The Great Perfection of the Supreme King of the Essence of the Great Perfection Teachings

དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག །

The Great Perfection of the Supreme King of the Essence of the Great Perfection Teachings

དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག །

BO
༄༅༅། ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་མུ་དྲཱ་ཏི་ལ་ཀཾ་ནཱ་མ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་ཨ་དྷི་པ་ཏི། བོད་སྐད་དུ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་མཁའ་འགྲོ་ ཡེ་ཤེས་ཉིད། ། གསང་པད་སྙིང་པོའི་ཁ་འབྱེད་པ། ། གསང་པད་ལྟེ་བའི་ནང་ན་བཞུགས། ། བདག་གིས་ཞུ་བ་ཁྱོད་གསོན་ཅིག ། ཡེ་ཤེས་རྒྱ་མཚོའི་ཀྱེ་རྡོ་རྗེ། ། འབུམ་ལྔ་ཡི་ནི་བདག་ཉིད་རྒྱུད། ། གང་ཞིག་ཁྱོད་ཀྱིས་དེ་ཉིད་གསུངས། ། སྦྱོར་དྲུག་རྣལ་འབྱོར་མ་ཡི་གཞུང་། ། ཐམས་ཅད་ མཁྱེན་པ་དབང་ཕྱུག་མཆོག ། དེ་ནི་དཔའ་བོ་བདག་གིས་ཤེས། ། དོན་དམ་པ་ནི་ཇི་ལྟ་བུ། ། དེ་རུ་བདག་ནི་ཐེ་ཚོམ་སྐྱེས། ། ཆར་དང་ཐིག་ལེ་ཚུལ་དང་ནི། ། ཚུལ་ཙམ་མཆོག་གི་མཆོག་གཞན་ཡིན། ། སྦྱོར་བ་དྲུག་གིས་རྣམ་པར་ཤེས། ། དེ་ཡི་གནས་ནི་གང་ན་ཡོད། ། སྲོག་ནི་གང་ནས་འབྱུང་བ་ཡིན། ། རྡོ་རྗེ་འཛིན་པ་གང་དུ་བརླག ། རྡོ་རྗེ་མཚན་མོ་གང་ཉིད་ཅི། ། མཚམས་གང་ཤར་བ་གང་ཞིག་ལགས། ། གང་དུ་ནུབ་པའི་དུས་དང་རྩ། ། མཆོག་གི་དབང་ཕྱུག་དུ་ཙམ་མཆིས། །
BO
དུས་ཀྱི་མཚན་ཉིད་གང་ལགས་གསུངས། ། དེ་ཡི་དུས་ཀྱིས་དོན་ཅི་བྱེད། ། ཨཱ་ལི་ཀཱ་ལི་བྱ་བ་གང་། ། མངའ་བདག་གང་ ནས་འབྱུང་བ་ལགས། ། རོ་ཡི་བྱེ་བྲག་དུ་ཞིག་བསྟན། ། དགའ་བ་ཡང་ནི་དེ་བཞིན་ནོ། ། གང་གི་དུས་ཀྱི་དགའ་བ་རྣམས། ། རྡོ་རྗེ་དབང་ཕྱུག་འབྱུང་བ་གསུངས། ། ཆོས་ཀྱི་དབྱིངས་ནི་ཇི་ལྟར་བཤད། ། རྡོ་རྗེ་ཡང་ནི་ཇི་ལྟར་བསྟན། ། བདག་གི་སྒྲ་ནི་ཇི་ལྟར་གསུངས། ། གསང་བ་ཞེས་བགྱི་ཇི་ལྟར་ ལགས། ། མཆོག་ཅེས་བགྱི་པ་ཇི་ལྟར་བཤད། ། དགྱེས་པའི་དོན་ནི་གསལ་བར་མཛོད། ། རིགས་ཀྱི་བྱེ་བྲག་ཏུ་ཙམ་བསྟན། ། ཕུང་པོ་ལ་སོགས་སྐྱེ་མཆེད་ཅི། ། ཚངས་དང་ཁྱབ་འཇུག་དྲག་པོ་དང་། ། དབང་ཕྱུག་རྟག་ཏུ་ཞི་བ་དང་། ། གང་ནས་འབྱུང་ཞིང་གང་དུ་གནས། ། ཆེན་པོའི་ཆེན་པོ་ དེ་ཇི་ལྟར། ། ཕྱག་རྒྱའི་བྱེ་བྲག་དུ་ཞིག་བཤད། ། ཕྱག་རྒྱ་ཆེན་པོ་ཇི་ལྟར་ལགས། ། མགོན་པོ་མཆོད་པའི་བྱེ་བྲག་ཅི། ། དེ་རུ་མེ་ཏོག་ཇི་ལྟར་ཡིན། ། མགོན་པོ་ཆེན་པོ་མཆོད་སྦྱིན་ནི། ། ཇི་ལྟ་བུ་ཞིག་འཚལ་བ་ལགས། ། མཆོག་གི་དངོས་པོའི་དཀྱིལ་འཁོར་ནི། ། བཅོམ་ལྡན་འདས་དེ་ཇི་ལྟ་བུ། ། དེ་རུ་ལྷ་མོ་ཅི་འདྲ་བ། ། ལྷ་མོ་བགྱི་བ་གང་ལ་གསུངས། །
BO
བཅོམ་ལྡན་དུར་ཁྲོད་དུ་ཞིག་མཆིས། ། དེ་རུ་ཤིང་ནི་ཇི་ལྟར་བཤད། ། དུར་ཁྲོད་དང་ནི་ཤིང་རྣམས་ནི། ། རྒྱལ་བའི་དབང་ཕྱུག་དེ་དག་གསུངས། ། མགོན་པོ་ནང་གི་སྦྱིན་སྲེག་དང་། ། བདུད་རྩི་ལྔ་ཡི་ཆོ་ག་དང་། ། རྣལ་འབྱོར་མ་ཡི་འདུས་ གནས་དང་། ། དེ་རུ་སྐད་ནི་ཇི་ལྟ་བུ། ། བདག་ཉིད་ཀྱི་ནི་རང་ངོ་བོ། ། མགོན་པོ་ཆེན་པོ་ཁྱོད་ཀྱིས་གསུངས། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་རྒྱུད་ཐམས་ཅད་ཀྱི་རྒྱུ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ། ། ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དྲིས་པ་ཡང་དག་གཏིང་དཔག་དཀའ། ། སྙིང་ པོ་ཡི་ནི་སྙིང་པོ་མཆོག ། སངས་རྒྱས་ཀུན་གྱི་གསང་ཆེན་པོ། ། མཆོག་ལས་མཆོག་གི་ཡང་དག་མཆོག ། ལྷ་ཆེན་པོ་ནི་ལ་སོགས་དང་། ། བཟང་མོ་དེ་རུ་བྱོལ་སོང་ཡིན། ། དོན་དམ་དེ་ནི་ཁྱོད་གཅིག་པུ། ། ཞལ་བཟང་མོ་ནི་སྣོད་ཡིན་ནོ། ། གསང་བའི་གསང་བ་ཡང་དགར་བ། ། ཉོན་ཅིག་ཡང་དག་ བདག་གིས་བཤད། ། དང་པོ་རེ་ཞིག་སློབ་མ་ལ། ། དབང་རྣམས་ལན་ཅིག་བསྐུར་བ་ཡིས། ། དེ་ཚེ་གསང་ཆེན་བཤད་པ་ཡི། ། ངེས་པར་སྣོད་དུ་གྱུར་པའོ། ། དབང་མེད་ན་ནི་དངོས་གྲུབ་མེད། ། བྱེ་མ་བཙིར་ཡང་མར་མེད་ལྟར། །
BO
གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། ། དབང་བསྐུར་མེད་ལ་གསལ་ བྱེད་པ། ། སློབ་དཔོན་སློབ་མ་ཤི་མ་ཐག ། དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། ། དེ་བས་འབད་པ་ཐམས་ཅད་ཀྱིས། ། བླ་མ་ལ་ནི་དབང་དོན་ཞུ། ། དབང་བསྐུར་ཡོད་དང་དེ་ཉིད་ཤེས། ། ཡེ་ཤེས་དང་ནི་ཐུགས་རྗེ་ཆེ། ། ཡང་དག་རླབས་ཆེ་དཔའ་བོ་དང་། ། སེར་སྣ་མེད་དང་རང་བཞིན་བཟང་། ། སྐལ་ ལྡན་མཚན་ཉིད་ཐམས་ཅད་རྫོགས། ། ཕྲག་དོག་ཡུལ་ནི་རྣམ་པར་སྤངས། ། རྟག་ཏུ་དགའ་བའི་ཡིད་ལྡན་པ། ། འདོད་ཆགས་ཆེན་པོ་གཅིག་པུའི་ཡིད། ། སྡོམ་པ་དེ་ནི་ཤེས་པ་ན། ། བླ་མ་དེ་ལྟ་བུ་ལ་བྱ། ། དེ་ལྟ་བུ་ཡི་བླ་མ་ཡིས། ། འབད་པས་སློབ་མ་བརྟག་པར་བྱ། ། ཇི་ལྟར་བསྲེགས་ལ་སོགས་པས་ གསེར། ། ཇི་ལྟར་མཁས་པས་རིན་པོ་ཆེ། ། ཇི་ལྟར་བདེ་ལྡན་བུ་མོ་ནི། ། དེ་ལྟར་སློབ་མ་བརྟག་པར་བྱ། ། དེ་བས་ཐམས་ཅད་རབ་འབད་དེ། ། ཕན་ཚུན་སོ་སོར་བརྟག་པར་བྱ། ། དེ་ལྟ་མིན་ན་སྐྱོན་དུ་འགྱུར། ། ནམ་ཡང་དངོས་གྲུབ་ཐོབ་མི་འགྱུར། ། ཇི་ལྟར་དུག་ལ་རབ་སྔགས་ཀྱིས། ། དག་པ་བྱས་ན་ བདུད་རྩེར་འགྱུར། ། དེ་བཞིན་སློབ་མ་དབང་སོགས་ཀྱིས། ། ལུས་ནི་དྲི་མ་མེད་པར་འགྱུར། ། གང་ཞིག་དབང་བསྐུར་སྦྱིན་བྱེད་པ། །
BO
དེ་ནི་རྡོར་སེམས་ལྟ་བུར་བལྟ། ། བླ་མ་སྤྲུལ་རྒྱལ་ལྟ་བུར་བལྟ། ། དཔལ་ལྡན་བླ་མ་མེ་འདྲར་བལྟ། ། བླ་མ་སྟོན་པ་བས་ལྷག་བལྟ། ། ཡིད་བཞིན་རིན་ ཆེན་མཉམ་པར་བལྟ། ། ཇི་ལྟར་རབ་སྦྱོར་དང་སྔགས་ཀྱིས། ། སྤྲུལ་གྱི་རྒྱལ་པོའི་སྤྱི་བོ་ལས། ། ཚད་མེད་པ་ཡི་རིན་ཆེན་རྙེད། ། དབུལ་བ་ཐམས་ཅད་མེད་པར་བྱེད། ། རབ་སྦྱོར་ལོག་དང་སྔགས་ལོག་གིས། ། དགའ་མོ་ངེས་པར་ཚིག་པར་བྱེད། ། དེ་ལྟ་བུ་ཡི་ཆོ་ག་ཡིས། ། ཁྲིམས་ལ་སོགས་ པའི་སྤྱོད་པ་ཡིས། ། དཔལ་ཞལ་དེ་ཉིད་རིན་དབང་ཕྱུག ། ཚེ་འདི་ཉིད་ཀྱིས་རྙེད་པར་འགྱུར། ། དེ་ལྟར་མིན་ཏེ་མ་གུས་ན། ། གསུང་གི་མེ་ཡིས་ངེས་ཚིག་བྱེད། ། ཇི་ལྟར་མེ་ཡིས་ཤིང་ཚིག་པ། ། སྐད་ཅིག་གིས་ནི་ཐལ་བར་བྱེད། ། གལ་ཏེ་དེ་བཞིན་དཔལ་བླ་མ། ། མཉེས་ན་སྐད་ཅིག་གིས་སྡིག་ ཚིག ། རྒྱུད་འདི་ལ་ནི་མཆོག་གི་ནི། ། བཅོམ་ལྡན་དབང་བསྐུར་དུ་ཞིག་མཆིས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དབང་བསྐུར་བཞི་ཡི་རིམ་པ་ལ། ། འབྲས་བུ་ཡིས་ནི་གསུམ་དུ་བསྟན། ། དང་པོར་སློབ་དཔོན་དབང་དང་གཅིག ། གཉིས་པ་གསང་བའི་དབང་ནི་མཆོག ། གསུམ་པ་ ཤེས་རབ་ཡེ་ཤེས་དབང་། ། དེ་ལྟར་དེ་བཞིན་བཞི་པའོ། །
BO
སློབ་དཔོན་དབང་ལ་བཅུ་གཅིག་དབྱེ། ། གསང་བའི་དབང་དང་བཅུ་གཉིས་མཆོག ། ཤེས་རབ་ཡེ་ཤེས་བཅུ་གསུམ་པ། ། དེ་ལྟར་དེ་བཞིན་བཅུ་བཞིའོ། ། དབང་རེ་ལ་ནི་ས་རེ་སྟེ། ། དེ་རྣམས་ས་ཡི་དབང་ཕྱུག་བདག ། རྒྱུ་རྩ་གསུམ་གྱིས་ ཤེས་པར་བྱ། ། དེ་ཡི་འབྲས་བུ་བཞི་པའོ། ། ཡང་ན་འབྲས་བུ་གསུམ་དང་བྲལ། ། ཡང་ན་བདག་ཉིད་གསུམ་པོ་ཡིན། ། དགའ་བའི་བྱེ་བྲག་ཤེས་པར་བྱ། ། འཁོར་ལོ་རྣམས་ཀྱི་རིམ་པས་སོ། ། ཡར་ངོ་ཡི་ནི་གསུམ་པའི་ཚེ། ། སློབ་མ་རབ་ལ་དབང་བསྐུར་བྱ། ། བཞིན་{བཟངས་,བཟང་}མིག་གི་དཀྱུས་རིང་བ། ། གཟུགས་བཟང་ལང་ཆོས་བརྒྱན་པ་ཡིས། ། བཅུ་གཉིས་ཡང་ན་བཅུ་དྲུག་གམ། ། མ་རྙེད་ཉི་ཤུ་ལོན་པའང་རུང་། ། ཉི་ཤུ་ཡན་ཆད་ཕྱག་རྒྱ་གཞན། ། དེས་ནི་དངོས་གྲུབ་ཐག་རིང་བྱེད། ། སྲིང་མོ་ཡང་ན་བུ་མོ་འམ། ། ཆུང་མ་བླ་མ་ལ་དབུལ་བྱ། ། དེ་ནས་སྣ་ཚོགས་རྫས་ཀྱིས་ནི། ། བླ་མ་དད་པས་མཆོད་ པར་བྱ། ། སྣ་ཚོགས་རབ་ནི་བརྒྱ་སོགས་དང་། ། རིན་ཆེན་སྣ་ཚོགས་རྒྱལ་མཚན་མཆོག ། མུ་ཏིག་ཕྲེང་བ་རིན་ཐང་མེད། ། གྲངས་མེད་གསེར་གྱིས་མཆོད་བྱའོ། ། དེ་རིང་ཕན་ཆད་བདག་ནི་འབངས། ། ཆེན་པོའི་ཆེན་པོ་མཆོད་པ་བཞིས། ། དེ་ལྟ་བུ་ཡི་ཆོ་ག་ཡིས། །
BO
འབད་དེ་བླ་མ་མཆོད་པར་བྱ། ། བླ་མའི་གཟུགས་ནི་བདག་རང་ཡིན། ། བདག་མཆོད་བྱས་ན་དངོས་གྲུབ་འཐོབ། ། དེ་ཡིས་སྐད་ཅིག་ཕྱག་རྒྱ་ཆེ། ། མཆོད་པ་བྱས་ནས་བསྙེན་པར་བྱ། ། བསྙེན་པ་ལས་ནི་གང་ཞིག་འབྱུང་། ། སློབ་མའི་ཁ་རུ་དབབ་པར་བྱ། ། སྦོམ་པོ་མཐའ་ལྟག་སྦྱར་བ་ཡིས། ། ལོངས་སྤྱོད་ནང་དུ་གཞུག་པར་བྱ། ། དེ་ ཚེ་ཡང་དག་ཡེ་ཤེས་སྐྱེ། ། བུ་མོའི་བདེ་བ་ཇི་ལྟ་བུ། ། སྲོག་དང་རྩོལ་བ་མཉམ་བྱས་ནས། ། ཤིན་ཏུ་ལེགས་དགྱེས་ཀྱིས་མཆོད་བྱ། ། རིན་ཆེན་ཁ་ལ་ཧཱུཾ་ཕཊ་སྔགས། ། བཀོད་ནས་མདའ་ལ་བསྐྱོན་པར་བྱ། ། དེ་ཡི་དུས་སུ་དགའ་སྐད་ཅིག ། ཇི་ལྟར་རང་བཞིན་སྐྱེ་བར་འགྱུར། ། དེ་ལྟར་ཕྱག་རྒྱ་ ལ་བཤད་བྱ། ། འདི་ནི་དགའ་བའི་མཚན་ཉིད་དོ། ། དེ་ནས་སློབ་མའི་ལག་ཏུ་ནི། ། བྱིན་ནས་འདི་སྐད་སྨྲ་བར་བྱ། ། ང་ཡི་བཀའ་ལུང་རྟོག་མེད་པས། ། པདྨའི་དོན་ལ་ཇི་བཞིན་གྱིས། ། པདྨའི་སྙིང་པོའི་དབུས་ན་ནི། ། རྡོར་དབྱིངས་དབང་ཕྱུག་མ་ནི་བཞུགས། ། དེ་མ་རྙེད་པའི་བར་དུ་ནི། ། ཐབས་ གཞན་ལ་ནི་བྱང་ཆུབ་མེད། ། དེ་ནི་རང་བཞིན་དགའ་བའི་གཟུགས། ། ཕྲ་མོའི་ཕྲ་མོ་ཡང་དག་མཆོད། །
BO
དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་སློབ་དཔོན་དང་སློབ་མ་བརྟག་པ་དང་། ཡོན་དབུལ་བ་དང་། དབང་བསྐུར་བ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་གསང་བ་བཤད་ པར་བྱ། ། མཆོག་དང་རབ་མཆོག་མཆོག་གི་མཆོག ། ཕུང་པོ་ལྔ་ཡི་བདག་ཉིད་སྐུ། ། ལེགས་དགྱེས་དབང་པོའི་འཁོར་ལོ་དྲུག ། ཟླ་ཕྱེད་བྱད་གཟུགས་ཆར་ཡང་ནི། ། རླུང་གི་འཁོར་ལོའི་ནང་ན་བཞུགས། ། ཕྱེད་མིན་གང་བ་ཡང་མ་ཡིན། ། ཆུ་ཡི་ཟླ་བ་བཞིན་དུ་མཐོང་། ། སྒྱུ་འཕྲུལ་ཆེན་པོ་འགྲོ་བའི་མ། ། ཆར་ཡང་གྲངས་མེད་བསྟེན་པ་ཡིན། ། དེ་ནི་མཆོག་དང་གཞན་མཆོག་ཕྲ། ། སྐྱེ་མེད་གཉིས་མེད་བསམ་དུ་མེད། ། རླུང་གི་འཁོར་ལོ་སྐྱེད་བྱེད་མ། ། སངས་རྒྱས་ཀྱིས་ཀྱང་རྙེད་དཀའ་བའོ། ། མེ་ཡི་འཁོར་ལོའི་ནང་ན་ནི། ། ཐིག་ལེ་གཅིག་པ་ཡི་གེ་མེད། ། ཐམས་ཅད་ནང་ཡོད་ཡིག་ཀུན་ཡིན། ། ཐམས་ཅད་ཁྱབ་ དང་བདེ་བ་འབྱུང་། ། བདེ་བ་འཕེལ་བར་བྱེད་པའོ། ། དབྱངས་དང་དཔེ་བྱད་དང་བྲལ་ལོ། ། གྲངས་མེད་པ་ཡི་ཁམས་གསུམ་ནི། ། རྒྱུ་དང་སྐྱེ་བར་བྱེད་པའོ། ། ཚུལ་ནི་གློ་བུར་བ་ཡི་གནས། ། རྣམ་པ་ཐམས་ཅད་དང་བྲལ་བ། ། དངོས་པོ་སྦྲུལ་ལྕེ་འདྲ་བ་ཡིན། ། མཐོ་རིས་ས་ནི་སྐྱེད་པའོ། །
BO
ཡི་གེ་མ་ཡིན་ཁམས་ཀྱང་མེད། ། ཟླ་ཚེས་ཐིག་ལེ་རྒྱན་དང་བྲལ། ། སྐྱེ་མེད་གྲངས་མེད་མི་ཟད་པ། ། དེ་ནི་དོན་དམ་ཚུལ་ཡིན་ནོ། ། སྤྲུལ་པ་ཡི་ནི་འཁོར་ལོའི་གནས། ། ལྟེ་བའི་སྙོམས་པ་ཞེས་སུ་གྲགས། ། ཆོས་ཀྱི་འཁོར་ལོའི་ཚུལ་ཙམ་ནི། ། དྲི་མ་མེད་པ་སྤྲུལ་མིག་འདྲ། ། དྲི་མེད་མ་བཅོས་ པ་ཡི་གནས། ། གནས་མེད་རྣམ་པ་མེད་པའོ། ། གཡོ་བ་མེད་དང་བརྗོད་དུ་མེད། ། དབུགས་ཀྱི་རྒྱུ་བ་མེད་པའོ། ། མཆོག་གི་ཡེ་ཤེས་ཚུལ་ཅན་ནི། ། བཅུ་གསུམ་དབང་ཕྱུག་གིས་མི་ཤེས། ། མཆོག་གི་ལོངས་སྤྱོད་འཁོར་ལོར་གནས། ། མཆོག་གི་རྣམ་པ་བདུད་རྩི་མཆོག ། ཐེག་པ་མཆོག་གི་ མཐའ་ན་ཡོད། ། ཇི་ལྟར་ཆང་གི་མཐུ་བཞིན་ནོ། ། ཐམས་ཅད་བདག་ཉིད་བྱད་གཟུགས་བྲལ། ། གཟུགས་མེད་བདག་ཉིད་ཀྱིས་བཞུགས་སོ། ། གཞན་མཆོག་བདེ་ཆེན་འཁོར་ལོ་ལ། ། ཐམས་ཅད་མཐའ་ཡི་མཐའ་ན་བཞུགས། ། ལྟ་བར་བྱེད་དང་བལྟ་བྱ་མེད། ། མཚན་ངན་ཐམས་ཅད་མེད་པའོ། ། བརྗོད་མེད་མི་ཟད་ཞི་བསྟེ། ། རང་དགའ་ཉམས་མྱོང་རྣམ་པའོ། ། བླ་མ་ཡི་ནི་བཀའ་དྲིན་གྱིས། ། ལེགས་དགྱེས་དབང་པོ་རྙེད་པར་འགྱུར། ། དེ་ལྟ་བུ་ཡི་ཡེ་ཤེས་ཆེ། ། རྣམ་པར་ཤེས་དྲུག་རང་བཞིན་ཅན། །
BO
འཁོར་ལོ་དྲུག་གི་དབུས་སུ་ནི། ། དོན་དམ་པར་ནི་བཤད་པའོ། ། སྟེང་དང་འོག་གི་སྦྱོར་བ་ཡིས། ། ཁ་སྦྱར་བྱད་གཟུགས་ཀྱིས་ནི་ཡོད། ། བཅུ་གཉིས་ཕྱེད་དང་དྲུག་གི་ཕྱེད། ། དྲུག་ཅུ་རྩ་བཞི་དེ་བཞིན་བརྒྱད། ། བརྒྱད་གཉིས་དང་ནི་བརྒྱད་བཞི་ནི། ། འདི་ནི་འཁོར་ལོ་ཆུ་སྐྱེས་དུག ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་སྦྱོར་བ་དྲུག་གི་མཚན་ཉིད་དང་འཁོར་ལོ་དྲུག་གི་རང་གི་ངོ་བོ་ཞེས་བྱ་བའི་ལེའུ་སྟེ་གསུམ་ པའོ། ། ། ། ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། ། རྩ་ཡི་འཁོར་ལོ་འབྱུང་བ་མཆོག ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། ། རྩ་རྣམས་ཀྱི་ནི་རིགས་བཤད་དོ། ། རིགས་ཆེན་པོ་ཡི་རྒྱུད་ཆེན་པོར། ། རྒྱས་པར་བདག་གིས་གསལ་བར་བྱས། ། འདི་རུ་འཁོར་ལོ་དྲུག་གི་གྲངས། ། མདོར་བསྡུས་པ་ནི་བཤད་པར་ བྱ། ། རླུང་གི་འཁོར་ལོའི་རྩ་དྲུག་ནི། ། གཡོ་བ་ནམ་མཁའ་མེ་དང་སྦུབས། ། རབ་བསྐོར་དང་ནི་འཇིགས་ཆེན་པོ། ། རྩ་དེ་རླུང་གི་འཁོར་ལོའི་གནས། ། འཛིན་མ་དང་ནི་རོ་མ་དང་། ། རྟོག་མེད་མ་ནི་གྲུ་གསུམ་གནས། ། མེ་ཡི་འཁོར་ལོའི་ནང་དུ་ནི། ། རྩ་ཡི་དབང་པོ་ལྔར་ཤེས་བྱ། ། མགྱོགས་མ་དང་ནི་ཡང་དག་མགྱོགས། ། ཤིན་ཏུ་བཟང་དང་བཟང་འགྲོ་དང་། །
BO
སྟོབས་ཆེན་མདང་འཇིགས་ཆེན་མ། ། ང་རྒྱལ་ཆེ་དང་འཇིགས་བྱེད་ཆེ། ། མཐུས་མྱུར་མ་དང་མཐུ་ཡི་ཆ། ། མཐུ་ཡི་ཆུ་དང་མཐུ་དྲི་དང་། ། མཐུ་མ་དང་ནི་མཐུས་འབབ་མ། ། གཙུབ་དང་ནུར་དང་མཐུ་ དུ་མ། ། རྔམ་པ་ཟ་བ་ནམ་མཁར་འགྲོ། ། བྱ་ཡི་ཡན་ལག་བྱ་འགྲོ་མ། ། ཕྱུག་མོ་འཇིགས་མ་ང་རོ་དང་། ། བརྟུལ་མ་མཆོད་མ་མྱོས་མ་དང་། ། སྒྲ་མ་སྒྲ་འབྱུང་སྡིག་ཅན་མ། ། པདྨའི་སྡོང་བུ་མ་སྔོན་མོ། ། ཟིལ་པ་ཟིལ་འབྱུང་སྐྲ་མ་དང་། ། ཕྱིན་ཕྱོགས་ཁ་དང་དབྱུག་པ་དང་། ། དབྱུག་པའི་ང་ རྒྱལ་དང་པོ་མ། ། ཚེའུ་ལྟོ་མ་དང་ཚེའུ་གྲུག་མ། ། ཚེའུ་བདུན་མ་དང་བརྩོན་འགྲུས་མ། ། ཚེའུ་ཁྱིམ་མ་དང་ཚེའུ་ཁ་མ། ། ཚེའུ་འོད་མ་དང་ཚེའུ་ལུག་རྒྱུད། ། འབུད་མ་བདག་མ་འོད་མ་དང་། ། དྲི་མེད་དང་ནི་དྲི་སྲེག་དང་། ། ཐག་ལྟོ་མ་དང་ཐག་དགའ་མ། ། ཐག་མོ་དང་ནི་ཐ་ག་དུས་མ། ། ཕུག་ རོན་ཕུམ་སྐྱེ་ཕྲ་མ་དང་། ། ལོ་མ་དང་ནི་ཚར་ལོ་དང་། ། གོས་གྱོན་མ་དང་གསལ་བྱེད་མ། ། རྩ་འདི་བརྒྱད་པོ་བརྒྱད་དུ་དྲན། ། དྲུག་ཅུ་རྩ་བཞིའི་ཆུ་སྐྱེས་ནི། ། ལྟེ་བའི་སྤྲུལ་པའི་འཁོར་ལོར་གནས། ། རིན་ཆེན་མ་དང་པད་ཆེན་མོ། ། གཤེ་ཆེན་མ་དང་སྟོབས་ཆེན་མོ། །
BO
མགོ་ཆེན་མ་དང་མྱོས་ཆེན་ མ། ། དགའ་ཆེན་མ་དང་མི་དགའ་ཆེ། ། དེ་བརྒྱད་ཆོས་འཁོར་འདམ་སྐྱེས་ནི། ། ཞལ་བཟང་སྙིང་གའི་རྒྱ་མཚོར་རོ། ། ཆགས་མ་ལོངས་སྤྱོད་ལོངས་སྤྱོད་མིན། ། ཉི་འོད་འོད་མ་བྷ་ག་དང་། ། ལུ་མ་དང་ནི་ཐལ་གདོང་མ། ། བཟའ་སྟེར་རང་ཟ་ལྟོགས་མ་དང་། ། ར་ས་ཡ་ན་རོ་སྐྱུར་མ། ། རོ་འཛག་དང་ནི་ རོ་མ་དང་། ། སྒུར་མ་ལོངས་སྤྱོད་འཁོར་ལོའི་གནས། ། བརྒྱད་གཉིས་འདམ་སྐྱེས་འདབ་མ་ནི། ། མགྲིན་པ་ཡི་ནི་རིམ་པའི་རིགས། ། འདོད་མ་འདོད་སྤྱོད་ཚེའུ་ལུས་མ། ། ཟླ་འཐུང་ཟླ་ལྟོ་མཛོད་མ་དང་། ། སྐད་སྙན་ལྐུགས་མ་དུར་བ་མ། ། ཅེ་སྐྱང་བརྒྱ་མ་སྐམས་པ་མ། ། མེ་མ་རྔོན་མ་ཟླ་བ་མ། ། གང་བ་ གཉིད་མ་གཉིད་སྐྱེས་མ། ། ཆང་འཚོང་ཆང་སྟེར་བདུད་རྩི་མ། ། དུང་མ་དང་ནི་དུང་རྣ་མ། ། དུང་མིག་མ་དང་དུང་སྣ་མ། ། མཐུས་ཕྱུག་མ་དང་མཐུ་སེར་མ། ། མཐུ་རྨོངས་མ་དང་མཐུ་རྔམ་མ། ། འགྱིང་མ་དང་ནི་རི་རྟེན་མ། ། སུམ་ཅུ་རྩ་གཉིས་ཐོད་པའི་གནས། ། བདེ་ཆེན་འཁོར་ལོའི་རྒྱལ་པོ་འདི། ། དེས་ནི་འཁོར་ལོ་རྣམས་ལ་ཁྱབ། ། ཐམས་ཅད་ཕྲ་མོ་རེག་བྱ་མེད། ། གཟུང་དང་འཛིན་པ་རྣམ་པར་སྤངས། ། བདེ་ཆེན་བདེ་བའི་རྣམ་པ་ཅན། །
BO
བདེ་ཆེན་ལ་སོགས་སྦྱིན་པར་བྱེད། ། དེ་ཡི་རྩ་བའི་འབྱུང་བ་ཡི། ། ཡང་དག་ཐར་འདོད་པས་ཤེས་བྱ། ། ལྷ་མོ་རྩ་བྱུང་མེད་གྱུར་ན། ། ཕུང་པོའི་འབྱུང་བ་ཇི་ལྟར་འགྱུར། ། ཕུང་པོ་མེད་ན་ཡེ་ཤེས་ཆེ། ། རྣལ་འབྱོར་རྣམས་ཀྱིས་ཇི་ལྟར་རྙེད། ། ཕུང་པོ་ལྔ་ནི་བདག་ཉིད་སྐུ། ། མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། ། མཁའ་འགྲོ་ལྔ་ནི་ཡེ་ཤེས་ལྔ། ། འབྱུང་བ་ལྔ་ཡི་རང་བཞིན་ཅན། ། རྩ་ཉིད་འབྱུང་བ་མེད་འགྱུར་ན། ། ཕུང་པོ་རྣམས་ནི་འབྱུང་བ་མེད། ། ཕུང་པོ་མེད་ན་དངོས་གྲུབ་ནི། ། རྣལ་འབྱོར་ཆེན་པོས་རྙེད་མི་འགྱུར། ། དེ་བས་འབད་པ་ཐམས་ཅད་ཀྱིས། ། རྩ་ཡི་འཁོར་ལོ་བཙལ་བར་བྱ། ། ཇི་ལྟར་སྤྲིན་གྱི་ཆར་གྱིས་ནི། ། རྟག་པར་དེ་ནི་ཆེ་བར་འཕེལ། ། འབྲས་བུ་མང་ཞིང་མཐའ་ཡས་ནི། ། ཐེ་ཚོམ་མེད་པར་སྦྱིན་པར་བྱེད། ། དེ་ལྟར་ཕུང་པོའི་ཤིང་ཞེས་བྱ། ། རྩ་ཡི་ཆུ་ཡིས་ཆེ་བར་འཕེལ། ། ཆེར་གྱུར་འབྲས་བུ་ཐར་པ་ནི། ། ཐེ་ཚོམ་མེད་པར་སྦྱིན་པར་བྱེད། ། ལྷ་མོའི་དངོས་པོ་གཟུགས་སུ་ནི། ། རྩ་ཡི་བྱད་གཟུགས་ཡིན་པར་འགྱུར། ། རེག་ཁམས་རྒྱལ་མཚན་སྦྱོར་བ་ཡིས། ། མེ་འཁོར་ནང་དུ་ཆུ་སྐྱེས་ནི། ། གང་ཚེ་རྡོ་རྗེས་སྐྱོད་པར་བྱེད། །
BO
དེ་ཚེ་མེ་ནི་ཁོང་དུ་ཆུད། ། འཁོར་ལོ་ཆུ་སྐྱེས་ ཐམས་ཅད་ནི། ། ཇེ་གསལ་ཇེ་གསལ་ཁ་འབྱར་འགྱུར། ། དེ་ནས་རྩ་ཀུན་འཛག་འགྱུར་ཏེ། ། སྣོད་འཛག་པ་ཡི་ཆུ་ཐིགས་བཞིན། ། དེ་ནས་སྤྲུལ་པའི་འཁོར་ལོར་ནི། ། འདུས་ནས་གཅིག་ཏུ་གྱུར་པའོ། ། རྩ་གཉིས་ཁ་ཡི་རྩེ་མོ་ལས། ། ཟླ་བ་དང་ནི་ཉི་མ་འཛག ། མངལ་གྱི་དབུས་ན་རྩ་གནས་པ། ། ཐག་ པའི་རྣམ་པའི་གཟུགས་སུ་ཡོད། ། དེ་ནི་གཅིག་ཏུ་རྒྱུ་ཞེས་བྱ། ། འབྲས་བུའི་བྱེ་བྲག་གཉིས་སུ་འགྱུར། ། གཡོན་ནས་ཁུ་བ་འབྱུང་བ་དང་། ། གཡས་ནས་ཁྲག་ནི་འབྱུང་བའོ། ། གང་ཚེ་གཡས་ཕྱོགས་ཉི་མ་ནི། ། དེ་ཚེ་བདེ་བ་དམར་པོར་འགྱུར། ། གཡོན་ནས་ཟླ་བ་འབྱུང་བའི་ཕྱིར། ། དེ་ནི་བདེ་བ་དཀར་ པོར་འགྱུར། ། དེ་གཉིས་ནང་ན་མེ་གནས་པ། ། སྒོང་སྐྱེས་གཉིས་ལོག་ཇི་བཞིན་ནོ། ། སྔོན་གྱི་ལས་རླུང་རྣམ་ཤེས་ནི། ། གང་ཚེ་འཁོར་བར་གྱུར་པ་ན། ། དེ་ཡི་ཚེ་ན་བྷ་གའི་ནང་། ། འདོད་ཆགས་ཆེན་པོས་ཡིད་འགྱུར་རོ། ། གང་ཚེ་མ་ཡི་ཟླ་མཚན་འབྱུང་། ། མེ་དང་ཉི་མ་གསལ་བར་འབྱུང་། ། དེ་ཚེ་འདོད་ ཆགས་ཆེན་པོའི་ཡིད། ། རེག་བྱ་བདུན་པ་མཆོག་ཏུ་འགྱུར། ། བོལླ་ཀཀྐོ་ལ་ཞུགས་ནས། ། ཇི་ལྟར་ཆུ་ལ་ཆུ་བཞག་བཞིན། །
BO
དེ་ཚེ་ས་བོན་འབྱུང་བ་ཡིན། ། ས་བོན་ལས་ནི་གོང་བུ་འབྱུང་། ། ལྷ་མོ་དེ་ལས་རྩ་རྣམས་འབྱུང་། ། འབྲས་བུ་ངེས་པར་འབྱུང་བའོ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ འཁོར་ལོ་དྲུག་གི་རྩ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ། ། ། ། སྲོག་ནི་འབྱུང་བར་ཐིམ་པའི་ཚུལ། ། ཉོན་ཅིག་ལྷ་མོ་བདག་གིས་བཤད། ། མ་སྐྱེས་པ་ཡི་ཆར་ཡང་ནི། ། གསང་བའི་མཇལ་གྱི་ནང་དུ་བཞུགས། ། དེ་ནི་རྣམ་ཤེས་མེད་པ་དང་། ། བདག་ཉིད་མེད་པའི་ཡེ་ཤེས་སྐུ། ། དེ་ཡི་གནས་ནས་ སྲོག་འབྱུང་སྟེ། ། སྲོག་ཅན་རྣམས་ཀྱི་སྲོག་ནི་མཆོག ། རྟག་ཏུ་བདག་ཉིད་སྲོག་ཆེན་པོ། ། གནས་ལྔའི་གནས་ན་བཞུགས་པའོ། ། ནམ་མཁའ་ལྔ་ཞེས་བྱ་བར་གྲགས། ། ནམ་མཁའ་ལྔ་ཡི་ནང་དུ་ཐིམ། ། འབྱུང་བ་ཆེན་པོ་བཞི་པོ་ནི། ། སྲོག་གི་རྟེན་དུ་ཤེས་པར་བྱ། ། ཡང་ན་སྲོག་ནི་དེ་རྣམས་རྟེན། ། ལེགས་དགྱེས་དབང་མོ་ཤེས་པར་འགྱུར། ། རྣམ་ཤེས་ལས་ནི་རླུང་སྐྱེའོ། ། དེ་ལས་མེ་ནི་སྐྱེ་བར་འགྱུར། ། དེ་ལས་ཆུ་ནི་སྐྱེ་འགྱུར་ཏེ། ། དེ་ལས་ས་ནི་སྐྱེ་བའོ། ། དེ་རྣམས་ཀུན་ལས་ཕུང་པོར་འབྱུང་། ། དེ་ནས་སྐྱེ་མཆེད་འབྱུང་བར་འགྱུར། ། དེ་ནས་ཡེ་ཤེས་རང་བཞིན་སྐྱེ། །
BO
བརྒྱ་རྩ་བརྒྱད་ཀྱི་རིམ་པས་སོ། ། རྡོ་ རྗེ་ཕྲེང་བའི་རྒྱུད་ཆེན་ལས། ། སྔར་ནི་བདག་གིས་བསྟན་པའོ། ། མཚན་མོ་གང་ཡིན་ཉིན་གང་ཡིན། ། མཚན་མོ་བདག་གིས་བཤད་པར་བྱ། ། མཚན་མོ་ཤེས་རབ་ཏུ་ནི་གྲགས། ། ཤེས་རབ་མཚན་མོ་ཡིན་པར་འགྱུར། ། མཚན་མེའི་རྣམ་པ་ཟླ་བར་འགྱུར། ། ཟླ་བ་མྱ་ངན་འདས་རང་བཞིན། ། ཀུན་ རྫོབ་དང་ནི་དོན་དམ་པར། ། ཤེས་རབ་གཉིས་ཀྱིས་ཤེས་པར་བྱ། ། ཀུན་རྫོབ་རེག་བྱར་ཤེས་པར་བྱ། ། གང་ཞིག་རེག་བྱ་མེད་པར་བདེ། ། བལྟ་བར་དཀའ་བའི་མཚན་ཉིད་དོ། ། རང་བཞིན་མེད་པའི་རང་བཞིན་ཅན། ། དེ་ནི་བདག་གིས་མཚན་མོར་བཤད། ། ཉིན་མོ་ཐབས་སུ་གྲགས་པ་སྟེ། ། ཐབས་ ནི་ཉི་མ་ཡིན་པར་འགྱུར། ། བྷ་གའི་འབྱུང་བ་ཉི་མ་ཡིན། ། ཉི་མ་བྷ་གའི་བདག་པོར་འགྱུར། ། སྲིད་པའི་རྣམ་པ་ཉི་མ་ཡིན། ། ཟླ་བ་མྱ་ངན་འདས་པའི་གཟུགས། ། སྲིད་པ་དེ་ནི་རིགས་ཞེས་བསྟན། ། ཉི་ལས་འབྱུང་བ་ཟླ་བའི་རིགས། ། དྲི་མ་མེད་ཕྱིར་ཉི་མ་སྟེ། ། རྟོག་པའི་དྲ་བ་མེད་པའོ། ། དྲི་མ་མེད་པ་མཆོག་ཕྲ་བ། ། ཤིན་ཏུ་གསལ་བ་སྟོང་སྐུའོ། ། ཡང་དག་དྲི་མེད་གནས་ཞི་བ། ། ཐམས་ཅད་ཀུན་ན་བཞུགས་པའོ། ། རྒྱུད་རྣམས་ཀུན་དུ་སྦས་པ་ཡི། །
BO
དེ་ལྟའི་ཉིན་མོ་བདག་གིས་བཤད། ། མཚམས་ནི་གཉིས་ཀ་ཕྲད་པ་སྟེ། ། རྡོ་རྗེ་པདྨ་ཉི་ཟླ་འབྱུང་། ། ལྟེ་བ་གཉིས་ཀ་ཕྲད་པ་ནི། ། ཕྲ་ལྟར་ སྐད་ཅིག་མཚན་ཉིད་དོ། ། ཉོན་མོངས་ལས་གྲོལ་མཚམས་ཡིན་ཏེ། ། རྣམ་པ་མེད་པ་མཆོག་གི་མཆོག ། སྦྱོར་གཉིས་དབུས་ན་ཡོད་པ་སྟེ། ། བྱུག་པ་དང་ནི་སྲེད་པ་མེད། ། དེ་མཚམས་སེམས་ཅན་ཐམས་ཅད་ཀྱི། ། འཁོར་བའི་ལམ་རབ་དག་པར་བྱེད། ། ཤར་ནི་མཆོག་ཏུ་གྲགས་པ་སྟེ། ། དགའ་བྲལ་ལ་ སོགས་དང་བྲལ་བ། ། མདུད་པའི་རྩེ་མོ་མཆོག་གི་གནས། ། ཙ་ན་ཀ་ཡི་རུས་རྣམས་གཟུགས། ། དེ་ཡི་ཁ་ནི་གཉིས་ཡོད་དོ། ། ཤར་ནི་ཟླ་བའི་བདག་པོར་ཤེས། ། ཟླ་བ་གྱེན་དུ་འགྲོ་བའི་ཕྱིར། ། ཟླ་བའི་ཐིག་ལེ་མཉམ་པར་གྲགས། ། ཐིག་ལེ་བཞིར་གྱེས་བསྟན་པའོ། ། ཐོག་མ་ཐ་མའི་དབུས་གནས་ན། ། བཞི་བ་གང་ནའང་མེད་པའོ། ། རང་རིག་པ་ཡི་བདག་ཉིད་ཕྱིར། ། དེ་བས་བརྗོད་དུ་མེད་པའོ། ། དེ་ནི་གསང་བར་བསྟན་པ་སྟེ། ། ཤར་བའི་དོན་ནི་འདུས་པའོ། ། ཉོན་ཅིག་ལྷ་མོ་བདེ་སྦྱིན་མ། ། ནུབ་པའི་ཡང་དག་བདག་གིས་བསྟན། ། གང་ཚེ་སེམས་ནི་ནུབ་པ་ན། ། སྔར་ནི་ཟླ་བའི་རྣམ་པར་འགྱུར། ། དེ་ཚེ་ ནུབ་པའི་གནས་སུ་འགྲོ། །
BO
མི་འགྲོ་བ་ནི་འགྲོ་བར་འགྱུར། ། གང་ཚེ་ཐོག་མ་ཐ་མར་འགྲོ། ། དེ་ཚེ་ནུབ་པར་བསྟན་པའོ། ། ཐ་མ་ནུབ་པར་བསྟན་པ་ནི། ། རྟེན་པའི་གནས་ལ་རྟེན་མེད་གནས། ། རྟེན་པ་ཡིས་ནི་མཆོག་བདེ་ལ། ། རྟེན་མེད་བདེ་བ་ག་ལ་ཡོད། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་སྲོག་དང་མཚན་ མོ་དང་། ཉིན་མོ་དང་མཚམས་དང་། ཤར་བ་དང་ནུབ་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ། ། ། ། རྩ་ཡི་འབྱུང་བ་ཐོག་མར་བསྟན། ། དུས་ནི་ཉོན་ཅིག་བདག་གིས་བཤད། ། དུས་ནི་ཚོད་ཅེས་བསྟན་པ་སྟེ། ། དུས་ལ་བྱེ་བྲག་གཉིས་སུ་དབྱེ། ། དུས་ནི་བསམ་དུ་མེད་པ་དང་། ། ཤིན་ཏུའི་དུས་ནི་དུས་ཡིན་ནོ། ། ཤིན་ ཏུ་དུས་དང་ངན་དུས་དང་། ། སྣ་ཡི་འཕར་མ་བུ་ག་གཉིས། ། འོང་བ་དེ་ནི་བཟང་དུས་བསྟན། ། འགྲོ་བ་བཟང་མིན་དུས་སུ་བཤད། ། བཟང་བ་མིན་དུས་ཆད་ཅེས་བྱ། ། བཟང་བ་དེ་ནི་མཆོག་ཏུ་དྲན། ། གཉི་ག་དང་བྲལ་དེ་ཁོ་ཉིད། ། དེ་ནི་སྔར་མེད་འདི་རུ་འདུས། ། ལྟ་བ་མེད་དང་བལྟ་རུ་མེད། ། མཚན་ ངན་ཐམས་ཅད་དང་བྲལ་ལོ། ། དེ་ལྟའི་དུས་ནི་བདག་གིས་གཞན། ། ཞལ་བཟང་ཡང་དག་བཤད་པ་ཡིན། ། དེ་ཡི་དུས་སུ་གཞན་དུ་ཡིད། ། རྣལ་འབྱོར་པ་དེ་མི་བགྱིད་ན། །
BO
དམ་ཚིག་དབང་མོ་བདག་ཇི་ལྟར། ། གཞན་མིན་རྡོ་རྗེ་འཛིན་པར་འགྱུར། ། ཨཱ་ལི་ཀཱ་ལི་གང་ནས་འབྱུང་། ། ཉོན་ ཅིག་དེ་ནི་བདག་གིས་བཤད། ། ཡང་དག་དྲི་མེད་གནས་ནས་འབྱུང་། ། སྣང་བ་མཆེད་པའི་གཟུགས་ཅན་ནོ། ། དཔེ་བྱད་སུམ་ཅུ་གསུམ་དང་ལྡན། ། ཀཱ་ལིའི་དཀྱིལ་འཁོར་ཤིན་ཏུ་གསལ། ། སྣང་བ་མཆེད་པའི་གནས་ནས་ཏེ། ། སྣང་བ་དེ་ནི་གསལ་བར་འབྱུང་། ། དབྱངས་ཀྱི་ཡི་གེ་བཅུ་དྲུག་ལྡན། ། རྒྱས་ པ་ཨཱ་ལིའི་དཀྱིལ་འཁོར་རོ། ། དེ་གཉིས་མཉམ་པར་སྦྱོར་བ་ཡིས། ། དལ་བུས་རོ་ཆེན་སྐྱེ་བར་འགྱུར། ། མཆོག་གི་བདུད་རྩི་རྣམ་པ་ནི། ། བདེ་བ་ཆེན་པོའི་བདེ་བའི་གནས། ། རིག་མའི་སྣ་རྩེའི་གནས་ན་བཞུགས། ། ཆུ་སྐྱེ་འཁོར་ལོ་དྲུག་གསལ་བྱེད། ། དེ་ཡི་རེག་བྱ་བདེ་སྦྱིན་པ། ། རོ་ཆེན་བརྒྱད་ནི་ཤེས་པར་ བྱ། ། འདར་དང་རྡུལ་དང་བ་སྤུ་ལངས། ། སྐད་འགག་པ་དང་མདོག་གསལ་དང་། ། ཁ་དོག་འགྱུར་ཞིང་མཆི་མ་མྱོས། ། དེ་ནི་སྙིང་པོའི་རོ་བརྒྱད་དོ། ། རོ་ཡིས་དགུག་བྱས་དགའ་བ་རྣམས། ། ཤིན་ཏུ་བཟང་པོ་སྐྱེ་བར་འགྱུར། ། དགའ་དང་མཆོག་གི་དགའ་བ་དང་། ། དགའ་བྲལ་ལྷན་སྐྱེས་དེ་བཞིན་ནོ། ། དགའ་བ་ཞེས་བྱ་སྣང་བ་ཡིན། །
BO
མཆོག་དགའ་སྣང་བ་མཆེད་པར་བསྟན། ། དགའ་བྲལ་སྣང་བ་ཐོབ་ཅེས་བྱ། ། ལྷན་སྐྱེས་དེ་ནི་ཡང་དག་འོད། ། དེ་ཡི་དུས་ན་སྐད་ཅིག་སྐྱེ། ། སྣ་ཚོགས་ལ་སོགས་མཚན་ཉིད་དོ། ། སྣང་བ་ཟླ་བ་ཞེས་སུ་བསྟན། ། སྣང་བ་མཆེད་པ་ཉི་མའོ། ། མཚམས་ནི་སྣང་བ་ཐོབ་པར་ གྲགས། ། གསུམ་དང་བྲལ་བ་ཡང་དག་འོད། ། གང་ཆེ་མདུད་པའི་ནང་དུ་སེམས། ། དེ་ཚེ་དགའ་བ་འབྱུང་བར་འགྱུར། ། མདུད་པའི་མཚམས་ནས་ནས་གསུམ་ཙམ། ། མཆོག་གི་དགའ་བ་འབྱུང་བར་འགྱུར། ། གསུམ་གྱི་གནས་ནས་གསུམ་དུ་འགྲོ། ། དགའ་བྲལ་འབྱུང་བར་འགྱུར་བའོ། ། གང་ཞིག་ གསུམ་དང་གསུམ་སྤངས་པ། ། དེ་ཁོ་ན་ཉིད་རང་བཞིན་ཤར། ། དེ་ནི་གསང་བ་ཆེན་པོའི་མཆོག ། གསང་བའི་གསང་བ་ཡང་དག་མཆོག ། འདུས་པ་ལ་སོགས་རྒྱུད་རྣམས་སུ། ། ལེགས་དགྱེས་དབང་མོ་སྦས་པ་བྱ། ། སྡོམ་པའམ་ནི་ཀྱེའི་རྡོ་རྗེ། ། དེར་ཡང་གསལ་བར་མ་བྱས་སོ། ། ཁྱོད་ཀྱི་ངོར་མཛད་མཆོག་དེ་ནི། ། གསང་ཆེན་བདག་གིས་གསལ་བར་བྱས། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ། གཞན་མ་ཤི་མེད་ཀུན་ཉོན་མོངས། ། དེ་ལྟའི་མཆོག་གི་དེ་ཁོ་ན། ། བདག་མིན་ན་ནི་དེ་མི་ཤེས། ། གཞན་ཡང་ཆོས་ཀྱི་དབྱིངས་གྲགས་པ། ། དེ་ཉིད་ཉོན་ཅིག་བདག་གིས་བཤད། །
BO
ནམ་མཁའ་ཆོས་ཀྱི་དབྱིངས་ཡིན་ཏེ། ། དབྱིངས་ནི་ས་བོན་ཞེས་སུ་དྲན། ། ཆོས་རྣམས་ཀུན་གྱི་ནང་ན་ཡོད། ། རྒྱུ་དང་མཆོག་གི་གནས་ཡིན་ནོ། ། ཇི་ལྟར་ཏིལ་ལ་མར་ཡོད་དང་། ། ཇི་ལྟར་ཤིང་ལ་མེ་ཡོད་པ། ། དེ་བཞིན་ཆོས་རྣམས་ཀུན་ལ་ཡང་། ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པར་ནི། ། ཡོད་ན་ཡར་ནི་ མཐོང་མི་འགྱུར། ། ཆོས་ཀྱི་དབྱིངས་ནི་བྷ་གར་གྲགས། ། བྷ་ག་རིན་ཆེན་སྣོད་ཡིན་ནོ། ། དབང་ཕྱུག་ལ་སོགས་ཡོན་ཏན་ལྡན། ། དེ་ནི་བྷ་གར་ཀུན་ཏུ་གྲགས། ། ཆོས་ནི་བྷ་ག་ཞེས་བྱར་བསྟན། ། དབྱིངས་ནི་སེམས་སུ་ཤེས་པར་དྲན། ། ཁམས་གསུམ་གྱི་ནི་མཐའ་ཡས་ལ། ། སེམས་ནི་དེ་ཡི་ རྒྱུ་ཡིན་ནོ། ། ཀུན་རྫོབ་རྣམ་པའི་གཟུགས་སུ་ནི། ། ཆུ་ཟླ་ལྟ་བུ་མཐོང་བར་འགྱུར། ། དོན་དམ་དེ་ནི་མཐོང་བ་མེད། ། མཐོང་མེད་མ་ཡིན་དངོས་མེད་མིན། ། རང་རིག་པ་ནི་མཆོག་ཞི་བ། ། དངོས་དང་དངོས་མེད་དང་བྲལ་བ། ། དེ་ནི་མཆོག་གི་དེ་ཁོ་ན། ། ཆོས་ཀྱི་དབྱིངས་བདག་ཞི་བའོ། ། དཔལ་ ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ཨཱ་ལི་ཀཱ་ལི་འབྱུང་བ་དང་དུས་ཀྱི་མཚན་ཉིད་དང་། ཆོས་ཀྱི་དབྱིངས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ། ། ། ། གཞན་ཡང་ཉོན་ཅིག་བདག་གིས་བཤད། །
BO
ཇི་བཞིན་རྡོ་རྗེའི་མཚན་ཉིད་ཅན། ། མི་ཕྱེད་རྡོ་རྗེ་ཞེས་སུ་བསྟན། ། ཡེ་ཤེས་ལྔ་ཡི་བདག་ ཉིད་མཆོག ། ནམ་མཁའ་ལྔ་ཡི་དབུས་སུ་ཐིམ། ། ནམ་མཁའ་ལྔ་ཡི་བདག་ཉིད་དོ། ། པདྨའི་ལྟེ་བའི་ནང་ན་བཞུགས། ། ཐིག་ལེ་གཅིག་པུ་ཡི་གེ་མེད། ། རྣམ་པ་ཐམས་ཅད་རྣམ་པ་མེད། ། དེ་ནི་རྡོ་རྗེར་ཀུན་ཏུ་གྲགས། ། བདག་གི་སྒྲ་ཡི་ངེས་པའི་དོན། ། ཉོན་ཅིག་བདག་གིས་དེ་ཉིད་བཤད། ། ཨ་ནི་ཡིག་འབྲུ་གཟུགས་ཀྱི་མཆོག ། ཐམས་ཅད་ཀུན་གྱི་ལུས་ནང་ཡོད། ། རྣམ་པ་ཐམས་ཅད་མཆོག་ནི་རྫོགས། ། ཀུན་ཡོད་མ་སྐྱེས་ཐམས་ཅད་མཁྱེན། ། རྟག་ཏུ་སྟོང་པ་ཐམས་ཅད་ཁྱབ། ། ཐམས་ཅད་སུན་གཅིག་བྱེད་པའི་རྒྱུ། ། སྲིད་པ་སྲིད་མཆོག་ཉིན་མོ་ནི། ། སྤྲུལ་པའི་སྐུ་ཡི་བདེ་བའོ། ། ལུས་ནི་དེ་བཞིན་གཤེགས་སྐྱབས་སྦྱིན། ། ཐམས་ཅད་དོན་ནི་བྱེད་ནུས་པའོ། ། ཧྃ་གི་ཡིག་འབྲུ་གཟུགས་དང་བྲལ། ། ལུས་གནས་ལུས་ལས་མ་སྐྱེས་པའོ། ། རྣམ་པ་ཀུན་ལས་རྣམ་པར་གྲོལ། ། བྱད་གཟུགས་དཔེ་བྱད་ཀུན་དང་བྲལ། ། དངོས་པོ་དངོས་མིན་རྣམ་པར་གྲོལ། ། སྐྱེ་དང་འཇིག་པའི་བྱེད་པ་ པོ། ། དངོས་པོ་ཐམས་ཅད་ནུབ་པ་པོ། ། ཆོས་ཀྱི་སྐུ་ཡི་རང་བཞིན་ཅན། ། སེམས་ནི་རྡོ་རྗེ་འཛིན་སྐྱབས་སྦྱིན། །
BO
ཡི་གེ་ཐམས་ཅད་དང་བྲལ་ལ། ། སྟོང་པའི་རྣམ་པ་མྱ་ངན་འདས། ། ཡེ་ཤེས་སྐུ་ཡི་རང་བཞིན་ཅན། ། དྲི་མེད་བརྗོད་མེད་ཞི་བ་སྟེ། ། དེ་ནི་ཧྃ་དུ་ཀུན་ཏུ་གྲུབ། ། བདག་ནི་ཐམས་ཅད་ཀུན་གྱི་ ནང་། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། དངོས་པོ་ཀུན་གྱི་བདག་ཉིད་ལ། ། དེ་ནི་ཁྱབ་པར་ཡོད་པ་སྟེ། ། བདག་ནི་མེད་ན་འགྲོ་བ་ཀུན། ། ཇི་ལྟར་རྩ་བཅད་ཤིང་བཞིན་ནོ། ། ཧྃ་གི་ཡིག་འབྲུ་མཚམས་ཀྱི་མཐར། ། ཨ་ནི་ཡིག་འབྲུ་མགོ་བོའི་རྩེར། ། ཨ་ནི་ཡིག་འབྲུ་ཟླ་བ་དག ། ཧྃ་གི་ཡིག་འབྲུ་ ཉི་མའི་འོད། ། ཨ་ནི་ཡིག་འབྲུ་རྟེན་ཡིན་ཏེ། ། ཧྃ་གི་ཡིག་འབྲུ་བརྟེན་པའོ། ། ཨ་ཡི་ཡིག་འབྲུ་སྲོག་ཅེས་བཤད། ། ཧྃ་གི་ཡིག་འབྲུ་རྩོལ་པར་དྲན། ། གང་ཞིག་གནས་སུ་དེ་གཉིས་སྦྱར། ། དེ་ནི་བདག་ཉིད་གསལ་བར་འགྱུར། ། རྒྱུད་རྣམས་ཀུན་ལས་རྙེད་དཀའ་བ། ། དེ་ནི་ཡང་དག་བདག་སྒྲར་བཤད། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་རྡོ་རྗེའི་མཚན་ཉིད་དང་། བདག་སྒྲའི་ངེས་པའི་དོན་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ། ། ། ། གསང་བའི་དོན་ནི་བཤད་བྱ་བ། ། གསང་བ་ཞེས་བྱ་ཅི་ཞེས་བརྗོད། ། གསང་བ་ཞེས་བྱ་དགའ་བར་བསྟན། ། མཆོག་ཅེས་བྱ་བ་མཆོག་ཡིན་ནོ། །
BO
དགྱེས་པ་ཞེས་བྱ་དགའ་ བྲལ་བསྟན། ། ཐམས་ཅད་བདག་ཉིད་ལྷན་སྐྱེས་དྲན། ། གསང་བ་ཉིད་ནི་གསང་བ་ཡིན། ། གསང་བ་ཁུ་བར་བསྟན་པའོ། ། ཁུ་བ་སྲོག་ཅེས་བསྟན་པ་སྟེ། ། སྲོག་ནི་རྟེན་དུ་དྲན་པའོ། ། རྟེན་ནི་སར་ནི་ཤེས་པར་བྱ། ། ཁམས་གསུམ་ཀུན་ནི་འབྱུང་བའོ། ། མཆོག་ནི་ཆུ་ཞེས་བསྟན་པ་སྟེ། ། ཆུ་ནི་སྲོག་ གི་ཚེ་ཡིན་ནོ། ། ཆད་ལ་དེ་ནི་འོད་ཅེས་བསྟན། ། འོད་ནི་རྣམ་པར་དག་ཅེས་དྲན། ། རྣམ་པར་དག་པ་བདེ་ཆེན་དངོས། ། དེ་ནི་རང་བཞིན་བསྟན་པའོ། ། རྣམ་པར་དག་པ་འབྱུང་མིན་གནས། ། བབས་པ་རྣམ་དག་བརྗོད་པ་ཡིན། ། བབས་པ་དངོས་མིན་ཞེས་བྱར་བསྟན། ། དངོས་མིན་རྣམ་དག་ བརྗོད་མ་ཡིན། ། རྣམ་དག་ཕྲ་བའི་ཕྲ་མོ་སྟེ། ། ཕྲ་མོའི་རྣམ་དག་གཞན་ན་གནས། ། ཕྲ་མོའི་རང་བཞིན་ཞེས་བྱར་བསྟན། ། གཟུང་དང་འཛིན་པ་རྣམ་པར་སྤངས། ། རང་དངོས་བདེ་བ་ཆེན་པོ་ནི། ། ཡེ་ཤེས་རླུང་དུ་རབ་ཏུ་གྲགས། ། དེ་ནི་ནམ་མཁའ་ཞེས་སུ་བཤད། ། ནམ་མཁའ་སྟོང་པར་བསྟན་པའོ། ། སྟོང་པ་ ལས་ནི་ཐམས་ཅད་འབྱུང་། ། སྟོང་པའི་ནང་དུ་ཐམས་ཅད་ཐིམ། ། སྟོང་པ་ཡང་དག་དྲི་མེད་གནས། ། རྣམ་པ་ཐམས་ཅད་དང་བྲལ་བ། ། མཆོག་གི་རྣམ་པ་སྐྱེ་མེད་དག །
BO
རང་དགའ་ཉམས་སུ་མྱོང་བ་དངོས། ། དེ་ནི་རང་བཞིན་ཞེས་སུ་བཤད། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། རིགས་ ལྔ་ཡི་ནི་མཚན་ཉིད་དེ། ། ཉོན་ཅིག་བདག་གིས་བཤད་པར་བྱ། ། རིགས་ནི་ཀ་པཱ་ལ་ཞེས་བརྗོད། ། ཀ་པཱ་ལ་ནི་ཀ་རུ་བཤད། ། ཀ་ནི་རྩ་བ་ཞེས་བྱར་གྲགས། ། རྩ་བ་བྱེ་བྲག་ལྔ་རུ་དྲན། ། དེ་བཞིན་གཤེགས་པ་ལྔ་ཡི་སྐུ། ། དེ་ནི་ཕུང་པོ་ལྔ་ཞེས་དྲན། ། ཕུང་པོ་ལྔ་ནི་གྲུབ་པའི་སྐུ། ། འབྱུང་བ་ལྔ་ཡི་ རང་བཞིན་ཅན། ། ཚངས་པ་ཁྱབ་འཇུག་དྲག་པོ་དང་། ། དབང་ཕྱུག་རྟག་ཏུ་ཞི་བ་ལ། ། ལྔ་ལ་ཁྱབ་པ་གཅིག་པུ་སྟེ། ། བདག་ནི་དོན་དམ་པ་ཡི་ཕ། ། ཐམས་ཅད་ཁྱབ་པའི་སྟོང་ཆེན་པོ། ། བདག་ནི་འཕོ་མེད་མ་སྐྱེས་པའོ། ། ཀ་ནི་གང་ཞིག་ཐུགས་རྗེ་འཐུང་། ། པཱ་ནི་དམ་ཚིག་སྐྱོང་བ་ཡིན། ། ལ་ནི་ ངན་འགྲོའི་ཕ་རོལ་ཕྱིན། ། དེ་ནི་ཀ་པཱ་ལ་རུ་བཤད། ། ཀ་ཡི་སྒྲ་ནི་རང་བཞིན་ཡིན། ། ཀ་ནི་གང་དུའང་མི་གནས་པའོ། ། དངོས་པོ་ཐམས་ཅད་ཁྱབ་པའོ། ། དེ་ནི་ཀ་ཞེས་བསྟན་པའོ། ། དེ་བདག་ཧེ་རུ་ཀ་ཡི་དངོས། ། ཆོས་ཀྱི་འཁོར་ལོའི་གནས་ན་བཞུགས། ། རྟག་ཏུ་ཞི་བ་ལོངས་སྤྱོད་འཁོར། ། དབང་ ཕྱུག་བདེ་ཆེན་འཁོར་ལོའོ། ། དྲག་པོ་ལྟེ་བའི་འཁོར་ལོར་གནས། །
BO
ཁྱབ་འཇུག་མེ་ཡི་འཁོར་ལོའོ། ། ཚངས་པ་རླུང་གི་འཁོར་ལོར་ཏེ། ། རླུང་ནི་ཐམས་ཅད་ནང་ཡོད་ཚེ། ། བདག་ནི་འཁོར་ལོ་དྲུག་གི་དབུས། ། ཀུན་ལ་དེ་ནི་ཁྱབ་པར་བཞུགས། ། སྟོང་ཉིད་གཞན་མཆོག་སྟོང་པ་ཉིད། ། བདག་དཔལ་ ཧེ་རུ་ཀ་ཡི་མཆོག ། མཁའ་འགྲོ་ལྔ་ཡི་གཙོ་བོ་སྟེ། ། ཡེ་ཤེས་མཁའ་འགྲོ་དབང་ཕྱུག་བདག ། འབྱུང་བ་ལྔ་ཡི་རང་བཞིན་ཅན། ། མཁའ་འགྲོ་མ་ཡིས་ཀུན་དུ་བསྐོར། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། གསང་བ་དང་དགའ་བ་བཞི་དང་། རིགས་ལྔའི་མཚན་ཉིད་ཅེས་བྱ་བའི་ལེའུ་སྟེ་ བརྒྱད་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཕྱག་རྒྱའི་བརྡ་ནི་རབ་ཡིན་ཏེ། ། རྣ་ཆ་གདུ་བུ་འཁོར་ལོ་དང་། ། མགུལ་དོ་དེ་བཞིན་ཐལ་བ་དང་། ། ཚངས་པའི་སྐུད་པ་ཕྱག་རྒྱ་དྲུག ། ཕ་རོལ་ཕྱིན་དྲུག་དྲན་པའོ། ། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། ། བསམ་གཏན་ཤེས་ རབ་དྲུག་ཡིན་ནོ། ། སྦྱིན་པ་ཆོས་ཞེས་བསྟན་པ་སྟེ། ། ཚུལ་ཁྲིམས་ལས་ཞེས་དྲན་པའོ། ། བཟོད་པ་དམ་ཚིག་ཅེས་སུ་དྲན། ། བརྩོན་འགྲུས་ཏིང་འཛིན་ཤེས་པར་བྱ། ། བསམ་གཏན་ཡེ་ཤེས་ཞེས་བྱར་དྲན། ། ཤེས་རབ་ཅེས་བྱ་ཕྱག་རྒྱ་ཆེ། ། དོན་དམ་པར་ནི་ཤེས་པར་བྱ། །
BO
སྐྱེ་མཆེད་དྲུག་ནི་དག་ པར་བྱ། ། ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས། ། རིགས་དྲུག་རིམ་པར་ཤེས་པར་བྱ། ། ལྷ་མོའི་བདག་ཉིད་ཕྱག་རྒྱ་དྲུག ། ཡྃ་རྃ་ལྃ་བྃ་ཨྃ་ཧྃ་སྟེ། ། ལྷ་མོ་ཡི་ནི་རིམ་པས་སོ། ། དེ་རུ་མཆོད་པ་རབ་ཏུ་བྱ། ། མཆོད་པ་རོ་མཉམ་རིམ་པའོ། ། ཐིམ་དང་ལོངས་སྤྱོད་དབང་གིས་ནི། ། གནས་ཀུན་གྱི་ནི་དེ་བཞིན་ནོ། ། གཏུམ་མོ་བཙོ་བླག་ཌོ་མ་བི་དང་། ། གར་མཁན་ཐོད་པ་བྲམ་ཟེ་མོ། ། གཏུམ་མོ་པདྨའི་རིགས་ཡིན་ཏེ། ། བཙོ་བླག་རིན་ཆེན་རིགས་སུ་དྲན། ། ཌོམ་བི་རྡོ་རྗེའི་རིགས་ཞེས་བྱ། ། གར་མཁན་རལ་གྲིའི་རིགས་སུ་དྲན། ། ཐོད་པ་ཅན་ནི་འཁོར་ལོའི་རིགས། ། དེ་ལྔ་དག་པ་ཕྱག་རྒྱའོ། ། ཡེ་ཤེས་ཕྱག་རྒྱ་བྲམ་ ཟེ་མོ། ། རྡོ་རྗེ་སེམས་དཔའི་རིགས་སུ་དྲན། ། བྲམ་ཟེ་མོ་ནི་མ་ཡིན་ཏེ། ། ཐོད་པ་མ་ནི་སྲིང་མོར་དྲན། ། གར་མཁན་བུ་མོར་ཤེས་པར་བྱ། ། ཌོམ་བི་ཆུང་མར་རབ་ཏུ་གྲགས། ། བཙོ་བླག་མཁན་ནི་མནའ་མ་ཡིན། ། གཏུམ་མོ་སྒྱུག་མོར་དྲན་པའོ། ། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། ། རྟོག་པ་མེད་པས་མཆོད་ པར་བྱ། རྣམ་རྟོག་མེད་པས་དངོས་གྲུབ་འགྲུབ། ། ཇི་ལྟར་བསྙེན་པ་སྐད་ཅིག་གིས། ། མ་ནི་སེམས་ཞེས་བསྟན་པ་སྟེ། །
BO
གསུང་ནི་འདི་རུ་སྲིང་མོར་དྲན། ། བུ་མོ་སྐུ་རུ་རྣམ་པར་གྲགས། ། ཆུང་མ་སྲོག་ཅེས་བྱ་བར་དྲན། ། མནའ་མ་རྩོལ་བར་དྲན་པ་སྟེ། ། སྒྱུག་མོ་མཉམ་པར་དྲན་པའོ། ། མ་ནི་མཐུ་ཡི་རྩ་ ཡིན་ཏེ། ། སངས་རྒྱས་རིན་པོ་ཆེ་ཡི་སྣོད། ། སྲིང་མོ་ཁུ་བའི་རྩ་ཡིན་ཏེ། ། མཆོག་མའི་གནས་ན་ཡོད་པའོ། ། བུ་མོ་ཁྲག་གི་རྩ་ཡིན་ཏེ། ། ཁུ་བའི་རྩ་ཡི་འོག་ན་ཡོད། ། ཆུང་མ་དྲི་ཆུའི་རྩ་ཡིན་ཏེ། ། གཉིས་ཀྱི་བར་ན་ཡོད་པའོ། ། མནའ་མ་མཆི་མའི་རྩ་ཡིན་ཏེ། ། མགྲིན་པའི་གནས་ན་ཡོད་ པའོ། ། སྒྱུག་མོ་སྣབས་ཀྱི་རྩ་ཡིན་ཏེ། ། དཔྲལ་བའི་གནས་ན་ཡོད་པའོ། ། མ་ནི་ས་རུ་ཤེས་པར་བྱ། ། སྲིང་མོ་ཆུ་རུ་དྲན་པའོ། ། བུ་མོ་མེ་ནི་ཡིན་པར་དྲན། ། ཆུང་མ་རླུང་དུ་རབ་ཏུ་གྲགས། ། མནའ་མ་དེ་ནི་ནམ་མཁའ་སྟེ། ། སྒྱུག་མོ་ནམ་མཁའ་མ་ཡིན་ནོ། ། མ་ནི་མངར་བ་ཡིན་པར་འགྱུར། ། སྲིང་མོ་དེ་ནི་ སྐྱུར་བར་དྲན། ། བུ་མོ་ཁ་བར་ཤེས་བྱ་སྟེ། ། ཆུང་མ་ལན་ཚྭར་འདི་རུ་དྲན། ། ཚ་བ་དེ་ནི་མནའ་མ་སྟེ། ། སྒྱུག་མོ་བསྐ་བར་དྲན་པའོ། ། དེ་རྣམས་འབད་པས་མཆོད་པར་བྱ། ། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། ། རྣལ་འབྱོར་རྒྱུད་ལས་རྙེད་དཀའ་བ། །
BO
ཕྱག་རྒྱའི་རིགས་སུ་བདག་གིས་བཤད། ། དཔལ་ ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ཕྱག་རྒྱའི་བརྡ་དང་མཆོད་པའི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ། ། ། ། དེ་ནས་མཆོད་པའི་ཆོ་ག་ནི། ། ཕྱི་དང་ནང་ནི་བདག་གིས་བསྟན། ། ས་རྡོ་ལ་སོགས་མཆོད་རྟེན་ལ། ། ནམ་ཡང་དེ་ལ་ཕྱག་མི་བྱ། ། རབ་གནས་དཀྱིལ་འཁོར་སྦྱིན་སྲེག་རྣམས། ། ནམ་ཡང་དེ་ ནི་མི་བྱའོ། ། དྲི་ཆེན་རྡོར་ཆུ་ས་བོན་སོགས། ། རྟག་ཏུ་བདག་ཉིད་མཆོད་པར་བྱ། ། འགྲོ་དང་མི་འགྲོ་གང་ཞིག་ནི། ། དེ་ནི་ཐམས་ཅད་སེམས་ཡིན་ནོ། ། དེ་ཡི་གཟུགས་གྲུབ་སེམས་མ་ཡིན། ། སེམས་ནི་སྟོང་པའི་རང་བཞིན་ནོ། ། ངོ་བོ་ཉིད་བྲལ་སྟོང་པ་སྟེ། ། དེ་བས་འགྲོ་བ་སེམས་སུ་གྲུབ། ། དེ་ལྟ་བུ་ཡི་ དག་བྱས་ན། ། རྩ་སོགས་ལ་ཡང་མཆོད་པ་བྱ། ། ཉིད་ནི་མངའ་བདག་རྡོ་རྗེ་སེམས། ། སེམས་ནི་བདག་ཉིད་དྲན་པའོ། ། སེམས་མ་ཡིན་པ་ལྷ་ཡི་དངོས། ། ཕྱི་རོལ་གཞན་མ་མེད་པའོ། ། དེ་ལྟར་ཤེས་ནས་བདག་ཉིད་ནི། ། དང་པོ་དེ་ཉིད་མཆོད་པར་བྱ། ། རིགས་ལྔ་དག་ཏུ་ཀུན་སྤྱོད་པ། ། རིགས་གཅིག་ ཏུ་ནི་རྣམ་པར་བརྟག ། བྱམས་དང་སྡང་བའི་བྱེ་བྲག་དང་། ། བཏུང་དང་མི་བཏུང་སྤང་བར་བྱ། ། བུད་མེད་གང་ཡང་སྣོད་མིན་མེད། །
BO
དགེ་དང་མི་དགེ་སྨྲ་མི་བྱ། ། དངོས་གྲུབ་རྣལ་འབྱོར་མེད་པ་དང་། ། སྔགས་མེད་སྔགས་པ་མེད་པར་ནི། ། དངོས་གྲུབ་ཆེན་པོ་ཐོབ་འདོད་ན། ། དེ་ལྟ་བུ་ཡི་སེམས་མི་ བྱ། ། རླབས་ཆེ་གཏིང་རིང་ཡང་དག་པའི། ། སྐྱེས་བུ་ཆེན་པོས་སེམས་དེ་བྱ། ། ཉན་ཐོས་རྣམས་དང་མཉམ་པའི་སེམས། ། ནམ་ཡང་དེ་ལྟར་མི་བྱའོ། ། བརྟན་མེད་ཉན་ཐོས་སྐལ་ལྡན་མིན། ། ལོག་པའི་མུན་པས་ཡེ་ཤེས་གཡོགས། ། དེ་རྣམས་ལ་ནི་གཏམ་ཙམ་ཡང་། ། སྐྱེས་བུ་ཆེན་ པོས་མི་སྦྱིན་ནོ། ། སྨད་པར་ཡང་ནི་ཡོང་མི་བྱ། ། དེ་ལ་ནམ་ཡང་ཕྱག་མི་བྱ། ། ཕྱི་དང་ནང་གི་སྦྱོར་བ་ཡི། ། འདི་རུ་གནས་ནི་བདག་གིས་བཤད། ། རྡོ་རྗེའི་གནས་ནི་ཨུ་རྒྱན་དང་། ། གནས་ནི་ཛཱ་ལན་དྷར་ར་དྲན། ། གནས་ནི་པཱུལླི་ར་མ་དང་། ། གནས་ནེ་ཀཱ་མ་རཱུ་པའོ། ། ཉེ་བའི་གནས་ནི་མཱ་ལ་ར་བསྟན། ། སིན་ དྷུ་ན་གར་སིང་གྷ་ལ། ། ཞིང་ནི་མུྃ་མུ་ནི་རུ་གྲགས། ། དེ་བཞིན་དེ་ཝི་ཀོཊ་དང་། ། ཉེ་བའི་ཞིང་ནི་ཀུ་ལུ་ཏ། ། ཨར་བུ་དར་ནི་དེ་བཞིན་དྲན། ། ཧ་རེ་ཀེ་ལ་ཙྪན་དོ་ཧར། ། གོ་དཱ་བ་རི་དེ་བཞིན་ནོ། ། ལམ་པ་ཀ་དང་ཀཱི་ཙིསྟེ། ། ཉེ་བའི་ཙྪན་དོང་བསྟན་པའོ། ། འདུས་པ་དེ་ནི་ཀར་མར་ཏེ། །
BO
དེ་བཞིན་དུ་ནི་གསེར་ གླིང་ངོ་། ། ཀོང་ཀ་དང་ནི་བིན་དྷ་སྟེ། ། ཉེ་བའི་འདུས་པར་དྲན་པའོ། ། {ཡི་དགས་,ཡི་དྭགས་}འདུས་པའི་དུར་ཁྲོད་དང་། ། དུར་ཁྲོད་རྒྱ་མཚོའི་ངོགས་སུའོ། ། ཉེ་བའི་དུར་ཁྲོད་ཙ་རི་ཏྲ། ། དེ་བཞིན་ཀཽ་མཱར་པ་རའོ། ། ཀ་སྨཱིར་པི་ལ་ཝ་རུ་གྲགས། ། དེ་བཞིན་ཀེ་རད་ཡུལ་ཡིན་ནོ། ། ཉེ་བའི་པི་ལ་ནེ་པ་ལ། ། ཉེ་བའི་པི་ལ་ ཀར་ནོ་ཇ། ། ཨུ་ཌི་ཡན་སྤྱི་བོའི་གནས། ། ཛཱ་ལན་དྷ་ར་སྦྱི་གདུག་དྲན། ། པཱུལླིར་ནི་མཚོག་མ་སྟེ། ། ཀཱ་མ་རཱུ་ནི་སྨིན་ཕྲག་དབུས། ། མཱ་ལ་བ་ནི་སྣ་རྩེ་སྟེ། ། སིན་དྷུ་མིག་གཉིས་ཡིན་པར་གྲགས། ། ན་གར་རྣ་བ་གཉིས་སུ་དྲན། ། སིང་གྷ་མཁའ་ཡི་པད་མར་གནས། ། མུམཱུ་ནི་ནི་ཀོ་སྐོའོ། ། དེ་བཱི་ཀོ་ཊ་ མགྲིན་གླིང་དུ། ། ཀུ་ལུ་ཏ་ནི་རྒྱབ་གླིང་དུ། ། ཨར་བུ་ད་ནི་ནུ་གཉིས་སུ། ། ཧ་རི་ཀེ་ལ་སྙིང་གའོ། ། གོང་དཱ་བ་རི་ལྟེ་བའི་གནས། ། ལམ་པ་ཀ་ནི་གསང་བར་རོ། ། ཀཱྃ་ཙི་ལིང་གའི་དབུས་སུ་གནས། ། ཀར་མ་ལིང་ཀའི་རྩེ་མོར་རོ། ། གསེར་གླིང་གཞང་ཁའི་གནས་སུ་སྟེ། ། ཀོང་ཀ་ན་ནི་བརླ་གཉིས་དྲན། ། པིན་ དྷ་པུས་མོ་གཉིས་ཡིན་ནོ། ། {ཡི་དགས་,ཡི་དྭགས་}འདུས་པ་བྱིན་པ་སྟེ། །
BO
རྐང་བོ་ལ་གཉིས་སུ་རྒྱ་མཚོ་ངོགས། ། ཀཽ་མཱ་རཱི་ནི་མཐེ་བོང་སྟེ། ། ཙཱ་རི་ཏྲ་ནི་སོར་མོར་རོ། ། ཁ་ཆེའི་ཡུལ་ནི་ལུས་རྣམས་ཀུན། ། ཀེར་ཏ་ནི་རྐང་མཐིལ་ལོ། ། ནེ་པ་ལ་ནི་ལྟག་པ་སྟེ། ། ཀ་པི་ཛི་ནི་རྐེད་པའོ། ། དེ་ནི་དོན་དམ་པ་ཡི་གནས། ། རི་བོང་ཅན་ འོད་མེ་ཏོག་དང་། ། མེ་ཏོག་དམར་པོ་ཉི་མཉམ་གྱིས། ། མཆོད་པའི་དུས་སུ་མཆོད་པར་བྱ། ། སྲོག་གཅོད་པ་ཡི་མཆོད་སྦྱིན་ནི། ། འབད་པས་དེ་རུ་དབུལ་བར་བྱ། ། པད་མ་ཆེན་པོའི་མཚོ་གནས་སུ། ། སྲོག་ནི་གཅད་པར་བྱ་བའོ། ། ཆད་པ་ནམ་ཡང་མི་བྱ་སྟེ། ། དེ་ལ་བརྩོན་འགྲུས་ ཆེན་པོ་བྱ། ། སྲོག་གཅོད་པ་ཡི་བསོད་ནམས་བྱ། ། མཆོག་གི་མཆོག་ནི་ཡང་དག་རྙེད། ། གྲུ་གསུམ་དྲི་མེད་དག་པར་ནི། ། དེ་རུ་དཀྱིལ་འཁོར་འཕར་མ་གཉིས། ། ནང་གི་འཕར་མར་དཔལ་བཅོམ་ལྡན། ། བྱང་ཆུབ་སེམས་ཉིད་ལྡན་པའོ། ། ཕྱི་རོལ་རིགས་གསུམ་རྣལ་འབྱོར་མ། ། འཛིན་མ་ལ་ སོགས་མཆོག་ཆེན་ནོ། ། ལུས་ཀྱི་ནང་ནས་འབྱུང་བའི་ཕྱིར། ། དེ་ནི་ལྷ་མོ་ཞེས་སུ་བསྟན། ། དཀྱིལ་འཁོར་ལུས་སུ་བསྟན་པ་དང་། ། བྷག་དཀྱིལ་འཁོར་ཡིན་པར་བཤད། ། དཀྱིལ་འཁོར་བྱང་ཆུབ་ཀྱི་ནི་སེམས། ། དཀྱིལ་འཁོར་གསུམ་ནི་རྟོགས་པའོ། །
BO
དུར་ཁྲོད་བརྒྱད་ཀྱི་དབུས་གནས་ སུ། ། དཀྱིལ་འཁོར་གསུམ་ནི་བསྒོམ་པའོ། ། དབུགས་འབྱུང་དུར་ཁྲོད་ཅེས་སུ་བཤད། ། སྒོ་དགུ་དང་ནི་ལྡན་པའོ། ། ཡང་དག་ཉོན་ཅིག་ཞལ་བཟང་མོ། ། དེ་ཡི་འབྱུང་བ་བདག་གིས་བཤད། ། གཏུམ་དྲག་གཞང་ཁའི་དབྱིབས་ཅན་ནི། ། གསང་བའི་ཚང་ཚིང་ཁ་རུའོ། ། འབར་བ་ཞེས་བྱའི་ དུར་ཁྲོད་ནི། ། སྣ་ཡི་བུ་ག་གཉིས་ན་གནས། ། དམྱལ་སོགས་དེ་བཞིན་མི་བཟད་པ། ། མིག་གཉིས་ལ་ནི་གནས་པའོ། ། ཧ་ཧ་རྒོད་དང་གཡེར་ཁ་ཅན། ། རྣ་བ་གཉིས་ལ་གནས་པའོ། ། དུར་ཁྲོད་རེ་རེའི་ཤིང་རེ་ནི། ། དབང་བྱེད་པ་ནི་དེ་ན་ཡོད། ། གཏུམ་དྲག་པ་ཏ་ལ་ཡི་ཤིང་། ། དབྱིབས་ཅན་ནང་ན་ཤི་ ཀ་རའོ། ། ཚང་ཚིང་ས་ལི་ཤིང་ཡིན་ནོ། ། འབར་བ་ཞེས་བྱ་སོ་རི་ཤའོ། ། དམྱལ་སོགས་ཨུ་དུམ་བཱ་ར་སྟེ། ། མི་བཟད་པ་ནི་པ་ཏའི་ཤིང་། ། ཧ་ཧ་རྒོད་ན་ཨ་ཤྭཏྠ། ། གཡེར་ཁའི་ནང་ན་གེ་སར་ཤིང་། ། ཤིང་གི་རྣམ་པ་བརྩ་བརྒྱད་ནི། ། ཡན་ལག་མང་པོ་ཡོད་པའོ། ། གཞང་མཐུ་རྩེ་མེ་མཐུས་བྱེད་ མ། ། རི་ཡི་རྩེ་མོ་རོ་ལུས་མ། ། ནམ་མཁའ་མ་དང་ཆར་སྦྱིན་མ། ། རུལ་པ་མ་དང་ལྟོགས་མ་སྟེ། ། བྱེ་བྲག་བརྒྱད་དུ་གྱེས་པར་དྲན། ། ཤིང་གི་སྒྲ་ནི་རྩ་ཡིན་ཏེ། །
BO
ཤིང་ནི་མེ་ཏོག་ཡོད་ཕྱིར་རོ། ། མཆོག་གི་དཀྱིལ་འཁོར་སྟེང་དུ་ནི། ། མེ་ཏོག་མེད་ན་ཇི་ལྟར་མཆོད། ། དཔལ་ཕྱག་རྒྱ་ཆེན་པོའི་ ཐིག་ལེ་ལས། དཀྱིལ་འཁོར་དང་། ལྷ་མོ་དང་། གནས་དང་། དུར་ཁྲོད་དང་། ཤིང་དང་། མཆོད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ། ། ། ། ཉོན་མོངས་ཐམས་ཅད་མེད་བྱེད་པ། ། ཉོན་ཅིག་སྦྱིན་སྲེག་བདག་གིས་བཤད། ། ལྟེ་བའི་གནས་ན་ཚུལ་ཡོད་པ། ། ཚུལ་གྱིས་མཐའ་ན་གསང་པད་དོ། ། དེ་རུ་རང་ འབར་གྱི་ནི་རླུང་། ། བསྐོར་བ་བྱས་ནས་ངལ་སོ་སྟེ། ། དབང་པོ་གཉིས་ཤིང་སྦྱོར་བ་ཡིས། ། རླུང་གིས་མེ་ནི་སྦར་བའོ། ། མར་ཡོད་པ་ནི་སྟེང་འཁོར་ལོ། ། དེ་ནི་མར་སྣོད་ཅེས་སུ་དྲན། ། ཧ་ནི་བླུགས་གཟར་ཞེས་སུ་བཤད། ། དགང་གཟར་འདི་རུ་རྡོ་རྗེར་བསྟན། ། ཧོ་མ་ཁུང་བྷ་ག་ཞེས་སུ་བཤད། ། འབྲུ་ནི་དབང་པོ་ ལྔ་རུ་དྲན། ། ཡམ་ཤིང་ཕུང་པོ་ཞེས་བྱར་བསྟན། ། བྱང་ཆུབ་སེམས་ནི་མར་དུ་བསྲེག ། མར་ངོ་ཡི་ནི་མན་ཆད་དུ། ། ཉ་ལ་ཐུག་ནས་གཤེགས་སུ་གསོལ། ། ཐིག་པ་ཕྱེད་ཙམ་དགང་གཟར་ལས། ། ཧོམ་ཁུང་ཕྱི་རོལ་ཡང་མི་བྱ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ། ལྷ་དང་ལྷ་མིན་སྲིན་པོ་དང་། ། འཇིག་རྟེན་སྐྱོང་བ་བརྒྱད་རྣམས་ལ། །
BO
བསྲེག་བྱ་ཡིས་ནི་རབ་ཚིམ་བྱ། ། མཆོད་པ་གང་ཞིག་རྡོར་སེམས་ལ། ། བསྲེག་རྫས་གང་བས་དབུལ་བར་བྱ། ། ཧཱུྃ་ཕཊ་རྣམ་པའི་སྔགས་ཀྱིས་ནི། ། མཁས་པས་བསྲེག་རྫས་སྦྱིན་པར་བྱ། ། དེ་ཡིས་མཁའ་འགྲོ་མ་རྣམས་དང་། ། གཞན་ཡང་རྣལ་འབྱོར་མ་མོ་མཉེས། ། གང་ཞིག་ཡིད་ལ་ཅི་བསམས་པ། ། དངོས་གྲུབ་ཆེན་པོ་མཐའ་ཡས་སྟེར། ། རེ་བ་ཐམས་ཅད་འགྲུབ་བྱེད་པ། ། དེ་ལྟའི་སྦྱིན་སྲེག་བདག་གིས་བཤད། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་དོན་དམ་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། བདུད་རྩི་ལྔ་ཡི་ཆོ་གའི་རབ། ། མདོར་བསྡུས་པ་ནི་བདག་གིས་བཤད། ། རྣམ་སྣང་མི་བསྐྱོད་དོན་ཡོད་གྲུབ། ། དཔག་མེད་རིན་འབྱུང་ཞེས་ལྔར་བསྟན། ། རིན་ཆེན་འབྱུང་ལྡན་ཁྲག་ཅེས་བསྟན། ། སྣང་བ་མཐའ་ཡས་ཁུ་པར་བརྗོད། ། དོན་ཡོད་གྲུབ་པ་ཤ་ཆེན་ཏེ། ། མི་བསྐྱོད་པ་ནི་རྡོ་རྗེ་ཆུའོ། ། རྣམ་པར་སྣང་མཛད་དྲི་ཆེན་བཤད། ། དེ་ནི་ བདུད་རྩི་ལྔ་ཡིན་ནོ། ། དབེན་དང་མི་མེད་དགྱེས་པ་ཡི། ། གནོད་པ་ཐམས་ཅད་དང་བྲལ་བའི། ། དེ་རུ་ཁང་པ་རབ་ཏུ་བྱ། ། ཉིས་བརྩེགས་དང་ནི་སྒོ་དང་ལྡན། ། གཅིག་ནི་ས་ཡི་འོག་ཏུ་བྱ། ། དེ་ཡི་སྟེང་ནི་གཉིས་པའོ།
BO
། འཇིག་རྟེན་པ་ཡིས་གཅིག་ཏུ་ཤེས། ། དེ་ལྟར་མཁས་པས་ཁང་པར་བྱ། ། རེ་ཞིག་བསྒྲུབ་ དབང་སྐལ་ལྡན་པ། ། ཐོས་པ་ཆེ་ཞིང་སེར་སྣ་མེད། ། སྙིང་རྗེ་ཆེན་པོའི་རླན་དང་ལྡན། ། ཞེ་སྡང་ཕྲག་དོག་བྲལ་བ་དང་། ། དཔའ་བ་ཆེ་དང་རླབས་ཆེ་བ། ། སྒྲུབ་པའི་གྲོགས་དང་དེ་བཞིན་ཏེ། ། འདོད་ཆགས་དང་བྲལ་གཉིས་མེད་པ། ། སེར་སྣ་མེད་ཅིང་བརྩོན་འགྲུས་ལྡན། ། ཁྲོ་བ་མེད་ཅིང་ དཔའ་ཆེན་པོ། ། བླ་མ་ལ་གུས་ཐོས་པ་ཆེ། ། འབྲས་བུ་གསུམ་ལ་སོགས་པས་ལུས། ། དང་པོར་ཡང་དག་དེས་དག་བྱ། ། དེ་ནས་སྔགས་པས་འབུམ་ཕྲག་གཅིག ། སུམ་བྷའི་སྔགས་ནི་གསལ་བར་བཟླས། ། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀ་ཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་བ་ཡ་གྲྀ་ཧྞཱ་པ་ཡ་ ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བན་བཛྲ་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། དེ་ནས་ཡི་གེ་གསུམ་གྱི་སྔགས། ། སྒྲུབ་པའི་དབང་པོས་ཡིད་ཀྱིས་བཟླས། ། རྨི་ལམ་ན་ནི་འདི་ལྟར་མཐོང་། ། རྣལ་འབྱོར་མ་ཡི་ཚོགས་ཀྱི་འདུས། ། དེ་ཡི་གསུང་གི་སྦྱིན་པ་ནི། ། ཡིད་འཕྲོག་མ་ཡི་བུ་མོ་ཁྱེར། ། སེམས་ཅན་དོན་ ནི་ཚད་མེད་ཀྱིས། ། ཇི་ལྟར་རྡོ་རྗེ་འཛིན་པས་མཛད། ། མིག་མཛེས་བུ་མོ་རྙེད་པ་ནི། །
BO
གཟུགས་དང་ལང་ཚོ་རྒྱན་དང་ལྡན། ། འདོད་ཆགས་ཆེན་པོས་རྒྱགས་པ་དང་། ། ལེགས་དགྱེས་རིངས་པར་གཡོ་བ་དང་། ། སྔོ་བསངས་ནུ་སྲ་དཔའ་མོ་དང་། ། རྟོག་མེད་པ་དང་ཐོས་པ་ཆེ། ། དེ་འདྲའི་བུ་ མོ་ཆེན་མོ་ལ། ། གང་ཚེ་ཟླ་མཚན་འབྱུང་བར་འགྱུར། ། དེ་ལ་གྲོང་པའི་སྦྱོར་བ་ཡིས། ། ཤེས་རབ་ཐབས་ཀྱི་ཆོ་ག་བྱ། ། གང་ཚེ་རོ་ནི་འབྱུང་བར་འགྱུར། ། དེ་ཙམ་དེ་ཙམ་རབ་ཏུ་བྱ། ། དེ་ཚེ་ཁ་ཡི་པདྨ་ཡིས། ། ཞག་བདུན་པར་དུ་བླང་བར་བྱ། ། ཤིན་ཏུ་གསལ་བའི་པད་སྣོད་དུ། ། རིན་ཆེན་འདྲ་བའི་ རཀྟ་བཞག ། ཉི་མ་གསུམ་དུ་ཁ་ཡིས་ནི། ། དག་པའི་པད་རྒྱལ་གཞིབ་བར་བྱ། ། ཤེས་རབ་ཐབས་ཀྱི་ཆོ་ག་ནི། ། ཡང་ནི་རྣལ་འབྱོར་བ་ཡིས་བརྩམ། ། དེ་རུ་ཆང་ནི་བཏུང་བར་བྱ། ། སྟོབས་ཀྱི་སཱ་ལུ་བཟའ་བར་བྱ། ། ཡང་ན་ར་ཡི་འོ་མ་འམ། ། ཡང་ན་ནམ་མཁའི་སྟོབས་བཟའོ། ། མཚན་ མོ་ཉིན་མོ་སྦྱོར་བ་ཡིས། ། བསྲུབ་ཐབས་ཆེན་པོ་དཔྱད་པར་བྱ། ། གང་ཚེ་ཁུ་ཆེན་འོང་འགྱུར་བས། ། བུ་མོ་མྱོས་པར་གྱུར་པ་ན། ། དེ་ཚེ་ཁ་ཡིས་བླང་བར་བྱ། ། ལྕེ་ལ་སོགས་པའི་གཙགས་བུ་ཡིས། ། སྐྱོན་མེད་པ་ཡི་གནས་སུ་ནི། ། པདྨའི་སྣོད་དུ་གཞག་པར་བྱ། ། བརྒྱད་དང་ཡང་ན་བཅུ་བཞི་ དང་། །
BO
ཡང་ན་བཅུ་ནི་མར་གྱི་ངོ་། ། མདུང་རྩེ་ཡང་ན་རལ་གྲིས་བསད། ། རིགས་ལྔའི་ནང་ན་རིགས་གཅིག་གོ། ། ན་ཚ་མེད་དང་བདེ་བ་འགྲུབ། ། གཟུགས་དང་ལང་ཚོ་ལྡན་པ་དང་། ། སྐྱེ་བ་བདུན་ནམ་ཡང་ན་གསུམ། ། སྒྲུབ་པའི་གྲོགས་ཀྱིས་ཁྱེར་ནས་འོང་། ། སྣ་ཚོགས་མཆོད་སྦྱིན་མཆོད་པ་ཡིས། ། རྩེ་ གཅིག་གིས་ནི་མཆོད་པར་བྱ། ། དེ་ཡི་ཡན་ལག་རབ་ནི་བླང་། ། པདྨའི་སྣོད་ནི་དེ་ལ་བྱ། ། ཤེས་རབ་དང་ལྡན་ཐབས་ཀྱིས་ནི། ། དེ་ཡི་སྣོད་དུ་ཆང་བཏུང་བྱ། ། སྟོབས་ཆེན་རང་ཉིད་ཅུང་ཟད་ཙམ། ། དངོས་གྲུབ་འགྲུབ་ཕྱིར་བཟའ་བར་བྱ། ། པདྨའི་སྣོད་དུ་བསྲུབས་པ་ལས། ། ཅུང་ཟད་འབད་དེ་གཞག་པར་བྱ། ། གཞན་མ་སྨན་གྱིས་འབད་དེ་ནི། ། གྲོགས་ཀྱི་དབང་པོས་བཙོ་བར་བྱ། ། ར་ཡི་འོ་མ་ཏི་ལ་མར་དང་། ། མར་ནི་ཤ་ཀ་ར་དང་བཅས། ། ཁ་ར་ལ་སོགས་མཉམ་པའི་ཆ། ། སྟོབས་ནི་ལྔ་རུ་གྱུར་དྲན་པའོ། ། ཁ་རུ་ཚ་དང་ཚ་བ་གསུམ། ། སུག་སྨེལ་ནཱ་ག་གེ་སར་དང་། ། ཛཱ་ཏི་ཕ་ལ་དྭ་ཚ་དང་། ། ག་བུར་རིམ་ པར་ཆེ་བར་བྱ། ། ཤིན་ཏུ་འཇམ་པའི་དྲི་མེད་སྣོད། ། ཨ་ག་རུ་སོགས་ཀྱིས་བདུག་བྱ། ། འབད་དེ་གཞན་གྱི་སྣོད་དུ་བཙོ། ། བདུག་པ་བྱས་པར་གཞག་པར་བྱ། ། ཉི་མ་བདུན་གྱི་བར་དུ་ནི། །
BO
སྟོབས་ཆེན་སཱ་ལུ་བཟའ་བར་བྱ། ། དེ་ནི་ཟོས་པ་ཙམ་གྱིས་ནི། ། གང་ཞིག་མི་བསྐྱོད་སྔར་འོང་འགྱུར། ། དེ་ནི་ པདྨའི་སྣོད་དུ་བླང་། ། སྟེང་དང་འོག་ནི་མཁས་པས་བོར། ། ཐོ་རངས་ཅུང་ཟད་ཙམ་ནི་བཏུང་། ། ཅུང་ཟད་ཙམ་ནི་སྣོད་དུ་བཞག ། ཤེས་རབ་ཐབས་ཀྱི་གཉིས་འབྱུང་བ། ། དེ་ཡི་སྣང་མཛད་འདུས་པ་ནི། ། རྣལ་འབྱོར་པ་ཡིས་རྩེ་གཅིག་བྱ། ། རྣལ་འབྱོར་གྲོགས་པོའི་སྒྲུབ་པའོ། ། འབྲས་བུ་ཨུར་ཤིང་མན་ ཤིང་དང་། ། ཏི་ཀར་ཀུ་ཏ་པུས་ཀར་མ། ། འོ་མ་དང་ནི་ཆང་རོར་ལྡན། ། རྩེ་གཅིག་གིས་ནི་བཙོ་བ་ནི། ། ལྕགས་ཀྱི་སྣོད་དུ་བཙོ་བར་བྱ། ། མ་རྙེད་ན་ནི་རྫ་སྣོད་དུ། ། དག་པའི་རིགས་ཀྱི་མེ་ཏོག་གིས། ། ཉི་མ་བདུན་དུ་བདུག་པར་བྱ། ། དེ་ནས་སྙིང་པོའི་སྨན་དེ་ནི། ། རིམ་པས་ཆེ་བར་བླུག་པར་བྱ། ། ལི་ཤི་ག་བུར་ ལ་ཏ་དང་། ། གླ་རྩི་ཙནྡན་ཛཱ་ཏི་དང་། ། ཛཱ་ཏི་ཕ་ལ་སུག་སྨེལ་དང་། ། དྭ་ཚ་ཚ་བ་གསུམ་དང་རོ། ། དཀར་པོའི་ཤ་ཀར་དང་ལྡན་པའི། ། མར་དང་བཅས་ནས་བཙོ་བར་བྱ། ། མེ་ནི་འཇམ་པར་སྨིན་པ་ཡིས། ། གྲོགས་ཀྱི་དབང་པོས་བཙོ་བར་བྱ། ། ཨ་ག་རུ་སོགས་ཀྱིས་བདུག་གིས། ། རྡོ་ཡི་སྣོད་དུ་གཞག་པར་ བྱ། ། ཉིན་རེ་ཞིང་ནི་ཞོ་གཉིས་ནི། །
BO
ཞུ་བ་ཡིན་ན་བཟའ་བར་བྱ། ། ཞུ་བ་ཡིན་ན་ཞོ་བཞི་དང་། ། དེ་ནས་ཞོ་དྲུག་རྟག་ཏུ་བཟའ། ། བདུད་རྩི་ལྔ་ཡི་ཆོ་ག་དེ། ། གསང་ཆེན་བདག་གིས་བཤད་པའོ། ། གཞན་ཡང་ཡན་ལག་ལྔ་ཡི་སྨན། ། མཁས་པས་དེ་ལ་རིལ་བུ་བྱ། ། སྐྱུ་རུ་ར་ཙམ་དུ་བྱས་ཏེ། ། གྲིབ་མ་ལ་ནི་བསྐམ་པར་བྱ། ། རས་དང་ཡན་ལག་བཀྲུ་བྱས་ནས། ། དེ་བཞིན་ཐིག་ལེ་བྱ་བའོ། ། འབད་དེ་ཁ་ལ་གཞག་པར་བྱ། ། ཚོགས་ཀྱི་དཀྱིལ་འཁོར་སྦོས་ཀྱང་བྱ། ། ཞི་དང་རྒྱས་དང་དབང་བྱེད་དང་། ། དྲག་པོ་དྲེགས་ལ་སོགས་པ་ཡིན། ། རིལ་བུ་ཡིས་ནི་བྱས་ཙམ་ན། ། ཐེ་ཚོམ་མེད་པར་འགྲུབ་ པར་འགྱུར། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་བདུད་རྩི་ལྔ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། ཨཽ་རྒྱན་གནས་ལ་སོགས་པར་ནི། ། རྣལ་འབྱོར་མ་ནི་འདུས་པའོ། ། དེ་ཡི་གནས་སུ་སྐད་སྨྲ་བ། ། གསང་བའི་སྒྲ་ནི་ཡོད་པའོ། ། ཉོན་ཅིག་སེམས་ནི་རྩེ་གཅིག་ གིས། ། དེ་ནི་ཡང་དག་བདག་གིས་བཤད། ། མ་ད་ན་ཆང་བ་ལ་ཤ། ། མ་ལ་ཨ་ཙ་འདུས་པར་དྲན། ། འགྲོ་བ་ཁེ་ཊ་རོ་ཤྲཱ་བ། ། ནི་རྃ་ཤུ་ཀ་རུས་པའི་རྒྱན། ། ཕྲེང་ཁ་ན་ནི་འོང་བ་ཡིན། ། ཀུན་ཏུ་རུ་ནི་དབང་པོ་སྦྱོར། ། དུ་དུར་སྐལ་ལྡན་མིན་པར་བཤད། །
BO
ཀ་ལིན་ཛ་ར་སྐལ་ལྡན་གཞུག ། ཌི་ཎ་ཌི་རེག་ བྱ་མིན་པར་བསྟན། ། ཐོད་པ་པདྨ་བྷཉྫ་ན། ། དྲི་ཆེན་བཞི་མཉམ་ཡིན་པར་བསྟན། ། དྲི་ཆུ་གླ་རྩི་དྲན་པའོ། ། ཁུ་བ་ག་བུར་བསྟན་པ་སྟེ། ། ཤ་ཆེན་སཱ་ལི་ཛ་རུ་དྲན། ། བྷ་ཧ་ཀ་ནི་ཆུ་ཞེས་བྱ། ། སྒྲོ་ནི་ཡན་ལག་ཅེས་བྱར་དྲན། ། ཤ་ཀ་བཟང་པོ་ཞེས་སུ་བཤད། ། ཧོ་ཞེས་བྱ་བ་འགྲངས་ པར་བཤད། ། ཛེགྷྲེ་ཀྵ་བ་ལཾ་ཀར་བཀྲེས། ། དབྱུང་མ་གྷ་ན་ཚོགས་འཁོར་ལོ། ། ཀ་པེ་ལ་མ་ནི་གྱིས་སུ་གྱུར། ། ན་ག་རཾ་ནི་བདག་བྱིན་བཤད། ། བྷ་ཏ་ཀ་ནི་ཁྱོད་ཁྱེར་འགྱུར། ། ཨ་ག་ནི་བོར་བ་ཞེས་སུ་བསྟན། ། གསང་བ་རིན་ཆེན་ཞེས་སུ་དྲན། ། བཟའ་བ་དུད་དུ་ཤེས་པར་བྱ། ། ཤ་དག་ བཟའ་བ་མིན་དུ་དྲན། ། དག་པ་ཞེས་བྱ་སྔགས་སུ་བཤད། ། དག་པ་མིན་པ་ཉི་མར་བརྗོད། ། ར་པ་ཚངས་པ་གྲགས་པ་སྟེ། ། རྒྱལ་རིགས་ལུས་སུ་བསྟན་པའོ། ། ཆགས་བྲལ་རྗེ་ཞེས་བསྟན་པ་སྟེ། ། ཆགས་པ་དམངས་རིགས་ཞེས་བྱར་དྲན། ། ཙཎྜ་ལཱི་ནི་གཞུ་ཞེས་བཤད། ། ཤྭ་པ་ཙ་ན་ མདའ་རུ་བཤད། ། ཙར་མ་ཀ་ར་སྲིད་འཁོར་ལོ། ། པུཀྐ་སཱི་ནི་རལ་གྲིར་བསྟན། ། འདའ་བ་ཀ་ནི་སྟོང་ཞེས་བཤད། ། ཧ་རི་ཀ་ནི་ཐ་ལ་བར་བཤད། ། ར་ཙ་རྒྱ་མཚོ་ཞེས་སུ་བཤད། །
BO
མི་ནྃ་ཤི་བར་བསྟན་པའོ། ། རྒྱས་པ་ཕག་ཅེས་བྱ་བར་དྲན། ། ཕག་ནི་བྲམ་ཟེར་བསྟན་པའོ། ། ཉ་ནི་པ་ལ་ཤ་ཞེས་བསྟན། ། ར་ནི་ཉིན་མོར་བསྟན་པའོ། ། ལུག་ནི་མཚན་མོར་ཤེས་པར་བྱ། ། བྱ་ལ་སོགས་པ་ཉི་མ་ཕྱེད། ། མེ་ཏོག་གསེར་ནི་ཞེས་སུ་བསྟན། ། སྤོས་ནི་ཤར་དུ་ལ་རུ་བརྗོད། ། དྲི་ནི་མ་ལ་ཏི་རུ་བཤད། ། མེ་མར་ཤ་ཀོ་ནི་ཀར་དྲན། ། གོས་ནི་ཀ་ཤི་ཀ་རུ་བཤད། ། བདེ་བ་ཀཱ་མ་ལ་རུ་བསྟན། ། དཔྲལ་བ་ཆུ་ཞེས་བྱ་བར་ བརྗོད། ། སྨིན་མ་ཕྲེང་བ་ཞེས་སུ་དྲན། ། མིག་ནི་ཨུཏྤལ་ཤེས་པར་བྱ། ། སོ་ནི་ཨ་ད་ན་རུ་བསྟན། ། མཆུ་ནི་པ་ལ་ཝ་རུ་ཤེས། ། མགྲིན་པ་གླིང་བུར་བསྟན་པའོ། ། ཕུང་པོ་ང་བ་ཞེས་སུ་བསྟན། ། ལག་ངར་མྱུ་གུར་བསྟན་པའོ། ། ལག་པ་མཚོ་སྐྱེས་བསྟན་པར་གྲགས། ། ནུ་མ་དཔལ་འབྲས་བརྗོད་པའོ། ། དབུས་ནི་རི་འབྱུང་ཤེས་པར་བྱ། ། ལྟེ་བ་མ་ད་ན་རུ་བསྟན། ། བརླ་ནི་ཀ་ཏམ་པ་རུ་གྲགས། ། པདྨ་ཇ་ག་ན་རུ་དྲན། ། བྱིན་པ་ཛ་ན་བི་རུ་བརྗོད། ། རྐང་པ་ཨ་ཙ་ཤི་རར་དྲན། ། སེན་མོ་ཡན་ལག་གེ་སར་རབ། ། སྣ་ནི་མ་ད་ཤ་བ་རི། ། སྟན་ནི་ཤ་ཏ་ཀུ་སུམ་སྟེ། ། ནུས་པ་བུ་ནི་ཞེས་སུ་དྲན། ། མི་ནུས་ པ་ནི་པདྨའི་སྡོང་། ། ཐམས་ཅད་མིང་གིས་རྫ་མར་དྲན། །
BO
གཞོན་ནུ་རྫིང་ཞེས་བྱ་བར་གྲགས། ། འབར་མ་མཚོ་ཞེས་བྱ་བར་དྲན། ། རྒན་པོ་རྒྱ་མཚོ་ཞེས་པར་དྲན། ། མྱོང་བ་མི་སྨྲ་ཞེས་སུ་འགྱུར། ། མྱོང་བ་མ་ཡིན་གསལ་བར་དྲན། ། མི་སྨྲ་{རི་དགས་,རི་དྭགས་}ཞེས་སུ་བརྗོད། ། གླུ་ནི་བག་ཆགས་ཞེས་སུ་ བཤད། ། གར་ནི་གྲོགས་པོ་ཞེས་པར་དྲན། ། སྒྲ་ནི་ཚུལ་འཆོས་ཞེས་སུ་བཤད། ། རེག་བྱ་ཞགས་པ་ཞེས་སུ་དྲན། ། རོ་ནི་སྒེག་པོ་ཞེས་སུ་བསྟན། ། གཟུགས་ནི་རི་ཞེས་བརྗོད་པའོ། ། གསོད་པ་སྒྲ་ནི་ཞེས་སུ་བརྗོད། ། ཚེ་ནི་ཕུག་རོན་དྲན་པའོ། ། གྲོང་ནི་ཏཱ་ལའི་མེ་ཏོག་སྟེ། ། གྲོང་ཁྱེར་འབྲས་བུ་ཡིན་ པར་བརྗོད། ། ལྗོངས་ནི་འདོད་པ་ཞེས་བྱར་བསྟན། ། འདོད་པ་སྲོག་ཅེས་བྱ་བར་དྲན། ། མི་ཤེས་དེ་ནི་འདུལ་བར་དྲན། ། ཤེས་པ་སྤང་བར་ཤེས་པར་བྱ། ། རྒོད་པ་ཞེས་བྱ་བྱིས་པར་བསྟན། ། དུ་བ་ཁྲག་ཏུ་དྲན་པའོ། ། ཉིན་མོ་གཞོན་ནུར་ཤེས་པར་བྱ། ། མཚན་མོ་བུ་མོར་རབ་ཏུ་གྲགས། ། མཚམས་ནི་ བུད་མེད་ཤེས་པར་བྱ། ། ཉིན་ཕྱེད་བྲན་དུ་བསྟན་པའོ། ། འདུས་པ་ཡི་ནི་དབུས་གནས་སུ། ། རྣལ་འབྱོར་མ་ནི་རྟག་ཏུ་བརྗོད། །
BO
དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་རྣལ་འབྱོར་མ་འདུས་པའི་གནས་སུ་གསང་བའི་སྐད་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཡན་ལག་ཕྱག་རྒྱ་སོགས་མཚན་ཉིད། ། གང་ཞིག་སོར་མོ་གཅིག་ནི་སྟོན། ། བསྙུན་རྨེད་པ་ཞེས་སྤྱན་འདྲེན་ནོ། ། སོར་མོ་གཉིས་ནི་བསྟན་པ་ཡིས། ། ལེགས་པར་བསྙུན་ལན་ལྗོན་པ་ཡིན། ། གང་ཞིག་གུང་མོ་སྟོན་བྱེད་པ། ། དེ་ལ་སྲིན་ལག་བསྟན་པར་བྱ། ། གང་ ཞིག་སྲིན་ལག་སྟོན་བྱེད་པ། ། དེ་ལ་ལྕེ་ནི་བསྟན་པར་བྱ། ། གང་ཞིག་གཞིབས་པ་སྟོན་བྱེད་པ། ། དེ་ལ་རྩེ་གསུམ་བསྟན་པར་བྱ། ། གང་ཞིག་གཙུག་ཕུད་སྟོན་བྱེད་པ། ། དེ་ལ་མཚོག་མ་བསྟན་པར་བྱ། ། གང་ཞིག་དཔྲལ་བ་སྟོན་བྱེད་པ། ། དེ་ལ་མཁུར་ཚོས་བསྟན་པར་བྱ། ། གང་ཞིག་ ལྟག་ཁུང་སྟོན་བྱེད་པ། ། དེ་ལ་ས་གཞི་བསྟན་པར་བྱ། ། གང་ཞིག་ལག་གཉིས་སྟོན་བྱེད་པ། ། དེ་ལ་ལག་ངར་བསྟན་པར་བྱ། ། གང་ཞིག་མགྲིན་པ་སྟོན་བྱེད་པ། ། དེ་ལ་ལྟོ་བ་བསྟན་པར་བྱ། ། གང་ཞིག་མ་མཆུ་སྟོན་བྱེད་པ། ། དེ་ལ་ཀོས་ཀོ་བསྟན་པར་བྱ། ། གང་ཞིག་སོ་ནི་སྟོན་བྱེད་པ། ། དེ་ལ་ལྕེ་ནི་བསྟན་པར་བྱ། ། གང་ཞིག་ནུ་མ་སྟོན་བྱེད་པ། །
BO
དེ་ལ་ཀོས་ཁུར་བསྟན་པར་བྱ། ། གང་ཞིག་ལྟོ་བ་སྟོན་བྱེད་པ། ། དེ་ལ་ལྟེ་བ་བསྟན་པར་བྱ། ། གང་ཞིག་གསང་བ་སྟོན་བྱེད་པ། ། དེ་ལ་ལིང་ག་བསྟན་པར་བྱ། ། གང་ཞིག་བརླ་ནི་སྟོན་བྱེད་པ། ། དེ་ལ་གཞང་ནི་བསྟན་པར་བྱ། ། གང་ཞིག་ རྐང་པ་སྟོན་བྱེད་པ། ། དེ་ལ་རྐང་མཐིལ་བསྟན་པར་བྱ། ། གང་ཞིག་སོར་མོ་སྟོན་བྱེད་པ། ། དེ་ལ་སེན་མོ་བསྟན་པར་བྱ། ། གང་ཞིག་གཙང་པོ་སྟོན་བྱེད་པ། ། དེ་ལ་རྒྱ་མཚོ་བསྟན་པར་བྱ། ། གང་ཞིག་ནམ་མཁའ་སྟོན་བྱེད་པ། ། དེ་ལ་ཉི་མ་བསྟན་པར་བྱ། ། གང་ཞིག་ས་ནི་སྟོན་བྱེད་པ། ། དེ་ལ་ནམ་ མཁའ་བསྟན་པར་བྱ། ། གང་ཞིག་ཁྲོ་གཉེར་སྟོན་བྱེད་པ། ། དེ་ལ་མཚམས་ནི་བསྟན་པར་བྱ། ། གང་ཞིག་སོ་ནི་སྟོན་བྱེད་པ། ། དེ་ལ་མཆུ་ནི་བསྟན་པར་བྱ། ། གང་ཞིག་མགྲིན་པ་སྟོན་བྱེད་པ། ། དེ་ལ་ཁ་ནི་བསྟན་པར་བྱ། ། གང་ཞིག་དཔྲལ་བ་སྟོན་བྱེད་པ། ། དེ་ལ་རྒྱབ་ནི་བསྟན་པར་བྱ། ། འདི་ནི་ཐམས་ཅད་རྣལ་འབྱོར་མའི། ། ཡན་ལག་རྒྱ་སོགས་མཚན་ཉིད་དོ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་རྣལ་འབྱོར་མ་ཐམས་ཅད་ཀྱི་ཡན་ལག་གི་ཕྱག་རྒྱ་ལ་སོགས་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། །
BO
གཟུགས་དང་རྟགས་སོགས་མཚན་ཉིད་ ནི། ། དམར་ཞིང་སེར་བའི་བུད་མེད་གང་། ། པདྨའི་དྲི་ནི་རྣམ་པར་གཏོང་། ། ལྟ་སྟངས་རང་བཞིན་ཞི་བ་དང་། ། ཞེན་པས་ལྟ་བའི་རྗེས་འགྲོ་བ། ། སེན་མོ་དམར་པོ་པདྨ་འདྲ། ། མིག་ནི་ཉི་མའི་འོད་དང་ལྡན། ། དེ་ལ་ཁྱིམ་ན་པདྨ་ཡོད། ། རྟག་ཏུ་མཆོད་པའི་ཆོ་ག་བྱེད། ། པདྨ་གར་གྱི་དབང་ ཕྱུག་རིགས། ། པདྨའི་གཙོ་མོར་དེ་ཤེས་བྱ། ། སྨིན་མཚམས་བར་ན་རྩེ་གསུམ་ཡོད། ། ལུས་ནི་སྔོ་བསངས་སྐྱ་བ་དང་། ། དེ་ཡི་ཁྱིམ་ན་རྡོ་རྗེ་ཡོད། ། ཏང་ཀུ་དམར་པོས་མཆོད་པར་བྱ། ། ཧེ་རུ་ཀ་དཔལ་རིགས་འབྱུང་བའི། ། ཀུན་གྱི་མ་མོར་ཤེས་པར་བྱ། ། རྩེ་གསུམ་གང་གི་དཔྲལ་བའམ། ། ཡང་ ན་ཤག་ཏི་གསལ་འགྱུར་བ། ། མིག་དམར་གདོང་ནི་དམར་བ་དང་། ། དེ་བཞིན་རྐང་པ་ལག་པ་དམར། ། རྟག་ཏུ་ཕུག་རོན་ལ་རྩེད་རྩེ། ། དེ་བཞིན་ཁྱི་དང་ཁྱིམ་བྱའོ། ། དེ་ཡི་ཁྱིམ་དུ་རྡོ་རྗེའི་མཚན། ། རྟག་ཏུ་གང་ཞིག་མཆོད་བྱེད་པ། ། དཔལ་ལྡན་རྡོ་རྗེའི་རིགས་སུ་བྱུང་། ། མཁའ་འགྲོ་མ་ཡིན་དཔའ་ བོའི་གཅེས། ། སྤྲིན་སྔོན་དག་དང་འདྲ་བ་ནི། ། རྟག་ཏུ་བར་ཐོད་ཡོད་པ། ། ཁྱིམ་དུ་འཁོར་ལོ་འདི་བྱེད་ཅིང་། ། རྟག་ཏུ་དེ་ལ་མཆོད་བྱེད་པ། །
BO
རྡོ་རྗེ་ཕག་མོའི་རིགས་འབྱུང་བའི། ། མཁའ་འགྲོ་མ་ནི་སྟོབས་ཀྱིས་དྲེགས། ། མིག་སྨན་ནམ་མཁའ་སྔོན་པོའི་མདོག ། སོ་ནི་མཐོ་བ་དྲག་མོ་དང་། ། རྟག་ཏུ་ཁྲུས་ལ་དགའ་བ་དང་། ། མང་དུ་སྨྲ་བར་མི་བྱེད་ཅིང་། ། ཁྱིམ་དུ་རྡོ་རྗེ་འདྲི་བ་དང་། ། མཚན་མོ་བྱེད་ན་མཆོད་པར་བྱེད། ། རྡོ་རྗེ་ཕག་མོའི་རིགས་འབྱུང་བའི། ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། ། བཙོ་མ་གསེར་དང་མཉམ་པའི་འོད། ། མིག་མི་གཡོ་ཞིང་བ་སྤུ་མང་། ། རྡོ་རྗེ་གང་གི་དཔྲལ་ བའམ། ། ཁྱིམ་དུ་ཡང་ནི་གསལ་འགྱུར་བ། ། རྒྱལ་པོའི་བཙུན་མོ་རྟག་ཏུ་སྒེག ། སྐལ་ལྡན་མཆོག་ནི་བདེན་སྨྲ་དང་། ། མཱ་ལི་ཀཱ་ཡི་དྲི་འབྱུང་ཞིང་། ། ཁྱིམ་དུ་རྡོ་རྗེ་མཆོད་བྱེད་པ། ། ཁཎྜ་རོ་ཧའི་རིགས་འབྱུང་བའི། ། མཁའ་འགྲོ་མ་ནི་ཡེ་ཤེས་རྒྱལ། ། ཤིན་ཏུ་ཤ་ལ་དགའ་བ་དང་། ། མིག་ སྨན་ནག་པོའམ་ནམ་མཁའ་འདྲ། ། རྩེ་གསུམ་རྣམ་པ་ཕྲ་བ་རུ། ། གདུག་པའི་ལས་ལ་རྟག་ཏུ་དགའ། ། དུར་ཁྲོད་རྟག་ཏུ་འགྲོ་བ་དང་། ། འཇིགས་པ་མེད་ཅིང་སྙིང་བརྩེ་མེད། ། དེ་ལ་ཁྱིམ་དུ་མཆོད་པ་ནི། ། ཆང་ལ་སོགས་པས་མཆོད་བྱེད་པ། ། ཧེ་རུ་ཀ་དཔལ་རིགས་འབྱུང་བའི། ། མཁའ་འགྲོ་ཡིན་པར་གདོན་མི་ཟ། །
BO
སར་པ་སྤྲིན་གྱི་མདོག་འདྲ་བ། ། གཡོན་གྱི་མཆེ་བ་གཙིགས་པ་དག ། དེ་ཡི་ཁྱིམ་དུ་དགྲ་སྟ་ནི། ། འདྲི་ཞིང་རྟག་ཏུ་མཆོད་བྱེད་པ། ། ཧེ་རུ་ཀ་དཔལ་རིགས་འབྱུང་བའི། ། མཁའ་འགྲོ་མར་ནི་ཐེ་ཚོམ་མེད། ། མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། ། མདོག་དང་མཚན་མ་ རིགས་འབྱུང་བ། ། མདོར་བསྡུས་པ་ནི་འདི་རུ་བཤད། ། རྒྱས་པར་ཡེ་ཤེས་སྙིང་པོར་རོ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་མཁའ་འགྲོ་མའི་གཟུགས་དང་། མཚན་ཉིད་དང་། རིགས་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། ། གང་ཞིག་གཞན་མིན་བདག་ཉིད་བཞུགས། ། ཉོན་ཅིག་དཀྱིལ་འཁོར་རྒྱལ་དབང་བ། ། ཧཱུྃ་གི་རྣམ་པའི་རྣམ་པ་ཅན། ། བདག་ཉིད་ཧཱུྃ་གི་དངོས་པོ་ཡིན། ། ཧཱུྃ་གི་རྣམ་པ་ལས་གཟུགས་འབྱུང་། ། མཚན་དང་དཔེ་བྱད་ལྡན་པ་དག ། ཉི་མའི་དཀྱིལ་འཁོར་སྟེང་ན་བཞུགས། ། ཉི་མ་བྱེ་བའི་འོད་དང་མཉམ། ། ཁྱོད་དང་ལྷན་ཅིག་སྦྱོར་བ་ཡིས། ། ཆུ་སྐྱེས་སྔོན་པོའི་གཟུགས་དང་ལྡན། ། ཞལ་བཞི་སྤྱན་གསུམ་ཕྱག་བརྒྱད་དེ། ། གཡས་བརྐྱང་བས་ནི་གནས་ན་བཞུགས། ། རྡོ་རྗེ་དྲིལ་བུ་ཉི་ཟླ་དང་། ། མདའ་གཞུ་དག་ནི་འགེངས་པ་དང་། ། ཁ་ཊྭཱྃ་ག་དང་ཀ་པཱ་ལ། ། ཁྲག་ཆེན་པོ་ཡིས་གང་བའོ། །
BO
བདེ་བའི་གནས་སུ་བདག་དང་ཁྱེད། ། ལེགས་དགྱེས་དགྱེས་པར་རོལ་བགྱིད་དེ། ། དེ་ནས་དང་པོའི་རོ་ལས་ནི། ། སྤྲོས་ནས་རྡོ་རྗེ་རོ་ལངས་མ། ། གཟུགས་གནག་པ་ལ་ཕྱག་བཞི་བ། ། མདའ་གཞུ་ལག་ན་འགེངས་པ་དང་། ། ཆུ་སྲིན་གཡས་ན་ཐོགས་པ་དང་། ། ཀ་པཱ་ལ་དང་ཁ་ཊྭཱྃ་ག། ། གཡོན་གྱི་ལག་ན་ཐོགས་པ་སྟེ། ། ཤར་ གྱི་སྒོ་ན་གནས་པ་སྟེ། ། ཡང་ནི་བསྲུབ་ཐབས་སྦྱོར་བ་ཡིས། ། གཉིས་པ་ཡི་ནི་རོ་ལས་ནི། ། རྡོ་རྗེ་དྲ་བ་འཕྲོས་པ་ནི། ། གཅེར་བུ་དང་ནི་སྤྱན་གསུམ་པ། ། མདོག་དམར་ལག་ན་ཉ་ཐོགས་ཏེ། ། བྱང་གི་སྒོ་ཡི་གནས་ན་བཞུགས། ། ཡང་ནི་རོ་ནི་གསུམ་པ་ལས། ། རྡོ་རྗེ་རྩེ་མོ་སྤྲོས་པ་ནི། ། མདོག་སེར་ལག་ན་སེང་གེ་ཐོགས། ། ནུབ་སྒོ་ཡི་ནི་གནས་ན་བཞུགས། ། ཡང་ནི་རོ་ནི་བཞི་པ་ལས། ། རྡོ་རྗེ་ཟླུམ་པོ་འཕྲོས་པ་ནི། ། མདོག་དཀར་ལག་ན་བྱ་ཁྱུང་སྟེ། ། ལྷོ་ཡི་སྒོ་ན་བཞུགས་པའོ། ། རོ་ལྔ་དེ་ནི་རྙེད་པ་ཡིས། ། རྡོ་རྗེ་སྐ་རགས་མ་ནི་སྤྲོས། ། རྫ་རྔ་གླིང་བུ་ལག་ན་ཐོགས། ། ཤར་ལྷོ་ མཚམས་ན་གཟུགས་གཉིས་པའོ། ། ཡང་ན་དྲུག་པའི་འབྱུང་བ་ལས། ། རྡོ་རྗེ་སོར་མོ་སྤྲོ་བ་ནི། ། རྒྱུད་{མངས་,མང་}རྔ་ཆེན་ལག་ན་ཐོགས། །
BO
ལྷོ་ནུབ་མཚམས་ན་བཞུགས་པའོ། ། ཡང་དག་བདུན་པས་རྙེད་པ་ནི། ། རྡོ་རྗེ་རྒོད་མ་འཕྲོ་བ་སྟེ། ། རྫ་རྔ་དང་ནི་ཆ་ལང་ཐོགས། ། ནུབ་བྱང་མཚམས་ན་བཞུགས་པའོ། ། རོ་ བརྒྱད་པ་ནི་རྙེད་པ་ཡིས། ། རྡོ་རྗེ་ཉི་མ་སྤྲོས་པ་ནི། ། ཏ་མྱུ་ར་དང་ཀ་ར་ཐོགས། ། ཕྱག་གཉིས་རྟག་ཏུ་འཛིན་པ་ལས། ། སྤྲོས་ནས་བྱང་ཤར་མཚམས་སུ་ནི། ། བདུད་ཀུན་བཅོམ་ནས་བཞུགས་པའོ། ། ཡང་ནི་བསྲུབ་དང་བསྲུབ་ཐབས་ལས། ། དང་པོ་དགའ་བ་འབྱུང་བ་ཡིས། ། རྡོ་རྗེ་ལེགས་དགྱེས་ འཕྲོས་པ་ནི། ། རོ་ཡི་སྣོད་ནི་ལག་ན་འཛིན། ། སྤྲོས་ནས་ཤར་གྱི་ཕྱོགས་ཀྱི་གྲྭར། ། ཆོས་འབྱུང་གི་ནི་གྲྭ་ན་བཞུགས། ། བྷ་གའི་ཕྱག་རྒྱ་སྤྱི་བོར་ནི། ། མཛུབ་མོ་ཚངས་པའི་བུ་གའི་གནས། ། ཡང་ན་མཆོག་གི་དགའ་བ་ལས། ། རྡོ་རྗེ་མཚོ་མ་འཕྲོས་པ་ནི། ། ཁྲག་གི་སྣོད་ནི་ལག་ན་བྲེལ། ། ལྷོ་ནུབ་ གྲྭ་ན་བཞུགས་པའོ། ། ཡང་ན་དགའ་བྲལ་འབྱུང་བ་ལས། ། རྡོ་རྗེ་གླང་ཆེན་མ་འཕྲོས་པ། ། ཁུ་བའི་སྣོད་ནི་ལག་ན་ཐོགས། ། ནུབ་བྱང་ཕྱོགས་ཀྱི་གྲྭ་ན་བཞུགས། ། དེ་རྣམས་གནག་དང་སེར་དང་དམར། ། གཡོན་བརྐྱང་པས་ནི་བཞུགས་པའོ། ། ཡང་ནི་ཡང་དག་བསྲུབ་ཐབས་ལས། ། ལྷན་ཅིག་སྐྱེས་ དགའ་འབྱུང་བ་སྟེ། །
BO
ལྷན་ཅིག་སྐྱེས་དགའ་འདོད་ཆགས་ཆེ། ། མེ་ཆེན་རབ་ཏུ་འབར་པའོ། ། ཁྱོ་དང་ལྷན་ཅིག་དེ་རུ་བདག ། རང་བཞིན་གྱིས་ནི་ཡོངས་སུ་འགྱུར། ། དངོས་པོ་མེད་པར་བདག་མི་འགྱུར། ། བདག་ནི་རང་བཞིན་གནས་སུ་བཞུགས། ། བདག་གི་ངོ་བོ་བརྗོད་མི་ནུས། ། སངས་རྒྱས་ཀུན་གྱིས་ ཀྱང་རྙེད་དཀའ། ། ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། ། གལ་ཏེ་ཀུན་རྫོབ་གཟུགས་སུ་རྙེད། ། འཇིག་རྟེན་ཁམས་ནི་གྲངས་མེད་པ། ། གཞན་ནི་མ་ཡིན་བདག་གིས་ཁྱབ། ། ཁྱོད་དང་ལྷན་ཅིག་ཀུན་རྫོབ་ཏུ། ། འབྱུང་བའི་རྒྱུ་ཕྱིར་རོལ་པ་བྱེད། ། བདག་ནི་རོལ་པ་མི་བྱེད་ན། ། སངས་རྒྱས་ཐམས་ ཅད་འབྱུང་མི་འགྱུར། ། འདི་ནི་ཐམས་ཅད་མི་གཡོ་བར། ། འགྲོ་འགྱུར་བར་ནི་ཐེ་ཚོམ་མེད། ། རང་བཞིན་ལས་ནི་མཆོག་གནས་སུ། ། དེ་དུས་བདག་ནི་ཅང་མི་སྨྲ། ། བདེ་ཆེན་ལེགས་དགྱེས་མགོན་པོ་བཞེངས། ། རྡོ་རྗེ་བཟང་དགྱེས་བདག་དགའ་མཛོད། ། མགོན་པོ་ཁྱོད་མིན་བདག་རོ་འདྲ། ། ཐུགས་རྗེ་རོ་ཡིས་བདག་སྐྱེ་མཛོད། ། ཀྱེ་མགོན་ཆད་པའི་སྟོང་པའི་མིན། ། མགོན་པོ་སྟོང་པའི་རང་བཞིན་མིན། ། རྡོ་རྗེ་མཚོ་མ་བདག་དགའ་མཛོད། ། པདྨ་ཁ་ཕྱེ་རོལ་ཅིག་རོལ། ། ཨ་ལ་ལ་ལ་ཨ་ལ་ལ། །
BO
མ་ལ་ལ་ལ་ལེགས་དགྱེས་མགོན། ། རྡོ་རྗེ་གླང་ཆེན་མ་དགའ་མཛོད། ། ཁྱེད་རང་གིས་གསུངས་ བདག་མིན་ན། ། སངས་རྒྱས་འབྱུང་བར་མི་འགྱུར་རོ། ། ཡེ་ཤེས་སྐུ་ལས་ཨོཾ་ཧཱུྃ་འདིར། ། བདག་དང་ཁྱོད་ནི་ལྷན་ཅིག་བཞེངས། ། འཁོར་ལོ་དང་བཅས་ཁྲོ་སྐུ་མཆོག ། སུམ་ཅུ་རྩ་གཉིས་ཡན་ལག་ལྡན། ། བདེ་བའི་གནས་སུ་བདག་དང་ཁྱོད། ། དུར་ཁྲོད་བརྒྱད་ཀྱི་དབུས་སུ་ནི། ། སྐྱེ་བའི་རྒྱུ་ཡི་ དོན་ཕྱིར་རོལ། ། བསྐྱེད་པའི་རིམ་པ་ཡི་ནི་ཕྱོགས། ། མདོག་གནག་པ་ལ་འོད་ཆེ་བ། ། དབུ་སྐྲ་མེ་བཞིན་འབར་བ་དང་། ། ཞལ་ནི་བཅུ་དྲུག་སྤྱན་གསུམ་པ། ། ཕྱག་ནི་བཅུ་དྲུག་ལྡན་པ་དང་། ། ཞབས་ནི་རྣམ་པ་བཞི་ཡིས་ནི། ། བདུད་བཞི་ཡི་ནི་སྟེང་ན་བཞུགས། ། ལེགས་དགྱེས་དབང་ཕྱུག་མ་ ཁྱོད་བཅས། ། ཡེ་ཤེས་མཁའ་འགྲོ་དབང་ཕྱུག་བདག ། ཁྱོད་ཀྱང་ང་ཡི་གཟུགས་དང་མཉམ། ། འཇིགས་བྱེད་ཆུང་མར་བཅས་པའི་སྟེང་། ། གྲུ་གསུམ་དབུས་སུ་ཉི་མའི་གདན། ། གྱེན་དུ་ཞབས་ནི་གར་དང་ལྡན། ། འཇིགས་མ་དཔའ་མོ་ཆང་འཐུང་མ། ། འཇིགས་བྱེད་ཕོ་ཉ་སྟོབས་མ་དང་། ། རྟ་མགྲིན་མ་དང་རྟ་རྣ་མ། ། གླང་ཆེན་སྣ་དང་ལྟོ་བ་མ། ། མེ་མ་དང་ནི་ཆུ་རྒྱུན་མ། ། ཟླ་བ་མ་དང་ཉི་འོད་མ། །
BO
དུང་སྣ་མ་དང་དུང་གཙུག་མ། ། དུང་ལྟེ་མ་དང་སྟོབས་ཆེན་མ། ། བྱ་རྒོད་རྒོད་ཁ་ཧོར་པ་མ། ། ཧོར་མིག་མ་དང་ཧོར་མགོ་མ། ། མིག་དམར་སྐྲ་དམར་རིན་ཆེན་མ། ། ཕུག་རོན་དམར་མོ་ནག་ མོ་མ། ། རི་བོང་རི་(དགས་,དྭགས་)ར་མ་མོ། ། ཕྱག་བཞི་མ་ལ་སྣ་ཚོགས་གཟུགས། ། སྤྱན་གསུམ་པ་ལ་བཞིན་ཡང་འཇིགས། ། ཕྱག་གཉིས་མདའ་གཞུ་འགེངས་པར་ལྡན། ། གཞན་གྱིས་གྲི་དང་ཐོད་པ་འཛིན། ། རྡོ་རྗེ་ཕྲེང་བ་དཔྲལ་བ་རུ། ། ཕྱག་རྒྱ་ལྔ་ཡིས་ཡན་ལག་བརྒྱན། ། དེ་ལྟ་བུ་ཡི་འཁོར་ལོ་ ཆེ། ། ཁྱོད་དང་བཅས་པ་བདག་གི་གནས། ། གང་ཞིག་ཉི་ཤུ་རྩ་བརྒྱད་གནས། ། དེ་ནི་ཚོགས་ཀྱི་གནས་སུ་དྲན། ། རྡོར་དྲིལ་རིན་ཆེན་འཁོར་ལོ་དང་། ། རལ་གྲི་རྩེ་གསུམ་མདའ་ཉི་མ། ། ཟླ་བ་དགྲ་སྟ་ཌམ་རུ། ། གཞུ་དང་ཐོ་བ་ཀ་པཱ་ལ། ། བྷཱུ་ཏིའི་པགས་པ་གྱེན་དུ་འཕྱར། ། གཤིན་རྗེའི་ པགས་པ་རྐེད་ལ་དཀྲིས། ། ཞལ་གཅིག་པ་ལ་ཕྱག་གཉིས་ཏེ། ། ཁྱོད་ཀྱང་བདག་གི་མདོག་ཡིན་ནོ། ། ཐམས་ཅད་རྒྱན་གྱིས་བརྒྱན་པ་དང་། ། ཕྱག་གཉིས་མདའ་གཞུ་འགེངས་པའོ། ། དེ་ནས་རྫོགས་པའི་རིམ་པ་ནི། ། རྩ་ཡི་འབྱུང་བ་རིམ་པ་མཆོག ། ལྷ་མོ་རེ་རེ་རྩེ་རེ་སྟེ། ། དེ་ཡི་བདེ་བ་བདག་དང་ཁྱོད། །
BO
འཛུམས་པ་དང་ནི་འབྱེད་པ་ཡིས། ། རླུང་གིས་མེ་ནི་ཁོང་དུ་ཆུད། ། ཡང་དག་པ་ཡི་དབང་པོའི་ཤིང་། ། དེ་ཡིས་གཏུམ་མོ་འབར་བའོ། ། རྣམ་པར་རྟོག་པའི་ཕུང་པོའི་གཟུགས། ། ཐམས་ཅད་ལུས་ནི་སྲེག་པའོ། ། དེ་ཡི་མེ་འབར་ཡང་དག་གིས། ། བདེ་ཆེན་འཁོར་ལོ་བཞུ་ བར་འགྱུར། ། བཞུ་བས་རྩ་ནི་ཐམས་ཅད་ལས། ། མཆོག་གི་བདུད་རྩི་འཇག་པའོ། ། ཡང་ནི་ལུས་ནི་སོས་འགྱུར་ཏེ། ། ལྷ་ཡི་སྐུ་ནི་ཐོབ་པར་འགྱུར། ། དེ་ནི་གོམས་པའི་སྦྱོར་བ་ཡིས། ། རྩེ་གཅིག་གིས་ནི་གོམས་པར་བྱ། ། ཕྱི་ཡི་ཕྱག་རྒྱ་མེད་ན་ཡང་། ། བདེ་བ་འབྱུང་བར་འགྱུར་བ་ཡོད། ། བལྟ་བ་ཙམ་ནི་དགོས་པ་སྟེ། ། དེ་བཞིན་ཐམས་ཅད་ཐམས་ཅད་མིན། ། ཕྱི་ནས་རྣམ་པར་རྟོག་པ་སྐྱེ། ། དེ་ལ་དངོས་གྲུབ་མེད་པར་འགྱུར། ། ཇི་ལྟར་མུན་པའི་སྣོད་རྣམས་ནི། ། མར་མེ་མེད་ན་མཐོང་མི་འགྱུར། ། མར་མེས་མཐོང་བར་གྱུར་ཙམ་ན། ། ཕྱི་ནས་མར་མེ་དོར་བར་བྱ། ། སྣོད་ ནི་འབད་དེ་བསྲུང་བྱ་སྟེ། ། མར་མེས་དོན་བྱ་མི་དགོས་སོ། ། མར་མེའི་མཚན་ཉིད་འདི་རུ་རྩ། ། རྩ་ནི་ཤེས་རབ་མཚན་ཉིད་དོ། ། ཐབས་ནི་བདེ་བ་ཞེས་སུ་བསྟན། ། བདེ་བ་ཡེ་ཤེས་ཞེས་བྱར་དྲན། ། བདེ་བའི་ཡེ་ཤེས་རང་བཞིན་ནི། །
BO
གང་ཞིག་ཤེས་རབ་མ་ལས་རྙེད། ། དེ་ནི་ཤེས་རབ་ཡེ་ཤེས་ དབང་། ། དེ་ནི་རྫོགས་པའི་རིམ་པའོ། ། དེ་དངོས་བདེ་ཆེན་ཡེ་ཤེས་ནི། ། དཀྱིལ་འཁོར་ནང་དུ་ཡང་དག་བཞུགས། ། བདེ་བ་ཆེན་པོ་གཉིས་སུ་གྱིས། ། ཀུན་རྫོབ་དང་ནི་དོན་དམ་མོ། ། དགའ་བ་ལ་སོགས་ཉིད་ལས་ནི། ། བདེ་བ་གཉིས་གྱེས་ཤེས་པར་བྱ། ། དེ་ཡི་རིམ་པ་ཡང་དག་ གཉིས། ། དད་པས་ཉོན་ཅིག་བདག་གིས་བཤད། ། སྣང་བ་རེག་བྱ་སྦྱོར་བ་དང་། ། འགྲོ་བ་དེ་ནི་བཞི་པའོ། ། རིམ་པ་ཡིས་ནི་ཤེས་པར་བྱ། ། བསྐྱེད་པའི་རིམ་པའི་ཕྱོགས་ཀྱི་ནི། ། ཤེས་རབ་མ་ཡི་ལྟ་བ་ཡིས། ། གཉིས་ཀའི་འདོད་ཆགས་འབྱུང་བར་འགྱུར། ། དེ་ཚེ་ དགའ་བ་འབྱུང་བ་སྟེ། ། རྣམ་པ་སྣ་ཚོགས་སྐད་ཅིག་ལྡན། ། གང་ཚེ་དེ་དང་ལྷན་ཅིག་ཏུ། ། དད་པས་རེག་བྱ་ཡོད་གྱུར་ན། ། དེ་ཚེ་མཆོག་གི་དགའ་བ་ནི། ། དྲི་མ་མེད་པ་འབྱུང་བར་འགྱུར། ། ཡང་ནི་དབང་པོ་གཉིས་ཕྲད་ལས། ། གང་ཚེ་དེ་དང་ལྷན་ཅིག་སྦྱོར། ། དེ་ཡི་ཚེ་ན་དགའ་བྲལ་ནི། ། གསལ་བར་འབྱུང་བར་འགྱུར་བའོ། ། གང་ཚེ་དབང་པོ་གཉིས་ཤིང་ལས། ། ཡང་དག་པ་ཡི་མེ་འབར་ན། ། དེ་ཚེ་ལྷན་ཅིག་སྐྱེས་དགའ་ནི། ། སྲིད་པ་མེད་པ་འབྱུང་བར་འགྱུར། ། ནུ་མས་རེག་པས་བལྟ་བ་ནི། །
BO
འདོད་པ་དེ་ནི་དང་པོར་དགའ། ། ཕྱི་ནས་དེ་དངོས་རྒྱས་པ་ནི། ། གང་ཚེ་ངེས་པར་ཡིན་ པར་འགྱུར། ། དེ་ཚེ་སྐད་ཅིག་གིས་དེ་རྒྱས། ། མཆོག་གིས་དགའ་བ་བྱེད་པའོ། ། གང་ཚེ་དེ་ཉིད་ཤིན་ཏུ་ཡིས། ། འདོད་ཆགས་མེ་ནི་འབར་འགྱུར་ན། ། དེ་ཚེ་འབར་བའི་ཐིག་ལེ་ནི། ། དགའ་བྲལ་དགའ་བ་འབབ་པའོ། ། རྡོ་རྗེ་པདྨ་རོལ་བྱེད་པ། ། དེ་བཞིན་དགའ་བྲལ་དགའ་བའོ། ། དེ་ནི་ བསྐྱེད་པའི་རིམ་པ་ཡིན། ། ཨུ་ཏའི་ཡེ་ཤེས་དང་བྲལ་ལོ། ། ཡང་ནི་གང་ཚེ་ཨུ་ཏ་ནི། ། སྐད་ཅིག་ཉིད་ལས་གཅིག་ཏུ་འགྲོ། ། དེ་ཚེ་ཨུ་ཏའི་ཐིག་ལེ་ནི། ། གསུམ་གྱི་རྣམ་པར་དག་པར་འགྲོ། ། དེ་ནས་དེར་ནི་ལྷན་ཅིག་སྐྱེས། ། རྡོ་རྗེ་ལྟ་བུའི་བདེ་བ་བྱེད། ། དེ་ནི་བཅོམ་ལྡན་ཤེས་རབ་མ། ། རྫོགས་པའི་རིམ་པའི་ཕྱོགས་ཡིན་ནོ། ། ཨུ་ཏའི་སྒྲས་ནི་བདེ་བར་བསྟན། ། ལེགས་དགྱེས་དབང་མོ་དེ་ནི་བདག ། དེ་རུ་སྦྱོར་བ་བཞི་རྣམས་ནི། ། རྒྱས་པར་བདག་གིས་བཤད་པར་བྱ། ། འདོད་དང་འདར་དང་འགྲོ་བ་དང་། ། དགའ་བ་དང་ནི་བཞི་ཡིན་ཏེ། ། དེ་ནི་དང་པོའི་སྦྱོར་བ་ཡིན། ། དེ་ནི་ དགའ་བའི་དོན་ཡིན་ནོ། ། རྒྱས་དང་འདང་འདུན་ཏྭ་དང་འབྱུང་བ་དང་། ། མཆོག་གི་དགའ་བ་བཞི་ཡིན་ཏེ། །
BO
དེ་ནི་སྦྱོར་བ་གཉིས་པ་ཡིན། ། མཆོག་གི་དགའ་བའི་དོན་ཡིན་ནོ། ། འབར་དང་ཐིག་ལེ་མྱོས་པ་དང་། ། དགའ་བྲལ་དང་ནི་བཞི་ཡིན་ཏེ། ། དེ་ནི་སྦྱོར་བ་གསུམ་པ་ཡིན། ། དགའ་བྲལ་ དགའ་བའི་དོན་ཡིན་ནོ། ། ཨུ་ཏ་དང་ནི་ཚུལ་དང་གཉིད། ། ལྷན་ཅིག་སྐྱེས་དགའ་བཞི་པའོ། ། དེ་ནི་སྦྱོར་བ་བཞི་བ་ཡིན། ། དགའ་བའི་བྱེ་བྲག་བཅུ་དྲུག་གོ། ། བཞི་རྣམས་གཞན་མིན་འདི་རུ་ནི། ། རབ་ཀྱི་དོན་ནི་འདི་ལྟར་འགྱུར། ། འདོད་པ་འདུན་པ་ཡིན་པར་བཤད། ། དཔལ་ལྡན་ཤེས་ རབ་མས་སྦུལ་ལོ། ། དེ་ནི་འདུན་པ་ལས་ནི་དཀྲུག ། རང་གི་ཡིད་ཀྱིས་བྱེད་པའོ། ། འདོད་པའི་སྒྲས་ནི་དགའ་བ་ཡིན། ། མཐོང་བ་ལས་ནི་བྱེད་པའོ། ། དེ་ཉིད་བཅོམ་ལྡན་ཤེས་རབ་མ། ། འདོད་ཆགས་ཆེན་པོས་རྒྱས་པ་ན། ། དེ་ཚེ་རྒྱས་པ་ཡིན་པར་འགྱུར། ། མཆོག་གི་དགའ་བ་ གཉིས་པའོ། ། རྒྱས་པའི་དུས་སུ་ཕྱི་དང་ནང་། ། གང་ཚེ་ཤིན་ཏུ་འབར་འགྱུར་ན། ། དེ་ཚེ་ཡན་ལག་རབ་དེ་ནི། ། སྐད་ཅིག་གིས་ནི་ཞུ་བར་འགྱུར། ། ད་ནི་འབར་བའི་ཐིག་ལེས་ནི། ། མིང་ནི་གསལ་བར་གྱུར་པའོ། ། དེ་ནི་དགའ་བྲལ་དགའ་བ་སྟེ། ། གསུམ་པ་ཞེས་བྱ་བཤད་པའོ། ། ཡང་ ན་དེ་ཉིད་གཙོ་མོ་ནི། ། མཆོག་གི་རྣམ་པ་རབ་བདེ་བ། །
BO
དེ་ཚེ་ཨུ་ཏའི་དགུག་པ་ནི། ། སྲིད་པ་དང་བྲལ་བྱེད་པའོ། ། དེ་ནི་བཞི་བ་ཡང་དག་མཆོག ། ལྷན་ཅིག་སྐྱེས་དགའ་བསྟན་པའོ། ། དེ་ནི་ཨུ་ཏའི་དགུག་པ་ནི། ། ཐིག་ལེའི་ཐར་པ་གསུམ་གྱི་མཐར། ། ལྷན་སྐྱེས་ཀྱི་ནི་གནས་སུའོ། ། དགའ་ བ་ལ་སོགས་བྱེ་བྲག་གིས། ། ལྷན་ཅིག་སྐྱེས་རིམ་ཤེས་པར་བྱ། ། བདེ་བ་ཆེན་པོའི་གཙུག་ཏོར་ནས། ། སྨིན་ཕྲག་འཁོར་ལོའི་དབུས་ཡན་ཆད། ། དེ་ཙམ་དགའ་བའི་གནས་ཡིན་ཏེ། ། ཐིག་ལེ་གཅིག་པུའི་མཚན་ཉིད་དོ། ། སྨིན་ཕྲག་འཁོར་ལོས་མགྲིན་འཁོར་ལོ། ། དེ་ཙམ་མཆོག་གི་དགའ་ བའོ། ། མགྲིན་པའི་གནས་ནས་སྙིང་འཁོར་ལོ། ། དེ་ཙམ་དགའ་བྲལ་དགའ་བའོ། ། དེ་ནས་ཡང་ནི་རིམ་པ་ཡིས། ། རིམ་པའི་གནས་ནི་རབ་ཏུ་བཤད། ། ལྟེ་བའི་འཁོར་ནས་རྒྱུ་ཞབས་སུ། ། དེ་ཙམ་དུ་ནི་དགའ་བ་ཡིན། ། རྒྱུ་ཞབས་སུ་ནི་མདུད་པའི་རྩར། ། དེ་ཙམ་མཆོག་གི་དགའ་བའོ། ། མདུད་ པའི་གནས་ནས་རིན་ཆེན་མཁར། ། དེ་ཙམ་དགའ་བྲལ་དགའ་བའོ། ། རྡོ་རྗེ་རིན་ཆེན་རྩེ་ནང་ཡོད། ། ལྷན་སྐྱེས་དེ་ནི་དོན་དམ་པའོ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་དཀྱིལ་འཁོར་དང་། དགའ་བའི་བྱེ་བྲག་དང་། ཐིག་ལེའི་མཚན་ཉིད་དང་། བསྐྱེད་པ་དང་།
BO
རྫོགས་པའི་རིམ་པ་ཞེས་ བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ། ། ། ། ཡེ་ཤེས་མཁའ་འགྲོ་བཅོམ་ལྡན་འདས། ། བདག་ནི་ཐེ་ཚོམ་ཅུང་ཟད་སྐྱེས། ། ཆར་ཡང་དང་ནི་ཐིག་ལེའི་ཚུལ། ། ཡེ་ཤེས་གང་ནས་ཤེས་པར་བྱ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཚུལ་ནི་དཔྲལ་བའི་ གནས་སུ་སྟེ། ། ཐིག་ལེ་མགྲིན་པའི་གནས་སུ་བཞུགས། ། ཆར་ཡང་སྙིང་གའི་གནས་སུ་ཤེས། ། ཡེ་ཤེས་ལྟེ་བའི་གནས་སུ་བཞུགས། ། རྟོག་པ་ལས་ནི་རྟོག་པ་མེད། ། གང་དུ་ཕྱིན་ནས་འགྲོ་བ་ན། ། དེ་ནི་དེ་རྣམས་རང་བཞིན་གནས། ། ལྟེ་བའི་གནས་སུ་རབ་ཏུ་གྲགས། ། གང་ཚེ་བདུད་ རྩི་གནས་སུ་འགྲོ། ། དེ་ཚེ་ཡེ་ཤེས་ཞེས་སུ་དྲན། ། བདུད་རྩི་བྱང་ཆུབ་སེམས་སུ་གྲགས། ། ཚུལ་ལ་སོགས་པའི་ཐིག་ལེ་བཞི། ། དེ་ཡི་གནས་ནི་བཞི་ཡིན་ཏེ། ། དགའ་བའི་བྱེ་བྲག་འགྲོ་བར་འགྱུར། ། དཔྲལ་བར་དགའ་བའི་ཐིག་ལེ་དང་། ། མགྲིན་པར་མཆོག་ཏུ་དྲན་པའོ། ། སྙིང་ག་རུ་ནི་དགའ་ བྲལ་ཏེ། ། ལྟེ་བ་རུ་ནི་ལྷན་ཅིག་སྐྱེས། ། རྩ་ཡི་ཀུན་སྤྱོད་སྦྱོར་བ་ཡིས། ། དགའ་བ་ལ་སོགས་རྙེད་པར་འགྱུར། ། དཔྲལ་བའི་སྟེང་ན་པདྨ་ཡོད། ། དེ་ཡི་སྟེང་ན་གཙུག་ཏོར་རོ། ། དེ་ནི་གསང་ཆེན་ཡེ་ཤེས་ཏེ། །
BO
རྒྱལ་བ་ཡིས་ཀྱང་མི་ཤེས་སོ། ། ལྟེ་བའི་འོག་གི་གསུམ་གནས་སུ། ། དེ་ཡི་སྟེང་དུ་རྒྱུ་ ཞབས་སོ། ། གསུམ་དངོས་འོག་གི་ལྟེ་བའི་དབྱིབས། ། དེ་རུ་རྡོ་རྗེ་བྱད་གཟུགས་གསལ། ། གསུམ་དངོས་གནས་ན་རྩ་རྣམས་ཀྱི། ། ཡང་དག་མཆོག་གི་གནས་ཡིན་ནོ། ། རོ་མ་འཛིན་མ་གཉིས་ཡིན་ཏེ། ། གསུམ་པ་དེ་ནི་རྟོག་མེད་ན། ། རྟོག་མེད་དེ་ནི་གཅིག་པུ་སྟེ། ། ཀུན་རྫོབ་ཏུ་ནི་གསུམ་དུ་འགྱུར། ། དེ་ནི་གཅིག་ཏུ་ལུ་གུ་རྒྱུད། ། ཇི་ལྟར་སྦྲུལ་འཁྱིལ་བཞིན་དུའོ། ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། ། རྩ་ནི་བྱེ་བྲག་གསུམ་དུ་འགྱུར། ། རྡོ་རྗེ་རྩེ་མོ་ཐུགས་རྡོ་རྗེ། ། གསུམ་གྱི་དངོས་པོ་གསུང་ཡིན་ནོ། ། ལྟེ་བ་སྐུ་ཞེས་བྱ་བར་གྲགས། ། དེ་ནི་རྡོ་རྗེ་གསུམ་ངེས་དོན། ། སྙིང་གར་ཐུགས་ཀྱི་རྡོ་རྗེ་སྟེ། ། མགྲིན་པ་གསུང་གི་རྡོ་རྗེའོ། ། དཔལ་བསྐྲུ་ཡི་རྡོ་རྗེ་སྟེ། ། རྒྱས་པར་བདག་གིས་རབ་ཏུ་གསལ། ། དེ་ཡི་དབུས་སུ་སྲོག་ཡོད་པ། ། དེ་བཞིན་དུ་ནི་ཉེ་བའི་སྲོག ། སྙིང་གའི་སྟེང་ལས་སྲོག་གི་རླུང་། ། ལྟེ་བའི་འོག་ལས་གསོ་བའི་རླུང་། ། གང་ཚེ་རྐང་མཐིལ་ལས་གསོ་རླུང་། ། གལ་ཏེ་འབྱུང་བ་ ཡིན་པར་འགྱུར། །
BO
དེ་ཡི་ཚེ་ན་སྲོག་གི་རླུང་། ། གྱེན་དུ་ལམ་དུ་འགྲོ་བའོ། ། གསོ་རླུང་ལྟེ་བའི་གནས་སུ་ནི། ། ངེས་པ་ཡི་ནི་གནས་བྱེད་དོ། ། ཡང་ན་གང་ཚེ་སྲོག་གི་རླུང་། ། གཙུག་ཏོར་ལས་ནི་ཕྱིར་འགྲོ་ན། ། དེ་ཚེ་གསོ་བའི་རླུང་དེ་ནི། ། རང་གི་གནས་སུ་འགྲོ་བའོ། ། དེ་ནི་སྲོག་གི་རླུང་ ཡིན་ཏེ། ། ལྟེ་བའི་གནས་སུ་འདུག་ས་བྱེད། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ཚུལ་དང་། ཆར་ཡང་དང་། ཐིག་ལེ་དང་། ཡེ་ཤེས་ཀྱི་གནས་དང་། རྩའི་ཀུན་སྤྱོད་ཅེས་བྱ་བའི་ལེའུ་སྟེ་བཅུ་བདུན་པའོ། ། ། ། བཅོམ་ལྡན་དེ་རུ་བདག་ཞུ་སྟེ། ། དེ་ཡི་བསམ་གཏན་ཇི་ལྟ་བུ། ། ཁ་སྦྱར་ རྣམ་པའི་སྦྱོར་བ་ཡིས། ། པད་རྣམས་འདུག་སའི་མཚན་ཉིད་དོ། ། རིམ་པ་གང་གིས་སེམས་དེ་ནི། ། འགྲོ་དང་འོང་བ་ཇི་ལྟར་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དྲིས་པ་ཡང་དག་གསང་བ་སྟེ། ། འདི་ནི་སུས་ཀྱང་མི་ཤེས་སོ། ། གང་གིས་ཁྱོད་ཀྱིས་གསལ་བར་ཤེས། ། ཉོན་ཅིག་ཡང་དག་བདག་གིས་བཤད། ། གང་ཚེ་ལེགས་དགྱེས་ཤིན་ཏུ་བདེ། ། ཤེས་རབ་ཐབས་ཀྱི་སྦྱོར་བ་ལས། ། དེ་ཚེ་རྟོག་པ་མེད་པའི་ལམ། ། བྱང་ཆུབ་སེམས་ནི་འབྱུང་བར་འགྱུར། ། ལྟེ་བའི་རྩ་བར་སྲོག་རླུང་ནི། །
BO
སྐད་ཅིག་ཙམ་ཡང་མི་བྱེད་ན། ། གང་ཞིག་པདྨ་ཁས་སྦུབ་ འདི། ། སྐད་ཅིག་གིས་ནི་གྱེན་དུ་འགྱུར། ། དེ་ཡི་ལྟེ་བའི་དབུས་སུ་ནི། ། སེམས་ནི་བརྟན་པར་འགྱུར་བའོ། ། དེ་ཚེ་ཐུར་དུ་འགྲོ་མི་འགྱུར། ། ཇི་ལྟར་མ་རྡོལ་སྣོད་དུ་ནི། ། ཆུ་ནི་འཛག་པ་མེད་པར་གནས། ། དེ་བཞིན་ངེས་པར་སེམས་འགྱུར་རོ། ། དེ་ནི་སྐད་ཅིག་སྒོམ་བྱེད་དོ། ། སངས་ རྒྱས་ཉིད་འགྱུར་ཐེ་ཚོམ་མེད། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེའས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་དང་། བསམ་གཏན་བརྟན་པ་ཞེས་བྱ་བའི་ལེའུ་སྟེ་{བཅྭ་,བཅོ་}བརྒྱད་པའོ། ། ། ། དབང་བསྐུར་ཡེ་ཤེས་མཚན་ཉིད་ནི། ། བཅོམ་ལྡན་དེ་ཉིད་དོན་ནི་གསུངས། ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ། དབང་བསྐུར་བ་ཡི་ཡེ་ཤེས་དོན། ། ཉོན་ཅིག་ཡང་དག་བདག་གིས་བཤད། ། གཟུགས་བཟང་བཅུ་དྲུག་ལོན་པ་དང་། ། སིཧླ་ག་བུར་ཡོད་པ་ཡི། ། ཕྱག་རྒྱ་གཅེར་བུར་བྱས་ནས་ནི། ། ལགས་དགྱེས་ཀྱིས་ནི་མཆོད་པར་བྱ། ། པདྨ་ཁ་སྦྱར་སྦྱོར་བྱ་ཡིས། ། ཡང་དང་ཡང་དུ་ འདོད་པ་བྱ། ། རིམ་པ་ཡིས་ནི་བསྐྱོད་པར་བྱ། ། ཁུ་བ་ཇི་ལྟར་འབྱུང་འགྱུར་བ། ། ཐམས་ཅད་འབྱུང་བར་གྱུར་པ་ན། ། པདྨའི་ནང་དུ་སྤང་བར་བྱ། །
BO
ལེགས་དགྱེས་ཀྱི་ནི་དབང་ཕྱུག་མ། ། འདི་ནི་སློབ་དཔོན་དབང་གི་རབ། ། ཡང་ནི་གསང་བའི་དབང་འདི་ནི། ། དད་པས་ཉོན་ ཅིག་བདག་གིས་བཤད། ། གང་ཚེ་གསང་གནས་ན་སེམས་ཡོད། ། དེ་ནི་གསང་བར་རབ་ཏུ་གྲགས། ། གསང་བ་པདྨའི་ཁུ་བ་ཡིན། ། མདུད་པའི་ནང་དུ་གསང་བའོ། ། དེ་ཡི་གནས་སུ་བརྟན་པར་བྱ། ། སེམས་ནི་ནམ་མཁའི་པདྨར་མིན། ། ཐམས་ཅད་རྒྱུད་ལས་རྙེད་དཀའ་བའི། ། ཤེས་རབ་ཡེ་ཤེས་བདག་གིས་བཤད། ། ཤེས་རབ་མྱ་ངན་འདས་ཞེས་བཤད། ། ཡེ་ཤེས་སྲིད་པ་ཞེས་བྱར་དྲན། ། འཁོར་བ་དེ་ནི་མཆོག་དགའ་བ། ། མྱ་ངན་འདས་པ་དགའ་བྲལ་དྲན། ། ཡང་ན་མྱ་ངན་འདས་གྲགས་པ། ། སངས་རྒྱས་རིན་ཆེན་པདྨའི་སྣོད། ། བུད་མེད་བྷ་གའི་ཕྱག་རྒྱའོ། ། དེ་ནི་ཤེས་རབ་ཅེས་བྱར་དྲན། ། ཡེ་ཤེས་སྣོད་ནི་ཡིན་པར་གྲགས། ། ཐམས་ཅད་བདེ་བའི་མཆོག་གི་གནས། ། ཁུ་བ་ཤེས་རབ་ཅེས་སུ་ཤེས། ། ཡེ་ཤེས་བདེ་བ་ཞེས་སུ་དྲན། ། དབང་བསྐུར་འོད་དུ་ཞུ་བར་འགྱུར། ། ཡེ་ཤེས་དུས་ལས་གཞན་པའོ། ། དེ་ནི་འགོག་པ་བཞི་པ་སྟེ། ། རང་ བཞིན་ཡེ་ཤེས་མཚན་ཉིད་དོ། ། འོད་དང་སྟོབས་དང་སྤྲིན་དང་ཚུལ། ། དབུགས་དང་ཨུཏྤལ་ས་དང་ལིད། ། སྙིང་པོ་ཟླ་ཉི་མུན་པ་དང་། །
BO
མཆོག་དང་སྒྲ་དང་རོ་དང་གློག ། དེ་ནི་བཅུ་དྲུག་ཤེས་པར་བྱ། ། བདེ་བའི་ཐིག་ལེ་དྲི་མེད་དོ། ། ཚངས་བུག་ནས་ནི་མགྲིན་གནས་སུ། ། དེ་ཙམ་དུ་ནི་ ཐིག་ལེ་བཞི། ། དེ་ཡི་གནས་སུ་དགའ་བ་བཞི། ། རོ་གཉིས་དང་ནི་ལྡན་པའོ། ། མགྲིན་པ་ནས་ནི་སྙིང་གར་གནས། ། ཡང་ནི་དེ་ཙམ་བཞི་ཡིན་ནོ། ། མཆོག་གི་དགའ་བའི་བཞི་ཡིན་ཏེ། ། རོ་གཉིས་དང་ནི་ལྡན་པའོ། ། སྙིང་གའི་གནས་ནས་རིན་ཆེན་སྐེར། ། ཡང་ནི་དེ་ཙམ་བཞི་ཡིན་ནོ། ། དགའ་བྲལ་དགའ་བའི་བཞི་ཡིན་ཏེ། ། རོ་གཉིས་དང་ནི་ལྡན་པའོ། ། རིན་ཆེན་སྐེ་ནས་སྟེང་གི་གནས། ། ཡང་ནི་དེ་ཙམ་བཞི་ཡིན་ནོ། ། ལྷན་ཅིག་སྐྱེས་དགའ་བཞི་ཡིན་ཏེ། ། རོ་གཉིས་དང་ནི་ལྡན་པའོ། ། དགའ་བ་བཅུ་དྲུག་ཐིག་ལེ་སྟེ། ། ཟླ་བའི་ཆ་རུ་རབ་ཏུ་དྲན། ། ཨཱ་ལི་ཐིག་ལེར་ཤེས་པར་ བྱ། ། འཁོར་ལོ་བཞི་ཡི་རིམ་པས་སོ། ། ཚངས་པ་ཡི་ནི་ཞལ་དང་བྲལ། ། རོ་དང་བཅས་པ་བདག་གི་ཞལ། ། བཅུ་གཉིས་དེ་ནི་ཉི་ཞེས་ཤེས། ། ཀཱ་ལི་ཐིག་ལེར་རབ་ཏུ་གྲགས། ། བཅུ་གཉིས་ཕྱེད་ནི་བདེ་ཐིག་ལེ། ། དགའ་དང་མཆོག་གི་དགའ་བར་དྲན། ། དགའ་བྲལ་དགའ་བའི་ཐིག་ལེ་ གསུམ། ། རང་བཞིན་གསུམ་དང་བྲལ་བའོ། ། ཡང་ནི་ཐམས་ཅད་བདག་ཉིད་ཉིད། །
BO
བཞི་པོའི་དོན་ནི་བདག་གིས་བཤད། ། གནས་བཞི་ལ་ནི་དབང་བཞི་སྟེ། ། ལེགས་དགྱེས་དབང་མོར་ཤེས་པར་བྱ། ། རྒྱུ་དང་འབྲས་བུའི་རིམ་པ་ཡིས། ། མདོར་བསྡུས་པ་ནི་བཞི་ཡིན་ཏེ། ། སྤྲུལ་དང་ ཆོས་དང་ལོངས་སྤྱོད་དང་། ། བདེ་བ་ཆེན་པོ་བཞི་བའོ། ། དེ་དག་སྐུ་ནི་བཞི་ཡིན་ཏེ། ། དོན་དམ་པར་ནི་ཤེས་བྱའོ། ། སུམ་ཅུ་གཉིས་ཕྱེད་རྩ་ནང་དུ། ། ཨཱ་ལི་ཐིག་ལེ་བཅུ་དྲུག་གོ། ། གཞན་བྱེད་ཀཱ་ལི་ཐིག་ལེ་སྟེ། ། རྟག་ཏུ་ལམ་ནས་འབབ་པའོ། ། ཨཱ་ལི་ཡེ་ཤེས་སེམས་སུ་འགྱུར། ། ཀཱ་ ལི་ཡེ་ཤེས་སེམས་ལས་འབྱུང་། ། བདེ་བ་ཆེན་པོ་གཅིག་པུ་སྟེ། ། ཀུན་རྫོབ་གཉིས་སུ་འབྱེད་པར་འགྱུར། ། ཤེས་རབ་རང་བཞིན་ཟླ་བ་སྟེ། ། ཐབས་ནི་ཉི་མའི་རང་བཞིན་ནོ། ། ཟླ་རྒྱུ་ཨཱ་ལི་འབྲས་བུ་སྟེ། ། ཨཱ་ལི་རྒྱུ་སྟེ་ཟླ་འབྲས་བུ། ། ཉི་མ་རྒྱུ་སྟེ་ཀཱ་ལི་འབྲས། ། ཀཱ་ལི་རྒྱུ་སྟེ་ཉི་འབྲས་བུ། ། ཉི་མའི་དབུས་ལས་ཟླ་འབྱུང་སྟེ། ། ཁུ་བའི་གཟུགས་ནི་བདེ་ཆེན་པོ། ། ཀཱ་ལི་བདེ་བའི་གསང་བའི་དབང་། ། ཨཱ་ལི་ཤེས་རབ་ཡེ་ཤེས་དང་། ། དེ་གཉིས་དབུས་སུ་བདེ་ཆེན་པོ། ། རང་བཞིན་དེ་ལྟར་དྲན་པའོ། ། རེག་བྱ་འཁྱུད་པ་ལ་སོགས་པས། །
BO
སློབ་དཔོན་གྱིས་ནི་དབང་བསྐུར་རོ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་དབང་གི་ཡེ་ཤེས་དང་། ། ཨཱ་ལི་ཀཱ་ལིའི་རྒྱུ་འབྲས་དང་། ། ཟླ་བ་འབྱུང་བ་དང་། རྩ་དང་། ཐིག་ལེ་དང་། དགའ་བ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་དགུ་པའོ། ། ། ། རྣལ་འབྱོར་དབང་ཕྱུག་སྤྱོད་པ་ནི། ། ཡང་ནི་བཅོམ་ལྡན་བཀའ་སྩོལ་ཅིག ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རྣལ་འབྱོར་དབང་ཕྱུག་སྤྱོད་པ་ནི། ། སྐལ་བ་ལྡན་མ་ཁྱོད་ཉོན་ཅིག ། ཟླ་བ་གཅིག་ཏུ་གསང་བ་སྤྱོད། ། ཡུལ་གྱི་མཐའ་འམ་ཡང་ན་ཚལ། ། ཐམས་ཅད་དོན་འགྲུབ་འགྱུར་བ་ཡིས། ། སྔགས་འདི་རྟག་ཏུ་བཟླས་པར་བྱ། ། ཧཱ་སྭཱ་ཀ་རོ་རོ་རཏ་ཏྃ་བ་དེ་ རོདྷན་ལམ་ཏྟ་ཙི་ཀོ་རདྷཱ་ཏ་མྲེ་རྒ་ལཱ་ན་ཛྲཱ་བ་ཨོཾ། དེ་ནས་མཁའ་ལ་རྣལ་འབྱོར་མ། ། འདུས་ནས་བཀའ་སྩལ་སྦྱིན་པར་བྱ། ། བུ་ཀྱེ་བུ་མོ་འདི་ཁྱོད་ཁྱེར། ། སྤྱོད་པ་རབ་ནི་ཁྱོད་ཀྱིས་གྱིས། ། བུ་མོ་བཅུ་དྲུག་ལོན་པ་དང་། ། སིཧླ་ག་བུར་ཡོད་པ་དང་། ། ཨུཏྤལ་སྔོན་པོའི་ མདོག་འདྲ་བ། ། ཙནྡ་ནས་ར་བའི་དྲི་ཡོད་ཅིང་། ། སྒེག་པ་ཡི་ནི་རྒྱན་དང་ལྡན། ། ལས་རྣམས་ཀུན་ལ་མཁས་པའོ། ། འབད་དེ་གསང་བའི་གཟུགས་སུ་ནི། ། དེ་དང་ལྷན་ཅིག་བདེ་བར་སོང་། །
BO
དོན་ཟིན་ནས་ནི་སོ་སོར་ནི། ། སྣ་ཚོགས་ཀྱི་ནི་གཟུགས་ཉིད་ཀྱིས། ། ལ་ལར་ འདོད་ཆགས་སྤྱོད་པ་དང་། ། ལ་ལར་འདོད་ཆགས་བྲལ་བའི་ཡིད། ། ལ་ལར་ཞི་བའི་གཟུགས་དང་ནི། ། ལ་ལར་ང་རྒྱལ་ལྡན་པའི་ཡིད། ། ལ་ལར་ན་བས་ཟོས་པ་དང་། ། ལ་ལར་བདེ་བའི་ལུས་ནི་རབ། ། ལ་ལར་སློངས་མོ་བྱེད་པ་དང་། ། ལ་ལར་རྒྱལ་པོ་ཆེན་པོ་རྒྱལ། ། ལ་ ལར་གཅེར་བུ་དྲི་མ་ཅན། ། ལ་ལར་དག་པ་གཙང་སྦྲ་ཅན། ། ལ་ལར་ཅུང་ཟད་ཙམ་གྱིས་འགྲངས། ། ལ་ལར་མང་པོས་འགྲངས་པར་བྱེད། ། ལ་ལར་ངོ་ཚར་བྱེད་པ་དང་། ། ལ་ལར་ངོ་ཚ་མེད་པའི་ཡིད། ། ལ་ལར་ལྐུགས་པར་འདུག་པ་དང་། ། ལ་ལར་སྒྲ་ཆེན་སྒྲོགས་པ་དང་། ། ལ་ལར་དྲི་ཆེན་ཟ་བ་དང་། ། ལ་ལར་འོ་མ་འཐུང་བར་བྱེད། ། ལ་ལར་སྡིག་པ་བྱེད་པ་དང་། ། ལ་ལར་བསོད་ནམས་ཆེན་པོར་བྱེད། ། ལ་ལར་ངུ་བར་བྱེད་པ་དང་། ། ལ་ལར་དགོད་ལ་གཅིག་ཏུ་དགའ། ། ལ་ལར་ཆོ་ལོང་རྩེ་བ་དང་། ། ལ་ལར་གར་ནི་གཅིག་པུ་བྱེད། ། ལ་ལར་ཆང་ གིས་ར་རོ་དང་། ། ལ་ལར་བྲམ་ཟེའི་སྤྱོད་པ་དང་། ། ལ་ལར་ཐོད་པའི་སྤྱོད་པ་དང་། ། ལ་ལར་གཏུམ་པའི་བྲན་བྱེད་དང་། ། ལ་ལར་ཆོས་ནི་སྟོན་པ་དང་། ། ལ་ལར་ཆོས་ནི་ཉན་པ་དང་། ། ལ་ལར་སྒྱུ་མ་བྱེད་པ་དང་། །
BO
ལ་ལར་སྒྱུ་མ་བྲལ་བ་དང་། ། ལ་ལར་{བརྫུན་,རྫུན་}ནི་སྨྲ་བ་དང་། ། ལ་ལར་ བྱིས་པའི་གཟུགས་ནི་སྟོན། ། ལ་ལར་རྒན་པོ་ལོ་མང་དང་། ། ལ་ལར་སྨད་འཚོང་མ་ཡི་གཟུགས། ། ལ་ལར་འདོད་པ་མཆོག་སྤྱོད་དང་། ། ལ་ལར་སེར་སྣ་ཡིས་ནི་འགུགས། ། ལ་ལར་སེར་སྣ་དང་བྲལ་ཡིད། ། ལ་ལར་བྱོལ་སོང་ཡན་ལག་ཉིད། ། ལ་ལར་རྣམ་ཤེས་མེད་པ་དང་། ། ལ་ ལར་བརྗོད་དུ་མེད་པ་དང་། ། ལ་ལར་ཡང་དག་གཟུགས་ཅན་སྟོན། ། དེ་ལྟར་རྣལ་འབྱོར་དབང་ཕྱུག་ནི། ། རང་དབང་གིས་ནི་ཀུན་ཏུ་སྤྱོད། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ། ། ། ། བཅོམ་ ལྡན་ཡེ་ཤེས་རྒྱ་མཚོ་ཁྱེད། ། བདག་ལ་ཐེ་ཚོམ་སྐྱེས་པ་མཆིས། ། སྔར་གསུངས་པ་ཡི་འཁོར་ལོ་དྲུག ། དེ་ཡི་ས་བོན་ཇི་ལྟ་བུ། ། གང་གི་སྔགས་ཀྱིས་བདུད་རྩི་ལྔའི། ། བཟའ་བ་དང་ནི་སྤྱོད་པའོ། ། ཁྱོད་དང་བདག་གི་སྙིང་པོ་ནི། ། ཇི་ལྟར་དེ་ནི་ངེས་པར་ཡོད། ། སེམས་ཅན་ རྣམས་ནི་བསྲུང་དོན་དུ། ། འདུས་པའི་གནས་ཀྱི་དབུས་སུ་ནི། ། ཚོགས་ཀྱི་འཁོར་ལོ་ཇི་ལྟ་བུ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཉོན་ཅིག་ལྷ་མོ་སྤྱན་{བཟངས་,བཟང་}མོ། །
BO
འཁོར་ལོ་དྲུག་གི་ས་བོན་ནི། ། ཀྵླིཾ་མླྃ་པླྃ་ཛླྃ་རླྃ་ཧླྃ་ནི། ། དབུས་སུ་རེ་རེ་དགོད་པར་བྱ། ། ཁྃ་རྃ་ཤྃ་ བྃ་སྃ་ནྃ་བྃ་ནི། ། རླུང་གི་འཁོར་ལོའི་ས་བོན་དྲུག ། བླིཾ་ཀླིཾ་ཛླིཾ་མེ་འཁོར་ལོ། ། མཁས་པས་གྲུ་གསུམ་དགོད་པར་བྱ། ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས། སྤྲུལ་པའི་འཁོར་ལོའི་འདབ་མ་ལ། ། གཉིས་ སུ་བྱས་པའི་ས་བོན་གདབ། ། ཏྲཱྃ་ཧྲཱིཾ་ཨཱུྃ་ཁྃ་དང་། ལཱྃ་མཱྃ་པཱྃ་ཏཱྃ། ཆོས་ཀྱི་འཁོར་ལོའི་ས་བོན་བརྒྱད། ། ཨ་ཨཱ། ཨ་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཱཿ། ལོངས་སྤྱོད་འཁོར་ལོ་བརྒྱད་གཉིས་འདི། ། གཡོན་སྐོར་དུ་ནི་བྲི་བར་བྱ། ། དེ་ནི་གཉིས་སུ་ བྱས་པ་ནི། ། བདེ་ཆེན་འཁོར་ལོའི་ས་བོན་ནོ། ། མཉམ་པ་ཡི་ནི་ས་ཡི་ཆ། ། ཆང་ལ་སོགས་པས་བྱུག་པ་བྱ། ། ཙནྡན་དང་ནི་གུར་གུམ་མཆོག ། སྣ་ཚོགས་མཆོག་གི་མེ་ཏོག་དང་། ། སྣ་ཚོགས་མཆོད་པ་ལ་སོགས་ཀྱིས། ། མཁས་པས་ས་ལ་མཆོད་པར་བྱ། ། བུ་མོ་ ཡིད་འཕྲོག་ལྷ་ཡི་གཟུགས། ། ཉི་ཤུ་ལོན་པ་གཡོ་བ་མེད། ། གནས་ནི་གང་དུ་སྔགས་རྒྱལ་བཏུ། ། རེ་ཞིག་དང་པོ་དེ་རུ་གཞུག ། མཆོག་གི་དགའ་བའི་སྦྱོར་བ་ཡིས།
BO
། རྩེ་གཅིག་གིས་ནི་བསྙེན་པར་བྱ། ། བསྙེན་པའི་ལས་ནི་རྫོགས་པ་དང་། ། དེ་ནས་ས་ལ་བསང་གཏོར་ བྱ། ། སློབ་མ་དེ་ཡི་ཐིག་ལེ་བ། ། བུ་མོ་ལ་ཡང་དེ་ལྟར་རོ། ། ཤ་ཆེན་ལ་སོགས་ཀྱིས་གང་བའི། ། གཏོར་མ་ཕྱོགས་བཞིར་གཏང་བར་བྱ། ། ཚོགས་ལ་འབད་དེ་མཆོད་པ་བྱ། ། མེད་ན་ཡང་ནི་འབད་པས་སོ། ། སྔགས་བཏུབ་ཡི་དུས་སུ་ན། ། འབད་དེ་བླ་མ་མཆོད་ པར་བྱ། ། བླ་མ་དགྱེས་ན་སྔགས་རྒྱལ་ནི། ། ཐེ་ཚོམ་མེད་པར་ཐོབ་པར་འགྱུར། ། དེ་ལྟར་མིན་ན་སྐྱོན་ཡོད་དེ། ། སྔགས་ཀྱང་ཐོབ་པར་མི་འགྱུར་རོ། ། རྡོ་རྗེ་ཕྲེང་བས་བསྐོར་བ་ཡིས། ། འདབ་མ་བརྒྱད་པའི་པདྨ་བྲི། ། དབུས་སུ་ཀྵ་ཡི་ས་བོན་ནི། ། རྡོ་རྗེ་སེམས་དཔའི་རང་བཞིན་ ཅན། ། ཨཱ་ལི་ཀཱ་ལི་མཉམ་སྦྱར་ནས། ། ཐུབ་པ་བདུན་ནི་བཏུ་བར་བྱ། ། དང་པོར་རྣམ་པར་སྣང་མཛད་བྲི། ། ལྔ་བ་ཡི་ནི་ལྔ་པ་དང་། ། ཨུཥྨ་ཡི་ནི་བཞི་པ་དང་། ། བཅུ་དྲུག་པ་ཡི་གཉིས་པར་ལྡན། ། དང་པོ་ཡི་ནི་དང་པོ་དང་། ། མེ་ཡིས་འོག་ཏུ་བརྒྱན་པའོ། ། དབྱངས་ཡིག་ བཅུ་གསུམ་པ་དང་ལྡན། ། གཏི་མུག་ཐམས་ཅད་མཚོན་ཆའོ། ། བཞི་པ་ཡི་ནི་བཞི་པ་དང་། ། དབྱངས་ཡིག་བཅུ་གཅིག་པ་དང་ལྡན། ། ཨུཥྨ་ཤ་ཡི་དང་པོ་དང་། །
BO
ཨནྟ་སྠ་ཡི་བཞི་པར་ལྡན། ། དེ་ནས་མེ་ཡི་ས་བོན་དང་། ། གཉིས་པ་ཡི་ནི་གསུམ་པ་དང་། ། ཨནྟ་སྠ་ཡི་ དང་པོ་དང་། ། ཨནྟ་སྠ་ཡི་བཞི་པ་དང་། ། དབྱངས་ཡིག་གསུམ་པ་དང་ལྡན་པ། ། ཐམས་ཅད་ཀྱི་ནི་སྙིང་པོ་བཅོམ། ། གཉིས་པ་ཡི་ནི་གསུམ་པ་དང་། ། དེ་ནས་བརྒྱད་པའི་དང་པོ་དང་། ། དབྱངས་ཡིག་གཉིས་པ་དང་ལྡན་པ། ། ཡི་གེ་མཆོག་ཉིད་གནས་ཡིན་ནོ། ། གསུམ་ པ་ཡི་ནི་དང་པོ་དང་། ། དེ་ཉིད་ཀྱི་ནི་འོག་ཏུ་བརྒྱན། ། ཡང་ན་དེ་ཉིད་བྲི་བར་བྱ། ། ཨུཥྨ་ཡི་ནི་བཞི་པ་དང་། ། དབྱངས་ཡིག་གཉིས་པ་དང་ལྡན་པ། ། རྡོ་རྗེ་སེམས་དཔའི་རང་བཞིན་ཅན། ། ཨུཥྨ་ཡི་ནི་གསུམ་པ་དང་། ། ལྔ་པ་ཡི་ནི་ལྔ་པ་དང་། ། ཨུཥྨ་ཡི་ནི་བཞི་པ་དང་། ། དབྱངས་ཡིག་ གཉིས་པས་བརྒྱན་པའོ། ། དང་པོ་ཡི་ནི་དང་པོ་དང་། ། ཨནྟ་སྠ་ཡི་གསུམ་པ་དང་། ། ལྔ་པ་ཡི་ནི་དང་པོ་དང་། ། དབྱངས་ནི་གཉིས་པས་བརྒྱན་པའོ། ། དང་པོ་ཡི་ནི་གསུམ་པ་དང་། ། ཉི་ཤུ་བ་ཡིས་བརྒྱན་པའོ། ། དབྱངས་ཡིག་གསུམ་པ་དང་ལྡན་པ། ། ཁྲོ་བོ་ཡི་ནི་ གཟུགས་ཆེན་ཆེ། ། ཨུཥྨ་ཡི་ནི་གསུམ་པ་དང་། ། བཞི་པ་ཡི་ནི་ལྔ་པ་དང་། ། དེ་ཉིད་འོག་ཏུ་ལྡན་པར་བྱ། ། དབྱངས་ཡིག་གསུམ་པས་བརྒྱན་པ་སྟེ། །
BO
ལྷ་རྣམས་ཀུན་གྱི་བྱེད་པའོ། ། ལྔ་པ་ཡི་ནི་བཞི་པ་དང་། ། དབྱངས་ཡིག་གཉིས་པས་བརྒྱན་པའོ། ། བརྒྱད་པ་ཡི་ནི་དང་ པོ་དང་། ། ཐམས་ཅད་ཀུན་གྱི་ཕ་ཡིན་ནོ། ། ཨུཥྨ་ཡི་ནི་བཞི་པ་དང་། ། དབྱངས་ཡིག་དྲུག་པས་བརྒྱན་པ་ནི། ། ཟླ་ཚེས་ཐིག་ལེ་དང་ལྡན་པ། ། སེམས་ཀྱི་དབང་ཕྱུག་ཡི་གེ་མཆོག ། དེ་ཉིད་ཡང་ནི་བྲི་བར་བྱ། ། དེ་ནས་ལྔ་པའི་གཉིས་པ་དང་། ། གསུམ་པ་ཡི་ནི་དང་པོ་ དང་། ། ཨུཥྨ་ཡི་ནི་གསུམ་པ་དང་། ། ཨནྟ་སྠ་ཡི་བཞི་པར་ལྡན། ། དབྱངས་ཡིག་གཉིས་པས་བརྒྱན་པའོ། ། ཡ་ཡི་སྡེ་ཚན་བརྒྱད་པ་དང་། ། དབྱངས་ཡིག་གཉིས་པ་དང་ལྡན་པ། ། ཐམས་ཅད་དོན་གྲུབ་མཆོག་ཡིན་ཏེ། ། བདག་གི་སྙིང་པོའི་སྔགས་རྒྱལ་ལོ། ། དབང་པོ་ གཟུགས་ཀྱི་བདག་པོ་དང་། ། ཨནྟ་སྠ་ཡི་བཞི་པ་དང་། ། གཉིས་པ་ཡི་ནི་གསུམ་པ་དང་། ། མེ་ཡིས་འོག་ཏུ་བརྒྱན་པའོ། ། བཞི་པ་ཡི་ནི་དང་པོ་དང་། ། དབྱངས་ཡིག་བཅུ་གཅིག་དང་ལྡན་པ། ། གཉིས་པ་ཡི་ནི་གསུམ་པ་དང་། ། དབྱངས་ཡིག་བཅུ་གསུམ་པས་བརྒྱན་ པ། ། དང་པོ་ཡི་ནི་གསུམ་པ་དང་། ། མེ་ཡིས་འོག་ཏུ་བརྒྱན་ལྡན་པ། ། ཨུཥྨ་ཡི་ནི་བཞི་པ་དང་། ། རི་ཡིག་འོག་ཏུ་བརྒྱན་པ་ནི། ། དབྱངས་ཡིག་བཞི་པ་དང་ལྡན་པ། །
BO
སེམས་ཅན་ཐམས་ཅད་དབང་དུ་བྱེད། ། ཡང་ན་དེ་ཉིད་བྲི་བར་བྱ། ། དེ་བཞིན་ལྔ་པའི་གཉིས་པ་དང་། ། གསུམ་པ་ཡི་ནི་དང་པོ་དང་། ། ཉེ་བའི་སྙིང་པོ་མཆོག་གི་སྔགས། ། དང་པོར་རྣམ་པར་སྣང་མཛད་དང་། ། དེ་ནས་ཨུཥྨའི་གསུམ་པ་དང་། ། དབྱངས་ཡིག་ལྔ་པ་དང་ལྡན་པ། ། ལྷ་རྣམས་ཀྱི་སེམས་གཏི་མུག་བྱེད། ། དེ་ནས་མེ་ཡི་ས་བོན་དང་། ། དེ་ནས་བཞི་པའི་དང་པོ་དང་། ། ཨུཥྨ་ཡི་ནི་གསུམ་པ་དང་། ། དེ་ནས་ཉི་ཤུ་རྩ་ལྔ་པ། ། དེ་ནས་རླུང་གི་ས་བོན་བྲི། ། དབྱངས་ཡིག་བཅུ་གཅིག་པ་དང་ལྡན། ། གཞན་གྱི་ཕྱག་རྒྱ་རབ་ཏུ་འཇོམས། ། ཨུཥྨ་ཡི་ནི་དང་པོ་དང་། ། ཨནྟ་སྠ་ཡི་བཞི་བར་ལྡན། ། དེ་ནས་ཉི་མའི་ས་བོན་དང་། ། དབྱངས་ཡིག་གསུམ་ པས་བརྒྱན་པའོ། ། ཨུཥྨ་ཡི་ནི་བཞི་པ་དང་། ། དབྱངས་ཡིག་དྲུག་པ་དང་ལྡན་པ། ། ཟླ་ཚེས་ཐིག་ལེས་བརྒྱན་པའོ། ། ཡང་ན་དེ་ཉིད་བྲིས་པ་ནི། ། གཞན་གྱི་སྔགས་ནི་འཇོམས་པའོ། ། ལྔ་པ་ཡི་ནི་གཉིས་པ་དང་། ། དེ་ནས་གསུམ་པའི་དང་པོ་དང་། ། ཨུཥྨ་ཡི་ནི་གསུམ་པ་དང་། ། ཨནྟ་སྠ་ཡི་བཞི་པར་ལྡན། ། དབྱངས་ཡིག་གཉིས་པར་ལྡན་པ་ནི། ། སྡུག་བསྔལ་ཐམས་ཅད་མེད་བྱེད་པ། ། ཡ་ཡི་སྡེ་ཚན་བརྒྱད་པ་དང་། །
BO
དབྱངས་ཡིག་གཉིས་པ་དང་ལྡན་པའོ། ། དངོས་གྲུབ་ཐམས་ཅད་འགྲུབ་པ་སྟེ། ། ཁྱོད་ཀྱི་ སྙིང་པོའི་སྔགས་རྒྱལ་ལོ། ། དང་པོ་ལྷ་ཡི་བདག་པོ་དང་། ། དེ་ནས་དང་པོའི་དང་པོ་དང་། ། འོག་ཏུ་ས་ཡིག་དང་ལྡན་པ། ། དབྱངས་ཡིག་གི་ནི་བཞི་པས་བརྒྱན། ། ཟླ་ཚེས་ཐིག་ལེ་ཡིས་ནི་བརྒྱན། ། ཐམས་ཅད་ཀུན་གྱི་བྱེད་པ་པོ། ། ཨནྟ་སྠ་ཡི་བཞི་པ་དང་། ། ས་ཡི་འོག་ ཏུ་ལྡན་པ་དང་། ། དབྱངས་ཡིག་གི་ནི་བཞི་པ་ལྡན། ། ཟླ་ཚེས་ཐིག་ལེ་ཡིས་ནི་བརྒྱན། ། གཉིས་པ་ཡི་ནི་གསུམ་པ་དང་། ། ས་ཡི་ཡི་གེ་འོག་ཏུ་ལྡན། ། དབྱངས་ཡིག་བཞི་པ་དང་ལྡན་པ། ། ཟླ་ཚེས་ཐིག་ལེས་བརྒྱན་པའོ། ། ལྔ་པ་ཡི་ནི་གཉིས་པ་དང་། ། གསུམ་པ་ ཡི་ནི་དང་པོ་དང་། ། སྭཱ་ཧཱ་ཐ་མར་ལྡན་པ་ནི། ། ཁྱོད་ཀྱི་ཉེ་བའི་སྙིང་པོའོ། ། དེ་ནི་སྔགས་ཀྱི་གསང་ཆེན་པོ། ། སུ་ལ་ཡང་ནི་མི་སྦྱིན་ཏེ། ། ལྷ་མོ་དེ་བཞིན་མན་ངག་འདི། ། སུ་ལ་ཡང་ནི་མི་སྦྱིན་ནོ། ། བྱེ་བ་འབུམ་གྱི་ནང་ནས་གཅིག ། དེ་ནི་མན་ངག་གི་ནི་སྣོད། ། སྔགས་ སམ་ཡང་ན་མན་ངག་འདི། ། བརྟག་པར་བྱས་ཏེ་དེ་ནས་སྦྱིན། ། བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང་། ། དེ་ལྟར་མིན་ན་འགྲུབ་པ་མེད། ། བླ་མའི་ཁ་ལས་མན་ངག་འདི། །
BO
ལེགས་དགྱེས་དབང་མོ་རྙེད་པར་འགྱུར། ། བསྟན་བཅོས་ལུང་ལས་ཡང་དག་ནི། ། ནམ་ཡང་རྙེད་ པར་མི་འགྱུར་རོ། ། མན་ངག་དོན་དུ་བླ་མ་མཆོག ། ཡང་དང་ཡང་དུ་ཞུ་མི་བྱ། ། བླ་མ་མཉེག་ན་ཡང་དག་ཉིད། ། མན་ངག་དེ་ལ་སྦྱིན་པར་བྱེད། ། ཇི་ལྟར་བུ་མོ་ལང་ཚོ་བབ། ། ཕ་ལ་ཞུ་བར་མི་བྱེད་ན། ། ཕ་རང་ཉིད་ཀྱིས་ཤེས་ནས་ནི། ། ད་ནི་བུ་མོ་སྦྱིན་དུས་སྙམ། ། ཏྲཱྃ་ཧྲཱིཿཁྃ་གི་སྔགས་རྒྱལ་གྱིས། ། བདུད་རྩི་ལྔ་ནི་སྤྱད་པར་བྱ། ། ས་ཆུ་མེ་རླུང་རྣམས་ཀྱི་ནི། ། ས་བོན་གྱིས་ནི་བཟའ་བར་བྱ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་འཁོར་ལོ་དྲུག་གི་ས་བོན་དང་། སྔགས་བཏུང་དང་། བདུད་རྩི་ལྔ་བཟའ་བ་དང་། ། སྤྱད་པ་ཞེས་བྱ་བའི་ལེའུ་སྟེ་ ཉི་ཤུ་རྩ་གཅིག་པའོ། ། ། ། འབྱུང་པོ་རྣམས་ནི་བསྲུང་དོན་དུ། ། ཉོན་ཅིག་གཏོར་མ་བདག་གིས་བཤད། ། དུར་ཁྲོད་ཡང་ན་ཆུ་ངོགས་སམ། ། ཡུལ་གྱི་མཐའ་འམ་ཡང་ན་ནི། ། ཤིང་གཅིག་དང་ནི་ཁང་སྟོང་དུ། ། གཏོར་མ་འབད་དེ་སྦྱིན་པར་བྱ། ། ཚངས་པ་མ་དང་། དྲག་ མོ་དང་། དབང་ཕྱུག་ཆེན་མོ་དང་། ཁྱབ་འཇུག་མ་དང་། ཕག་མོ་དང་། མིའི་སེང་གེ་མོ་དང་། བརྒྱ་བྱིན་མོ་དང་། མེ་མོ་དང་། ཆུ་ལྷ་མོ་དང་། རླུང་ལྷ་མོ་དང་།
BO
གཞོན་ནུ་མོ་དང་། གནོད་སྦྱིན་མོ་དང་། མཁའ་ལྡིང་མོ་དང་། སྤྲུལ་མོ་དང་། གླང་ཆེན་མོ་དང་། གཤིན་ རྗེ་མོ་དང་། ནོར་སྦྱིན་མོ་དང་། ཉི་མ་མོ་དང་། གཏུམ་མོ་དང་། དེ་ལྟ་བུའི་རྣལ་འབྱོར་མ་འཁོར་དང་བཅས་པ་ཐམས་ཅད་རྣལ་འབྱོར་བས་འདིར་ཕྱག་རྒྱ་འདིས་དགུག་པར་བྱའོ། ། རྡོ་རྗེ་ཁུ་ཚུར་གཉིས་བྱས་ཏེ། ། རྒྱབ་དང་རྒྱབ་ཏུ་བསྣོལ་བར་བྱ། ། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྤྲེལ་ མཛུབ་མོ་དྲང་པོར་བསྒྲེང་བྱས་ཏེ། ། གཡས་དང་གཡོན་གྱི་ཕྱག་གཉིས་ནི། ། ཅུང་ཟད་ཙམ་ནི་དགུག་པར་བྱ། ། རྣལ་འབྱོར་མ་ཐམས་ཅད་དང་། མཁའ་འགྲོ་མ་ཐམས་ཅད་དང་། འབྱུང་པོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟ་དང་། དྲག་པོ་ཆེན་པོ་དང་། བརྗེད་བྱེད་རྣམས་ཚུར་ ཤོག་ཚུར་ཤོག ། ཉ་དང་། ཤ་དང་། ཁྲག་ཆེན་པོ་དང་། བཟའ་བ་སྣ་ཚོགས་དང་ལྡན་པ། མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། བདུད་རྩི་ལྔ་དང་། ཆང་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། གདུགས་དང་། རྔུལ་ཡབ་ཀྱིས་བརྒྱན་པའི་གཏོར་མ་འདི་སྣོམས་ ཤིག ། དམ་ཚིག་འདི་སྲུངས་ཤིག ། བདག་གི་དོན་ཐམས་ཅད་ཀྱི་གྲོགས་གྱིས་ཤིག །
BO
རྒྱུད་འདི་ལ་གང་ཞིག་དད་པ་ཡོད་པ་དེ་རྣམས་བསྲུང་བའི་དོན་དུ་གསོལ་ཅིག ། འཐུང་ཤིག ། རོལ་ཅིག ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བྷ་གའི་ཕྱག་རྒྱ་མགོ་སྟེང་བཅའ། ། ཕྱག་རྒྱ་འདི་ཡིས་གཏོར་ མ་སྦྱིན། ། རྐང་པ་མནན་ཅིང་སྟེང་དུ་བལྟ། ། ཧ་ཧའི་སྒྲ་ནི་སྒྲོགས་བྱེད་ཅིང་། ། རུས་པའི་རྒྱན་དང་ལྡན་པ་ཡི། ། ཧེ་རུ་ཀར་ནི་བདག་ཉིད་བསམ། ། བརྒྱ་བྱིན་འདྲ་བའི་ལྷ་མ་ཡིན། ། མདུན་དུ་བྱུང་བར་གྱུར་ན་ཡང་། ། དེ་ལ་འཇིགས་པར་མི་བྱ་སྟེ། ། གཞན་རྣམས་ སྨོས་ཀྱང་ཅི་ཞིག་དགོས། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་གཏོར་མའི་ལས་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། ། ། ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ནི། ། ཉོན་ཅིག་ལྷ་མོ་སྤྱན་{བཟངས་,བཟང་}མོ། ། གསང་བ་མཆོག་གི་དགྱེས་པ་ཡི། ། དེ་རུ་འཁོར་ལོ་རབ་ཏུ་བསྐོར། ། ཐམས་ཅད་དམ་ཚིག་གཅིག་པ་དང་། ། ཐམས་ཅད་རྟོག་པ་མེད་པ་དང་། ། སེར་སྣ་ང་རྒྱལ་སྤངས་པ་དང་། ། འདོད་ཆགས་ཞེ་སྡང་བྲལ་བ་དང་། ། བླ་མ་ལ་གུས་བསམ་གཏན་ལྡན། ། ཕྲག་དོག་མེད་ཅིང་རྩེ་གཅིག་པ། ། དེ་ལྟར་དགྱེས་པ་ཚོགས་འཁོར་ལོ། ། མཁས་པས་ འབད་དེ་གཞུག་པར་བྱ། ། དེ་ལྟར་མིན་ན་སྐྱོན་ཡོད་དེ། །
BO
འཁོར་ལོ་ཡང་ནི་འགྲུབ་མི་འགྱུར། ། ཐབས་དང་མཉམ་པའི་ཤེས་རབ་མ། ། ཉི་ཤུ་རྩ་ལྔ་ཡན་ཆད་སྤངས། ། ཐབས་རེ་ཤེས་རབ་རེ་རེར་ལྡན། ། ཀུན་ལ་གཅིག་ནི་མི་མཛེས་སོ། ། དང་པོ་ཡིད་འཕྲོག་དགྱེས་པ་ཡིས། ། མེ་ ཏོག་དཀྱིལ་འཁོར་བྲི་བར་བྱ། ། དེ་རུ་སྣ་ཚོགས་མཆོད་པ་ནི། ། རྩེ་གཅིག་གིས་ནི་ལེགས་པར་བྱ། ། བླ་མ་དངོས་པོ་ཐམས་ཅད་ཀྱིས། ། དད་པ་ཡིས་ནི་མཆོད་པར་བྱ། ། ཚོགས་པ་ལ་ཡང་འབད་དེ་མཆོད། ། མཉམ་ཉིད་བལྟ་བ་སེམས་ཀྱིས་སོ། ། ཇི་ལྟར་བླ་མས་ཕྱག་རྒྱ་འཛིན། ། ཚོགས་ཀྱིས་ཀྱང་ནི་དེ་ལྟར་རོ། ། རྩེ་གསུམ་ཡང་ན་རལ་གྲིས་བསད། ། ནམ་ཕྱེད་ན་ནི་བླང་བར་བྱ། ། སྣ་ཚོགས་མཆོད་པའི་མཆོད་སྦྱིན་གྱིས། ། མཆོད་ནས་བླ་མའི་གདན་བྱའོ། ། དབུས་སུ་བདག་ཉིད་ཧེ་རུ་ཀར། ། ཕྱག་རྒྱ་ཆེན་པོ་དང་ལྡན་པ། ། དེ་ནི་བླ་མ་ཞེས་སུ་བསྟན། ། ལེགས་ དགྱེས་དབང་མོ་བདག་ཉིད་དོ། ། ཚོགས་ཀྱི་འཁོར་ལོའི་དབུས་སུ་ནི། ། མཆིལ་མ་ལ་སོགས་དོར་མི་བྱ། ། གཏམ་ཀྱང་སྨྲ་བར་མི་བྱ་སྟེ། ། རྐང་པ་ལ་སོགས་{བརྐྱང་མ,རྐྱང་མ}ི་བྱ། ། ཕྱག་རྒྱའི་བརྡ་དང་གསང་བའི་སྐད། ། དེ་ལ་འབད་པས་བྱ་བའོ། ། བཀའ་ལུང་མེད་ན་གར་དང་གླུ། ། ནམ་ ཡང་ཚོགས་ཀྱིས་མི་བྱའོ། །
BO
དུམ་བུ་གཅིག་པའི་མཚན་ལྡན་སྣོད། ། བླ་མའི་མདུན་དུ་གཞག་པར་བྱ། ། ཡང་ན་དུམ་བུ་གསུམ་པ་ནི། ། ལྷ་ཡི་ཆང་གིས་བཀང་བར་བྱ། ། སྣ་ཚོགས་མཆོད་པའི་མཆོད་སྦྱིན་གྱིས། ། སྣོད་དེ་ལ་ནི་མཆོད་པར་བྱ། ། ཚོགས་ཀྱི་འཁོར་ལོར་སྣོད་གཞན་ ནི། ། མེ་ཏོག་རྒྱན་གྱིས་བརྒྱན་པའོ། ། བཟའ་བ་སྣ་ཚོགས་དང་ལྡན་པའི། ། དང་པོར་གཏོར་མ་ཆེན་པོ་ནི། ། ཇི་ལྟར་དགའ་བ་མེད་མི་འགྱུར། ། ཇེ་མང་ཇེ་མང་བཏུང་བར་བྱ། ། ཡང་དང་ཡང་དུ་ཕྱག་བྱ་ཞིང་། ། ཕྱག་རྒྱ་བཅིངས་ལ་བཏུང་བར་བྱ། ། དེ་ནས་བཟའ་བ་ཐམས་ཅད་ཀུན། ། དག་པར་ བྱས་ནས་བཟའ་བར་བྱ། ། ལྟེ་བའི་རི་བོང་འཛིན་དཀར་དང་། ། རྟ་མགྲིན་མཆོག་དང་ལྡན་པ་དང་། ། ཧུྃ་གིས་རྡོ་རྗེ་དཀར་ལེགས་སྤྱད། ། ཨཿཡིས་རབ་ཏུ་རྟོགས་བྱས་ཤིང་། ། ཨོཾ་ཀྱི་འོད་ཀྱིས་འབར་འགྱུར་བར། ། བྱིན་གྱིས་བརླབས་ནས་མངོན་པར་བཟའ། ། རང་ལྕེ་པད་འདབ་དབུས་མ་རུ། ། ཧུྃ་བྱུང་རྡོ་རྗེ་ དཀར་པོ་དགོད། ། ཕྱི་ནང་བདག་ཉིད་ཐམས་ཅད་ཀུན། ། འཁོར་ལོ་དེ་ཡིས་རབ་ཚིམ་བྱ། ། འཁོར་ལོ་བཞི་ཡི་དབྱེ་བ་ཡིས། ། འཁོར་ལོ་མ་ལུས་ཀུན་སྦྱང་བྱ། ། དཔའ་བོའི་ལྕེ་ལ་དཔའ་བོ་ནི། ། དཔའ་བོའི་དཔའ་བོ་དབུས་སུའོ། །
BO
དཔའ་བོའི་ཁ་ལ་དཔའ་བོ་ནི། ། མཆོད་པའི་དུས་སུ་མཆོད་པར་བྱ། ། ལྟེ་བ་ གཉིས་ཀྱི་དབུས་སུ་ནི། ། དཔའ་བོ་ཀུན་གྱི་མཆོག་གི་གནས། ། དཔའ་བོ་རྣམས་ཀྱི་མཆོག་གི་དོན། ། དཔའ་བོ་དེ་ཀུན་མི་ཤེས་ན། ། དེ་ཡིས་ཚོགས་ཀྱི་འཁོར་ལོ་ནི། ། ནམ་ཡང་ཐོབ་པར་མི་འགྱུར་རོ། ། གང་ཅི་དེ་ལྟའི་རིམ་པ་ཡིས། ། ཕྱི་དང་ནང་གི་བྱ་བའོ། ། དེ་ལྟར་བྱས་ན་དངོས་གྲུབ་འཐོབ། ། མཁའ་འགྲོ་མ་ཡང་ལྷན་ཅིག་འདུས། ། གལ་ཏེ་གཞན་མའི་རྣལ་འབྱོར་མ། ། བརྟག་པའི་དོན་དུ་འོང་འགྱུར་ན། ། དེ་ལ་རེ་ཞིག་ཐེ་ཚོམ་ནི། ། མཁས་པས་ནམ་ཡང་མི་བྱའོ། ། གཏམ་ནི་སྨྲ་བར་མི་བྱ་སྟེ། ། ཕྱག་རྒྱས་བསྙུན་ནི་གསོལ་བར་བྱ། ། གང་ཞིག་དེ་རུ་བླ་མ་ཡིས། ། གསུང་བ་དང་ནི་མཛད་ པའང་དེ། ། ཡང་ན་ལས་ཀྱི་རྡོ་རྗེ་ནི། ། ཐམས་ཅད་དོན་ཀུན་བྱེད་པའང་རུང་། ། ཇི་ལྟར་རྡོ་རྗེ་སེམས་དཔས་རོལ། ། ལས་ཀྱི་རྡོ་རྗེས་དེ་ལྟར་རོ། ། སྣ་ཚོགས་གཟུགས་ཀྱིས་རྣལ་འབྱོར་མ། ། ཡང་དང་ཡང་ནི་འོང་འགྱུར་ན། ། དེ་རུ་རེ་ཞིག་འཇིགས་མི་བྱ། ། དཔའ་བོ་ཡི་ནི་གཟུགས་སུ་སྤྱོད། ། བསྡམས་ པ་ལ་ལར་བྱེད་པ་ན། དེ་ལ་ཆད་པར་བ་རྟོགས་བྱ། ། ཡང་དག་དགའ་བ་བྱུང་གྱུར་ན། །
BO
ཐར་པའི་རྒྱུ་ཕྱིར་གར་བྱའོ། ། འོན་ཀྱང་རྡོ་རྗེ་རྐང་པའི་གར། ། ཇི་ལྟར་རྣལ་འབྱོར་མ་མཉེས་འོད། ། མའམ་སྲིང་མོ་ཆུང་མ་དང་། ། སྒྱུག་མོ་དང་ནི་མནའ་མ་ལ། ། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། ། འབད་ དེ་དེ་ལ་མཆོད་པར་བྱ། ། དེ་རྣམས་མཆོད་པས་དངོས་གྲུབ་ནི། ། གང་ཞིག་སེམས་ལ་བསམས་པ་ཡོད། ། ལྷག་མའི་གཏོར་མ་བཟུང་ནས་ནི། ། དགོན་པ་ཆེན་པོར་གཏང་བར་བྱ། ། གལ་ཏེ་དེ་རུ་རྣལ་འབྱོར་མ། ། བལྟ་བ་དེ་ནི་སྟོན་བྱེད་ན། ། དེ་རྣམས་མཚན་ཉིད་འདི་ལྟ་བུ། ། མཁས་པས་འབད་པས་ཤེས་ པར་བྱ། ། གང་ཞིག་བཞིན་གྱི་དཀྱིལ་འཁོར་ནི། ། ཀུན་དུ་ཟླུམ་པོར་སྣང་འགྱུར་ཞིང་། ། ཁ་ནི་སྨ་ར་རྟག་པར་ཡོད། ། སྤུ་དང་སྨིན་མ་རིང་བ་དང་། ། གོས་བཟང་གཙང་ཞིང་ཞི་བ་དང་། ། མི་གཡོ་བདེན་པར་སྨྲ་བ་དང་། ། རྟག་ཏུ་དམ་པའི་ཆོས་ལ་དགའ། ། དཔའ་བོའི་སྲིང་མོ་དེ་ནི་དྲན། ། པདྨའི་ཕྱག་རྒྱ་སྦྱིན་པར་ བྱ། ། དེ་བཞིན་རུས་སྦལ་ཕྱག་རྒྱའོ། ། པགས་པ་བུམ་པ་སྤྱི་བླུགས་ཉིད། ། ཕྱག་རྒྱའི་ལན་དུ་ཤེས་པར་བྱ། ། དེ་ནི་ཚེས་བཅུའི་རེས་དག་ལ། ། ཁྱིམ་དུ་པདྨ་འདྲི་བར་འགྱུར། ། ལཱ་མ་ཡི་ནི་བུད་མེད་ཀྱི། ། མཚན་ཉིད་གྱུར་པ་འདི་ཉིད་ནི། །
BO
མ་མཆུ་འཕྱང་ཞིང་མིག་དཀྱུས་རིང་། ། མིག་ནི་དམར་ཞིང་སེར་ སྐྱ་གནས། ། ཕྱུག་ཅིང་སྐལ་བཟང་ཡོན་ཏན་ཅན། ། སེར་ཞིང་ཙམ་པ་ལྟ་བུར་སྣང་། ། ཤིན་ཏུ་རིང་མིན་ཐུང་བའང་མིན། ། སྣ་ཚོགས་པ་ཡི་གོས་ལ་དགའ། ། དཔྲལ་བར་རི་མོ་གསུམ་ཡོད་ཅིང་། ། མཚན་ངན་གྱེན་དུ་བལྟས་པ་ལས། ། རྒོད་ཅིང་དགའ་བ་ཉིད་དག་དང་། ། ལམ་ནི་རྣམ་པར་མནན་ ཅིང་གནས། ། གཡུལ་དུ་ཤི་བ་རྣམས་ཀྱི་ནི། ། གཏམ་དག་ལ་ནི་རྟག་ཏུ་དགའ། ། དེ་ལྟར་རབ་དྲེགས་མཐོང་ན་ནི། ། རྩེ་གསུམ་ཕྱག་རྒྱ་བསྟན་པར་བྱ། ། རྐང་པ་གཡས་པ་བསྐུམ་པ་ཡིས། ། གར་ཉིད་ཀྱང་ནི་བསྟན་པར་བྱ། ། གཡོན་པ་དག་ནི་ཡོངས་བཟློག་པ། ། ཕྱག་རྒྱའི་ལན་ནི་ཡིན་པར་བཤད། ། ཚེས་བཅུ་དང་ནི་{བཅྭ་,བཅོ་}བརྒྱད་ནི། ། དེ་ཡི་དུས་ཚིགས་ཡིན་པར་བསྟན། ། ཁྱིམ་དུ་མདུང་རྩེ་གསུམ་པ་ཡང་། ། བྲིས་ནས་དེ་ནི་རྟག་ཏུ་མཆོད། ། འཇིག་རྟེན་དབང་ཕྱུག་ལཱ་མ་ཡི། ། མཚན་ཉིད་གྱུར་པ་འདི་དག་ཡིན། ། གང་གི་མ་ཁུར་ཚོས་དག་ཏུ་ནི། ། ཁུང་བུར་སྣང་བར་གནས་གྱུར་ཅིང་། ། དེ་བཞིན་ དམར་སེར་ལག་པ་དམར། ། མིག་ནི་ལྗང་སེར་དག་ཏུ་སྣང་། ། སྐྲ་ནི་དེ་བཞིན་འཁྱིལ་པ་དང་། ། མགོ་ལ་དར་ནི་བཅིངས་པ་དང་། །
BO
དཔྲལ་བ་ལ་ནི་གསལ་བར་ནི། ། གཞུ་ཡི་དངོས་པོར་རབ་ཏུ་གནས། ། དེ་བཞིན་མགྲིན་རིང་སྣ་རིང་བ། ། རྟག་ཏུ་གོས་དམར་ལ་དགའ་ཞིང་། ། རྒོད་ཅིང་གླུ་ནི་ལེན་པ་དང་། ། ལན་ འགའ་ཞིག་ནི་ཁྲོ་བ་དང་། ། སེམས་ནི་རྣམ་པར་གཡོ་བ་དང་། ། རྩོད་པ་ལ་ནི་དགའ་བ་སྟེ། ། འདི་འདྲའི་རབ་དྲེགས་མཐོང་ནས་ནི། ། ཤག་ཏིའི་ཕྱག་རྒྱ་བསྟན་པར་བྱ། ། གཉིས་པ་ཉིད་ནི་འབད་པ་ཡིས། ། དྲིལ་བུའི་ཕྱག་རྒྱ་བསྟན་པར་བྱ། ། གཡོན་གྱི་ཕྱོགས་སུ་ལྡོག་པ་ནི། ། ཕྱག་རྒྱའི་ལན་ནི་ཡིན་པར་བསྟན། ། ཐུང་ཞིང་བྱིན་པ་སྦོམ་པ་དང་། ། རྟག་ཏུ་གོས་སེར་ལ་དགའ་ཞིང་། ། ཕྲག་པ་དག་ནས་གོས་ཀྱང་འཕྱང་། ། དེ་འདྲའི་བུད་མེད་མཐོང་ནས་ནི། ། འཁོར་ལོའི་ཕྱག་རྒྱ་བསྟན་བྱ་ཞིང་། ། འབད་པ་ཡིས་ནི་གཉིས་པ་ཡང་། ། དུང་གི་ཕྱག་རྒྱ་བསྟན་པར་བྱ། ། གཡོན་ནས་ཡོངས་སུ་བཟློག་པ་ནི། ། ཕྱག་རྒྱའི་ལན་ནི་ ཡིན་པར་བཤད། ། བཅུ་བཞི་དེ་ཡི་དུས་ཡིན་ཏེ། ། དེ་ཡི་ཁྱིམ་དུ་རྡོ་རྗེ་འདྲ། ། ཧེ་རུ་ཀ་དཔལ་ལཱ་མ་ཡི། ། མཚན་ཉིད་གྱུར་པ་འདི་དག་ཡིན། ། ལུས་ཀུན་ལ་ནི་བ་སྤུ་ཡོད། ། མིག་ནི་གནག་ཅིང་སེར་བ་དང་། ། སྦོམ་ཞིང་རྣམ་འགྱུར་མི་བཟད་པ། ། བཞིན་འཕེལ་ཆེ་ཞིང་ཁ་ཆེ་ལ། །
BO
མཆུ་ནི་འཕྱང་ཞིང་ཁ་ དོག་གནག ། མིག་ཟླུམ་སྣ་ནི་ཉམས་པ་དང་། ། རྟག་ཏུ་གླུ་དང་གར་ལ་མཁས། ། སྤྲིན་གྱི་གཟུགས་ཅན་གསུས་པ་ཆེ། ། འདི་འདྲའི་རབ་དྲེགས་མཐོང་ནས་ནི། ། གླུ་ཡི་ཕྱག་རྒྱ་བསྟན་པར་བྱ། ། གཉིས་པ་ཡང་ནི་འབད་པ་ཡིས། ། མདུང་གི་ཕྱག་རྒྱ་བསྟན་པར་བྱ། ། གཡོན་ནས་ཡོངས་སུ་བཟློག་ན་ནི། ། ཕྱག་རྒྱའི་ལན་ནི་ཡིན་པར་བཤད། ། ཚེས་གྲངས་བཅུ་གཅིག་དེ་ཡི་དུས། ། ཁྱིམ་དུ་མཆེ་བར་འདྲི་བྱེད་པ། ། རྡོ་རྗེ་ཕག་མོ་ལཱ་མ་ཡི། ། མཚན་ཉིད་གྱུར་པ་འདི་དག་ཡིན། ། མཚན་མོའི་དུས་སུ་ལམ་དུ་ནི། ། དེ་ལྟར་འབད་དེ་ཤེས་པར་བྱ། ། དེ་ཀུན་འཇིགས་པར་ཡོང་མི་བྱ། ། ཕྱག་རྒྱ་རྣམས་ཀྱིས་མཉེས་ པར་བྱ། ། ཇི་ལྟར་བསམས་པ་བཞིན་དུ་ནི། ། མཉེས་ནས་དངོས་གྲུབ་སྟེར་པའོ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་། མཁའ་འགྲོ་མའི་ཡན་ལག་གི་མཚན་ཉིད་ཅེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དེ་རུ་ལས་ ནི་རབ་ཡིན་ཏེ། ། གང་ཞིག་བསྟེན་པ་ཙམ་གྱིས་ནི། ། མྱུར་དུ་དངོས་གྲུབ་ལ་འཇུག་པ། ། ཡན་ལག་དྲི་ཞིམ་ཤིན་ཏུ་འཇམ། ། རྡུལ་ནི་དྲི་ཞིམ་གྱུར་པ་དང་། །
BO
ངོ་ཚ་ཆེ་ཞིང་བདེན་པར་སྨྲ། ། ཡུན་རིང་མིག་ནི་མི་འཛུམས་པ། ། ཁྲོ་བ་མེད་ཅིང་སྙིང་རྗེ་ཆེ། ། སྐད་ཅིག་འཇམ་པར་སྨྲ་ བ་དང་། ། སྐྱེ་བ་བདུན་ནམ་ཡང་ན་གསུམ། ། འབད་པ་ཡིས་ནི་བཙལ་བར་བྱ། ། བསོད་ནམས་དང་ལྡན་སེམས་པ་ཡི། ། དེས་ནི་ལག་ཏུ་རྙེད་པར་འགྱུར། ། དེ་ཡང་ཟོས་པར་བྱས་ནས་ནི། ། དེ་ཡི་སྙིང་གར་རོ་ཙ་ན། ། རྩེ་གཅིག་པ་ཡི་སེམས་ཀྱིས་ནི། ། ཧེ་རུ་ཀ་ཡི་སྔགས་ལན་བདུན། ། བཟླས་ ནས་འབད་པས་ཐིག་ལེ་བྱ། ། འཕྲལ་དུ་སྟེང་དུ་ལྡིང་འགྱུར་ཞིང་། ། དཔག་ཚད་བྱེ་བར་འགྲོ་བའོ། ། དེ་ནི་ཟོས་པ་ཙམ་གྱིས་ནི། ། ཁམས་གསུམ་ཡེ་ཤེས་ཅན་དུ་འགྱུར། ། དཔག་ཚད་བྱེ་བ་ལྔ་བཅུར་ནི། ། ཉིན་མཚན་ཀུན་ཏུ་འགྲོ་བའོ། ། ལྷ་ཡི་ལུས་ཀྱང་ཐོབ་འགྱུར་ཏེ། ། བསྐལ་པ་སྟོང་དུ་གནས་ པར་འགྱུར། ། བརྒྱ་བྱིན་གྱི་ནི་སྟོབས་འདྲའོ། ། བུད་མེད་བལྟས་པ་ཙམ་གྱིས་ནི། ། ཇི་ལྟར་མེ་ཡིས་མར་བཞུ་ལྟར། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལས་ཀྱི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། ། ། ། བཅོམ་ལྡན་ཡེ་ཤེས་རྒྱལ་དབང་པོ། ། བདག་ལ་ཐེ་ཚོམ་སྐྱེས་པ་མཆིས། ། སྔགས་པས་སྔགས་རྣམས་འགྲུབ་དོན་དུ། ། བཟླས་བརྗོད་དེ་ནི་ཇི་ལྟར་ལགས། །
BO
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རྣལ་འབྱོར་རྣམས་ཀྱིས་བཟླས་དང་བསྒོམ། ། ཉོན་ཅིག་ལྷ་མོ་འགྲོ་བ་མ། ། སྲོག་དང་རྩོལ་བ་མཉམ་བྱས་ནས། ། སྲོག་དང་རྩོལ་བ་བཟའ་བར་བྱ། ། སྲོག་དང་ རྩོལ་བ་འགོག་བྱས་ཏེ། ། སྲོག་དང་རྩོལ་བ་ལ་བལྟའོ། ། པདྨའི་ཁ་སྦྱར་སྦྱོར་བ་ལས། ། ཤེས་རབ་ཐབས་ནི་སྤྱད་པར་བྱ། ། ལྟེ་བ་གཉིས་ཀྱི་ནམ་མཁའ་ལས། ། ཁབ་རྩེ་དབྱེ་བ་མེད་པ་ཡི། ། ཡི་གེ་ཤེལ་གྱི་འོད་ལྡན་པ། ། ཨཱ་ལིའི་ཕྲེང་བ་དྲན་པར་བྱ། ། ཡི་གེ་རེ་རེ་ཡིད་ཀྱིས་ ནི། ། རྟག་ཏུ་རྒྱུན་མི་འཆད་པར་བཟླས། ། འཁོར་ལོ་རྣམས་ཀྱི་ལྟེ་བའི་ནང་། ། བཟློས་པ་བྱས་ནས་དྲང་བར་བྱ། ། ཧ་ཧའི་སྒྲ་ནི་འཇམ་པ་ཡིས། ། མགྲིན་པ་ཡ་རྐན་འགུལ་མེད་པས། ། ནང་གི་རེག་བྱ་འཇམ་པ་ཡི། ། སྙིང་ག་ཁོ་ནའི་གནས་སུ་བྱ། ། ཤེས་རབ་གཏུམ་ མོའི་གཟུགས་སུ་གྲགས། ། རྣམ་པ་དང་བྲལ་བདེ་སྦྱིན་མ། ། རེག་བྱ་མེད་པའི་རེག་སྐྱེད་མ། ། དེ་ལྟའི་ཤེས་རབ་དང་ལྷན་ཅིག ། རྡོ་རྗེ་སྐྱིལ་ཀྲུང་སེམས་ཀྱིས་ནི། ། སེམས་ནི་གཡོ་བ་མེད་པར་བྱ། ། ཐིག་ཚུལ་ཆར་ཡང་ངང་བྲལ་བ། ། ཐིག་ཚུལ་ཆར་ཡང་དག་ ཉིད་དང་། ། ཐིག་ལེ་ཚུལ་དང་ཆར་ཡང་ནང་། ། རྣལ་འབྱོར་གྱིས་ནི་དེར་སེམས་བྱ། །
BO
ཆར་ཡང་གི་ནི་ནང་དུ་སེམས། ། ཡང་ནི་ཚུལ་གྱི་ནང་དུ་སེམས། ། ཚུལ་ནི་ཐིག་ལེར་འགྲོ་བར་བསྒོམ། ། ཐིག་ལེ་ཡང་ནི་སྟོང་པར་འགྲོ། ། སྟོང་པ་རང་བཞིན་ཞེས་སུ་བསྟན། ། གསུམ་དང་བྲལ་བ་མ་སྐྱེས་མཆོག ། དེ་ལྟ་བུ་ཡི་ཆོ་ག་ཡིས། ། འདི་ཡི་ཆོ་གའི་ཐབས་ཀྱིས་ནི། ། གང་ཞིག་རྩེ་གཅིག་གིས་ནི་བཟླས། ། དེས་ནི་དངོས་གྲུབ་ཆེན་པོ་འཐོབ། ། ཟླ་བ་གཅིག་གིས་གདོན་མི་ཟ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་རང་བཞིན་གྱི་ བཟླས་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། ། ། ། བཅོམ་ལྡན་དཔའ་བོ་དཔའ་དབང་ཕྱུག ། སྔར་ནི་ཁྱོད་ཀྱིས་དུས་བཀའ་སྩལ། ། ཐམས་ཅད་མཁྱེན་པ་མཆོག་དབང་ཕྱུག ། དེ་ཡི་དོན་ནི་བཤད་དུ་གསོལ། ། དེ་ཡི་དུས་ཀྱི་དོན་འདི་ནི། ། སྤྱན་རིང་ལྷ་ མོ་ཁྱོད་ཉོན་ཅིག ། དུས་ནི་ཆར་ཡང་ཞེས་སུ་བཤད། ། དེ་རྣམས་ཀྱི་ནི་སྦྱོར་བའི་དོན། ། སྦྱོར་བ་བཞི་ཡང་བཞི་བཞིར་གྱིས། ། ཡན་ལག་གཅིག་ནི་སྤངས་པའོ། ། རྒྱལ་བ་རྣམས་ཀྱིས་རྙེད་དཀའ་བ། ། དེ་ཡི་སྐྱེ་བ་བདག་གིས་བཤད། ། རྟེན་གྱི་སྲོག་གི་དབྱུག་པ་ལ། ། དེ་རུ་སྦྱོར་བ་བསྟན་པའོ། ། སྲོག་གི་དབྱུག་པ་དབུས་ན་གནས། ། ཕྲ་བའི་ཕྲ་བ་ཡང་དག་མཆོག །
BO
སུམ་ཅུ་རྩ་གཉིས་མདུད་དང་ལྡན། ། དེ་ནི་ཕྱི་རོལ་ནང་དུ་མིན། ། མདུད་པ་ཡི་ནི་གནས་སུ་སྦྱོར། ། དེ་ནི་ཆར་ཡང་རྣམས་ཀྱི་དོན། ། ཆར་ཡང་སྦྱོར་བ་ནང་དུ་མིན། ། ནང་དུ་དེ་ནི་ རྟོག་མེད་མ། ། མདུད་པའི་ནང་དུ་གཡས་དང་གཡོན། ། རོ་མ་དང་ནི་{བརྐྱང་མ་,རྐྱང་མ་}གནས། ། མདུད་པ་གཉིས་དབུས་གཅིག་གཅིག་སྟེ། ། སུམ་ཅུ་གཉིས་ཀྱིས་བཅུ་དྲུག་དྲན། ། བདེ་ཆེན་འཁོར་ལོ་མགྲིན་པ་གནས། ། ལྟེ་བའི་སྟེང་ནི་ཡན་ཆད་དོ། ། སོར་བཅུ་གཉིས་ཀྱི་སྐུད་པ་ནི། ། མདུད་པ་མེད་པ་གཅིག་པུའོ། ། དེ་འོག་མདུད་པ་དང་ལྡན་པ། ། རླུང་གི་འཁོར་ལོ་ཡན་ཆད་དོ། ། སྤྱི་བོ་ནས་ནི་མགྲིན་ཡན་ཆད། ། དེ་ཙམ་སྦྱོར་བ་བཞི་ཡིན་ནོ། ། མགྲིན་པའི་འོག་ནས་སྙིང་གའི་གནས། ། དེ་ཙམ་གཞན་ནི་བཞི་ཡིན་ནོ། ། སྙིང་གའི་ གནས་ནས་ལྟེ་བའི་བར། ། དེ་ཙམ་གཞན་ཡང་བཞི་ཡིན་ནོ། ། ལྟེ་བ་ནས་ནི་ནོར་བུའི་མགྲིན། ། དེ་ཙམ་གཞན་ནི་བཞི་ཡིན་ནོ། ། དེ་ནི་སྦྱོར་བ་བཞི་རུ་བཤད། ། ཆར་ཡང་དགའ་བ་དང་བྲལ་བ། ། འདོད་དང་རྡུལ་དང་འདར་དང་སྟོབས། ། འགྲོ་དང་བདུད་རྩི་ཡང་ཡིན་ཏེ། ། དགའ་དང་ པདྨ་དེ་བཞིན་ཏེ། ། དེ་ནི་དང་པོའི་སྦྱོར་བ་བཞི། ། རྒྱས་དང་རྡུལ་དང་མདུད་དང་མྱོས།
BO
། འབྱུང་བ་དང་ནི་མཚན་མོ་དང་། ། མཆོག་གི་དགའ་དང་རོ་ཡིན་ཏེ། ། དེ་ནི་གཉིས་པའི་སྦྱོར་བའོ། ། འབར་དང་ཞི་དང་ཐིག་ལེ་གནས། ། མྱོས་དང་འོག་མ་དེ་བཞིན་ནོ། ། དགའ་བྲལ་དགའ་བ་ འགུག་པ་སྟེ། ། དེ་ནི་གསུམ་པའི་སྦྱོར་བའོ། ། ཨུ་ཏ་འདབ་མ་ཚུལ་རླུང་མ། ། གཉིད་དང་མེ་མ་དེ་བཞིན་ནོ། ། ལྷན་ཅིག་སྐྱེས་དགའ་མ་སྐྱེས་པ། ། དེ་ནི་སྦྱོར་བ་བཞི་པའོ། ། རིན་ཆེན་སྐེ་རུ་ཕྱིན་ཙམ་ན། ། དེ་ནི་ཟླ་བ་གང་བར་དྲན། ། དགའ་བ་ཡོད་པའི་སྦྱོར་བ་ནི། ། དེ་ནི་ཤར་ བར་ཤེས་པར་བྱ། ། {བཅྭ་,བཅོ་}ལྔ་པ་ནི་འབྱུང་བའི་རྒྱུ། ། བཅུ་དྲུག་པ་ལ་རྟོག་མི་བྱེད། ། སྐྱེ་དང་འཇིག་པ་མེད་པའི་ཕྱིར། ། དེ་ལ་སྦྱོར་བ་མེད་པའོ། ། ཆར་ཡང་རྣམ་སྐྱེད་སྦྱོར་བ་ནི། ། རྩེ་གཅིག་གིས་ནི་ཁྱོད་ཉོན་ཅིག ། བཅུ་དྲུག་དེ་བཞིན་ཉི་མ་དང་། ། གང་དུ་གཉིག་སྦྱོར་བར་ འགྱུར། ། དེ་ལ་མ་སྐྱེས་ཆ་ཞེས་བྱ། ། དེ་རང་ངོ་བོ་རང་བཞིན་ནོ། ། བཅུ་དྲུག་དེ་བཞིན་ཉི་མ་དང་། ། ཆར་ཡང་འགྱུར་བའི་རྒྱུན་ཡིན་ནོ། ། དེ་ནི་འབྱུང་བ་ཀུན་གྱི་ཕ། ། ཐབས་དང་ཤེས་རབ་མཉམ་པར་ལྡན། ། བཅུ་དྲུག་པ་ནི་ཤེས་རབ་ཡིན། ། ཉི་མ་ཐབས་སུ་བསྟན་པའོ། ། བཅུ་དྲུག་ཕན་ཆད་ཤེས་པར་བྱ། །
BO
ཉི་མ་མཆོག་ཏུ་དྲན་པའོ། ། དེ་གཉིས་དབུས་བཞུགས་རང་བཞིན་ནི། ། ངག་གི་ལམ་གྱིས་རྙེད་པར་དཀའ། ། དེ་ལྟ་བུ་ཡི་དུས་ཀྱི་དོན། ། ཡང་དག་པར་ནི་བདག་གིས་བཤད། ། འདི་ལས་གཞན་མཆོག་གསང་བ་ནི། ། ཞལ་ བཟང་ཡང་དག་མེད་པའོ། ། འབད་པ་ཡིས་ནི་སྦ་བར་བྱ། ། སྐུ་ལ་ཡང་ནི་མི་སྦྱིན་ནོ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་དུས་ཀྱི་དོན་གྱི་རང་བཞིན་གྱི་དོན་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། ། ། ། སྔར་སྦས་སྔགས་ཀྱིས་གསལ་བ་དེ། ། ཉོན་ཅིག་ལྔ་མོ་བདག་གིས་ བཤད། ། དད་ལྡན་རྣམས་ཀྱིས་ཤེས་དོན་དུ། ། དད་པ་མེད་ལ་ནམ་ཡང་མིན། ། ཧཱ་སྭཱ་ཊ་ཕ་ཧཱུྃ་ཧཱུྃ་ཡ་བྷཱ་ནྣི་ས་གྣི་པཱ་ལ་ཀཱ་ཧཱ་མས་ཧ་ཊྚཱ་ཊྚཱ་ཡ་ཛ་བི་ཡ་ཛ་ར་ཤྭདྷེ་ཀྲོ་ཧཱ་མ་ཨོཾ། གསང་ཆེན་པོ་ཡི་སྔགས་འདི་ནི། ། ཐམས་ཅད་དོན་ཀུན་གྲུབ་བྱེད་པ། ། ཊཕ་ཧྲཱིཾ་ཧྲཱིཾ་གྲི་ཛོ་ཏེ་ཛྲབ་ཨོཾ། ཉེ་བའི་ སྙིང་པོའི་སྔགས་ཆེན་པོ། ། ཐམས་ཅད་ཀུན་གྱི་དབང་དུ་བྱེད། ། ཧཱ་སྭཱ་ཊཕ་ཧཱུྃ་ཧཱུྃ་རི་ཤྭ་ཡེ་མས་ཏ་ར་གུ་ཨོཾ། ཁྱོད་ཀྱི་སྙིང་པོའི་སྔགས་དབང་པོ། ། གྲངས་མེད་ཡོན་ཏན་དང་ལྡན་ནོ། ། སྔགས་པའི་ཡེ་ཤེས་གྲུབ་དོན་དུ། ། གསང་བའི་སྔགས་ནི་གསལ་བྱས་སོ། །
BO
ཧཱ་སྭཱ་ཊཕ་ཛླིཾ་བླིཾ་ཀླིཾ་ ཨོཾ། ཁྱོད་ཀྱི་ཉེ་བའི་སྙིང་པོ་འདི། ། སངས་རྒྱས་ཀྱིས་ཀྱང་རྙེད་དཀའ་བ། ། བདག་གིས་དེ་ཡི་སྔགས་ཀྱིས་ནི། ། གྲངས་མེད་དབང་དུ་བྱས་པའོ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་སྦས་པའི་སྔགས་གསལ་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། ། ། ། ཡང་དམ་དུ་ འཁྱུད་པ་བྱས་ནས་སྐད་སྙན་པ་ཡིས། བཅོམ་ལྡན་འདས་མ་ལེགས་དགྱེས་དབང་ཕྱུག་མས་འདི་སྐད་ཅེས་ཞུས་སོ། ། བཅོམ་ལྡན་འདས་ཡེ་ཤེས་མཁའ་འགྲོ་ཉི། ། མི་ཤེས་མུན་པ་འཇིག་བྱེད་པ། ། གསང་བ་ཀུན་ནི་གསུངས་པ་ལས། ། ཕྱག་རྒྱ་ཆེན་པོ་དེ་མ་གསུངས། ། ཕྱག་རྒྱ་ ཆེན་པོ་ཇི་ལྟར་ལགས། ། རྒྱལ་བའི་དབང་ཕྱུག་ཡང་དག་གསུངས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རབ་ཏུ་བདེ་བའི་རྣམ་པ་མཆོག ། ཉོན་ཅིག་ལྷ་མོ་ཕྱག་རྒྱ་ཆེ། ། ཕྱག་རྒྱ་ཆེན་པོ་གསང་བ་ཆེ། ། བརྗོད་མེད་མི་ཟད་མ་སྐྱེས་པ། ། ཐམས་ཅད་གཟུགས་ཅན་གཟུགས་དང་ བྲལ། ། གཟུགས་མེད་གཟུགས་ཀྱི་བདག་ཉིད་མཆོག ། སྦོམ་ཕྲ་ལ་སོགས་དང་བྲལ་བ། ། གཞལ་དུ་མེད་པའི་རང་བཞིན་ནོ། ། ཡང་དག་དྲི་མེད་རྣམ་པའི་འོད། ། གང་དུ་ཡང་ནི་གནས་མེད་པ། ། ཤར་བ་མ་ཡིན་ནུབ་པ་མིན། ། རྟག་ཏུ་ཤར་བ་ཆར་ཡང་མཆོག །
BO
དུས་དང་གནས་ སྐབས་གྲོལ་བ་སྟེ། ། སྐྱེ་དང་འཇིག་པར་བྱེད་པའོ། ། རྣལ་འབྱོར་མ་རྣམས་རྙེད་མི་དཀའ། ། རྣལ་འབྱོར་ཅུང་ཟད་རྙེད་དཀའ་བ། ། ཐབས་མཆོག་གིས་ནི་རྙེད་འགྱུར་ཏེ། ། ཐབས་མཆོག་མེད་ན་ནམ་ཡང་མིན། ། དཔའ་བོ་ཆེན་པོ་བཅོམ་ ལྡན་འདས། ། དེ་ལ་ཐབས་ནི་བཀའ་སྩོལ་ཅིག ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རྩ་ཡི་ཀུན་སྤྱོད་སྦྱོར་བ་ཡིས། ། སློབ་དཔོན་ཁ་ལས་རྙེད་པར་འགྱུར། ། རླུང་འཁོར་ཆར་ཡང་གནས་ན་ནི། ། རླུང་མ་གཉིད་མ་ཡོད་པའོ། ། གཡས་པ་དང་ནི་གཡོན་ གྱི་ཆ། ། ཆར་ཡང་ལ་ནི་ཤིན་ཏུ་བསྐོར། ། དེ་གཉིས་ཁོང་དུ་ཆུད་པ་ཡིས། ། དེ་ལས་མཆོག་གི་བདེ་བ་འབྱུང་། ། བདེ་བའི་ནང་ནས་ཕྱག་རྒྱ་ཆེ། ། ཐེ་ཚོམ་མེད་པར་རྙེད་པར་འགྱུར། ། ཆར་ཡང་དབུས་ན་རྩ་ཡི་གནས། ། ཕྲ་མོའི་ཕྲ་མོ་ཡང་དག་མཆོག ། རྩ་ཡི་གནས་ན་ རྩ་ཡི་གནས། ། དེ་ཙམ་ལ་ནི་ངེས་ཁྱབ་བོ། ། ཕྱག་རྒྱ་ཆེན་པོའི་རང་བཞིན་ནི། ། ལྷ་མོ་ཆེན་མོ་དེ་ནི་ཁྱོད། ། ང་ཡི་འོད་ནི་ཡང་དག་ཁྱོད། ། ཕྱི་དང་ནང་ནི་ཡོད་པའོ། ། གང་ཞིག་ཕྱག་རྒྱ་ཆེ་མི་ཤེས། ། སངས་རྒྱས་ཡིན་ཡང་རྣལ་འབྱོར་མིན། ། ཕྱག་རྒྱ་ཆེན་ པོའི་ཐིག་ལེ་འདི། ། གང་ཞིག་དྲི་མེད་ཤེས་པ་མིན། །
BO
རྣལ་འབྱོར་རྣལ་འབྱོར་མ་ཡི་རྒྱུད། ། འབུམ་གཅིག་རྣལ་འབྱོར་ངེས་ཤེས་ཀྱང་། ། དེ་ལྟ་མོད་ཀྱི་འབྲས་རབ་ངེས། ། ནམ་ཡང་འབྱུང་བར་མི་འགྱུར་རོ། ། ཐམས་ཅད་ཆོས་ཀུན་རབ་ཤེས་ན། ། དེ་ནི་ངེས་པར་ སངས་རྒྱས་ཡིན། ། ཕྱག་རྒྱ་ཆེན་པོ་རབ་ཤེས་ན། ། དེ་ནི་དཔལ་རྡོར་སེམས་དཔར་འགྱུར། ། དེ་ཡི་རང་བཞིན་ཡེ་ཤེས་ནི། ། ཕྱག་རྒྱ་ཆེན་པོའི་མཚན་ཉིད་དོ། ། དེ་སྐད་ཅེས་ཐོས་ནས་བཅོམ་ལྡན་འདས་མ་བྱེ་བ་འབུམ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་མཁའ་འགྲོ་མ་དང་བཅས་ པས་བསྐོར་བ་ལན་གསུམ་བྱས་ནས་ཕྱག་འཚལ་ཏེ་ཁྲག་དྲོན་མོས་མཆོད་དོ། ། བཅོམ་ལྡན་འདས་ལ་མཁའ་འགྲོ་མ་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ཐོས་ནས་དགའ་མགུ་ཡི་རངས་ཏེ་ཅང་མི་སྨྲ་བར་ཞུགས་སོ། ། ཡང་དམ་དུ་འཁྱུད་པ་བྱས་ནས་འདི་སྐད་ཅེས་ གསོལ་ཏོ། ། བཅོམ་ལྡན་རྣལ་འབྱོར་མ་ཡི་བདག ། ཅུང་ཟད་བདག་ལ་ཐེ་ཚོམ་སྐྱེས། ། གང་ཞིག་དཀྱིལ་འཁོར་ཆོ་ག་ནི། ། རྩ་བ་ཡི་ནི་རྒྱུད་དུ་བཤད། ། བདག་དང་གཞན་གྱི་གནས་དེ་ནི། ། སྔར་ནི་བདག་གིས་མ་ཤེས་སོ། ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ། བདག་གི་གནས་དང་གཞན་དེ་བཞིན། ། ཉོན་ཅིག་ཡང་དག་བདག་གིས་བཤད། །
BO
གཞན་གྱི་གནས་ནི་བྷ་གར་བརྗོད། ། བདག་གི་གནས་ནི་སྙིང་པོའོ། ། སྒོ་ཡི་ཕྱི་རོལ་གཞན་གྱི་གནས། ། བདག་གི་གནས་ནི་དཀྱིལ་འཁོར་རོ། ། ཡང་ ན་གཞན་གནས་སྦྱོར་བ་ཡིན། ། ཉེ་བའི་སྦྱོར་བ་བདག་གནས་སོ། ། སྦྱོར་བ་མཐོ་རིས་ཞེས་སུ་བསྟན། ། དེ་བཞིན་དུ་ཡང་མི་ཡུལ་སྦྱོར། ། ཉེ་བའི་སྦྱོར་བ་ས་འོག་སྟེ། ། མཐོ་རིས་ཆོས་ཀྱི་སྙིང་པདྨ། ། ཉེ་བའི་སྦྱོར་བ་རི་རབ་རྩེ། ། མི་ཡུལ་ལྟེ་བའི་ལྟེ་བའོ། ། ས་འོག་སྤྲུལ་པའི་སྙིང་པོ་སྟེ། ། རི་རབ་རྩེ་མོ་གསང་སྣའོ། ། དེ་ལྟར་གཞན་ནི་གསང་ཆེན་པོ། ། ཡང་དག་གཞན་དུ་ངས་མ་བཤད། ། འབད་དེ་དེ་ནི་བསྲུང་བྱ་སྟེ། ། སུ་ལ་ཡང་ནི་མི་སྦྱིན་ནོ། ། རྣལ་འབྱོར་མ་རྒྱུད་དབང་ཕྱུག་རྒྱལ། ། རྣལ་འབྱོར་མ་ལ་བཤད་པར་བྱ། ། ཡང་ན་སེམས་དཔའ་ཆེན་པོ་འདི། ། ལེགས་པར་བརྟགས་ནས་གསལ་བར་བྱ། ། དཔལ་ཧེ་རུ་ཀ་ཆེན་པོའི་དང་པོའི་དང་པོ་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བླ་ལས་ཀྱང་ཆེས་གསང་བའི་རྒྱུད་ཕྱི་མ་དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་རྣལ་འབྱོར་མ་ཆེན་པོའི་ རྒྱུད་ཀྱི་རྒྱལ་པོའི་མངའ་བདག ། ཐམས་ཅད་མཁྱེན་པས་ཀྱང་རྙེད་པར་དཀའ་བ།
BO
རྨད་དུ་བྱུང་བའི་རྨད་དུ་བྱུང་བ་ཞེས་བྱ་བའི་ལེའུ་སྟེ། ཉི་ཤུ་རྩ་བརྒྱད་པའོ། ། ། ། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་ཅེས་ བྱ་བ་རྫོགས་སོ། ། ། ། རྒྱ་གར་གྱི་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཤེས་རབ་གསང་བའི་ཞལ་སྔར། ཀ་མ་ཆོས་ཀྱི་ཡེ་ཤེས་དང་། ཕྱུག་མཚམས་དགྲ་བཅོམ་གྱིས་དད་ཅིང་གུས་པས་ཞུས་ཏེ་བསྒྱུར་ཅིང་གཏན་ལ་ཕབ་པ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source