོ་བཞིན་འཛུམ་པ། ། གསོང་པོར་སྙན་པར་སྨྲ་བ་བོ། ། བྲམ་ཟེ་འདོད་པའི་ལྕགས་ཀྱུ་སྟེ། ། ཆེ་བ་དོན་གྲུབ་གྲུབ་པས་མཆོད། ། རིག་སྔགས་འཆང་བ་འཁོར་ལོས་སྒྱུར། ། ཀུ་བེ་ར་དང་མི་ལ་ཞོན། ། བུམ་པའི་ལྟོ་ཅན་མིག་ཡངས་པ། ། ལྷ་ཡི་དྲི་ལྡན་ཡིད་ལྟར་ མགྱོགས། ། ཁྱབ་བདག་བདེ་འབྱུང་ནོར་བཟང་སྲས། ། སེམས་ཅན་རྣམས་ནི་སྐྱོང་ལ་དགའ། ། འདོད་དགུར་བསྒྱུར་གཟུགས་ཡིད་ཀྱི་ལྷ། །
BO
ཅོད་པན་ཅན་དེ་རིགས་དགའ་བ། ། གཡོན་ཕྱོགས་ཅོད་པན་ལག་ན་དབྱུག ། ལག་པ་བརྒྱ་པ་སྟོབས་པོ་ཆེ། ། ས་ བརྒྱད་དབང་ཕྱུག་ལྷ་ཡུལ་བ། ། ཟླ་བ་ཉ་བའི་ཞལ་མདོག་ཅན། ། དེད་དཔོན་ཚོགས་ཀྱི་བདག་པོ་སྟེ། ། གནས་བརྟན་ཚོང་བ་སྐལ་བཟང་བ། ། ཡིད་བཞིན་ནོར་བུ་བུམ་པ་བཟང་། ། དཔག་བསམ་ལྗོན་ཤིང་མི་ཡི་བདག ། མཆོག་དོན་འོས་པ་གཙོ་བོ་སྟེ། ། མཆོག་སྦྱིན་ མིའུ་ཐུང་ཁྱབ་འཇུག་པ། ། སྐྱབས་འོས་བཀྲ་ཤིས་སྲུང་བ་བོ། ། རིན་ཆེན་ཕྲེང་བས་རྣམ་པར་བརྒྱན། ། ལྷ་ཡི་སེང་གེའི་ཁྲི་ལ་བཞུགས། ། བྱང་ཆུབ་སེམས་དཔའ་དཔལ་གྱི་བདག ། རབ་ཏུ་དར་བ་ནོར་མི་ཟད། ། སེང་གེའི་རྩལ་གྱི་མཐུ་རྩལ་ཅན། ། སྟོན་པ་འཇིག་ རྟེན་གསུམ་ལས་རྒྱལ། ། གཙོ་བོ་ཚོང་པ་རིགས་ཀྱི་མཆོག ། པདྨའི་ལྟེ་བ་ཐུབ་མེད་རྒྱལ། ། ཚངས་པར་སྤྱོད་པ་རྒྱ་མཚོ་ཆེ། ། གནོད་འཛིན་བདག་ཉིད་ཆེ་བ་ཡི། ། མིང་བརྒྱ་རྩ་བརྒྱ་དང་ས་བཤད་འདི། ། སྡིག་པ་ཐམས་ཅད་འཇོམས་བྱེད་ཅིང་། ། དབུལ་བའི་ཉོན་ མོངས་སེལ་བྱེད་པ། ། འབྱོར་དང་སྐལ་བཟང་སྐྱེད་པ་པོ། ། གླང་པོ་རྟ་ནོར་འཕེལ་བྱེད་པ། ། གཟའ་དང་རྒྱུ་སྐར་རྨི་ལམ་ངན། ། ལྟས་ངན་སེལ་བར་བྱེད་པ་སྟེ། ། ནགས་སམ་གལ་ཏེ་གྲོང་དང་ནི། །
BO
དུར་ཁྲོད་ཡང་ན་རི་ཡང་རུང་། ། མཁས་པ་གང་ན་ཀློག་པ་དེར། ། གཡུལ་དང་དགྲ་ནི་ཉམ་ང་བ། ། སྦྲུལ་དང་མེ་ཆུ་ཆོམ་རྐུན་སོགས། ། སྟག་དང་དོམ་དང་འཇིགས་པ་ཆེ། ། རྒྱ་མཚོ་བགྲོད་དཀའ་མི་བཟད་ལས། ། མི་ནི་རབ་ཏུ་ཞི་བར་འགྱུར། ། དབང་པོ་མེ་དང་ཆུ་ལྷ་དང་། ། གཤིན་རྗེ་སྲིན་བདག་རླུང་ལྷ་དང་། ། ནོར་སྦྱིན་དཔལ་ ལྡན་སུ་བེ་ར། ། ནོར་བུ་བཟང་སྲས་ལྔས་རྩེན་དང་། ། རྩེད་མོ་ཅན་དང་འབྲོག་གནས་དང་། ། ལྷ་དང་གནོད་སྦྱིན་གཞན་དག་ཀྱང་། ། གཡེལ་བ་མེད་པར་ཉིན་མཚན་དུ། ། རབ་ཏུ་དགའ་བཞིན་སྲུང་བར་བྱེད། ། གང་ན་མིང་འདི་ཀློག་པ་དེར། ། གླང་ཆེན་རྟ་དང་བ་ལང་དང་། ། ལོ་ཏོག་རྣམ་པ་སྣ་ ཚོགས་དང་། ། འབྲས་བུ་མེ་ཏོག་རྣམས་ཀྱང་འཕེལ། ། མི་ནད་དང་ནི་འགོ་བའི་ནད། ། གནོད་པ་ཀུན་ལས་བྱུང་བ་རྣམས། ། ཐམས་ཅད་དུ་ནི་བདེ་ལེགས་འགྱུར། ། ལྷག་པར་བྱིས་པ་རྣམས་ལ་ཤིས། ། དེ་ལ་{ཡི་དགས་,ཡི་དྭགས་}ཀླུ་རྣམས་དང་། ། མ་མོ་དང་ནི་གདོན་དྲག་དང་། ། མཁའ་འགྲོ་མ་དང་མིའམ་ ཅི། ། སྲིན་པོ་རྣམས་ཀྱང་འཚེ་མི་བྱེད། ། ནད་དོ་ཅོག་ལས་རྣམ་པར་གྲོལ། ། དེ་བཞིན་བདེ་ཞིང་ནོར་དང་ལྡན། ། བུ་དག་དང་ནི་ཚ་བོ་དང་། །
BO
དཔལ་དང་གཏོང་བ་རྣམས་ཀྱིས་རྒྱས། ། རིགས་མཆོག་རྒྱལ་བ་འབྱུང་བ་དང་། ། ལོངས་སྤྱོད་ཆེན་པོའི་ནང་དུ་སྐྱེ། ། ཚེ་དང་དཔལ་དང་ལྡན་པ་དང་། ། ནད་མེད་རིམས་དང་བྲལ་བར་འགྱུར། ། ཚེ་རབས་ཀུན་དུ་སྐྱེ་བ་དྲན། ། ལོ་བས་སྐྱེན་ཐོས་པ་འཛིན་པ་དང་། ། བྱང་ཆུབ་སེམས་དཔའི་ཡོན་ཏན་ལྡན། ། སྐལ་བ་བཟང་པོ་ཉིད་དུ་འགྱུར། ། ཕྱག་འཚལ་ཕྱག་འཚལ་གནོད་སྦྱིན་རྗེ། ། གསང་བདག་ཁྱོད་ལ་ཕྱག་འཚལ་ཏེ། ། མ་རུངས་འདུལ་ལ་བརྩོན་པ་པོ། ། ལག་ན་རྡོ་རྗེ་ཁྱོད་ལ་འདུད། ། སེམས་ཅན་དད་ལ་མཉེས་གཤིན་པ། ། ནོར་བཟང་སྲས་ཀྱི་གྲགས་པ་འདི། ། དབུལ་བའི་ནད་ནི་ཞི་བྱེད་པ། ། རབ་ཏུ་བཤད་པ་ལེགས་པར་གསུངས། ། དོན་ཀུན་གྲུབ་པ་གསང་བའི་སྔགས། ། བདག་གིས་ཀྱང་ནི་ འདིར་དབུལ་ཏེ། ། དེ་ནི་ལེགས་པར་དྲན་ཙམ་གྱིས། ། མི་ནི་དབུལ་ལས་གྲོལ་འགྱུར་ཞིང་། ། གཞན་གྱིས་མི་ཚུགས་སྲུང་བར་འགྱུར། ། དགྲ་རྣམས་ཀྱིས་ཀྱང་མི་ཆོམས་ཤིང་། ། སྐལ་བ་བཟང་དང་སྐལ་དང་ལྡན། ། ལོ་བརྒྱ་ཡང་ནི་འཚོ་བར་འགྱུར། ། ལྷ་ཡི་གླང་པོ་ རིན་ཆེན་དང་། ། རྒྱལ་དང་རྒྱལ་སྲིད་འོས་རྣམས་ཀྱང་། ། ངེས་པར་མྱུར་དུ་ཐོབ་འགྱུར་ཏེ། ། རྒྱལ་སྲིད་ཀྱང་ནི་ཐེ་ཚོམ་མེད། །
BO
ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡི། ། ཨོཾ་ཧྲཱིཾ་ཧྲཾ་ཀྵཱ་ཛྲཱཾ་ཧྲཱི་ཧྲཾ། དཱི་པྱ་ར་ཏྣཽག་པ་རི། ཤ་ན་ ཨ་ཏ་བཱ་ཀ་དེ་བ་ཡཀྵ་ས་མ་ཡ་མ་ནུ་སྨ་ར་ཧྲཱི་ཧཱུྃ་ཕཊ་སྭཱ་ཧཱ། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་{སྷོ,སོ}། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source