The Essence of the Vajra Holder's Heart Instruction

དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཅེས་བྱ་བ།

The Essence of the Vajra Holder's Heart Instruction

དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཅེས་བྱ་བ།

BO
༄༅༅། ། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧྲྀ་ད་ཡ་ཨ་ལཾ་ཀཱ་ར་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་བུད་མེད་བཅུའི་དཀྱིལ་ན་ཆ་ཤས་ལྔ་པའི་ཚུལ་དུ་བཞུགས་སོ། ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་འཁོར་རྡོ་རྗེ་དང་པདྨར་སྦྱོར་བ་ལ་བཞུགས་པ་འདི་ལྟ་སྟེ། དམ་ཚིག་ཡོངས་སུ་སྤྱོད་ པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཡེ་ཤེས་ཀྱི་ལུས་ཡོངས་སུ་འགྲུབ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། སྒྲ་བརྙན་ལྟ་བུའི་རྡོ་རྗེའི་གསུང་འབྱུང་བ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གཞན་གྱིས་ཤེས་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རྩེ་གཅིག་ཏུ་འདྲིས་པ་ཞེས་བྱ་བའི་རྡོ་རྗེ་ མཁའ་འགྲོ་དང་། གཞན་ལས་འཕགས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རྟེན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རླན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་།
BO
སྨིན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་ མཁའ་འགྲོ་དང་། སྐྱོད་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གོ་འབྱེད་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཧཱ་ར་ནུ་པཱུ་ར་ལ་སོགས་པས་མཛེས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གཱི་ཏ་མགྲིན་ལ་སོགས་པའི་གླུ་མཁན་མ་ཞེས་བྱ་བའི་ རྡོ་རྗེ་མཁའ་འགྲོ་དང་། སྦྲུལ་གྱི་སྙིང་པོ་ལ་སོགས་པའི་དྲི་ལྡན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཚོད་མ་སྣ་ཚོགས་ཟ་བའི་རོ་ལྡན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རྩེན་པ་སྣ་ཚོགས་ཀྱིས་འཁྱུད་མཁན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གསུམ་ རིག་པར་བྱེད་པ་དངོས་མེད་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རི་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེ་མཁའ་འགྲོ་ཐམས་ཅད་དང་། རྡོ་རྗེ་མཁའ་འགྲོ་ཆེན་མོ་ནམ་མཁའི་དབྱིངས་དང་མཉམ་པ་འདི་ལྟ་སྟེ། གཟུགས་ཀྱི་མཚན་ཉིད་ཞུ་བ་ཞེས་བྱ་བའི་རྡོ་རྗེ་ མཁའ་འགྲོ་ཆེན་པོ་དང་། ཚོར་བའི་མཚན་ཉིད་སིམ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། འདུ་ཤེས་ཀྱི་མཚན་ཉིད་ནུབ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་།
BO
འདུ་བྱེད་ཀྱི་མཚན་ཉིད་ལ་རྟོག་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། རྣམ་ པར་ཤེས་པའི་མཚན་ཉིད་བསྡུས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་ལ་སོགས་པ་ནམ་མཁའི་དབྱིངས་དང་མཉམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་ལྟ་བུར་གང་བར་སྣང་ངོ་། ། དེ་ནས་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ ནས་མཁའ་འགྲོ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་མཆོད་པའི་སྤྲིན་སྤྲོས་པ་དུ་མ་ཡིད་ལས་བྱུང་བ་ལྷ་དང་མིའི་མཆོད་པ་ལས་ཁྱད་པར་དུ་འཕགས་པས་མཆོད་ནས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། ། དེ་བཞིན་གཤེགས་རྣམས་ཐམས་ཅད་ཀྱི། ། གསང་གསུམ་བསྡུས་པའི་སྤྱོད་པའི་མཆོག ། རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད། ། འདྲེན་པ་མཆོག་གིས་བཤད་དུ་གསོལ། ། དེ་ནས་རྡོ་རྗེ་ཆེན་པོས་གསོལ་བ་བཏབ་པའི་ཚིག་གསན་ནས་མཁའ་འགྲོ་ཐམས་ཅད་ལ་རྣམ་པར་བལྟས་ཏེ་ཅང་མི་གསུང་བར་བཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའི་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །
BO
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གི་ཡོན་ཏན་ཁྱད་པར་དུ་འཕགས་པའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་ལ་སོགས་པའི་འཁོར་དུ་ འཆད་དུ་མི་བཞེད་པ་དེ་བདག་ཅག་ལ་མི་དགྱེས་སུ་མ་མཛད་ཅིག ། དེ་ནས་དེ་བཞིན་གཤེགས་པའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ་ཚིགས་སུ་བཅད་པ་གསུངས་པ། སེམས་དཔའ་ཆེན་པོས་ཞུས་པ་ལེགས། ། ས་འོག་མ་ཡི་སངས་རྒྱས་ཀྱང་། ། འདི་ཡི་གཞུང་གིས་སེམས་རྨོངས་ན། ། སེམས་དཔའ་གཞན་ནི་སྨོས་ཅི་དགོས། ། སངས་རྒྱས་ཆོས་ཉིད་དག་པ་འདི། ། བྱིས་པ་རྣམས་ཀྱིས་མི་རྟོགས་ཕྱིར། ། བྱིན་གྱིས་བརླབས་ནས་འཆད་པ་ནི། ། སྟོན་པ་རྣམས་ ཀྱི་ཆོས་ཉིད་དོ། ། དེ་ནས་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་ཡང་མཆོད་པའི་ཚོགས་ཀྱིས་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་དབང་ཕྱུག་གིས་བདག་ཅག་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐུན་མོང་མ་ཡིན་པ་བསྟན་ཅིང་རྣམ་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་བདག་ཅག་བྱིན་གྱིས་བརླབ་པར་མཛད་དུ་གསོལ།
BO
དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་རྡོ་རྗེ་མཁའ་འགྲོ་དེ་དག་གིས་གསོལ་བ་བཏབ་པ་མཁྱེན་ནས་སེམས་དཔའ་ཐམས་ཅད་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྡུས་པ་ཞེས་བྱ་བའི་སྙིང་པོ་འདི་རང་གི་ཐུགས་ལས་ཕྱུང་ངོ་། ། ཨོཾ་ཨཱཿཧཱུྃ་ས་མ་ཡ་བཛྲ། དེ་ནས་ཕྱུང་མ་ཐག་ཏུ་དེའི་འོད་ཟེར་གྱིས་རྡོ་རྗེ་མཁའ་འགྲོའི་འཁོར་དེ་དག་ཐམས་ཅད་བསྡུས་ནས་རང་གི་སྙིང་གར་བཙུད་ ནས་བུད་མེད་ཀྱི་དཀྱིལ་ན་ཐམས་ཅད་བརྒྱལ་བ་ལྟར་གནས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་དེ་བསླང་པའི་ཕྱིར་མཁའ་འགྲོ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་ མ་ཐག་ཏུ་དེ་དག་དྲན་པ་སླར་ཐོབ་ཅིང་ཇི་ལྟ་བ་བཞིན་དུ་གནས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་འཁོར་ལོ་རྣམ་པར་དགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྙོམས་པར་ཞུགས་མ་ཐག་ཏུ་རྡོ་རྗེ་ མཁའ་འགྲོ་དེ་དག་ཐམས་ཅད་རང་རང་གི་གནས་ཇི་ལྟ་བ་བཞིན་དུ་འཁོད་པར་གྱུར་ཏོ། །
BO
དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ནམ་མཁའི་དབྱིངས་ན་གནས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་བདེ་བ་དང་ཡིད་བདེ་བ་མྱོང་བར་ གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེམས་ཅན་གྱི་ཁམས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ཏེ། དབུགས་ རྔུབ་པར་མི་མཛད། དབྱུང་བར་མི་མཛད། ལུས་འགྱུར་བར་ཡང་མི་མཛད། ལུས་གནས་པར་ཡང་མི་མཛད། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མི་གཟིགས་མི་དགོངས་ཉེ་བར་མི་འཇིག་གོ། ། ཐབས་དང་ཤེས་རབ་སྟོང་བར་ ཡང་མི་མཛད། ཤིན་ཏུ་འགལ་བ་ཅན་ཡང་དག་པར་འཛུད་པར་མི་མཛད། མཐོ་རིས་ལ་ཡང་མི་འཇོག ། མ་དད་པ་རྣམས་དད་པར་ཡང་མི་མཛད། མ་དུལ་བ་རྣམས་དུལ་བར་ཡང་མི་མཛད། ཉེ་བར་འཚོ་བ་ཞི་བར་ཡང་མི་མཛད། མ་འགགས་ པ་རྣམས་འགག་པར་ཡང་མི་མཛད། མ་བསྐུལ་བ་རྣམས་བསྐུལ་བར་ཡང་མི་མཛད། མ་རྒྱས་པ་རྣམས་རྒྱས་པར་ཡང་མི་མཛད། རྣམ་པར་རྨོངས་པ་རྣམས་རྨོངས་པ་སེལ་བར་ཡང་མི་མཛད། དགའ་བར་གྱུར་པ་རྣམས་མི་དགའ་བར་ཡང་མི་མཛད།
BO
མི་དགའ་བ་རྣམས་དགའ་བར་ཡང་མི་མཛད། མ་ཁྲོས་པ་རྣམས་ཁྲོས་པར་ཡང་མི་མཛད། མི་སྡུག་པ་རྣམས་སྡུག་པར་ཡང་མི་མཛད། དྲག་པོ་མ་རུངས་པ་ཆེན་པོ་དང་། གཏུམ་པོ་ཆེན་པོ་དང་། ལྷ་དང་ལྷ་མ་ཡིན་དང་ལོག་འདྲེན་དང་གདུག་པ་ ཆེན་པོ་དང་{ཡི་དགས་,ཡི་དྭགས་}དང་ཤ་ཟ་དང་གནོད་སྦྱིན་དང་སྲིན་པོ་དང་ཤིན་ཏུ་གདུག་པའི་དུག་ཆེན་པོ་དང་ཚ་བའི་གདོན་དང་ནད་དང་སྦྲུལ་དང་སེམས་ཅན་ཐམས་ཅད་ལ་འཚེ་བར་བྱེད་པ་རྣམས་ཉེ་བར་ཞི་བར་ཡང་མི་མཛད་དོ། ། རྣམ་པར་དུལ་བར་ཡང་མི་མཛད་དོ། ། དེ་ ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བརྗིད་པ་དང་བཅས་པར་གར་མཛད་ཅིང་ཞལ་འཛུམ་པ་དང་འདོར་བ་དང་བསྐུམ་པ་དང་། འགྱེད་པ་དང་སྤྱན་མཛེས་པས་སྨིན་{རིངས་,རིང་}བསྐྱོད་ཅིང་བསྒྱུར་བ་དང་། པདྨའི་ཕྱག་གི་སོར་མོ་གཡས་གཡོན་གར་ གྱི་ཕྲེང་བའི་ཚུལ་གྱིས་སའི་ངོས་ལ་ཞབས་འཕེན་ཞིང་སྒྱུར་བ་དང་། འདོར་ཞིང་བསྐུལ་བ་དང་འཇོག་ཅིང་འདེགས་པའི་རྣམ་པར་གནོན་པས་ནམ་མཁའི་དབྱིངས་འདི་ཐམས་ཅད་ཀུན་དུ་ཁྱབ་པར་མཛད་དེ། རླུང་གི་ཁམས་ཆེན་པོར་ཀུན་ ཏུ་ཁྱབ་པར་མཛད། དེ་ལ་ཁྱབ་ནས་མེའི་ཁམས་ཆེན་པོར་ཀུན་དུ་ཁྱབ་པར་མཛད་དེ།
BO
དེ་ནས་ཆུའི་ཁམས་ཆེན་པོར་ཀུན་དུ་ཁྱབ་པར་མཛད། དེ་ནས་སའི་ཁམས་ཆེན་པོར་ཀུན་དུ་ཁྱབ་པར་མཛད་དོ། ། དེ་ཡང་ཀུན་དུ་ཁྱབ་ནས་བཅོམ་ལྡན་ འདས་བྱང་ཆུབ་ཀྱི་སེམས་ལ་ཀུན་དུ་ཁྱབ་པར་མཛད་དོ། ། རི་དང་སེམས་ཅན་ཐམས་ཅད་དང་། ། སྣ་ཚོགས་ཕྲ་བ་སྦོམ་པོ་དང་། ། བུད་མེད་གཞོན་ནུ་རྒན་པོ་དང་། ། སྐྱེས་པ་དང་ནི་མ་ནིང་དང་། ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། ། གདོན་དང་སྐར་མ་ གཤིན་རྗེ་དང་། ། ཆུ་བདག་བརྒྱ་བྱིན་ལ་སོགས་དང་། ། འབྱུང་དང་འབྱུང་འགྱུར་ཐམས་ཅད་ལ། ། བཅོམ་ལྡན་འདས་ནི་བདེ་ཆེན་པོ། ། ཀུན་དུ་བཟང་པོ་རྡོ་རྗེ་འཛིན། ། ཀུན་དུ་ཁྱབ་པར་བྱས་ཏེ་གནས། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རྡོ་རྗེ་ མཁའ་འགྲོ་བྱིན་གྱིས་རློབ་པའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ལས་ཀྱི་མཆོག་རྣམས་འགྲུབ་བྱེད་པའི། ། གསང་སྔགས་རྣམས་ནི་བཤད་པར་བྱ། ། རྩེ་གཅིག་སེམས་ཀྱིས་མཉན་པར་བྱའོ། ། ཨོཾ་ཨ་ཀཱ་རོ་ མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱཱ་ནུཏྤནྣ་ཏྭཱཏ། གཏོར་མའི་སྔགས་སོ། ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨ་ཨཿ། བུད་མེད་དོ། ། རྀ་རཱྀ། ལྀ་ལཱྀ། མ་ནིང་ངོ་། ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ།
BO
ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། སྐྱེས་ པའིའོ། ། ཡ་ར་ལ་ཝ་འབྱུང་བའིའོ། ། ཤ་ཥ་ས་ཧ་འཇིགས་པ་ལ་སོགས་པའོ། ། ཀྵཿཆོས་ཀྱི་དབྱིངས་ཀྱིས་བོན་ནོ། ། བཛྲ་དྷྲྀཀ་ཧཱུྃ། ཛི་ན་ཛིཀ་བྷྲཱུྃ། རཏྣ་དྷྲྀཀ་ཨྃ། ཨཱ་རོ་ལིཀ་ཛྲཱེཾ། པྲཛྷྲ་དྷྲྀཀ་ཁྃ། མཁའ་འགྲོ་ཆེན་པོ་ལྔའིའོ། ། དྭེ་ཥ་ར་ཏི་མཱྃ། མོ་ཧར་ ཏི་ལཱྃ། རཱ་ག་ར་ཏི་པཱྃ། བཛྲ་ར་ཏི་ཏཱྃ། རྡོ་རྗེ་མཁའ་འགྲོ་རྟེན་པར་བྱེད་པ་ལ་སོགས་པའིའོ། ། ཀྵི་ཏི་གརྦྷ་ཀྵིཾ། བཛྲ་པཱ་ཎི་ཛྲཱི། ག་ག་ན་གརྦྷ་ཁྃ། ལོ་ཀི་ཤྭ་ར་གྃ ། ནི་བ་རཎ་བིཥྐམྦྷི་ནི་ཀྃ། ས་མནྟ་བྷ་དྲ་སྃ། རྡོ་རྗེ་མཁའ་འགྲོ་དམ་ཚིག་སྤྱོད་པ་ལ་ སོགས་པའིའོ། ། རཱུ་པ་བཛྲ་ཛཿ། ཤབྡ་བཛྲ་ཧཱུྃ། གནྡྷེ་བཛྲ་བྃ། ར་ས་བཛྲ་ཧོཿ། སྤརྴ་བཛྲ་ཁྃ། དྷརྨ་དྷཱ་ཏུ་བཛྲ་རྃ། རྡོ་རྗེ་མཁའ་འགྲོ་མཛེས་པར་བྱེད་པ་ལ་སོགས་པའིའོ། ། ཡ་མཱནྟ་ཀྲྀཏ། པྲཛྙཱནྟ་ཀྲྀཏ། པདྨཱནྟ་ཀྲྀཏ། བིགྷྣནྟ་ཀྲྀཏ། ཊཀྐི་ རཱ་ཛ། ནཱི་ལ་དཎྜ། མ་ཧཱ་བ་ལ། ཨ་ཙ་ལེ་ཀ་ཎ་ཧཱུྃ། སུྃ་བྷ་ནི་ཧཱུྃ། ཙཀྲ་བརྟི་ནི་ཧཱུྃ་བྷཱུྃ། རྡོ་རྗེ་མཁའ་འགྲོ་གཤིན་རྗེའི་གཤེད་ལ་སོགས་པའིའོ། ། ཝ་རི་ཛི་ན་བྷྲཱུྃ། ཏེ་ཛོ་སྐནྦྷ་བྷཱུྃ། མནྟ་ཙཀྲ་བྷཱུྃ།
BO
བར་དྷ་ན་བྷཱུྃ། བི་ས་ར་ཎ་བྷྲཱུྃ། བི་ར་ཛི་ན་བྷྲཱུྃ། ཀ་ རོ་བྷ་བ་བྷྲཱུྃ། རྡོ་རྗེ་མཁའ་འགྲོ་གཙུག་ཏོར་རྒྱལ་བ་ལ་སོགས་པའིའོ། ། ཧཱུྃ་ཧྲཱིཿཁ་རྡོ་རྗེ་མཁའ་འགྲོའིའོ། ། ཨོཾ་མེ་དི་ནེ་བཛྲཱི་བྷ་བ་བཛྲ་བྷ་བནྦྷ་ཧཱུྃ། སའིའོ། ། ཨོཾ་བཛྲ་པྲཱ་ཀཱ་ར་ཎ་ཧཱུྃ་བྃ་ཧཱུྃ། ར་བའིའོ། ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡྃ་ཧཱུྃ། དྲ་བའིའོ། ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ ཁྃ་ཧཱུྃ། གུར་གྱིའོ། ། ཨོཾ་བཛྲ་ཤ་ར་ཛ་ལ་ཏྲཱྃ་སྃ་ཏྲཱྃ། མདའིའོ། ། ཨོཾ་བཛྲ་ཛཱ་ལཱ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། འོད་ཀྱིའོ། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། སྟོང་པ་ཉིད་ཀྱི་སྔགས་སོ། ། ཨོཾ་ངྷརྨངྷ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཆོས་ཀྱི་དབྱིངས་ཀྱི་སྔགས་ སོ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའིའོ། ། བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། ཐིག་གདབ་པའོ། ། བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཚོན་དགྱེ་བའིའོ། ། ཧཱུྃ་ཧྃཿཨཱ་ཛྷཻཿ དབབ་པའིའོ། ། བཛྲ་ ཀཱི་ལ་ཡ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཕུར་བུས་བརྡུང་བའིའོ། ། དེ་ལ་སོགས་པའི་མཐའ་ཡས་པ། ། འཇིག་རྟེན་གསུམ་དུ་རྙེད་དཀའ་བའི། །
BO
སྔགས་ཀྱི་ཚོགས་རྣམས་ཇི་སྙེད་པ། ། དེ་ཀུན་སྔོན་དུ་རྒྱས་པ་རུ། ། གསང་བ་དང་ནི་འཇིགས་བྱེད་དང་། ། བདེ་མཆོག་སོགས་ལ་ང་ཡིས་ནི། ། ལས་དང་བཅས་པར་རབ་བཤད་པ། ། རྣལ་འབྱོར་རྟོགས་པས་ཤེས་བྱའོ། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་གཉིས་པའོ། ། དེ་ནས་མཁའ་འགྲོ་ གྲོང་ཁྱེར་མཆོག ། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། ། ལས་ཀྱི་ཆོ་ག་ཤེས་པ་ཡིས། ། ཅི་རིགས་པར་ནི་ལས་རྣམས་བྱ། ། ཉི་ཤུ་རྩ་ལྔའི་སྲད་བུ་ནི། ། སེམས་མེད་ལས་བྱུང་བྱས་ནས་སུ། ། བྱིན་རླབས་མི་བསྐྱེད་རྟག་པ་རུ། ། བྱས་ཏེ་ ཐིག་ནི་གདབ་པའོ། ། གྲུ་བཞི་པ་ལ་སྒོ་བཞི་པ། ། ཏྭ་ར་ཎ་བཞིས་བརྒྱན་པ་སྟེ། ། དར་དང་མེ་ཏོག་ཕྲེང་བས་བཀླུབས། ། སྲད་བུ་བཞི་དང་རབ་ལྡན་པ། ། ཟུར་གྱི་ཆ་ནི་ཐམས་ཅད་དུ། ། ཟླ་བ་རིན་ཆེན་རྡོ་རྗེ་དགོད། ། ལས་ཀྱི་བྱེ་བྲག་ཤེས་པ་ཡིས། ། བློ་དང་ལྡན་པས་ཕྱག་རྒྱ་དགོད། ། ཨིནྡྲ་ནཱི་ལ་ལྟ་བུ་ཡི། ། འཇིགས་བྱེད་རྡོ་རྗེ་དབུས་སུ་བྲི། ། ཤར་དུ་རྩིབས་བརྒྱད་འཁོར་ལོ་དཀར། ། ལྷོ་རུ་རིན་ཆེན་ཟུར་དགུ་ལྗང་། ། ནུབ་ཏུ་འདབ་བརྒྱད་པདྨ་དམར། ། བྱང་དུ་རལ་གྲི་སྔོན་པོ་བྲི། །
BO
མེ་ཡི་མཚམས་ སུ་འཁོར་ལོ་སྔོན། ། བདེན་བྲལ་ཨུཏྤལ་དམར་པོ་དང་། ། རླུང་གི་མཚམས་སུ་པདྨ་དམར། ། དབང་ལྡན་ཨུཏྤལ་སེར་པོ་སྟེ། ། རྡོ་རྗེ་ཐོ་བ་ཤར་གྱི་སྒོ། ། ལྷོ་ཡི་སྒོ་རུ་རྡོ་རྗེ་དབྱུག ། པདྨའི་སྡོང་བུ་ནུབ་ཀྱི་སྒོ། ། བྱང་སྒོ་རྡོ་རྗེ་ཁ་བྱེ་བ། ། སྦྱོར་བ་ལྡན་པས་ དགོད་པར་བྱ། ། རྣམ་པ་ཉི་ཤུ་རྩ་ལྔར་ནི། ། ཚོན་རྩི་དག་ཀྱང་བསྒོམ་བྱ་སྟེ། ། རྡུལ་ཚོན་ལྔ་ལ་སོགས་པ་རྣམས། ། རིམ་པ་བཞིན་དུ་གདབ་པར་བྱ། ། དེ་ནས་བུམ་པ་གཟུང་བྱ་བ། ། རྩ་བ་ནག་ནོག་མེད་པ་ཡི། ། ཞབས་བརྟན་མགྲིན་རིང་མཆུ་འཕྱང་ བ། ལྷ་ཡི་གྲངས་ཙམ་སྟ་གོན་གནས། ། མགུལ་པར་རས་ཀྱིས་ཡང་དག་དཀྲིས། ། ལྡུམ་བུ་ཡིས་ནི་ཁ་མཛེས་པ། ། རིན་ཆེན་སྨན་འབྲུ་སྣ་ལྔ་དང་། ། སྤོས་ཆུ་ཡིས་ནི་རབ་བཀང་ནས། ། བུམ་པ་མངོན་པར་བསྔགས་པར་བྱ། རྣམ་རྒྱལ་བུམ་ པ་དཀྱིལ་འཁོར་གྱི། བདག་པོ་ལྷ་མོ་རྣམས་ཀྱི་བཞི། ལྷ་རྣམས་ཀྱི་ནི་བུམ་པ་བཞི། སྒོ་ཡི་ཕྱོགས་ཀྱི་བུམ་པ་ནི། ལས་ཀུན་བྱེད་པས་བཟླས་བྱས་ཏེ། ། ཀུ་ཤའི་ཆུན་པོས་སེམས་ཅན་ཆེ། ། འཇུག་པ་ཀུན་ལ་གཏོར་བར་བྱ། ། ཡོན་དང་ གཏོར་མ་མཆོད་ཕུལ་ནས། ། དེ་དག་ཕྱི་གྲྭར་རབ་བཀོད་དེ། །
BO
གཡས་སུ་རྒྱལ་བ་སྤྱན་དྲང་ངོ་། ། དེ་ནས་ལྷ་རྣམས་རབ་གནས་པའི། བསམ་པའི་སྦྱོར་བས་བསམ་བྱ་སྟེ། ཕྱག་རྒྱ་བྲལ་བའི་སྦྱོར་བ་ནི། ལུས་ཅན་བྱིན་གྱིས་མི་རློབ་པས། ། བུ་མོ་གཟུགས་བཟང་ལང་ཚོས་བརྒྱན། ། དབང་ཐོབ་ལུས་རྒྱས་ཐོབ་པ་མོ། ། གཡོན་མ་རྒྱན་གྱིས་རབ་བརྒྱན་ཏེ། ། དེ་ཡིས་འཁོར་ལོ་སྤྲུལ་པར་བྱ། ། དེ་ལ་མར་མེ་བརྒྱ་སོགས་པའི། ། མཆོད་པ་ཕུལ་ནས་བསྟོད་བྱ་སྟེ། ། བཤང་གཅི་ཁུ་བ་ ཁྲག་རྣམས་ནི། ། དུང་ཆེན་པོ་རུ་བཞག་བྱས་ཏེ། ། ལྷ་རྣམས་ལ་ནི་དབུལ་བར་བྱ། ། དེ་ནས་མཁའ་འགྲོ་གྲོང་མཆོག་ཏུ། ། སློབ་མ་རྣམས་ནི་གཞུག་བྱ་སྟེ། ། རྡོ་རྗེ་ཡེ་ཤེས་རབ་ཐོབ་པའི། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། ཕོ་བྲང་ དཀྱིལ་འཁོར་དམ་པ་འདིར། ། བདག་གིས་སློབ་མ་གཞུག་པར་བྱ། ། དེ་ནས་སློབ་མ་དེ་ཡིས་ཀྱང་། ། མེ་ཏོག་སྔགས་འདིས་གཏོར་བའོ། ། ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོཿ། ། དེ་ནས་ཚིག་འདིས་གདོང་གཡོགས་དགྲོལ། ། དེ་རིང་དད་པའི་ཤུགས་ཀྱིས་ནི། ། དཀྱིལ་འཁོར་དེང་འདིར་བལྟ་བར་བྱ། ། སངས་རྒྱས་རིགས་སུ་ཁྱོད་སྐྱེས་སོ། ། སྔགས་དང་ཕྱག་རྒྱས་ཁྱོད་བྱིན་བརླབ། ། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །
BO
དམ་ཚིག་མཆོག་ཏུ་འགྲུབ་པར་བྱེད། ། རྡོ་རྗེ་པདྨོ་རོལ་པའི་མཆོག ། སྔགས་ཀྱི་ བདག་ཉིད་ཤེས་པར་བྱ། པཱ་ཤྱ་བཛྲ། གང་དག་མེ་ཏོག་གསང་བ་སྟེ། ། དེ་དེ་དེ་ཡི་ལྷ་ཡང་དག ། དེ་ཡི་སྦྱོར་བ་རབ་སྦྱིན་ཏེ། ། དེ་ཡི་ནན་ཏན་དུ་སྒྲུབ་བོ། ། དུང་ཆེན་བདུད་རྩི་ལྔ་བླུད་དེ། ། དམྱལ་བའི་ཆུ་འདིས་ཁྱོད་ལ་ནི། ། དམ་ཚིག་འདས་ན་ སྲེག་པར་བྱེད། ། དམ་ཚིག་བསྲུངས་ན་དངོས་གྲུབ་པའི། ། འཐུང་ཤིག་རྡོ་རྗེ་བདུད་རྩིའི་ཆུ། ། བཛྲ་ཨུདྐ་ཋ། དེ་ནས་སངས་རྒྱས་ཐམས་ཅད་ཀྱི། ། དམ་ཚིག་དང་ནི་སྡོམ་པ་རྣམས། ། བླ་མས་སློབ་མ་སྡིག་བྲལ་ལ། ། ཅི་ལྟ་ བ་བཞིན་བསྒྲག་པར་བྱ། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རི་མོའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དབང་བསྐུར་བ་ཡི་ཆོ་གའི་མཆོག ། གང་གིས་ལེགས་པར་བྱེད་འགྱུར་ན། ། དེ་ནི་ སངས་རྒྱས་ཉིད་དུ་འགྲུབ། ། སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན། ། ཡང་དག་ཤེས་ཤིང་རྒྱུད་ཤེས་པ། ། དེ་ཉིད་བཅུ་ལ་སོགས་པ་ཡི། ། གསང་རིག་ཆོ་ག་ཤེས་པ་པོས། ། བསྒྲིམས་ཏེ་སློབ་མ་ཡང་དག་གཟུང་། ། བླ་མ་ལ་གུས་དད་པའོ། ། དགེ་བསྒོམ་ལྷ་རྣམས་མཆོད་བྱེད་པ། །
BO
གཏོང་ཕོད་ཡོན་ཏན་ལྡན་པའོ། ། དེ་ནས་སློབ་མ་དེ་ཡིས་ཀྱང་། ། ལངས་ཏེ་ཞབས་ལ་མགོས་གཏུགས་ནས། ། རྒྱལ་པོ་དབང་ཕྱུག་བདེ་དམ་པ། ། གོས་དང་རྒྱན་གྱིས་ལེགས་པར་བགོས། ། སྟེང་དུ་བླ་རེ་བྲེ་བར་ བྱ། ། གདུགས་དང་རྒྱལ་མཚན་བ་དན་དང་། ། ལྷམ་དང་ཚངས་པའི་སྐུད་པ་དང་། ། གདུ་བུ་དག་དང་སྐ་རགས་དང་། ། བཀྲ་ཤིས་ཚིགས་བཅད་སྣ་ཚོགས་ཀྱིས། ། སློབ་མ་སྡིག་དང་བྲལ་བ་ལ། ། སློབ་དཔོན་གྱིས་ནི་དབང་བསྐུར་རོ། ། དང་པོ་རྣམ་རྒྱལ་ བུམ་པ་དང་། ། དེ་ནས་ལྷ་མོ་བཞི་རྣམས་དང་། ། ལྷ་རྣམས་ཀུན་གྱི་བཞི་པོ་ཡིས། ། བཀྲ་ཤིས་ཚིགས་བཅད་གླུ་སྒྲ་དང་། ། རྡོ་རྗེ་དྲིལ་བུ་གསིལ་བ་ཡིས། ། སྐྱོབ་པའི་དཀྱིལ་འཁོར་མངོན་སུམ་དུ། ། ཏིལ་གྱི་གང་བུ་བཞིན་གང་བའི། ། རྒྱལ་བས་བུམ་ པ་བཟུང་ནས་ནི། ། དེ་ཉིད་ལ་ནི་དབང་བསྐུར་བར། ། དཀྱིལ་འཁོར་དེ་ཉིད་རིག་པར་བསམ། ། དེ་ལྟ་བུ་ནི་བསམས་ནས་ཀྱང་། ། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ། ། དེ་ནས་ཡིད་འོང་བུ་མོ་ནི། ། ལེགས་པར་གོམས་པ་དབང་ཐོབ་པ། ། རྒྱན་ གྱིས་རབ་བརྒྱན་རབ་མཛེས་པ། ། བཙལ་ཏེ་བླ་མ་ལ་ཕུལ་ནས། ། དེ་ནས་རྒྱལ་དབང་སློབ་མ་དེ། ། ནང་གི་སྦས་པ་བཏུས་པ་ཡི། །
BO
གསང་བ་མཉམ་པར་འཇུག་པ་ཡི། ། སྦྱོར་དང་ལྡན་པས་དབང་བསྐུར་བྱ། ། རྡོ་རྗེ་པདྨོ་ལས་དྲང་བ། ། སྦོམ་ པོ་མཐའ་ལྟག་རྩེ་སྦྱར་ནས། ། རྐན་དུ་རྡོ་རྗེ་གཞག་པར་བྱ། ། ཀྱེ་མའོ་བདེ་བ་བདེ་བ་ཆེ། ། ཀྱེ་མའོ་དམ་ཚིག་བདེ་བརྗོད་ཅིང་། ། ཀྱེ་མའོ་བདེ་བ་བླང་བར་བྱའོ། ། འདི་ནི་གསང་བ་ཞེས་བྱ་བའི། ། དེ་དབང་བསྐུར་བའི་ཐབས་མཆོག་གོ། ། ཡང་ན་ ཤིན་ཏུ་དད་ལྡན་པ། ། གཟུགས་བཟང་སྒྲུབ་ལ་དགའ་བ་དང་། ། སྦྱོར་གོམས་བླ་མ་ལ་ནི་དབུལ། ། བླ་མས་བྱིན་བརླབས་ལྷ་མོ་དང་། ། སྒྲུབ་པ་དེ་ལ་སྦྱིན་པར་བྱ། ། དེ་ཡིས་བླངས་ནས་བརྩོན་པའི་ཚོགས། ། ཅི་སྐད་གསུངས་བཞིན་རབ་བྱས་ནས། ། རང་གི་ལྷ་དང་སངས་རྒྱས་དང་། ། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀུན། ། མཉེས་བྱེད་ཆོ་གས་སེམས་བརྟགས་ཏེ། ། མངོན་སུམ་བདེ་བ་རང་འབྱུང་བ། ། གཞན་གྱིས་གང་དུ་བསྒྲག་མི་ནུས། ། གོ་བའི་ཡུལ་དེ་བདེ་བ་ཆེ། ། བླ་མ་དེ་ལ་དབུལ་བར་ བྱ། ། བླ་མ་གཞན་ལ་དེ་བཞིན་དུ། ། ཅི་དགའ་བར་ནི་ཡོན་ཡང་དབུལ། ། སློབ་དཔོན་ཅུང་ཟད་ཅི་འདོད་པ། ། ཡིད་ལ་བསམས་པ་དབུལ་བར་བྱ། ། དམ་ཚིག་འདའ་བས་འཇིགས་པའི་ཕྱིར། ། བསྒྲིམས་ཏེ་དེ་བཞིན་དབུལ་བར་བྱ། །
BO
སློབ་དཔོན་ གྱི་ནི་ཡུལ་གྱི་མཆོག ། རིགས་ཀྱི་ཁྱད་པར་གྱིས་ནི་ལྔ། ། བུམ་པའི་དབང་སོགས་དབྱེ་བ་ཡིས། ། ཡང་ན་གསུམ་དུ་འགྱུར་བ་ཡིན། ། རང་གི་མ་དང་སེང་གེ་གདན། ། ཡོན་གྱི་མཆོག་སྟེ་སངས་རྒྱས་རིགས། ། གསེར་དང་གླང་པོ་རིན་ཆེན་དང་། ། སྲིང་མོ་བླ་མ་ལ་དབུལ་བ། ། རྡོ་རྗེ་སེམས་དཔའི་རིགས་ཡིན་ཏེ། ། ཡོན་དེ་ཡོན་གྱི་མཆོག་ཡིན་ནོ། ། ཤིང་རྟ་རྟ་ནི་ཤིན་ཏུ་བརྒྱན། ། རང་གི་ཆུང་མ་དབུལ་བྱ་སྟེ། ། རིན་ཆེན་སྣ་ཚོགས་རྣམ་དག་པ། ། ཡོན་དེ་རིན་པོ་ཆེ་ཡི་རིགས། ། མུ་ཏིག་ཕྲེང་བ་ཤིན་ ཏུ་མཛེས། ། བུ་མོ་རིན་ཆེན་འདྲ་བ་ཡིས། ། བརྒྱན་ཏེ་བླ་མ་ལ་དབུལ་བ། ། ཡོན་དེ་པདྨའི་རིགས་ཡིན་ནོ། ། རྒྱལ་པོ་དང་ནི་དབང་ཕྱུག་དང་། ། ཆུང་མ་འཕྲུལ་གྱི་བཞོན་པ་སོགས། ། གླང་པོ་རྟ་ནི་ཤིན་ཏུ་བརྒྱན། ། དེ་བཞིན་གཤེགས་པ་ ཀུན་གྱི་རྗེ། ། ནན་ཏན་བླ་མ་དབུལ་བྱ་བ། ། སྣ་ཚོགས་རྡོ་རྗེའི་རིགས་ཡིན་ནོ། ། དེ་རྣམས་བཞི་དང་འགྱུར་བ་དང་། ། མི་འགྱུར་བ་ཡི་བྱེ་བྲག་གིས། ། གསུམ་དུ་ཤེས་བྱ་བླ་མ་ལ། ། བློ་ལྡན་རྡོ་རྗེ་སློབ་མ་ཡིས། ། ཅི་སྟེ་བདེ་བ་ཀུན་འདོད་ན། ། དད་ མོས་སེམས་ཀྱིས་དབུལ་བར་བྱ། ། ཡིད་ལ་གང་བསམས་མ་ཕུལ་ལམ། །
BO
ཁས་བླངས་དེ་ནི་མ་ཕུལ་ན། ། {ཡི་དགས་,ཡི་དྭགས་}དམྱལ་བ་རྣམ་གཉིས་སུ། ། ངེས་པར་སྐྱེས་ཏེ་བརླག་པར་འགྱུར། ། དེ་བས་དེ་རྣམས་རབ་ཕུལ་ནས། ། གསོལ་བ་དག་ནི་རབ་ ཏུ་གདབ། ། རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཡི། དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། ། སྦྱོར་བའི་དཀྱིལ་འཁོར་ཆེན་པོ་ཡི། ། དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། ། སྦྱོར་བའི་དཀྱིལ་འཁོར་ཆེན་པོ་ཡི། དཀྱིལ་འཁོར་བདག་གིས་{དི་རིང་,དེ་རིང་}མཐོང་། ། གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། ། དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། ། དེ་ནས་བླ་མ་དེ་ཡིས་ཀྱང་། ། དེ་ལ་དབང་བསྐུར་སྦྱིན་བྱ་སྟེ། ། དྲི་དང་མེ་ཏོག་ཕྲེང་བས་བརྒྱན། བསྒྲིམས་ཏེ་ཡང་དག་བརྟག་པར་བྱ། ། དང་པོ་ལ་ནི་བུམ་པའི་དབང་། ། གཉིས་པ་ལ་ནི་གསང་བའི་དབང་། ། གསུམ་པ་ཤེས་རབ་ཡེ་ཤེས་ཏེ། ། བཞི་པ་དེ་ཡི་ཡེ་ཤེས་ཏེ། ། བླ་མ་ལས་ནི་ཐོབ་པའོ། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཕན་ཡོན་དང་བཅས་པར་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ། ། ། ། གང་གི་ཐབས་ ཀྱིས་རིགས་ལྔའི་དོན། ། རང་གི་དོན་གྱུར་ཀུན་དུ་བཟང་། ། འདི་དག་གཞན་ལ་རབ་བདེའི་ཕྱིར། ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཤད། །
BO
ཡིད་འོང་དབེན་པའི་ས་ཕྱོགས་སུ། ། ཅི་བདེར་གནས་ལ་ནམ་མཁའ་ཀུན། ། སེམས་ཀྱིས་ཁྱབ་པར་བྱས་ནས་ སུ། ། རྣམ་བརྟགས་ཨེ་མའོ་འཇིག་རྟེན་ཀུན། ། སྡུག་བསྔལ་ཆོས་ཀྱིས་ཀུན་ནས་གཙེས། ། བྱང་ཆུབ་སེམས་ཉམས་སེམས་ཅན་རྣམས། ། ཀུན་ལས་འབྱུང་ཞེས་དམ་བཅས་པའི། ། སྔགས་པས་སྤྱི་བོར་བཞག་པ་ནི། ། ཨཱཿསེམས་ཀྱི་རྡུལ་ཕྲན་ ཆ་དྲུག་རྣམས། ། ཕྱོགས་བཅུ་དག་ཏུ་ཕྱེ་ནས་སུ། ། ཆོས་ཀྱི་དོན་རྣམས་དེས་བསལ་ནས། ། ཤིན་ཏུ་དྲི་མེད་སེམས་དག་པ། ། འདས་དང་མ་འོངས་པ་ཡི་སེམས། ། ད་ལྟར་ཡང་ནི་དམིགས་སུ་མེད། ། གཉིས་མེད་དེ་ལ་གཉིས་མེད་མེད། ། ནམ་ མཁའ་ཞེས་པའང་གནས་པ་མེད། ། དེ་ལྟར་ཀུན་དུ་བརྟགས་ནས་སུ། ། འགྲོ་བ་ཐམས་ཅད་ཤིན་ཏུ་སྟོང་། ། དྲི་མེད་རྣལ་འབྱོར་ཉིད་ཀྱི་ཡིན། ། དངོས་པོ་མེད་པར་རང་སེམས་བསམ། ། འགྲོ་བ་འདི་ནི་དེ་ལྟ་བུའི། ། དངོས་པོ་གང་དག་ཡོད་མིན་ ན། ། སྡུག་བསྔལ་སྣ་ཚོགས་གང་དག་ལགས། ། སེམས་ཉམས་སེམས་ཅན་འབྱུང་བར་བསྒོམ། ། འོན་ཀྱང་སྔོན་གྱི་སྨོན་ལམ་ཤུགས། ། དབྱངས་ཡིག་སྤེལ་བའི་གླུ་ལྡན་བྱ། ། རིན་ཆེན་སེམས་ནི་རྨུགས་པ་ལ། ། བདེ་གཤེགས་རྣམས་ཀྱིས་ བསྐུལ་བར་སྣང་། ཤཱུ་ནྱ་ཏཱ་ཏི་ཡོ་ག་པཱ་དྃ་སྭཱ་ཧཱ།
BO
པྲ་བྷ་བཱི་ཨཱ་ཀཱ་ཤ་ཏ་མཱ་པ་ག་ཏ་ས་མ་ཡ། ཨུ་པ་ཏ་པ་ཡནྟི་སུ་ག་ཏ་སུ་ག་ཏེ་ག་ཏི་ཤྲཱི་བཛྲ་སྭཱ་ཧཱ། པཱུ་པུ་སྟྃ་ཧྃ། རྣམ་རྟོག་ཀུན་སྤངས་དྲི་མེད་པའི། ། རྣམ་པར་མི་རྟོག་སྒོམ་པའི་སེམས། ། སྔགས་ ཀྱི་དེ་ཉིད་བསྐྱོད་བྱས་ལ། ཧཱུྃ་ཞེས་པ་ཡི་གཟུགས་སུ་བརྟག ། ཏིང་ངེ་འཛིན་གྱིས་དབང་འགྱུར་ན། ། གང་ཕྱིར་དེ་ནི་བསྒོམས་པས་ཐོབ། ། དམ་པ་ནམ་མཁའི་དབྱིངས་ལ་གནས། བྱང་ཆུབ་སེམས་ཚོགས་དེར་བཅས་ལ། ། རྣལ་འབྱོར་ཡིད་ཀྱིས་ ཀུན་བསམས་ནས། ། རྒྱས་པར་རྣམ་པར་བརྟག་པར་བྱ། ། ཡི་གེ་བྷྲཱུྃ་གྱིས་ལྷ་ཡི་གནས། ། རྡོ་རྗེ་རིན་ཆེན་གྱིས་ནི་བརྒྱན། ། སྒོ་ཁྱུད་རྟ་བབས་ཀ་བ་དག ། དར་གྱི་ཕྲེང་བས་རྣམ་པར་བཀླུབས། ། གྲུ་བཞི་པ་ལ་སྒོ་བཞི་པ། ། དྲིལ་བུའི་དྲ་བ་དག་གིས་ བརྒྱན། ། རྟག་པར་དོ་ཤལ་མེ་ལོང་དང་། ། མེ་ཏོག་ཕྲེང་བས་རྒྱན་རྣམས་བྲེས། ། དེ་ཡི་དབུས་སུ་སེང་གེའི་གདན། ། སེང་གེ་བརྒྱད་ཀྱིས་རྣམ་པར་བརྒྱན། ། སྨོན་ལམ་དབང་གིས་དེ་དག་ཀུན། ། བྱང་ཆུབ་སེམས་དཔའ་མཐུ་བོ་ ཆེ། ། ཤར་ཕྱོགས་བ་གླང་ཤིན་ཏུ་རྒྱས། ། ལྷོ་ཕྱོགས་རྟ་ཡི་གདན་བཟང་སྟེ། ། ནུབ་ཕྱོགས་སུ་ནི་རྨ་བྱ་བཤད། ། དེ་བཞིན་བྱང་ཕྱོགས་ནམ་མཁའ་ལྡིང་། །
BO
མི་བསྐྱོད་ཁྲོ་བོ་བསམ་པ་ནི། ། མཐིང་ག་དཀར་པོ་དམར་པོའི་ཞལ། ། རྡོ་རྗེ་ཕྱག་རྒྱ་ ཐུགས་ཀ་ན། ། མཐིང་ག་ཁ་དོག་གསལ་ལ་བཟང་། ། གཡས་ན་རིན་ཆེན་འཁོར་ལོ་སྟེ། ། རལ་གྲི་པདྨ་གཡོན་པ་ན། ། འཇིག་རྟེན་ཁམས་ནི་ཀུན་འཁྲུག་པའོ། ། བརྟུལ་ཞུགས་ཅན་གྱིས་ཞལ་གསུམ་བསམ། ། དང་པོ་ཡི་ནི་སྟོང་པ་ཉིད། ། གཉིས་པ་དེ་བཞིན་མཚན་མ་མེད། ། གསུམ་པ་སྨོན་པ་མེད་པ་ཡི། ། ཞལ་དུ་མཁས་པས་རིག་པར་བྱ། ། ཕྱག་དྲུག་རྟག་ཏུ་འབར་བར་བསྒོམ། ། མཚོན་ཆ་སྣ་ཚོགས་རྣམས་དང་ལྡན། ། པདྨ་ལ་ནི་མཉམ་གཞག་ནས། ། ཡེ་ཤེས་ཕྱག་རྒྱ་ སྙིང་ག་ནང་། ། དབུས་ཀྱི་གནས་སུ་བསམ་པ་ནི། ། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་གནས། ། ཤར་གྱི་གནས་སུ་བསམ་པ་ནི། ། སྔགས་པ་རྣམ་སྣང་ཐུབ་པ་སྟེ། ། དཀར་དང་མཐིང་ག་དམར་བའི་ཞལ། ། འཁོར་ལོ་ཕྱག་རྒྱ་སྙིང་ག་ན། ། རྡོ་རྗེ་འབར་ སོགས་འོད་གསལ་བ། ། རིན་ཆེན་རྡོ་རྗེ་གཡས་པ་ན། ། རལ་གྲི་པདྨ་གཡོན་པ་ན། ། རྣལ་འབྱོར་ཅན་གྱིས་རྟག་པར་བསམ། ། ཐོར་ཚུགས་དབུ་རྒྱན་དག་གིས་བརྒྱན། ། རིན་ཆེན་མགོན་པོ་ལྷོ་ཕྱོགས་ན། ། སེར་དང་མཐིང་ག་དཀར་བའི་ཞལ། ། རིན་ཆེན་ཕྱག་རྒྱ་སྙིང་ག་ནས། ། མརྒད་ལྟ་བུར་སྣང་བའོ། །
BO
གཡས་ན་འཁོར་ལོ་རལ་གྲི་སྟེ། ། རྡོ་རྗེ་པདྨ་གཡོན་ནའོ། ། རྟག་པར་རྣལ་འབྱོར་པས་བསམ་པ། ། རིན་ཆེན་ཆར་དུ་འབེབས་པའོ། ། ནུབ་ཕྱོགས་གནས་སུ་དགོད་བྱ་བ། ། སྣང་བ་མཐའ་ཡས་ བསམ་པ་ནི། ། དམར་དང་མཐིང་ག་དཀར་བའི་ཞལ། ། པདྨ་རཱ་གའི་མདོག་ལྟ་བུ། ། པདྨའི་ཕྱག་རྒྱ་སྙིང་ག་ན། ། རྡོ་རྗེ་རིན་ཆེན་གཡས་པ་ན། ། འཁོར་ལོ་རལ་གྲི་གཡོན་པ་ན། ། པདྨ་ལ་ནི་མཉམ་གཞག་བསམ། ། བྱང་ཕྱོགས་གནས་སུ་དོན་གྲུབ་ནི། ། ལྗང་གུ་མཐིང་ག་དཀར་བའི་ཞལ། ། རལ་གྲི་ཕྱག་རྒྱ་སྙིང་ག་ན། ། འབར་བའི་ཕྲེང་བས་མཉམ་པའིའོ། ། པདྨ་རྡོ་རྗེ་གཡས་པ་ན། ། འཁོར་ལོ་རིན་ཆེན་གཡོན་པ་ན། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པ། ། བྱང་གི་གནས་སུ་བསམ་པར་བྱ། ། སྔགས་ པས་ཕྱག་དྲུག་བསམ་པ་ནི། ། སྤྱན་དེ་ཞལ་གསུམ་དཀར་མོ་ཡི། ། རྣམ་པར་སྣང་མཛད་ཕྱག་རྒྱ་བཞིན། ། དེ་ཡི་དོན་དུ་རྣམ་པར་བསྒོམ། མཱ་མ་ཀཱི་ཡང་བསམ་པ་ནི། ། ཨུཏྤལ་དང་ནི་མཐིང་འདྲ་བ། ། ཞལ་གསུམ་ཕྱག་དྲུག་ཆགས་པ་སྟེ། ། མི་ བསྐྱོད་ཕྱག་རྒྱ་མཆོག་འཛིན་པའོ། ། ཆགས་པས་ཆགས་པ་རིགས་ཀྱི་སྔགས། ། ཞལ་གསུམ་ཕྱག་དྲུག་དགེ་བ་སྟེ། ། སྦྱོར་བའི་ས་ནི་དཀར་མོ་བསམ། ། པདྨ་རཱ་གའི་ཕྱག་རྒྱའོ། །
BO
སྒྲོལ་མ་ཁ་དོག་སེར་མོ་སྟེ། ། འཁྲིལ་བག་རྒྱན་གྱིས་རབ་ཏུ་བརྒྱན། ། ཞལ་གསུམ་ཕྱག་དྲུག་རབ་ཏུ་བསམ། ། ཐོགས་མེད་རྒྱལ་པོའི་ཕྱག་རྒྱའོ། ། སྒོ་བཞི་སྒོ་སྲུངས་དགོད་བྱ་བ། ། སྒོ་རྣམས་སུ་ནི་ཁྲོ་བོ་བསམ། ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། ། གཞན་གྱིས་མི་ཐུབ་དེ་བཞིན་ཏེ། ། ཐུབ་པར་དཀའ་བ་རྟ་མགྲིན་དང་། ། ཁྲོ་བོ་བདུད་རྩི་འཁྱིལ་བ་བསམ། ། དེ་དག་ཀུན་ཀྱང་ཞལ་གསུམ་པ། ། དྲག་ཅིང་དྲག་པོར་གནོན་པའོ། ། མཐིང་ག་སེར་པོ་དེ་བཞིན་དམར། ། ལྗང་གུ་དག་ནི་ཁ་དོག་ཏུའོ། ། མཚོན་ཆ་སྣ་ཚོགས་འཛིན་པ་སྟེ། ། ཐོད་པའི་ཕྲེང་ཐོགས་དེ་བཞིན་ནོ། ། གདོན་རྣམས་ཐམས་ཅད་སྐྲག་བྱེད་པ། ། གནོད་སྦྱིན་སྲིན་པོ་ཕྲ་མེན་མ། ། མ་ཧེ་སེང་གེ་སྟག་རྣམས་དང་། ། བ་ལང་ཞོན་པ་རྣམས་བཞིའོ། ། རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། ། ཁྲོ་བོ་སྤྱན་ནི་ཀུན་ནས་བསྡུས། ། སྔགས་འདི་རྣམས་ཀྱིས་ བསམ་པ་ནི། ། གཤིན་རྗེའི་གཤེད་ལ་སོགས་པའོ། ། སྔགས་ཀྱི་དེ་ཉིད་རྗེས་མཐུན་པར། ། སྔགས་པའི་དཀྱིལ་འཁོར་བསྒྲུབས་ནས་སུ། ། ས་ཡི་སྙིང་པོ་ལ་སོགས་པ། ། སེམས་དཔའ་རྣམས་ནི་དེར་གནས་བསམ། ། ལུས་དང་ངག་དང་སེམས་དེ་ཉིད། །
BO
ཧཱུྃ་ཞེས་བྱ་བའི་ཡི་གེ་མཆོག ། སེམས་ནི་དེ་རུ་ཞུགས་པར་བསམ། ། མི་བསྐྱོད་པ་ནི་བདག་ཉིད་ཆེ། ། དབང་པོའི་ལམ་དུ་བྱུང་ནས་སུ། ། དང་བའི་དཀྱིལ་འཁོར་གྱིས་ནི་བརྒྱན། ། བདག་ཉིད་གཅིག་ཅིང་གཅིག་ འགྱུར་བ། ། སྐད་ཅིག་གིས་ནི་བརྟག་པར་བྱ། ། ཁྱོད་ནི་རྡོ་རྗེ་སེམས་ཞེས་བྱ། ། དེ་ལ་སོགས་པས་སྟོད་པར་བྱེད། ། དེ་ནས་རྣམ་སྣང་མཛད་ལ་སོགས། ། རང་གི་སྙིང་གར་རབ་ཏུ་གཟུད། ། གཟུགས་རྣམས་ཀྱི་ནི་རང་བཞིན་དུ། ། རྣམ་པར་ སྣང་མཛད་ཐུབ་པ་བཞུགས། ། ཚོར་བ་རིན་ཆེན་མགོན་པོ་ཡིན། ། མཐའ་ཡས་འོད་ནི་འདུ་ཤེས་སུའོ། ། འདུ་བྱེད་ཀུན་དུ་གདོན་མི་ཟ། ། མི་བསྐྱོད་པ་ནི་ཕུང་པོ་ལྔར། ། དེ་བཞིན་གཤེགས་པ་ལྔ་རྣམས་ནི། ། སྔགས་འདི་རྣམས་ཀྱིས་བཞུགས་ པར་བསམ། ། ས་ཡི་ཁམས་ཀྱི་རང་བཞིན་དུ། ། དེ་ནས་སྤྱན་ནི་གཞུག་བྱ་སྟེ། ། རྣལ་འབྱོར་ཡིད་ཀྱིས་བསམ་པ་ནི། ། དེ་ཡང་སྤྲོ་བར་གནས་པར་བསམ། ། མཱ་མ་ཀཱི་ཡང་ཆུ་ཡི་ཁམས། ། བརླན་ཞིང་ཁྲག་ནི་རྒྱུ་བའི་ཕྱིར། ། རྣལ་འབྱོར་པས་ནི་ ཡིད་ཀྱིས་བསམ། ། དེ་ཡི་ལུས་ནི་རྒྱས་པར་འགྱུར། ། མེ་ཡི་ཁམས་ཀྱི་རང་བཞིན་དུ། ། གོས་དཀར་མོ་ཡང་གཞུག་པར་བྱ། ། ཀུན་དུ་ཁྱབ་པར་བཞུགས་པ་ཡི། །
BO
འོད་རྣམས་སུ་ནི་དེར་འགྱུར་རོ། ། སྒྲོལ་མ་རླུང་གི་རང་བཞིན་དུ། ། བཞུགས་ པར་དེ་ནི་བསམ་པར་བྱ། ། རླུང་ནི་རྣམ་པ་ལྔ་རུ་འགྱུར། ། དེ་བཞིན་ཡིད་མགྱོགས་རྫུ་འཕྲུལ་འགྲུབ། ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ། ནམ་མཁའི་རང་བཞིན་དག་ཏུ་འཇུག ། དེ་ལུས་ཁོང་སྟོང་ཉིད་ལ་ནི། ། རང་སེམས་ཡོན་ཏན་བསྒོམ་པའི་སེམས། ། ནམ་མཁའི་དབྱིངས་ཀྱི་རྣལ་འབྱོར་གྱིས། ། སངས་རྒྱས་སྒྱུ་མའི་སྦྱོར་བས་སུ། ། དག་པའི་བདག་ཉིད་ཅི་འདོད་པར། ། དེ་ནས་རི་རབ་ཕུལ་ནས་འགྲོ། ། ས་ཡི་སྙིང་པོ་བདག་ཉིད་ཆེ། ། སངས་རྒྱས་སྤྱན་ནི་བདག་ཉིད་དེ། ། མིག་གི་ཕྱོགས་སུ་ ཞུགས་ནས་ནི། ། འཕྲུལ་གྱི་མིག་ཏུ་རྟག་ཏུ་འགྱུར། ། ཕྱག་ན་རྡོ་རྗེ་བདག་ཉིད་ཆེ། ། རྣ་བའི་རྣམ་ཤེས་སྦྱོར་བས་ན། ། སྒྲ་རྣམས་ཐམས་ཅད་ཤེས་པ་དེ། ། རྣ་བའི་རྣམ་ཤེས་དེ་བཞིན་འགྱུར། ། ནམ་མཁའི་སྙིང་པོ་བདག་ཉིད་ཆེ། ། སྣ་ཡི་རྣམ་ ཤེས་སྦྱོར་བས་ན། ། སངས་རྒྱས་ཤངས་ནི་བདག་ཉིད་ཤེས། ། དེ་ཡང་དེ་ཡི་ངོ་བོར་འགྱུར། ། འཇིག་རྟེན་དབང་པོར་རབ་ཆགས་པ། ། རྡོ་རྗེ་ལྕེ་ཡི་སྦྱོར་བས་སུ། ། རོ་ཡི་དངོས་པོ་མྱོང་བ་དེས། ། སྐད་ཅིག་གཅིག་ལ་དེ་རུ་འགྱུར། །
BO
བློ་ལྡན་སྒྲིབ་ པ་ཐམས་ཅད་ནི། ། རྣམ་པར་སེལ་བའི་མིང་དང་ལྡན། ། ཉོན་མོངས་ཐམས་ཅད་རྣམ་པར་སེལ། ། ཉེ་བའི་ཉོན་མོངས་པ་ཡང་འཇིག ། མེ་ལོང་གི་ནི་རྣམ་པ་ལྟར། ། རྟེན་པའི་ཚུལ་གྱིས་འབྱུང་བ་ནི། ། གཟུགས་བརྙན་གྱི་ནི་སྦྱོར་བས་སུ། ། སྐད་ཅིག་གིས་ནི་དེ་རུ་འགྱུར། ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། ། རྣམ་པ་བཅུ་དང་དྲུག་ཏུ་ཡང་། ། སྦྱོར་བ་དེ་ནི་བྱིན་བརླབས་ནས། ། སྔགས་བས་དེ་ནི་སེམས་ལ་གཞུག ། ཁྲོ་བོ་ལྕགས་ཀྱུ་དཔུང་པ་ཡིས། ། ཞགས་པ་ལྟ་བུ་གཉིས་པའོ། ། ལུ་གུ་རྒྱུད་ཀྱི་ཁ་སྤྲད་གསུམ། ། རྒྱལ་མཚན་གཞུག་པར་ཁྱབ་པར་བཞག ། དེ་ལྟར་དོན་རྣམས་རབ་ཏུ་ཞུགས། ། སངས་རྒྱས་ཀུན་གྱི་ངོ་བོར་བདག ། རྡོ་རྗེ་ཕྱག་རྒྱ་དང་ལྡན་པ། ། གཡོན་པ་དྲིལ་བསྣམས་སྟ་ཟུར་བརྟེན། ། རྡོ་རྗེ་སེམས་དཔའ་དེ་ གནས་འགྱུར། ། རྣལ་འབྱོར་ཆེན་པོ་དཀར་བའི་གཟུགས། ། དཀར་དང་མཐིང་ག་དམར་པོའི་དབུ། ། སྟོང་ཉིད་ལ་སོགས་བདག་སྦྱོར་བ། ། རྡོ་རྗེ་སེམས་དཔའ་ཞེས་སུ་སྨྲ། ། རྡོ་རྗེ་ཕྱག་རྒྱ་རྗེས་སུ་ཆགས་པ་ལ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། སངས་རྒྱས་མཆོད་པ་ལ།
BO
ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། རང་གི་དཀྱིལ་འཁོར་སྔ་མ་བཞིན། ། མདུན་དུ་བསམས་ནས་ནམ་མཁའ་ལ། ། ཁྱབ་པའི་སྦྱོར་བས་གཅིག་བྱས་ཏེ། ། དཀྱིལ་འཁོར་སྔ་མ་བཞིན་བསམས་བཟླས། ། བཅོམ་ལྡན་མི་མཉམ་གཞུག་བཅིང་བཞུགས། ། རྡོ་རྗེ་ཕྱག་རྒྱ་ཐུགས་ཀར་བསྣམས། ། གཡས་པར་འཁོར་ལོ་རིན་པོ་ཆེ། ། པདྨ་རལ་གྲི་གཡོན་པའོ། ། དེ་ཉིད་གསུམ་གྱི་ཚུལ་གྱིས་ནི། ། ཅི་ཙམ་ ནུས་པར་བཟླས་པར་བྱ། ། སྐྱོན་ཡིད་ཀྱིས་དྲངས་ནས་ནི། ། དེ་དག་ཐམས་ཅད་སྙིང་གར་གཞུག ། མཉམ་པ་ཉིད་ཀྱི་གནས་འདུག་ན། ། ལུས་ཀྱིས་ཇི་ཙམ་བསྐྱོད་པ་དང་། ། ཚིག་ཏུ་རབ་ཏུ་འཕྲོ་བའི་རྣམས། ། དེ་དག་སྔགས་དང་ཕྱག་རྒྱར་ འགྱུར། ། རྟག་ཏུ་བསྒོམ་པའི་སྦྱོར་བས་ནི། ། དེ་ལ་སེམས་དཔའི་གཞན་མ་ཡིན། ། རྣལ་འབྱོར་ངོ་བོ་གཟུགས་ཅན་ལ། ། ལྷ་མོ་རྣམས་ཀྱང་དེ་ལ་འཛིན། ། དབང་པོ་ལམ་དུ་གང་གྱུར་པ། ། དེ་དང་དེ་ཡི་ངོ་བོ་དག ། ཤིན་ཏུ་མཉམ་ གཞག་སྦྱོར་བས་སུ། ། བདག་ཉིད་ལྷག་པའི་ལྷར་བྱའོ། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ལྷའི་ལེའུ་སྟེ་ལྔ་པའོ། །
BO
དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་ པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཚིག་མཐུན་པར་སྒྲ་དབྱངས་གཅིག་གིས་གསོལ་བ་བཏབ་པ། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། ། ཡེ་ཤེས་གཅེས་པ་དྲི་མེད་པ། ། བྱང་ཆུབ་སེམས་ ནི་རིན་པོ་ཆེ། ། བླ་ན་མེད་པ་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་ནི་ལུས་ ཀྱི་རྣམ་པ་ཡིན་ལ། ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན་ཞིང་སེམས་ཀྱང་ཚིག་གིས་རབ་ཏུ་བརྗོད་པ་ཡིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྦྱོར་བ་ཐོབ་ནས་ཆེད་དུ་བརྗོད་པ་ འདི་ཆེད་དུ་བརྗོད་དོ། ། ཀྱེ་མ་ཀུན་དུ་བཟང་པོ་འདི། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ། ཆོས་རྣམས་སྐྱེ་བ་མེད་པ་སྟེ། ། གཡོ་བ་མེད་ཅིང་གནས་པ་མེད། ། རྟོག་པའི་དྲི་མ་སྤངས་པ་ཡིན། ། བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས། །
BO
དེ་ནས་བཅོམ་ ལྡན་འདས་མི་འཁྲུགས་པ་དེ་བཞིན་གཤེགས་པ་གསུང་སྤྲོས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་འདི་དག་མ་སྐྱེས་ཏེ། ། ཆོས་ཅན་མེད་ཅིང་ཆོས་ཉིད་མེད། ། ནམ་མཁའ་ བཞིན་དུ་དམིགས་མེད་པའི། ། བྱང་ཆུབ་སེམས་ནི་བརྟན་པ་ཡིན། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་འཁྲུགས་པས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་དེ་བཞིན་གཤེགས་པ་ ཐམས་ཅད་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། དངོས་པོ་འདི་དག་དངོས་མེད་དེ། ། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན། ། བདག་མེད་ཆོས་ལས་ལེགས་བྱུང་བའི། ། བྱང་ ཆུབ་སེམས་ནི་བརྟན་པ་ཡིན། ། ཞེས་བཅོམ་ལྡན་འདས་རིན་ཆེན་ཏོག་གིས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་རྡོ་རྗེ་མེ་ལྕེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་ འདི་གསུངས་སོ། ། དངོས་པོ་སྐྱེ་བ་མེད་པ་སྟེ། ། དངོས་པོ་ངོ་བོ་ཡོད་མིན་པས། །
BO
ནམ་མཁའི་གོ་འཕང་འཐོབ་བོ་ཞེས། ། དངོས་རྣམས་རབ་ཏུ་བརྗོད་པ་ཡིན། ། ཞེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་གསུངས་སོ། ། དེ་ནས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མའི་ཡང་བླ་མའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རང་བཞིན་འོད་ གསལ་བ། ། གཟོད་ནས་དག་ཅིང་རྙོག་པ་མེད། ། སེམས་ཅན་མེད་ཅིང་སྲོག་ཀྱང་མེད། ། སངས་རྒྱས་ཉིད་དང་བྱང་ཆུབ་མེད། ། རྨི་ལམ་སྒྱུ་མ་ལྟར་སྣང་བའི། ། བྱང་ཆུབ་སེམས་ནི་བརྟན་པ་ཡིན། ། ཞེས་བཅོམ་ལྡན་འདས་དོན་ཡོད་གྲུབ་ཀྱིས་ གསུངས་སོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ཐོབ་ནས་ངོ་མཚར་སྐྱེས་པར་གྱུར་ ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཀྱེ་མའོ་སངས་རྒྱས་ཀྱེ་མའོ་དག ། ཀྱེ་མའོ་ཆོས་ནི་བསྟན་པ་རྣམས། ། བདག་མེད་ཆོས་ལས་ལེགས་བྱུང་བ། ། བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡི། །
BO
མི་གཡོ་ཡི་གེ་ ལས་བྱུང་ཞིང་། ། རྨི་ལམ་ལ་སོགས་མ་སྐྱེས་པ། ། བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། ། གནས་དང་སྟན་ནི་རྣམ་བསམས་ཏེ། ། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། ། དང་པོར་རང་བཞིན་དག་གོ་ཞེས། ། དག་པའི་ཆོས་ཀྱི་ཚུལ་ལ་གནས། ཡིད་ཀྱིས་ཧཱུྃ་བྱས་རྡོ་རྗེ་ཅན། ། རྡོ་རྗེ་སེམས་མས་བྱིན་གྱིས་བརླབ། ། རིན་ཆེན་ལུས་སུ་ང་རྒྱལ་བྱ། ། ལག་པ་བསྟོད་དེ་བསྐོར་བ་ན། ། ལྕགས་ཀྱུ་ཡིས་ནི་སྤྱན་ཡང་དྲང་། ། བྱོན་ནས་དྲང་པོར་ཕྱོགས་བཅིང་སྟེ། ། དམ་ཚིག་མཆོག་ཀྱང་དབུལ་བར་བྱ། ། གདན་རྣམས་སོ་སོར་ཕུལ་ནས་སུ། ། མཆོད་ཡོན་འབུལ་བའི་སྦྱོར་བ་བྱ། ། དབང་བསྐུར་མཚོན་ཆ་གོ་ཆ་སོགས། ། སིལ་སྙན་མཆོད་སོགས་ངོ་བོ་བྱ། ། རྣམ་པ་ཀུན་གྱིས་མཉེས་བྱ་བ། རྣལ་འབྱོར་བདག་ཉིད་ཅན་གྱི་བདག ། རྣལ་འབྱོར་རྣམ་ གསུམ་ཤེས་བྱ་སྟེ། ། བྱིན་གྱིས་བརླབས་དང་ཡོངས་བརྟགས་དང་། ། གཟུགས་ཉིད་ཡོངས་སུ་རྫོགས་པ་དག ། རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས། ། སྔགས་ཀྱི་བྱིན་རླབས་ང་རྒྱལ་བསྐྱེད། ། རྣལ་འབྱོར་བྱིན་རླབས་ཡིན་པར་གསུངས། ། བྱང་ཆུབ་སེམས་ནི་དག་པ་དང་། ། གསང་སྔགས་ས་བོན་སྐྱེ་བ་ཆེ། ། ཕྱག་རྒྱ་ཚོགས་སུ་བརྟག་པ་ཡི། །
BO
རིམ་གྱིས་གཟུགས་ཀྱིས་རྫོགས་བྱ་བ། ། དེ་ནི་བརྟགས་པས་བརྗོད་པ་སྟེ། ། རྣལ་འབྱོར་ཆོ་ག་ཡིན་པར་གསུངས། ། བསྡུ་དང་སྤྲོ་བར་བྱ་བ་ ལས། ། རྣམ་པའི་མཆོག་ཀུན་ལྡན་པ་དང་། ། སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། ། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། ། དང་པོར་དམ་ཚིག་བྱིན་བརླབས་པར། ། རྣལ་འབྱོར་རིག་པ་དག་གིས་བརྟག ། རབ་ཏུ་རྫོགས་པར་བྱ་བ་དག ། འདི་ ནི་རྣལ་འབྱོར་ཆོ་གར་བཤད། ། ཉོན་མོངས་དྲི་མར་བཅས་པའི་སེམས། ། བྱང་ཆུབ་སེམས་ཀྱིས་དག་བྱ་སྟེ། ། དེ་ནི་རང་བཞིན་དག་པའོ་ཞེས། ། བརྗོད་ཅིང་ཐལ་མོ་གསུམ་གྱིས་སྦྱར། ། དག་གྱུར་དེ་ནས་བློ་ཡིས་ནི། ། སེམས་ལ་སོ་སོར་བརྟག་ པར་བྱ། ། སེམས་ལ་སོ་སོར་བརྟགས་ནས་ཀྱང་། ། ཕྱི་རོལ་རང་བཞིན་སྟོང་བར་བྱ། ། སེམས་ཙམ་ལ་ནི་གནས་ནས་སུ། ། བྱང་ཆུབ་ཚོགས་ཀྱི་བག་ཆགས་དེས། ། བསྒོམ་པར་བྱ་བའི་ངོ་བོ་དག ། ཟླ་བའི་གཟུགས་སུ་རྣམ་པར་བརྟག ། དག་ པའི་པདྨ་ལ་གནས་པ། ། ཨོཾ་གྱི་མྱུ་གུས་བསྐྲུན་པ་ཡི། ། ཡན་ལག་ཀུན་གྱི་མཚན་ཉིད་གཟུགས། ། རྡོ་རྗེ་སྐུ་ནི་བསྒོམ་པར་བྱ། ཨཱཿཞེས་བྱ་བའི་སྤྲོས་མེད་གསུང་། ། སེམས་ནི་ཧཱུྃ་ཞེས་བྱ་བར་སྤྲུལ། །
BO
ཡི་གེ་གསུམ་གྱིས་བྱིན་བརླབས་ལུས། ། སྙིང་ལ་གནས་པ་ཟླ་བའི་གཟུགས། ། དེ་ལ་རང་གི་ཡི་གེ་ནི། ། མདོག་གཟུགས་འོད་ནི་བྱེད་བསམས་ཏེ། ། ང་རྒྱལ་བསྐྱེད་ནས་དེ་ལ་ནི། ། རྡོ་རྗེའི་བདག་ཉིད་བདག་ཉིད་བརྗོད། ། རྒྱན་ཀུན་ཡོངས་སུ་རྫོགས་པ་དང་། ། འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་ པ། ། ཆ་ཤས་ཀྱི་ནི་དྲ་བ་ཅན། ། ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག ། དེ་འོག་ལག་པའི་ཕྱག་རྒྱ་ཡིས། ། གོ་ཆ་མཚོན་ཆ་ལ་སོགས་བྱ། ། རྫོགས་སངས་རྒྱས་ལྔ་དབང་བསྐུར་ཏེ། ཅོད་པན་ཕྲེང་བ་རྣམས་ཀྱིས་བཀླུབས། ། དེ་ནས་དེ་འོག་སངས་རྒྱས་ཀྱི། ། སྤྲུལ་པ་མཛད་པའི་སྒྱུ་མ་འཕྲོ། ། ཡན་ལག་བཞི་པ་དཔུང་ལྡན་པའི། ། ཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་། བསྙེགས་མ་དང་ནི་ཏོག་ལྡན་མ། ། མཚོན་ཆ་མ་དང་རྩེད་མོ་ཅན། ། སྒྱུ་མའི་ཆ་བྱད་རྣམ་པའོ། ། རྣམ་ པར་འཕྲུལ་པ་བྱིན་གྱིས་བརླབ། ། ཀུན་ལ་ཁྱབ་པར་བྱེད་པ་ཡི། ། སྣ་ཚོགས་དབུས་སུ་བཞག་ནས་ནི། ། དེ་ཉིད་ཆེན་པོ་བདག་ཉིད་ལྔས། ། ཕྱོགས་བཞི་འཁོར་ལ་ཁྱབ་བྱ་སྟེ། ། དགའ་བས་དགའ་བྱེད་བཞི་ཡང་སྤྲོ། ། ཏིང་འཛིན་ཀུན་གྱི་དགའ་བ་ལ། ། འོས་པར་བྱེད་པའི་སྔགས་པ་ཡི། ། འཁོར་ལོ་དང་ནི་རྡོ་རྗེའི་གཟུགས། །
BO
པདྨའི་གཟུགས་ལ་དེ་དག་ནི། ། འཁོར་ལོ་ཀུན་ལ་པདྨ་ཡི། ། ངོ་བོ་ཡིས་ནི་རོལ་པ་དང་། ། ཨེ་ཞེས་བྱ་བ་འཕྲོ་བ་ལས། ། མདོག་ལྡན་བདག་ཉིད་གཟུགས་སུ་བྱ། ། མཛེས་ པའི་རྒྱན་རྣམས་ཀུན་ལྡན་པའི། ། ཉིད་ཀྱི་གདན་ལ་བཞུགས་པར་བལྟ། ། སྒེག་དང་གླུ་དང་གར་རྣམས་དང་། ། རྒྱལ་མཚན་ལ་སོགས་ཚོན་དགྱེ་དང་། ། སིལ་སྙན་མཆོད་པའི་རྣམ་པ་ནི། ། སྣ་ཚོགས་རྣམས་ཀྱིས་མཆོད་པ་བྱ། ། རྣམ་པ་ཀུན་དང་ལྡན་པར་ནི། ། བདག་ཉིད་ཀྱི་ནི་ལུས་བསྒོམས་ནས། ། མྱུར་ཆེས་བྱ་བ་བུལ་བ་དང་། ། མི་གསལ་གུག་སྐྱེད་ཉམས་པ་དང་། ། རྟོག་པ་ངན་པ་རྣམ་པར་སྤངས། ། དེ་ནས་གསང་སྔགས་བཟླས་བརྗོད་བྱ། ། བཟླས་པས་སྐྱོ་ན་ལག་གཡས་ཀྱིས། ། བསྒྲིམས་ནས་རྡོ་རྗེ་གསོར་ ནས་སུ། ། གཡོན་པས་དྲིལ་བུ་ལ་གསིལ་ཞིང་། ། རྡོ་རྗེ་གླུ་ཚུལ་སྣ་ཚོགས་དང་། ། བ་དན་ཚུལ་དུ་བྱས་པས་མཆོད། ། བཟླས་པ་ཡིས་ནི་འཇུག་བརྟུལ་ནས། ། གཤེགས་སུ་གསོལ་དང་རང་ཉིད་འགྲུབ། ། ལུས་དང་ངག་དང་སེམས་བསྒོམས་ཏེ། ། བརྟན་ པོར་ཅི་བདེར་འགྲོ་བར་བྱ། ། བར་ཆད་དུ་ནི་གྱུར་ན་ཡང་། ། ཡི་གེ་བརྒྱ་པས་བྱིན་གྱིས་བརླབ། ། དེ་ལྟར་བསྒོམས་པས་སྒོམ་བྱེད་པ། ། རྡོ་རྗེ་ཐེག་པས་རབ་རྫོགས་པའི། །
BO
བྱང་ཆུབ་དེ་ནི་མྱུར་ཐོབ་ནས། ། ཟླ་ཉི་དཀྱིལ་འཁོར་ལྟ་བུར་སྣང་། ། སྣ་ཚོགས་ལས་ ཀྱི་ཐོག་འདྲེན་ཅིང་། ། རིན་ཆེན་རྒྱལ་མཚན་རབ་དགའ་བྱེད། ། རྒྱལ་བྱེད་པདྨའི་གདུང་བརྒྱུད་ཅན། ། གནས་ཆེན་འཇིག་རྟེན་དབང་ཕྱུག་འགྱུར། ། དཔལ་ལྡན་རིག་སྔགས་ཀུན་གྱི་གཙོ། ། དགའ་ཆེན་འདོད་དགུར་ལྕགས་ཀྱུར་འགྱུར། ། སྒྱུ་མ་བཞིན་ དུ་ཀུན་ཤེས་ཤིང་། ། དྲེགས་པ་འཇོམས་བྱེད་ཁྲོ་བར་འགྱུར། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡེ་ཤེས་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ། ། སྦྱིན་སྲེག་དེ་ཉིད་ལ་གནས་པའི། ། མེ་ནི་ལྷ་ཡི་ཞལ་ཡིན་པས། ། སྣ་ཚོགས་ལས་རྣམས་གྲུབ་བྱེད་པའི། ། སྦྱིན་སྲེག་ལས་ནི་རབ་ཏུ་བཤད། ། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། ། ཚིམ་པར་གྱུར་ནས་དངོས་གྲུབ་སྟེར། ། གསང་སྔགས་ལྷག་ཆད་གང་ཡིན་པ། ། ཐམས་ཅད་སྦྱིན་སྲེག་དག་གིས་བསྐོངས། ། དེ་ཕྱིར་ སྐུ་གསུམ་ཆོས་མཆོག་གིས། ། སྦྱིན་སྲེག་རབ་ཏུ་བསྔགས་པར་མཛད། ། གཙུབ་ཤིང་ལས་ནི་བྱུང་བའི་མེ། ། དགེ་བ་ཡི་ནི་ལས་རྣམས་བྱེད། ། གདོལ་པའམ་དུར་ཁྲོད་བྱུང་བ་ཡི། ། མེ་ནི་ལས་རྣམས་རབ་ཏུ་བསྒྲུབ། ། ཐབ་ཁུང་ཟླུམ་པོ་གྲུ་བཞི་དང་། །
BO
ཟླ་གམ་དང་ནི་ཟུར་གསུམ་དང་། ། དཀྱིལ་འཁོར་གྱི་ནི་ཁ་ཁྱེར་ལ། ། རྡོ་རྗེ་མཚན་མ་དག་གིས་བརྒྱན། ། སྦྱིན་སྲེག་དེ་ཉིད་ཚུལ་རིག་པས། ། ཐབ་ཁུང་རྣམས་ཀྱི་དབུས་སུ་ནི། ། པདྨའི་སྟེང་གནས་གཙུག་ཏོར་དང་། ། རྡོ་རྗེ་རིན་ཆེན་པདྨ་བཞག ། ཇི་ལྟར་ དམིགས་པས་བདུགས་ནས་སུ། ། ལག་གཉིས་པུས་མོའི་བར་བཞག་སྟེ། ། དགང་གཟར་མར་གྱིས་བཀང་ནས་ནི། ། བླུགས་གཟར་བཀང་སྟེ་དེ་བཞིན་བསྲེག ། སྦྱིན་སྲེག་ལ་དགོས་གཡས་སུ་བཞག ། གཡོན་དུ་ཆུ་ཡི་སྣོད་དགོད་དོ། ། ལས་ཀུན་ བྱེད་པས་བཟླས་ནས་སུ། ། བསང་གཏོར་དང་ནི་འཐོར་འཐུང་བྱ། ། ཀུ་ཤ་རྩེ་མོ་རྣོན་པོ་ཡིས། ། ཐབ་ཁུང་ཁོར་ཡུག་བསྐོར་བར་བྱ། ། མེ་ནི་འབར་བར་ཤེས་པ་དང་། ། གཡས་པ་མི་འཇིགས་ཐོབ་སྤྱོད་ཅིང་། ། གསང་སྔགས་འདིས་ ནི་ཆོ་ག་བཞིན། ། མེ་ཡི་ལྷ་ནི་སྤྱན་དྲང་ངོ་། ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། ། ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག ། སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། ། འདི་ཉིད་དུ་ནི་བཞུགས་སུ་གསོལ། ། ཨོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་བཱི་ཤེ་ཨཱ་བཱི་ཤེ་མ་ཧཱ་ཤྲི་ཡེ་ ཧཱ་བྱ་ཀཱ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། ཕྱག་གཡོན་རྡོ་རྗེ་བསང་གཏོར་ཏེ། །
BO
མཆོད་ཡོན་མཆོད་པ་རྣམ་ལྔ་དབུལ། ། མེ་ཡི་ཕྱོགས་ནས་བོང་པ་ནི། ། གསུས་པོ་ཆེ་ལ་མིག་གསུམ་པ། ། གདོང་བཞི་པ་ལ་ལག་བཞིར་ལྡན། ། མདོག་དམར་རལ་པའི་ཐོར་ཚུགས་ཅན། ། མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་། ། ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན། ། ལག་པ་དང་པོ་མཆོག་སྦྱིན་ལ། ། གཉིས་པ་ན་ནི་སྔགས་ནོར་ཕྲེང་། ། གཡོན་པ་རིལ་བ་སྤྱི་བླུགས་ཏེ། ། གཉིས་པ་ན་ནི་བེ་ཅོན་ཉིད། ། མདོག་དམར་རྒྱན་ནི་མེད་པ་ལ། ། དྲང་སྲོང་རྣམས་ཀྱིས་ཡོངས་བསྐོར་བ། ། འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་། ། ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། ། དེ་ལ་སྦྱིན་སྲེག་ལ་དགོས་པ། ། ཀུན་ལ་ལན་གསུམ་སྲེག་བླུགས་དབུལ། ། དེ་ནས་འཐོར་འཐུང་བྱས་ནས་སུ། ། འབར་ བའི་རྣམ་པར་བསྒྱུར་བར་བྱ། ། རིམ་པ་འདི་ཡི་ཚུལ་གྱིས་ནི། ། མཁས་པས་ལྷ་རྣམས་ཚིམ་པར་བྱ། ། ལེགས་པར་ཚིམ་བྱས་བཟོད་གསོལ་ཏེ། ། འདོད་པའི་དངོས་གྲུབ་གསོལ་བ་གདབ། ། བུམ་པ་རྒྱལ་མཚན་རྡོ་རྗེ་གདུགས། ། པདྨའི་ལྕགས་ཀྱུའི་ རྣམ་པ་དང་། ། མེ་ལྕེ་མདོག་དཀར་སྣང་བ་དང་། ། འཁྱིལ་པའི་མཚན་མས་མཁས་པས་བརྟག ། དེས་ནི་མྱུར་དུ་འབྱུང་འགྱུར་བ། ། བསྒོམ་དང་བཟླས་ལ་འབད་པར་བྱ། །
BO
ཞི་དང་རྒྱས་དང་དབང་ལ་ནི། ། ཨོཾ་ཞེས་པ་དང་སྭཱ་ཧཱ་མཐར། ། དབྱངས་ཀྱི་རྒྱུད་ནི་ བསྲིང་བ་ནི། ། བར་ཆད་མེད་པའི་དབྱངས་ཀྱིས་སྦྱར། ། ཞི་བའི་སེམས་ནི་ཞི་བ་ལ། ། འབྱོར་པས་རྒྱས་པ་མངོན་པར་སྤེལ། ། དྲེགས་བདེ་སྟབས་ཚུལ་བཅས་པ་དང་། ། དབང་དུ་གྱུར་པས་དབང་དུ་བྱའོ། ། དྲག་ཤུལ་སྤྱོད་ཚུལ་ལ་གནས་པ། ། ཧཱུྃ་ཞེས་ པ་དང་ཕཊ་དང་བཅས། ། ལུས་ནི་མེ་ལྕེ་འབར་བ་དང་། ། འཇིག་རྟེན་གསུམ་པོ་བཟར་བསམས་ནས། ། བསྐུལ་བའི་ཚིག་དང་སྤེལ་བ་ཡི། ། གསང་སྔགས་ཡི་གེ་ངེས་པར་སྦྱོར། སྔགས་གྲུབ་ཆོ་ག་ཤེས་པ་ཡིས། ། སྦྱིན་སྲེག་ཆོ་ག་ཐམས་ཅད་ ལ། ། སྣ་ཚོགས་ལས་དང་ལྡན་པ་ཡི། ། ཡང་དག་ཡིན་པ་མཆོད་པར་བྱ། ། སྦྱིན་སྲེག་དེ་ཉིད་ལ་བསྐུལ་ཞིང་། ། དང་པོར་དགང་བླུགས་བསྲེག་ཅིང་དབུལ། ། ཕྱིས་ནི་རིམ་བཞིན་རྣམ་པར་སྤེལ། ། ཞི་དང་རྒྱས་དང་དབང་རྣམས་ལ། ། དགེ་བའི་ རྫས་རྣམས་སྦྱིན་སྲེག་བྱ། བཤང་གཅི་ཁྲག་རྐང་རུས་པ་དང་། ། ཤ་ཆེན་དག་ཀྱང་སྦྱིན་སྲེག་བྱ། ། ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ། ། མི་གཙང་བ་ཡིས་བཀང་ན་ཀོ། ། ཇི་ལྟར་སྡིག་པ་སྐྱེ་མི་འགྱུར། ། གལ་ཏེ་སྡིག་འགྱུར་འབྲས་བུ་གང་། ། སེམས་ཅན་མི་ཤེས་པས་རྨོངས་པ། །
BO
ཐབས་དང་ཤེས་རབ་རྣམ་སྤངས་ཤིང་། ། ཕྱི་རོལ་དངོས་ལ་མངོན་ཞེན་པ། ། རྣམ་རྟོག་དྲ་བས་བླུགས་བྱས་གང་། ། དེ་དག་གིས་ནི་དགེ་སྡིག་གི། ། ཕུང་པོ་གཉིས་སུ་རྣམ་པར་བརྟགས། ། ཆོས་འདི་རང་བཞིན་ གྱིས་དག་སྟེ། ། སྐྱེ་བ་མེད་ཅིང་གནས་མེད་ཀྱང་། ། སེམས་ཅན་ཤེས་པ་སྤེལ་བའི་ཕྱིར། ། སངས་རྒྱས་རྣམས་ཀྱིས་ཐབས་སུ་བསྟན། ། དམ་པའི་དོན་དུ་དགེ་སྤངས་ནས། ། བསོད་ནམས་མིན་པ་ཅི་ཞིག་སྨོས། ། དཔེར་ན་མི་གང་ཆུ་ཀླུང་གི། ། ཕ་རོལ་ འགྲོ་བའི་སེམས་ཅན་དག ། རྩྭ་དང་ཤིང་ལ་སོགས་བསྡུས་ནས། ། ཆུ་ལ་རྒལ་བའི་གཟིངས་བྱས་ཏེ། ། དེ་ལ་འཇུག་སྟེ་ལེགས་བརྒལ་ནས། ། བོར་ཏེ་བདེ་བར་འགྲོ་བ་ལྟར། ། དེ་བཞིན་འཁོར་བའི་ཕ་རོལ་གྱི། ། ཆོས་ཀྱི་ལམ་ནི་བསྐྱེད་བྱས་ཀྱང་། ། ཆོས་དང་ ཆོས་མིན་རྣམ་སྤངས་ནས། ། བྱང་ཆུབ་བདེ་བ་ཐོབ་པ་ནི། ། དེ་ཕྱིར་རྣམ་རྟོག་རྣམ་སྤངས་ལ། ཟབ་མོ་ཡི་ནི་ཆོས་སྤེལ་ཏེ། ། དེ་བཞིན་གཤེགས་པས་གསུངས་རྣམས་ལ། ། སྔགས་རིག་རྣམ་རྟོག་མ་བྱེད་ཅིག ། རྣམ་རྟོག་རྨོངས་པ་ཆེན་ པོ་སྟེ། ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་པས། ། ནམ་མཁའ་ལྟ་བུར་དྲི་མེད་པའི། ། རྣམ་པར་མི་རྟོག་ཏིང་འཛིན་གནས།
BO
དབང་པོ་གཉིས་ནི་མཉམ་སྦྱར་ཏེ། ། ལུས་དང་ངག་དང་སེམས་བསྡུས་ནས། ། ངའོ་སྙམ་པས་གཟི་བསྐྱེད་ལུས། ། རྣམ་པ་ ཀུན་གྱིས་རྣམ་བརྒྱན་ན། ། རྣལ་འབྱོར་ལྡན་པས་ཚེ་འདི་ལ། ། ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར། ། ལས་ལས་བྱུང་བར་བསྟན་པ་ཡི། ། སྐྱེས་པ་བུད་མེད་གཟུགས་མང་ལ། ། མཉེས་པ་ཉིད་དུ་མི་བྱ་འདི། ། རྡོ་རྗེ་ལུས་ཅན་དམ་ཚིག་ཡིན། ། ངན་རྟོག་ བཟང་རྟོག་དྲ་བ་ཡི། ། སེམས་ཀྱིས་སེམས་ཅན་རྣམས་ལ་ནི། ། སྣ་ཚོགས་གདུང་བས་སུན་མི་འབྱུང་། ། རྡོ་རྗེ་དང་ལྡན་དམ་ཚིག་ཡིན། ། སྲེད་པས་བསྐྱེད་རྩུབ་ཕྲ་མ་ཡི། ། ཚིག་དག་རྣམ་པར་མི་སྨྲ་ཞིང་། ། མཉན་ན་བདེ་བ་བྱེད་པ་འདི། ། རྡོ་རྗེ་ངག་ཅན་ དམ་ཚིག་ཡིན། ། རྣམ་པར་སྣང་མཛད་ཆེན་འཁྲུག་མཆོག ། ཤ་ཡི་ཁམས་ལ་གནས་པ་ཡིན། ། རྐང་ལ་མི་འཁྲུགས་རྒྱས་པ་སྟེ། ། ཁྲག་ལ་རིན་ཆེན་འབྱུང་བ་གཙོ། ། སེམས་ཅན་རྣམས་ཀྱི་རུས་ཕུང་གི། རུས་གོང་ལ་ནི་འོད་དཔག་མེད། ། རྩ་ཡི་ ཚོགས་རྣམས་རྣམ་འབྲེལ་ལ། ། ཐུབ་པ་སྐྱེས་མཆོག་དོན་ཡོད་ལ། ། དམ་ཚིག་ཤིས་པ་རྣམས་ལ་ནི། ། གསང་ཆེན་པ་ཡིས་བསྟན་པ་འདི། ། བློ་ལྡན་རྡོ་རྗེ་རྣམས་ཀྱིས་ནི། ། རྟག་ཏུ་བརྟེན་ཅིང་བསྒོམ་པར་བྱ། །
BO
འདོད་ཆགས་དེ་བཞིན་གཏི་མུག་ རྨོངས། ། སྲེད་དང་འདུ་བྱེད་རྣམ་སེལ་བའི། ། ཆོས་ནི་རྣམ་པ་ལྔ་པོ་འདི། ། ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས། ། བཤང་གཅི་ཁུ་ཆུ་མཆིལ་མ་ཁྲག ། འཛག་པ་འབྱུང་བ་བཞིས་བསྡུས་པ། ། བསྒོམ་པའི་བློ་གྲོས་རྟོགས་པ་ཡིས། ། དམ་ ཚིག་བརྟན་པར་བྱ་བ་སྟེ། ། རྟག་ཏུ་བཟའ་ཞིང་སྦྱིན་པར་བྱ། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་སྦྱིན་སྲེག་གི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། འགྲོ་བ་མི་ཤེས་མུན་བསལ་ཕྱིར། ། ཡེ་ཤེས་ཉི་མ་ཤར་བ་ལས། ། ཀེག་པུ་མུན་པ་བསལ་ཚུལ་གསུངས། ། གཤིན་རྗེའི་གཤེད་ལ་སོགས་པ་ཡི། ། མདོག་དང་ཕྱག་མཚན་ལ་སོགས་པ། ། དེ་ཀུན་སྔོན་དུ་རྒྱས་པ་རུ། ། བྱེ་བྲག་གིས་ནི་རྒྱས་པར་བསྟན། ། དེ་ནི་ལས་ཀྱི་ཁྱད་པར་གྱི། ། དབང་དུ་བྱས་པ་ཁྲོ་བོའི་ཚོགས། ། གཞན་དུ་མ་གསུངས་གང་ཡིན་པ། ། དེ་དག་འདི་རུ་བཤད་པར་བྱ། ། བྲུྃ་གྱི་ཡེ་ཤེས་ལས་བྱུང་བ། ། གཙུག་ཏོར་གཟི་བརྗིད་ཕུང་པོ་སྟེ། ། ཞལ་གསུམ་སེར་པོ་མདངས་དང་ལྡན། ། ཕྱག་དྲུག་ཉི་མ་ལ་སོགས་པ། ། འཛིན་ཅིང་སྐྱིལ་མོ་ཀྲུང་བཅས་པ། ། རལ་པའི་གཙུག་ཏོར་གྱིས་བརྒྱན་ཅིང་། །
BO
འཇིག་རྟེན་ཁམས་ཀུན་འཁྲུག་བྱེད་པའི། ། གཟུགས་ཀྱི་འཕྲོས་པས་ནམ་མཁའ་གང་། ། རིག་མས་སྐུ་ལ་རབ་འཁྱུད་པས། ། ཆགས་ཕྱིར་སྤྲོ་བའི་རྩོལ་བ་ཅན། ། འདི་འདྲ་སྒོམ་པར་བྱེད་པ་ལ། ། བགེགས་ ཀྱིས་གནོད་པ་ཡོང་མི་གོས། སྐྱོན་མེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཡང་ནི་བྲུྃ་ཀྱི་ཡེ་ཤེས་ལས། ། བྱུང་བ་སྔགས་ཀྱི་འཁོར་ལོ་ཅན། ། ཞལ་གསུམ་གསེར་འདྲ་མདངས་པོ་ཆེ། ། ཕྱག་དྲུག་འཁོར་ལོ་ལ་སོགས་པ། ། རལ་པའི་གཙུག་ཏོར་གྱིས་ བརྒྱན་པ། ། འཛིན་ཅིང་སྟག་གི་སྨད་གཡོགས་ཏེ། ། ཐོད་པའི་ཕྲེང་བས་སྐུ་ལ་བརྒྱན། ། རིག་མ་དང་ལྡན་ཆགས་པ་པོ། ། འཇོལ་སྒེག་ཉམས་ཀྱི་སྦྱོར་བ་མཛད། ། འདི་སྒོམ་སྤྲོ་བར་བྱེད་པ་ལ། ། ཉིན་དང་མཚན་དུ་རྡོ་རྗེ་སེམས། ། འཁོར་བཅས་གནས་ སུ་བྱོན་ནས་སུ། ། རྟག་ཏུ་སྲུང་བ་ཉིད་དུ་བྱེད། བཀའ་བཞིན་བྱེད་པས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དེ་བཞིན་བྲུྃ་གྱི་ཡེ་ཤེས་ལས། ། བྱུང་བའི་ཁྲོ་བོ་གཙུག་ཏོར་རྒྱལ། ། ཞལ་གསུམ་སེར་པོ་མདངས་དང་ལྡན། ། ཕྱག་དྲུག་ལྕགས་ཀྱུ་ལ་སོགས་ པ། ། འཛིན་ཅིང་སྦྲུལ་གྱིས་ཡང་དག་བརྒྱན། ། འོག་ཏུ་བགེགས་ཀྱི་གཙོ་མནན་ནས། ། གད་མོའི་སྒྲས་ནི་འདེབས་པར་བྱེད། །
BO
རལ་པའི་གཙུག་ཏོར་གྱིས་བརྒྱན་པ། ། ཁྲོ་བོ་འདི་འདྲ་སྒོམ་བྱེད་པའི། ། རྣལ་འབྱོར་གང་ལ་སངས་རྒྱས་ཀྱི། ། སྤྲུལ་བའི་བགེགས་ཀྱང་རླག་བྱེད་ན། ། གཞན་མ་རྣམས་ནི་སྨོས་ཅི་དགོས། ། སྙིང་འགུགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། བྲུྃ་ལས་ཡང་ནི་བྱུང་བ་ཡི། ། གཙུག་ཏོར་དམ་ཚིག་སྤྱོད་པན་ཅན། ། ཞལ་གསུམ་གསེར་ཞུན་མདངས་ལྡན་པ། ། ཕྱག་དྲུག་ ཀ་པཱ་ལ་སོགས་པ། ། འཛིན་ཅིང་སྣ་ཚོགས་རབ་ཏུ་འབར། ། རལ་པའི་གཙུག་ཏོར་གྱིས་བརྒྱན་པ། ། ཞབས་རྣམས་བསྒྱུར་ཞིང་རྣམ་པར་འཕེན། ། སྤྲོ་དང་བསྡུ་བའི་བློ་གྲོས་ཅན། ། འདི་འདྲ་གང་ཞིག་བསྒོམ་པ་ལ། བི་ནཱ་ཡ་ཀ་ལ་སོགས་པའི། ། བགེགས་ཀྱིས་སྐབས་ནི་མི་རྙེད་ཕྱིར། ། ཇི་བཞིན་རབ་ཏུ་བསྒོམ་པར་བྱ། ། གཞན་གྱིས་མི་ཐུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། བྲུྃ་གྱི་ཡི་གེ་ལས་ཀྱང་བྱུང་། ། མིང་གི་གཙུག་ཏོར་རྣམ་པར་འཐོར། ། ཞལ་གསུམ་གསེར་ནི་བཙོ་མ་འདྲ། ། ཕྱག་དྲུག་ ཏྲི་ཤཱུལ་སོགས་པ། ། འཛིན་ཅིང་སྲོག་སོང་སྟེང་ན་གནས། ། རོལ་པའི་སྟོབས་ཀྱིས་བགེགས་མཆུ་བཅིངས། ། རལ་པའི་གཙུག་ཏོར་གྱིས་བརྒྱན་པ། ། སངས་རྒྱས་སྤྲིན་ནི་སྤྲོ་བའོ། །
BO
གང་ཞིག་དེ་འདྲ་སྒོམ་བྱེད་པའི། ། རྣལ་འབྱོར་དེ་ཡིས་གོ་ཆ་བགོས། ། སྲ་བའི་ངང་ཚུལ་ཅན་ཡིན་པས། ། བགེགས་ལུས་གང་གིས་མི་གཡོའོ། ། བགེགས་ལས་རྒྱལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། བྲུྃ་གྱི་ཡེ་ཤེས་མཐུ་ལས་བྱུང་། ། གཙུག་ཏོར་རྣམ་པར་འཇོམས་པའི་མཆོག ། ཞལ་གསུམ་གསེར་འདྲའི་ཉི་འོད་ མཚུངས། ། ཕྱག་དྲུག་རྡོ་རྗེ་ལ་སོགས་པ། ། འཛིན་ཅིང་ཚེམས་ཀྱིས་སྒྲོས་མནན་ཏེ། ། ཆགས་ལྡན་རིག་མས་འཁྱུད་པའོ། ། རལ་པའི་གཙུག་ཏོར་གྱིས་བརྒྱན་པ། ། ཁྲག་ཅན་ལྗགས་ཀྱང་འདྲིལ་བ་སྟེ། ། བླ་མེད་བྱང་ཆུབ་ཐོབ་འདོད་པ། ། འདི་འདྲ་ སྒོམ་པར་བྱེད་པ་ལ། ། བསྐལ་པ་བརྒྱད་ཅུའི་བར་དུ་ཡང་། ། བགེགས་ཀྱི་གནོད་པ་ཡོང་མི་འོང་། ། བགེགས་ཀྱི་སྟོང་པ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ཡང་ནི་བྲུྃ་གྱི་ཡེ་ཤེས་ལས། ། ཡང་དག་བྱུང་བའི་སྐབས་དཀར་པོ། ། ཞལ་གསུམ་གསེར་ཞུན་ ལྟ་བུར་གནས། ། ཕྱག་དྲུག་གདུགས་ལ་སོགས་འཛིན་ཅིང་། ། སྐྱབས་མེད་ཕོངས་པའི་སྐྱབས་མཛད་ཅིང་། ། མ་ནིང་རྣམས་དང་ཟ་མ་ལ། ། བུ་ནི་སྦྱིན་པར་བྱེད་པ་པོ། ། རལ་པའི་གཙུག་ཏོར་གྱིས་བརྒྱན་པ། ། རིག་མ་དང་ལྡན་སྐུ་ཆེན་འདི། །
BO
རྣལ་ འབྱོར་གང་གིས་སྒོམ་བྱེད་ཅིང་། ། བཟླས་པ་རྩེ་གཅིག་ཏུ་བྱེད་ན། ། བགེགས་ཀྱི་གནོད་པས་དེ་མི་བརྫི། ། རིན་ཆེན་གྱི་སྐྱབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། རྣལ་འབྱོར་ཁྱད་པར་ཅན་གྱིས་ནི། ། འདི་རྣམས་བྱང་ཆུབ་བསྲུང་བའི་ཕྱིར། ། འཁོར་ལོ་གཙོ་ བོར་རབ་བསྒོམས་ན། ། ནང་གི་བགེགས་ཀྱིས་ཡོང་མི་ཚུགས། ། བྱང་ཆུབ་སྙིང་པོ་དོན་གཉེར་བས། ། འདི་འདྲའི་འཁོར་ལོ་ཅན་བསྒོམས་ན། ། བསྒྲིམས་ནས་རྣལ་འབྱོར་བསྒོམས་པ་ཡིས། ། རིང་པོར་མི་ཐོགས་འདོད་པ་འཐོབ། ། དཔལ་རྡོ་རྗེ་ སྙིང་པོ་རྒྱན་གྱི་རྒྱུད་ལས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གཙུག་ཏོར་འབྱུང་བའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ནས་ཡང་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་འདུས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ནས་འདི་སྐད་ ཅེས་གསོལ་ཏོ། ། འདི་ཡི་དཔལ་ནི་གང་ཞིག་ལགས། ། རྡོ་རྗེ་དང་ནི་སྙིང་པོ་དང་། ། དེ་བཞིན་རྒྱན་གྱི་དོན་ནི་ཅི། ། ཀྱེ་ཧོ་མཆོག་དེ་བསྟན་དུ་གསོལ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པས་དེ་དག་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། ། འདི་ནི་ཐུན་མོང་མ་ཡིན་པའི། །
BO
གསང་བའི་རྒྱུད་དུ་རབ་སྦས་པ། ། ཇི་བཞིན་གནས་པའི་དེ་ཁོ་ན། ། ཡང་དག་བསྟན་གྱིས་རྩེ་གཅིག་ཉོན། ། ལུས་ངག་ཡིད་གསུམ་བདེ་དམ་པས། ། ལྷ་མོ་ལས་ནི་བསྐྱོད་བྱ་སྟེ། ། བྱང་ཆུབ་ཆེན་ པོ་བདེ་བ་ཡིས། ། ཚུལ་བཞིན་དུ་ནི་སྔགས་པས་བྱ། བསྐུལ་བའི་སྙིང་པོས་འདི་སྨྲ་སྟེ། ཛྫ་ཞེས་སྐད་ཅིག་སྐད་ཅིག་ཏུ། ། རང་གི་གནས་ན་གནས་པ་ཡིན། ། དེ་ཉིད་ལྷ་ཉིད་བསྐྱེད་པར་བྱ། ། བཅུ་དྲུག་ཆ་དང་ཡང་དག་ལྡན། ། ཟླ་ བ་གསང་བའི་ཐིག་ལེ་ལ། ། མེ་ཏོག་དང་ནི་འདྲ་བ་ཉིད། ། རླུང་གིས་ཕུལ་བས་བསྐྱོད་པར་བྱ། ། དེ་བཞིན་བསྐྱོད་པས་བསྒྲུབ་པར་བྱ། ། དེ་བཞིན་དུ་ཡང་བསྐུལ་བྱ་བ། ། རྒྱུད་ཀྱི་ཕྲེང་ནི་འོད་གསལ་བཞིན། ། སྟེང་དང་མདུན་དུ་རྩ་གཉིས་ལས། ། བཅུ་ དྲུག་གནས་སུ་ཡང་དག་གནས། ། དེ་ལས་སྙིང་དབུས་རབ་ཞུགས་ཏེ། ། རླུང་གི་སྦྱོར་བས་ཕུལ་བྱས་པས། ། སྟེང་དང་མདོག་རབ་མཛེས་རྫོགས་སྐུ། ། བདག་གི་དཔལ་དུ་ཤེས་པར་བྱ། ། དེ་ལས་བྱུང་བའི་དངོས་གྲུབ་ཆེ། ། ནོར་བུ་ལ་གནས་ རྟོག་བྲལ་བ། ། ཐིག་ལེ་ཡིག་མེད་བསྡུས་པའི་སྐུ། ། ལྷན་ཅིག་སྐྱེས་པར་ཤེས་པར་བྱ། ། དེ་ལ་དེ་ཡི་གཟུགས་ཀྱི་སྐུ། ། ནམ་མཁའི་ཁམས་ཀུན་གང་བ་ཡི། །
BO
བྲལ་བའི་ཤེས་པས་དོན་བྱེད་པ། ། གཞན་གྱི་དཔལ་དུ་ཤེས་པར་བྱ། ། དེ་རྣམས་རྒྱུ་ ལས་བྱུང་བ་ཡི། ། ཡེ་ཤེས་ཤེས་རབ་ཤིན་ཏུ་གསང་། ། གསང་བ་རྣམ་པར་འགྲུབ་པ་ཡི། ། རྡོ་རྗེ་སྙིང་པོའི་རྒྱན་ཞེས་བྱ། ། ལྷ་མོ་ལས་བྱུང་བདེ་དང་ལྡན། ། འཇའ་ཚོན་ལྟར་གསལ་རྒྱུད་དག་པ། ། སྣང་བའི་སྐུ་དེ་མི་ཤིགས་པ། ། རྡོ་རྗེ་ང་ཡིས་ཡང་ དག་བསྒྲགས། ། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། ། བསྡུས་ཕྱིར་བརྩེགས་པའི་སྐུ་དམ་པ། ། རྟོག་བྲལ་རྒྱུད་དུ་སིམ་གནས་པ། ། འབྱུང་ཕྱིར་སྙིང་པོ་ཞེས་སུ་བསྒྲགས། ། དག་དང་མ་དག་ཐམས་ཅད་ལ། ། འཁོར་བ་ཇི་སྲིད་བར་སྣང་བ། ། གཉིས་ ཀ་མཛེས་པར་བྱེད་པས་ན། ། རྒྱན་དུ་ཡང་དག་བསྒྲགས་པ་ཡི། ། དཔལ་དང་རྡོ་རྗེ་སྙིང་པོ་དང་། ། རྒྱན་ཞེས་བྱ་བ་བཞི་པོ་ནི། ། འབྲེལ་ཅིང་གྲུབ་པར་བྱེད་པའི་ཕྱིར། ། རྒྱུད་ཅེས་བྱ་བར་བཤད་པའོ། ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། ། བཞི་སྟོང་གི་ནི་ གྲངས་སྙེད་ཀྱི། ། མཚན་གྱི་དོན་ནི་འདི་དོན་དུ། ། ཡང་དག་འདུས་པར་ངས་བཤད་དོ། ། གཞན་དུ་དོན་ནི་མ་བསྒྲགས་པ། ། བླ་མ་ལ་ནི་གུས་པ་ཡི། ། སློབ་མ་ལ་ནི་མ་རྟོགས་པའི། ། རྒྱུད་གཞན་དག་ཏུ་སྦས་པའོ། །
BO
དོན་འདི་ཡང་དག་མ་ཤེས་ན། ། ཇི་སྙེད་དོན་ནི་བསམ་ཡས་པ། ། ཤེས་ཀྱང་དེ་ཡི་འབྲས་བུ་མེད། ། དེ་འདོད་མཉེས་བྱས་ཡང་དག་བླང་། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཡེ་ཤེས་གསུམ་གྱི་མཚན་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ། ། ། ། རྟག་པར་མི་ཕྱོགས་སྨྲ་བ་དང་། ། བླ་མ་སྨོད་བྱེད་བརྩོན་པ་ལ། ། དམ་ཚིག་ཕྱིར་ནི་ཡོངས་བསྒྲལ་བྱ། ། དེ་ཡི་ཤ་ཁྲག་ཀླད་པ་རྣམས། ། དྲངས་ཏེ་ཆོས་ཀྱི་སྟོན་མོ་བྱ། ། དེ་ལྟར་མ་བྱས་སྡུག་བསྔལ་ཚོགས། ། གཏི་མུག་ཅན་དེས་ཐོབ་པར་འགྱུར། ། ནད་ཐམས་ཅད་དང་ཁྲོས་ཆེན་ དང་། ། འཇིགས་དང་ཉེ་བར་འཚེ་བ་ཡི། ། བསྐལ་པ་གྲངས་མེད་བྱེ་བ་རུ། ། སྡུག་བསྔལ་ཆེན་པོར་རབ་སྙེད་ཅིང་། ། འོ་དོད་འབོད་པས་སྦྲུལ་གྱིས་བརྒྱན། ། བསྟིར་མེད་ཆེན་པོར་རྟག་པར་འགྲོ། ། དེ་བས་ལས་འདིས་རྒྱས་གདབ་པོ། ། བདག་ ཉིད་རྡོ་རྗེ་མཁའ་འགྲོ་ཡི། ། ཁྲོ་བོ་གཟུགས་ཅན་ཉིད་གྱུར་ནས། ། ཨུཏྤལ་མཐིང་ག་འདྲ་བ་ཡི། ། ཞལ་གསུམ་པ་ལ་ཕྱག་དྲུག་པ། ། རྡོ་རྗེ་ཏྲི་ཤཱུལ་ཕུར་བུ་དང་། ། ཐོད་པ་གྲི་གུག་འཁོར་ལོ་འཛིན། ། མི་སྡུག་ཁྲོས་པ་ལྕེ་ལྔ་པ། ། བསམས་ནས་དེ་ འོག་ནམ་མཁའ་ལ། ། བསྒྲུབ་བྱ་རྒྱས་པར་དམིགས་ནས་སུ། །
BO
རྡོ་རྗེ་ཕུར་པ་ལ་སོགས་པ། ། སེམས་ཅན་དཀྱིལ་འཁོར་གནས་པ་ལ། ། སྒྲུབ་པོས་དེ་ཡི་ཉེས་པ་བསྒོ། ། དེ་ནས་ཕྱག་མཚན་ཏྲི་ཤཱུལ་དང་། ། ཕུར་བུ་དྲག་པོ་མཆོག་དག་གིས། ། མགོ་ དང་སྙིང་ག་ལྟེ་བ་དང་། ། རྐང་པ་གཉིས་དང་ལག་པ་ཡི། ། གནས་ལྔ་རབ་ཏུ་ཕུག་བྱ་སྟེ། ། ལྕི་ལྔའི་འོད་ཟེར་ལྔ་པོ་ཡིས། ། སྲིན་བུ་འཛའ་ལུ་ཀ་བཞིན་དུ། ། ཁྲག་ཀུན་སྔགས་ཀྱིས་དྲངས་ནས་སུ། ། ཐོད་པར་ཕབ་ནས་བཏུང་བར་བྱ། ། དེ་བཞིན་ཤ་ རྣམས་ཡང་བསྡུས་ནས། ། བཟའ་བ་རུ་ནི་རབ་ཏུ་བརྟག ། རུས་པ་རྣམས་ཀྱང་འཚོས་བྱས་ནས། ། ཤེས་པ་རྡོ་རྗེ་པདྨར་སྦྱར། ། འདི་ནི་དོན་སྒྲུབ་རབ་བྱེད་པས། ། ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། ། རྡོ་རྗེ་འཛིན་པ་ཆེན་པོ་ཡང་། ། འཆི་ བར་འགྱུར་བར་གདོན་མི་ཟ། ། རྡོ་རྗེ་གསང་བ་འདི་ལྟ་བུ། ། བསྒྲུབ་བྱ་ལེགས་པར་བསྒྲུབས་བྱས་ནས། ། ལས་ངན་དག་གིས་དེ་མི་འཁོལ། ། སངས་རྒྱས་སུ་ནི་སྐྱེ་བར་འགྱུར། ། རྣལ་འབྱོར་དེ་ཡང་དེ་ཡི་མཐུས། ། ཁྲོ་བོ་མཁའ་འགྲོ་ཞེས་འགྱུར་ ཏེ། ། ཁམས་གསུམ་བསད་དང་གསོ་བ་དང་། ། སེམས་ཀྱི་རྡོ་རྗེ་བརྟན་བྱས་ནས། ། སྐད་ཅིག་ཙམ་དུ་བྱེད་པར་འགྱུར། ། གསལ་བར་ནུས་པ་གདོན་མི་ཟ། །
BO
དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་ཁྲོ་བོའི་སྦྱོར་བས་དགྲ་བསད་པའི་ ལེའུ་སྟེ་བཅུ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད། ། གང་གིས་ལེགས་པར་ཤེས་ན་ནི། ། ཚེ་འདིས་དངོས་གྲུབ་སྦྱིན་པར་བཤད། ། གསང་བ་འདུས་པ་སྟོང་ཕྲག་གཅིག ། རྡོ་རྗེ་ཕྲེང་བ་ འབུམ་ཕྲག་གསུམ། ། དགོངས་པ་ལུང་སྟོན་སྟོང་ཕྲག་བཞི། ། ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ། ཨུཏྷར་ཏནྟྲ་ཉིས་བརྒྱ་བརྒྱད། ། དེ་ཡི་ཉེ་བར་བཤད་པའི་རྒྱུད། ། དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། ། རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག ། ཀུན་ལས་ བཏུས་པ་འབུམ་ཕྲག་གཅིག ། མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བཅུ། ། ཟླ་གསང་ཐིག་ལེ་སྟོང་ཕྲག་བདུན། ། རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། ། ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། ། ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། ། རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ། ། མཉམ་ཉིད་གསང་བ་ སྟོང་ཕྲག་ལྔ། ། རྡོ་རྗེ་གསང་རྒྱན་སྟོང་ཕྲག་ལྔ། ། རྡོ་རྗེ་གསང་མཛེས་སྟོང་ཕྲག་བདུན། ། ནོར་བུ་གསང་ཐིག་འབུམ་ཕྲག་བཅུ། ། སྣང་མཛད་རྫུ་འཕྲུལ་སྟོང་དང་བརྒྱ། ། རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག །
BO
རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱ། ། དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་ བདུན། ། དམ་ཚིག་མངོན་རྒྱན་སྟོང་ཕྲག་གསུམ། ། འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག ། གསང་ཆེན་འདུས་པ་བརྒྱ་ལྔ་བཅུ། ། རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། ། དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་ཅུ། ། ལྷ་མོ་བསྟན་ཆོས་ལྔ་བརྒྱ་བདུན། ། འདི་རྣམས་ དགོངས་པའི་བྱེ་བྲག་གིས། ། ང་ཡིས་ཡང་དག་བསྟན་པར་བྱ། ། འདི་ནི་གཉིས་གཉིས་འཁྱུད་པ་ཡིས། ། རྒྱུད་ཀྱི་དབྱེ་བ་བསྟན་པའོ། ། དེ་བཞིན་དུ་ནི་ཡན་ལག་བཅངས། ། རྒོད་དང་བལྟས་པས་ཤེས་པར་བྱ། ། དེ་བཞིན་ཞེ་སྡང་གཏི་མུག་གིས། ། རྒྱུད་ རྣམས་ཀུན་ཀྱང་ཤེས་པར་བྱ། ། མཁའ་འགྲོ་མ་ཡི་རྒྱུད་ཀུན་ཡང་། ། འདི་ཡི་རིམ་པས་ཤེས་པར་བྱ། ། ཕྱི་ནང་དབྱེ་བར་ཤེས་པ་ཡིས། ། རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ། ། ནང་དུ་བསྟན་པའི་བླ་མ་ལས། ཡང་དག་བླངས་ཏེ་བསྒྲུབ་པར་བྱ། ། ཅི་བཞིན་ གནས་པ་ལ་དགོངས་ཏེ། ། བདེ་བར་གཤེགས་པས་རྒྱུད་ཀུན་བསྟན། ། རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད། ། འདི་ཡི་རྒྱུད་ནི་མཁའ་འགྲོ་ཕ། ། རྒྱུད་རྣམས་ཀུན་གྱི་ཕྱི་མོ་སྟེ། ། གཞན་དུ་མ་བསྒྲགས་དོན་གང་ཞིག ། འདི་རུ་ཡང་དག་བསྟན་པ་སྟེ། །
BO
རྣལ་འབྱོར་ གང་ཞིག་ལེན་པའམ། ། སྒོམ་པར་བྱེད་དམ་འཆད་པའམ། ། ཀློག་པར་བྱེད་པ་རྣལ་འབྱོར་ཆེ། ། དེ་ཡང་ང་དང་འདྲ་བར་འགྱུར། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རྒྱུད་ཐམས་ཅད་དབྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་གཞན་ ཡང་བཤད་བྱ་བ། ། སྣ་ཚོགས་མདོ་དང་རྒྱུད་རྣམས་ཀྱིས། ། སྡོམ་པ་ཡང་དག་ཤེས་འགྱུར་ན། ། མཁའ་འགྲོ་ཆེན་པོར་འགྱུར་བར་བཤད། ། གང་གིས་ཉན་ཐོས་རབ་འབྱིན་པ། ། སྤོང་བ་ལྟུང་བའི་བྱེ་བྲག་བཤད། ། བསླབ་པ་དང་ནི་རྫས་གྲགས་ ཀྱིས། ། འདི་རུ་དེས་ཀྱང་ཡོངས་རྫོགས་བྱེད། ། ཚུལ་ཁྲིམས་ཀྱིས་ནི་བསླབ་པ་གསུམ། ། དགེ་བའི་ཆོས་ནི་སྡུད་པ་དང་། ། སྡོམ་པ་ཉི་ཤུ་ལ་སོགས་དང་། ། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས། ། བྱང་ཆུབ་སེམས་དཔའ་རབ་སྦྱིན་པ། ། ལུས་ངག་ ཡིད་གསུམ་རབ་བྱུང་བའི། ། སྡོམ་པ་དེས་ཀྱང་མཁའ་འགྲོ་ཡི། ། རྒྱུད་རྣམས་ཡང་དག་སྦྱོར་བར་བྱེད། ། ཟླ་བ་སྨྱུང་དང་གཙང་སྦྲ་བསྡམ། ། གྲོང་དང་གནག་ལྷས་ཐང་ལའམ། ། ལུས་དང་ངག་དང་ཡིད་ཀྱིས་ནི། ། གནོད་པ་དག་ ནི་ཡོང་མི་བྱེད། ། དེ་བཞིན་གཤེགས་པའི་སྡོམ་པ་མཆོག ། བླ་ན་མེད་པའི་བྱང་ཆུབ་སེམས། །
BO
འགྲོ་བའི་དོན་བྱེད་བྱང་ཆུབ་སེམས། ། བྱང་ཆུབ་སེམས་ནི་རབ་ཏུ་བཟུང་། ། རྡོ་རྗེ་མི་བསྐྱོད་རིགས་ཆེན་པོ། ། རྡོ་རྗེ་ཆེ་དང་དྲིལ་བུ་དང་། ། སློབ་དཔོན་ཡང་ནི་ བཟུང་བྱས་ལ། ། དེ་ཡི་ཡོན་ཏན་ཐོབ་པར་བྱེད། ། རིན་ཆེན་ཏོག་གི་རིགས་མཐོན་པོ། ། ཉིན་དང་མཚན་མོ་ལན་གསུམ་དུ། ། ཟང་ཟིང་མི་འཇིགས་ཆོས་དང་བྱམས། ། བྱིན་པས་དེ་ཡི་ཡོན་ཏན་ཐོབ། ། པདྨོ་སྣང་བའི་རིགས་དག་ལ། ། ཕྱི་དང་ནང་ དང་གསང་བ་ཡི། ། དམ་ཚིག་རབ་ཏུ་བཟུང་བ་ཡིས། ། བླ་མེད་བྱང་ཆུབ་ཐོབ་པར་བྱེད། ། རྔ་སྒྲ་ལས་ཀྱི་རིགས་མང་པོ། ། དམ་ཚིག་དང་ནི་སྡོམ་པར་ལྡན། ། བསྙེན་བཀུར་མཆོད་པ་སེམས་ཅན་དོན། ། བྱས་པས་དེ་ཡི་ཡོན་ཏན་ཐོབ། ། སྲོག་མི་ གཅོད་ཅིང་གཡེམ་མི་བྱ། ། མ་བྱིན་མི་ལེན་རྫུན་མི་སྨྲ། ། ཕྲ་དང་ཀྱལ་ཚིག་རྩུབ་པོ་དང་། ། སྨྲ་བ་མི་བྱ་བརྣབ་སེམས་དང་། ། གནོད་སེམས་ལོག་པར་ལྟ་བ་རྣམས། ། ནམ་ཡང་བྱ་བ་མ་ཡིན་ནོ། ། དཀོན་མཆོག་གསུམ་ནི་ཡོང་མི་སྤང་། ། ལྷ་དང་བླ་མ་ དེ་བཞིན་ནོ། ། ཉེས་པ་ཀུན་གྱི་རྩ་བའི་ཕྱིར། ། ཆང་ཡང་རྣམ་པར་སྤང་བར་བྱ། ། ཕྱག་རྒྱ་བཞོན་པ་མཚོན་ཆ་སོགས། ། མཚན་མའམ་ནི་ལྷ་ཡི་གྲིབ། ། འགོམ་དང་བཟའ་བར་མི་བྱ་བ། །
BO
དེ་ལ་སོགས་པ་མཐའ་ཡས་པའི། ། སྡོམ་པ་གང་དེ་གསུངས་པ་ རྣམས། ། འདི་རུ་དང་པོའི་ལས་ཅན་ལ། ། དེ་ཡིས་ཡང་དག་འཇུག་པར་བྱེད། ། ཐུན་མོང་མ་ཡིན་ཕས་ཕམ་པ། ། བཅུ་བཞིར་གྲགས་པ་གང་འདི་ནི། ། སྔགས་པས་དོན་ཀུན་འགྲུབ་བྱེད་པས། ། སྤང་ཞིང་དོར་བར་མི་བྱའོ། ། སློབ་དཔོན་སྙིང་ནས་སྨོད་ པ་དང་། ། བདེ་གཤེགས་བཀའ་ལས་འདའ་བྱེད་དང་། ། ཞེ་སྡང་གིས་ནི་མཆེད་སུན་འབྱིན། ། བྱམས་སེམས་མེད་པར་སེམས་ཅན་སྤངས། ། བྱང་ཆུབ་སེམས་ཆེན་འདོར་བ་དང་། ། བདག་གཞན་གྲུབ་པའི་མཐའ་སྨོད་བྱེད། ། སྣོད་མི་རུང་ལ་ གསང་བ་བསྟན། ། རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། ། དག་པའི་ཆོས་ལ་སོམ་ཉི་བྱེད། ། གསུམ་ལྡན་ཁྲོ་ལ་བྱམས་ལྡན་ཏེ། ། སྟོང་པ་ཐལ་བྱུང་ལ་རྟོག་པ། དད་ལྡན་སེམས་ནི་སུན་འབྱིན་བྱེད། ། དམ་ཚིག་དང་ལྡན་རྩེ་མི་བྱེད། ། ཤེས་ལྡན་ བུད་མེད་སྨོད་པར་བྱེད། ། སྔགས་པས་དེ་དག་ཡོངས་སྤངས་ནས། ། ངེས་པར་དངོས་གྲུབ་ཐོབ་པར་བྱེད། ། དེ་ལ་སྔགས་པ་ཡོང་འདས་ནས། ། ངེས་པར་བདུད་དང་ཕྲད་པར་འགྱུར། ། ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ། ། བསྟིར་མེད་སྤྱིའུ་ ཚུགས་དམྱལ་བར་འགྲོ། ། སྦོམ་པོ་ལྟུང་བྱེད་ཉེས་དམིགས་ཀྱང་། །
BO
དེ་དང་འདྲ་བར་ཤེས་པར་བྱ། ། དམ་ཚིག་མི་ལྡན་རིག་མར་བསྟེན། ། ཚོགས་ཀྱི་འཁོར་ལོར་རྩོད་པར་བྱེད། ། གསང་བའི་ཆོས་ནི་སྟོན་པ་དང་། ། དད་ལྡན་རྣམས་ལ་གཞན་དུ་སྟོན། ། ཉན་ཐོས་ནང་དུ་ཡུན་རིང་གནས། ། སྣོད་མི་རུང་ལ་གསང་བ་བསྟན། ། ཁ་ན་མ་ཐོ་སྦོམ་འགྱུར་ཏེ། ། སྔགས་པ་དེ་ཡི་དམ་སྡོམ་ཟད། ། ཟད་པས་འགྲུབ་པར་ཡོང་མི་འགྱུར། ། དེ་བས་ཉིན་རེ་ལན་གསུམ་དུ། ། ཁ་ཏོན་གྱིས་ཀྱང་བཀླག་པར་བྱ། ། དཀྱིལ་ འཁོར་མཐོང་དང་ཞུགས་པ་དང་། ། དབང་བསྐུར་བ་ལ་སོགས་ཚུལ་གྱི། ། རྡོ་རྗེ་མཁའ་འགྲོ་ཐོབ་པ་གཞན། ། བྱང་ཆུབ་སེམས་དང་ཉན་ཐོས་དང་། ། བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། ། དགོངས་གསུངས་རྣམས་ཀྱིས་དེ་ལྟ་མིན། ། དེ་ལྟ་བས་ན་སྡོམ་ པའི་མཆོག ། ང་ཡིས་ཡང་དག་བསྟན་པར་བྱ། ། དྲི་ཆེན་དྲི་ཆུ་རཀྟ་དང་། ། ཤེས་དང་བྱང་ཆུབ་སེམས་རྣམས་ནི། ། བཟའ་བའི་སྦྱོར་བས་ཡང་དག་བཟའ། ། ལྟོ་ཡི་ཡེ་ཤེས་མིས་སྦྱངས་ཕྱིར། ། ཕྱི་རོལ་ཟས་ལས་ཁྱད་པར་འགྱུར། ། དེ་བཞིན་གླང་ཆེན་ རྟ་ཤ་དང་། ། བ་ལང་ཁྱི་ཤ་ཤ་ཆེན་རྣམས། ། ཡེ་ཤེས་ལྔ་ཡི་ངོ་བོའི་ཕྱིར། ། དགའ་བའི་སེམས་ཀྱིས་བཟའ་བར་བྱ། ། དེ་བཞིན་སེམས་ཅན་གསད་པར་བྱ། །
BO
མ་བྱིན་པར་ཡང་བླང་བར་བྱའོ། ། བུད་མེད་ཐམས་ཅད་འདོད་པ་སྤྱོད། ། {བརྫུན་,རྫུན་}ཚིག་དག་ཀྱང་སྨྲ་བར་བྱ། ། དེ་ལྟར་བྱས་པས་སངས་རྒྱས་དང་། ། བྱང་ཆུབ་སེམས་དཔའ་མཉེས་པར་འགྱུར། ། སེམས་ཅན་རྣམས་ཀྱང་ཚིམ་ཞིང་དགའ། ། དེ་བཞིན་རྣལ་འབྱོར་སྙིང་པོ་ཡིས། ། སངས་རྒྱས་དང་ནི་བྱང་ཆུབ་སེམས། ། རང་འདྲེན་ ཉན་ཐོས་སྐུ་གཟུགས་སོགས། ། རང་ཉིད་དག་པ་གསུམ་སྦྱོར་བས། ། ཕྱག་བྱས་ན་ནི་མི་རུང་འགྱུར། ། ཀུན་དུ་རྡོ་རྗེ་སེམས་དཔའ་ཡི། ། ལུས་ངག་ཡིད་ཀྱི་དཀྱིལ་འཁོར་ལས། ། རང་ཉིད་བསམ་གཏན་གསུམ་སྦྱོར་བས། ། དབྱེར་མེད་བློ་ཡིས་མི་ བྱའོ། ། དཀྱིལ་འཁོར་དག་ཀྱང་མི་བྲིའོ། ། གླེགས་བམ་དག་ཀྱང་མི་བཀླག་གོ། ། མཆོད་རྟེན་ལས་ཀྱང་ཡོང་མི་བྱ། ། ལག་པའི་ཕྱག་རྒྱ་རྣམས་ཀྱང་སྤང་། ། ཉིན་རེ་ཞིང་ནི་དུས་བཞི་རུ། ། བུ་མོ་ལེགས་པར་གོམས་པ་ལས། ། ག་བུར་ཙནྡན་ཁས་བླངས་ ཏེ། ། ཆོ་ག་བཞིན་དུ་ལུས་འཁོར་མཆོད། ། རོལ་མོའི་ཐབས་ནི་སྣ་ཚོགས་པ། ། ང་ཡི་རྒྱུད་ལས་རབ་བསྟན་པས། ། བཅུ་དྲུག་ཐིག་ལེ་ངལ་སོ་ལས། ། སྔགས་ཀྱི་སྙིང་པོ་བརྟག་པར་བྱ། ། བླ་མ་དམ་པ་ཐུགས་རྗེ་ཆེས། ། ཡང་དག་བསྟན་པ་ལ་དམིགས་ པས། །
BO
ཕྱིན་ཅི་ལོག་ཁུར་ཡོངས་འདོར་ཏེ། ། རྡོ་རྗེ་འཛིན་པ་ང་འདྲར་འགྱུར། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་དམ་ཚིག་དང་སྡོམ་པ་དབྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་རོ་ལངས་ཆེན་མོ་ཡི། ། སྒྲུབ་པ་ཡང་དག་བཤད་པར་བྱ། ། སྒྲུབ་པོས་ལེགས་པར་ཤེས་གྱུར་ན། ། དངོས་གྲུབ་ཐོབ་པར་འགྱུར་བའོ། ། ནག་པོ་ཡི་ནི་ཚེས་བརྒྱད་དང་། ། ཡང་ན་བཅུ་བཞི་གང་ཡང་རུང་། ། ཤིང་གཅིག་དུར་ཁྲོད་མ་མོའམ། ། ཡང་ན་མི་མེད་གྲོང་བར་དུ། ། སྔོན་དུ་སྒྲུབ་པའི་བདག་ཉིད་ཅན། ། ལས་ ཀུན་འགྲུབ་པར་བྱེད་པར་སྒྲུབ། ། མདའ་མཁན་མ་དང་སྨེ་ཤ་ཅན། ། གདོལ་བ་མོ་དང་གར་མཁན་སོགས། ། མདུན་གྱི་སོ་ལ་ལྷག་ཡོད་པ། བྱད་དང་མདངས་ལྡན་རྨ་མེད་མ། ། ལོ་ནི་སུམ་ཅུ་རྩ་གཉིས་བསྔགས། ། ཡང་ན་ཉི་ཤུ་རྩ་ལྔའོ། ། ཡང་ན་ཆུ་ དང་དང་པོར་སྐྱེས། ། སྦྱངས་ནས་ཤི་བ་མ་སྦགས་པ། ། ཡང་དག་བླངས་ཏེ་ཕ་བོང་སྟེང་། ། གཞན་ཡང་བུ་མོ་སྐྲ་བཟུང་སྟེ། ། ལྷ་བཞད་དང་ནི་དབང་པོ་ལག ། དཀར་པོ་དང་ནི་རི་སྒྲ་དང་། ། གྲུ་གནོན་ཆུ་ཡིས་བཀྲུ་བར་བྱ། ། དེ་ནས་ཙནྡན་དཀར་པོ་ ཡིས། ། བུ་མོ་ལུས་བྱུགས་རྒྱན་དང་གོས། ། ཡང་དག་བརྒྱན་ཏེ་མདུན་བཞག་ནས། །
BO
དཀྱིལ་འཁོར་འཇིགས་པ་བྲི་བྱ་སྟེ། ། རྩ་སོགས་གསང་སྔགས་རབ་ཏུ་བཟླ། ། འབྱུང་པོའི་གཏོར་མ་ཡང་བྱིན་ཏེ། ། ཤ་ན་ནག་པོ་མདངས་དང་ལྡན། མྱོས་བྱེད་ བསྲེགས་པ་རོ་ཡི་ཁར། ། མཚན་གཅིག་ཐོག་ཐག་སྦྱིན་སྲེག་བྱ། ། དེ་ནས་ཐོ་རས་དུས་སུ་ཡང་། ། ཁྲག་ཆེན་ཕྱོགས་བཞིར་གཏོར་བྱས་ནས། ། མར་ཁུ་ཆེན་པོ་རོ་ལ་བསྐུ། ། དེ་ནས་རོ་དེ་ལངས་གྱུར་ཏེ། ། ཁྲོ་དང་ལྡན་པའི་ཨ་ཙར་གྱིས། ། ས་གསུམ་ མོ་ཡི་སྒྲས་འགེངས་བྱེད། ། དེ་ཚེ་སྒྲུབ་པོ་སྐྲག་མི་བྱ། མཱ་མ་ཀཱི་ཡི་སྦྱོར་བ་སོགས། ། སྲུང་བའི་འཁོར་ལོས་བསྲུང་བར་བྱ། ། སྐྲག་ན་དེ་མ་ཐག་ཏུ་གསོད། ། དེ་ཚེ་བསྲུང་པས་བསྲུངས་བྱས་ནས། ། བདག་ཉིད་ལངས་ཏེ་དེ་ཡི་མགོར། ། ཡུངས་ཀར་ གྱིས་ནི་བརྡེག་པར་བྱ། ། དེ་ནས་དེ་ནི་བབས་གྱུར་ཏེ། ། སྒྲུབ་པ་པོ་ཡི་མདུན་གནས་ནས། ། བཀའ་ནོད་འདི་སྐད་སྨྲ་བར་བྱེད། ། སེམས་ཅན་ཆེན་པོ་ཁྱོད་ཅི་འདོད། ། བདག་ལ་ཡང་དག་བཀའ་སྩོལ་ཅིག ། རལ་གྲི་མིག་སྨན་ས་འོག་གམ། ། རྐང་ མགྱོགས་དེ་བཞིན་བཅུད་ཀྱིས་ལེན། ། མི་སྣང་འགུགས་པ་ལས་གང་དག ། བདག་གིས་གཅིག་ཅིག་སྦྱར་བར་བྱ། ། དེ་ནས་སྒྲུབ་པོ་དེ་ཡིས་ཀྱང་། ། གང་འདོད་སྨྲས་ནས་ཅང་ཏེའུ་བརྡུང་། །
BO
དེ་ནས་རོ་ལངས་ཁ་དེ་ནས། ། དུ་བ་འཐུལ་ཞིང་མེ་འབར་ བ། ། དེ་ནས་སྦྲུལ་ནག་ལྟ་བུ་རུ། ། རོ་ཡི་ཁ་ནས་འབྱུང་བར་བྱེད། ། དེ་དེ་སྒྲུབ་པོས་ཁ་ཡིས་བླང་། ། བྱུང་སྟེ་གསེར་གྱི་རལ་གྲིར་འགྱུར། ། དེ་ཐོགས་ཚངས་པའི་འཇིག་རྟེན་ཁམས། ། སྟེང་དུ་ངེས་པར་འགྲོ་བར་བྱེད། ། དེ་བཞིན་ ཀུན་དུ་འགྲོ་བར་བྱེད། ། དེ་བཞིན་རྫས་ཀུན་གང་ལ་བསྟན། ། ཐམས་ཅད་གསེར་འགྱུར་རྩི་ལྟ་བུ། ། དེ་བཞིན་ཐབས་སྒྲུབ་དེ་བྱ་ན། ། རོ་ནི་སྔ་མཁོ་བཞིན་འགྱུར་ཏེ། ། དེ་ཡིས་སྦྱིན་སྲེག་རབ་བྱས་ནས། ། དཀྱིལ་འཁོར་ཡང་དག་ཚིམ་པར་བྱ། ། དེ་བས་འདི་ནི་སྒྲུབ་པའི་མཆོག ། དོན་ཀུན་ཡང་དག་འགྲུབ་བྱེད་པ། ། ལས་ཐམས་ཅད་ཀྱི་གཙོ་བོ་སྟེ། ། བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རོ་ལངས་ཆེན་མོའི་ལེའུ་སྟེ་བཅུ་གསུམ་པའོ། ། ། ། ད་ནི་ང་ཡིས་སྒྲུབ་པོ་ཡི། ། དངོས་གྲུབ་སློབ་དཔོན་ལས་བྱུང་ཕྱིར། ། རྒྱུད་རྣམས་ཀུན་ལས་གསུངས་པ་ཡི། ། སློབ་དཔོན་བཀུར་བའི་ཆོ་ག་བཤད། ། སློབ་དཔོན་མེད་པར་གྱུར་ན་ནི། ། དངོས་གྲུབ་ཐོབ་པར་མི་འགྱུར་བས། ། སློབ་དཔོན་གྲངས་དང་ མཚན་ཉིད་ནི། །
BO
ཡིད་གཅིག་བསྡུས་ལ་མཉན་པར་གྱིས། ། དམ་སྡོམ་གྱི་ནི་སྣོད་གཙང་ལ། ། སློབ་དཔོན་མཚན་ཉིད་ཡོངས་རྫོགས་པར། ། བྱེད་ཅིང་དང་པོ་ལས་འཇུག་པར། ། བྱེད་པ་རྒྱུ་ཡི་སློབ་དཔོན་ནོ། ། རི་བོང་འཛིན་པ་སྐུལ་བྱེད་ཅིང་། ། དེ་ ཡི་སྒྲུབ་པོ་ཞིང་དག་ཅིང་། ། ཡེ་ཤེས་སྒྱུ་མའི་སྣོད་རུང་བྱེད། ། རྐྱེན་གྱི་སློབ་དཔོན་ཆེན་པོའོ། ། ལྷན་ཅིག་ཉན་པར་གང་གྱུར་པ། ། དེ་ལས་དགའ་བ་ཡང་དག་ཐོབ། ། ཐོབ་པས་ཡང་དག་རབ་མཐར་ཕྱིན། ། ལྷན་ཅིག་བྱེད་པའི་སློབ་དཔོན་ནི། ། མི་འགྱུར་བྱམས་ལྡན་ཤེས་རབ་ཅན། ། སྔགས་རྒྱུད་སྦྱོར་ཤེས་དཀྱིལ་འཁོར་མཁས། ། དེ་ཉིད་བཅུ་ཤེས་ཐེག་ཆེན་དགའ། ། གསང་བ་ཟུངས་ཐུབ་སློབ་དཔོན་ཡིན། ། མིག་བཟང་ཡ་སོ་བཅུ་དྲུག་པ། ། ཁུ་འཕྲིག་རྟོག་པ་ཡང་དག་སྤངས། ། བླ་ མ་དགའ་བ་དད་མོས་ཅན། ། ཤིན་ཏུ་རྒྱན་གྱིས་རབ་བརྒྱན་པ། ། དད་ལྡན་སྦྱོར་བ་ལ་གོམས་པ། ། གཟུགས་བཟང་འདོད་ཆགས་ཀྱིས་མྱོས་བྱེད། ། ཤིན་ཏུ་དུལ་བ་ཁྱད་པར་ཅན། ། བཀུར་བའི་གནས་སུ་ཡང་དག་བླངས། ། དགེ་དང་བསྒོམ་པ་ ལ་དགའ་བ། ། རྟག་ཏུ་བླ་མ་ལ་གུས་པའི། ། སློབ་མས་བླ་མ་འདི་ལྟར་བལྟ། ། བླ་མ་སངས་རྒྱས་ཀུན་དང་མཉམ། ། དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །
BO
དེ་བཞིན་གཤེགས་པ་རིན་ཆེན་འབྱུང་། ། དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། ། ཡིད་བཞིན་ནོར་ བུ་རིན་ཆེན་སྦྱིན། ། དེ་ཡི་ཡོན་ཏན་ཐམས་ཅད་གཟུང་། ། སྐྱོན་ཀུན་སེམས་ཀྱིས་ཀྱང་མི་བསམ། ། ཡོན་ཏན་བཟུང་ནས་དངོས་གྲུབ་འཐོབ། ། སྐྱོན་གྱིས་དངོས་གྲུབ་ཉམས་པར་བྱེད། ། མཆོད་རྟེན་བཤིག་དང་སྡིག་འདྲའི་ཕྱིར། ། དེ་ཡི་གྲིབ་ མའང་མི་འགོམ་སྟེ། ། སྟན་དང་ལྷམ་དང་བཞོན་པ་དང་། ། འགོམ་པར་བྱ་བ་སྨོས་ཅི་དགོས། ། རྒྱུ་བ་དང་ནི་མི་རྒྱུ་བའི། ། མཆོག་ཀུན་དེ་ཡིས་སྤངས་པར་འགྱུར། ། སློབ་དཔོན་སྨོད་པར་བྱེད་པ་དེ། ། རྨི་ལམ་དུ་ཡང་མཐོང་མི་བྱ། ། དེ་ནི་བགེགས་ དང་ལོག་འདྲེན་འཛིན། ། རིམས་དང་སྤྱུག་དང་གཤིན་རྗེས་འཛིན། ། འཆི་བར་རབ་ཏུ་འགྱུར་བ་སྟེ། ། ངན་པ་གཏུམ་པོ་བླུན་ཆེན་ཏེ། ། ཕྱོགས་བཞི་དག་ཏུ་སོང་གྱུར་ཡང་། ། བློ་ལྡན་རྣམས་ཀྱིས་མི་བསྲུང་བར། ། མདུང་ལ་སོགས་པའི་མཚོན་ ཆ་ཡིས། ཁ་ན་མ་ཐོ་བྱེད་པ་བསད། ། མདོ་སོགས་བསྟན་པའི་དམྱལ་བ་རུ། ། སློབ་དཔོན་སྨོད་པར་བྱེད་པ་དེ། ། གནས་པར་འགྱུར་བར་ང་ཡིས་བསྟན། ། དེ་བས་བླ་མའི་ཞབས་དྲུང་དུ། ། བག་མ་བཞིན་དུ་ངོ་ཚ་བསྲུང་། ། གླལ་དང་དགོད་ དང་ལུད་པ་སོགས། །
BO
ཁ་ལ་ལག་པས་བཀབ་ནས་སུ། ། ཤིན་ཏུ་འཇམ་པར་སྨྲ་བར་བྱ། ། མགོ་ཐོད་བཅིང་དང་མཚོན་བྱུག་པ། ། བླ་མའི་དྲུང་དུ་མི་བྱའོ། ། བྲོ་བརྡུང་བ་དང་བརྐམ་ཚིག་དག ། ཐོས་པའི་ཡུལ་ནས་མི་བྱའོ། ། མདུན་ འགྲོ་བ་དང་རྐང་པ་བརྐྱང་། ། ཡང་དག་ཉིད་དུ་མི་བྱའོ། ། ལས་ནི་གང་དག་བྱེད་པའམ། ། མཉན་པ་ལ་སོགས་འདོད་པ་ལ། ། གཟུང་ཕྱིར་ཐལ་མོ་མ་བཤིག་པར། ། གནས་ནས་ལངས་ཏེ་མཐོང་ཡུལ་དུ། ། རྒྱབ་ཀྱིས་ ཕྱོགས་པར་མི་བྱ་སྟེ། ། མཚན་མོ་དང་ནི་ཆུ་བརྒལ་དང་། ། གཅོང་རོང་དག་ཏུ་གནས་གྱུར་ན། ། བཀའ་ལུང་གཉེར་དུ་དགུམ་པའི་ཕྱིར། ། མདུན་དུ་འགྲོ་བ་ཉེས་མི་འགྱུར། ། དེ་བས་ཐབས་ནི་ཐམས་ཅད་ཀྱིས། ། རྡོ་རྗེ་འཛིན་པ་བླ་མ་མཆོག ། རྗེས་སུ་མཐུན་པས་མཉེས་པར་བྱ། ། དེ་མཉེས་སངས་རྒྱས་ཐམས་ཅད་མཉེས། ། གང་གིས་སློབ་དཔོན་ཡང་དག་སྨད། ། དེ་ཡིས་རྒྱུད་ཀུན་བསྒྲུབ་པའི་མཆོག ། གཉིད་དང་འདུ་འཛི་རྣམ་སྤངས་ཏེ། ། བསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང་། ། དམྱལ་སོགས་སྒྲུབ་པར་བྱེད་པའོ། ། དེ་ཕྱིར་ཀུན་གྱིས་རབ་བསྒྲིམས་ཏེ། ། བསམ་པ་འབྲས་བུ་སྨིན་བྱེད་པའི། ། སངས་རྒྱས་འབྲས་བུ་འདོད་པ་ཡིས། ། སེམས་ཅན་དད་དང་ལྡན་པས་མཆོད། །
BO
དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བླ་མ་བཀུར་ བའི་ལེའུ་སྟེ་བཅུ་བཞི་པའོ། ། ། ། རྡོ་རྗེ་པདྨོ་སྦྱོར་བ་ལས། ། ཡང་དག་ཡེ་ཤེས་སྐྱེ་འགྱུར་བས། ། སྒྱུ་མའི་མཆོག་ནི་བུད་མེད་དེ། ། དེ་ཡི་མིང་དང་མཚན་ཉིད་བསྟན། ། ཧ་སྟི་ནི་དང་ཤངྐི་ནི། ། ཀ་མ་ལ་དང་ཙི་ཏྲ་ན། ། ཐམས་ཅད་ རིགས་ནི་བཞིར་འགྱུར་ཏེ། ། ཧ་སྟི་རཀྟ་རོ་ཚ་བ། ། སྦོམ་མོ་འདོད་ཆགས་ཡང་དག་ཆེ། ། པད་ཡངས་ཁ་ནས་ཤ་རུལ་བྲོ། ། དཀར་འཆང་མཐའ་ཕྲ་གོ་སྦོམ་བྱེད། ། ཤངྐི་རཀྟ་རོ་སྐྱུར་བ། རྐེད་ཕྲ་སྣ་ལེགས་ཅུང་ཟད་ཁྲོ། ། ཁ་ནས་དུད་བྲོ་འགྲོས་ དལ་ལེགས། ། དཀར་འཆང་དཔལ་གྱི་འབྲས་བུ་འདྲ། ། ཀ་མའི་རཀྟའི་རོ་མངར་ཞིང་། ། ཤངྐི་རཀྟ་རོ་སྐྱུར་བ། ། ཕྲ་སྦོམ་རན་པ་དམར་མོ་སྟེ། ། འདོད་ཆགས་མིག་ནི་མི་འཛུམས་ལྟ། ། དཀར་འཆང་ཨ་རི་ཤ་འདྲ་བ། ། ཙི་ཏྲ་རཀྟ་རོ་མངར་ཞིང་། ། ཐུན་རུང་ཁྲོ་བག་དང་བཅས་པ། ། ཆགས་མིན་ལྟ་བྱེད་ངོ་གནག་པ། ། དཀར་འཆང་གཡས་གཡོན་དགྱེ་བ་སྟེ། ། འདི་རྣམས་ཡང་དག་ཕྲད་གྱུར་ན། ། སྒྲུབ་པ་པོ་ལ་ཚེ་འདི་རུ། ། དངོས་གྲུབ་ཡང་དག་སྟེར་བ་སྟེ། ། དེ་བས་འདི་རྣམས་འབད་ པས་བཙལ། ། ཡང་དག་རྙེད་ནས་གང་རུང་དུ། ། བ་ལང་བཟའ་ནི་མདའ་ཡི་ནང་།
BO
། བཏུང་བས་ཤེལ་ཁམས་རྣམ་པར་འཕེལ། ། དེ་ནི་ཐབས་ཀྱིས་སྟེར་བ་ཡིས། ། ཡང་དག་ཏུ་ནི་རང་བཞིན་བརྟག ། རང་བཞིན་ནམ་མཁའ་ལྟ་བུ་སྟེ། ། དངོས་ པོ་ཐམས་ཅད་ཟད་པ་སྟེ། ། རྣམ་པར་རྟོག་པ་ཐམས་ཅད་དང་། ། བྲལ་བའི་དགའ་བ་ཡང་དག་ཟབ། ། བསམ་མེད་ཟད་མེད་ཕྲ་མོ་སྟེ། ། དམ་པ་ཞི་བ་རྣམ་དག་པ། ། འཆི་མེད་རྡོ་རྗེ་བདུད་རྩི་བརྗོད། ། གང་གི་དབུས་སུ་འདབ་བརྒྱད་པ། ། སྙིང་པོ་ལྔ་ཡིས་ཡང་དག་བརྒྱན། ། དེ་དབུས་དེ་གནས་ཆ་ནས་ལྔ། ། ཆ་གཉིས་པ་ནི་བརྒྱད་མཐར་དབྱུང་། ། སུམ་ཅུ་བཅུ་པ་ལྔ་ཡི་ནི། ། ཆ་གཉིས་ལྔ་པ་དྲུག་པ་ཡི། ། ཐིག་ལེ་རུ་ནི་གཞུག་པ་སྟེ། ། སྐྱེས་བུ་གང་གིས་དེ་ལ་ནི། ། མིག་གི་འོད་ ཟེར་གྱིས་བལྟ་བ། ། དེ་ལ་ཅི་བཞིན་གནས་པ་ཡི། ། ཡེ་ཤེས་སྐྱེ་བར་ཐེ་ཚོམ་མེད། ། ནམ་ཞིག་འགོག་པའི་སེམས་གྱུར་ན། ། སངས་རྒྱས་ཀུན་གྱི་མཆོག་འཛིན་པ། ། དཔལ་ལྡན་མཁའ་འགྲོ་འདྲ་བར་འགྱུར། ། དེ་རིང་ཕན་ཆད་བུ་ཁྱོད་ནི། ། དཀྱིལ་འཁོར་ཡང་དག་འདྲི་བ་དང་། ། སྒྲུབ་པོ་རྒྱུད་ལ་སྦྱོར་བ་ཡི། ། སློབ་དཔོན་ཆེན་པོ་ཉིད་དུ་འགྱུར། ། འདི་ནི་སངས་རྒྱས་ཀུན་གྱིས་ཀྱང་། ། དབང་བསྐུར་བར་ནི་རབ་བསྔགས་ཏེ། ། ཐམས་ཅད་སྔགས་ནི་སྒྲུབ་འགྱུར་ཏེ།
BO
། ལས་མཆོག་ཁྱད་ པར་ཅན་ཡང་འགྲུབ། ། བུ་མོ་འདི་ནི་ཁྱོད་དང་མཐུན། ། སེམས་ཅན་ཁྱོད་ཀྱིས་འདོད་པ་གྱིས། ། ཡིད་དུ་འོང་བའི་རིག་མ་འདི། ། བདེ་གཤེགས་ཀུན་གྱིས་ཁྱོད་སྤྱོད་གནས། ། སྟོང་པ་ལ་ནི་སེམས་སྦྱོར་ན། ། ཁྱོད་ནི་ཡང་དག་དམ་པར་འགྱུར། ། འདི་ནི་བདེ་གཤེགས་བདེ་མཛད་པ། ། ཁྱོད་ནི་འདི་ལས་རབ་བྱུང་ངོ་། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་དམིགས་པ་དང་བཅས་པའི་ཤེས་རབ་ཀྱི་མཚན་ཉིད་བརྟག་པའི་ལེའུ་སྟེ་{བཅྭ་,བཅོ་}ལྔ་པའོ། ། ། ། དེ་ནས་ཡང་ནི་བཤད་ བྱ་བ། ། དངོས་ཀུན་ཆོ་ག་ཤེས་མེད་ན། ། སྒྲུབ་པོ་དངོས་གྲུབ་འབྱུང་མི་འགྱུར། ། དེ་ཕྱིར་འདིར་ནི་བརྟུལ་ཞུགས་བསྟན། ། སྦྱོར་བའི་རྩོལ་བ་ཐམས་ཅད་ནི། ། དེ་ཉིད་རིག་པས་སྤང་བར་བྱ། ། རྡོ་རྗེ་སེམས་དང་ངེས་འདུག་པ། ། སྤངས་ ནས་གཞན་དུ་མི་བྱའོ། ། དག་པ་དེ་ཉིད་ལ་གནས་པས། ། སྦྱོར་བ་རྣམས་ཀྱང་མི་བྱ་སྟེ། ། བདག་མེད་གནས་པའི་སྦྱོར་བ་ཡིས། ། ཅི་སྲིད་བར་དུ་སོ་སོར་བརྟག ། དངོས་མེད་གོ་འཕང་ལ་གནས་དང་། ། ཐབས་བཟང་དག་དང་ལྡན་པ་ཡིས། ། རྒྱུད་ལས་གང་ཅི་འབྱུང་བ་རྣམས། ། མ་བརྟགས་པས་ནི་འབྱུང་བར་འགྱུར། ། སྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི།
BO
། དངོས་གྲུབ་མཚན་ཉིད་གང་ཡང་རུང་། ། དེ་ཀུན་སྐད་ཅིག་ཙམ་ལ་ནི། ། རང་ཉིད་གནས་པར་གྱུར་པ་ཡིན། ། དེ་བས་དགེ་སློང་ དངོས་གནས་དང་། ། དེ་བཞིན་རྟོག་གེ་རྒན་པོ་དང་། ། རང་གི་བུ་དང་རྒྱལ་པོ་ལ། ། དེ་ཉིད་ཡང་དག་བཤད་མི་བྱ། ། ཇི་ལྟར་མར་མེ་བུམ་ནང་གནས། ། ཕ་རོལ་དུ་ནི་འོད་མི་གསལ། བུམ་པ་དེ་ཉིད་ཆག་གྱུར་ན། དེ་འོག་མར་མེ་གསལ་བར་ འགྱུར། དེ་བཞིན་རང་ལུས་བུམ་པ་ཉིད། ། བླ་མའི་ཁ་ཡིས་ལེགས་བཅག་ནས། ། དེ་ཉིད་མར་མེ་ཉིད་ལྟ་བུ། ། སྦྱོར་བའི་དེ་ཉིད་སྟོན་པ་ཡིན། ། སྦྱོར་བ་དེ་ཉིད་ལ་གནས་ན། ། གང་ཚེ་བསྟན་པ་མི་རྟག་ལ། ། གནས་ཤིང་འཇིག་རྟེན་པ་སྤངས་ ཏེ། ། སྤྱོད་པ་ཐམས་ཅད་བྱས་ན་ནི། ། དེ་ལ་དེ་ཚེ་སངས་རྒྱས་གཟིགས། ། ཀུན་དུ་ཐེ་ཚོམ་གཅོད་པ་ཡིས། ། རིག་པས་བྱིས་པ་བཞིན་དུ་སྤྱད། ། གང་ཚེ་ཆགས་མེད་རྣལ་འབྱོར་པ། ། དེ་ཚེ་ཕུན་སུམ་ཚོགས་འཕེལ་འགྱུར། ། སྡིག་པ་མ་ལུས་ ལྡན་པ་དང་། ། གཏི་མུག་སྒྲིབ་པ་རབ་གནས་པ། ། སྨྱོན་པའི་རྣལ་འབྱོར་སྦྱོར་བ་ཡིས། ། ཟླ་དྲུག་གིས་ནི་དོན་ཡོད་གྲུབ། ། རང་ཉིད་སངས་རྒྱས་ཀུན་མཐོང་ཞིང་། ། འདོད་པ་ཀུན་གྱིས་རབ་ཏུ་འགེངས། ། ཟད་མེད་གཞོམ་དུ་མེད་པ་དང་། །
BO
དང་བའི་ སྐུ་ཚེ་འབྱུང་བར་འགྱུར། ། བླ་ན་མེད་པའི་བྱང་ཆུབ་མཆོག ། འབད་པ་མེད་པར་ཡང་དག་འཐོབ། ། འདོད་པ་ཀུན་གྱི་དགའ་མོས་རྣམས། ། འབད་བྲལ་བས་ནི་འགྲུབ་པར་འགྱུར། ། འགྲོ་དང་འདུག་དང་གནས་པ་ན། ། མཆོག་ཏུ་ཟབ་པའི་ གནས་ལ་བརྟག ། འོད་གསལ་ཡེ་ཤེས་ལམ་མཁན་པ། ། མཚན་ཉིད་རྟོག་པའི་རྣལ་འབྱོར་པའི། ། བསམ་གཏན་སྦྱོར་བ་འདི་ཡིས་ནི། ། སེམས་ཀྱི་རིན་ཆེན་བརྟན་པར་འགྱུར། ། སངས་རྒྱས་བྱང་ཆུབ་རབ་ཞུགས་པ། ། བྱིན་གྱིས་ བརླབ་པའང་མཛད་པར་འགྱུར། ། དེ་ལྟར་གྱུར་པས་ཞུགས་ནས་ཀྱང་། ། ཇི་སྲིད་སེམས་ནི་མི་སྐྱོ་བར། ། མཉམ་གཞག་ཡིད་ནི་བཟང་པོ་ཡིས། ། དེ་ལ་འབད་པས་བསྒོམ་པར་བྱ། ། དེ་འོག་ལ་ནི་ཅི་དགའ་བའི། སྤྱད་པ་ཡིས་ནི་གཅིག་བྱས་ན། ། ཅུང་ཟད་སྤྱན་ཕྱེ་བ་ཡི་མཚན། ། བྱང་ཆུབ་རྒྱ་ཆེན་འཐོབ་པར་འགྱུར། ། དགོད་དམ་སྨྲའམ་འདུག་པའམ། ། ལ་ལར་རབ་ཏུ་གར་བྱེད་པར། ། ཇི་སྲིད་སྐྱོ་བར་མི་འགྱུར་བར། ། བསྒོམ་པའི་སེམས་ལ་ཞེན་པར་བྱ། ། དེ་ལྟའི་དམ་ཚིག་ལྡན་གྱུར་ཅིང་། ། རྣམ་པར་མི་རྟོག་སྔགས་པ་ཡིས། ། དུས་ཀྱི་ངེས་པས་ཡོངས་སྤངས་ནས། ། བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །
BO
དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཤེས་བྱེད་ཀུན་དུ་སྤྱོད་པའི་ལེའུ་སྟེ་བཅུ་དྲུག་པའོ། ། ། ། དེ་ནས་མཁའ་འགྲོ་དེ་དག་ཐམས་ ཅད་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཚིགས་སུ་བཅད་པས་བསྟོད་པ། སངས་རྒྱས་ཀུན་གྱི་རང་བཞིན་ལས། ། བྱུང་བའི་ལྷ་སྟེ་ཁྱོད་མཆོག་པས། ། སེམས་དཔའ་ཀུན་གྱི་ཕྱག་རྒྱ་ཆེ། ། མཁའ་འགྲོ་ཆེན་པོ་ཕྱག་འཚལ་ལོ། ། གཏི་མུག་ཐམས་ཅད་འོད་གསལ་བ། ། མཁའ་འགྲོ་སངས་རྒྱས་ཆེན་པོ་སྟེ། ། གཟུགས་སྣང་ཆོས་ནི་རྣམ་དག་པ། ། བདེ་གཤེགས་མཁའ་འགྲོ་ཁྱོད་ཕྱག་འཚལ། ། ང་རྒྱལ་ཐམས་ཅད་འོད་གསལ་བ། ། མཁའ་འགྲོ་རེ་འདོད་སྐོང་བ་སྟེ། ། སིམ་སོགས་ཆོས་ནི་རྣམ་དག་པ། ། རིན་ཆེན་མཁའ་འགྲོ་ཁྱོད་ཕྱག་འཚལ། ། འདོད་ཆགས་ཐམས་ཅད་འོད་གསལ་བ། ། སྐྱོན་གྱིས་གོས་མེད་མཁའ་འགྲོ་ཆེ། ། མཚན་མར་འཛིན་པ་རྣམ་དག་པ། ། པདྨ་མཁའ་འགྲོ་ཁྱོད་ཕྱག་འཚལ། ། ཕྲག་དོག་ཆོས་ནི་འོད་གསལ་བ། ། མཁའ་འགྲོ་སྣ་ཚོགས་ལས་བྱེད་པ། ། མངོན་པར་ འདུ་བྱེད་ཆོས་ཀུན་དག ། སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། ། མཚན་མཆོག་འདི་ཡིས་ཁྱོད་བསྟོད་པས། ། གང་ཟག་དེ་ཡང་བསོད་ནམས་ཚོགས། ། ཡེ་ཤེས་ཚོགས་ཆེན་ཡོངས་རྫོགས་ནས། །
BO
སངས་རྒྱས་འགྱུར་བར་ཐེ་ཚོམ་མེད། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ ཀུན་དུ་བཟང་པོའི་བདེ་བ་ཆེན་པོ་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པའི་བདག་ཉིད་ཆེན་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་མི་ཤིགས་པའི་ཟླ་བ་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་ཐུགས་ཀའི་མི་ཤིགས་པའི་ཐིག་ལེ་ལས་ཤིན་ ཏུ་དགྱེས་པ་ཆེན་པོ་ཞེས་བྱ་བའི་འོད་ཟེར་གྱི་ཚོགས་ཕྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཟླ་བའི་ཐིག་ལེའི་དབུས་སུ་རྒྱས་པར་བྱས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་ཡང་སྣང་བར་བྱས་ནས་སྟེང་འོག་ཏུ་ཡང་བཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་རི་ དང་སེམས་ཅན་ཐམས་ཅད་ལ་གསལ་བར་བྱས་ནས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བས་མཉེས་པར་བྱས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་བདག་པོའི་སྙིང་པོའི་མཆོག་གི་ཟླ་བའི་ཐིག་ལེའི་དབུས་ན་བདེ་བར་ཞུགས་སོ། །
BO
དེ་ནས་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་ཐམས་ཅད་འོད་ཟེར་གྱི་ཚོགས་ཀྱི་ཕྲེང་བ་མཆོག་ཏུ་བདེ་བར་གྱུར་པའི་སྙིང་པོ་དེས་བསྐུལ་བ་ན་གར་མཛད་ཅིང་རང་རང་གི་ཏིང་ངེ་འཛིན་དུ་དམིགས་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོའི་ཐུགས་ཀའི་ཟླ་བའི་ཐིག་ལེའི་དབུས་སུ་གསང་བའི་དགྱེས་པ་ཆེན་པོའི་ བདེ་བར་གཅིག་ཏུ་བསྡུས་པར་གྱུར་ཏེ། རང་རང་གི་སྐུ་བུད་མེད་ཀྱི་ཚུལ་དུ་བསྐྱེད་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་མངོན་པར་བྱུང་བར་གྱུར་ཏོ། ། དེ་ནས་མཁའ་འགྲོའི་ཚོགས་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་ཅ་ཅོའི་སྒྲ་ཡང་དག་པར་འབྱིན་ཅིང་དབྱངས་ཆེན་པོ་བརྗོད་པར་ གྱུར་ཏོ། ། ཀྱེ་མའོ་རྡོ་རྗེ་སེམས་དཔའ་ཡི། ། རྡོ་རྗེ་ཤིན་ཏུ་དགྱེས་ཆེན་པོ། ། ཀྱེ་མའོ་སྣ་ཚོགས་ཐབས་ནི་བདེ་བྱེད་ཆེ། ། སྣ་ཚོགས་ཡེ་ཤེས་བདེ་བ་ཆེ། ། ཀྱེ་མའོ་ཀུན་དུ་བཟང་པོ་ཡི། ། དགེ་བའི་ཡེ་ཤེས་བདེ་བྱེད་ཆེ། ། གང་བདེའི་ཕྱིར་ནི་རིག་མ་ཡི། ། པདྨ་ལ་ནི་གནས་པར་ མཛོད། ། ཀྱེ་མའོ་རིག་པ་ཤིན་ཏུ་ཟབ། ། ཤེས་རབ་ཕ་རོལ་ཕྱིན་མ་འདི། ། སེམས་ཅན་ཀུན་ལ་ཤེས་རབ་ཀྱི། ། མུན་པ་ཐིབས་པོ་སེལ་བར་མཛད། ། ཀྱེ་མའོ་ཐམས་ཅད་ངོ་མཚར་ཆེ། ། མཁའ་འགྲོ་འདྲ་བར་གར་མཛད་ཅིང་།
BO
། རྣམ་པར་སྣང་མཛད་མྱང་བ་དང་། ། མཉེ་བ་ དང་ནི་འཕྲོག་པ་མཆོག ། ཀྱེ་མའོ་ཤིན་ཏུ་རབ་ཏུ་དགྱེས། ། སྐལ་ལྡན་སྐལ་སྤྱོད་པ་དང་ནི། ། སྣ་ཚོགས་སྐལ་བས་བདེ་བྱེད་ཆེ། ། སྣ་ཚོགས་རྡོ་རྗེ་ཤིན་ཏུ་མཛེས། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་ལས་བཞེངས་ཏེ་འཁོར་གྱི་ དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཨཱ་ལི་དང་ནི་ཀཱ་ལི་དང་། ། དེ་བྱུང་ཟླ་བ་རྣམ་པ་གཉིས། ། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ། གཅིག་ཏུ་གྱུར་པ་མཉམ་ཉིད་དོ། ། ས་བོན་མཚན་མར་གྱུར་པ་ནི། ། སོ་སོར་རྟོག་པར་ངས་བཤད་དོ། ། དེ་བྱུང་སངས་རྒྱས་ཐམས་ཅད་ཀྱིས། ། འགྲོ་ དོན་བྱེད་པ་བྱ་ནན་ཏན། ། གཟུགས་བརྙན་རྫོགས་པ་ཆོས་དབྱིངས་ཏེ། ། ལྷ་ཡི་དབང་པོ་སངས་རྒྱས་བསྐྱེད། ། དེ་ལ་བར་མས་ཁུ་བས་བསྐྱེད། ། བསྐུར་བས་རང་གི་ལྷར་བསྐྱེད་ནས། ། བྱིན་གྱིས་བརླབ་པ་བྱ་བ་ནི། ། རྒྱུད་རྣམས་ཀྱི་ནི་ཐུན་མོང་ངོ་། ། གསང་དང་གསང་ཆེན་ཤིན་ཏུ་གསང་། ། རྣལ་འབྱོར་ རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་ཞེས་བྱ་དང་། སྟོང་པ་དང་ནི་ཤིན་ཏུ་སྟོང་། ཆེན་པོ་སྟོང་པ་ཞེས་བྱ་དང་། །
BO
དགའ་དང་དགའ་བ་བར་མ་དང་། ། དགའ་བྲལ་གྱི་ནི་དགའ་བ་རྣམས། ། རྒྱུད་རྣམས་ཀུན་གྱི་སྤྱི་བོའོ། ། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། ། གསང་དང་ཤེས་རབ་ཡེ་ཤེས་དང་། ། ཁ་སྦྱོར་ འབྱེད་པའི་ཆོ་ག་དང་། ། གཏོར་མ་རྡོ་རྗེའི་བཟླས་པ་དང་། ། དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། ། རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། ། གསང་བའི་དེ་ཉིད་བཅུ་ཡིན་ནོ། ། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། ། སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། ། སྦྱིན་སྲེག་མཆོད་པ་ལས་ སྦྱོར་དང་། ། སླར་སྡུད་པ་ཡི་རྣམ་པ་ནི། ། ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། ། ཡང་དག་དེ་ཉིད་དངོས་པོ་མི་ཤེས་པར། ། གསང་སྔགས་སྨྲ་བ་པོ་ཡིན་ཞེས་བརྗོད་པ། ། དེ་དག་མངོན་པའི་ང་རྒྱལ་གསང་སྔགས་ཆོ་ག་འཆད། ། དེ་ནི་དམ་ཉམས་འདི་དང་ཕ་རོལ་བརླག ། ཉམས་པས་བདུད་ཀྱིས་བཟུང་ནས་ཤི་ནས་དམྱལ་བར་ འགྲོ། ། སེམས་ཅན་རྣམས་ལ་རབ་བརྟེན་ཏོ། ། བྱང་ཆུབ་དམ་པ་ཐོབ་འགྱུར་བ། ། སེམས་ཅན་སླུ་བར་མི་བྱ་སྟེ། ། བདེ་གཤེགས་ལས་ལ་སེམས་ཅན་སྦྱར། ། གང་ཞིག་སྦྱོར་འདི་མི་བརྩོན་པས། ། རྐང་ལག་མིག་སོགས་སྦྱིན་པ་དང་། ། དཀའ་ཐུབ་ཅི་འདྲ་སྤྱད་བྱས་ཀྱང་། ། བདུད་རྩི་རོ་ཐོབ་མི་ནུས་སོ། །
BO
རྣལ་འབྱོར་གཅིག་ཅིག་ཤེས་བྱས་ནས། ། དབེན་པར་སོང་སྟེ་རབ་འབད་ན། ། སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ། ། ཆོས་བདག་མེད་པར་རབ་བསྒོམས་པས། ། ཐམས་ཅད་མཁྱེན་པ་ཁོང་དུ་ཆུད། ། ཐབས་ཤེས་གཉིས་ཀྱི་འཇོ་སྒེག་གིས། ། གསང་བ་ལྔ་ཡི་བདག་ཉིད་མཆོད། ། དངོས་པོ་ཐམས་ ཅད་དངོས་མེད་པར། ། བཞི་བཅུའི་དོན་ནི་རྟོགས་པ་དང་། ། རྡོ་རྗེ་པདྨའི་དབང་བསྐུར་བས། ། བདུད་རྩི་ཡིས་ནི་དགའ་བར་བྱེད། ། གསང་བར་བྱ་བའི་ཆོས་གསང་བས། ། གསང་ཞིང་སྦས་ཏེ་སྤྱད་པར་བྱ། ། འདོད་པའི་ཡོན་ཏན་ལྔ་ལས་ནི། ། རྣལ་འབྱོར་སེམས་པས་སྤྱད་བྱ་ཞིང་། དེ་བཞིན་བཟའ་ དང་བཏུང་བྱས་ནས། ། སེམས་ཅན་ཐམས་ཅད་དབང་དུ་བྱེད། ། འདི་ལ་ཁྲུས་དང་གཙང་སྦྲ་མེད་དེ་མཆོད་ཕྱིར་ཐོགས་པའང་མེད། ། དཀྱིལ་འཁོར་སྦྱིན་སྲེག་མེད་དེ་དུས་དང་གཟའ་ཚེས་མེད། ། གཏོར་མ་ལ་སོགས་བྱ་བར་བྱ་བ་མེད་དེ་མཆོག་གི་རབ་མཆོག་དང་པོའོ། ། ། ། རྡོ་རྗེ་སེམས་ དཔའི་སྒྲུབ་པ་ཡང་དག་འདི་ཉིད་ཡིན་ཏེ་བརྩོན་པར་བྱ། ། དེ་ནས་མཁའ་འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་ལེགས་སོ་ཞེས་གསོལ་ཏེ། ལེགས་སོ་ལེགས་སོ་བདེ་བྱེད་ཆེ།
BO
ལེགས་སོ་ལེགས་སོ་ཡེ་ཤེས་ཆེ། ལེགས་སོ་ལེགས་སོ་བདེ་བ་ཆེ། ། ལེགས་སོ་ལེགས་སོ་སྣ་ཚོགས་ཆེ། ། ལེགས་སོ་ལེགས་སོ་ཤེས་རབ་ཆེ། ལེགས་སོ་ལེགས་སོ་དགྱེས་པ་ཆེ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས། ཐུགས་རྗེ་ཆེན་པོའི་ཐུགས་རང་གི་ཐུགས་ཡང་དག་པ་ལ་དམིགས་ནས་ཅང་མི་གསུང་བར་བཞུགས་སོ། ། དཔལ་རྡོ་རྗེ་ སྙིང་པོ་རྒྱན་གྱི་རྒྱུད་རྣལ་འབྱོར་ཆེན་པོའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ། དཔལ་ཨཽ་ཊྱཱན་གྱི་གསང་བའི་དགོན་པ་ནས་བྱུང་བ་རྫོགས་སོ། ། ། ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། བོད་ཀྱི་ལོ་ཙྪ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ པ།

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source